ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལུང་རིག་རོལ་མཚོ་སྟོད་ཆ། ཆ ༽

ནི། རྒྱུ་ལྔ་ཚང་མ་ཚང་ལས་ཡིན་ནོ། །སྐྱེ་བ་ལེན་ཚུལ་ནི། འདོད་པར་རིགས་མཐུན་གྱི་སྐྱེ་བ་གཉིས་ངེས་པར་ལེན་དགོས་ལ། རིགས་མི་མི་མཐུན་གཅིག་དང་གསུམ་ལེན་པ་ཡང་སྲིད་དོ། །དེ་སྐད་དུ་ཡང༌། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་གསུངས་སོ། །གཉིས་པ་ཆགས་བྲལ་སྔོན་སོང་ལ། སྤངས་པའི་ཁྱད་པར་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་གསུམ་པ་སྤངས་ཤིང༌། ལྔ་པ་མ་སྤངས་པའོ། །སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་ནི་སྔ་མ་དང་འདྲའོ། །རྟོགས་པའི་ཁྱད་པར་ནི། མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་ཐོབ་པའོ། །འོ་ན་རང་འགྲེལ་ལས། རིགས་ནས་རིགས་སྐྱེའི་རྟོགས་པའི་ཁྱད་པར་ལ། སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཐོབ་དགོས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་མོད། འདིས་དེ་ཐོབ་པ་ཡང་ཡིན་ཏེ། མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་པ་དང༌། སྒོམ་སྤངས་ཀྱི་གཉེན་པོར་གྱུར་པའི་ཟག་མེད་ཀྱི་དབང་པོའི་ཐོབ་པ་རྒྱུད་ལ་སྐྱེ་བ་དུས་མཉམ་པའི་ཕྱིར། དེ་ལྟ་ན་ཡང་འདིར། ཟག་མེད་བར་ཆད་མེད་ལམ་འདོད་ཉོན་གསུམ་པ་མན་ཆད་ཀྱི་གཉེན་པོར་གྱུར་པ་ཞིག་དངོས་སུ་བསྐྱེད་དགོས་པ་མིན་ཏེ། དེ་སྔར་ནས་སྤངས་ཟིན་པའི་ཕྱིར། འོ་ན་འདི་ལ་ཆགས་བྲལ་སྔོན་སོང་ཡོད་པ་གང་ལས་ཤེས་ཤེ་ན། འདི་དང་ཚེ་གཅིག་བར་ཆད་གཅིག་པ་གཉིས་ཀ་ལ་དེ་ཡོད་པར་མཛོད་འགྲེལ་ལས་གསལ་བ་ཡིན་ཏེ། ཇི་སྐད་དུ། སྔོན་རྣམ་པ་གསུམ་དང་བཞི་སྤངས་པའམ། བདུན་དང་བརྒྱད་སྤངས་པ་འབྲས་བུ་ཐོབ་པ་ནི། ཇི་སྲིད་འབྲས་བུའི་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ། རིགས་ནས་རིགས་སུ་སྐྱེ་བའམ། བར་ཆད་གཅིག་པ་མ་ཡིན་པའོ། །ཞེས་གསུངས་པའི་ཤུགས་ལས་སོ། །འགྲེལ་བཤད་མཛད་པས། རྣམ་གཅིག་རྣམ་གཉིས་ལས་གྲོལ་བ། །ཚེ་བཞི་ཚེ་ལྔ་རིགས་ནས་རིགས། །ཞེས་བཏོན་ནས། དེ་ཡང་རིགས་ནས་རིགས་སྐྱེར་འཆད་པ་ནི་རྩ་བའི་གཞུང་གིས་མཚོན་པའི་དོན་དུ་མི་འོང་སྟེ། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཞེས་མ་མཐའི་ས་མཚམས་བཟུང་བའི་ཕྱིར། དེ་ལྟར་འཐད་ན་སྤངས་པའི་མ་མཐའ་དེ་ཉིད་གཞུང་དུ་འབྱུང་བར་རིགས་ཀྱི། ཡ་མཐའ་འཛིན་པ་གསུང་རབ་ཀྱི་སྤྱི་ལུགས་མ་ཡིན་པས་སོ། །གཉིས་པ་ཕྱིར་འོང་ལ། ཞུགས་པ་དང༌། འབྲས་གནས་གཉིས་ལས། དང་པོ་ནི། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དང་དོན་གཅིག་ཡིན་ནོ། །གཞན་དག་དེའི་ཞུགས་པར་འཇོག་པ་ལ། དེའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཞིག་དགོས་སོ་ཞེས་ཟེར་བ་ནི། ཆགས་བྲལ་སྔོན་སོང་ལ་མི་འཐད་པར་གོང་དུ་བཤད་ཟིན་ཅིང༌། དེ་མ་སོང་བ་ལ་ཡང༌། དེའི་ཕྱིར་དུ་བརྩོན་པ་ཞིག་སྔོན་དུ་འགྲོ་དགོས་ཀྱང༌། བརྩོན་བཞིན་པ་མི་དགོས་ཏེ། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་འབྲས་གནས་ཁྱད་པར་ཅན་མང་པོ་ཡོད་པའི་ཕྱིར། གཉིས་པ་འབྲས་གནས་ལ། སྤངས་པ་དང་རྟོགས་པའི་ཁྱད་པར་ནི། ཇི་སྐད་དུ། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་གསུངས་པས་སོ། །ཕྱིར་འོང་བ་ཞེས་པས་སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་ཡང་བསྟན་ནོ། །དབྱེ་བ་ལ། ཙམ་པོ་དང༌། ཁྱད་པར་ཅན་གཉིས་ལས། དང་པོ་ནི། དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ལ་གནས་པ་དེའོ། །གཉིས་པ་ནི། བདུན་པ་ལ་ཆགས་བྲལ་སྔོན་སོང་ཞིག་ཡིན་ན། དྲུག་པ་སྤངས་པའི་ཁྱད་པར་གྱི་ལམ་ལས་འཇོག་ལ། དེ་མ་སོང་བ་ཞིག་ཡིན་ན། བདུན་པ་སྤོང་བའི་བར་ཆད་མེད་ལམ་ནས་བཞག་གོ །དེ་ལྟ་ན་ཡང༌། ལམ་ཟག་བཅས་ཀྱིས་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ནི་ཟག་བཅས་ཁོ་ན་ཡིན་པས་འབྲས་བུར་མི་འཇོག་ཅིང༌། ཟག་བཅས་ཀྱི་བདུན་པ་སྤོང་བའི་བར་ཆད་མེད་ལམ་ཡང་ཟག་བཅས་ཁོ་ན་ཡིན་པས། ཞུགས་པའི་ལམ་དུ་མི་རུང་ངོ༌། །འོ་ན་ལམ་ཟག་བཅས་ཀྱིས་འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་བརྩོན་པ་ཐམས་ཅད་ཀྱི་སྐབས་སུ་ཞུགས་པའི་ལམ་གང་ལ་བྱ་ཞེ་ན། འདིའི་དགོངས་པ་ཆགས་བྲལ་སྔོན་སོང་ལ་དཔྱད་མི་དགོས་ཤིང༌། མཐར་གྱིས་པ་ལ་ནི། མཐོང་སྤངས་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཁྱད་པར་ཅན་གྱི་ལམ་དུ་གྱུར་པ་དེའོ། །དུས་ནམ་གྱི་ཚེ་དེ་དེའི་ཁྱད་པར་གྱི་ལམ་དུ་འགྱུར་ཅེ་ན། འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་སྤང་བྱ་སྤོང་བ་ལ་བརྩོན་པ་དེ་ནས་བཟུང་སྟེའོ། །ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པ་ལ། མཐར་གྱིས་པ་དང༌། ཆགས་བྲལ་སྔོན་སོང་གཉིས་ལས། དང་པོ་ནི། ཇི་སྐད་དུ། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །ཞེས་གསུངས་པ་འདིས། སྤངས་པ་དང༌། སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་གཉིས་བསྟན་ནོ། །རྟོགས་པའི་ཁྱད་པར་ནི། དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ཞིག་དགོས་ཏེ། ཤེས་བྱེད་ནི་རིགས་ནས་རིགས་སྐྱེ་དང་མཚུངས་པའོ། །གཉིས་པ་ལ། སྤངས་པ་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་བདུན་པ་སྤངས་ཤིང་དགུ་པ་མ་སྤངས་པའོ། །རྟོགས་པ་ནི། མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་ཐོབ་པའོ། །འདིར་འདི་སྐད་ཅེས་བྱ་སྟེ། འབྲས་བུ་བཞིའི་ནང་ནས་ཙམ་པོ་ལ་ཆགས་བྲལ་སྔོན་སོང་མི་སྲིད་ཅིང༌། ཁྱད་པར་རེ་རེ་བ་ལ་དེ་སྲིད་པ་ནི་རྒྱུན་ཞུགས་སོ། །ཙམ་པོ་ལ་སྲིད་ཅིང་ཁྱད་པར་རེ་རེ་བ་ལ་མི་སྲིད་པ་ནི། ཕྱིར་མི་འོང་ངོ༌། །གཉིས་ཀ་སྲིད་པ་ནི་ལན་ཅིག་ཕྱིར་འོང་ངོ༌། །གཉིས་ཀ་མི་སྲིད་པ་ནི་དགྲ་བཅོམ་པའོ། །འོ་ན་ཕྱིར་མི་འོང་ཚེ་ཡོངས་གྱུར་དང༌། ཁམས་གོང་མར་ཉེར་འགྲོ་ལ་ཆགས་བྲལ་སྔོན་སོང་མི་འཇོག་པ་འཐད་ན། མཐོང་ཆོས་ཞི་དང་ལུས་མངོན་བྱེད་ལ་དེ་མི་འཇོག་པ་ཅི་ཞེ་ན། ཇི་སྐད་དུ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་མཐོང་ཆོས་ཞི་འདི་ལ་ཁམས་གོང་མར་སྐྱེ་བའི་ལས་དང་མི་ལྡན་པར་བཤད་པའི་ཕྱིར་དང༌། ཚེ་ཡོངས་གྱུར་ཡིན་ན། འཕགས་པ་ཐོབ་རྗེས་སུ་ཁམས་གསུམ་གང་རུང་དུ་སྐྱེ་བ་བརྒྱུད་མར་ལེན་དགོས་ལ། དེ་ལ་འདོད་པར་ཚེ་ཡོངས་གྱུར་མི་སྲིད་པའི་ཕྱིར་དང༌། ཁམས་གོང་མར་ཚེ་ཡོངས་གྱུར་ནི་ཕྱིར་མི་འོང་གི་རྟེན་ལ་ཁམས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་བསོགས་པ་ཡིན་པས་སོ། །གསུམ་པ་ཕྱིར་མི་འོང་ལ་གཉིས་ལས། ཞུགས་པ་ནི། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དེ་ཉིད་དོ། །འོ་ན་འདིར། མཐར་གྱིས་པའི་ཞུགས་པ་ཡིན་ན། མཐར་གྱིས་པ་ཡིན་དགོས་སམ་ཞེ་ན། མིན་ཏེ། དཔེར་ན་ཆགས་བྲལ་སྔོན་དུ་སོང་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བཞིན་ནོ། །འདིས་ནི་ཅིག་ཅར་བའི་ཞུགས་པ་ཡིན་ན་ཅིག་ཆར་བ་ཡིན་མི་དགོས་པ་ཡང་མཚོན་ལ། འོན་ཀྱང་ཆགས་བྲལ་སྔོན་སོང་གི་ཞུགས་པ་ཡིན་ན་ཆགས་བྲལ་སྔོན་སོང་ཡིན་དགོས་སོ། །གཉིས་པ་འབྲས་གནས་ནི་ཇི་སྐད་དུ། དེ་དགུ་ཟད་པ་ཕྱིར་མི་འོང༌། །ཞེས་བཤད་པས། སྤངས་པ་དང་སྐྱེ་བའི་ཁྱད་པར་གཉིས་བསྟན་ལ། རྟོགས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཐོབ་པའོ། །དེ་ཟག་བཅས་ལམ་གྱིས་ཐོབ་པའི་ཚེ། རྣམ་པར་གྲོལ་བའི་ལམ་དེ་དང༌། འགོག་བདེན་གྱི་ཐོབ་པ་གཉིས་ཀ་ཟག་བཅས་ཡིན་པས། འབྲས་བུར་མི་རུང་ཡང༌། དགུ་པ་སྤངས་པའི་གྲོལ་ལམ་ཐོབ་པའི་ཚེ་ན། ཐ་མའི་ཆ་མཐུན་ལྔ་ཀ་སྤངས་པའི་འགོག་པ་དང༌། དེའི་ཐོབ་པ་ཟག་མེད་རྙེད་པས་རྟོགས་པའི་ཁྱད་པར་དེ་ཙམ་དུ་བཞག་པ་ཡིན་ནོ། །དབྱེ་ན། ཙམ་ཁྱད་ནི་གོང་དུ་བཤད་པའི་རིགས་པས་ཤེས་ལ། ཙམ་ཁྱད་མ་ཕྱེ་བར་དབྱེ་ན། མཐོང་ཆོས་ཞི། ལུས་མངོན་བྱེད། ཚེ་ཡོངས་གྱུར་གྱི་འཕགས་པ། ཁམས་གོང་མར་ཉེ་བར་འགྲོ་བའོ། །དང་པོ་ལ། རྣམ་གྲངས་པ་མ་ཡིན་པ་དང༌། རྣམ་གྲངས་པ་གཉིས་ལས། དང་པོ་ནི། བདེན་པ་མཐོང་བའི་ལུས་རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའོ། །དེ་ལ་རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་གསུམ་ཡོད་ཀྱང༌། འདི་གསུམ་པའི་སྐབས་ཡིན་པས་དེ་ཉིད་བཟུང་ངོ༌། །འདི་ལ་རྟེན་གྱི་སྒོ་ནས་དབྱེ་ན། གླིང་གསུམ་འདོད་ལྷ་རིགས་དྲུག་གི་དབྱེ་བས་དགུའོ། །སྤངས་པའི་སྒོ་ནས་དབྱེ་ན། བསམ་གཏན་དང་པོའི་འཆིང་བ་ཀུན་ལྡན་ནས། སྲིད་ཉོན་བརྒྱད་པ་སྤངས་པའི་བར་བདུན་ཅུ་རྩ་གཉིས་སོ། །དེ་དག་ལ་དབང་པོས་གསུམ་དང༌། རིགས་ཀྱིས་དྲུག་ཕྱེ་ན། ཁྲི་དང་ཆིག་སྟོང་ལ་སོགས་པར་འགྱུར་རོ། །གཉིས་པ་རྣམ་གྲངས་པ་ནི། ཚེ་འདི་ཉིད་མཐོང་བའི་ཆོས་ལ་ཞི་བ་མྱང་འདས་མངོན་དུ་བྱེད་པ་སྟེ། འདི་ནི་འབྲས་བུ་གསུམ་ལ་གནས་པ་རྣམས་དང༌། ཁམས་གསུམ་ཆར་གྱི་རྟེན་ལ་བཞག་གོ །འདི་ལ་ནི་ཆགས་བྲལ་སྔོན་སོང་ཀྱང་སྲིད་ལ། སྔ་མ་ལ་མི་སྲིད་པ་ནི་འོག་ཏུ་གང་ཟག་གི་བསྡུ་བ་འཆད་པའི་སྐབས་སུ་འཆད་པར་འགྱུར་ལ། གཞན་ཡང་འདི་ནི་ཚེ་དེ་ཉིད་ལ་བདེན་པ་མཐོང༌། ཚེ་དེའི་སྔོན་དང་ཚེ་ཕྱི་མ་ལ་སྤང་བྱ་ལྷག་མ་རྣམས་སྤོང་བ་ནི། གོང་དུ་བཤད་ཟིན་པས་དེར་མ་བཤད་པས་བདེན་པ་མཐོང་བའི་ཚེ་འདི་ཉིད་ལ་སྒོམ་སྤངས་མ་ལུས་པ་སྤངས་ནས་མྱང་འདས་མངོན་དུ་བྱེད་པ་དེ་འཆད་པ་སྐབས་སུ་བབ་པའི་ཕྱིར། དེ་ལྟ་མ་ཡིན་ན། ཇི་སྐད་དུ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་པའི་གཞན་དེ་ལ་བསྙེག་ས་མེད་དོ། །མངོན་པ་ཀུན་ལས་བཏུས་སུ་འདི་མ་བཤད་པ་ནི། ལུས་མངོན་བྱེད་ཀྱི་རྣམ་གཞག་བཤད་པས། དེ་གྲུབ་པ་ལ་དགོངས་པ་ཡིན་ལ། འདི་མཐོང་ཆོས་ཞི་ཡིན་པའི་ཤེས་བྱེད་ཀྱང༌། དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ལུས་མངོན་བྱེད་ལ། འོག་མའི་ལུགས་དང༌། གོང་མའི་ལུགས་གཉིས་ལས། དང་པོ་ནི། ཇི་སྐད་དུ། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས་གསུངས་ལ། དེའི་དོན་རགས་པ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག འགོག་པའི་སྙོམས་པར་འཇུག་པ་ཐོབ་ལ་མ་བཏང་བའོ། །དབྱེ་ན་གསུམ་སྟེ། འགོག་སྙོམས་ལས་མ་ཉམས་པར་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པ་ཅིག་དང༌། དེ་ལས་ཉམས་ནས་གཟུགས་ཁམས་སུ་སྐྱེ་བ་བླངས་ཏེ་རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པ་ཅིག་དང༌། གཟུགས་ཁམས་ཀྱི་རྟེན་དེ་ལ་འགོག་སྙོམས་སོར་ཆུད་པར་བྱས་ནས། སྲིད་རྩེར་སྐྱེ་བ་ལེན་པ་ཅིག་དང༌། ཡང་དེ་ལས་མ་ཉམས་པར་སྲིད་རྩེར་སྐྱེ་བ་དང་བཞིར་འགྱུར་བ་ལས། གཉིས་པ་དེ་འགོག་སྙོམས་བཏགས་པ་བ་ཡིན་པས་འདིར་མི་བགྲང་ལ། གསུམ་པོ་འདིར་བགྲང་དགོས་པ་ཡིན་ཏེ། ཇི་སྐད་དུ། འགོག་སྙོམས་འཆད་པ་ན། དགེ་བའོ་གཉིས་སུ་མྱོང་འགྱུར་དང༌། །མ་ངེས་འཕགས་པའི་སྦྱོར་བས་ཐོབ། །ཅེས་གསུངས་པས་སོ། །མཚན་ཉིད་དེ་ལྟར་བཞག་པའི་ཚེ། དེ་ཐམས་ཅད་ལུས་མངོན་བྱེད་དུ་ཁས་ལེན་དགོས་ཀྱང༌། གཞུང་གི་འཆད་ཚུལ་མ་བཟློས་པའི་སྒོ་ནས་ཞིབ་མོར་འཆད་ན་འདི་ལྟར་འཆད་དགོས་ཏེ། དང་པོ་ནི། མཐོང་ཆོས་བཞིའི་ནང་དུ་སོང་ལ། གཉིས་པ་ནི་གཟུགས་སུ་ཉེར་འགྲོའི་སྐྱེས་འདའ་བ་དང༌། གསུམ་པ་ནི། གཟུགས་སུ་ཉེར་འགྲོའི་སྲིད་རྩེ་མཐར་ཐུག་འགྲོའི་ནང་དུ་སོང་ལ། བཞི་པ་དེ་ཡང༌། གཟུགས་མེད་ཉེར་འགྲོའི་སྐྱེས་འདའ་བའི་ནང་དུ་སོང་བའི་ཕྱིར། སྔར་མ་བཤད་པ་དག་འདིར་བཤད་པར་མ་ནུས་སོ། །དེ་ལྟར་ན་འཆད་ཚུལ་གཉིས་ཏེ། འདོད་པའི་རྟེན་ཅན་གྱི་དབང་དུ་བྱས་པ་དང༌། གཟུགས་ཀྱི་རྟེན་ཅན་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། འགོག་པ་ལས་མ་ཉམས་པར་སྲིད་རྩེར་སྐྱེ་བ་ལེན་པ་དེའོ། །འདི་སྔ་མ་དང་མི་ཟློས་པའི་ཤེས་བྱེད་ནི། འདིར་འགྲུབ་བྱེད་འགོག་སྙོམས་ཀྱིས་བྱས་པ་དང༌། གོང་དུ་སྲིད་རྩེའི་སེམས་ཀྱིས་བྱས་པའི་ཁྱད་པར་རོ། །གཉིས་པ་ནི། གཟུགས་ཀྱི་རྟེན་ལ་འགོག་སྙོམས་མངོན་དུ་བྱས་པ་དེའོ། །ཅིའི་ཕྱིར་ལུས་མངོན་བྱེད་ཅེས་བྱ་ཞེ་ན། བྱེ་སྨྲ་ལྟར་ན། སེམས་མེད་པའི་ལུས་ཀྱིས་མངོན་དུ་བྱེད་པ་དང༌། སློབ་དཔོན་ནི་མཉམ་གཞག་གི་ཚེ་ལུས་ཀྱི་སྤྱོད་ལམ་ཞི་བས་ཐོབ་པ་དང༌། རྗེས་ཐོབ་ཀྱི་ཚེ། ཨེ་མ་འགོག་པ་ནི་ཐར་པ་ལྟར་ཞི་བའོ་སྙམ་དུ་ཤེས་པའི་ཤེས་རབ་ཀྱིས་ལུས་ཞི་བར་ཤེས་ཤིང༌། མངོན་དུ་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་ནི་ཇི་སྐད་དུ། ལུས་ཀྱིས་མངོན་སུམ་བྱེད་པ་གང་ཞེ་ན། གང་སློབ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ །ཞེས་གསུངས་སོ། །འདི་དང་སྔ་མའི་ཁྱད་པར་ནི། འགོག་པའི་སྙོམས་འཇུག་ཙམ་ནི་སྲིད་རྩེའི་འགྲུབ་བྱེད་ཀྱི་རྒྱུ་དང༌། སྲིད་རྩེའི་སས་བསྡུས་པར་བཤད་ལ། འགོག་པའི་རྣམ་ཐར་ནི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པ་དང༌། ཟག་མེད་དང་ངོ་སྐལ་གྱི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བར་བཤད་པས་སོ། །འདི་མཐོང་ཆོས་ཞི་ཁོ་ན་ཡིན་ཏེ། འདིར་ཕྱིར་མི་འོང་བའི་གང་ཟག་ནི་ཡིན་ལ། ཁམས་གོང་མའི་ཉེར་འགྲོ་རྣམས་ལས་ལོགས་སུ་བཤད་པའི་ཕྱིར་དང༌། འདིའི་རྒྱུད་ཀྱི་རྣམ་པར་ཐར་པ་དག་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་ཡང་མིན་པའི་ཕྱིར་ཏེ། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བའི་ཕྱིར་དང༌། ཐར་པ་དང་མཐུན་པར་གནས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གང་ཞེ་ན། འདི་ལྟ་སྟེ། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར། ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ལས་ཡང་དག་པར་འདས་ནས། ཐར་པ་དང་མཐུན་པར་གནས་པ་ཡང་དག་པར་འབྱོར་ཞེས་གསུངས་ལ། ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་ལ། ཐར་པ་དང་མཐུན་པ་གནས་པ་མི་འབྱུང་བའི་ཕྱིར་དང༌། དེའི་རྒྱུ་མཚན་གྱིས་ས་སྲིད་རྩེ་ལ་བརྟེན་ཀྱང༌། རྣམ་གྲངས་པའི་ཟག་མེད་དུ་འཆད་དགོས་པ་ཡང་ཡིན་ནོ། །དཔེར་ན་འདི་རྣམ་གྲངས་པའི་འདས་ལམ་དུ་བཤད་པ་བཞིན་ནོ། །གསུམ་པ་ཚེ་ཡོངས་གྱུར་གྱི་འཕགས་པ་ལ། སྤྱིར་བཤད་པ་དང༌། ཕྱིར་མི་འོང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཕགས་པ་ཐོབ་རྗེས་སུ་ཁམས་གསུམ་གང་རུང་དུ་སྐྱེ་བ་བརྒྱུད་མར་བླངས་པའོ། །དབྱེ་ན་གསུམ་སྟེ། འདོད་པ་དང༌། གཟུགས་ཁམས་དང༌། གཟུགས་མེད་ཁམས་པའོ། །དང་པོ་ནི་སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེ་ལྟ་བུའོ། །འདི་ནི་ཁམས་གོང་མར་འགྲོ་བ་མི་སྲིད་དེ། འདོད་པར་རྒྱུད་ཡོངས་སུ་སྨིན་པར་བྱས་པའི་ཕྱིར། དེ་ལྟར་ན། ཁམས་གོང་མར་ཉེར་འགྲོ་ཡིན་པར་གྱུར་པའི་ཕྱིར་མི་འོང་དེ་ཡིན་ན། འཕགས་པ་ཐོབ་རྗེས་སུ་འདོད་པར་སྐྱེ་བ་མ་བླངས་པའམ། བླངས་སྲིད་ཀྱང་གཅིག་ལས་ལྷག་པ་མ་བླངས་པ་ཞིག་དགོས་སོ། །གཉིས་པ་ནི། དེའི་རྗེས་སུ་གཟུགས་ཁམས་སུ་སྐྱེ་བ་གཉིས་ཕན་ཆད་བླངས་པའོ། །དེ་ནི་ཁམས་གཞན་དུ་འགྲོ་བ་སྲིད་དེ། དཔེར་ན་སྲིད་རྩེའི་མཐར་ཐུག་འགྲོ་ལྟ་བུའོ། །གསུམ་པ་ནི། དེའི་རྗེས་སུ་གཟུགས་མེད་ཁམས་སུ་སྐྱེ་བ་བརྒྱུད་མར་བླངས་པ་ཞིག་ཡིན་ལ། འདི་ནི་ཁམས་གཞན་དུ་འགྲོ་མི་འགྲོའི་དོགས་པ་བཅད་མི་དགོས་པས་མ་བཅད་དོ། །དེའི་ཤེས་བྱེད་ཀྱང་བྱེ་བྲག་ཏུ་སྨྲ་བ་ལྟར་ན། རང་ཉིད་གང་དུ་སྐྱེས་པ་དེའི་ས་འོག་མ་དག་ཏུ་ཕྱིར་མི་འོང་བས་ན། ཕྱིར་མི་འོང་བ་ཞེས་བྱ་ལ། ཐེག་པ་ཆེན་པོ་པ་ལྟར་ན། ས་གང་ལ་ཆགས་བྲལ་བྱས་པའི་དངོས་གཞི་ཐོབ་པའི་ས་འོག་མ་དེར། ཕྱིར་མི་འོང་བས་ན་ཕྱིར་མི་འོང་དུ་བཞག་པ་ཡིན་པས་སོ། །བཞི་པ་ཁམས་གོང་མར་ཉེར་འགྲོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག ཁམས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་ལྡན་པའོ། །དབྱེ་ན་གཟུགས་སུ་ཉེར་འགྲོ་དང༌། གཟུགས་མེད་ཉེར་འགྲོ་གཉིས། དང་པོ་ནི། དེ་གང་ཞིག་གཟུགས་ཁམས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་ལྡན་པའོ། །དབྱེ་ན། བར་དོར་འདའ་བ་དང༌། སྐྱེས་འདའ་བ། གོང་དུ་འཕོ་བ་དང་གསུམ་མོ། །གསུམ་པོའི་ཁྱད་པར་ནི། ཇི་སྐད་དུ། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ཡང་འདི་ལྟར། དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེས། གཟུགས་ཁམས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང༌། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས། གཟུགས་ཁམས་ཀྱི་བར་དོར་སྐྱེས་པའི་རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་ནི། དེ་འདྲ་དེས་དེར་སྐྱེ་བའི་ཀུན་སྦྱོར་མ་སྤངས་པས། དེར་སྐྱེ་བ་འཕེན་བྱེད་ཀྱི་ལས་བསགས་ཏེ། དེར་སྐྱེ་བ་གཅིག་ཁོ་ན་བླངས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའོ། །གསུམ་པ་ནི། དེས་དེ་མ་སྤངས་པས། དེར་སྐྱེ་བ་འཕེན་བྱེད་ཀྱི་ལས་དུ་མ་བསགས་པའི་དབང་གིས། གཟུགས་ཁམས་སུ་སྐྱེ་བ་གཉིས་ཕན་ཆད་བླངས་ནས། གཟུགས་དང་གཟུགས་མེད་གང་རུང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །མདོར་ན་མངོན་པར་འགྲུབ་པའི་ལས་དང༌། སྐྱེས་ནས་མྱོང་འགྱུར་གྱི་ལས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དེ་དེ་གསུམ་གྱི་ཁྱད་པར་ལས་དང༌། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་ཁྱད་པར་ལས་དང༌། ཉོན་མོངས་པ་ཆུང་འབྲིང་ཆེན་པོའི་ཁྱད་པར་ལས་སོ། །དེ་ཡང་མངོན་པར་འགྲུབ་པའི་ལས་ཞེས་པ། འཕེན་འགྲུབ་གཉིས་ཀྱི་ཟླས་ཕྱེ་བའི་འགྲུབ་བྱེད་ཀྱི་ལས་ལ་ཟེར་བ་ཡིན་ལ། ཕྱིར་མི་འོང་དེས་གཟུགས་ཁམས་སུ་འཕེན་བྱེད་ཀྱི་ལས་གསར་དུ་མི་བསོག་པར་སྔོན་སོ་སོ་སྐྱེ་བོའི་དུས་སུ་བསགས་པའི་གཟུགས་ཁམས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་བག་ཆགས་ཞིག་ཡོད་པ་དེ་འགྲུབ་བྱེད་ཀྱིས་གསོས་བཏབ་པས་སྐྱེ་སྲིད་དུ་སྐྱེ་བ་ལེན་མ་ནུས་པར། བར་སྲིད་དུ་སྐྱེ་བ་ལེན་པ་ནི་ལས་དང་པོའི་གོ་དོན་དང༌། ཡང་ཕྱིར་མི་འོང་དེས་དེར་འཕེན་བྱེད་ཀྱི་ལས་གཅིག་ཁོ་ན་གསར་དུ་བསགས་ནས། དེ་ཉིད་ཁོ་ན་གསོས་བཏབ་པ་ནི། ལས་གཉིས་པའི་གོ་དོན་དང༌། ཡང་དེས་རྟེན་དེ་ལ་དེར་འཕེན་བྱེད་ཀྱི་ལས་དུ་མ་བསགས་ནས་དེ་ཉིད་འགྲུབ་བྱེད་ཀྱིས་གསོས་བཏབ་པ་ནི་ལས་གསུམ་པའི་གོ་དོན་ནོ། །ཉོན་མོངས་པ་གསུམ་གྱི་གོ་དོན་ནི། དེར་སྐྱེ་བ་འཕེན་བྱེད་ཀྱི་ཉོན་མོངས་པ་དང་མི་ལྡན་པ་དང༌། དེར་འཕེན་བྱེད་ཀྱི་ཉོན་མོངས་པ་གཅིག་ཁོ་ན་དང་ལྡན་པ་དང༌། དེར་སྐྱེ་བ་འཕེན་བྱེད་ཀྱི་ཉོན་མོངས་པ་དུ་མ་དང་ལྡན་པའོ། །དེ་ལྟ་ཡིན་པ་དེའི་ཕྱིར། འདིས་འཕགས་པའི་རྟེན་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་དུ་བསགས་པ་གྲུབ་པ་ཡིན་ཏེ། དེ་ལས་གཞན་དུ་ན། དེར་འཕེན་བྱེད་ཀྱི་ལས་དེ་དང་དེ་དག་སྔོན་སོ་སོ་སྐྱེ་བོའི་དུས་སུ་བསགས་པ་ཡིན་པར་འགྱུར་ལ། དེ་ལྟ་ན་ཉེས་པ་གཉིས་ཏེ། སྐྱེས་ནས་མྱོང་འགྱུར་གྱི་ལས་ཀྱི་རྣམ་བཞག་མི་འཐད་པར་འགྱུར་བ་དང༌། དེ་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་ཁྱད་པར་མི་འཐད་པའི་ཉེས་པའོ། །དང་པོ་ནི། འོ་ན་སྐྱེས་ནས་མྱོང་འགྱུར་གྱི་ལས་ཞེས་པ་དེ། སྔོན་ལས་བསོག་པའི་སོ་སྐྱེ་ལ་བཏགས་ནས་འཇོག་པ་ཡིན་ནམ། འཕགས་པ་སྐྱེས་འདའ་བ་ལ་ལྟོས་ནས་འཇོག་པ་ཡིན། དང་པོ་ལྟར་ན་ཤིན་ཏུ་འཆོལ་ཏེ། ཚེ་སྔ་མའི་སྐྱེས་ནས་མྱོང་འགྱུར་གྱི་ལས་དེ་ཚེ་འདིའི་ཡང་དེར་འཇོག་ན་ཧ་ཅང་ཐལ་བའི་ཕྱིར། གཉིས་པ་ལྟར་ན། འཕགས་པའི་རྟེན་ལ་འཕེན་བྱེད་ཀྱི་ལས་བསགས་པ་གྲུབ་སྟེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། སྐྱེས་འདའ་བ་དང༌། གོང་འཕོ་གཉིས་ལ་ལས་གཉིས་ཀྱི་དབྱེ་བས་འབྱེད་མི་ནུས་པར་འགྱུར་ཏེ། སྐྱེས་འདའ་བ་དང་གོང་འཕོ་གཉིས་ཀས་ཀྱང་སྔོན་སོ་སོ་སྐྱེ་བོར་གྱུར་པའི་དུས་སུ། གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པར་མཚུངས་པའི་ཕྱིར། དེ་ལ་འདི་སྙམ་དུ། འདིར་ལས་གསུམ་གྱི་ཁྱད་པར་གང་ལ་དབྱེ་བའི་གཞིར་གྱུར་པའི་ལས་དེ། འགྲུབ་བྱེད་ཀྱི་ལས་ཁོ་ན་ལ་བྱེད་པ་ཡིན་ནོ་ཞེ་ན། འགྲུབ་བྱེད་ཀྱི་ལས་ལ་ལས་གསུམ་གྱི་རྣམ་པར་དབྱེ་བ་དང༌། བྱེ་བྲག་ཏུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་རྣམ་བཞག་བྱེད་པ་ཆོས་མངོན་པ་ན་མེད་དོ། །འདའ་བ་དང་པོ་གཉིས་ལ། དབང་པོའི་སྒོ་ནས་གསུམ་གསུམ་དུ་ཕྱེ་བ་ནི་གོ་བར་སླ་ཞིང༌། མཛོད་འགྲེལ་ལས། རིགས་ཀྱིས་ཕྱེ་ན་དྲུག་དང༌། རྟེན་གྱིས་ཕྱེ་ན་གཟུགས་ཁམས་གནས་རིགས་བཅུ་དྲུག་གི་དབྱེ་བས་བཅུ་དྲུག་ཏུ་བཤད་དོ། །དེ་ལྟར་ཤེས་པ་ན། འགའ་ཞིག་གི་བསམ་པ་ལ་འདའ་བ་དང་པོ་གཉིས་ལ་བསམ་གཏན་གྱི་སྤེལ་སྒོམ་མི་དགོས་སམ་སྙམ་པའི་ལོག་པར་རྟོག་པ་དེ་ཡང་བསལ་བ་ཡིན་ནོ། །གསུམ་པ་གོང་འཕོ་ལ། མཚན་ཉིད། དབྱེ་བ། སྤེལ་སྒོམ་ཇི་ལྟར་བྱེད་པའི་ཚུལ་བཤད་པའོ། །དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ཁམས་སུ་སྐྱེ་བ་གཉིས་ཕན་ཆད་ལེན་པའོ། །དབྱེ་ན་འོག་མིན་གྱི་མཐར་ཐུག་འགྲོ་དང༌། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་སོ། །དང་པོ་ལ། མཚན་ཉིད་ནི། དེ་གང་ཞིག