༄༅། །བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་བྱང་ཆུབ་ཤིང་དབང་དྲུང་དུ་བདུད་སྡེ་དཔུང་བཅས་ས་དང་མཁའ་ལ་ཀུན་ཁྱབ་ཅིང་། །རྡོ་རྗེ་མདུང་ཐུང་དང་ནི་འཁོར་ལོ་མེ་དང་རི་དང་གངས་རིའི་ཕྲེང་བས་ཆར་འབེབས་པ། །རྫུ་འཕྲུལ་རྣམ་པར་འཕྲུལ་བྱེད་སྟོབས་ལྡན་མེ་ཏོག་མདའ་ཅན་བྱང་ཆུབ་བཟློག་ཕྱིར་བརྩོན་པ་ན། །བྱམས་པའི་ཐུགས་ཀྱིས་ལེགས་པར་ཕམ་མཛད་རྫོགས་པའི་སངས་རྒྱས་གང་བརྙེས་དེ་ལ་མགོས་ཕྱག་འཚལ། །ཁྱོད་ཀྱིས་གཞན་གྱི་དོན་སླད་དུ། །བསམ་དང་སྦྱོར་བ་ཕུན་ཚོགས་པས། །བྱང་ཆུབ་དམ་པར་ཐུགས་བསྐྱེད་ཚེ། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །སྦྱིན་དང་ཚུལ་ཁྲིམས་ལེགས་བསྒྲུབས་ཤིང་། །བཟོད་དང་བརྩོན་འགྲུས་གོམས་པར་མཛད། །བསམ་གཏན་ཤེས་རབ་མཐར་ཕྱིན་པས། །ཕ་རོལ་ཕྱིན་རྫོགས་ཁྱོད་ཕྱག་འཚལ། །འགྲོ་མགོན་དང་པོ་བལྟམས་པ་ན། །འཇིག་རྟེན་མཁས་པ་ཐམས་ཅད་དགའ། །བདུད་རྣམས་ཤིན་ཏུ་དོགས་པ་སྐྱེས། །མུ་སྟེགས་བྱེད་པ་མཐའ་དག་སྐྲག །དེ་སླད་ཁྱོད་ཀྱི་བསྟན་པ་ནི། །ཉི་མའི་འོད་བཞིན་ཕྲིན་ལས་མངའ། །རྣམ་པ་ཀུན་ཏུ་མི་བསླུ་བའི། །རྩ་ལག་ཁྱོད་ལ་བདག་སྐྱབས་མཆི། །ཁྱོད་ཀྱི་གསུང་རབ་སེངྒེའི་སྒྲ། །ལྷར་བཅས་འཇིག་རྟེན་བསྒྲགས་པ་ན། །ཚངས་དང་ཁྱབ་འཇུག་ལྐུགས་པར་གྱུར། །ལྷ་ཡི་བླ་མ་ཝ་ལྟར་ཞུམ། །ཐུབ་པ་རྐང་མིག་གྲོག་མཁར་དང་། །དྲང་སྲོང་རྒྱས་པ་གནས་འཇོག་སོགས། །གྲགས་པ་ཐོབ་པ་དེ་དག་ཀུན། །ཆོས་ཀྱིས་ཕམ་མཛད་ཁྱོད་ལ་འདུད། །ཁྱོད་ཀྱིས་བྱང་ཆུབ་མཆོག་བརྙེས་ནས། །འགྲོ་བའི་དོན་མཛད་ངོ་མཚར་ཆེ། །སྲིད་པའི་སྲེད་ལས་མ་གྲོལ་བར། སྐུ་སྲོག་བཏང་བས་བ་སྤུ་ལྡང་། །ཉིད་ཀྱི་སྐུ་སྲོག་མི་གཟིགས་པར། །ཁྱེད་ལ་ཕན་པར་བྱའོ་ཞེས། །མགོན་མེད་བདག་ཅག་རྗེས་གཟུང་བ། །མགོན་པོ་ཁྱོད་ལ་བདག་སྐྱབས་མཆི། །རྒྱལ་བས་བདུད་སྡེ་བཏུལ་བ་དང་། །མུ་སྟེགས་མ་ལུས་ཕམ་མཛད་དང་། །ཉན་ཐོས་སློབ་མ་གྲངས་མེད་བཀྲོལ། །རྒྱལ་སྲས་དམ་པ་ལུང་བསྟན་མཛད། །དེ་འདྲའི་ལེགས་ཚོགས་མཐོང་བ་རྣམས། །ཁྱོད་ཀྱི་ཡོན་ཏན་དོན་གཉེར་བས། །བྱང་ཆུབ་སླད་དུ་འཇུག་པ་བདག །སླར་ཡང་ཁྱོད་ལ་བདག་སྐྱབས་མཆི། །ཁྱོད་ཀྱི་སྲས་ནི་འཇམ་པའི་དབྱངས། །སློབ་མ་ཤ་ར་དྭ་ཏིའི་བུ། །བྱམས་པ་རྒྱལ་ཚབ་དམ་པར་མཛད། །སེམས་ཤེས་སུ་ཞིག་ཐེ་ཚོམ་ཟ། །ཁྱོད་ཀྱི་ཡོན་ཏན་སྨོས་ཅི་འཚལ། །སྲས་ཀྱི་ཡོན་ཏན་མཐོང་བས་འཁུམས། །སྐྱ་རེངས་ཤར་བའི་གཟི་བརྗིད་ཀྱིས། །པདྨོའི་གཉེན་གྱི་འོད་ཟེར་གོ། །ཇི་ལྟ་བ་དང་ཇི་སྙེད་ཆོས། །ཁྱོད་ཀྱིས་རྣམ་པ་ཀུན་བརྙེས་པས། །བཞེད་པའི་ཕྲིན་ལས་དོན་བཞིན་དུ། །གྲུབ་པ་ཁྱོད་ལ་བདག་ཕྱག་འཚལ། །དེ་ལྟར་འགྲོ་བའི་བླ་མ་ཤཱཀྱའི་རིགས། །བུ་རམ་ཤིང་པའི་གདུང་རྒྱུད་ལས་འཁྲུངས་པ། །བཅོམ་ལྡན་རྫོགས་པའི་སངས་རྒྱས་བསྟོད་པ་ཡིས། །འགྲོ་བས་ཀུན་མཁྱེན་མྱུར་དུ་ཐོབ་པར་ཤོག །བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅོ་ལྔ་པ། དཔལ་ལྡན་ས་སྐྱ་པཎྜི་ཏས་ལྷ་སའི་གཙུག་ལག་ཁང་དུ་སྦྱར་བའོ།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.