བསམ་གཏན་བཞི་པའི་སྤེལ་སྒོམ་རྫོགས་པའི་སྒོ་ནས། འོག་མིན་དུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པའོ། །དབྱེ་ན། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་མོ། །དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེས། འདོད་པའི་རྟེན་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་བྱས། བསམ་གཏན་དང་པོའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས། སྐྱེ་བ་ཕྱི་མ་ཚངས་རིས་སུ་སྐྱེས་ཏེ། རྟེན་དེ་ལ་སྔོན་གྱི་སྤེལ་སྒོམ་ཆེས་ཤིན་ཏུ་ཆེན་པོ་དེས་སོར་ཆུད་པར་བྱས་ནས། དེའི་སྐྱེ་བ་ཕྱི་མ་འོག་མིན་དུ་སྐྱེས་ནས། རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་ནི། སྔ་མ་ལྟར་བྱས་ནས། ཚངས་རིས་ཀྱི་རྟེན་ལ་སྤེལ་སྒོམ་དང་པོ་གསུམ་སོར་ཆུད་པར་བྱས་ཏེ། གནས་གཙང་མའི་འོག་མ་གསུམ་པོ་གང་རུང་དུ་སྐྱེས་ནས། དེའི་སྐྱེ་བ་ཕྱི་མ་འོག་མིན་དུ་སྐྱེས་ནས། རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའོ། །གསུམ་པ་ནི། སྔ་མ་ལྟར་བྱས་ནས། གཟུགས་ཁམས་གནས་རིས་བཅུ་དྲུག་པོ་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས། མཐར་འོག་མིན་གྱི་རྟེན་ལ་དེ་མངོན་དུ་བྱེད་པའོ། །འདི་དག་ཀྱང་ཕྱི་མཐའ་བཟུང་བ་ཡིན་གྱི། སྔ་རོལ་དུ་ཡང་འདའ་བ་ཡོད་པར་མཛོད་འགྲེལ་ལས་བཤད་དོ། །དེ་ཡང་འདོད་པའི་རྟེན་དེ་ལ་སྤེལ་སྒོམ་རྫོགས་པར་བྱེད་དགོས་པའི་རྒྱུ་མཚན་ནི། འོག་མིན་དུ་འཕེན་བྱེད་ཀྱི་ལས་བསོགས་པའོ། །དེ་ལས་ཉམས་དགོས་པའི་ཤེས་བྱེད་ནི། དེ་ལས་མ་ཉམས་ན་ལས་དེ་སྐྱེས་ནས་མྱོང་འགྱུར་གྱི་ལས་སུ་འགྱུར་བས། དེ་ལས་ཉམས་པའི་དབང་གིས་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་བྱས་པའོ། །དང་པོའི་རོ་མྱང་བའི་རྒྱུ་མཚན་དང་དགོས་པ་ནི། གོང་མ་ལས་ཉམས་པ་དང༌། ཚངས་རིས་སུ་འགྲུབ་བྱེད་ཀྱི་ལས་བསོག་པའོ། །ཚངས་རིས་ཀྱི་རྟེན་ལ་སོར་ཆུད་པའི་དགོས་པ་ནི། འོག་མིན་དུ་འགྲུབ་བྱེད་ཀྱི་ལས་གསོས་འདེབས་པའོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །གཞན་དག་གི་འདོད་པ་ལྟར། འཕགས་པའི་རྟེན་ལ་འཕེན་བྱེད་ཀྱི་ལས་གསར་དུ་བསོག་པ་མེད་ན། འདོད་པའི་རྟེན་ལ་སྤེལ་སྒོམ་བྱེད་པ་དང༌། དེ་ལས་ཉམས་པ་སོགས་དགོས་པ་ལ་ཤེས་བྱེད་གང་ཡང་མེད་དོ། །འོ་ན་སྤེལ་སྒོམ་ནི་ཟག་བཅས་ཁོ་ནར་འགྱུར་ཏེ། ཡང་སྲིད་འཕེན་བྱེད་ཀྱི་ལས་སུ་འགྱུར་བས་སོ་སྙམ་ན། དེ་ལ་ཟག་པ་ཡོད་མེད་གཉིས་ལས། ཟག་མེད་ཀྱི་བྱེད་ལས་ནི། སོ་སོ་སྐྱེ་བོའི་སར་སྐྱེ་བ་འགོག་པར་བྱེད་ལ། ཟག་བཅས་ཀྱིས་ནི་སྐྱེ་བ་ལེན་པའི་རྒྱུ་བྱེད་པའོ། །ཡང་ཇི་སྐད་དུ། གོང་དུ་འཕོ་བ་རྣམས་དེ་ནི། །བསམ་གཏན་སྤེལ་ན་འོག་མིན་འགྲོ། །ཞེས་པ་ལ་འཁྲུལ་ནས་བསམ་གཏན་སྤེལ་མ་སྒོམ་པའི་ཕྱིར་མི་འོང་མཐའ་དག་སྤྱིར་གོང་འཕོ་དང༌། བྱེ་བྲག་ཏུ་འོག་མིན་གྱི་མཐར་ཐུག་འགྲོ་ཡིན་ནམ་སྙམ་དུ་སེམས་པ་དེ་ཡང༌། མ་ཡིན་ཏེ། སྤེལ་སྒོམ་བྱས་ཤིང་དེ་ལས་མ་ཉམས་པའི་ཕྱིར་མི་འོང་ནི་སྐྱེས་འདའ་བ་ཁོ་ནར་ངེས་པའི་ཕྱིར་རོ། །གསུམ་པ་ལ། དེ་སྒོམ་པའི་རྟེན་གྱི་གང་ཟག དེའི་དབྱེ་བ། དགོས་པ་ཅིའི་ཕྱིར་དུ་སྒོམ་པའོ། །དང་པོ་ནི། ཕྱིར་མི་འོང་དང༌། དགྲ་བཅོམ་པའོ། །དང་པོ་ལ་ཡང་བསམ་གཏན་བཞི་པའི་དངོས་གཞི་ཙམ་ཐོབ་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པའི་དབྱེ་བས་གཉིས་སོ། །གཉིས་པ་ནི། ཆུང་ངུ་གསུམ་སྤེལ། འབྲིང་དྲུག ཆེན་པོ་དགུ། ཤིན་ཏུ་ཆེན་པོ་བཅུ་གཉིས། ཆེས་ཤིན་ཏུ་ཆེ་བ་བཅོ་ལྔ་སྤེལ་ལོ། །དང་པོ་ནི། ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་བ་དང༌། གཉིས་པ་ནི། ཟག་མེད་བཞིའི་བར་དུ་ཟག་བཅས་གཉིས་སྤེལ་བ་དང༌། གསུམ་པ་ནི་ཟག་མེད་དྲུག་གི་བར་དུ་ཟག་བཅས་གསུམ་སྤེལ་བ་དང༌། བཞི་པ་ནི། ཟག་མེད་བརྒྱད་ཀྱི་བར་དུ་ཟག་བཅས་བཞི་སྤེལ་བ་དང༌། ལྔ་པ་ནི། ཟག་མེད་བཅུའི་བར་དུ་ཟག་བཅས་ལྔ་སྤེལ་བར་འཆད་པ་ལ་མི་མཐུན་པ་མེད་དོ། །སྤེལ་སྒོམ་གྲུབ་པའི་ཚད་ལ། ཆུང་ངུ་གསུམ་སྤེལ་ལྟ་བུ་གཅིག་ལ་མཚོན་ན། བྱེ་སྨྲ་ནི། དང་པོར་ཟག་བཅས་དང༌། ཟག་མེད་རྒྱུན་ལྡན་དང༌། བར་དུ་སྐད་ཅིག་གཉིས་གཉིས་དང༌། གྲུབ་པ་ན་སྐད་ཅིག་རེ་རེ་ཁོ་ན་སྤེལ་ནས་གསུམ་པོ་བསྲེ་ཐུབ་པའོ། །སློབ་དཔོན་ནི། དེ་ནི་སངས་རྒྱས་ལས་གཞན་ལ་མི་འབྱུང་བས། སྦྱོར་བ་གཅིག་གིས་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་ནུས་པ་དེ་དང་པོ་གྲུབ་པའི་ཚད། སྦྱོར་བ་གཅིག་གི་ནང་དུ་ཆུང་ངུ་གསུམ་སྤེལ་ལན་གཉིས་ནུས་པ་དང༌། དེ་ལན་གསུམ་ནུས་པ་ནས། སྦྱོར་བ་གཅིག་གི་ནང་དུ་དེ་ལན་ལྔ་ནུས་པ་ནི། ཆེས་ཤིན་ཏུ་ཆེན་པོ་གྲུབ་པའི་ཚད་དོ། །ཟག་པ་དང་བཅས་མ་བཅས་ཀྱི་ཁྱད་པར་ལ། བོད་སྔ་མ་དག་ཟག་མེད་བདེན་པའི་རྣམ་པ་ཅན་དང༌། ཟག་བཅས་ཞི་རགས་ཀྱི་རྣམ་པ་ཅན་ཞེས་བཞེད་པ་ནི་མ་ཡིན་ཏེ། བསམ་གཏན་བཞི་པ་ལ་ནི། དངོས་གཞིའི་སྙོམས་འཇུག་སྐད་ཅིག་གཉིས་པ་ཕན་ལ་ཞི་རགས་ཀྱི་རྣམ་པ་ཅན་མི་སྲིད་པའི་ཕྱིར་དང༌། དང་པོ་གསུམ་གྱི་དངོས་གཞི་ལ་ནི་ཞི་རགས་ཀྱི་རྣམ་པ་ཅན་ཡེ་ནས་ཀྱང་མི་སྲིད་པའི་ཕྱིར་རོ། །དེས་ན་ཟག་མེད་ནི་དེ་ཉིད་ཡིན་ལ། ཟག་བཅས་ནི། འཇིག་རྟེན་པའི་དགེ་བ་དག་པ་པའོ། །དེ་ཟག་བཅས་སུ་འཇོག་པའི་ཤེས་བྱེད་ཀྱང༌། དེ་ལ་ཟག་པ་རྒྱས་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་པའི་དགེ་བ་ནི། །དག་པ་དེ་ནི་དེ་མྱང་བྱ། །ཞེས་གསུངས་སོ། །ཟག་མེད་སྔ་ཕྱིའི་མཚམས་གང་གིས་འཛིན་ཅེ་ན། བོད་སྔ་མ་དག་སྙོམས་པར་འཇུག་སེམས་དང་ལྡང་སེམས་ཀྱིས་འཛིན་པ་ཡིན་གསུང་མོད། དེ་གཉིས་ཀྱི་བར་དུ་རྗེས་ཐོབ་ཀྱིས་མ་ཆོད་ན་ནི། དེར་མི་རུང༌། ཆོད་ན་ནི། སྦྱོར་བ་མི་འདྲ་བ་གཉིས་ཀྱིས་ཆུང་ངུ་གསུམ་སྤེལ་ལན་གཉིས་བྱས་པར་སོང་བས། འབྲིང་དྲུག་སྤེལ་སོགས་ཀྱི་དོན་མེད་པས་རྣམ་པར་བརྟག་དགོས་སོ། །དེ་བས་ན་འདི་ལྟར། སྤེལ་སྒོམ་གྲུབ་པའི་ཚད་ཟག་བཅས་དང་ཟག་མེད་སྐད་ཅིག་རེ་རེ་སྤེལ་བ་ལ་བཤད་པས། འབྲིང་གི་ཚེ་ཟག་མེད་སྐད་ཅིག་མ་གཉིས་གཉིས་ཀྱི་བར་དུ་ཟག་བཅས་རེ་རེ་སྤེལ་བའོ། །གསུམ་པ་དགོས་པ་ནི། ཇི་སྐད་དུ། སྐྱེ་དང་གནས་པར་བྱ་ཕྱིར་དང༌། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང༌། །ཞེས་གསུངས་ལ། འདིར་ཉེ་བར་མཁོ་བ་ནི་སྐྱེ་བ་ལེན་པའི་ཕྱིར་དུའོ། །གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོ་ནི། གཟུགས་སུ་ཉེར་འགྲོའི་གོང་འཕོ་གང་ཞིག མཐར་སྲིད་རྩེའི་རྟེན་ལ་འདའ་བའོ། །འོ་ན་འདིས་སྲིད་རྩེའི་སྙོམས་འཇུག་རྟེན་གང་ལ་སྒོམ་པ་ཡིན་སྙམ་ན། འོག་མིན་འགྲོ་དང་འདྲ་བར་འདོད་པའི་རྟེན་ལ་སྒོམ་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། དེ་འདྲ་དེ་འཆི་ཁར་སྲིད་རྩེའི་སེམས་ལས་ཉམས་པར་འདོད་དམ། མ་ཉམས་པར་འདོད། དང་པོ་ལྟར་ན། དེ་འདྲའི་བཤད་པ་གཞུང་འགྲེལ་ན་མེད་པས་རང་བཟོར་འགྱུར་ལ། གཉིས་པ་ལྟར་ན། དེ་འདྲ་བ་དེ་གཟུགས་མེད་ཉེར་འགྲོའི་སྐྱེས་འདའ་བའི་མཚན་ཉིད་ཚང་བས། གཟུགས་སུ་ཉེར་འགྲོའི་དོན་མེད་དོ། །དེ་བས་ན་འདི་ལྟར། གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དེ་ལ། བསམ་གཏན་གྱི་སྤེལ་སྒོམ་བྱས་མ་བྱས་གཉིས་ལས། གཉིས་པ་དེས་གཟུགས་ཁམས་སུ་སྐྱེ་བ་ལན་གཉིས་བླངས་པའི་ཐ་མ་ལ། སྲིད་རྩེར་སྐྱེ་བ་ལེན་པའི་རྒྱུའི་སྙོམས་འཇུག་བསྒོམ་པའོ། །ཞིབ་མོར་ན། འདིའི་རིགས་ཅན་དེ་སྔོན་འདོད་པའི་རྟེན་ལ་ནི་སྲིད་རྩེར་འགྲོ་ཞེས་པའི་མིང་གིས་མི་འདོགས་སོ། །གཉིས་པ་གཟུགས་མེད་ཉེར་འགྲོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ལ་ཆགས་བྲལ་བྱས་ཤིང༌། གཟུགས་མེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསར་དུ་བསགས་པའོ། །སྐབས་འདི་དག་ཏུ། ས་འོག་མ་འོག་མ་ལ་ཆགས་བྲལ་བྱས་ནས་གོང་མ་གོང་མའི་སྐྱེས་འདའ་བར་འཇོག་པ་དེ་དང་དེའི་ཚེ། ཆགས་བྲལ་དེ་ལམ་ཟག་མེད་ཀྱིས་བྱས་པར་འཆད་དགོས་པ་ཡིན་ཏེ། ཟག་བཅས་ཀྱི་ཆགས་བྲལ་ལས་ནི། ཉམས་པ་སོར་མ་ཆུད་པའི་ངང་ལ། ས་འོག་མ་འོག་མ་དེ་དང་དེར་སྐྱེ་བ་ལེན་སྲིད་པས། སྐྱེས་འདའ་བ་གོང་མ་རྣམས་ཀྱི་མཚན་ཉིད་འཆོལ་བར་ཐལ་བའི་ཕྱིར་རོ། །དབྱེ་བ་ལ། འདི་ལ་བར་དོར་འདའ་བ་ནི་མེད་དེ། གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མེད་པའི་ཕྱིར་རོ། །དེས་ན་སྐྱེས་འདའ་བ་དང༌། གོང་འཕོ་གཉིས་སོ། །དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག རྟེན་དེ་ལ་གཟུགས་མེད་དུ་སྐྱེ་བ་འཕེན་འགྲུབ་ཀྱི་ལས་གཉིས་ཀ་བསགས་པའོ། །དེ་ལ་རྟེན་གྱི་དབྱེ་བས་བཞིའོ། །གཉིས་པ་ནི། དེ་གང་ཞིག དེར་འཕེན་བྱེད་ཀྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པའོ། །འདི་དང་གཟུགས་སུ་ཉེར་འགྲོའི་གོང་འཕོ་གཉིས་ཆར་གྱི་སྐབས་སུ་ཉེར་བསྡོགས་དག་པ་བས་ས་འོག་མ་འོག་མ་ལ་ཆགས་བྲལ་བྱས་ནས། ས་གོང་མའི་ཉེར་བསྡོགས་དག་པ་བ་དེས། དེར་འཕེན་བྱེད་ཀྱི་ལས་བསགས། སླར་ཡང་གོང་མ་ལས་ཉམས་ནས་འོག་མར་འཕེན་བྱེད་ཀྱི་ལས་གང་ཡང་རུང་བ་གཅིག་གསོས་བཏབ་པའི་རྒྱུ་མཚན་གྱིས། གོང་མར་འཕེན་བྱེད་ཀྱི་ལས་དེ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་སོང་བ་ཡིན་ནོ། །གོང་འཕོ་འདི་ནི་གནས་ཐམས་ཅད་དུ་འཆི་འཕོ་བ་ཁོ་ན་ཡིན་གྱི། འདི་ལ་འཕར་བ་དང༌། ཕྱེད་དུ་འཕར་བའི་རྣམ་གཞག་མེད་དོ་ཞེས་བོད་སྔ་མ་དག་གསུངས་ལ། མངོན་པ་གོང་མ་ལས་ནི། འདི་ཁོ་ན་སྲིད་རྩེ་འགྲོར་བཤད་ཀྱི། གཟུགས་སུ་ཉེར་འགྲོ་ལས་ཕྱེ་བའི་སྲིད་རྩེ་འགྲོ་བཤད་པ་མེད་དོ། །འོ་ན་མངོན་པ་འོག་མའི་ལུགས་འདིར། འཕགས་པས་ཡང་སྲིད་འཕེན་བྱེད་ཀྱི་ལས་བསོག་པ་ཡོད་དོ་ཞེས་པ་འདི་ལ། ལུང་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ཇི་སྐད་དུ། གང་ལ་འདོད་ཆགས་བྲལ་བརྟན་པའི། །བྱིས་པས་དེར་སྐྱེ་མྱོང་མི་བྱེད། །འཕགས་པས་གཞན་དུའང་མྱོང་མི་བྱེད། །འདོད་རྩེའི་མི་བརྟན་པ་ཡང་མིན། །ཞེས་ས་གང་ལ་འདོད་ཆགས་དང་བྲལ་བ་བརྟན་པོ་མ་ཐོབ་པའི་འཕགས་པས་ས་དེ་དང་དེར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསོག་པར་བཤད་པའི་ཕྱིར་དང༌། དེའི་ཤུགས་ལ་ས་གང་ལ་ཆགས་བྲལ་མ་བྱས་པའི་ས་གོང་མ་དེར། བྱིས་པར་མ་ཟད་འཕགས་པས་སྐྱེས་ནས་མྱོང་འགྱུར་གྱི་ལས་བསོག་པར་བསྟན་པའི་ཕྱིར། འདོད་པ་དང་སྲིད་རྩེ་ལ་ནི་ཆགས་བྲལ་བརྟན་པོ་མ་འཐོབ་པའི་འཕགས་པས་ཀྱང༌། དེ་གཉིས་སུ་འཕེན་བྱེད་ཀྱི་ལས་མི་བསོག་པར་བཤད་པའི་ཕྱིར་དང༌། སྤྱིར་འཕགས་པས་ཡང་སྲིད་འཕེན་བྱེད་ཀྱི་ལས་མི་བསོག་ན། ཇི་སྐད་དུ། འདོད་རྩེའི་མི་བརྟན་པ་ཡང་མིན། །ཞེས་པ་དེ་འཕགས་པའི་དབང་དུ་བྱས་པར་འགྲེལ་པ་ལས་བཤད་པ་དེ་ལ་ཚིག་ཟུར་ལ་མཚོན་རྒྱུ་ཅི་ཡང་མ་ཐོན་པའི་ཕྱིར། བརྟན་མི་བརྟན་གྱི་དོན་ཡང༌། གོང་དུ་བཤད་པ་ལྟར་བསམ་གཏན་དང་པོ་གསུམ་ལ་ལམ་ཟག་མེད་ཀྱིས་ཆགས་བྲལ་ཐོབ་པའི་འཕགས་པས་འོག་མིན་དུ་འཕེན་བྱེད་ཀྱི་ལས་བསོག་པ་དེ་སྐྱེས་ནས་མྱོང་འགྱུར་ཁོ་ན་ཡིན་གྱི་ཅིག་ཤོས་སུ་འགྱུར་བ་མི་སྲིད། བསམ་གཏན་དང་པོ་གསུམ་ལ་ལམ་ཟག་བཅས་ཀྱིས་ཆགས་བྲལ་བྱས་པའི་ཕྱིར་མི་འོང་མཐར་གྱིས་པ་དེས། འོག་མིན་དུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསོག་པ་སྲིད་པའི་དོན་ནོ། །བརྟན་པའི་དོན། འགྲེལ་པར་སྐྱེ་འཕགས་གཉིས་ཀ་མི་གཡོ་བའི་ཆོས་ཅན་ཡིན་པ་ལ་བཤད་དོ། །དེ་ལྟར་ན་འདི་སྐད་ཅེས་བྱ་སྟེ། ས་འོག་མ་ལ་འདོད་ཆགས་དང་བྲལ་བ་བརྟན་པོ་མ་ཐོབ་པའི་འཕགས་པས། གང་ལ་ཆགས་བྲལ་བྱས་པའི་ས་དེར་ལན་གྲངས་གཞན་ལ་མྱོང་འགྱུར་དང༌། གང་ལ་དེ་མ་བྱས་པའི་ས་གོང་མར་ནི་སྐྱེས་ནས་ཡང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསོག་པར་བྱེད་དོ། །ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་གི་དོན་ནོ། །དེ་ནས་མངོན་པ་གོང་མའི་ལུགས་ཀྱི་ཁམས་གོང་མར་ཉེར་འགྲོའི་རྣམ་པར་བཞག་པ་མདོ་ཙམ་བཤད་ན། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཁམས་གོང་མར་འགྲོ་བ་ལ་འཕེན་འགྲུབ་གཉིས་ཚང་དགོས་པ་ལས། འཕེན་བྱེད་ནི་སྔོན་སོ་སོ་སྐྱེ་བོའི་དུས་སུ་བསགས་པ་ཡིན་གྱི། འཕགས་པའི་རྟེན་ལ་མ་ཡིན་ཏེ། ལུང་དང་རིགས་པ་ལས་སོ། །དང་པོ་ནི། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་སོ། །གཉིས་པ་ནི། འཕགས་རྒྱུད་ཀྱི་དགེ་བ་གང་ཡིན་ཐར་པ་ཆ་མཐུན་གྱི་དགེ་བ་དང༌། ཐར་པའི་ལམ་དུ་འཇོག་པས་སོ། །དེ་ལྟ་ན་སྲིད་པ་འགྲུབ་བྱེད་ཀྱང་མེད་པར་ཐལ་བ་མིན་ནམ་ཞེ་ན། མི་མཚུངས་ཏེ། འགྲུབ་བྱེད་ཀྱི་ལས་དང་ཐར་པ་ཆ་མཐུན་གྱི་དགེ་བ་མི་འགལ་བས་སོ། །དེ་ལྟ་ན་ཡང༌། བར་འདའ་བ་སོགས་གསུམ་གྱི་འཇོག་མཚམས་ནི། སྔོན་སོ་སོ་སྐྱེ་བོའི་དུས་སུ། གཟུགས་ཁམས་ཀྱི་གནས་རིས་སོ་སོ་སྐྱེ་བོ་དང་ཐུན་མོང་བ་བཅུ་གཉིས་སུ་འཕེན་བྱེད་ཀྱི་ལས་གྲངས་མེད་པ་བསགས་པ་ཡིན་ལ། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེས་ཁམས་གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཀྱི་ནུས་པ་དེ་དག རྟེན་དེ་ལ་བཅོམ་པ་དང་མ་བཅོམ་པ་གཉིས་སུ་ངེས། དང་པོ་ལ་དེར་འགྲུབ་བྱེད་ཀྱི་ལས་ཀྱི་ནུས་པ་ཡང༌། སྤངས་པ་དང་མ་སྤངས་པ་གཉིས་སུ་ངེས། དང་པོ་ནི། མཐོང་ཆོས་ཞིའི་རིགས་ཅན་ཡིན་ལ། གཉིས་པ་ནི། བར་དོར་འདའ་བའོ། །འོ་ན་འཕེན་བྱེད་མེད་པར་འགྲུབ་བྱེད་རྐྱང་པས་བར་སྲིད་འགྲུབ་པ་ཡོད་དམ་ཞེ་ན། དེ་ཡོད་པའི་ཤེས་བྱེད་ནི། ཇི་སྐད་དུ། ཀུན་ལས་བཏུས་ལས། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ། མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་ཏེ། བར་དོའི་སྲིད་པ་མངོན་པར་འགྲུབ་པ་ན་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་ཐོབ་པ་ཞེས་གསུངས་སོ། །གཉིས་པ་དེ་མ་བཅོམ་པ་ལ་ཡང༌། འཕེན་བྱེད་ཀྱི་ལས་གཅིག་ཁོ་ན་དང་ལྡན་པ་དང༌། མང་པོ་དང་ལྡན་པའོ། །དང་པོ་ནི། སྐྱེ་འདའ་བ་དང༌། གཉིས་པ་ནི། གོང་དུ་འཕོ་བའོ། །དེ་དག་གི་དོན་ཡང༌། ལས་བྱས་ཟིན་སྤོང་བ་ནི་མིན་གྱི། ལས་མ་འོངས་པ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པ་ཆུང་ངུ་འབྲིང་ཆེན་པོའི་དབྱེ་བ་སོ་སོར་ཕྱེ་ནས་སྤངས་པ་དེའི་ཚེ། བར་འདའ་བ་ལ་སོགས་པའི་དབྱེ་བ་དེ་དག་འབྱུང་བ་ཡིན་ནོ། །འོ་ན་མ་རིག་པ་སྤངས་ནས་འདོད་ཆགས་མ་སྤངས་པ་སྲིད་པར་འགྱུར་ཏེ། ས་དེར་འཕེན་བྱེད་ཀྱི་ལས་སྤངས་ནས། འགྲུབ་བྱེད་ཀྱི་ལས་མ་སྤངས་པ་སྲིད་པའི་ཕྱིར་སྙམ་ན། ཉེས་པ་དེ་ཡོད་པ་མིན་ཏེ། བསམ་གཏན་དང་པོར་སྐྱེ་བ་ལེན་པ་ལྟ་བུ་ལ། མཐོང་སྤངས་སུ་གྱུར་པའི་མ་རིག་པའི་དབང་གིས་དེར་འཕེན་བྱེད་ཀྱི་ལས་བསགས་ཤིང༌། སྒོམ་སྤངས་སུ་གྱུར་པའི་སྲེད་པས་འགྲུབ་བྱེད་ཀྱི་ལས་བསོག་པ་ཞིག་ཡོད་ལ། བདེན་པ་མངོན་སུམ་དུ་མཐོང་བ་དེའི་ཚེ་དེར་འཕེན་བྱེད་ཀྱི་ལས་ཟད་ནས་ཀྱང༌། དེར་འགྲུབ་བྱེད་ཀྱི་ནུས་པས། དེའི་བར་དོར་སྐྱེ་བ་ལེན་པ་སྲིད་པའི་ཕྱིར་རོ། །འོ་ན་དེ་མེད་པའི་ཚེ། ཅི་ཞིག་གསོས་འདེབས་ཤེ་ན། མ་འོངས་པ་སྤངས་ཀྱང༌། འདས་པའི་བག་ཆགས་གསོས་བཏབ་པའོ། །ཡང་སྒོམ་སྤངས་སུ་གྱུར་པའི་མ་རིག་པས། གོང་མར་སྐྱེ་བ་འཕེན་བྱེད་ཀྱི་ལས་སོ་སོ་སྐྱེ་བོའི་དུས་སུ་བསགས་པ་ཡིན་ན། ཕྱིས་བདེན་པ་མཐོང་བའི་རྗེས་སུ་ཡང༌། སྒོམ་ལམ་ཟག་མེད་ཆུང་འབྲིང་གི་རིམ་པས་དེར་འཕེན་བྱེད་ཀྱི་ལས་ཉུང་ངུར་བྱེད་ཅིང༌། ཉུང་ངུ་དེ་དག་ཀྱང་གཅིག་དང་གཉིས་ལ་སོགས་པའི་གྲངས་ངེས་བྱས་པ་ལས། སྐྱེས་འདའ་བ་དང༌། གོང་དུ་འཕོ་བར་འགྱུར་བ་ཡིན་ནོ། །གསུམ་པ་གོང་འཕོའི་རྣམ་གཞག་ལ། འདིར་འཕར་ཕྱེད་འཕར་གྱི་རྣམ་གཞག་ནི་མེད་དེ། གོང་འཕོ་འཆད་པའི་སྐབས་འདིར། འདོད་པའི་རྟེན་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་བྱེད་པར་ཡང་ཁས་མི་ལེན་ཅིང༌། བསམ་གཏན་དང་པོའི་རོ་མྱངས་བས་གོང་མ་གསུམ་ལས་ཉམས་པར་ཡང་ཁས་མི་ལེན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་འཕགས་རྒྱུད་ཀྱི་ལམ་ཟག་མེད་ཀྱི་སྤངས་པ་ཕར་ཞོག ཟག་བཅས་ཀྱི་སྤངས་པ་ལ་ཡང་ཉམས་པ་ཡོད་པར་མི་བཞེད་པའི་ཕྱིར་དང༌། གཟུགས་མེད་དངོས་གཞིའི་སེམས་ཐོབ་པ་ལ་གཟུགས་ལ་ཆགས་བྲལ་དགོས་པའི་ཁྱབ་པ་མི་བཞེད་ཀྱང༌། བསམ་གཏན་བཞི་པའི་དངོས་གཞི་ཐོབ་པ། གསུམ་པ་མན་ཆད་ཀྱི་ཆགས་བྲལ་ལ་རག་ལས་པར་ལུགས་འདིས་བཞེད་ལ། དེའི་ཚེ་འཕགས་པས་བསམ་གཏན་གསུམ་པ་ལ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱས་པ་ལས་ཉམས་པ་མི་སྲིད་དེ། གལ་ཏེ་སྲིད་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང༌། ཕྱིར་མི་འོང་བའི་སྤངས་ལ་མ་ཉམས་པ་སྲིད་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་དང་འདི་མི་མཚུངས་ཏེ། དེར་ནི་མཐོང་སྤངས་སྤངས་པའི་བྲལ་ཐོབ་ཟག་མེད་ཀྱིས་སྒོམ་སྤངས་སྤངས་པའི་སྤངས་པ་ཡང་འཛིན་ནོ། །ཞེས་པའི་གྲུབ་པའི་མཐའ་རྟོག་གེའི་བློས་བཏགས་པ་ཞིག་འཇོག་པ་ཡིན་ལ། ལུགས་འདིར་ནི། ལམ་ཟག་བཅས་ཀྱི་སྤངས་པ་བཟློག་ན། མཐོང་ལམ་གྱི་སྔར་སྤངས་པ་ཡང་བཟློག་ལ། དེ་མི་བཟློག་ན་ནི་ཕྱིས་སྤངས་པ་ཡང་མི་བཟློག་པར་མཚུངས་པས་སོ། །འོ་ན་ཅི་ཞེ་ན། གོང་འཕོ་ལ་གཟུགས་སུ་ཉེར་འགྲོ་དང༌། གཟུགས་མེད་ཉེར་འགྲོ་གཉིས་ལས། དང་པོ་ནི། བསམ་གཏན་དང་པོ་ནས་འབྲས་བུ་ཆེའི་བར་དུ་རིམ་གྱིས་སྐྱེ་ཞིང༌། རྟེན་དེ་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་ཆུང་ངུ་བྱས་པས། མི་ཆེ་བ་ཞེས་བྱ་བའི་གནས་གཙང་མར་སྐྱེ། རྟེན་དེ་ལ་འབྲིང་དྲུག་སྤེལ་བྱས་པས། མི་གདུང་བར་སྐྱེས། དེ་བཞིན་དུ་ལྷག་མ་རྣམས་ལ་གོ་རིམ་བཞིན་དུ་ཆེན་པོ་དང༌། ཤིན་ཏུ་ཆེན་པོ་དང༌། ཆེས་ཤིན་ཏུ་ཆེན་པོ་རྣམས་སྒོམ་པས་གནས་གཙང་མ་ལྔར་རིམ་གྱིས་སྐྱེས་ཏེ། འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །འོ་ན་འཕགས་པའི་རྟེན་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་བསོག་པ་ཡོད་པར་འགྱུར་ཏེ། སྤེལ་སྒོམ་གྱི་དབང་གིས་དེ་དང་དེར་སྐྱེ་བའི་ཕྱིར། ཁྱབ་པ་ཡོད་དེ། སོ་སོ་སྐྱེ་བོའི་རྟེན་ལ་ནི་གནས་གཙང་མ་དེ་དག་ཏུ་འཕེན་བྱེད་ཀྱི་ལས་བསོག་མི་སྲིད་པའི་ཕྱིར་རོ། །ཞེ་ན། དེའི་ལན་ནི། སྔོན་སོ་སྐྱེའི་དུས་སུ་བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་བསགས་པའི་བག་ཆགས་རྒྱུད་ལ་ཡོད་པ་དེ་ཉིད་སྤེལ་སྒོམ་གྱི་དབང་གིས། གནས་གཙང་མའི་རྒྱུར་བསྒྱུར་བ་ཡིན་ཏེ། བཞི་པའི་སྤེལ་སྒོམ་ཟག་མེད་ཀྱིས་ས་འོག་མར་སྐྱེ་བ་ཁེགས་ཤིང༌། དེའི་སྤེལ་སྒོམ་ཟག་བཅས་ཀྱིས་སྔོན་གྱི་འཕེན་བྱེད་ཀྱི་ལས་དེའི་བག་ཆགས་གསོས་བཏབ་ནས། བསམ་གཏན་བཞི་པའི་གནས་ཞིག་ཏུ་ནི་སྐྱེ་བར་བྱས་པའི་ཕྱིར་འོ་ན་སྔོན་གྱི་ལས་དེ་མི་གཡོ་བའི་ལས་མ་ཡིན་པར་འགྱུར་རོ་ཞེ་ན། དེ་དེར་བསྒྱུར་བ་ཙམ་གྱིས་དེ་མིན་པར་ཐལ་བ་མེད་དེ། ལྔ་པོ་དེ་ཡང་བསམ་གཏན་བཞི་པའི་ས་ཡིན་པས་ས་གཞན་དུ་མ་གཡོས་པའི་ཕྱིར་དང༌། གཡོ་མི་གཡོའི་དོན་ཡང་རྒྱུ་མཐུན་གྱི་འབྲས་བུ་ས་གཞན་དུ་གཡོ་མི་གཡོ་ལ་འཆད་པ་ཡིན་གྱི། རྣམ་སྨིན་ས་གཞན་དུ་གཡོ་བ་ནི་མི་སྲིད་པས། དེའི་ཆ་ནས་དེར་འཇོག་པ་མ་ཡིན་པའི་ཕྱིར་དང༌། འདི་ལ་ནི་ས་གཞན་དུ་གཡོ་བ་ཞིག་གལ་ཏེ་ཡོད་ན། རྣམ་སྨིན་དེར་གཡོ་བ་ཡིན་གྱི་རྒྱུ་མཐུན་དེ་གཡོ་བའི་དོན་མེད་པའི་ཕྱིར། གཉིས་པ་གཟུགས་མེད་ཉེར་འགྲོ་ནི། འདོད་པའི་རྟེན་ལ་གཟུགས་ལ་ཆགས་བྲལ་བྱས་ནས། དེར་སྐྱེ་བ་མི་ལེན་པར་གཟུགས་མེད་བཞིར་སྐྱེ་བ་འཕེན་པའི་ལས་ཀྱི་བག་ཆགས་རིམ་གྱིས་གསོས་བཏབ་ནས། དེར་རིམ་གྱིས་སྐྱེས་ཏེ་སྲིད་རྩེའི་རྟེན་ལ་སྡུག་བསྔལ་ཐ་མ་ཐོབ་པའོ། །དོན་དེ་དག་ཀྱང༌། ཇི་སྐད་དུ། གོང་དུ་འཕོ་བ་གང་ཞེ་ན། གཟུགས་ཀྱི་ཁམས་སུ་ས་ནས་སར་སྐྱེ་ཞིང༌། འོག་མིན་གྱི་བར་དུ་ཞུགས་ནས། དེར་ལམ་མངོན་དུ་བྱས་ནས། སྡུག་བསྔལ་གྱི་ཐ་མ་ཐོབ་པའོ། །ལ་ལ་ནི་སྲིད་པའི་རྩེ་མོའི་བར་དུ་སོང་ནས་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་ཐ་མ་ཐོབ་པའོ། །ཞེས་གསུངས་སོ། །འོ་ན་ཅི། གོང་འོག་གཉིས་ཀའི་ལུགས་ལ། འདོད་ཁམས་ཀྱི་བར་དོར་འདའ་བ་མི་འཆད་པ་ཅི་ཞེ་ན། གོང་མའི་ལུགས་ལ་དེ་མ་བཤད་པའི་ངེས་པ་ནི་ཡོད་པ་མ་ཡིན་ཏེ། དེར་བར་འདའ་བ་འཆད་པ་ན། འདོད་གཟུགས་ཀྱི་ཕྱེ་བསལ་མ་མཛད་ཅིང༌། སྐྱེས་འདའ་བ་འཆད་པ་ན། གཟུགས་ཁམས་ཀྱི་དབང་དུ་བྱས་ནས་བཤད་པ་དང༌། གོང་འཕོ་འཆད་པ་ན་ཁམས་གོང་མ་གཉིས་ཀྱི་དབང་དུ་བྱས་ནས་བཤད་པའི་ཕྱིར། མཛོད་འགྲེལ་ལས་ནི། དེ་ལ་དེ་མི་འཆད་པའི་ཤེས་བྱེད་དུ། འདོད་པའི་བར་དོར་ཁམས་གསུམ་གྱི་ཉོན་མོངས་པ་ཤིན་ཏུ་མང་པོ་སྤོང་བ་དང༌། ཤིན་ཏུ་འདའ་བར་དཀའ་བ་འདོད་པའི་ཁམས་ལས་འདའ་བ་སོགས། བྱ་བ་མང་པོ་བྱེད་མི་ནུས་པའི་ཕྱིར་ན་དེ་མེད་པར་བཤད་དོ། །བཞི་པ་དགྲ་བཅོམ་པའི་རྣམ་པར་བཞག་པ་ལ། ཞུགས་གནས་གཉིས་ལས། དང་པོ་ལ། འོག་མའི་ལུགས་ནི། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་དང་དོན་གཅིག་པ་དེ་ཉིད་དོ། །གོང་མའི་ལུགས་ལ། སྤྱིར་འོག་མ་འོག་མའི་ཁྱད་པར་ཅན་དེ་དང་དེ། གོང་མ་གོང་མའི་ཞུགས་པར་འཇོག་པའི་ངེས་པ་མེད་དེ། ལུགས་དེ་ལ་ཙམ་པོ་དང་ཁྱད་པར་ཅན་གྱི་དབྱེ་བ་གསལ་བར་མ་བཤད་ཅིང༌། འོག་མའི་རིགས་པས་འཆད་དུ་ཆུག་ན་ཡང༌། དེ་དེར་རུང་བ་མ་ཡིན་ཏེ། དཔེར་ན་བསམ་གཏན་བཞི་པ་དང་གཟུགས་མེད་དང་པོ་གསུམ་ལ་ཆགས་བྲལ་བྱེད་བཞིན་པའི་ཕྱིར་མི་འོང་དེ་དང་དེ། ཕྱིར་མི་འོང་ཁྱད་པར་ཅན་ཡིན་པའི་གསལ་ཁ་མེད་ཅིང༌། དེ་དགྲ་བཅོམ་པའི་ཞུགས་པར་ཡང་མ་བཤད་པ་བཞིན་ནོ། །དེ་མི་འཆད་པའི་རྒྱུ་མཚན་ཡང༌། ལུང་དང་རིགས་པ་ལས་སོ། །དང་པོ་ནི། ཇི་སྐད་དུ། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་མཛོད་ལས་ཀྱང༌། སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཞེས་བཤད་པས། ལུགས་དེ་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན། དེ་ནི་ཞུགས་པའི་ཡ་མཐའ་བཟུང་བ་ཡིན་ལ། འདིར་ནི་དེ་མ་ཡིན་ཏེ། ཇི་སྲིད་སྲིད་ཉོན་བརྒྱད་པ་སྤངས་པའི་ཁྱད་པར་གྱི་ལམ་མམ། དགུ་པ་སྤོང་བའི་སྦྱོར་བའི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ། ཐེག་པ་གཞན་དུ་འཇུག་སྲིད་ལ། དེར་ཞུགས་ནས་དགྲ་བཅོམ་ཞུགས་པར་མི་རུང་བའི་ཕྱིར། འོག་མའི་ལུགས་ལ་མི་མཚུངས་ཏེ། ལུགས་དེ་ལ་ནི་ཇི་སྐད་དུ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར། ཞེས་བཤད་པས། ཉན་ཐོས་ཀྱི་ཆོས་མཆོག་ཐོབ་ནས་ཐེག་པ་གཞན་དུ་འཇུག་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཞུགས་པ་སྔ་མ་གསུམ་གྱི་འཇོག་ཚུལ་ཡང༌། སྦྱོར་ལམ་སྟན་གཅིག་པ་ནས་ཇི་སྲིད་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་མ་བྱས་པ་དེ་སྲིད་དུ། ཐེག་པ་གཞན་དུ་མི་འཇུག་པས་དེའི་ཞུགས་པ་འཇོག་ཚུལ་ངེས་འབྱེད་ཆ་མཐུན་ནས་བཟུང་བ་དང༌། ཡང་ཇི་སྐད་དུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྒོམ་པའི་ལམ་ལ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་དང༌། ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བདུན་པ་དང་བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །ཞེས་གསུངས་སོ། །དེའི་སྐབས་ཀྱི་ལམ་དེ་ཡང་ཁྱད་པར་གྱི་ལམ་ལ་འཆད་དགོས་ཤིང༌། དེ་དང་སྤང་བྱ་ལྷག་མ་སྤོང་བའི་སྦྱོར་བའི་ལམ་དོན་གཅིག་པ་ལ་དགོངས་པའོ། །དེ་ལྟར་འཆད་ཤེས་པ་ན། འཕགས་སེང་གཉིས་ཀྱིས་དམན་པས་བརྒྱད་ཀྱི་གྲངས་ངེས་འཆད་པ་ན། འབྲས་གནས་དང་པོ་གསུམ་ལས་ལོགས་སུ་ཞུགས་པ་ལྷག་མ་གསུམ་ལ་ཉན་ཐོས་ཀྱི་ས་ཞེས་ལོགས་སུ་བགྲངས་པའི་དགོངས་པ་འཆད་ཤེས་པར་འགྱུར་རོ། །དེའི་ཕྱིར་ལུགས་འདི་ལ། རྒྱུན་ཞུགས་ཞུགས་པ་ཡིན་ན། རྒྱུན་ཞུགས་སུ་རིགས་ངེས་པ་ནས། དམན་པའི་དགྲ་བཅོམ་ཞུགས་པ་ཡིན་ན་དེར་རིགས་ངེས་པས་ཁྱབ་པ་ཞེས་བྱ་བ་འདི་ངེས་སོ། །གཉིས་པ་འབྲས་གནས་ལ། སྤངས་རྟོགས་ཀྱི་ཁྱད་པར་ནི། ཇི་སྐད་དུ། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་གསུངས་སོ། །དེ་ལ་དབང་པོའི་སྒོ་ནས་དབྱེ་ན། རྣོ་རྟུལ་གཉིས། རིགས་ཀྱི་སྒོ་ནས་ཉམས་པའི་ཆོས་ཅན་ལ་སོགས་པ་དྲུག སྙོམས་འཇུག་གི་སྒོ་ནས་ཤེས་རབ་རྐྱང་པའི་ཆ་ཡིས་རྣམ་པར་གྲོལ་བ་དང༌། གཉིས་ཀའི་ཆ་ཡིས་རྣམ་པར་གྲོལ་བའོ། །འོ་ན་རིགས་དྲུག་དང༌། སྙོམས་འཇུག་གི་སྒོ་ནས་ཕྱེ་བ་འདི། དགྲ་བཅོམ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ནམ་ཞེ་ན། མིན་ཏེ། ཇི་སྐད་དུ། སློབ་དང་འཕགས་མིན་རིགས་དྲུག་ལྡན། །ཞེས་དང༌། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱི། །སློབ་པ་ཡོངས་རྫོགས་ཞེས་བྱའོ། །ཞེས་གསུངས་སོ། །འདི་དག་གི་རྣམ་པར་བཞག་པ་ལ་རིགས་དང་པོ་ལྔ་ནི་དབང་རྟུལ་དང༌། དྲུག་པ་དབང་རྣོན་ནོ། །དང་པོ་ཡོངས་སུ་ཉམས་པའི་ཆོས་ཅན་ལའང་རིགས་གཉིས་ཏེ། དང་པོ་ནས་དེ་ཉིད་ཀྱི་རིགས་ཅན་དུ་ངེས་པ་དང༌། གོང་མ་ལས་ཉམས་ནས་དེར་སླེབ་པའོ། །རིགས་ཕྱི་མ་ལྔ་ལ་ཡང་གཉིས་ཏེ། དང་པོ་ནས་དེའི་རིགས་ཅན་དང༌། སྦྱངས་པ་ལས་དེར་གྱུར་པའོ། །རིགས་བར་པ་བཞི་ལ་ནི་གཉིས་པོ་དེར་མ་ཟད་རིགས་གོང་མ་ལས་ཉམས་ནས་དེར་སླེབ་པ་ཅིག་ཀྱང་སྲིད་དོ། །འོ་ན་དྲུག་པོ་འདིའི་གོ་དོན་གང་དང་གང་ཡིན། ཁམས་གང་ན་གང་ཡོད། དབང་པོ་སྦྱངས་པ་ལས་དེར་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ལྟར་ན། ཐ་མ་ལ་རིགས་དང་དབང་པོ་ལས་ཉམས་པ་གཉིས་ཀ་མེད་ཅིང༌། གནས་པ་ལས་མི་བསྐྱོད་པ་དང༌། རྟོགས་པའི་སྐལ་བ་ཅན་གཉིས་ནི། ཇི་སྲིད་རང་གི་རིགས་ལས་མ་ཉམས་པ་དེ་སྲིད་དུ་ནི། འབྲས་བུ་ལས་ཉམས་པ་མི་སྲིད་ལ། རང་གི་རིགས་ལས་ཉམས་ནས་འོག་མ་གསུམ་པོ་གང་རུང་གི་རིགས་སུ་གྱུར་པ་དེའི་ཚེ་ནི། འབྲས་བུ་ལས་ཉམས་པ་ཡང་སྲིད་དོ། །དེའི་ཕྱིར་དང་པོ་ལྔ་འབྲས་བུ་ལས་ཉམས་ནས། རྒྱུན་ཞུགས་དང་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་གཉིས་ཀྱི་བར་དུ་ཉམས་པ་སྲིད་ལ། དེ་ལས་ཉམས་པ་མི་སྲིད་དེ། དེ་དང་དེ་འབྲས་བུ་རྣམས་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །དེའི་ཁྱབ་འབྲེལ་ཡང༌། རྒྱུན་ཞུགས་ཀྱི་འབྲས་བུ་ནི་མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་ལ། དེ་ཡང་གཞི་བདག་ཏུ། ལྟ་བའི་རྣམ་པ་ཅན་ཡིན་པས་གཞི་མེད་ཡིན་པའི་ཕྱིར་ན། སྤངས་པ་དེ་ལས་བཟློག་པ་མི་སྲིད་པའི་ཕྱིར་དང༌། ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས་ནི། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པོར་བྱས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་གསུངས་སོ། །དེ་ཡང་འབྲས་བུའི་དང་པོ་ནི། བཤད་ཟིན་གསུམ་པོ་དེ་ཉིད་ཡིན་ལ། རིགས་ཀྱི་དང་པོ་ནི། ཇི་སྐད་དུ། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་བཤད་པ་ལྟར་དང་པོ་སོ་སོ་སྐྱེ་བོའི་དུས་ནས་རིགས་དྲུག་པོ་གང་གི་རིགས་སུ་གནས་པ་དེ་ཉིད་དོ། །དེའི་ཕྱིར་གཞན་དག འབྲས་བུའི་དང་པོ་རྒྱུན་ཞུགས་ཁོ་ན་དང༌། རིགས་ཀྱི་དང་པོ་ཡོངས་སུ་ཉམས་པའི་ཆོས་ཅན་ཁོ་ན་ལ་འཆད་པ་ནི། ལུགས་དེ་དཔྱིས་ཕྱིན་པར་འཆད་མ་ཤེས་པའོ། །གཉིས་པ་ནི། ཇི་སྐད་དུ། དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཞེས་ཚེ་ཡོངས་གྱུར་གྱི་འཕགས་པ་དང༌། ཁམས་གོང་མའི་རྟེན་ཅན་གྱི་འཕགས་པ་ལ་ཉམས་པ་དང༌། དབང་པོ་འཕོ་བ་གཉིས་མེད་པར་བཤད་ལ། དེའི་དགོངས་པ་འཆད་ཚུལ་ལ་བོད་སྔ་མ་དག དེ་དང་དེ་ལ་རིགས་གཉིས་པོ་མ་ཚང་བར་འདོད་པའི་ལུགས་དང༌། དེའི་རིགས་ཅན་ཡིན་ཀྱང་ཉམས་པ་དང་འཕོ་ངེས་པ་ལ་འཕོ་ངེས་པས་མ་ཁྱབ་པར་འཆད་པའི་ལུགས་གཉིས་ཡོད་དོ། །མདོ་སྡེ་པ་ནི། དགྲ་བཅོམ་པའི་རྟོགས་པ་མཐར་གྱིས་གནས་པའི་སྙོམས་འཇུག་ལྟ་བུ་ལས་ཉམས་པ་སྲིད་པ་ལ་དགོངས་ནས། ཉམས་པའི་ཆོས་ཅན་སོགས་གསུངས་པ་ཡིན་གྱི། དེའི་སྤངས་པ་ལས་ཉམས་པ་མི་སྲིད་དེ། སྤང་བྱའི་ས་བོན་སྤངས་པའི་ཕྱིར། ལམ་ཟག་བཅས་ཀྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ལས་ཉམས་པ་སྲིད་པར་འདོད་དོ། །རྣལ་འབྱོར་སྤྱོད་པ་བ་ནི། འཕགས་པ་རྣམས་ལམ་ཟག་བཅས་ཀྱིས་སྤངས་པ་དེ་ལས་ཉམས་པར་མི་འདོད་དོ། །ཞེས་ཤེས་པར་བྱའོ། །གསུམ་པ་ལ། ཁམས་གང་དུ་དང༌། ལམ་གང་གིས་དང༌། ས་གང་ལ་བརྟེན་པ་དང༌། ཇི་ལྟར་འཕོ་བའི་ཚུལ་ལོ། །དང་པོ་ནི། མི་ཁོ་ནའི་ནང་དུའོ། །གཉིས་པ་ནི། སྤྱི་ལམ་ཟག་མེད་དང༌། དེ་ཡང་སྒོམ་པའི་ལམ་མོ། །གསུམ་པ་ནི། སློབ་པ་དབང་པོ་འཕོ་བ་ནི་བསམ་གཏན་ས་དྲུག་པོ་གང་རུང་དང༌། མི་སློབ་པ་དེར་འཕོ་བ་ནི། ཟག་མེད་ས་དགུ་པོ་གང་རུང་ལ་བརྟེན་ནས་སོ། །དེ་སྐད་དུ་ཡང༌། མཐོང་བ་ལ་ནི་འཕོ་བ་མེད། །ཅེས་དང༌། ཟག་མེད་མིའི་ནང་དུ་འཕོ། །ཞེས་དང༌། མི་སློབ་ས་དགུ་ལ་བརྟེན་ཏེ། སློབ་པ་དྲུག་ལ། ཞེས་གསུངས་སོ། །འདི་དག་ཀྱང་འཕགས་པ་དབང་པོ་འཕོ་བའི་དབང་དུ་བྱས་པ་ཡིན་གྱི། སོ་སོ་སྐྱེ་བོའི་དབང་པོ་འཕོ་བ་ནི་ལམ་ཟག་བཅས་ཀྱིས་འཕོ་བ་ལས་འོས་མེད་ཅིང༌། དེ་འཕོ་བ་ཡོད་པར་ཡང་རང་འགྲེལ་ལས་བཤད་དོ། །གསུམ་པ་ལ། སློབ་པ་དབང་རྣོན་དུ་འཕོ་བའི་ཚུལ་དང༌། མི་སློབ་པ་དབང་རྣོན་དུ་འཕོ་བའི་ཚུལ་ལོ། །དང་པོ་ནི། སེམས་རྟེན་བསམ་གཏན་ས་དྲུག་པོ་གང་རུང་དང༌། ལམ་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་རེ་རེ་ཁོ་ནས་འཕོ་ནུས་པ་ཡིན་ཏེ། ཇི་སྐད་དུ། མཐོང་བས་ཐོབ་པ་རེ་རེའོ། །ཞེས་དང༌། སློབ་པ་དྲུག་ལ་ཞེས་གསུངས་སོ། །འོ་ན་གཟུགས་མེད་ཀྱི་དངོས་གཞིས་ཐོབ་པའི་ཕྱིར་མི་འོང་ཡོད་པས། དེ་དབང་པོ་འཕོ་བའི་ཚེ་གཟུགས་མེད་དང་པོ་གསུམ་པོ་གང་རུང་ལ་མི་བརྟེན་པ་ཅི་ཞེ་ན། དེའི་ཤེས་བྱེད་ནི། དེ་དབང་པོ་འཕོས་པའི་ཚེ་དབང་རྟུལ་གྱིས་བསྡུས་པའི་འབྲས་བུ་ཁྱད་པར་ཅན་བཏང་ནས། དབང་རྣོན་གྱིས་བསྡུས་པའི་འབྲས་བུ་ཙམ་པོ་ཐོབ་པ་ཡིན་ལ། ཙམ་པོའི་གོ་དོན་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་ལ་བྱ་དགོས་ལ། དེ་འདྲ་དེ་གཟུགས་མེད་ཀྱི་སེམས་ལ་བརྟེན་པ་མི་སྲིད་པས་སོ། །དེའི་ཤེས་བྱེད་ཀྱང༌། དེ་ཐོབ་བྱེད་ཀྱི་ལམ་གཉིས་ཀ་ཡང་འདོད་པའི་བདེན་པ་ལ་དམིགས་པའི་ལམ་ཟག་མེད་ཁོ་ནར་ངེས་ལ། གཟུགས་མེད་ཀྱིས་ནི་འདོད་པ་ལ་མི་དམིགས་པས་སོ། །གཉིས་པ་ནི། དགྲ་བཅོམ་པ་དབང་རྟུལ་དབང་རྣོན་དུ་འཕོ་བ་ལ་ནི། བར་ཆད་མེད་པའི་ལམ་དགུ་དང༌། རྣམ་པར་གྲོལ་བའི་ལམ་དགུ་སྟེ། དགུ་ཚན་གཉིས་ཀྱི་སྒོ་ནས་འཕོ་དགོས་པ་ཡིན་ལ། ས་ནི་ཟག་མེད་ས་དགུ་པོ་གང་རུང་ལ་བརྟེན་ནོ། །དེ་སྐད་དུ་ཡང༌། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ་ཤིན་ཏུ་བརྟེན་ཕྱིར་རོ། །ཞེས་དང༌། མི་སློབ་ས་དགུ་ལ་བརྟེན་ཏེ། ཞེས་གསུངས་སོ། །འོ་ན་སྐབས་འདི་དག་ཏུ་བར་ཆད་མེད་པའི་ལམ་གྱིས་སྤང་བྱ་གང་སྤོང་ཞིང༌། རྣམ་པར་གྲོལ་བའི་ལམ་དེ་དང་དེ་དག་སྤང་བྱ་གང་དང་གང་ལས་ཡོངས་སུ་གྲོལ་བའི་རྣམ་པར་གྲོལ་བའི་ལམ་དུ་འཇོག་ཅེ་ན། སྤང་བྱ་ནི་དབང་པོ་རྟུལ་པོས་བསྡུས་པའི་མི་ཤེས་པ་ཡིན་པ། དེ་ཡང་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ལ་འཆད་དགོས་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱིས་པའི་མ་རིག་པ་ནི་དགྲ་བཅོམ་པས་སྤངས་ཟིན་པའི་ཕྱིར། དེ་ལྟར་ན། བྱེ་སྨྲའི་གྲུབ་པའི་མཐའ་འདི་ལ་ཡང༌། ཉན་ཐོས་ཀྱིས་ཤེས་བྱའི་སྒྲིབ་པ་འགའ་ཞིག་སྤོང་བ་དང༌། ཁྱད་པར་དུ་ཉན་རང་དགྲ་བཅོམ་པའི་རྒྱུད་ལ་ཤེས་བྱའི་སྒྲིབ་པ་འགའ་ཞིག་སྤོང་བའི་བར་ཆད་མེད་པའི་ལམ་དང༌། དེ་ལས་དངོས་སུ་གྲོལ་བའི་རྣམ་པར་གྲོལ་བའི་ལམ་ཡོད་པར་གྲུབ་བོ། །གལ་ཏེ་དགྲ་བཅོམ་པས་སྤང་བྱ་སྤོང་ན། སློབ་པར་འགྱུར་བ་དང༌། ཇི་སྲིད་ཐེག་པ་དམན་པའི་ལམ་ན་ཡོད་པ་དེ་སྲིད་དུ། ཤེས་བྱའི་སྒྲིབ་པ་ཅུང་ཟད་ཀྱང་མི་སྤོང་བར་ཐེག་པ་ཆེན་པོ་པ་རྣམས་ཀྱིས་འཆད་པ་དག་དང་འགལ་བར་འགྱུར་སྙམ་ན། དེ་ཡང་ཁྱོད་ཀྱིས་ཞིབ་ཏུ་མ་བསམ་པ་ཡིན་ཏེ། དགྲ་བཅོམ་པའི་རྒྱུད་ལ་སྤང་བྱ་སྤོང་བའི་བར་ཆད་མེད་པའི་ལམ་མེད་ན། སྙོམས་འཇུག་གིས་དེ་སྤང་བའི་ཡང་བར་ཆད་མེད་ལམ་མེད་པར་འགྱུར་ལ། རྒྱན་མེད་ཀྱི་དགྲ་བཅོམ་རྒྱན་ཅན་དུ་འགྲོ་བ་མི་སྲིད་པར་འགྱུར་རོ། །དེ་གང་ལས་ཤེས་ཤེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་སྲིད་པའི་རྩེ་མོ་ལ་ཆགས་བྲལ་བྱས་པའི་དགྲ་བཅོམ་པ་དེས། ཐོག་མར་བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་སྒྲུབ་པར་བྱེད་པ་དེའི་ཚེ། དེ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤོང་དགོས་ཤིང༌། དེ་བཞིན་དུ་སྦྱར་ཏེ། སྲིད་རྩེའི་དངོས་གཞི་ནས་འགོག་པ་ལ་སྙོམས་པར་འཇུག་པ་དེའི་ཚེ་ན་ཡང༌། དེར་འཇུག་པ་ལ་སྒྲིབ་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པར་འཇུག་མི་ནུས་པའི་ཕྱིར། གཞན་དུ་ན། ཇི་སྐད་དུ། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་པའི་གཞུང་གི་གོ་དོན་མི་རྙེད་པས་སོ། །གལ་ཏེ་འདི་སྙམ་དུ། དང་པོའི་ཉེར་བསྡོགས་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་ཟིན་པ་ན། དེ་ཉིད་ཀྱིས་བསམ་གཏན་དང་པོའི་དངོས་གཞི་གྲུབ་ཟིན་པ་མིན་ནམ། ཅིའི་ཕྱིར། དེ་ནས་དེར་འཇུག་པ་ལ་བར་ཆད་མེད་པའི་ལམ་དག་དགོས་ཤེ་ན། དེ་དགོས་པའི་ཤེས་བྱེད་ནི། བསམ་གཏན་དང་པོའི་དངོས་གཞིར་འཇོག་པ་ལ་ས་འོག་མ་ལ་ཆགས་བྲལ་བྱས་པ་དང༌། ཕན་ཡོན་གྱི་ཡན་ལག་དགའ་བདེ་དང་ལྡན་པ་གཉིས་ཚོགས་དགོས་ལ། ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་དགུ་པའི་ཚེ། དང་པོ་དེ་ཡོད་ཀྱང༌། གཉིས་པ་མ་ཐོབ་པས། དེ་སྒྲུབ་དགོས་པའི་ཕྱིར། དེ་ཡང་ཇི་ལྟར་བསྒྲུབ་ཅེ་ན། ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་ནས། དངོས་གཞིའི་ཚོར་བ་ཡིད་བདེ་བའི་དབང་པོར་འཕོ་དགོས་པའི་ཕྱིར་དང༌། བསམ་གཏན་བཞི་པ་ཡན་ཆད་ལ་ཚོར་བའི་དབང་པོ་འཕོ་དགོས་པ་མེད་ཀྱང༌། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པའི་ཡིད་ཆེས་སྔོན་དུ་མ་བཏང་ན། དགྲ་བཅོམ་པ་དེས་ཀྱང་བསམ་གཏན་བཞི་པ་ནས་ནམ་མཁའི་དངོས་གཞི་ལ་སྙོམས་པར་འཇུག་མི་ནུས་པ་ལ་སོགས་པའི་ཕྱིར་རོ། །དེ་ཁོ་ནར་མ་ཟད་ཀྱི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་དགྲ་བཅོམ་པ་དེས་མངོན་ཤེས་དང་པོ་ལྔ་བསྒྲུབ་པའི་ཚེ། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་གཉིས་ཀྱིས་བསྒྲུབ་དགོས་པ་ཡིན་ལ། དེའི་ཚེ་ཡང་དེ་ལ་གེགས་བྱེད་ཀྱི་སྤང་བྱ་དེ་ནི། ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པའོ། །དེ་སྐད་དུ་ཡང༌། ས་བདུན་ལས་རྒྱལ་མངོན་ཤེས་དང༌། །མི་གཡོ་ཐོབ་དང་སྤེལ་སྒོམ་པའི། །བར་ཆད་མེད་པའི་ལམ་དག་དང༌། །གོང་མ་གྲོལ་བའི་ལམ་བརྒྱད་ལའང༌། །ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་བསམ་གཏན་བཞི་པའི་དངོས་གཞི་ཐོབ་ཀྱང༌། བསམ་གཏན་སྤེལ་མ་བསྒྲུབ་པ་ལ་ཡང༌། དེ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤོང་བྱེད་ཀྱི་བར་ཆད་མེད་པའི་ལམ་དགོས་པར་གྲུབ་པ་ཡིན་ནོ། །འོ་ན་མི་སློབ་པའི་ངོ་སྐལ་གྱི་སྤང་བྱ་ཡོད་ན། སྤང་བྱ་ཐམས་ཅད་མཐོང་སྤངས་དང་སྒོམ་སྤངས་གཉིས་སུ་སྡུད་པ་དང་འགལ་ཞེ་ན། དེ་ལྟར་སྡུད་པ་དེ་ནི། ཐེག་པ་ཆེན་པོའི་ལམ་གྱི་དབང་དུ་བྱས་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་སར་ནི་སྤང་བྱ་ཅི་ཡང་ཡོད་པ་མིན་ཏེ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །ཞེས་གསུངས་པ་ལྟར་རོ། །ཐེག་པ་ཆེན་པོའི་གཞུང་ལས་ཉན་ཐོས་ལ་ཤེས་བྱའི་སྒྲིབ་པ་སྤོང་བའི་ལམ་མེད་པར་བཤད་པ་དེ་ནི། ལུགས་འདི་དང་ཤེས་སྒྲིབ་ཀྱི་ངོས་འཛིན་མི་འདྲ་བ་ཡིན་ཏེ། དེར་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཀྱི་ཆ་ནས་དེར་འཇོག་ཅིང༌། དེའི་གཙོ་བོ་ལ་ཡང་བཟུང་འཛིན་རྫས་གཞན་དུ་ཞེན་པའི་རྟོག་པ་སོགས་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་དང༌། ཆོས་གང་དང་གང་ལ་བདེན་པར་འཛིན་པ་དང༌། བདེན་མེད་དུ་འཛིན་པའི་སྒོ་ནས་ཤེས་བྱའི་སྒྲིབ་པའི་འཇོག་ཚུལ་དེ་ནི། ཐེག་པ་ཆེན་པོ་གཉིས་ཀྱི་ལུགས་ཡིན་ལ། དེའི་ཚེ་ན་ཉན་ཐོས་ཀྱི་ལམ་ལ། དེ་སྤོང་བ་མེད་ཀྱང༌། ལུགས་འདིར་ནི། སངས་རྒྱས་ཀྱིས་ཤེས་བྱའི་སྒྲིབ་པ་སྤངས་པར་ཁས་ལེན་དགོས་པ་དེའི་ཚེ། མཚན་གཞི་སྔར་བཤད་པ་དེ་དག་དང་རིགས་མི་འདྲ་བ། ཐེག་པ་ཆེན་པོའི་གཞུང་ལས་འབྱུང་བ་ལྟ་བུ་བཟུང་དུ་མེད་པའི་ཕྱིར་རོ། །གཉིས་པ་སྙོམས་འཇུག་གི་སྒོ་ནས་ཕྱེ་བ་ནི། ཇི་སྐད་དུ། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །ཞེས་གསུངས་པ་ལྟར། ཉོན་སྒྲིབ་མ་ལུས་པར་སྤངས་ཤིང༌། འགོག་པའི་སྙོམས་འཇུག་ཐོབ་པ་དང་མ་ཐོབ་པའོ། །སྤྱིར་སྙོམས་འཇུག་གི་སྒྲིབ་པ་ལ། ཐེག་པ་ཆེན་པོའི་གཞུང་ལས་བཤད་ཚུལ་མང་ཡང༌། འདིར་ནི་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་པོ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཙམ་ཞིག་ལ་བཤད་དོ། །དེ་ཡང་ཤེས་རབ་རྐྱང་གྲོལ་གྱིས་ཉོན་སྒྲིབ་སྤོང་བའི་ཚུལ་ནི་འབྲས་བུ་བཞིའི་རིམ་པ་རྒྱས་པར་བཤད་པ་དེ་དག་གིས་གྲུབ་ལ། སྙོམས་འཇུག་གི་སྒྲིབ་པ་ཇི་ལྟར་སྤོང་བའི་ཚུལ་ཡང་བཤད་མ་ཐག་པ་དེ་ཉིད་ཀྱིས་ཕལ་ཆེར་གྲུབ་མོད། དེ་ལྟ་ན་ཡང་ཅུང་ཟད་ཞིབ་ཏུ་བཤད་ན་གཉིས་ཏེ། སློབ་པས་དང༌། མི་སློབ་པས་སོ། །དང་པོ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཟག་བཅས། ཟག་མེད་གང་ཡིན་ཀྱང་རུང༌། བར་ཆད་མེད་པའི་ལམ་དགུ་དང༌། རྣམ་པར་གྲོལ་བའི་ལམ་དགུའི་སྒོ་ནས་འདོད་པའི་ཉོན་མོངས་པ་རྣམས་ཟད་པར་བྱས་ཏེ། དེ་ནས་དངོས་གཞི་ལ་འཇུག་པའི་ཚེ། ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་དག་པ་བ་དེས། བསམ་གཏན་དང་པོའི་དངོས་གཞི་མངོན་དུ་བྱེད་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སེལ་བར་བྱེད་དོ། །དེ་ནས་དང་པོའི་དངོས་གཞི་ཟག་མེད་དམ། གཉིས་པའི་ཉེར་བསྡོགས་དག་པ་བ་གང་རུང་གི་དང་པོའི་སས་བསྡུས་ཀྱིས་ཉོན་མོངས་ཟད་པར་བྱས་ཏེ། གཉིས་པའི་ཉེར་བསྡོགས་ཞི་གནས་དག་པ་བ་དེས་གཉིས་པའི་དངོས་གཞི་ལ་གེགས་བྱེད་ཀྱི་དེ་སེལ་བར་བྱེད་དོ། །དེ་བཞིན་དུ་ལྷག་མ་རྣམས་ལའང་སྦྱར་བར་བྱ་ལ། དེ་ལྟར་ན། ཉོན་སྒྲིབ་སེལ་བྱེད་ཀྱི་ཉེར་བསྡོགས་ནི་ལྷག་མཐོང་གི་ངོ་བོར་སྐྱེས་པ་དང༌། ཅིག་ཤོས་སེལ་བྱེད་ནི། ཞི་གནས་ཀྱི་ངོ་བོའོ། །འགོག་པའི་སྙོམས་འཇུག་ལ་གེགས་བྱེད་ཀྱི་སྒྲིབ་པ་ནི་འདས་ལམ་ཁོ་ནས་ཏེ། དེ་ཁོ་ནས་ཚོར་འདུ་འགོག་དགོས་པའི་ཕྱིར། དེའི་ཚེ་དེ་འདྲ་དེ་ལྷག་མཐོང་གི་ངོ་བོར་གྱུར་པའི་བར་ཆད་མེད་ལམ་ཡིན་ཀྱང༌། ཉོན་སྒྲིབ་ཀྱི་གཉེན་པོ་མ་ཡིན་ཏེ། གཞན་དུ་ན། དེས་དུས་དེར་སྲིད་རྩེའི་ཉོན་མོངས་སྤངས་པར་ཐལ་བས་སོ། །གལ་ཏེ་སྲིད་རྩེའི་སེམས་ཀྱིས་ཀྱང་འགོག་སྙོམས་ལ་གེགས་བྱེད་ཀྱི་སྒྲིབ་པ་དེ་མི་སྤོང་བ་ཅི་ཞེ་ན། དེ་དུས་ཀྱི་སྒྲིབ་པ་དེ་སྲིད་རྩེའི་སས་བསྡུས་པར་འཆད་དགོས་ལ། སྲིད་རྩེའི་སེམས་ནི་རང་སའི་གཉེན་པོར་མི་རུང་བའི་ཕྱིར། གཉིས་པ་ལ་རིགས་གཉིས་ཏེ། དང་པོའི་ཉེར་བསྡོགས་ཀྱིས་ཉོན་མོངས་མ་ལུས་པར་སྤངས་ཀྱང༌། དང་པོའི་དངོས་གཞི་ཙམ་ཡང་མ་ཐོབ་པའི་དགྲ་བཅོམ་པ་ཞིག་དང༌། ཡང་དང་པོ་ནས་ཅི་ཡང་མེད་ཀྱི་བར་གང་རུང་ལ་བརྟེན་པའི་ལམ་ཟག་མེད་ཀྱིས་ཉོན་མོངས་ཟད་པར་སྤང་ཀྱང༌། འགོག་སྙོམས་དང༌། ས་ལྷག་མའི་དངོས་གཞི་ལ་གེགས་བྱེད་ཀྱི་སྒྲིབ་པ་མ་སྤངས་པ་ཞིག་གོ །དེ་དག་གང་ཡིན་ཀྱང་རུང༌། རང་རང་གི་དངོས་གཞི་ལ་ཐོག་མར་འཇུག་པའི་ཚེ། ས་དེ་དང་དེའི་ཉེར་བསྡོགས་ལ་བརྟེན་ནས་འཇུག་དགོས་པ་ཡིན་གྱི། དེ་ལ་མ་བརྟེན་པར་འཇུག་པ་མི་སྲིད་ལ། དེའི་ཚེ་ཉེར་བསྡོགས་དེས་ས་དེ་དང་དེའི་སྙོམས་འཇུག་གི་སྒྲིབ་པ་སྤོང་བ་དང༌། ལམ་ཟག་མེད་ཀྱིས་འགོག་སྙོམས་ལ་གེགས་བྱེད་ཀྱི་སྒྲིབ་པ་དེ་སེལ་བ་མིན་ནོ། །དེ་ལྟར་བཤད་པ་ན། འགའ་ཞིག་གི་བསམ་པ་ལ། ས་འོག་མ་ལ་ཆགས་བྲལ་བྱས་ཙམ་ན་གོང་མའི་དངོས་གཞི་རྒྱུད་ལ་སྐྱེས་སོ་སྙམ་པ་དང༌། གཞན་དག་གི་བསམ་པ་ལ་ཉེར་བསྡོམས་ཐམས་ཅད་མངོན་པ་གོང་མ་ནས་བཤད་པའི་ཡིད་བྱེད་བདུན་པོ་དེར་འདུས་སོ་སྙམ་པ་དང༌། དེ་ལས་ཅུང་ཞིག་ཞིབ་པ་དག་གི་བསམ་པ་ལ། དེ་ཐམས་ཅད་མངོན་པ་འོག་མ་ནས་བཤད་པའི་བར་ཆད་མེད་པའི་ལམ་དགུ་དང༌། གྲོལ་ལམ་དགུ་པོ་དེ་གང་རུང་གི་ནང་དུ་འདུས་སོ་སྙམ་དུ་སེམས་པ་དེ་དག་བསལ་བ་ཡིན་ཏེ། དེ་དག་ནི་ཇི་སྐད་དུ། འདོད་ཆགས་བྲལ་དང་སྦྱོར་བས་ཐོབ། །ཅེས་པས་འཁྲུལ་གཞི་བྱས་པ་ཡིན་མོད་ཀྱང༌། དེ་ནི་དངོས་གཞིའི་ཐོབ་པ་སྔར་སྐྱེས་པའི་དོན་ལ་འཆད་པ་བྱེ་སྨྲའི་གྲུབ་པའི་མཐའ་ཡིན་པའི་ཕྱིར་དང༌། ས་འོག་མའི་ཉོན་སྒྲིབ་ཀྱི་དབང་དུ་བྱས་པ་དང༌། བྱེ་བྲག་ཏུ་གོང་མ་ལས་བཤད་པའི་ཡིད་བྱེད་བདུན་པོ་དེ་ནི་འཇིག་རྟེན་པའི་དགེ་བ་དག་པ་བ་ཁོ་ནའི་དབང་དུ་བྱས་པས་སོ། །དེ་ལྟར་ན་ལུགས་འདིར་སྙོམས་འཇུག་གི་སྒྲིབ་པ་སྤངས་པ་ནི་སློབ་པ་ལ་ཡང་ཡོད་ལ། ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སྤངས་པ་ནི་དགྲ་བཅོམ་པ་ཁོ་ན་ཡིན་ཅིང༌། དབང་པོ་རྣོན་པོའི་ལམ་ལ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་སྤངས་པ་ནི། ཉན་ཐོས་སློབ་པ་དང་མི་སློབ་པ་གཉིས་ཀ་ལ་ཡོད་ལ། ཅུང་ཟད་སྤངས་པ་ནི་སོ་སོ་སྐྱེ་བོ་ལ་ཡང་ཡོད་དེ། གནས་སྐབས་དེར་ཟག་བཅས་ཀྱི་ལམ་གྱིས་དབང་པོ་འཕོ་བར་བཤད་པའི་ཕྱིར། དེ་ལྟར་གོང་དུ་བཤད་པ་དེ་དག་གིས་ནི་མངོན་པ་འོག་མའི་ལུགས་གཙོ་བོར་བཞག་པའི་ཞུགས་གནས་ཀྱི་རབ་ཏུ་དབྱེ་བ་མང་པོ་དེ་དག་གི་གོ་དོན་རྒྱས་པར་བཤད་ཟིན་ནས། དེ་ནས་དེའི་བསྡུ་བ་ཉུང་ངུ་ཞིག་གིས་དེ་ཐམས་ཅད་ཀྱི་གོ་དོན་རྣ་བར་གཤིན་ཅིང་ཡིད་ལ་བཟུང་སླ་བ་ཞིག་བརྗོད་པར་བྱ་སྟེ། ཉན་ཐོས་འཕགས་པ་ཐམས་ཅད་ནི་གཉིས་སུ་འདུས་ཏེ། མཐོང་སྤངས་མ་སྤངས་པ་དང༌། སྤངས་པའོ། །དང་པོ་ནི་ཞུགས་པ་ཁོ་ན་ཡིན། དེ་ལ་ཡང་འདོད་པའི་སྒོམ་སྤངས་དྲུག་པ་མ་སྤངས་པ་དང༌། སྤངས་པའོ། །དང་པོ་ནི་རྒྱུན་ཞུགས་ཞུགས་པའོ། །གཉིས་པ་ལ་འདོད་པའི་ཉོན་མོངས་དགུ་པ་མ་སྤངས་པ་དང༌། སྤངས་པའོ། །དང་པོ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་ཞུགས་པའོ། །གཉིས་པ་ནི། ཕྱིར་མི་འོང་ཞུགས་པའོ། །གཉིས་པ་མཐོང་སྤངས་སྤངས་པ་ལ། འདོད་པའི་སྒོམ་སྤངས་ཉོན་མོངས་དྲུག་པ་མ་སྤངས་པ་དང༌། སྤངས་པའོ། །དང་པོ་ནི་རྒྱུན་ཞུགས་འབྲས་གནས་སོ། །དེ་ལ་འདོད་པའི་ཉོན་མོངས་དང་པོ་མ་སྤངས་པ་དང༌། སྤངས་པའོ། །དང་པོ་ནི་སྲིད་པ་ལན་བདུན་པའོ། །དེ་ལ་ཡང་འདོད་པར་སྲིད་པ་བདུན་ལེན་པར་མ་ངེས་པ་དང༌། ངེས་པའོ། །དང་པོ་གཞུང་གིས་མ་བསྟན་ལ། གཉིས་པ་ནི། རེ་ལྟར་ཐོགས་ན་ལན་བདུན་པའོ། །གཉིས་པ་དེ་སྤངས་པ་ལ་ཡང༌། འདོད་པའི་ཉོན་མོངས་ལྔ་པ་མ་སྤངས་པ་དང༌། སྤངས་པའོ། །དང་པོ་ནི་རྒྱལ་པོ་སྲས་ལྟར་ན། དེའི་བར་ཐམས་ཅད་རིགས་ནས་རིགས་སྐྱེར་འཇོག་ལ། མཛོད་རྩ་འགྲེལ་གྱི་དགོངས་པ་དང་པོ་སྤངས་ཤིང༌། ལྔ་པ་མ་སྤངས་པའི་བར་དེར། གསུམ་པ་མ་སྤངས་པ་དང༌། སྤངས་པའོ། །དང་པོ་ལ་བཤད་པ་མེད། གཉིས་པ་ལ་དེ་ལམ་ཟག་མེད་ཀྱིས་སྤངས་པ་དང༌། ཟག་བཅས་ཀྱིས་སྤངས་པའོ། །དང་པོ་རིགས་ནས་རིགས་སྐྱེར་འཇོག་ཅིང༌། གཉིས་པ་ལ་བཤད་པ་མེད་དོ། །དེ་ལ་ཡང་སྐྱེ་སྲིད་གཉིས་ལེན་པར་མ་ངེས་པ་དང༌། ངེས་པ་གཉིས་ལས། གཞུང་དུ་བཤད་པ་དེ་ནི་གཉིས་པ་དེའོ། །གཉིས་པ་དྲུག་པ་སྤངས་པ་ལ། དགུ་པ་མ་སྤངས་པ་དང༌། སྤངས་པ་གཉིས་སོ། །དང་པོ་ནི་ཕྱིར་འོང་འབྲས་གནས་སོ། །འདི་ལ་ཡང་བདུན་པ་མ་སྤངས་པ་དང༌། སྤངས་པ་གཉིས་ལས། དང་པོ་ལ་བཤད་པ་མེད་ཅིང༌། རྒྱལ་པོ་སྲས་ཀྱི་དགོངས་པས་འདི་ཡང་ཚེ་གཅིག་བར་ཆད་གཅིག་པར་འཇོག་གོ །གཉིས་པ་ལ། དེ་ལམ་ཟག་བཅས་ཀྱི་སྤངས་པ་དང༌། ཟག་མེད་ཀྱིས་སྤངས་པ་གཉིས་ལས། དང་པོ་ལ་བཤད་པ་མེད་ཅིང༌། གཉིས་པ་ནི། ཚེ་གཅིག་བར་ཆད་གཅིག་པའོ། །འདི་ལ་ཡང་འདོད་པར་སྐྱེ་བ་ལན་ཅིག་ལེན་པར་ངེས་པ་དང༌། མ་ངེས་པ་གཉིས་ལས། དང་པོ་ནི་གཞུང་གིས་ཟིན་ལ། གཉིས་པ་ནི། གཞུང་གི་བསྟན་བྱའི་གཙོ་བོ་མ་ཡིན་ནོ། །གོང་དེ་དག་ཏུ་མ་ངེས་པ་ཞེས་འབྱུང་བ་དེར། འབྲས་གནས་དང་པོ་གཉིས་ལ་མཐོང་ཆོས་ཞིའི་རིགས་ཅན་རྣམ་གྲངས་པ། རྣམ་གྲངས་པ་མ་ཡིན་པ་གཉིས་གཉིས་ཡོད་པ་དེ་དག་བསྡུས་སོ། །གཉིས་པ་འདོད་ཉོན་དགུ་པ་སྤངས་པ་ལ། སྲིད་རྩེའི་སྒོམ་སྤངས་དགུ་པ་མ་སྤངས་པ་དང་སྤངས་པའོ། །དང་པོ་ནི་ཕྱིར་མི་འོང་འབྲས་གནས་སོ། །འདི་ཡང་གཉིས་སུ་འདུས་ཏེ། འདོད་པའི་རྟེན་ཅན་དང༌། ཁམས་གོང་གི་རྟེན་ཅན་ནོ། །དང་པོ་ལ་གཉིས་ཏེ། རྟེན་དེ་ལ་མྱང་འདས་མངོན་དུ་མི་བྱེད་པ་དང༌། བྱེད་པའོ། །དང་པོ་ལ་གཉིས་ཏེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མི་འཇུག་པ་དང༌། འཇུག་པའོ། །དང་པོ་ལ་གཉིས་ཏེ། བདེན་པ་མཐོང་བའི་ཚེ་དེ་ཉིད་ལ་ཤེས་རབ་རྐྱང་པས་མྱང་འདས་མངོན་དུ་བྱེད་པ་དང༌། བདེན་པ་མཐོང་རྗེས་སུ་འདོད་པར་སྐྱེ་བ་བརྒྱུད་མར་བླངས་པའི་རྗེས་ཀྱི་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའོ། །དང་པོ་ལ་ནི་མཐོང་ཆོས་ཞི་ཞེས་བྱ་ལ། ཇི་སྐད་དུ། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་པའི་གཞུང་གིས་ཟིན་པ་དེ་ཉིད་དོ། །གཉིས་པ་ནི། འདོད་པར་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་ཡིན་ལ། འདི་ཡང་རྣམ་གྲངས་ཀྱི་མཐོང་ཆོས་ཞིར་བཞག་དགོས་སོ། །གཉིས་པ་འགོག་སྙོམས་ཐོབ་པ་ནི། ལུས་མངོན་བྱེད་ཀྱི་ཕྱོགས་གཅིག་མ་ངེས་པའི་ལས་ཅན་ཞེས་བྱ་བ་དེ་ཡིན་ལ། འདི་ལ་ཡང་རྣམ་གྲངས་པ་ཡིན་མིན་གྱི་མཐོང་ཆོས་ཞི་གཉིས་ཀ་སྲིད་དོ། །གཉིས་པ་མཐར་གནས་ཀྱི་སྙོམས་འཇུག་ལ་འཇུག་པ་ལ་གཉིས་ཏེ། རྒྱུའི་སྙོམས་འཇུག་ཁོ་ན་ལ་སྙོམས་པར་འཇུག་པ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཡང་འཇུག་པའོ། །དང་པོ་ལ་གཉིས་ཏེ། བསམ་གཏན་གྱི་སྙོམས་འཇུག་ཁོ་ན་ལ་སྙོམས་པར་འཇུག་པ་དང༌། གཟུགས་མེད་ལ་ཡང་འཇུག་པའོ། །དང་པོ་ལ་ཡང་གཉིས་ཏེ། དེར་འགྲུབ་བྱེད་ཀྱི་ལས་ཁོ་ན་བསོགས་པ་དང༌། འཕེན་འགྲུབ་གཉིས་ཀ་བསོག་པའོ། །དང་པོ་ནི་བར་དོར་འདའ་བ་ཡིན་ལ། དེ་ལ་དབྱེ་ན་གནས་ཀྱི་དབྱེས་བཅུ་དྲུག་གོ །དེའི་དཔེར་བརྗོད་བཤད་དཀའ་བ་ནི་འདི་ལྟར། དང་པོའི་ཉེར་བསྡོགས་ཟག་མེད་ཁོ་ནས་འདོད་པ་ལ་ཆགས་བྲལ་བྱས་ནས། དེའི་འོག་ཏུ་སྙོམས་འཇུག་དག་པ་བའི་རོ་མྱངས་པ་ལན་གཅིག་ཁོ་ནས་བསམ་གཏན་དང་པོའི་བར་དོར་སྐྱེས་ཏེ། དེའི་སྐྱེ་སྲིད་དུ་འཕེན་བྱེད་ཀྱི་ལས་མེད་པའི་རྒྱུ་མཚན་གྱིས། རྟེན་དེ་ཉིད་ལ་འདའ་བའོ། །གཉིས་པ་འཕེན་འགྲུབ་གཉི་ཀ་བསོག་པ་ལ། འཕེན་བྱེད་ཀྱི་ལས་གཅིག་ཁོ་ན་བསོག་པ་དང༌། གཉིས་ཕན་ཆད་བསོག་པའོ། །དང་པོ་ནི། སྐྱེས་འདའ་བ་ཡིན་ལ། དེ་ལ་གནས་ཀྱི་དབྱེ་བས་བཅུ་དྲུག་གོ །དེའི་དཔེར་བརྗོད་ནི། དང་པོའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འདོད་པ་ལ་ཆགས་བྲལ་བྱས་རྗེས་སུ་དངོས་གཞིའི་སྙོམས་འཇུག་ཆུང་ངུ་ལ་རོ་མྱང་བ་ཅིག་གིས་ཚངས་རིས་སུ་སྐྱེས། རྟེན་དེ་ལ་བསམ་གཏན་དང་པོ་སོགས་ལ་ཆགས་བྲལ་བྱས་ནས་འདའ་བའོ། །ཡང་འཕེན་བྱེད་ཀྱི་ལས་གཅིག་པོ་དེ་ཉིད་ལ་དངོས་གཞིའི་སྙོམས་འཇུག་འབྲིང་དང་ཆེན་པོ་ལ་རོ་མྱངས་པས། ཚངས་པ་མདུན་ན་འདོན་དང༌། ཚངས་ཆེན་དུ་སྐྱེས་ཏེ་དེར་འདའ་བའོ། །ཚུལ་དེ་ནི་ལྷག་མ་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ལ། འཕེན་བྱེད་ཀྱི་ལས་གཉིས་ཁོ་ན་བསོག་པ་དང༌། གསུམ་ཕན་ཆད་བསོག་པའོ། །དང་པོ་ལ་བསམ་གཏན་སྤེལ་མར་སྒོམ་པ་དང༌། མི་སྒོམ་པའོ། །དང་པོ་ལ་སྤེལ་སྒོམ་ལས་མ་ཉམས་པ་དང༌། ཉམས་པ་གཉིས། དང་པོ་ནི་སྐྱེས་འདའ་བའི་ནང་དུ་སོང༌། གཉིས་པ་ནི་འོག་མིན་འགྲོའི་འཕར་བའོ། །གཉིས་པ་མི་སྒོམ་པ་ལ། སྲིད་རྩེའི་སྙོམས་འཇུག་སྐྱེས་པ་དང་མ་སྐྱེས་པ་གཉིས། དང་པོ་ལ། དེ་ལས་མ་ཉམས་པ་དང༌། ཉམས་པ་གཉིས། དང་པོ་ནི་འོག་ནས་འཆད་པའི་གཟུགས་མེད་ཉེར་འགྲོའི་སྐྱེས་འདའ་བའི་ནང་ཚན་ནོ། །ཉམས་པ་ནི་སྲིད་རྩེ་མཐར་ཐུག་འགྲོའི་བྱེ་བྲག་ཅིག་ཡིན་ནོ། །གཉིས་པ་ལ། གསུམ་ཁོ་ན་ལེན་པ་དང༌། དེ་ལས་མང་བ་ལེན་པའོ། །དང་པོ་ལ། བསམ་གཏན་གྱི་སྤེལ་སྒོམ་བྱས་པ་དང༌། མ་བྱས་པའོ། །དེ་ལ་ཡང༌། དེ་ལས་ཉམས་མ་ཉམས་གཉིས་ལས། དང་པོ་ནི་ཕྱེད་དུ་འཕར་བའོ། །གཉིས་པ་ལ་སྲིད་རྩེའི་སེམས་ཐོབ་མ་ཐོབ་གཉིས། དང་པོ་ལ། ཉམས་མ་ཉམས་གཉིས་ལས། དང་པོ་ནི། སྲིད་རྩེའི་མཐར་ཐུག་འགྲོའི་ནང་ཚན་ཅིག་ཡིན་ནོ། །གཉིས་པ་ལ་སྔ་མ་བཞིན་དུ་སྦྱར་ནས། འོག་མིན་འགྲོ་དང༌། སྲིད་རྩེ་འགྲོ་གཉིས་ཀྱི་གནས་ཐམས་ཅད་དུ་འཆི་འཕོ་བ་སོ་སོར་རྣམ་པར་བཞག་གོ །འདིར་སྲིད་རྩེ་འགྲོ་གསུམ་ནི། གཟུགས་ཁམས་སུ་སྐྱེ་བ་གཉིས་བླངས་ནས་སྲིད་རྩེར་སྐྱེ་བ་དང་གསུམ་བླངས་ནས་དེར་སྐྱེ་བ་དང༌། འབྲས་བུ་ཆེའི་བར་དུ་རིམ་གྱིས་སྐྱེས་ནས་དེར་སྐྱེ་བ་ལེན་པའོ། །ཡང་ན་སྔར་བཤད་པ་ལྟར་འདོད་པའི་རྟེན་ལ་སྲིད་རྩེའི་སྙོམས་འཇུག་མངོན་དུ་མ་བྱས་པར། ཚངས་རིས་ནས་འབྲས་བུ་ཆེའི་བར་དུ་རིམ་གྱིས་སྐྱེས་ཏེ། རྟེན་དེ་ལ་གཟུགས་མེད་བཞིའི་སྙོམས་འཇུག་མངོན་དུ་བྱས་པའོ། །དེ་ལྟར་བཤད་ན། འདོད་པའི་རྟེན་ལ་སྲིད་རྩེའི་འགྲོའི་རྣམ་གཞག་འཆད་པ་ཅུང་དཀའ་བ་ཡིན་ནོ། །སྐབས་འདིར་ས་གོང་མའི་བར་འདའ་བ་དང༌། སྐྱེས་འདའ་བར་འཇོག་པ་ལ། དེའི་ས་འོག་མ་རྣམས་ལ་ཟག་མེད་ལམ་གྱིས་ཆགས་བྲལ་བྱས་པ་ཅིག་དགོས་ཏེ། ཟག་བཅས་ཀྱིས་སྤངས་པ་ཟློག་སྲིད་པས་དེའི་མཚན་ཉིད་མི་འགྲུབ་པའི་ཕྱིར། ས་གང་ལ་ལྟོས་ནས་དེར་འཇོག་པའི་ཉེར་བསྡོགས་ནི་ཞི་རགས་ཀྱི་རྣམ་པ་ཅན་དགོས་ཏེ། དེ་མེད་ན་སྐྱེས་འདའ་བ་དང༌། གོང་འཕོར་འཇོག་མི་ནུས་པའི་ཕྱིར། གཉིས་པ་གཟུགས་མེད་ཀྱི་རྒྱུའི་སྙོམས་འཇུག་ལ་འཇུག་པ་ལ་ཡང༌། འཕེན་བྱེད་ལས་གཅིག་ཁོ་ན་སོག་པ་དང༌། མང་པོ་སོག་པའོ། །དང་པོ་ནི་སྐྱེས་འདའ་བ་ཡིན་ལ། གཉིས་པ་ནི་གོང་འཕོའོ། །འདི་ལ་ཡང་སྲིད་རྩེའི་སེམས་ལས་ཉམས་ནས་ནམ་མཁའ་མཐའ་ཡས་སུ་སྐྱེས་པ་ལྟ་བུ་ཅིག་དགོས་པར་མངོན་ཏེ། དེ་ལྟ་མ་ཡིན་ན། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དུ་བཞག་དཀའ་ལ། དེ་ལྟ་ན་གོང་འཕོའི་མཚན་ཉིད་མི་འགྲུབ་པས་སོ། །དེ་ལྟ་ན་ཡང་བོད་ཀྱི་སློབ་དཔོན་རྣམས་འདི་ལ་འཕར་ཕྱེད་འཕར་གྱི་རྣམ་གཞག་མི་བྱེད་པ་དེ་ལྟ་ན། གཟུགས་མེད་བཞིར་རིམ་གྱིས་སྐྱེ་བ་འཕེན་བྱེད་ཀྱི་ལས་བསགས་ནས། དེར་རིམ་གྱིས་སྐྱེས་པ་ལ། གཟུགས་མེད་ཉེར་འགྲོའི་གནས་ཐམས་ཅད་དུ་འཆི་འཕོ་བའི་མིང་གིས་འདོགས་པར་གསལ་ལོ། །གཉིས་པ་འགོག་པའི་སྙོམས་འཇུག་ཀྱང་མངོན་དུ་མི་བྱེད་པ་ནི་ལུས་མངོན་བྱེད་ཡིན་ལ། འདི་ལ་རིགས་གསུམ་ཡོད་ཀྱང༌། གོང་དུ་བཤད་པ་ཐམས་ཅད་ཀྱི་ནང་དུ་འདི་མ་འདུས་པས་མི་ཟློས་སོ། །འོ་ན་འདི་ལ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དང༌། སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དུ་བཤད་པ་ལྟར་ན། ཡང་སྲིད་འཕེན་བྱེད་དུ་འགྱུར་ལ། དེ་ལྟ་ན་རྒྱུའི་སྙོམས་འཇུག་དུ་ཐལ་བ་དང༌། འཇིག་རྟེན་པའི་སྙོམས་འཇུག་ཁོ་ནར་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་གང་གི་འགྲུབ་བྱེད་དུ་འགྱུར་བའི་འཕེན་བྱེད་དེ་ནི། སྲིད་རྩེའི་ཉེར་བསྡོགས་ཀྱི་ནང་ཚན་དུ་འདུ་བའི་ཕྱིར། འོ་ན་འདི་ལ་རོ་མྱང་མཚུངས་ལྡན་ཡོད་པར་འགྱུར་ཏེ། འདི་འགྲུབ་བྱེད་ཀྱི་ལས་སུ་རུང་བའི་ཕྱིར་ཅེ་ན། ཤིན་ཏུ་མ་ངེས་ཏེ། སྲིད་རྩེ་འགྲུབ་བྱེད་ནི་དགེ་བ་ཁོ་ནར་ངེས་ལ། དེ་དང་མཚུངས་ལྡན་ནི་ལུང་མ་བསྟན་ཡིན་པའི་ཕྱིར། དེ་ལྟ་ན་ཡང་རྒྱུའི་ཀུན་སློང་སྲིད་རྩེའི་སས་བསྡུས་ཀྱི་ཕུང་པོ་ལ་སྲིད་པའི་འདོད་ཆགས་ཀྱིས་ཀུན་ནས་སླངས་ནས། འགོག་པ་ལ་སྙོམས་པར་འཇུག་པ་ཡོད་པས་དེའི་ཚེ་དེ་དེའི་འགྲུབ་བྱེད་དུ་འགྱུར་བ་ཡིན་ནོ། །དེའི་ཁྱབ་འབྲེལ་ཡང་འདི་ཉིད་དེའི་སས་བསྡུས་ཀྱི་འདུ་བྱེད་ཀྱི་ཕུང་པོ་ཡིན་པ་ལ་ཐུག་གོ །གཉིས་པ་ཁམས་གསུམ་གྱི་ཉོན་མོངས་སྤངས་པ་ལ་རྣམ་པར་ཐར་པ་བརྒྱད་མ་ཐོབ་པ་དང༌། ཐོབ་པ་གཉིས་སུ་ངེས། དང་པོ་ནི་ཤེས་རབ་རྐྱང་པས་རྣམ་པར་གྲོལ་བ་དང༌། གཉིས་པ་ནི། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །དེ་ལྟར་ན་ཞུགས་གནས་ཀྱི་གང་ཟག་རྣམས་ཀྱི་བསྡུ་བ་འདི་ནི། མངོན་པ་འོག་མའི་ལུགས་ཡིན་ཅིང༌། ཞུགས་གནས་ཀྱི་རྣམ་གཞག་འཆད་པ་ལ་ལུགས་འདི་ཤིན་ཏུ་ཞིབ་པས། དེའི་ལུགས་བཞིན་དུ་བཤད་པ་ཡིན་གྱི། གོང་མའི་ལུགས་དང་བསྲེ་བར་མི་བྱའོ། །གཉིས་པ་སྤང་བྱ་ཅིག་ཆར་བའི་རྣམ་པར་བཞག་པ་ལ། བཤད་བྱའི་གཞུང་དགོད། དེའི་དོན་བཤད་པའོ། །དང་པོ་ནི། ཇི་སྐད་དུ། ཅིག་ཆར་ངེས་པར་འབྱིན་པ་ནི། གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཆར་སྤོངས་ཏེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུ་དང༌། འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ༌། སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལ་མཚན་ཉིད་དབྱེ་བ། མྱ་ངན་ལས་འདའ་བའི་ཚུལ་ལོ། །དང་པོ་ལ། ཁམས་གསུམ་ལ་ཅིག་ཆར་དུ་ཆགས་བྲལ་བྱས་པའམ། བྱེད་བཞིན་པའི་ཐེག་དམན་གྱི་འཕགས་པའོ། །འདི་ལ་དུས་ནམ་གྱི་ཚེ་དེ་བྱེད་པ་དང༌། སེམས་རྟེན་གང་ལ་བརྟེན་ནས་བྱེད་པ་དང༌། ལམ་གང་གིས་བྱེད་པ་དང༌། ཚུལ་ཇི་ལྟར་དུ་བྱེད་པའོ། །དང་པོ་ནི་ཇི་སྐད་དུ། གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ཞེས་པའོ། །དེ་ཡང་མཐོང་ལམ་གྱི་སྔ་རོལ་དུ་སྤོང་ཚུལ་དེ་ལྟར་མི་ནུས་པ་དང༌། མཐོང་ལམ་གྱིས་སྒོམ་སྤང་ཅིག་ཅར་དུ་མི་སྤོང་བ་འདི་ནི། ཐེག་ཆེན་ཐུན་མོང་གི་ལུགས་འདིར་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་ནི། རྒྱུད་བླ་རྩ་འགྲེལ་དང༌། འཕགས་པ་གྲོལ་སྡེའི་བཞེད་པས། བྱང་ཆུབ་སེམས་དཔའ་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་རྣམས་ཀྱི་ནང་ནས། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བྱ་རྣམས་སྤོང་ཚུལ་ཅིག་ཆར་བ་ཁོ་ན་དང༌། དེ་ཡང་མཐོང་སྤངས་ཉོན་མོངས་དང་ལྷན་ཅིག་སྤོང་བ་ཡིན་ནོ། །གཉིས་པ་ནི། ཇི་སྐད་དུ། མི་ལྕོགས་མེད་པ་ལ་བརྟེན་ཏེ། །ཞེས་པའོ་དེའི་ཤེས་བྱེད་ཀྱང༌། འདི་ལ་བསམ་གཏན་གྱི་དངོས་གཞི་ཙམ་ཡང་ཐོབ་པ་མི་འབྱུང་བའི་རྒྱུ་མཚན་གྱིས་སོ། །གསུམ་པ་ནི་ཇི་སྐད་དུ། འཇིག་རྟེན་ལས་འདས་པའི་ལམ་གྱིས། །ཞེས་པས་བསྟན་ཏེ། འཇིག་རྟེན་པའི་ལམ་གྱིས་སྲིད་རྩེ་ལ་ཆགས་བྲལ་བྱེད་མི་ནུས་པའི་ཕྱིར་རོ། །བཞི་པ་ནི། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཆར་སྤོང་ཞེས་བསྟན་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་ཆེན་པོའི་ཆེན་པོ་དགུ་ཅིག་ཆར་དུ་བསྡོམས་ནས་སྤོང་བ་སོགས། སྤོང་ཐེབས་དགུར་དྲིལ་ནས་སྤོང་བའོ། །གཉིས་པ་དབྱེ་བ་ནི། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། །ཞེས་སོགས་ཏེ། དོན་ནི། དེ་ལ་དབྱེ་ན། ཅིག་ཆར་བའི་རྒྱུན་ཞུགས་དང༌། དགྲ་བཅོམ་པ་གཉིས་སོ། །འདི་ལ་ཕྱིར་མི་འོང་མི་སྲིད་པ་ནི་ཤེས་པར་སླ་ལ། འདི་ལ་ཕྱིར་འོང་གི་འབྲས་བུ་མི་སྲིད་པ་ཅི་ཞེ་ན། འདི་ལ་འཆད་ཚུལ་གསུམ་སྟེ། ཕྱིར་འོང་གི་འབྲས་བུ་འཇོག་ཀྱང༌། ཕྱིར་འོང་མི་འཇོག་པའི་ལུགས་དང༌། ཕྱིར་འོང་འཇོག་ཀྱང་དེའི་འབྲས་བུ་མི་འཇོག་པའི་ལུགས་དང༌། གཉིས་ཀ་འཇོག་དགོས་པའི་ལུགས་སོ། །དང་པོ་ནི། འདི་ལ་ཕྱིར་འོང་གི་འབྲས་བུ་འཇོག་དགོས་ཏེ། འདོད་པའི་སྒོམ་སྤངས་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་འཇོག་ཅིང༌། དེ་འབྲས་བུ་གཞན་གཉིས་པོ་གང་དུ་ཡང་མི་རུང་བས་སོ། །གལ་ཏེ་འདི་ཕྱིར་འོང་གི་འབྲས་བུར་མི་རུང་སྟེ། འདིས་ཁམས་གོང་གི་ཉོན་མོངས་དྲུག་པ་སྤངས་པའི་ཕྱིར་ཅེ་ན། འོ་ན་དེ་རྒྱུན་ཞུགས་ཀྱི་འབྲས་བུར་ཡང་མི་རུང་སྟེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་རིམ་གྱིས་པའི་རྒྱུན་ཞུགས་ལ་དེ་འགལ་ཡང༌། ཅིག་ཅར་བའི་རྒྱུན་ཞུགས་ལ་དེ་མི་འགལ་ལོ་ཞེ་ན། འོ་ན་འདིར་ཡང༌། རིམ་གྱིས་པའི་ཕྱིར་འོང་གི་འབྲས་བུ་ལ་དེར་འགལ་ཡང༌། ཅིག་ཅར་བའི་ཕྱིར་འོང་གི་འབྲས་བུ་ལ་དེར་མི་འགལ་ལོ། །གལ་ཏེ་དེ་འདྲ་དེ་རྒྱུན་ཞུགས་དང་ཕྱིར་འོང་གང་གི་ཡང་འབྲས་བུར་མི་འདོད་དོ་ཞེ་ན། རྒྱུན་ཞུགས་ཀྱི་འབྲས་བུའི་མཚན་ཉིད་ནི་གང་ཡང་མ་ཚང་བ་བདེན་ན། དེ་ལ་ཕྱིར་འོང་གི་འབྲས་བུའི་མཚན་ཉིད་ནི་ཚང་བར་གནས་པས་མི་མཚུངས་སོ། །འོ་ན་འདིར་ཕྱིར་འོང་གི་འབྲས་བུ་ཡོད་ན། འབྲས་བུ་གཉིས་ལ་གདགས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་བཤད་པ་དེ། ཅིག་ཅར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཡོད་པར་འཆད་པ་མ་ཡིན་ཏེ། དེའི་དེ་མི་སྲིད་པའི་ཕྱིར་རོ། །དེ་མི་སྲིད་པ་ཡིན་ཏེ། ཁམས་གསུམ་གྱི་སྒོམ་སྤངས་དང་པོ་དགུ་སྤངས་པའི་འབྲས་བུ་ཡིན་ན། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་པར་འགལ། ཅིག་ཅར་བའི་འབྲས་བུ་ཡིན་ན་ནི། དེ་དགུ་པ་སྤངས་པའི་འབྲས་བུ་ཡིན་དགོས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཁམས་གསུམ་གྱི་ཉོན་མོངས་པ་བརྒྱད་པ་དགུ་སྤངས་པའི་རྣམ་པར་གྲོལ་བའི་ལམ་གང་ཡིན་པ་དེ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གདགས་པ་དང༌། དགུ་པ་དགུ་སྤངས་པའི་འབྲས་བུ་དེ་ནི་དགྲ་བཅོམ་པའི་འབྲས་བུ་ལ་གདགས་པའི་དོན་ཏོ། །དེའི་ཤེས་བྱེད་ཀྱང༌། དེ་དུས་ཀྱི་རྣམ་པ་བརྒྱད་སྤངས་པའི་གང་ཟག་དེ་རྒྱུན་ཞུགས་ཡིན་པའི་རྒྱུ་མཚན་གྱིས་སོ། །གདགས་སོ་ཞེས་པའི་ཚིག་གིས་རྒྱུན་ཞུགས་ཀྱི་འབྲས་བུ་མཚན་ཉིད་པ་མ་ཡིན་པར་བཤད་ཅིང༌། དེ་དུས་ཀྱི་འདོད་ཉོན་དགུ་པ་སྤངས་པའི་གྲོལ་ལམ་དེ་ཡང་དགྲ་བཅོམ་པའི་འབྲས་བུར་བཏགས་པ་ཙམ་མོ། །འོ་ན་འདིར་ཕྱིར་འོང་གི་འབྲས་བུ་མཚན་ཉིད་པ་ཡོད་ན། དེའི་ཕྱིར་འོང་མེད་པར་འགལ་ལོ་ཞེ་ན། དེ་མི་འགལ་བའི་ཤེས་བྱེད་ནི། ཅིག་ཅར་བ་ཡིན་ན་ཕལ་ཆེར་འདོད་པའི་ཁམས་སུ་མི་སྐྱེ་བས་ཁྱབ་ལ། ཕྱིར་འོང་དུ་འཇོག་པ་ནི། དེར་ལན་ཅིག་སྐྱེ་བ་ལེན་པའི་ཆ་ནས་འཇོག་དགོས་པའི་ཕྱིར་རོ། །ལུགས་གཉིས་པ་ནི། ཅིག་ཆར་བར་གྱུར་པའི་ཕྱིར་འོང་ནི་གཞུང་ལས་དངོས་སུ་བཤད་པ་ཡིན་ཏེ། འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ། ཞེས་བཤད་ལ། དེ་ཡང་འདོད་ཉོན་དྲུག་པ་སྤངས་རྗེས་སུ་ཡིན་པ་མི་འགལ་བའི་ཕྱིར། དེ་ལྟ་ན་ཡང་དེའི་འབྲས་བུ་ནི་ཁས་མི་ལེན་ཏེ། གཞུང་དུ་འབྲས་བུ་གཉིས་ལས་མ་བཤད་པའི་ཕྱིར། ཞེས་བྱ་བའི་ལུགས་གཉིས་དང༌། ལུགས་གསུམ་པ་ནི། འདི་ལ་རྒྱུན་ཞུགས་ཀྱི་འབྲས་བུ་འཇོག་ཀྱང༌། སྒོམ་སྤངས་ཅིག་ཅར་དུ་སྤངས་པའི་ཆ་ནས་མ་ཡིན་གྱི་ཁམས་གསུམ་གྱི་མཐོང་སྤངས་ཅིག་ཅར་དུ་སྤངས་པའི་ཆ་ནས་འཇོག་པའོ། །སྒོམ་སྤངས་ཅིག་ཅར་དུ་སྤངས་པའི་ཆ་ནས་ནི་ཕྱིར་འོང་གི་འབྲས་བུ་དང༌། དེ་ལ་གནས་པའི་ཕྱིར་འོང་དང༌། དགྲ་བཅོམ་པའི་འབྲས་བུ་དང༌། དེ་ལ་གཉིས་ཁོ་ན་བཞག་གོ །གཞུང་དུ་འབྲས་བུ་གཉིས་ལ་ཞེས་བཤད་པ་ནི། མཐོང་སྤངས་དང་སྒོམ་སྤངས་ཅིག་ཅར་བའི་ཚུལ་གྱིས་མ་ལུས་པར་སྤངས་པའི་དབང་དུ་བྱས་ཀྱི། སྤང་བྱ་གཉིས་སྤངས་པའི་གནས་སྐབས་ཀྱི་འབྲས་བུའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ལུགས་མི་འདྲ་བ་རྣམ་པ་གསུམ་ལས། གང་བདེ་དཔྱད་པར་བྱའོ། །གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་ལ། ཉི་ཤུའི་རྐང་གྲངས་ངོས་བཟུང༌། སོ་སོའི་གོ་དོན་ཤེར་ཕྱིན་གྱི་མདོ་དང་མཐུན་པར་བཤད། དངོས་བཏགས་ཀྱི་ཁྱད་པར་གང་ཡིན་དཔྱད་པའོ། །དང་པོ་ལ། སློབ་དཔོན་གཞན་གྱི་ལུགས་དང༌། འཕགས་སེང་གི་ལུགས་སོ། །དང་པོ་ནི་ཤནྟི་པས་རྩ་བའི་སྒྲ་ཇི་བཞིན་པ་འདི་ཉིད་བགྲངས་ནས་ཉི་ཤུར་མཛད་ལ། དགེ་བའི་བཤེས་གཉེན་འབྲེ་ཆེན་པོའི་གསུང་གིས། ལྷག་དང་ཆད་པ་མེད་པ་དང༌། །མདོ་འདི་ཉིད་ལ་ཞུགས་པ་དང༌། །མདོ་གཞན་དག་དང་འགལ་མེད་ཕྱིར། །དབྱེ་བ་གཞུང་བཞིན་རིགས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ལ། སློབ་དཔོན་གྱི་བཞེད་པ་བཀོད་པ། འཕགས་པའི་ལུགས་གང་ཡིན་བཙལ་བའོ། །དང་པོ་ནི་འགྲེལ་པ་ཆེ་ཆུང་གཉིས་ཀ་ན་དངོས་སུ་གསལ་བ་ལྟར། རྒྱུན་ཞུགས་ཀྱི་སྐོར་ལ་ལྔ། ཕྱིར་འོང་གི་སྐོར་ལ་གསུམ། ཕྱིར་མི་འོང་གི་སྐོར་ལ་བཅུ། དགྲ་བཅོམ་ཞུགས་པ། རང་སངས་རྒྱས་ཏེ་ཉི་ཤུའོ། །ལུགས་འདི་ལ། གཞུང་རྩ་བའི་ཚིག་གིས་མ་ཟིན་པ་ནི། རྒྱུན་ཞུགས་འབྲས་གནས་ཙམ་པོ། ཕྱིར་འོང་འབྲས་གནས་ཙམ་པོ། དགྲ་བཅོམ་ཞུགས་པ་སྟེ་གསུམ་སྣང་ལ། རྩ་ཚིག་གིས་ཟིན་པ་དག་ལས། འོག་མིན་འགྲོ་དབྱེ་གཞིར་བཞག་ནས་མ་བགྲངས་པ་དང༌། སྲིད་རྩེ་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཉིས་དོན་གཅིག་ཅིང་དབྱེ་གཞིར་བཞག་ནས་ལོགས་སུ་མ་བགྲངས་སོ། །གཉིས་པ་ལ། འཕགས་པའི་དགོངས་པ་ལོ་ཙཱ་བ་ཆེན་པོས་བླངས་པ་དང༌། འབྲེ་ཆེན་པོས་བླངས་པ་དང༌། ཨར་གྱིས་བླངས་པ་དང༌། གྲོ་ལུང་པ་ཆེན་པོས་བླངས་པའོ། །དང་པོ་ནི་རྩ་བས་དངོས་སུ་ཟིན་པ་བཅུ་དྲུག་དང༌། མ་ཟིན་པ་བཞི་ཁ་བསྐང་ནས་ཉི་ཤུར་འཆད་དོ། །དེའི་ཚུལ་ཡང༌། འོག་མིན་འགྲོ་དང་སྲིད་རྩེ་འགྲོ་གཉིས། འཕར་བ་གསུམ་སྟེ་ལྔ་ལ་གོང་འཕོ་ཞེས་གཅིག་ཏུ་བསྡུས་པས་བཅུ་དྲུག དེའི་སྟེང་དུ་རྒྱུན་ཞུགས་ཞུགས་པ། ཕྱིར་འོང་ཙམ་པོ། ཕྱིར་མི་འོང་ཙམ་པོ། དགྲ་བཅོམ་ཞུགས་པ་སྟེ་བཞི་མདོ་དང་སྦྱར་ནས་བསྣན་པ་ཡིན་ནོ། །ཞེས་གསུང་ངོ༌། །གཉིས་པ་ནི། འབྲེ་ཤེས་རབ་འབར་གྱིས་ཉི་སྣང་གི་ཊཱི་ཀར། བརྒྱད་པ་ཁ་བསྐོང་བ་འཕགས་པའི་དགོངས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུན་ཞུགས་འབྲས་གནས་ཙམ་པོ་ཁ་བསྐོང་བ་དགོངས་པ་ཡིན་ནོ། །ཞེས་གསུངས། གསུམ་པ་ནི། འོག་མིན་འགྲོ་དབྱེ་གཞི་ཡིན་པས་མི་བགྲང་ལ། གཞན་རྩ་བས་ཟིན་པ་བཅུ་དགུ། དགྲ་བཅོམ་ཞུགས་པ་མདོ་དང་སྦྱར་ནས་ཁ་བསྐང་བས་ཉི་ཤུ་ཡིན་ནོ་ཞེས་གསུང་ངོ༌། །བཞི་པ་ནི། འདིར་ཕྱིར་མི་ལྡོག་པའི་འཕགས་པ་ལ་གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བ་དང་མ་སོང་བའོ། །དང་པོ་ལ་གསུམ་སྟེ། འདོད་ཉོན་ལྔ་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་རྒྱུན་ཞུགས་ཞུགས་པ་དང༌། ཕྱིར་འོང་ཞུགས་པ་དང༌། ཕྱིར་མི་འོང་ཞུགས་པའོ། །དེ་གསུམ་ཀ་ལ་དད་པའི་རྗེས་འབྲངས་དང༌། ཆོས་ཀྱི་རྗེས་འབྲངས་གཉིས་གཉིས་ཏེ་དྲུག ཆགས་བྲལ་སྔོན་དུ་མ་སོང་བའི་རྒྱུན་ཞུགས་ཞུགས་པ་སྟེ། བདུན་པོ་འཕགས་པས་མདོ་སོ་སོ་དང་སྦྱར་ནས་བཤད་པ་ནི་རྩ་བར། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པའི་གཞུང་གིས་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང་ཕྱིར་མི་འོང་གཉིས་མདོ་དང་སྦྱར་ནས་བཤད་པ་ནི་རྩ་བར། དད་དང་མཐོང་ཐོབ་ཅེས་པའི་གཞུང་གིས་བསྟན་པ་ཡིན་ནོ། །གཉིས་པ་ཆགས་བྲལ་སྔོན་དུ་མ་སོང་བ་ལ། རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་གསུམ་ལས། དང་པོ་ནི་རྣམ་པ་གཉིས་ཡིན་ལ། དེ་ཡང་རིགས་ནས་རིགས་ཞེས་པའི་གཞུང་གིས་བསྟན་ནོ། །གཉིས་པ་ནི། བར་ཆད་གཅིག་པའི་གཞུང་གིས་བསྟན་ནོ། །གསུམ་པ་དབྱེ་བ་རྣམས་ནི། གཞུང་ཇི་ལྟ་བ་བཞིན་ཏེ། འཕྲི་དགོས་པ་དང་བསྣན་དགོས་པ་ཅི་ཡང་མེད་ཀྱི། འོག་མིན་འགྲོ་དང་འཕར་པ་གསུམ་ལ་མདོ་ཐ་དད་དང་སྦྱར་ཏེ་བཤད་པ་དང༌། སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་ཡང་མདོ་ཐ་དད་དང་སྦྱར་ནས་བཤད་པས་སོ། །དེ་བས་ན། བསྟན་བཅོས་ཀྱི་ཚིག་གིས་མ་ཟིན་ཅིང་མདོ་དང་སྦྱར་བ་ནི་དགྲ་བཅོམ་ཞུགས་པ་གཅིག་པུའོ་ཞེས་གསུང་ངོ༌། །དེའི་ཞར་ལ་ལོ་ཆེན་དཔོན་སློབ་ཀྱིས། སློབ་དཔོན་བཟང་པོའི་ཞབས་ལ་དགག་པ་འདི་ལྟར་མཛད་དེ། བྱང་ཆུབ་སེམས་དཔའ་དབང་པོ་རྣོ་ཞིང་ཐབས་ལ་མཁས་པའི་ལམ་ཆགས་བྲལ་སྔོན་སོང་གི་ཚུལ་དུ་སྦྱོར་རྒྱུ་ཡིན་པ་ལ། མཐར་གྱིས་པའི་ཚུལ་དུ་སྦྱར་བས་མ་འགྲིག་པ་དང༌། འདིར་གཟུགས་ཀྱི་འདོད་ཆགས་མ་བཅོམ་པ་ཉིད་གཟུགས་ཁམས་བགྲོད་པའི་རིམ་གྱིས་སྲིད་རྩེར་འགྲོ་བ་ཡིན་པ་ལ། དེ་གཉིས་དོན་གཅིག་ཏུ་བཤད་པས་ནོར་བ་དང༌། མཐོང་ཆོས་ཞི་དང་ལུས་མངོན་བྱེད་སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་གྱི་དབྱེ་བ་གཏན་མ་ཡིན་པ་ལ་དེར་བགྲང་བས་ནོར་བ་དང༌། ཉོན་མོངས་སྤངས་པ་ཙམ་གྱི་རིམ་པ་འདི་ཡང་བྱང་ཆུབ་སེམས་དཔའི་ཞུགས་གནས་ཀྱི་དབྱེ་བར་མི་རུང་བ་དང༌། ཕྱིར་མི་འོང་དང༌། བར་འདའ་བ་དང༌། སྐྱེས་འདའ་བ་ལ་སོགས་པའི་སྒྲ་དོན་ཡང་ཉན་ཐོས་དང་མཐུན་པར་འགྲེལ་ཆེན་དུ་བཤད་པ་འདི་མདོ་དང་གཏན་མི་མཐུན་པ་དང༌། བཤད་པ་དེ་ནི་འདིར་གཞུང་ལ་མ་ཞུགས་ཤིང༌། མངོན་པ་ལས་གང་ཟག་རྣམ་པར་ཞག་པའི་ཚུལ་ཐམས་ཅད་དང་འགལ་བས། ཅི་ཡང་མ་ཡིན་པའོ་ཞེས་གསུངས་སོ། །སློབ་དཔོན་གྱིས་སྒོམ་སྤངས་སྤངས་པའི་རིམ་པའི་ཚུལ། བྱང་སེམས་ཀྱི་ཞུགས་གནས་ཀྱི་རྣམ་གཞག་འཇོག་ཚུལ་དེ་ལ་སྐྱོན་ཆགས་ན། ཉི་སྣང་ལས་ཀྱང་སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པ་མཚོན་བྱ་དོན་གྱི་དགྲ་བཅོམ་ཞུགས་པའི་མཚན་གཞི་དང༌། དེ་ཡང་ས་བཅུ་པའི་བྱང་སེམས་ལ་བཤད་པས། སློབ་དཔོན་ལ་བརྗོད་པ་དེ་ཉིད་ཉི་སྣང་ལའང་འཇུག་པར་མཐོང་ངོ༌། །དེ་དག་ནི་དཔྱད་གཞི་དགོད་པའི་ཕྱིར་བཤད་པ་ཡིན་ལ། རང་གི་ལུགས་རྣམ་པར་བཞག་པ་ནི། འདི་ལྟར་འཕགས་སེང་གི་དགོངས་པ་ནི་གཅིག་ཁོ་ན་ཡིན་ཏེ། སློབ་དཔོན་གྱིས་འཕགས་པ་གྲོལ་སྡེའི་དགོངས་པ་མ་ལོན་པ་མི་སྲིད་ཅིང༌། ལོན་ན་དེ་ལས་འདའ་བ་མི་སྲིད་པའི་ཕྱིར་དང༌། དེ་གཉིས་ཀྱི་འགྲེལ་པ་སོ་སོའི་དགོངས་པ་གཅིག་ཏུ་འཆད་པར་ནུས་པའི་ཕྱིར། ཇི་ལྟར་ཞེ་ན། དེ་ཡང་འཕགས་པས་ནི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་མན་ཆོད་དུ། ཉོན་མོངས་མ་ལུས་པར་སྤངས་པ་ནི་ཤིན་ཏུ་གསལ་བར་བཞེད་ཅིང༌། སྐབས་འདིར་ཡང་ཞུགས་གནས་དང་པོ་གསུམ་ལ་ཆགས་བྲལ་སྔོན་འགྲོའི་རྣམ་གཞག་གསལ་བར་གསུངས་ཤིང༌། དེ་ཉིད་སློབ་དཔོན་གྱིས་ཀྱང་བཞེད་དགོས་པ་ཡིན་ནོ། །དེ་ཡང་རེ་ཤིག་འཕགས་པའི་དགོངས་པས། ཐེག་པ་ཆེན་པོའི་དགྲ་བཅོམ་ཞུགས་གནས་གཉིས་བཏང་སྙོམས་སུ་བཞག་ནས། གཞན་གསུམ་པོའི་ཞུགས་གནས་ཀྱི་རྣམ་གཞག་འཆད་ལུགས་ནི། སྐབས་གཉིས་པ་ནས་འཆད་པའི་བྱང་སེམས་ཀྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པ་ལ། ལྡོག་པའི་སྒོ་ནས་ཞུགས་པ་དང་པོ་གསུམ་གྱི་རྣམ་གཞག་འཆད་ཅིང༌། བཅུ་དྲུག་པ་ལ་གནས་པ་ལ་ལྡོག་པའི་སྒོ་ནས་འབྲས་གནས་དང་པོ་གསུམ་ནང་ཚན་སོ་སོའི་དབྱེ་བ་དང་བཅས་པ་འཆད་པ་ཡིན་གྱི། དེ་ལས་གཞན་དུ་བྱང་ཆུབ་སེམས་དཔའི་སྒོམ་ལམ་ཆུང་ངུ་ནས་ས་བཅུ་པའི་བར་ལ་ཉོན་མོངས་སྤོང་བའི་རིམ་པས་ཞུགས་གནས་དང་པོ་གསུམ་གྱི་རྣམ་གཞག་འཆད་པ་ནི་དགོངས་པ་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་འགྲེལ་པ་གསུམ་ཀ་ལས་མཐོང་ལམ་དང་སྦྱར་གྱི། དེའི་གོང་གི་སྒོམ་ལམ་དང་སྦྱར་བ་གཅིག་ཀྱང་མི་སྣང་བའི་ཕྱིར། དེ་སྐད་དུ་ཡང་འགྲེལ་པ་གསུམ་ཆར་ལས། འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ལ་བརྟེན་ནས། ཞེས་པ་འདི་ལུས་མངོན་བྱེད་ཡན་ཆོད་ཀྱི་ཁྱད་ཆོས་སུ་བཤད་ཀྱི། དེ་དག་གི་དབྱེ་གཞིར་གྱུར་པའི་བྱང་སེམས་སྒོམ་ལམ་པ་བཤད་པ་ནི་ཅི་ཡང་མི་སྣང་བའི་ཕྱིར་རོ། །འོ་ན་ལྡོག་པས་འབྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པའི་བྱང་སེམས་ལ་མཐོང་སྤངས་སྤོང་ཕྱིར་དུ་བརྩོན་པའི་ཆ་ནས་བརྒྱད་པ་དང༌། རྟོགས་པ་དེ་གཞིར་བྱས་པ་ལ། འདོད་ཉོན་དྲུག་པ་སྤངས་པ་སྔོན་དུ་སོང་བའི་ཆ་ནས་ཕྱིར་འོང་ཞུགས་པ་དང༌། དགུ་པ་སྤངས་པ་སྔོན་དུ་སོང་བའི་ཆ་ནས་ཕྱིར་མི་འོང་ཞུགས་པ་ཞེས་བྱའོ། །དེ་དག་ལ་དབང་པོ་རྣོ་རྟུལ་གྱི་དབྱེ་བས་གཉིས་གཉིས་སོ། །སྐབས་དེར་ཕྱིར་མི་ལྡོག་པའི་བྱང་སེམས་ལ་དབང་རྣོན་གྱིས་ཁྱབ་པར་མདོ་ལས་བཤད་པ་ནི། བསམ་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་ལ་བྱ་བ་ཡིན་གྱི། ས་བརྒྱད་པ་ལ་འཆད་པར་ལོ་ཆེན་དཔོན་སློབ་བཞེད་ཀྱང་དགོངས་པར་མ་མཐོང་ངོ༌། །གཉིས་པ་བཅུ་དྲུག་པ་ལ་གནས་པ་ལ། མཐོང་སྤངས་སྤངས་པའི་ཆ་ནས་རྒྱུན་ཞུགས་དང༌། འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་ཆ་ནས་ལན་ཅིག་ཕྱིར་འོང་དང༌། ཕྱིར་མི་འོང་འབྲས་གནས་ཤེས་བྱའོ། །དེ་ནས་ནང་ཚན་སོ་སོའི་དབྱེ་བ་འཆད་ལུགས་ལ། ཉི་སྣང་གི་སྒྲ་སོར་བཞག་པའི་འཆད་ལུགས་དང༌། སློབ་དཔོན་གྱིས་དེའི་དགོངས་པ་བླངས་ནས་འཆད་པའི་ཚུལ་ལོ། །དང་པོ་ནི། མཐོང་ལམ་དེའི་རྗེས་ཐོབ་དུ་བྱང་ཆུབ་སེམས་དཔའ་འཁོར་བར་སྐྱེ་བ་བླངས་ནས། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ལ། འདོད་པའི་ཁམས་ཁོ་ནར་བར་མ་ཆད་པར་སྐྱེ་བ་གཉིས་སམ་གསུམ་ལེན་པ་དང༌། གཅིག་ཁོ་ན་ལེན་པ་དང༌། གཟུགས་ཀྱི་བར་དོར་སྐྱེས་ནས་སངས་རྒྱ་ཚུལ་སྟོན་པ་དང༌། གཟུགས་ཁམས་ཀྱི་སྔོན་དུ་སྲིད་པར་སྐྱེ་བ་ལན་ཅིག་ཁོ་ན་བླངས་ནས་སངས་རྒྱ་བའི་ཚུལ་སྟོན་པ་དང༌། འཕར་བ་ལ་སོགས་པའི་ཚུལ་གྱིས་འོག་མིན་གྱི་རྟེན་ལ་ཡང་སངས་རྒྱ་བའི་ཚུལ་སྟོན་པ་དང༌། སྲིད་རྩེ་དང༌། གཟུགས་མེད་དུ་སྐྱེ་བའི་ཚུལ་བསྟན་ནས། ཞིང་སྣ་ཚོགས་སུ་སངས་རྒྱ་བའི་ཚུལ་སྟོན་པ་དག་ཡོད་པས། དེ་དག་ལ་དེ་སྐད་ཅེས་བྱའོ། །འོ་ན་དེ་དག་ལ་ཞུགས་གནས་ལ་སོགས་པ་དེ་དག་གི་མིང་གིས་འདོགས་པའི་ཆོས་གསུམ་པོ་གང་ཞེ་ན། དེ་དག་གི་མིང་གིས་འདོགས་པའི་རྒྱུ་མཚན་ནི་གསལ་བར་མ་གསུངས་ལ། བཏགས་པའི་དགོས་པ་དང་དངོས་ལ་གནོད་བྱེད་གསལ་བར་གསུངས་པ་ནི། དམན་པའི་རིགས་ཅན་རྣམས་ཞུགས་གནས་དེ་དག་ལ་འཇོག་ནུས་པའི་ཕྱིར་དུ་དང༌། བྱང་ཆུབ་སེམས་དཔའི་ལམ་གྱིས་ཞུགས་གནས་དེ་དག་ཐོབ་པར་མི་བྱེད་པའི་ཕྱིར། འོ་ན་རང་གིས་མ་ཐོབ་པ་ལ་གཞན་འཇོག་ནུས་པ་ཅི་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤང་རྟོགས་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡུག་བསྔལ་ལ་ཆོས་བཟོད་ནས་རྫོགས་པ་ཡིན་པས་སོ། །འོ་ན་མཚོན་བྱ་དོན་གྱི་དགྲ་བཅོམ་ཞུགས་པ་ཡང་ཆགས་བྲལ་སྔོན་དུ་སོང་བའི་སྒོ་ནས་འཇོག་གམ་མི་འཇོག འཇོག་ན་ཉི་སྣང་ལས། ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་བར་ལ་འདོད་ཆགས་དང་བྲལ་བར་འགྱུར་ན་ནི། བཅུ་དྲུག་པ་ལ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་གྱི། དགྲ་བཅོམ་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་གྱིས་སྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང༌། སྔར་ཡང་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །ཞེས་བཤད་པ་དང་ཇི་ལྟར་མི་འགལ། མི་འཇོག་ན་སྲིད་རྩེའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་རྣམས་བྱང་ཆུབ་སེམས་དཔའི་ལམ་གང་གིས་སྤོང༌། མཐོང་ལམ་གྱིས་སྤོང་ན་ནི། དྲངས་མ་ཐག་པའི་ལུང་དང་འགལ། སྒོམ་ལམ་གྱིས་སྤངས་ན་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤོང་བར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་བར་ཆད་མེད་ལམ་ཁས་བླངས་པས། ཇི་སྐད་དུ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་པའི་དོན་འགྲེལ་པར་བྱེད་པ་ན། ཉི་སྣང་ལས། བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། ཉི་སྣང་གི་དགོངས་པ་ནི། བྱང་སེམས་ཀྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་ལ་ཞུགས་གནས་དང་པོ་གསུམ་གྱི་རྣམ་གཞག་བཤད་ནས། དགྲ་བཅོམ་ཞུགས་གནས་ཀྱི་རྣམ་གཞག་མཐོང་ལམ་གྱི་སྟེང་ནས་མི་འཇོག་པའི་ཤེས་བྱེད་དུ་དྲངས་མ་ཐག་པའི་འགྲེལ་པ་དེ་གསུངས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། མཚོན་བྱ་དོན་གྱི་ཞུགས་གནས་དང་པོ་དྲུག་ནི། ཆགས་བྲལ་སྔོན་སོང་ཁོ་ན་ཡིན་ལ། དགྲ་བཅོམ་འབྲས་གནས་ལྟ་ཞོག དགྲ་བཅོམ་ཞུགས་པ་ལ་ཡང་ཆགས་བྲལ་སྔོན་དུ་སོང་བ་མི་སྲིད་དེ། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་སྔ་རོལ་དུ། སྲིད་རྩེ་ལ་ཆགས་བྲལ་བྱས་པ་མི་སྲིད་པའི་ཕྱིར། ཞེས་པའོ། །འོ་ན་རང་ལུགས་ལ། སྲིད་རྩེའི་ཉོན་མོངས་རྣམས་ཐེག་པ་ཆེན་པོའི་ལམ་གང་གིས་སྤོང་ཞེ་ན། དམན་ལམ་སྔོན་དུ་མ་སོང་བའི་ཆོས་བཟོད་ཀྱིས་སྤོང་བ་ནི་འཕགས་པ་གྲོལ་སྡེའི་གྲུབ་པའི་མཐའོ། །འོ་ན་མཐོང་ལམ་གྱིས་སྒོམ་སྤངས་མི་སྤོང་བའི་ཕྱིར་ཞེས་བཤད་པ་ཅི་ཞེ་ན། དེ་ལྟར་བཤད་པ་དེ་ནི། བཅུ་དྲུག་པ་ལ་མཚོན་བྱ་དོན་གྱི་དགྲ་བཅོམ་མི་འཇོག་པའི་ཤེས་བྱེད་དོ། །དེ་ཡང་ཇི་ལྟར་ཞེ་ན། དེར་འབྲས་གནས་དང་པོ་གསུམ་བཞག་པ་བཞིན་དུ། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཡང་འཇོག་པར་རིགས་སོ་ཞེ་ན། དེ་མི་འཇོག་སྟེ། མཚོན་བྱ་དོན་གྱི་ཕྱིར་མི་འོང་དུ་འཇོག་པ་ལ་ནི། འཇིག་རྟེན་པའི་ལམ་གྱི་སྤང་བྱར་གྱུར་པའི་སྒོམ་སྤངས་མཐའ་དག་དང༌། ཐེག་ཆེན་གྱི་མཐོང་སྤངས་སྤངས་པ་དེ་ཙམ་གྱིས་ཆོག་ལ། མཚོན་བྱ་དོན་གྱི་དགྲ་བཅོམ་དུ་འཇོག་པ་ལ་ནི། ཐེག་ཆེན་གྱི་སྒོམ་སྤངས་མ་ལུས་པ་སྤངས་པ་དགོས་ལ། དེ་ནི་བཅུ་དྲུག་པའི་གནས་སྐབས་ན་ཡོད་པ་མ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་ཐེག་ཆེན་སྒོམ་སྤངས་མ་ལུས་པར་སྤོང་བར་མི་ནུས་པའི་ཕྱིར། ཞེས་པའོ། །འཆད་ལུགས་དེ་ལས་གཞན་དུ་ན། ཉན་ཐོས་ཀྱི་སྒོམ་སྤངས་སུ་བཤད་པ་རྣམས་ཐེག་པ་ཆེན་པོའི་མཐོང་ལམ་གྱིས་མི་སྤོང་ན། ཉི་སྣང་ལ་ནང་འགལ་མི་འབྱུང་བའི་ཚུལ་བསམ་དགོས་ལ། རྒྱུ་མཚན་དེ་དང་དེ་དག་ལ་དགོངས་ནས། ཉི་སྣང་དུ་མཚོན་བྱ་དོན་གྱི་ཞུགས་གནས་དང་པོ་གསུམ་གྱི་རྣམ་གཞག་ལ། སྐབས་གཉིས་པ་ནས་འཆད་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་གང་རུང་ལ་གནས་པ་ལས་གཞན་མ་བཤད་ལ། དགྲ་བཅོམ་ཞུགས་པའི་ངོས་འཛིན་དུ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བཤད་པ་ཡིན་ནོ། །འོ་ན་ཅི། ས་དང་པོ་ནས་སྲིད་ཉོན་བརྒྱད་པ་སྤངས་པ་ཡོད་ན། དེ་ནས་དགྲ་བཅོམ་ཞུགས་པར་མི་འཇོག་པ་ཅི་ཞེ་ན། དམན་པའི་དགྲ་བཅོམ་ཞུགས་པར་འཇོག་པ་ལ་དེས་ཆོག་ཀྱང༌། ཐེག་ཆེན་གྱི་དགྲ་བཅོམ་ཞུགས་པར་འཇོག་པ་ལ། སྒོམ་སྤངས་ཤེས་སྒྲིབ་སྤོང་བ་ལ་བརྩོན་པ་ཞིག་ངེས་པར་དགོས་སོ། །འོ་ན་མཚོན་བྱ་དོན་གྱི་དགྲ་བཅོམ་པ་སངས་རྒྱས་ཁོ་ན་ལ་འཆད་ན། མཚོན་བྱ་དོན་གྱི་རང་སངས་རྒྱས་ཀྱང་དེ་ལ་འཆད་དགོས་སམ་ཞེ་ན། དེ་ནི་མིན་ཏེ། དེ་ནི་ཉན་ཐོས་དགྲ་བཅོམ་པ་དང་སྤངས་པ་འདྲ་བ་ལ་རང་སངས་རྒྱས་ཀྱི་འདྲ་ཆོས་འགའ་ཞིག་ཚང་བ་ལ་འཆད་དགོས་པས། འདི་ཡང་མཐོང་ལམ་གྱི་རྗེས་ཐོབ་ལ་གནས་པ་ལ་ཡོད་པས། དེ་ལས་མཚན་གཞི་ལོགས་སུ་མ་གསུངས་སོ། །དེ་ལྟ་ན་གཞུང་རྩ་བར་དངོས་སུ་བསྟན་པའི་མཚོན་བྱ་དོན་གྱི་དགེ་འདུན་བཅུ་དགུ་པོ་གང་རུང་ཡིན་ན། ཆགས་བྲལ་སྔོན་དུ་སོང་བའི་ཁྱབ་པ་ཡོད་ལ། མཚོན་བྱ་དོན་གྱི་རང་སངས་རྒྱས་ཀྱི་སྤང་བྱའི་གཙོ་བོ་སྲིད་རྩེའི་ཉོན་མོངས་པ་རྣམས་ནི། མཐོང་ལམ་བར་ཆད་མེད་ལམ་གྱིས་སྤངས་པར་ངེས་སོ། །གཉིས་པ་སློབ་དཔོན་གྱི་ལུགས་བྱེ་བྲག་ཏུ་བཤད་པ་ནི། འོ་ན་འཕགས་སེང་གཉིས་ཀྱི་དགོངས་པ་ལ་མི་མཐུན་པ་མེད་པ་དེ་ལྟ་ཡིན་ན། དེའི་ཚེ་འགྲེལ་ཆེན་ལས། འདོད་པའི་ཁམས་ཀྱི་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་ནི། རྒྱུན་དུ་ཞུགས་པའོ། །དེའི་འོག་ཏུ་སྒོམ་ལམ་ལ་ཉོན་མོངས་པའི་རྣམ་པ་བཞིའི་བར་དུ་སྤངས་པ་ལས། དེ་ཉིད་ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་གཞན་རྣམ་པ་གཉིས་ཡིན་ནོ། །དེའི་འོག་ཏུ་འདོད་པའི་ཁམས་ན་ཉོན་མོངས་པའི་རྣམ་པ་ལྔ་སྤངས་པས། འབྲས་བུ་གཉིས་པ་ལ་ཞུགས་པ་དད་པ་དང་མཐོང་བས་ཐོབ་པ་དག་ནི་གཅིག་ཁོ་ན་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པས་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་ལྷ་རྣམས་སུ་སྐྱེ་བ་གཅིག་ལྷག་མ་ལུས་པའི་ཕྱིར། བར་ཆད་གཅིག་པ་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བདུན་ནམ་བརྒྱད་སྤངས་པ་ནི། འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་པ་སྤངས་པ་ནི་ཕྱིར་མི་འོང་བ་ཞེས་བྱ་སྟེ། དེ་ཡང་རྣམ་པ་ལྔར་ཤེས་པར་བྱའོ། །ཞེས་པ་ནས། སྐྱེ་བའི་ཀུན་སྦྱོར་ནི་སྤངས། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས། སྲིད་པ་བར་མར་ལམ་མངོན་དུ་བྱས་ནས། སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི། བར་མ་དོར་འདའ་བའོ། །ཀུན་ཏུ་སྦྱོར་བ་གཉིས་ཀ་མ་སྤངས་པའི་ཕྱིར། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་པ་ནས། དེའི་འོག་ཏུ་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་རང་གི་བྱང་ཆུབ་མངོན་དུ་བྱེད་པ་ཡིན་པའི་ཕྱིར། སངས་རྒྱས་མི་འབྱུང་བ་ན་རང་སངས་རྒྱས་སུ་འགྱུར་བ་སྟེ། ཉི་ཤུའོ། །ཞེས་གསུངས་པ་མ་ཡིན་ནམ། ཞེ་ན། བཤད་པ། དེ་ལྟར་དྲངས་མ་ཐག་པའི་ལུང་དེ་རྣམས་ནི། མཚོན་བྱ་དོན་གྱི་དགེ་འདུན་འཆད་བྱེད་ཀྱི་གཞུང་མ་ཡིན་ཏེ། མདོ་དང་མ་སྦྱར་བའི་ཕྱིར་དང༌། མཚོན་བྱེད་དཔེའི་དགེ་འདུན་འཆད་བྱེད་ཡིན་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། གལ་ཏེ་དོན་གྱི་དགེ་འདུན་ཡིན་ན་གནོད་བྱེད་དུ་མ་མཐོང་བའི་ཕྱིར་དང༌། གལ་ཏེ་མཚོན་བྱ་དོན་གྱི་དགེ་འདུན་གྱི་དབང་དུ་བྱེད་ནའང༌། ཉོན་མོངས་པ་དེ་དང་དེའི་བག་ཆགས་ལ་འཆད་དགོས་པའི་ཕྱིར་རོ། །དེ་ཡང་མདོ་དང་མ་སྦྱར་བ་ནི། འགྲེལ་པ་ཆེ་ཆུང་གཉིས་ཀ་ལས་མངོན་སུམ་གྱིས་གྲུབ་ལ། འོན་ཀྱང་འགྲེལ་པ་དོན་གསལ་དུ་སྤངས་པའི་ཁྱད་པར་མ་བཤད་པས། དཔེ་དོན་གྱི་དགེ་འདུན་གཉིས་ཀ་གོ་ནུས་པ་ཡིན་པ་དང༌། འགྲེལ་ཆེན་དུ་དཔེ་ཁོ་ནའི་དབང་དུ་བྱས་པའི་ཤེས་བྱེད་ཀྱང༌། ཉི་ཤུ་པོ་བགྲངས་ཟིན་པའི་དེ་མ་ཐག་ཏུ། དེ་ལྟར་ཡང་སྟོང་ཕྲག་ཉི་ཤུ་ལྔ་པ་དང༌། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། བྱང་ཆུབ་སེམས་དཔའ་དད་པའི་རྗེས་འབྲང་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཀྱི་བར་གྱི་རྣམ་པར་བཞག་པ་ནི་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་དེ་དག་ལ་བལྟ་བར་བྱའི། འདིར་ནི་ཁོ་བོ་ཅག་གིས་མ་བཀོད་དེ། བཏགས་ཟིན་པ་ཐག་པས་ཅི་ཞིག་བྱ། ཞེས་མཚོན་བྱ་དོན་གྱི་དགེ་འདུན་རྣམས། མདོ་དེ་དང་དེ་ལས་གསལ་བའི་རྒྱུ་མཚན་གྱིས་འདིར་དངོས་སུ་མི་འཆད་པར་གསུངས་པའི་ཕྱིར། འགྲེལ་ཆེན་དུ་བཤད་པ་དེ་དག་ཉི་ཤུ་ལྔ་པའི་མདོའི་དོན་ཡིན་པར་འཆད་ན་ཡང༌། མི་རིགས་ཏེ། མདོ་དེ་ལས་ནི་སྤངས་པའི་ཁྱད་པར་དེ་འདྲ་ཅུང་ཟད་ཀྱང་བཤད་པ་མེད་པའི་ཕྱིར་དང༌། འཕགས་པས་སྤངས་པའི་ཁྱད་པར་བཤད་པ་དེ་དག་ནི། ཆགས་བྲལ་སྔོན་སོང་གི་དབང་དུ་མཛད་ནས་སོ་སོ་སྐྱེ་བོའི་གནས་སྐབས་ཁོ་ན་ལ་བཤད་པའི་ཕྱིར། མཚོན་བྱེད་དཔེའི་དགེ་འདུན་ལ་འཆད་ན། སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དོན་གཅིག་པ་ཇི་ལྟར་ཞེ་ན། གཟུགས་མེད་འགྲོའི་སྲིད་རྩེ་འགྲོ་ལ་བསམ་པ་ཡིན་པའི་ཕྱིར་དང༌། གཟུགས་མེད་ཉེར་འགྲོའི་སྲིད་རྩེའི་འགྲོ་ལ་མཐོང་ལུས་གཉིས་འབྱེད་པ་ཡང་མཛོད་ལས་ལུས་མངོན་བྱེད་ལ་སྲིད་རྩེ་འགྲོ་བཤད་པ་ལས་ཤིན་ཏུ་གསལ་བའི་ཕྱིར་དང༌། དེ་དག་མཚོན་བྱ་དོན་གྱི་དབང་དུ་བྱས་ན་གནོད་བྱེད་དུ་མ་མཐོང་སྟེ། བྱང་སེམས་མཐོང་ལམ་པ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་མི་སྲིད་པའི་ཕྱིར་དང༌། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ལ་ཆགས་བྲལ་བྱས་པ་མི་སྲིད་ན། བསམ་གཏན་གྱི་དངོས་གཞི་རྒྱུད་ལ་སྐྱེས་པའི་བྱང་སེམས་མཐོང་ལམ་པ་མི་སྲིད་པར་འགྱུར་བའི་ཕྱིར་དང༌། དེ་མི་སྲིད་ན། མཐོང་ལམ་པ་ཕྱིར་མི་ལྡོག་པའི་སྐབས་དང༌། མཐོང་ལམ་རྩེ་སྦྱོར་འཆད་པའི་གཞུང་རྣམས་དང་འགལ་བའི་ཕྱིར་དང༌། སྒོམ་ལམ་བར་ཆད་མེད་ལམ་དང་པོ་ཡིན་པར་གྱུར་པའི་དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་མི་སྲིད་པར་འགྱུར་བའི་ཕྱིར་དང༌། མངོན་པ་གོང་མ་ལས་སྒོམ་སྤངས་ཉོན་མོངས་སུ་བཤད་པ་རྣམས། བྱང་ཆུབ་སེམས་དཔའི་སྒོམ་ལམ་ཁོ་ནས་སྤོང་དགོས་ན། ས་བཅུ་པ་མ་ཐོབ་ཀྱི་བར་དུ་འདོད་པ་ལ་ཆགས་བྲལ་བྱས་པ་མི་སྲིད་པར་འགྱུར་བའི་ཕྱིར། དེ་མི་སྲིད་ན། དེ་མ་ཐོབ་ཀྱི་བར་དུ་བསམ་གཏན་གྱི་དངོས་གཞི་ཐོབ་པ་མི་སྲིད་པར་འགྱུར་བའི་ཕྱིར་དང༌། ཡང་གཞན་དག་ས་གསུམ་པ་མ་ཐོབ་བར་ལ། འདོད་པ་ནས་ཆགས་པ་དང་མ་བྲལ་བར་འདོད་པ་དེ་དག་ལྟར་ན་ཡང༌། ཉེས་པ་དེ་ཉིད་སོ་ན་འདུག་པའི་ཕྱིར་དང༌། ཇི་སྲིད་ས་བཅུ་པ་མ་ཐོབ་ཀྱི་བར་དུ་དགྲ་བཅོམ་ཞུགས་པར་མི་འཇོག་པ་དང༌། དེའི་སྤངས་པའི་ཁྱད་པར་སྲིད་ཉོན་བརྒྱད་པ་སྤངས་པ་ལ་འཆད་པ་ལྟར་ན། ས་དེར་ཐེག་དམན་གྱི་སྤངས་པ་མ་རྫོགས་པར་ཐལ་བའི་ཕྱིར་དང༌། ཉོན་མོངས་པའི་རྣམ་པ་རེ་རེ་སྤངས་མ་སྤངས་ཀྱི་ཁྱད་པར་ལས་རིགས་ནས་རིགས་སྐྱེ་དང༌། བར་ཆད་གཅིག་པ་སོགས་སྐྱེ་བ་ལེན་པ་མང་ཉུང་གི་ཁྱད་པར་འཆད་པ་དེ་ལྟར་ན། བྱང་སེམས་འཕགས་པ་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་བའི་ཕྱིར་དང༌། བར་འདའ་བ་དང༌། སྐྱེས་འདའ་བའི་ཐད་དུ་མངོན་པར་འགྲུབ་པའི་ཀུན་སྦྱོར་དང༌། སྐྱེ་བའི་ཀུན་སྦྱོར་མ་སྤངས་པར་དེ་དང་དེར་སྐྱེ་བ་ལེན་པར་བཤད་པ་ལྟར་ན། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་བའི་ཕྱིར་དང༌། དེར་སྡུག་བསྔལ་གྱི་མཐར་བྱེད་པར་བཤད་པ་ལྟར་ན། ཐེག་དམན་གྱི་དགྲ་བཅོམ་མངོན་དུ་བྱེད་པར་ཐལ་བའམ། གཟུགས་ཁམས་ཀྱི་རྟེན་ལ་ཐོག་མར་སངས་རྒྱ་བར་འདོད་དགོས་པ་གང་རུང་ལས་མ་འདས་པའི་ཕྱིར་དང༌། དེ་སངས་རྒྱ་བའི་ཚུལ་སྟོན་པ་ལ་འདོད་ན། ཉོན་མོངས་པ་སྤངས་མ་སྤངས་ཀྱི་ཐ་སྙད་ཀྱང་དེ་ལ་འདོད་དགོས་པ་ལས་འོས་མེད་པའི་ཕྱིར་དང༌། ས་དང་པོ་ནས་བཅུ་པའི་བར་དུ་ཁམས་གསུམ་གྱི་ཉོན་མོངས་རིམ་གྱིས་སྤོང་དགོས་ན། མཚོན་བྱ་དོན་གྱི་སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དོན་གཅིག་ཏུ་འོང་ས་མེད་པའི་ཕྱིར་དང༌། རང་སངས་རྒྱས་ཀྱི་སྐབས་སུ་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་པར་བཤད་ལ། མཚོན་བྱ་དོན་གྱི་རང་རྒྱལ་གྱི་མིང་ཅན་ལ་དེ་འདྲ་འོང་ས་མེད་པའི་ཕྱིར་རོ། །འོ་ན་སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དོན་གཅིག་ཏུ་འཆད་པའི་ཚུལ་ཇི་ལྟ་བུ་ཞེ་ན། རྣམ་པར་ཐར་པ་བརྒྱད་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་པ་ནས་སྲིད་རྩེའི་བར་དུ་གང་དུ་སྐྱེ་ཡང་དབང་ཐོབ་པས་སྲིད་རྩེའི་མཐར་ཐུག་འགྲོ་ཞེས་ཀྱང་བྱ། གཟུགས་ལ་ཆགས་བྲལ་བྱས་པས། གཟུགས་ཀྱི་ཆགས་བཅོམ་ཞེས་ཀྱང་བྱ། གཞན་ངོར་ཚེ་འདི་ཉིད་ལ་སངས་རྒྱ་ཚུལ་སྟོན་པར་ནུས་པས། མཐོང་ཆོས་ཞི་ཞེས་ཀྱང་བྱ། རྣམ་པར་ཐར་པ་བརྒྱད་ལ་དབང་ཐོབ་པས། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་ཀྱང་བྱའོ། །འོ་ན་ཁྱོད་ཉིད་ལུགས་གང་གི་རྗེས་སུ་འབྲང་བའི་རྣམ་པར་བཤད་པ་ལས། མཚོན་བྱ་དོན་གྱི་དགེ་འདུན་ལ་ཡང་འགྲེལ་ཆེན་གྱི་ལུགས་དེ་ཉིད་སྒྲ་ཇི་བཞིན་པར་བཤད་པ་མིན་ནམ་ཞེ་ན། དེ་ལྟར་འཆད་པ་དེའི་ཚེ། སྒོམ་སྤངས་སུ་བཤད་པའི་ཉོན་མོངས་པ་དེ་དང་དེ་དད་ནི། ཉོན་མོངས་པའི་བག་ཆགས་དང་ཤེས་སྒྲིབ་ལ་འཆད་དགོས་པ་ཡིན་ཏེ། སློབ་དཔོན་ཉིད་ཀྱི་འགྲེལ་པ་དོན་གསལ་ལས། སྒོམ་སྤངས་ཤེས་སྒྲིབ་ལས་ལོགས་སུ་གྱུར་པའི་སྒོམ་སྤངས་ཉོན་སྒྲིབ་མི་འཆད་པ་དང༌། དེ་མེད་པའི་སྒྲུབ་བྱེད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་པའི་དབྱིག་གཉེན་གྱི་ལུང་ཤེས་བྱེད་དུ་དྲངས་ནས། རྒྱས་པར་བཤད་པའི་ཕྱིར་རོ། །དེ་ལྟར་འཆད་པ་དེའི་ཚེ། སྔར་གོང་དུ་འཕགས་པའི་དགོངས་པར་བཤད་མ་ཐག་པ་དེ་དག་ཁྱད་པར་ཅུང་ཟད་དབྱེ་བར་བྱ་སྟེ། དེ་ཡང་འདི་ལྟར། མཚོན་བྱ་དོན་གྱི་དགེ་འདུན་ནི་བཞི་སྟེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ། སྤྱོད་པ་ལ་ཞུགས་པའི་དང༌། ཕྱིར་མི་ལྡོག་པའི་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ། །དང་པོ་དེའི་ཆ་ཤས་སྔ་ཕྱི་ལ། མཐོང་སྤངས་ཤེས་སྒྲིབ་སྤོང་བ་ལ་བརྩོན་པ་དང༌། སྤངས་པའི་རྒྱུ་མཚན་གྱིས་ཞུགས་གནས་དང་པོ་གཉིས་བཞག་གོ །གཉིས་པའི་ཆ་སྔ་ཕྱི་ལ་ནི་འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་ཀྱི་བག་ལ་ཉལ་སྤོང་བ་ལ་བརྩོན་པ་དང༌། སྤངས་པ་ལས་ཕྱིར་འོང་ཞུགས་གནས་སུ་བཞག་གོ །ཐ་མའི་ཆ་མཐུན་ལྔའི་བག་ལ་ཉལ་སྤོང་བ་དང༌། སྤངས་པའི་བྱེ་བྲག་ལས། ཕྱིར་མི་ལྡོག་པའི་བྱང་སེམས་སྔ་ཕྱི་ལ་ཕྱིར་མི་འོང་ཞུགས་གནས་སུ་བཞག་གོ །གོང་མའི་ཆ་དང་མཐུན་པ་ལྔའི་བག་ལ་ཉལ་སྤོང་བ་དང༌། སྤངས་པའི་བྱེ་བྲག་ལས། བྱང་སེམས་བཞི་པ་ལ་དགྲ་བཅོམ་ཞུགས་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དགྲ་བཅོམ་པར་བཞག་གོ །དེ་ལྟ་ན་ཡང་མཚོན་བྱ་དོན་གྱི་དགེ་འདུན་དུ་མ་བཞག་སྟེ། དཀོན་མཆོག་གཞན་ཡིན་པའི་ཕྱིར་རོ། །དེ་ལྟར་བཤད་པས། སློབ་དཔོན་གྱི་དགོངས་པ་དང་མི་འགལ་བའི་ཤེས་བྱེད་ནི། སློབ་དཔོན་གྱི་ལུགས་འདིར་ཉོན་མོངས་པའི་བག་ལ་ཉལ་ནི་གཉིས་ཏེ། མངོན་པ་ལས་མཐོང་སྤངས་སུ་གྱུར་པའི་ཉོན་མོངས་པའི་བག་ལ་ཉལ་དང༌། སྒོམ་སྤངས་སུ་གྱུར་པའི་བག་ལ་ཉལ་ལོ། །དེ་རེ་རེ་ལ་བརྒྱ་རྩ་བརྒྱད་རེ་རེ་ཕྱེ་ནས། དང་པོ་མཐོང་སྤངས་རྟོག་པའི་ས་བོན་སྤངས་པ་དང་དུས་མཉམ་ཞིང༌། གཉིས་པ་སྒོམ་སྤངས་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པར་བཞེད་པས་སོ། །དེ་ལྟ་ན་མཚོན་བྱ་དོན་གྱི་འབྲས་གནས་བཞི་ཆར་ཡང་ཉོན་མོངས་པའི་བག་ལ་ཉལ་སྤངས་པའི་བྱེ་བྲག་ལས་འཇོག་པ་དང༌། མཚོན་བྱེད་དཔེའི་དགེ་འདུན་བཞི་ཅར། ཉོན་མོངས་མངོན་འགྱུར་རམ། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་རྣམས་སྤངས་པའི་བྱེ་བྲག་ལས་བཞག་གོ །སྤྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སེམས་དང་པོ་བསྐྱེད་པ་སོགས་བཞིར་འབྱེད་པ་ནི། མདོ་ཉིད་ལས་གསལ་བར་གསུངས་ཤིང༌། བཞི་པོའི་ས་མཚམས་གོ་རིམ་བཞིན་དུ། ས་དང་པོ་དང་གཉིས་པ་དང༌། བདུན་པའི་བར་དང༌། དག་པ་ས་གསུམ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ལ་འཆད་པར་ནི། རྒྱུད་བླ་མའི་འགྲེལ་པར་གསུངས་ཤིང༌། དེ་ཉིད་མཚོན་བྱ་དོན་གྱི་དགེ་འདུན་བཞི་དང་སྦྱོར་བ་ནི། བདག་ཉིད་ཆེན་པོ་ལོ་ཙཱ་བའི་བཞེད་པ་ཡིན་ལ། དེ་ལྟ་ན་ཡང༌། ལོ་ཆེན་དཔོན་སློབ་ཀྱིས་སློབ་དཔོན་གྱི་གཞུང་དང་མཐུན་པར་མི་འཆད་ལ། འདིར་ནི་བཟང་པོའི་ཞབས་ཀྱི་བཞེད་པ་ཉིད་དྲི་མ་མེད་པར་བྱས་ཏེ་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པ་སོ་སོའི་ངོས་འཛིན་ལ། ཉི་ཤུའི་གྲངས་ནི། དགྲ་བཅོམ་ཞུགས་པ་མ་གཏོགས་བཅུ་དགུ་རྩ་ཚིག་གིས་ཟིན་ལ། བཅུ་དགུ་པོ་སོ་སོའི་ངོས་འཛིན་ནི། འཕགས་སེང་གི་འགྲེལ་པ་ན་གསལ་བར་བཞུགས་པ་ཡིན་ནོ། །དེ་ཡང་འདི་ལྟར། ཉི་ཁྲི་སྣང་བ་ལྟར་ན། བརྒྱད་པ་དང༌། རྗེས་འབྲང་གཉིས་དང༌། རིགས་ནས་རིགས་སྐྱེ་གཉིས་ཏེ་དང་པོའི་སྐོར་ལྔའོ། །འདིར་རྒྱུན་ཞུགས་ཙམ་པོ་འདྲེན་མི་འདྲེན་གྱི་ཁྱད་པར་རོ། །ཕྱིར་འོང་ཞུགས་པ། ཙམ་པོ། ཁྱད་པར་ཅན་གཉིས་ཏེ་གསུམ་མོ། །ཕྱིར་མི་འོང་ཞུགས་པ། ཕྱིར་མི་འོང་ཙམ་པོ། ཁྱད་པར་ཅན་བརྒྱད་དེ་བཅུའོ། །འདིར་གཟུགས་སུ་ཉེར་འགྲོའི་གོང་འཕོ་ལྔ་གཅིག་ཏུ་སྡུད་པ་དང༌། སློབ་དཔོན་གྱིས་འོག་མིན་འགྲོ་གསུམ་དུ་འདྲེན་པའི་ཁྱད་པར་དང༌། སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་སོ་སོར་བགྲང་བ་དང༌། སློབ་དཔོན་གྱིས་གཅིག་ཏུ་སྡུད་པའི་ཁྱད་པར་དང་མཐོང་ལུས་གཉིས་གཟུགས་ཀྱི་ཆགས་བཅོམ་གྱི་དབྱེ་བར་མི་མཛད་པ་དང༌། མཛད་པ་ནི་ཁྱད་པར་ཡིན་ལ། བཅུའི་རྣམ་གྲངས་ཙམ་ལ་མཐུན་ཞིང༌། ཙམ་པོ་བགྲང་བ་དང་མི་བགྲང་བ་ཡང་ཁྱད་པར་རོ། །ཉི་སྣང་དུ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཕྱིར་མི་འོང་སོ་སོར་བགྲང་ནས། དེ་མ་སོང་བའི་ཙམ་པོ་གསུམ་དབྱེ་གཞིར་བཞག་ནས་ལོགས་སུ་མ་བགྲངས་སོ། །འགྲེལ་པ་གསུམ་ཀ་ན་དད་མོས་དང་མཐོང་ཐོབ་གཉིས། ཞུགས་པ་བར་མ་གཉིས་ལ་སྦྱར་ཡང༌། འགྱུར་གྱི་ཁྱད་པར་ཡིན་གྱི། དེ་ནི་རྗེས་འབྲང་གཉིས་ལ་སྦྱོར་རྒྱུ་ཡིན་ཏེ། ཆགས་བྲལ་སྔོན་སོང་ལ་སྦྱོར་རྒྱུ་ཡིན་པའི་ཕྱིར་དང༌། མཐར་གྱིས་པ་ལ་སྦྱོར་ན། སྔ་མའི་འབྲས་གནས་ཁྱད་པར་ཅན་གཉིས་ལོགས་སུ་བགྲང་ཟིན་ནས། ཕྱི་མའི་ཞུགས་པ་གཉིས་ལོགས་སུ་བགྲང་རྒྱུ་མི་འོང་བའི་ཕྱིར། དེ་ལས་གཞན་དུ་སྒྲ་ཇི་བཞིན་པར་བཤད་ན་ཉི་སྣང་ལ་ནང་འགལ་འབྱུང་བའི་ཕྱིར། ཇི་ལྟར་ཞེ་ན། རྗེས་འབྲང་གཉིས་ཡིན་པའི་ཆགས་བྲལ་སྔོན་སོང་གི་ཞུགས་གནས་གཉིས་བཤད་པ་དང༌། རྗེས་འབྲང་གཉིས་ཀྱིས་འབྲས་བུ་ཐོབ་པའི་ཚེ་དད་ཐོབ་ཀྱི་མིང་འཛིན་པར་བཤད་པས་སོ། །དེ་ལྟར་མཚོན་བྱ་དོན་གྱི་དབྱེ་བ་ཇི་ལྟར་འཇོག་པའི་ཚུལ་མཐའ་རྒྱས་པར་དཔྱད་ཟིན་ནས། དེ་ནས་དེའི་བསྡུ་བ་ཉུང་ངུ་ཞིག་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་འཕགས་པ་ནི་གཉིས་ཏེ། ཞུགས་པ་དང༌། གནས་པའོ། །དང་པོ་ནི། བྱང་སེམས་ཀྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །དེ་ལ་སྤྱི་ཙམ་ནས་བརྒྱད་པ་རྒྱུན་ཞུགས་ཞུགས་པ་ཞེས་བྱ། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཆ་ནས་ཕྱིར་འོང་ཞུགས་པ་ཞེས་བྱ། དགུ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཆ་ནས་ཕྱིར་མི་འོང་ཞུགས་པ་ཞེས་བྱ། དེ་རེ་རེ་ལ་དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གཉིས་གཉིས་སུ་ཕྱེ་བས་དྲུག་ཡོད་ཀྱང༌། གཉིས་སུ་བསྡུས་ནས། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པ་ནས་བསྟན་པ་ཡིན་ནོ། །གཉིས་པ་གནས་པ་ལ་ཙམ་པོ་དང་ཁྱད་པར་ཅན་གཉིས་ལས། དང་པོ་ནི་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་ལ་བྱ་ལ། དེ་ལ་ཙམ་པོ་ནས་རྒྱུན་ཞུགས་འབྲས་གནས་ཙམ་པོ་ཞེས་བྱ། འདོད་ཉོན་དྲུག་པ་སྤངས་པའི་ཆ་ནས། ཕྱིར་འོང་ཙམ་པོ་ཞེས་བྱ། དགུ་པ་སྤངས་པའི་ཆ་ནས། ཕྱིར་མི་འོང་འབྲས་གནས་ཙམ་པོ་ཞེས་གསུངས་སོ། །དེ་རེ་རེ་ལ་དད་མོས་དང་མཐོང་ཐོབ་ཀྱི་དབྱེ་བས་གཉིས་གཉིས་ཏེ་དྲུག་ཡོད་ཀྱང༌། རིགས་གཉིས་པོ་དེར་འདུ་བས། རྩ་བར་དད་དང་མཐོང་ཐོབ་ཅེས་པས་བསྟན་ནོ། །རྩ་བའི་གཞུང་རྐང་པ་ཕྱེད་དང་གཉིས་པོ་འདི་ནི་ཉི་ཤུ་པོ་ཐམས་ཅད་ཀྱི་མདོར་བསྟན་པ་ཡིན་ཏེ། ཉི་ཤུ་པོ་ཐམས་ཅད་བཞི་པོ་དེའི་ནང་དུ་འདས་པའི་ཕྱིར། དེ་ལྟ་ན་ཡང་ཉི་ཤུར་འབྱེད་པའི་ཚེ། བཞི་པོ་འདིས་གཙོ་བོར་ཆགས་བྲལ་སྔོན་སོང་བསྟན་པ་ཡིན་ནོ། །གཉིས་པ་ཁྱད་པར་ཅན་ནི། མཐོང་ལམ་གྱི་ཁྱད་པར་གྱི་ལམ་ལ་གནས་པ་རྣམས་ལ་བྱ་བ་ཡིན་ལ། དེ་ལའང་འདོད་པར་སྐྱེ་བ་ལེན་པའི་ཚུལ་སྟོན་པ་དང༌། མི་ལེན་པའི་ཚུལ་སྟོན་པ་གཉིས་ལས། དང་པོ་ལ། འདོད་པར་སྐྱེ་བ་གཉིས་ལེན་པ་དང༌། གཅིག་ཁོ་ན་ལེན་པའོ། །དང་པོ་ནི། རིགས་ནས་རིགས་སྐྱེ་ཞེས་བྱ་ལ། གཉིས་པ་ནི་བར་ཆད་གཅིག་པ་ཞེས་བྱའོ། །གཉིས་པ་ལ། ཁམས་གོང་མར་སྐྱེ་བ་མི་ལེན་པ་དང༌། ལེན་པ་གཉིས་ལས། དང་པོ་ལ་མཐོང་ཆོས་ཞི་ཞེས་བྱའོ། །གཉིས་པ་ལ། གཟུགས་མེད་དུ་སྐྱེ་བ་ལེན་པའི་ནུས་པ་ཐོབ་པ་དང༌། མ་ཐོབ་པ་གཉིས་ལས། དང་པོ་ལ། གཟུགས་ཀྱི་ཆགས་བཅོམ་ཞེས་བྱ། དེ་ལ་ཡང་རྣམ་པར་ཐར་པ་བརྒྱད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་མི་འཇུག་གཉིས་ལས། དང་པོ་ལ་ལུས་མངོན་བྱེད་ཅེས་བྱ། གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོ་ཞེས་བྱ། གཉིས་པ་གཟུགས་མེད་དུ་སྐྱེ་བའི་མཐུ་མ་ཐོབ་པ་ལ། གཟུགས་ཁམས་ཀྱི་བར་དོར་སྐྱེ་བའི་ཚུལ་སྟོན་པ་དང༌། སྐྱེ་སྲིད་དུ་སྐྱེ་བའི་ཚུལ་སྟོན་པའོ། །དང་པོ་ལ་བར་དོར་འདའ་བ་ཞེས་བྱ། གཉིས་པ་ལ། དེར་སྐྱེ་བ་གཅིག་ཁོ་ན་ལེན་པའི་ཚུལ་སྟོན་པ་དང༌། མང་པོ་ལེན་པའི་ཚུལ་སྟོན་པའོ། །དང་པོ་ལ་དེར་སྐྱེས་མ་ཐག་དང༌། ཚེ་དཀྱིལ་དང༌། ཚེ་མཇུག་ལ་སངས་རྒྱ་ཚུལ་སྟོན་པ་དང་གསུམ་མོ། །གཉིས་པ་ལ། འོག་མིན་དུ་མི་འགྲོ་དང་འགྲོ་བ་གཉིས་ལས། དང་པོ་བཏང་སྙོམས་སུ་བཞག་ནས། གཉིས་པ་ལ་གཟུགས་ཁམས་སུ་སྐྱེ་བ་གཉིས་ཁོ་ན་ལེན་པ་དང༌། གསུམ་ཁོ་ན་ལེན་པ་དང༌། གཟུགས་ཁམས་ཀྱི་གནས་ཐམས་ཅད་དུ་སྐྱེ་བ་བླངས་ནས་སངས་རྒྱ་བའི་ཚུལ་སྟོན་པ་གསུམ་ལ། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བའི་མིང་གིས་བཏགས་སོ། །དེ་དག་ཀྱང་གོ་རིམ་བཞིན་དུ་གཞུང་ལྷག་མ་རྣམས་དང་སྦྱར་བར་བྱ་ཞིང༌། ཡུམ་གྱི་མདོ་ན། དངོས་བསྟན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྦྱར་བ་ཞིག་སྣང་བ་དེ་ནི། གཞུང་རྩ་བར་མ་བསྡུས་ཤིང༌། འཕགས་སེང་གཉིས་ཀྱིས་དགྲ་བཅོམ་ཞུགས་པ་དང་སྦྱར་རོ། །དེ་ལྟར་དགྲ་བཅོམ་ཞུགས་པ་མ་གཏོགས་པའི་འབྲས་གནས་དང་པོ་གསུམ་གྱི་མིང་ཅན་དེ་ཐམས་ཅད་ཆགས་བྲལ་སྔོན་སོང་ཁོ་ནར་ངེས་ལ། སྲིད་རྩེ་ལ་ཆགས་བྲལ་བྱེད་པའི་འཇིག་རྟེན་པའི་ལམ་མི་སྲིད་པས། དགྲ་བཅོམ་ཞུགས་པ་ལ་ཆགས་བྲལ་སྔོན་སོང་མ་བཞག་གོ །དེ་ལྟར་དགེ་འདུན་ཉི་ཤུའི་རྐང་གྲངས་རྒྱས་པར་བཤད་ཟིན་ནས། གཉིས་པ་སོ་སོའི་ངོ་འཛིན་ལ་གཉིས་ཏེ། སོ་སོའི་མཚན་ཉིད་བཤད་པ་དང༌། དེ་ཉིད་མདོ་དང་སྦྱར་བའོ། །དང་པོ་ནི། མཐོང་སྤངས་ཤེས་སྒྲིབ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པ་དང༌། དེ་ཐོབ་ཕྱིར་དུ་བརྩོན་པའི་འཕགས་པ་ནི་གོ་རིམ་བཞིན་དུ། མཚོན་བྱ་དོན་གྱི་རྒྱུན་ཞུགས་འབྲས་གནས་དང༌། དེ་ལ་ཞུགས་པའི་མཚན་ཉིད་དོ། །གནས་པ་འདི་ལ་ཙམ་པོ་དང༌། ཁྱད་པར་ཅན་གཉིས་ལས། དང་པོ་ནི། བཤད་མ་ཐག་པ་དེ་ཉིད་ཡིན་ལ། གཉིས་པའི་མཚན་གཞི་ནི། མཚོན་བྱ་དོན་གྱི་རིགས་ནས་རིགས་སྐྱེ་ཞེས་བྱ་བ་དེའོ། །དེའི་མཚན་ཉིད་ནི། འདོད་ཉོན་གསུམ་པ་སྤངས་ཤིང༌། ཐེག་ཆེན་གྱི་མཐོང་ལམ་གྱི་ཁྱད་པར་གྱི་ལམ་ལ་གནས་ནས། འདོད་པར་སྐྱེ་བ་གཉིས་བླངས་ཏེ་འཚང་རྒྱ་ཚུལ་སྟོན་པའོ། །འདོད་ཉོན་དྲུག་པ་སྤངས་ཤིང་མཐོང་སྤངས་ཤེས་སྒྲིབ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་དང༌། དེ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ནི། གོ་རིམ་བཞིན་དུ་མཚོན་བྱ་དོན་གྱི་ཕྱིར་འོང་ཞུགས་གནས་ཀྱི་མཚན་ཉིད་དོ། །གཉིས་པ་ལ། ཙམ་ཁྱད་གཉིས་ལས། དང་པོ་ནི། དེ་སྤངས་ཤིང་དེ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའོ། །གཉིས་པ་ནི། དེ་སྤངས་ཤིང་དེ་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་པའོ། །དེའི་མཚན་གཞི་ནི། མཚོན་བྱ་དོན་གྱི་ཚེ་གཅིག་བར་ཆད་གཅིག་པ་དེ་ཡིན་ལ། དེའི་མཚན་ཉིད་ནི། དེ་སྤངས་ཤིང་དེ་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་ནས། འདོད་པར་སྐྱེ་བ་གཅིག་ཁོ་ན་བླངས་ཏེ་འཚང་རྒྱ་བའི་ཚུལ་སྟོན་པའོ། །འདོད་ཉོན་དགུ་པ་སྤངས་ཤིང༌། མཐོང་སྤངས་ཤེས་སྒྲིབ་སྤངས་པའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་དང༌། དེ་ལ་གནས་པའི་ཕྱིར་མི་ལྡོག་པའི་སེམས་དཔའ་ནི། གོ་རིམ་བཞིན་དུ་མཚོན་བྱ་དོན་གྱི་ཕྱིར་མི་འོང་ཞུགས་གནས་ཀྱི་མཚན་ཉིད་དོ། །གཉིས་པ་ལ། ཙམ་ཁྱད་གཉིས་ལས། དང་པོ་ནི། དེ་སྤངས་ཤིང་དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ལ་གནས་པ་དེ་ཡིན་ལ། གཉིས་པ་ནི། དེ་དང་དེ་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་པ་དེའོ། །དེའི་མཚན་གཞི་ལ། བར་དོར་འདའ་བ་ལ་སོགས་པ་མང་པོ་བཤད་པ་དེ་དག་ནི། སྤངས་རྟོགས་ཀྱི་ཁྱད་པར་སྔ་མ་གཞིར་བཞག་པ་ལ། སྐྱེ་བ་ལེན་ཚུལ་དང༌། མཐོང་ཆོས་ལ་བདེ་བར་གནས་པའི་ཡོན་ཏན་མངོན་དུ་བྱས་ཚུལ་གྱི་སྒོ་ནས་བཤད་པར་བྱ་སྟེ། གཅིག་ལ་མཚོན་ན། མཚོན་བྱ་དོན་གྱི་འབྲས་གནས་ཁྱད་པར་ཅན་གང་ཞིག གཟུགས་ཁམས་ཀྱི་བར་དོར་སྐྱེས་ནས་འཚང་རྒྱ་ཚུལ་སྟོན་པའི་ཕྱིར་མི་ལྡོག་པའི་སེམས་དཔའ་དེ། མཚོན་བྱ་དོན་གྱི་ཕྱིར་མི་འོང་བར་དོར་འདའ་བའི་མཚན་ཉིད་ཅེས་སོགས་དང༌། དེ་གང་ཞིག གཟུགས་མེད་ཀྱི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་ནུས་པའི་དེ་འདྲ་དེ། སྲིད་རྩེ་འགྲོའི་མཚན་ཉིད་ཅེས་དང༌། དེ་གང་ཞིག འགོག་པའི་རྣམ་ཐར་ལ་སྙོམས་པར་འཇུག་ནུས་པའི་དེ་འདྲ་དེ། མཚོན་བྱ་དོན་གྱི་ལུས་མངོན་བྱེད་ཀྱི་མཚན་ཉིད། ཅེས་བྱའོ། །ཡང་སྲིད་རྩེའི་ཉོན་མོངས་དགུ་པ་སྤངས་ཤིང༌། སྒོམ་སྤངས་ཤེས་སྒྲིབ་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་དང༌། དེ་ལ་གནས་པ་ནི། མཚོན་བྱ་དོན་གྱི་དགྲ་བཅོམ་ཞུགས་གནས་ཀྱི་མཚན་ཉིད་དོ། །འདིའི་འབྲས་གནས་ནི་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པས་འདིར་མི་བགྲངས་ལ། ཞུགས་པ་ནི། སྲིད་ཉོན་བརྒྱད་པ་སྤངས་ཤིང༌། སྒོམ་སྤངས་ཤེས་སྒྲིབ་སྤོང་བ་ལ་བརྩོན་པས་ཁྱད་པར་དུ་བྱས་པ་ཞིག་གོ །ཇི་སྐད་བཤད་པ་དེ་དག་ནི། ཉི་སྣང་གི་དགོངས་པ་དཔྱིས་ཕྱིན་པ་ཡིན་ཞིང༌། དེ་ཉིད་སློབ་དཔོན་གྱི་དགོངས་པ་ཡིན་མོད། རྣམ་བཤད་ལས་འགྲེལ་ཆེན་དུ་དགེ་འདུན་ཉི་ཤུའི་ངོས་འཛིན་མཛད་པ་དེ། མཚོན་བྱ་དོན་གྱི་དགེ་འདུན་ལ་སྦྱོར་བ་ལྟར་ན། འདི་ལྟར་བཤད་པར་བྱ་སྟེ། མཐོང་སྤངས་ཉོན་སྒྲིབ་ཀྱི་བག་ལ་ཉལ་སྤངས་པ་དང༌། དེ་སྤོང་བ་ལ་བརྩོན་པ་སྟེ། མཚོན་བྱ་དོན་གྱི་རྒྱུན་ཞུགས་ཞུགས་གནས་ཀྱི་མཚན་ཉིད་དང༌། འདོད་ཉོན་དྲུག་པའི་བག་ལ་ཉལ་སྤངས་པའི་འབྲས་བུ་ལ་གནས་པ་དང༌། སྤོང་བ་ལ་བརྩོན་པ་ཞེས་དང༌། སྲིད་ཉོན་དགུ་པའི་བག་ལ་ཉལ་སྤངས་པ་དང༌། སྤོང་བ་ལ་བརྩོན་པའི་ཕྱིར་མི་ལྡོག་པའི་བྱང་སེམས་དེ། མཚོན་བྱ་དོན་གྱི་ཕྱིར་མི་འོང་ཞུགས་གནས་ཀྱི་མཚན་ཉིད། ཅེས་སོགས་གོ་རིམ་བཞིན་སྦྱར་བར་བྱའོ། །འཆད་ཚུལ་འདི་ལྟར་ན་གནས་པ་གསུམ་པོ་འགལ་བ་དང༌། མཐར་གྱིས་པར་འཆད་ཅིང༌། སེམས་དཔའ་བཞི་དང་སྦྱར་རོ། །གཉིས་པ་མདོ་དང་སྦྱར་བ་ལ། དངོས་དང༌། དཀའ་བའི་གནས་དཔྱད་པའོ། །དང་པོ་ནི། སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ན་མདོ་དང་སྦྱར་བ་མེད་ཅིང༌། ལེའུ་བརྒྱད་མ་ན། དགེ་འདུན་ཉེར་ལྔ་དང༌། མདོ་ཉེར་ལྔ་སྦྱར་ནས་བཤད་པ་དེ་དང༌། ཉི་ཁྲི་སྣང་བར། མདོ་ཉེར་བཞི་དང༌། དགེ་འདུན་ཉེར་བཞི་སྦྱར་ནས་གསུངས་པ་གཉིས་དོན་གཅིག་པས། འདི་ལྟར། བརྒྱད་པའི་མདོ་ནི། བཅོམ་ལྡན་འདས་ཤེར་ཕྱིན་གྱི་གནས་པ་འདིས་གནས་པའི་བྱང་ཆུབ་སེམས་དཔའ་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། ཞེས་དྲིས་པའོ། །དེ་དུས་ཀྱི་ཤེར་ཕྱིན་དེ་ནི། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་བཅོ་ལྔ་གང་ཡང་རུང་བའོ། །རྒྱུན་ཞུགས་དད་པའི་རྗེས་འབྲང་ནི། བྱང་སེམས་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས། མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པ་དེ་ནི། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་མ་གཏོགས་པ་དབང་པོ་རྟུལ་པོ་ཡིན་ཏེ་ཞེས་པའོ། །འདིར་ཉི་སྣང་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བཀོལ་བ་ནི། དབང་པོ་རྣོན་པོའི་ལམ་གྱིས་དེ་ཐོབ་པའི་ཕྱིར་རོ། །ཞེས་གསུངས། བོད་སྔ་མས་དེའི་ཕྱིར་མི་ལྡོག་པ་དེས་བརྒྱད་པ་ལ་འཆད་ལ། འདིར་ནི་བྱང་སེམས་ཀྱི་མཐོང་ལམ་སྐད་ཅིག་བཅོ་ལྔ་གང་རུང་ལ་གནས་པའི་བྱང་སེམས་དབང་རྣོན་ལ་སྦྱར་ན་འགྲིག་གོ །ཆོས་ཀྱི་རྗེས་འབྲང་གི་མདོ་ནི། བྱང་སེམས་ཆེན་པོ་གང༌། དགའ་ལྡན་གྱི་ལྷའི་རིགས་ནས་ཤི་འཕོས་པ་འདིར་སྐྱེས་པ་དེའི་དབང་པོ་རྣམས་རྣོ་བར་འགྱུར་ཞིང༌། དེ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་སོགས་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་གཉིས་ལ་དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གཉིས་གཉིས་སུ་ཡོད་པའི་དད་པའི་རྗེས་འབྲང་གཉིས་པོའི་ཐུན་མོང་གི་མདོ་ནི། ཤཱ་རིའི་བུ། བྱང་སེམས་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་པོ་འགྲུབ་པར་བྱེད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཡང་སྤྱོད་པར་བྱེད། བསམ་གཏན་ཐོབ་པར་ངེས་ཀྱང་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་གལ་ཏེ་འདོད་པའི་ཁམས་སུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་དག་ཀྱང་དབང་པོ་རྟུལ་པོར་འགྱུར་གྱི། དབང་པོ་རྣོན་པོར་མི་འགྱུར་བ་དག་ཡོད་དོ། །ཞེས་སོ། །འདིར་མཐོང་ལམ་པ་དབང་རྟུལ་གྱིས་བསམ་གཏན་བཞི་ཐོབ་པར་ཁས་ལེན་དགོས་པས། གཞན་དག མཐོང་ལམ་སྐད་ཅིག་དང་པོ་རྣམས་ཀྱི་སྐབས་སུ། འདོད་པ་ལ་ཆགས་བྲལ་མ་བྱས་པར་འདོད་པ་དང༌། ལ་ལ་ཇི་སྲིད་ས་བརྒྱད་པ་མ་ཐོབ་པ་དེ་སྲིད་དུ། འདོད་ཉོན་དགུ་པ་སྤོང་བ་ལ་བརྩོན་པ་ཙམ་ཡང་མི་འབྱུང་བར་འཆད་པ་དེ་དག་ནི། མདོ་དང་འཕགས་སེང་གི་དགོངས་པར་མི་རུང་ངོ༌། །ཡང་ཞུགས་པ་གཉིས་པོའི་ཆོས་ཀྱི་རྗེས་འབྲང་གཉིས་ཀྱི་ཐུན་མོང་གི་མདོ་ནི། བྱང་སེམས་ཐབས་ལ་མཁས་པ་གང་དག་བསམ་གཏན་དང༌། གཟུགས་མེད་པ་རྣམས་ལ་སྙོམས་པར་ཞུགས་ཤིང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ལ་ཡང་སྙོམས་པར་འཇུག་ལ། བསམ་གཏན་ལ་སོགས་པའི་དབང་གིས་ནི་མ་ཡིན་ཏེ། འོན་ཀྱང་ཐབས་ལ་མཁས་པས་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང༌། འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་དག་ཀྱང་ཡོད་དེ། དེ་དག་ནི་ཤེར་ཕྱིན་གྱི་རྣལ་འབྱོར་དང་མ་བྲལ་བར་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་སོ། །འདི་ཡང་འཚང་རྒྱ་བའི་ཚུལ་སྟོན་པ་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ཏེ། མཐོང་ལམ་པ་འཚང་རྒྱ་བ་ལ་བསྐལ་པ་གྲངས་མེད་གཉིས་ཐོགས་དགོས་པ་ལས། བསྐལ་པ་བཟང་པོ་འདི་ཉིད་ལ་འཚང་རྒྱ་བར་བཤད་པས་སོ། །འདི་དག་ཆགས་བྲལ་སྔོན་སོང་ཡིན་པའི་ཤེས་བྱེད་ཀྱང༌། ཞུགས་པ་དང་པོ་གཉིས་ཡིན་པ་གཞིར་བྱས་པ་ལ། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་བཤད་པའི་ཕྱིར། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་ཙམ་པོའི་མདོ་ནི། བྱང་ཆུབ་སེམས་དཔའ་གང་དག་ཐབས་ལ་མཁས་པས། བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི། ཆོས་སོ་བདུན་རྣམ་ཐར་གསུམ་ལ་སྙོམས་པར་འཇུག་ཅིང༌། དེ་དག་གི་དབང་དུ་མི་འགྲོ་བར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱས་ནས། དེར་ཚངས་པར་སྤྱོད་པ་སྤྱད་དེ། སླར་ཡང་དགའ་ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་འདིར་སྐྱེ་བ་ཡང་བསྟན་ཏེ། ཞིང་སྣ་ཚོགས་སུ་འཚང་རྒྱ་བ་དག་ཀྱང་ཡོད་དོ། །ཞེས་སོ། །མདོའི་དངོས་བསྟན་དེ་ཉིད་ཀྱིས་ཆགས་བྲལ་སྔོན་སོང་ཡིན་པ་དང༌། ལན་ཅིག་ཕྱིར་འོང་ཡིན་པར་གྲུབ་བོ། །ཡང་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་ཙམ་པོའི་མདོ་ནི། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་དག འདོད་པའི་ཁམས་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་ཡང་མི་སྐྱེའི། འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དང༌། དེར་སྐྱེ་བར་འགྱུར་བ་དག་ཡོད་དོ། །ཞེས་སོ། །འདི་ཡང་ཆགས་བྲལ་སྔོན་སོང་ཡིན་པའི་ཤེས་བྱེད་ནི། མངོན་པར་ཤེས་པ་དྲུག་ཐོབ་པ་ཞེས་གསུངས་ཤིང༌། གང་དུ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པའི་ཁམས་དེར། སླར་ཡང་མི་སྐྱེ་བར་བཤད་པས་ཕྱིར་མི་འོང་དུ་གྲུབ་པ་ཡིན་ནོ། །དེ་གཉིས་ལ་དད་མོས་དང༌། མཐོང་ཐོབ་ཀྱི་མིང་གིས་སྟོན་དགོས་རྒྱུ་ཡིན་ཀྱང༌། ཉི་སྣང་དུ་ཞུགས་པ་གཉིས་ལ་དད་ཐོབ་གཉིས་ཀྱི་མིང་གིས་བསྟན་པ་ནི་འགྱུར་གྱི་ཁྱད་པར་རོ། །རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་མདོ་ནི། བྱང་ཆེན་བསམ་གཏན་བཞི། ཚད་མེད་པ་བཞི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ནས། ཐབས་ལ་མཁས་པས་བསམ་གཏན་དང་ཏིང་ངེ་འཛིན་རྣམས་ལས་ལོག་ནས་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རྒྱལ་རིགས་དང་བྲམ་ཟེ་དང༌། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བ་ཡང་ཡོད་དོ། །ཞེས་པས་མིའི་རིགས་ནས་རིགས་སྐྱེ་དང༌། ཡང་ལྷའི་རིགས་ནས་རིགས་སྐྱེ་ནི། བྱང་ཆེན་བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི་ལ་འཇུག་ཅིང༌། ཐབས་ལ་མཁས་པས་དེའི་དབང་གིས་མི་སྐྱེ་བར། རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། ཞེས་གསུངས། འདི་ཡང་མདོའི་དངོས་བསྟན་ལས། འདོད་པ་ལ་ཆགས་བྲལ་བྱས་ཟིན་པར་གྲུབ་ཅིང༌། ཉི་སྣང་དུ། དེ་ནི་ཉོན་མོངས་པ་གསུམ་པ་དང༌། བཞི་པ་སྤངས་པ་དང༌། དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་དང༌། སྐྱེ་བ་གཉིས་སམ་གསུམ་ལྷག་པས་ན། རྒྱུན་དུ་ཞུགས་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཞེས་གསུངས་ལ། འདི་ཡང་མཚོན་བྱེད་དཔེ་ལ་དགོངས་ནས་བཤད་པ་ཡིན་གྱི། མཚོན་བྱ་དོན་ལ་བསམ་པ་ཡིན་ན་ནི། འདི་ཉིད་ཀྱི་མདོ་དང་འགལ་བ་དང༌། འཕགས་པ་ཉིད་ཀྱི་རང་ཚིག་དང་འགལ་བར་འགྱུར་རོ། །ཡང་ན་སྔར་བཤད་པ་ལྟར་ཉོན་མོངས་གསུམ་བཞི་སྤངས་པའི་ཆ་ནས་དེར་འཇོག་པ་ཡིན་གྱི། ལྔ་པ་མ་སྤངས་པར་དགོས་པར་བཤད་མི་ནུས་སོ། །ཚེ་གཅིག་བར་ཆད་གཅིག་པའི་མདོ་ནི། བྱང་ཆེན་བསམ་གཏན་བཞི་ཐོབ་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཐོབ་པ་དང༌། དེ་དག་རྗེས་སུ་རྟོགས་པའི་ཕྱིར། འཕགས་པའི་བདེན་པ་བཞི་པོ་རྣམས་ཐོབ་ཀྱང་མངོན་དུ་མི་བྱེད་པ་ཡོད་དེ། བྱང་ཆེན་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་རིག་པར་བྱའོ། །ཞེས་གསུངས་སོ། །འདིར་བསམ་གཏན་བཞི་ཐོབ་པར་བཤད་པས། ཆགས་བྲལ་སྔོན་སོང་དུ་གྲུབ་ཅིང༌། དེ་ལྟ་ན་ཡང༌། འདོད་ཉོན་བདུན་བརྒྱད་སྤངས་པ་དང༌། འདོད་པར་ལན་ཅིག་འོང་ནས་མྱ་ངན་འདའ་ཚུལ་སྟོན་པའི་ཆ་ནས། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མིང་དུ་གྲུབ་བོ། །འདིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་བཤད་པ་དེ་ནི། རྗེས་མཐུན་པ་ལ་དགོངས་པ་ཡིན་གྱི། མཚན་ཉིད་པ་ནི་ས་བཅུ་པར་ཡང་འོང་ས་མེད་ལ། གཞན་དག་ཚེ་གཅིག་གིས་ཐོགས་པ་ཞེས་པའི་མདོ་ལ་འཁྲུལ་ནས། འདི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ལ་ངོས་འཛིན་པ་ནི་ནོར་བ་ཡིན་ཏེ། ཤེས་བྱེད་གོང་དུ་བཤད་ཟིན་པ་བཞིན། སངས་རྒྱ་བའི་ཚུལ་སྟོན་པ་ལ་འཆད་དགོས་པའི་ཕྱིར། འདིར་ཉི་སྣང་ལས། དེ་ནི་ཉོན་མོངས་པའི་རྣམ་པ་བདུན་དང༌། བརྒྱད་སྤངས་ཤིང་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་དང༌། སྐྱེ་བའི་ལྷག་མ་གཅིག་ལུས་པས། ལན་ཅིག་ཕྱིར་འོང་བ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་བར་ཆད་གཅིག་པའོ། །ཞེས་གསུངས་པ་དེ་ཡང༌། མཚོན་བྱེད་དཔེ་ལ་དགོངས་པའམ། ཡང་ན་སྔ་མ་ལྟར་བཤད་ནས། དེའི་གཉེན་པོ་ཟག་མེད་ཅེས་པ་མཐོང་ལམ་ལ་ངོས་འཛིན་དགོས་ཏེ། འདོད་པའི་ཉོན་མོངས་པའི་ས་བོན་གྱི་གཉེན་པོ་ནི། ཐེག་ཆེན་གྱི་ཆོས་བཟོད་ལས་གཞན་མེད་པའི་ཕྱིར་དང༌། འདིར་ཡང་འདོད་ཉོན་དགུ་པ་མ་སྤངས་པར་བཤད་ན། བསམ་གཏན་བཞི་པ་ཐོབ་པར་བཤད་པའི་མདོ་དང་འགལ་བས་སོ། །དེ་ལྟར་བཤད་པ་ན། འགྲེལ་པ་དོན་གསལ་དུ། འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་དང༌། ཕྱིར་འོང་ཙམ་པོ་བཤད་པ་དེ་ཡང་ཆགས་བྲལ་སྔོན་སོང་དུ་འཆད་དགོས་པར་གྲུབ་ཅིང༌། དད་མོས་དང་མཐོང་ཐོབ་གཉིས་གཅིག་ཏུ་བགྲང་བ་དེ་ཡང་སྒྲ་ཇི་བཞིན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཞུགས་པ་གཉིས་པོའི་དད་མོས་གཉིས་པོ་གཅིག་དུ་དང༌། མཐོང་ཐོབ་གཉིས་པོ་གཅིག་དུ་འདྲེན་པའོ། །དེའི་ཕྱིར་དོན་གསལ་འདིར་རྒྱུན་ཞུགས་འབྲས་ནས་ཙམ་པོ་མདོ་དང་སྦྱོར་རྒྱུ་མེད་བཞིན་དུ་བགྲང་བ་དང༌། ཕྱིར་མི་འོང་ཙམ་པོ་མདོ་ལ་སོགས་པ་དང་སྦྱར་རྒྱུ་ཡོད་བཞིན་དུ། ལོགས་སུ་མི་བགྲང་བ་འདི་ཡང་སློབ་དཔོན་གྱི་བཞེད་པ་དང༌། འགྱུར་གྱི་ཁྱད་པར་གང་ཡིན་བརྟག་དགོས་ཏེ། ཉི་སྣང་དང་མི་མཐུན་པས་སོ། །ཕྱིར་མི་འོང་བར་དོར་འདའ་བའི་མདོ་ནི། བྱང་སེམས་ཆེན་པོ། བསམ་གཏན། ཚད་མེད། གཟུགས་མེད། བྱང་ཆོས་སོ་བདུན། སྟོབས་མི་འཇིགས་པ། སོ་སོ་ཡང་དག་པར་རིག་པ། མ་འདྲེས་པ་བཅོ་བརྒྱད་ཐོབ་པ། གང་དག་ཐབས་ལ་མཁས་པས་ཚངས་རིས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་ཞིང༌། དེར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། །འདིར་སངས་རྒྱས་ནས་ཞེས་པ། གཟུགས་ཁམས་སུ་དང༌། སེམས་ཅན་གྱི་དོན་བྱེད་པ། འདོད་པའི་ཁམས་སུ་བྱེད་པ་ལ་བཤད་དོ། །སྐྱེས་འདའ་བ་ནི་བྱང་ཆེན་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་ཏུ་འཚང་རྒྱ་ཞིང༌། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་གཞལ་དུ་མེད། གྲངས་མེད་པ་རྣམས་ཀྱི་དོན་བྱས་ནས་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་ཞིང༌། དམ་པའི་ཆོས་བསྐལ་པའམ། བསྐལ་པ་ལས་ལྷག་པར་གནས་པ་དག་ཡོད་དོ། །ཞེས་གསུངས་སོ། །འདུ་བྱེད་དང་བཅས་ཏེ་འདའ་བའི་མདོ་ནི། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང༌། དེ་དག་ཏུ་ཡང༌། སེམས་ཅན་གྱི་དོན་ལ་རྟག་ཏུ་བརྩོན་པས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །ཞེས་སོ། །འདུ་བྱེད་མེད་པར་འདའ་བ་ནི། བྱང་ཆེན་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་འདའ་ཞིང༌། ཕྱིར་མི་ལྡོག་པའི་ས་ལ་ངེས་པར་གནས་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་བསྐྲུན་པར་བྱེད་དོ། །ཞེས་སོ། །གསུམ་པོ་འདི་ལ། རྒྱུ་སྙོམས་འཇུག་ལ་གནས་པ་དང༌། འབྲས་བུ་སྐྱེ་བའི་གནས་སུ་སྐྱེ་བ་མ་ཡིན་པའི་བཤད་པ་གཉིས་ཀ་མི་སྣང་ལ། སེམས་བསྐྱེད་མ་ཐག་སངས་རྒྱ་ཚུལ་སྟོན་པ་དང༌། སེམས་བསྐྱེད་ནས་ས་དང་པོ་སོགས་རིམ་གྱིས་བགྲོད་པའི་ཚུལ་གྱིས་འཚང་རྒྱ་བ་དང༌། ཕྱིན་དྲུག་ལ་སྤྱོད་ཅིང༌། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཡང་འཚང་རྒྱ་བའི་ཚུལ་སྟོན་པ་མ་བཤད་པ་སྟེ། འདི་ཙམ་ཞིག་གསུམ་པོའི་ཁྱད་པར་དུ་ཤེས་ལ། བྱེད་བཅས་དང་བྱེད་མེད་ཀྱི་གོ་རིམ་ནི། སྡེབས་སྦྱོར་གྱི་དབང་གིས་ཡིན་གྱི། གོ་རིམ་ཟློག་དགོས་པ་ཡིན་ནོ། །ཞེས་གསུངས་པ་ཉིད་འཐད་དམ་བརྟག་པར་བྱའོ། །ཉི་སྣང་དུ། འོག་མིན་འགྲོ་འཕར་གསུམ་གྱི་དབྱེ་གཞི་ཡིན་ཀྱང༌། དེ་དང་མདོ་ཐ་དད་དུ་སྦྱར་བས། དེའི་མདོ་ནི། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་སྦྱིན་པའི་ཕར་ཕྱིན་ལྷུར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་བསྒྲུབ་ཅིང༌། ཞེས་པ་ནས་བཟུང་སྟེ། ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སངས་རྒྱ་བ་ཡོད་དོ། །ཞེས་སོ། །འཕར་བའི་མདོ་ནི། བྱང་ཆེན་གང་དག་བསམ་གཏན་བཞི་བསྒྲུབས་ཏེ། བསམ་གཏན་རྣམས་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ། ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་དག་ཡང་བསམ་གཏན་རྣམས་བསྒྲུབས་ནས་འོག་མིན་ཉིད་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སངས་རྒྱ་བ་དག་ཡོད་དོ། །ཞེས་སོ། །ཕྱེད་འཕར་གྱི་མདོ་ནི། བྱང་ཆེན་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ་གཙང་མའི་གནས་གཅིག་གམ་གཉིས་བརྒལ་ཏེ། འོག་མིན་དུ་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བ་དག་ཡོད་དོ། །ཞེས་གསུངས་སོ། །གནས་ཐམས་ཅད་དུ་འཆི་འཕོ་བའི་མདོ་ནི། བྱང་ཆེན་གང་དག་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལྟ་བུར་སྤྲུལ་ནས། དགའ་ལྡན་གྱི་གནས་སྦྱངས་ཏེ། ཚངས་རིས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ། ཐབས་ལ་མཁས་པས་སེམས་ཅན་དམྱལ་བ་རྣམས་ལ་ཆོས་སྟོན་ཅིང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་པ་རྣམས་ལ་ཡང་ཆོས་སྟོན་པ་ཡོད་དོ། །ཞེས་སོ། །དེ་ལྟར་ན། མཚོན་བྱ་དོན་གྱི་བར་འདའ་བ་དང༌། སྐྱེས་འདའ་བ་གཉིས་ལ་གོང་དུ་བཤད་པའི་དོན་ལྡོག་དེ་མདོ་ན་གསལ་བར་མི་སྣང་ཡང༌། དེ་ལས་གཞན་དུ་བཤད་ཐབས་མེད་ལ། གཞན་རྣམས་ནི་མདོ་ཇི་ལྟ་བ་བཞིན་ནོ། །སྲིད་རྩེའི་མཐར་ཐུག་འགྲོའི་མདོ་ནི། བྱང་ཆེན་གང་དག་བསམ་གཏན་དང༌། གཟུགས་མེད་པར་བསྒྲུབ་པར་བྱེད་པ་དག ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང༌། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་དུ་སྐྱེ་བར་བྱེད་དེ། ཞིང་སྣ་ཚོགས་སུ་འགྲོ་བ་དག་ཡོད་དོ། །ཞེས་སོ། །འདིར་མདོ་ལས། དགེ་རྒྱས་ཀྱི་བར་ཞེས་འབྱུང་ཡང༌། བསམ་གཏན་བཞི་པའི་གནས་གསུམ་ལོགས་སུ་འབོར་བ་ལ་ཤེས་བྱེད་མེད་ཅིང༌། ཉི་སྣང་དུ། གནས་ཐམས་ཅད་དུ་སྐྱེས་ནས་གནས་གཙང་མར་མ་ཞུགས་པ་ཁོ་ནར། གཟུགས་མེད་པར་རིམ་གྱིས་སྐྱེས་ནས། ཞིང་སྣ་ཚོགས་སུ་སངས་རྒྱ་བ་ཞེས་བཤད་དོ། །མངོན་པ་ན་འདི་འདོད་པའི་རྟེན་ལ་སྲིད་རྩེར་འཕེན་བྱེད་ཀྱི་ལས་བསོག་པར་མི་གསལ་ཡང༌། ཡུམ་གྱི་མདོ་ལ་བལྟས་ན། དཔེའི་སྐབས་སུ་ཡང༌། དེའི་རྟེན་ལ་དེ་བསོག་པ་དང༌། དེ་ལས་ཉམས་ནས་གནས་ཐམས་ཅད་དུ་འཆི་འཕོ་བའི་ཚུལ་དུ་འཆད་དགོས་པ་འདྲའོ། །གཟུགས་ཀྱི་ཆགས་བཅོམ་གྱི་མདོ་ནི། བྱང་ཆེན་གང་དག བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་གང་དག ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ཞིང༌། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འཚང་རྒྱ་བའོ། །ཞེས་གསུངས་སོ། །མདོ་འདི་དག་ལས་ནི། སྔ་མ་གཟུགས་ཁམས་སུ་སྐྱེ་བ་དང༌། འདི་མི་སྐྱེ་བར་བཤད་པས། དེ་གཉིས་དོན་མི་གཅིག་པ་ལྟ་བུར་བཤད་ཅིང༌། ཉི་སྣང་ལས་ཀྱང༌། སྔ་མས་སྙོམས་འཇུག་གི་རོ་མྱངས་པས། དེ་ལས་ཉམས་པ་དང༌། ཕྱི་མས་མ་ཉམས་པར་བཤད་པས། དོན་གཅིག་པ་མེད་པ་ལྟ་བུར་སྣང་ཡང༌། བཤད་པ་དེ་མཚོན་བྱེད་དཔེ་དང་བསྟུན་པ་ཡིན་ཅིང༌། གཉིས་ཀས་ཀྱང་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པ་ལ་ཁྱད་པར་མེད་ཅིང༌། རོ་མྱངས་པས་ཉམས་པ་ཐེག་པ་ཆེན་པོའི་འཕགས་པ་དང༌། གྲུབ་པའི་མཐའ་གཉིས་ཀ་ལ་མི་སྲིད་པས། སློབ་དཔོན་གྱིས་དོན་གཅིག་པར་འཆད་པ་ལ་སྐྱོན་མ་ཆགས་སོ། །མཐོང་ཆོས་ཞིའི་མདོ་ནི། བྱང་ཆེན་གང་དག་ཕྱིན་དྲུག་ལ་སྤྱོད་པའི་ཚེ། ལུས་ལ་སྐྱེས་བུའི་མཚན་སོ་གཉིས་ཀྱིས་བརྒྱན་ཅིང༌། དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་དང་ལྡན་པ་དེ། ཞེས་པ་ནས། སེམས་ཅན་གང་དག་གི་བྱང་ཆུབ་སེམས་དཔའ་དེ་མཐོང་བ་དེ་དག་ཀྱང༌། སེམས་རབ་ཏུ་དྭང་བ་དེ་ཉིད་ཀྱིས་ཐེག་པ་གསུམ་གྱི་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཡོད་དོ། །ཞེས་སོ། །མདོ་འདི་ལྟར་ན། མཐོང་ཆོས་ཞིའི་གོ་དོན་བྱང་སེམས་འདི་གང་གིས་མཐོང་བ་དེས་ཞི་བ་མྱང་འདས་ཐོབ་པ་ལ་བཤད་པ་ལྟ་བུར་སྣང་ཡང༌། དགོངས་པ་ནི་མིན་ཏེ། མདོ་དེའི་མཇུག་སྡུད་དུ། ཕྱིས་འདི་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་འཚང་རྒྱ་བ་དག་ཡོད་དོ། །ཞེས་གསུངས་པས་སོ། །ལུས་མངོན་བྱེད་ཀྱི་མདོ་ནི། བྱང་ཆེན་གང་དག བསམ་གཏན་ཚད་མེད། གཟུགས་མེད་བཞི་ཐོབ་པ་དེ་དག་གིས་རྣམ་པར་རྩེ་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པ་ལའོ། །དེ་བཞིན་དུ་བསམ་གཏན་ལྷག་མ་རྣམས་དང༌། ཚད་མེད་བཞི་དང༌། གཟུགས་མེད་བཞི་ལ་འགོག་པ་སྤེལ་ཏེ་ཞིང་སྣ་ཚོགས་སུ་འཚང་རྒྱ་བར་གསུངས་སོ། །མཚོན་བྱེད་ཀྱི་དཔེ་དང་བསྟུན་ན་འདི་ཉིད་སྔ་མའི་དབྱེ་བར་འོང་ས་མེད་ཀྱང༌། མཚོན་བྱ་དོན་ལ་བཞི་ཀ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་དབང་ཐོབ་ཅིང༌། དེའི་དབང་གིས་སྐྱེ་བ་མི་ལེན་ཅིང༌། གཞན་ངོར་འཚང་རྒྱ་བར་ཚུལ་སྟོན་པ་ཞིག་ལ་འཆད་དགོས་པས། སློབ་དཔོན་གྱི་འཆད་ཚུལ་ལ་སྐྱོན་མེད་དོ། །དགྲ་བཅོམ་ཞུགས་པའི་མདོ་ནི། ཤཱ་རིའི་བུ་བྱང་ཆེན་གང་དག ཕྱིན་དྲུག་ལ་གནས་ནས། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་སྣང་བར་བྱེད་ཅིང༌། ཞེས་པ་ནས། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་མི་འབྲལ་བར་བྱེད་པ་དག་ཡོད་དོ། །ཞེས་གསུངས་སོ། །འདིའི་དོན་ཉི་ཁྲི་སྣང་བ་ལས། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་ཉིད་ཅེས་འཆད་པར་འགྱུར་རོ། །ཞེས་གསུངས་པས། ས་བཅུ་པ་བ་ལ་འཆད་དགོས་སོ། །ཡང་འདིར་ཉི་སྣང་ལས། ཕྱིར་མི་འོང་བ་ཞེས་བརྗོད་པ་གང་ཡིན་པ་དེ། གལ་ཏེ་སྲིད་པའི་རྩེ་མོ་པ་ཉོན་མོངས་པའི་རྣམ་པ་བརྒྱད་པ་སྤངས་པར་གྱུར་ན་ནི། དེ་ལས་འདི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱ་སྟེ། ཞེས་གསུངས་པ་དེ་ཡང༌། མཚོན་བྱེད་ཀྱི་དཔེ་ལ་དགོངས་པ་ཡིན་ཏེ། མངོན་པ་ནས་འབྱུང་བའི་དཔེ་རེ་དང༌། ཤེར་ཕྱིན་ནས་འབྱུང་བའི་དོན་རེ་སྦྱོར་བའི་སྐབས་ཡིན་པའི་ཕྱིར་དང༌། དེ་ལས་གཞན་དུ་བཤད་ན། ཉི་སྣང་ལ་འགལ་བ་འཇུག་པའི་ཕྱིར་དང༌། ལོ་ཆེན་དཔོན་སློབ་ལྟར་ན་ནི། འཕགས་པའི་ལུགས་ཁས་བླངས་ནས། སློབ་དཔོན་ལ་བརྗོད་པའི་ཉེས་པ་ཐམས་ཅད་རང་ལ་འཇུག་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་མདོ་ནི་ཤཱ་རིའི་བུ། བྱང་ཆེན་གང་དག སངས་རྒྱས་མི་བཞུགས་ཤིང༌། ཉན་ཐོས་རྣམས་ཀྱང་མེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དེ། དེ་དག་ཐབས་ལ་མཁས་པས། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ། ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ། །ཞེས་གསུངས་སོ། །གཉིས་པ་དཀའ་བའི་གནས་བཤད་པ་ལ། མདོའི་དཀའ་གནས་དཔྱད་པ་དང༌། མཚོན་བྱ་དོན་གྱིས་མཚམས་དཔྱད་པའོ། །དང་པོ་ནི། དད་མོས་ཀྱི་མདོར། ལྷ་ཚེ་རིང་པོར་སྐྱེ་བར་གསུངས་པ་ལ། ཡུལ་བྷངྒ་ལ་པ་དང༌། ཨོ་དེ་ཤ་པ་དང༌། ཀོཾ་ཀ་ན་པ་དང་གསུམ་གྱི་མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་གསུམ་ལས། བྷངྒ་ལ་བ་ན་རེ། འདིར་ལྷ་ཚེ་རིང་པོར་སྐྱེ་བར་བཤད་པ་ནི། བྱང་སེམས་དྲོད་རྩེའི་དབང་དུ་བྱས་པ་ཡིན་ཏེ། བཟོད་པ་ནས་མི་ཁོམ་པ་མ་ལུས་པར་ཟད་པར་བཤད་པའི་ཕྱིར། ཞེས་གསུངས། ཨོ་དེ་ཤ་པའི་མཁས་པ་ན་རེ། འདིར་དགེ་འདུན་རྣམས་ཕྱིར་མི་བཟློག་པའི་དགེ་འདུན་འཆད་པ་ནི། ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་ཏེ། མདོ་ལས་ཕྱིར་མི་ལྡོག་པ་མ་གཏོགས་པ་ཞེས་པའི་དམིགས་བསལ་བྱུང་བས་སོ། །ཞེས་ཟེར། ཡུལ་ཀོཾ་ཀ་ན་པ་དག་ན་རེ། ལྷ་ཚེ་རིང་པོ་ལ་མི་ཁོམ་པ་ཡིན་མིན་གཉིས་ལས། དང་པོ་ནི། ཆོས་འདི་ལ་མ་ཞུགས་པ་དེར་སྐྱེས་པ་དག་ཡིན་ལ། གཉིས་པ་ནི། བྱང་སེམས་སོ་སྐྱེ་དེར་སྐྱེས་པ་དག་ཡིན་ནོ། །ཞེས་གསུང་བར་གྲགས་སོ། །རྣལ་མའི་ལན་ནི་འདི་ཡིན་ཏེ། སྐབས་འདིར་བྱང་སེམས་འདོད་གཟུགས་སུ་སྐྱེ་བར་བཤད་པ་འདི་ཐམས་ཅད། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཡིན་གྱི། ལས་དང་ཉོན་མོངས་པས་ནི་མ་ཡིན་པའི་ཕྱིར། ཉེས་པ་མེད་དོ། །ཡང་སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་གཉིས་གཟུགས་མེད་དུ་སྐྱེ་བ་ལེན་པར་བཤད་པ་དེ་ཡང༌། དེར་སྐྱེ་བ་ལེན་པའི་རྒྱུ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པ་ལ་བྱ་བ་ཡིན་གྱི། སྒྲ་ཇི་བཞིན་པ་མིན་ཏེ། མངོན་པ་ཀུན་ལས་བཏུས་སུ། གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་དང་ལྡན་པ་ཞེས་པའི་འགྲེལ་པར། མཐུའི་ཁྱད་པར་ཐོབ་པ་དག་དེར་མི་སྐྱེ་བའོ། །ཞེས་དང༌། སྡུད་པ་ལས། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་གསུངས་པས་སོ། །འཕར་བ་གསུམ་གྱི་སྐབས་སུ། བསམ་གཏན་དང་པོའི་རོ་མྱངས་པས་ཚངས་རིས་སོགས་སུ་སྐྱེ་བར་བཤད་པ་དེ་ཡང་སྒྲ་ཇི་བཞིན་པ་མ་ཡིན་ཏེ། བྱང་སེམས་འཕགས་པ་སྙོམས་འཇུག་གི་དབང་གིས་དེར་སྐྱེ་བ་མེད་པའི་ཕྱིར། གཞན་ངོར་དེའི་ཚུལ་བསྟན་པ་ལ་དགོངས་སོ། །གཞན་དཀའ་བའི་གནས་རྣམས་ནི་རང་རང་གི་སྐབས་སུ་བཤད་ཟིན་པ་དེའོ། །གཉིས་པ་ས་མཚམས་ལ། གོང་དུ་བཤད་མ་ཐག་པའི་མཁས་པ་གསུམ་དང༌། ཤཱནྟི་པས་ནི། བྱང་སེམས་ཀྱི་སྦྱོར་ལམ་ནས་འདིའི་དགེ་འདུན་གྱི་ས་མཚམས་འཛིན་ལ། འཕགས་སེང་གིས་ནི་ཐེག་ཆེན་གྱི་མཐོང་ལམ་ནས་འཛིན་ཅིང༌། དེ་ཡང་ཞུགས་གནས་དང་པོ་གསུམ་མཐོང་ལམ་པ་ཁོ་ནའི་སྟེང་ནས་བཞག་ལ། དགྲ་བཅོམ་ཞུགས་པ་ས་བཅུ་པ་བ་བཤད་ཀྱང༌། གཞན་འདི་དང་འདི་སྦྱོར་གྱི་གསལ་ཁ་མེད་དོ། །ལོ་ཙཱ་བ་ཆེན་པོས། འཕགས་པའི་དགོངས་པ་ཐོག་མཐའི་ས་མཚམས་དེ་ལྟར་བཟུང་བའི་རིགས་པས། སྤྱོད་པ་ལ་ཞུགས་པའི་བྱང་སེམས་དང༌། འབྲས་གནས་བར་པ་གཉིས་པོ་སྦྱོར་བར་མཛད། རང་ལུགས་ལ་འཆད་ཚུལ་གཉིས་ལས། དང་པོ་ནི། ཅི་ཡང་མེད་མན་ཆད་ལ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་སྔོན་དུ་སོང་བ་གཞིར་བྱས་པ་ལ། མཐོང་སྤངས་ཤེས་སྒྲིབ་སྤོང་ཕྱིར་དུ་བརྩོན་པ་རྣམས་ནི། ཞུགས་པ་དང་པོ་གསུམ་དང༌། དེ་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་པའི་བྱང་སེམས་རྣམས་ནི། འབྲས་གནས་དང་པོ་གསུམ་དང༌། སྲིད་རྩེ་ལ་ཆགས་བྲལ་བྱས་ཟིན་པ་གཞིར་བྱས་པ་ལ། སྒོམ་སྤངས་ཤེས་སྒྲིབ་སྤོང་ཕྱིར་དུ་བརྩོན་པ་རྣམས་ནི་དགྲ་བཅོམ་ཞུགས་པའོ། །འཆད་ཚུལ་གཉིས་པ་ནི། འགྲེལ་པ་མཛད་པའི་སློབ་དཔོན་འདིའི་བཞེད་པ་འཆད་ལུགས་གཅིག་སྟེ། ལོ་ཙཱ་བས་འཕགས་པའི་དགོངས་པ་བཤད་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དངོས་བཏགས་བསམ་པ་ལ། རང་ལུགས་བཞག་པ་དང༌། གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི། འདིར་ཞུགས་གནས་ཀྱི་གང་ཟག་བརྒྱད་པོ་ལ་གཉིས་སུ་དབྱེ་སྟེ། མཚོན་བྱེད་དཔེའི་ཞུགས་གནས་བརྒྱད་དང༌། མཚོན་བྱ་དོན་གྱི་ཞུགས་གནས་བརྒྱད་དོ། །དང་པོ་ནི། རྟེན་གྱི་གང་ཟག་དམན་པ་ཁོ་ནའི་དབང་དུ་བྱས་ཤིང༌། སྤང་བྱ་ཉོན་མོངས་པའི་སྒྲིབ་པ་གང་དང་གང་སྤོང་བའི་རིམ་པ་ལས་ཕྱེ་ཞིང༌། གཉིས་པ་ནི། རྟེན་གྱི་གང་ཟག་བྱང་འཕགས་དང༌། སྤང་བྱ་ཤེས་བྱའི་སྒྲིབ་པ་གང་དང་གང་སྤངས་པ་ལས་ཕྱེ་བའོ། །དེ་ལྟར་ན། མཚོན་བྱ་དོན་གྱི་རྒྱུན་ཞུགས་ནས། དོན་གྱི་དགྲ་བཅོམ་གྱི་བར་མཚན་ཉིད་པ་ཡོད་ལ། དེ་ཡང་མཚོན་བྱ་དོན་གྱི་རྒྱུན་ཞུགས་སོགས་ཡིན་ན། རྒྱུན་ཞུགས་སོགས་མཚན་ཉིད་པ་ཡིན་པས་ཁྱབ་པ་དང༌། དེར་འགལ་བ་གཉིས་ལས་གང་ཞིག་ཁས་བླང་བར་བྱ་ཞེ་ན། འདི་ལྟར་ཡིན་ཏེ། དེ་དང་དེ་ཡིན་ན་ཉན་ཐོས་ཀྱི་རྒྱུན་ཞུགས་སོགས་ཡིན་པར་འགལ་བ་ལ་རྩོད་པ་ཅི་ཡོད། སྤྱིར་ཆོས་མངོན་པ་ནས་འབྱུང་བའི་རྒྱུན་ཞུགས་སོགས་ཡིན་པར་འགལ་ཏེ། དེ་ཡིན་ན་དེའི་མཚན་ཉིད་མ་ཚང་དགོས་པའི་ཕྱིར། དེར་མ་ཟད་ཤེར་ཕྱིན་ནས་འབྱུང་བའི་སློབ་འབྲས་གསུམ་པོ་གང་རུང་ཡིན་པར་ཡང་འགལ་ཏེ། ཤེར་ཕྱིན་གྱི་མདོར། བྱང་སེམས་ཀྱི་དགེ་འདུན་ལ་དེ་གསུམ་གྱི་བརྡའ་སྦྱར་བ་མེད་པའི་ཕྱིར་རོ། །ཡང་དེ་དང་དེ་ཡིན་ན་རྒྱན་རྩ་འགྲེལ་ནས་འབྱུང་བའི་རྒྱུན་ཞུགས་སོགས་ཡིན་པར་མི་འགལ་ཏེ། དེར་དེ་དག་ལ་དེའི་མིང་གི་བརྡའ་སྦྱར་ཞིང་སྦྱར་བ་དེ་ཡང་རྗེས་གྲུབ་ཏུ་སྦྱར་བ་ཡིན་མོད། འདོད་རྒྱལ་གྱི་མིང་དང༌། བཏགས་མིང་གཉིས་ཡོད་པ་ལས། དང་པོའི་དབང་དུ་བྱས་ཀྱི་གཉིས་པའི་དབང་དུ་བྱས་པར་མ་བཤད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཉི་སྣང་ལས། རེ་ཤིག་བྱང་ཆུབ་སེམས་དཔའ་དད་པའི་རྗེས་སུ་འབྲང་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཀྱི་བར་ཡིན་ནོ། །ཞེས་ཞུགས་པ་དང༌། འབྲས་བུ་ལ་གནས་པའི་གང་ཟག་ནི་སངས་རྒྱས་ཀྱི་ལམ་གྱི་རྣམ་པར་བཞག་པར་ཟད་ཀྱི། ཉོན་ཐོས་ཀྱི་ལམ་གྱིས་ཐོབ་པར་བྱ་བ་རྒྱུན་དུ་ཞུགས་པ་ལ་སོགས་པ་གང་དག་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གྱིས་ཐོབ་པར་བྱ་བ། རང་སངས་རྒྱས་ཉིད་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའི་ལམ་དེ་དང་དེ་རེ་ཤིག་ཐོབ་པར་མི་བྱེད་དེ། ཞེས་གསལ་བར་གསུངས་སོ། །ལུང་དེས་ནི། མཚོན་བྱ་དོན་གྱི་རྒྱུན་ཞུགས་སོགས་མཚན་ཉིད་པ་ཡོད་པ་དང༌། དེ་དང་མཚོན་བྱེད་དཔེའི་རྒྱུན་ཞུགས་སོགས་ཕན་ཚུན་འགལ་བ་ཞིག་བཤད་པར་གདོན་མི་ཟ་བ་ཡིན་ནོ། །དེའི་ཕྱིར་འདི་ལྟར་ཁས་བླང་བར་བྱ་སྟེ། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པའི་གཞུང་རྩ་འགྲེལ་གྱི་བསྟན་བྱའི་གཙོ་བོ་དང༌། དངོས་བསྟན་གྱི་རྒྱུན་ཞུགས་སོགས་མཚན་ཉིད་པ་ཞིག་ཡོད་པར་ཁས་ལེན་དགོས་ཤིང༌། དེ་དང་དེ་ཡིན་ན་བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པས་ཁྱབ་པར་ཁས་ལེན་དགོས་པ་ཡིན་ཏེ། དེ་ལྟར་དུ་འགྲེལ་པས་བཤད་པའི་ཕྱིར། འགྲེལ་པར་རྒྱུན་དུ་ཞུགས་པ་ཡིན་ནོ། །ཞེས་བཤད་པའི་གོ་དོན་ལ། དེ་མ་ཡིན་ནོ་ཞེས་འཆད་པར་མི་རུང་བའི་ཕྱིར། གལ་ཏེ་མཚོན་བྱ་དོན་གྱི་རྒྱུན་ཞུགས་སོགས་ཡིན་ན། རྒྱན་རྩ་འགྲེལ་ནས་བྱུང་བའི་རྒྱུན་ཞུགས་སོགས་ཡིན་དགོས་པ་དེ་ལྟ་མོད་ཀྱི། རྩ་འགྲེལ་ནས་འབྱུང་བའི་རྒྱུན་ཞུགས་སོགས་ཡིན་ན། སྤྱིར་རྒྱུན་ཞུགས་སོགས་ཡིན་པས་ཁྱབ་པར་ཁས་ལེན་ནུས་སམ། ཞེ་ན། གཞུང་གཞན་དང་མ་བསྲེས་པར་རྒྱན་རྩ་འགྲེལ་གྱི་ཐུན་མོང་མ་ཡིན་པའི་རང་ལུགས་འཆད་པ་ན། དེ་དང་དེ་ཡིན་པས་ཁྱབ་པར་ཁས་ལེན་དགོས་ལ། སྤྱིར་གཞུང་ལུགས་གཞན་དང་བསྲེས་པ་དང༌། བྱེ་བྲག་ཏུ་གཞུང་དེ་དང་དེའི་སྐབས་ནས་བསྟན་པའི་རྒྱུན་ཞུགས་སོགས་ཡིན་པས་ཁྱབ་པར་ནི་ཁས་མི་ལེན་ཏེ། དེ་ཡིན་ན་དེར་འགལ་བ་དུ་མ་མཐོང་བའི་ཕྱིར། དཔེར་ན་མཚོན་བྱ་དོན་གྱི་རྒྱུན་ཞུགས་ཡིན་ན། ས་དགུ་འདས་ནས་ཡེ་ཤེས་ནི། །ཞེས་པའི་སྐབས་ནས་བསྟན་པའི་རྒྱུན་ཞུགས་ཡིན་པར་འགལ་བ་བཞིན་ནོ། །འོ་ན་རྒྱན་རྩ་འགྲེལ་དུ། བྱང་ཆུབ་སེམས་དཔའི་དགེ་འདུན་ལ་རྒྱུན་ཞུགས་སོགས་ཀྱི་བརྡའ་སྦྱོར་བ་འདི་ལ་མདོའི་ཁུངས་སུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ན་གསལ་བ་ཡིན་ནོ། །ཞེས་སྟོན་པ་ནི་ཉི་སྣང་དུ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་དད་པའི་རྗེས་སུ་འབྲང་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཞེས་བྱ་བའི་བར་གྱི་རྣམ་པར་བཞག་པ་ཆེས་གསལ་བར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་པས། དེར་བལྟ་བར་བྱའོ། །འདིར་ཁོ་བོ་ཅག་གིས་ནི་ཉེ་བར་དགོད་པ་མ་བྱས་ཏེ། བཏགས་ཟིན་འཐག་པས་ཅི་ཞིག་བྱ། །ཞེས་གསུངས་སོ། །མདོ་དེར་ནི་བྱང་སེམས་ལ་རྒྱུན་ཞུགས་ལ་སོགས་པའི་མིང་གིས་འདོགས་པའི་རྒྱུ་མཚན་དང༌། བཏགས་པའི་དགོས་པ་གཉིས་གསལ་བར་གསུངས་ལ། དངོས་ལ་གནོད་བྱེད་མཚན་ཉིད་དང་ལྡན་པ་ཅིག་རྙེད་པར་དཀའོ། །དེ་ཡང་དང་པོ་ནི། སངས་རྒྱས་མཐོང་ལ་ཆགས་མེད་དེ། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ནི་དེ་ལ་ཆགས་མེད་དེ། །དེ་ཕྱིར་བློ་ལྡན་དད་པས་འབྲངས། །ཞེས་དང༌། ལོག་པ་བརྒྱད་ལས་ཤིན་ཏུ་འདས། །རྣམ་པར་ཐར་པ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་བརྗོད་དོ། །ཞེས་དང༌། བྱང་ཆུབ་ཞི་བ་སྤྲོས་པ་མེད། །རྙོག་པ་མེད་པར་སྒྲོག་པར་བྱེད། །སྐྱེ་བོ་དཔག་ཏུ་མེད་ལ་སྒྲོག །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །ཞེས་དང༌། མ་རིག་ནམ་མཁའ་ཇི་བཞིན་ཏེ། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདི་ནི་མངོན་སུམ་གྱུར་པས་ན། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ཞེས་དད་པའི་རྗེས་འབྲངས་ནས་རང་སངས་རྒྱས་ཀྱི་བར་དགུའི་མིང་གིས་འདོགས་པའི་རྒྱུ་མཚན་གསུངས་ལ། ཤེས་བྱེད་དེ་ཉིད་ཀྱིས་ཉི་ཤུའི་མིང་གིས་འདོགས་པར་ཡང་གྲུབ་བོ། །བཏགས་པའི་དགོས་པ་ནི། མདོ་དེ་ལས་དགེ་སློང་རྣམས་རྒྱལ་བྱེད་ཚལ་ཆུ་མེད་པ་ལ་ཆུའི་འདུ་ཤེས་སྐྱེས་པ་དཔེར་བཞག་ནས། རྒྱུན་ཞུགས་སོགས་ཀྱི་འབྲས་བུ་བཞི་དང༌། རང་རྒྱལ་མ་ཡིན་པ་ལ། དེ་དག་ཏུ་འདུ་ཤེས་པ་དེ་དག་གི་འདུ་ཤེས་བསལ་བའི་ཕྱིར་དུ་བྱང་སེམས་ལ་བརྒྱད་པ་ལ་སོགས་པར་བཤད་པའི་དགོངས་པ་འདི་དག་གོ །ཞེས་གསལ་བར་གསུངས་སོ། །དགོས་པའི་འཆད་ལུགས་འདི་ལ་བརྟག་པ་ན། དངོས་ལ་གནོད་བྱེད་གསལ་པོ་འབྱུང་བའི་གོ་སྐབས་མེད་དོ། །མདོར་བསྡུ་ན། རྗེ་བཙུན་བྱམས་པའམ། འཕགས་པ་གྲོལ་སྡེས། དོན་གང་ལ་མིང་གང་དངོས་མིང་དུ་བརྡའ་སྦྱར་ན། དོན་དེ་ལ་མིང་དེ་དངོས་མིང་དུ་འཇུག་ཏུ་རུང་བས་ཁྱབ། དཔེར་ན་སྐྱེས་བུ་འགའ་ཞིག་ལ་མཚོ་སྐྱེས་དང༌། ཉི་མ་ལ་སོགས་པའི་ཐ་སྙད་དངོས་མིང་དུ་འཇུག་པ་བཞིན། བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཡང་རྒྱུན་ཞུགས་ལ་སོགས་པ་བརྡའ་སྦྱོར་བར་མཛད་པ་ཡིན་ནོ། །ཞེས་པའི་རིགས་པ་ལ་བརྟེན་ནས། མཚོན་བྱ་དོན་གྱི་དགེ་འདུན་རྣམས་ཀྱང་རྒྱུན་ཞུགས་སོགས་དངོས་ཡིན་པར་གྲུབ་བོ། །གལ་ཏེ། མངོན་པ་ནས་གསུངས་པའི་རྒྱུན་ཞུགས་སོགས་ཀྱི་མཚན་ཉིད་དང་མི་ལྡན་པའི་རྟགས་ཀྱིས། རྒྱུན་ཞུགས་སོགས་མ་ཡིན་པར་སྒྲུབ་ན་ནི། ཁྱབ་པ་མ་ངེས་པ་ཡིན་ཏེ། མངོན་པ་ནས་ནི་རྒྱུན་ཞུགས་སོགས་ཀྱི་མིང་ཅན་ལ་དམན་པའི་གང་ཟག་ཁོ་ནར་བཤད་ལ། འདིར་ནི་མཚོན་བྱེད་དཔེའི་རྒྱུན་ཞུགས་སོགས་དང༌། མཚོན་བྱ་དོན་གྱི་རྒྱུན་ཞུགས་གཉིས་ཀ་མཚན་ཉིད་པར་ཁས་ལེན་པའི་ཕྱིར་རོ། །འོ་ན་སྔར་གོང་དུ་དྲངས་པའི་ཉི་སྣང་གི་ལུང་ལས། དངོས་ལ་གནོད་བྱེད་གསལ་བར་གསུངས་པ་མ་ཡིན་ནམ་ཞེ་ན། མིན་ཏེ། དེའི་དགོངས་པ་འདི་ལྟར། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པའི་སྐབས་ནས་འབྱུང་བའི་དགེ་འདུན་འདི་དག་མངོན་པ་ནས་གསུངས་པའི་དགེ་འདུན་སོགས་དང༌། དོན་གཅིག་གམ་སྙམ་པའི་དོགས་པ་བསུ་ནས། དེའི་ལན་དུ། འདི་དག་ནི་ཐེག་པ་ཆེན་པོའི་ལམ་གྱིས་ཐོབ་པའི་དད་པའི་རྗེས་འབྲངས་སོགས་ལ་བྱ་བ་ཡིན་གྱི། མངོན་པ་ནས་འབྱུང་བ་དེ་མིན་ཏེ། ཐེག་པ་ཆེན་པོའི་ལམ་གྱིས་མངོན་པ་ནས་འབྱུང་བའི་རྒྱུན་ཞུགས་སོགས་དེ་དག་ཐོབ་པར་མི་བྱེད་པའི་ཕྱིར། ཞེས་པའི་དོན་ནོ། །འོ་ན་དེ་ལྟར་འཆད་པ་དེའི་ཚེ། ཁྱོད་ཉིད་གང་གི་རྗེས་སུ་འབྲང་བའི་རྣམ་པར་བཤད་པའི་ལུགས་དང་འགལ་བ་མ་ཡིན་ནམ་ཞེ་ན། མིན་ཏེ། རྣམ་བཤད་ལས་ནི། འདི་དག་ལ་མངོན་པ་ནས་གསུངས་པའི་རྒྱུན་ཞུགས་སོགས་ཀྱི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བར་བཤད་པ་ཡིན་གྱི། ལུགས་འདི་ཉིད་ལ་གྲགས་པའི་རྒྱུན་ཞུགས་སོགས་དང༌། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ནས་འབྱུང་བའི་རྒྱུན་ཞུགས་སོགས་དངོས་ཡིན་པ་ལ་གནོད་བྱེད་མི་སྟོན་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་བཤད་ལས། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་དང་བསྟན་འཆོས་འདིའི་འདོགས་པའི་རྒྱུ་མཚན་སོགས་འདྲ་བ་མ་ཡིན་ལ། འོན་ཀྱང་ཐེག་ཆེན་གྱི་དགེ་འདུན་ལ་རྒྱུན་ཞུགས་སོགས་ཀྱི་ཐ་སྙད་བྱས་པ་མི་འགལ་བའི་ལུང་ཁུངས་སུ་དྲངས་པ་ཡིན་ནོ། །ཞེས་བཤད་པས་སོ། །འོ་ན་མངོན་པ་ནས་འབྱུང་བའི་དེ་དང་དེའི་མིང་གིས་འདོགས་པའི་ཆོས་གསུམ་པོ་བརྗོད་དགོས་སོ། །ཞེ་ན། རྒྱུ་མཚན་ནི། སྤངས་རྟོགས་དང༌། སྐྱེ་བ་ལེན་ཚུལ་ཆ་འདྲའོ། །དགོས་པ་ནི། ཉི་སྣང་ལྟར་ན། ཐེག་པ་དམན་པའི་རིགས་ཅན་རྣམས་དེའི་རྒྱུན་ཞུགས་སོགས་ལ་རིམ་གྱིས་འགོད་པའི་ཕྱིར་དུའོ། །རང་གིས་མ་ཐོབ་པའི་ཆོས་ལ་གཞན་ཇི་ལྟར་འགོད་ཅེ་ན། མ་ཐོབ་པ་མིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ཐམས་ཅད་ཐེག་ཆེན་གྱི་སྡུག་བསྔལ་ལ་ཆོས་བཟོད་ནས་རྫོགས་པའི་ཕྱིར་རོ། །ཤཱནྟི་པ་ལྟར་ན། ཉན་ཐོས་ཀྱི་གང་ཟག་དང་མི་འདྲ་བ་ནི་དགེ་འདུན་ཉིད་དུ་ཡིད་ཆེས་པའི་དོན་དུའོ། །དངོས་ལ་གནོད་བྱེད་ནི། ཐེག་པ་གསུམ་གྱི་རྣམ་གཞག་འཆོལ་བར་ཐལ་བ་དང༌། ཉན་ཐོས་ཀྱི་ལམ་གྱིས་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར། ཞེས་པའོ། །འདི་དག་ནི་སྔོན་གྱི་མཁས་པ་ཆེན་པོ་ཨར་བྱང་ཆུབ་ཡེ་ཤེས་ཀྱི་ལེགས་པར་བཤད་པ་ལ་བརྟེན་ནས་བཤད་པ་ཡིན་ནོ། །གཉིས་པ་གཞན་གྱིས་བཏགས་པའི་མཐའ་བསལ་བ་ནི། དེ་ལྟར་བཤད་པ་དེ་དག་ལ་དར་ཊཱིཀ་མཛད་པས་འདི་ལྟར་རྒོལ་བར་བྱེད་དེ། མི་ཤེས་པ་ཁ་ཅིག སྐབས་འདིར་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པ་ཞུགས་པ་དང༌། བཅུ་དྲུག་པ་ལ་གནས་པ་འབྲས་གནས་སུ་འདོད་པ་ནི། བྱེ་བྲག་ཏུ་སྨྲ་བ་སོགས་ཀྱི་འདོད་པ་ཡིན་གྱི། འཕགས་སེང་གེ་མཐོང་ལམ་གྱི་སྐྱེ་ཚུལ་གྱི་བཞེད་པར་ཅུང་ཟད་ཀྱང་མ་རྟོགས་པ་ཡིན་ནོ། །ཞེས་དང༌། ཡང་མི་ཤེས་པ་ཁ་ཅིག བྱང་ཆུབ་སེམས་དཔའི་དགེ་འདུན་འདི་དག་རྒྱུན་ཞུགས་སོགས་ཡིན་པ་ལ་གནོད་བྱེད་སྟོན་པར་འདོད་བཞིན་དུ། བཅུ་དྲུག་པ་ལ་གནས་པའི་བྱང་སེམས་ཆོས་ཅན་དུ་བཟུང་ནས། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པར་བསྒྲུབ་པ་ནི། རང་གིས་རང་ལ་ཅོ་འདྲི་བ་ཡིན་ཏེ། རྒྱུན་ཞུགས་སོགས་ཀྱི་དོན་ཕ་རོལ་དང་མཐུན་པར་རང་ཉིད་ཀྱིས་ཁས་བླངས་ནས། ཕ་རོལ་ལ་སུན་འབྱིན་འཕངས་པའི་ཕྱིར། ཞེས་དང༌། ཡང་ཁ་ཅིག སྐྱེ་བོའི་ཀུན་སྦྱོར་སྤངས། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པ་དང༌། གཉིས་ཀ་མ་སྤངས་པར་སྐབས་འདིར་གཟུགས་ཀྱི་བར་སྲིད་དང༌། སྐྱེ་སྲིད་དུ་སྐྱེ་བའི་རྒྱུར་ཁས་བླངས་ནས་བྱང་སེམས་འཕགས་པ་ལས་ཉོན་གྱི་དབང་གིས་སྐྱེ་བ་མི་ལེན་ནོ་ཞེས་བྱ་བ་ནི། འགལ་འདུ་འབའ་ཞིག་ཏུ་ཤེས་པར་བྱའོ། །ཞེས་དང༌། ཡང་ཁ་ཅིག་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་འོང་བཏགས་པ་བར་བྱས་ནས། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་རང་ལུགས་སུ་ཁས་ལེན་པ་ནི། རང་ཉིད་ལ་རང་གིས་ཅོ་འདྲི་བའི་ཆེད་དུ་འཁོར་གསུམ་ཀ་ཁས་ལེན་པའོ། །ཡང་འདོད་ཉོན་དགུ་པ་སྤངས་ཞེས་པ་དེ། མངོན་གྱུར་ཙམ་མམ། ས་བོན་སྤངས་པ་ཡིན། དང་པོ་ལྟར་ན། ཐེག་པ་ཆེན་པོའི་མཐོང་ལམ་གྱི་སྔོན་དུ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་མཐོང་ལམ་པ་དག་ཀྱང་འདི་ནས་བསྟན་པའི་ཕྱིར་མི་འོང་གི་མིང་ཅན་གྱི་དགེ་འདུན་དུ་རྣམ་པར་བཞག་པ་འགལ་བ་མེད་པར་འགྱུར་ལ། ས་བོན་ལ་བྱེད་ན། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པ་རྣམས་ཀྱིས་སྒྲིབ་པ་གཉིས་ཀའི་སྒོམ་སྤངས་དགུ་པའི་ས་བོན་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་ཟད་པར་སྤོང་བ་སློབ་དཔོན་བཞེད་པས། ལུགས་འདི་ལས་ཕྱི་རོལ་དུ་གྱུར་པའོ། །ཞེས་དང༌། ཡང་མི་ཤེས་པ་ཁ་ཅིག མདོའི་སྒྲས་ཟིན་ཙམ་ལ་མངོན་པར་ཞེན་ནས། བྱང་སེམས་འཕགས་པ་བསམ་གཏན་བཞི་ཐོབ་པ་ཡིན་ཀྱང༌། ཚངས་རིས་སུ་སྐྱེ་བ་ལེན་པ་ན་བསམ་གཏན་གོང་མ་གསུམ་ལས་ཉམས་པར་འདོད་པ་ནི། མི་རིགས་པ་ཤིན་ཏུ་ཆེན་པོ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་བསམ་གཏན་ལས་ཉམས་པ་མི་སྲིད་པའི་ཕྱིར་དང༌། ཡན་ལག་ཡོངས་སུ་ཟད་པ་དང༌། ཞེས་བཤད་པས་བསམ་གཏན་དག་པ་པའི་ལས་ཀྱི་དབང་གིས་སྐྱེ་བའི་ནུས་པ་ཟད་པར་བཤད་པའི་ཕྱིར། ཞེས་བྱ་བ་བྲིས་སོ། །དེ་ལྟར་རྒོལ་བ་རྣམ་པ་ལྔ་ལས། ཐ་མ་ནི་ཁོ་བོ་ཅག་ལ་གནོད་བྱེད་དུ་འཕངས་པའི་ཀླན་ཀ་མ་ཡིན་པས། དེ་སེལ་མི་དགོས་ལ། དང་པོ་བཞི་པོ་རིམ་པ་བཞིན་དུ་བསལ་བར་བྱ་བ་ལས། དང་པོའི་ལན་ནི། དང་པོ་བཅོ་ལྔ་ལ་གནས་པའི་བྱང་སེམས་ཞུགས་པ་དང༌། བཅུ་དྲུག་པ་ལ་གནས་པ་ལ་འབྲས་གནས་སུ་བཞེད་པ་འཕགས་སེང་གི་ལུགས་མ་ཡིན་ན། དེ་ཉིད་ཀྱི་ལུང་དང་འགལ་ཏེ། ཇི་སྐད་དུ། འགྲེལ་ཆེན་ལས། ལམ་ཤེས་པ་ཉིད་ཀྱིས་བསྡུས་པ། མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ལ་བརྟེན་ནས། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་དད་པ་དང༌། ཆོས་ཀྱི་རྗེས་སུ་འབྲངས་པའི་བྱེ་བྲག་གིས་འབྲས་བུ་དང་པོ་ལ་ཞུགས་པ་རྣམ་པ་གཉིས་སོ། །དེའི་འོག་ཏུ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་ནི། རྒྱུན་དུ་ཞུགས་པའོ། །ཞེས་གསུངས་ཤིང༌། དེ་ཉིད་མཚོན་བྱ་དོན་ལ་སྦྱོར་བ་ཁྱེད་རང་གིས་འདོད་པའི་ཕྱིར། ཁོ་བོ་ཅག་ལྟར་ན་ནི། འདི་དཔེ་དོན་སྦྱོར་བའི་སྐབས་ཡིན་པས། དཔེ་ལ་སྦྱར་དགོས་ཤིང༌། དོན་ལ་སྦྱོར་ནའང༌། འདོད་པའི་ཁམས་ཀྱི་འདོད་ཆགས་ཞེས་པ། བག་ལ་ཉལ་ལ་འཆད་པས་སྐྱོན་མེད་དོ། །ཁྱེད་ཀྱི་འདོད་པ་དེ་ཉི་སྣང་དང་ཡང་འགལ་ཏེ། སྐད་ཅིག་མ་བཅུ་དྲུག་པ་ལ་ནི། དེ་གཉིས་ལན་ཅིག་ཕྱིར་འོང་གི་འབྲས་བུ་དང༌། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པར་འགྱུར་ཞེས་གསུངས་ཤིང༌། བཅུ་དྲུག་པ་ལ་ནི། ཞེས་པའི་ངེས་བཟུང་གིས། བཅོ་ལྔ་པོ་གང་རུང་ལ་གནས་པ་ཞུགས་པར་དོན་གྱིས་འཕངས་པའི་ཕྱིར། འཕགས་སེང་གི་ལུགས་ཀྱི་མཐོང་ལམ་གྱི་སྐྱེ་ཚུལ་ཇི་ལྟར་ཡིན་པ་ནི་འོག་ནས་དཔྱད་པར་བྱའོ། །དེ་ནས་ཀླན་ཀ་གཉིས་པའི་ལན་ནི། དེ་ཙམ་གྱིས་རྒྱུན་ཞུགས་སོགས་ཀྱི་དོན་ཕ་རོལ་དུ་མཐུན་པར་ཁས་བླངས་པ་མ་ཡིན་ཏེ། ཆོས་མངོན་པ་འཆད་པ་ན། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི། འབྲས་བུ་ལ་གནས་པ་ཙམ་གྱིས་རྒྱུན་ཞུགས་འབྲས་གནས་སུ་འཇོག་མི་ནུས་པའི་ཕྱིར་དང༌། བཅུ་དྲུག་པ་ལ་གནས་པའི་བྱང་སེམས་མཐོང་ལམ་པ་དེ་མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པ་ཡིན་ཀྱང༌། རྒྱུན་ཞུགས་སུ་ཁས་མིན་ལེན་པ་ནི་ཆོས་མངོན་པ་འཆད་པ་དག་གི་ལུགས་ཡིན་པའི་ཕྱིར་དང༌། ཉན་ཐོས་ཀྱི་རྒྱུན་ཞུགས་དེ། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པར་ཁས་ལེན་ཀྱང༌། དེས་སྤྱིར་མཐོང་སྤངས་ཙམ་སྤངས་པར་ཁས་མི་ལེན་པས། རྒྱུན་ཞུགས་ཀྱི་གོ་དོན་དེ་ལ་འཇོག་པ་མངོན་པའི་ལུགས་མ་ཡིན་པས་སོ། །མངོན་པ་འཆད་པ་ན། དེ་གསུམ་སྤངས་པ་ཙམ་གྱིས་དེ་སྤངས་པར་འཇོག་ནུས་སོ་ཞེ་ན། མངོན་པ་འོག་མ་འཆད་པ་ན་དེ་ལྟར་ནུས་སྲིད་ཀྱང༌། ཁྱེད་ལ་ནང་འགལ་བ་འདི་ལྟར། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་འབྲས་གནས་ཙམ་པོ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་སུ་ཐལ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར་ཏེ། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དེ་ལ་གནས་པའི་ཕྱིར་ཏེ། ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་ཕྱིར་རོ། །དེ་ལྟར་ན། མཐོང་སྤངས་སྤངས་པས་ཞེས་སོགས་དེ་མཚོན་བྱ་དོན་གྱི་རྒྱུན་ཞུགས་ཀྱི་འཇོག་བྱེད་དུ་རུང་ཀྱང༌། དཔེ་དོན་གཉིས་ཀ་འདུས་པའི་རྒྱུན་ཞུགས་ཀྱི་འཇོག་བྱེད་དུ་མི་རུང་ཞིང༌། དཔེའི་རྒྱུན་ཞུགས་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་དུ་འབྲེལ་བ་ཡིན་པས། ཀླན་ཀ་དེ་མི་འཇུག་གོ །དོན་དེ་ཁྱེད་རང་གིས་ཀྱང་ཁས་བླངས་ཏེ། རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད་དུ་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་ཞེས་ཚིག་གི་ཟུར་ཕྱིན་པར་བཤད་པ་དེ་ལ། རྣམ་བཅད་ཤིག་ཡོད་པས་སོ། །དེ་ནས་ཀླན་ཀ་གསུམ་པ་བསལ་བ་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། ཁྱེད་ཀྱི་ཀླན་ཀ་དེ་བརྒྱད་སྟོང་པའི་འགྲེལ་ཆེན་ལ་འཇུག་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ལས། དེ་ལ་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས། མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་ཕྱིར། སྲིད་པ་བར་མ་མངོན་པར་འགྲུབ་པར་བྱེད་པ་ནའམ། མངོན་པར་འགྲུབ་པ་ན་ཡང་རུང་སྟེ། སྲིད་པ་བར་མར་ལམ་མངོན་དུ་བྱས་པས་སྡུག་བསྔལ་མཐར་བྱེད་པ་ཐོབ་པ་ནི། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཀུན་ཏུ་སྦྱོར་བ་གཉིས་ཀ་མ་སྤངས་པའི་ཕྱིར། གཟུགས་ཀྱི་ཁམས་སུ་སྐྱེས་ནས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཞེས་གསུངས་པས་སོ། །གཉིས་པ་ནི། ཁོ་བོ་ཅག་ལྟར་ན། འགྲེལ་པ་འདི་ནི་མཚོན་བྱེད་དཔེ་ལ་སྦྱོར་རྒྱུ་ཡིན་ཅིང༌། དོན་ལ་སྦྱོར་བའི་ཚེ་ནའང༌། ཀུན་སྦྱོར་གཉིས་པོའི་བག་ལ་ཉལ་ལ་འཆད་དགོས་ཤིང༌། བཤད་པ་ཡང་ཡིན་ལ། དེའི་ཚེ་ན་བྱང་སེམས་འཕགས་པ་བག་ལ་ཉལ་དེ་དང་དེའི་དབང་གིས་གཟུགས་ཁམས་སུ་སྐྱེ་བ་ལེན་པ་མི་འགལ་ཏེ། རྒྱུད་བླ་རྩ་འགྲེལ་དུ། དག་པ་སར་གནས་ཀྱི་བྱང་སེམས་མ་རིག་བག་ཆགས་ཀྱི་སའི་དབང་གིས་སྐྱེ་བ་ལེན་པར་བཤད་པའི་ཕྱིར་རོ། །ཀླན་ཀ་བཞི་པ་བསལ་བ་ལ་གཉིས་ཏེ་དངོས་ཀྱི་ལན་དང༌། དེ་ལས་འཕྲོས་པའི་ལྟག་ཆོད་ཀྱི་ལན་ནོ། །དང་པོ་ནི། དེ་ཙམ་གྱིས་མངོན་པ་ནས་གསུངས་པའི་ཕྱིར་མི་འོང་དུ་འཇོག་མི་ནུས་ཏེ། ཅིག་ཅར་བའི་དགྲ་བཅོམ་པ་བཞིན་ནོ། །དེ་ཙམ་གྱིས་ལུགས་འདིའི་ཕྱིར་མི་འོང་དུ་ཡང་བཞག་མི་ནུས་ཏེ། ཉན་ཐོས་ཀྱི་ཕྱིར་མི་འོང་བཞིན་ནོ། །དེས་ན་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་དེ། མཚོན་བྱེད་དཔེའི་དགེ་འདུན་དུ་གྱུར་པའི་ཕྱིར་མི་འོང་གི་མིང་གིས་འདོགས་པའི་རྒྱུ་མཚན་དུ་འབྲེལ་ལ། ཐ་མའི་ཆ་མཐུན་ལྔའི་བག་ལ་ཉལ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པ་དེ། མཚོན་བྱ་དོན་གྱི་དགེ་འདུན་དུ་གྱུར་པའི་ཕྱིར་མི་འོང་གི་འཇོག་བྱེད་དུ་འབྲེལ་པ་ཡིན་ནོ། །གཉིས་པ་ནི། འདོད་ཉོན་དགུ་པ་སྤངས་ཞེས་པ་དེ་མངོན་གྱུར་རམ་ས་བོན་གང་ལ་བྱེད་བརྟགས་ནས་བཀག་པའི་སུན་འབྱིན་དེ་ནི་ལྟག་ཆོད་འབའ་ཞིག་ཡིན་ཏེ། འཕེན་པ་པོ་རང་ཉིད་ལ་མཚུངས་པའི་ཕྱིར་དང༌། བརྒྱད་སྟོང་འགྲེལ་ཆེན་ལའང་མཚུངས་པའི་ཕྱིར་དང༌། ཁོ་བོ་ཅག་ནི་འདོད་ཉོན་དགུ་པའི་བག་ལ་ཉལ་ལ་འཆད་ཅིང༌། དེ་ཡང་འདོད་པའི་ཁམས་ཀྱི་སྒོམ་སྤངས་དགུ་བཞི་སོ་དྲུག་གང་དུ་སྤོང་བའི་གནས་དང༌། དུས་དེ་ཉིད་དུ་སྤོང་བར་ཁས་ལེན་པའི་ཕྱིར་དང༌། དེ་ཡང་འོག་ནས་འཆད་པས་སོ། །འཕེན་པ་པོ་རང་ལ་མཚུངས་པ་ཅི་ཞེ་ན། འོ་ན་ཁྱེད་རང་ཡང་ཐ་མའི་ཆ་མཐུན་ལྔ་སྤངས་པའི་དུས་དེར་འདོད་ཉོན་དགུ་པ་སྤངས་པ་ཁས་ལེན་དགོས་པས། དེའི་མངོན་འགྱུར་རམ། ས་བོན་སྤངས་པ་གང་ཞིག་ཡིན། དང་པོ་ལྟར་ན། བསམ་གཏན་གྱི་དངོས་གཞི་ཐོབ་པའི་མཐོང་ལམ་པ་དག་ཀྱང༌། འདི་ནས་བསྟན་པའི་ཕྱིར་མི་འོང་གི་མིང་ཅན་དུ་ཐལ་བར་འགྱུར་ལ། གཉིས་པ་ལྟར་ན། འདི་ནས་བསྟན་པའི་ཕྱིར་མི་འོང་དེ་སངས་རྒྱས་ཀྱི་སར་འཇོག་རིགས་པར་ཐལ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པ་དག་གིས། སྒྲིབ་པ་གཉིས་ཀའི་སྒོམ་སྤངས་དགུ་པའི་ས་བོན་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྤོང་བ་སློབ་དཔོན་གྱི་བཞེད་པ་ཡིན་པའི་ཕྱིར། གཉིས་པ་ནི། ཉེས་པ་དེ་ནི་འགྲེལ་ཆེན་ལ་འཇུག་པར་འགྱུར་ཏེ། འགྲེལ་ཆེན་ལས་དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་པ་སྤངས་པས། ཕྱིར་མི་འོང་བ་ཞེས་བྱ་སྟེ། དེ་ཡང་རྣམ་པ་ལྔར་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །རྣམ་པར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ།  །།འདིར་སྨྲས་པ། ཆར་སྤྲིན་ཟབ་མོའི་དབྱིངས་ནས་དུལ་བ་ཡི། །འབྲུག་སྒྲ་དལ་བར་སྒྲོག་པ་དེ་བཙུན་གྱི། །རྨོངས་པ་མགུ་བའི་ལྟག་ཆོད་སྦྱོར་ཤེས་པ། །འགའ་ཞིག་མང་པོས་བཀུར་ཡང་ཡིད་མི་འཕྲོག །ཅོང་རོང་རྩུབ་མོའི་གནས་སུ་མ་དུལ་བའི། །ཅ་ཅོའི་དབྱངས་ཀྱིས་འབྲུག་སྒྲ་འགོག་རློམས་པའི། །ཁེངས་ལྡན་མང་པོས་མིག་སྒྱུའི་ཐང་ཆེན་ལ། །རང་བཞིན་གསལ་བར་བསྟན་པ་འགའ་མེད་དམ། །གཞན་ཟེར་གྱ་གྱུའི་ལྦུ་འཕྲེང་བགྲང་ཡས་ཀྱིས། །རྣམ་དཔྱོད་ཟབ་མོའི་རྒྱ་མཚོར་མཚོན་མི་ནུས། །གཞན་གྱིས་མི་བསྐྲུན་ལེགས་བཤད་རིན་ཆེན་གྱིས། །མཁས་ཤིང་དུལ་བའི་རྒྱ་མཚོར་རིང་ནས་མཚོན། །རང་གི་རྙེད་གྲགས་བཀུར་སྟིའི་རྒྱུར་བསམ་ནས། །གཞན་ལ་སྨོད་ཅིང་རང་ལ་བསྟོད་པ་ཡི། །ལྕེ་བདེ་ལྡན་པ་སྒྱུ་མའི་ནེ་ཙོ་དག །འདབ་བཟང་དབང་པོའི་འགྲོས་ལ་འགྲན་འདོད་ན། །གཞན་གྱིས་མི་བགྲོད་གཞུང་ཆེན་མང་པོ་ཡི། །དཔག་བསམ་ལྗོན་པའི་ཕྲག་པར་གནས་བྱོས་ལ། །དབྱངས་ཅན་གཏམ་གྱི་རོལ་མོ་འདི་ལྟོས་ཤིག །ཞེས་བྱ་བ་འདིས་ནི་མཚོན་བྱེད་དཔེ་དང༌།                 རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*