དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས། ཀ༽

༄༅། །དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ཞེས་བྱ་བ་བཞུགས་སོ།།

དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ཞེས་བྱ་བ། ལྷག་པའི་ལྷ་བཅོམ་ལྡན་འདས་མི་གཡོ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཐུགས་བསྐྱེད་རྒྱ་མཚོ་མངོན་པར་བསྲུབས་པ་ལས་བྱུང་སྐུ་གསུམ་ཉིན་མོར་བྱེད་པའི་དཔལ། །སྤྲོས་པའི་ཆུ་འཛིན་མ་ལུས་ཞི་བའི་ཆོས་དབྱིངས་མཁའ་ལ་སྨོན་ལམ་མྱུར་འགྲོ་བདུན་ལྡན་ཞིང༌། །ལེགས་བཤད་དྲི་བསུང་དོན་གཉེར་བློ་གྲོས་དབང་པོ་མཆོག་ལྡན་ཉན་ཐོས་རང་རྒྱལ་རྒྱལ་སྲས་ཚོགས་དང་བཅས། །ཕྲིན་ལས་འོད་བརྒྱའི་དྲྭ་བས་བློ་གྲོས་པདྨོ་རྒྱས་མཛད་ཀུན་མཁྱེན་ཉིན་བྱེད་དབང་པོ་རྒྱལ་གྱུར་ཅིག །དཔག་ཡས་ཡོན་ཏན་རིན་ཆེན་དུ་མའི་གཏེར་གྱུར་གསུང་རབ་རྒྱ་མཚོའི་དབུས་ན་ཆེར་གནས་ཤིང༌། །སྟོང་ཉིད་རྟོགས་པའི་བློ་གྲོས་ལུས་བཟང་དམིགས་མེད་བརྩེ་བའི་གཙུག་གི་ནོར་བུའི་རྒྱན་གྱིས་སྤྲས། །སྣང་བའི་ཆོས་ཀུན་གདོད་ནས་སྐྱེ་མེད་ཟབ་མོའི་དོན་གྱི་རོ་འཛིན་གཉིས་སྟོང་ལྡན་པ་ཅན། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ཁྱབ་བདག་འཕགས་པ་ཀླུ་ཡི་དབང་པོས་བདག་སྐྱོངས་ཤིག །ཟབ་མོའི་དོན་རྟོགས་མཁྱེན་པའི་དཀྱིལ་འཁོར་སྤྲོས་པའི་ཆུ་འཛིན་ཚོགས་ཀྱིས་སྒྲིབ་པར་མ་གྱུར་ཅིང༌། །དངོས་འཛིན་ཡིད་ཀྱི་པདྨོ་ཟུམ་བྱེད་རིགས་པའི་འོད་ཀྱི་ཆ་ཡི་ཆ་ཙམ་ལྷུང་བས་ཀྱང༌། །རྟོག་གེའི་གཞུང་ལུགས་མུན་པ་ཀུན་བཅོམ་རྣམ་བཤད་ལེགས་བཤད་རབ་ཏུ་བསིལ་བའི་འོད་བརྒྱ་པ། །སྨྲ་བའི་ཟླ་བ་དཔལ་ལྡན་གྲགས་པ་རྟེན་འབྲེལ་ཟབ་མོའི་ལམ་བཟང་སྟོན་པ་དེ་ལ་འདུད། །སངས་རྒྱས་བསྟན་པ་ཟབ་མོའི་རྒྱ་མཚོ་ལ། །བློ་གྲོས་འདབ་སྟོང་ཡོངས་སུ་རྫོགས་པའི་དཔལ། །འབུམ་ཕྲག་གཞུང་གི་དྲི་བསུང་ལྡན་པ་ཅན། །བསྟན་པ་རྒྱ་མཚོའི་དབུས་ན་རྒྱལ་གྱུར་ཅིག །ཡོན་ཏན་ཁུར་གྱིས་ལྕི་བའི་དེད་དཔོན་མཆོག །མང་ཐོས་གསེར་གྱི་དྲྭ་བའི་རྒྱན་གྱིས་སྤྲས། །རྨད་བྱུང་སྤོབས་པའི་ཡན་ལག་རྣམ་གཡོ་ཞིང༌། །རྒྱལ་བའི་གསུང་རབ་པད་མཚོའི་འགྲམ་དུ་ལྷགས། །ལུང་དང་རིགས་པའི་མཆེ་བ་རབ་བརྟན་ཞིང༌། །འཆད་རྩོད་རྩོམ་པས་ཕས་རྒོལ་གཡུལ་ལས་རྒྱལ། །ལྟ་ངན་པད་ཚལ་འཇོམས་པའི་མཐུ་ལྡན་པ། །ཡོངས་འཛིན་ལག་ལྡན་དབང་པོ་དེ་ལ་འདུད། །གཏིང་མཐའ་རབ་ཡངས་རྒྱལ་བའི་གསུང་རབ་པདྨོའི་མཚོ། །རྣམ་དཔྱོད་བརྩོན་པའི་སྟོབས་ཀྱིས་བརྒལ་བར་འདོད་པ་ཡིས། །གཏིང་མཐའ་ཡངས་པ་མཐའ་དག་རྟོགས་པར་མ་གྱུར་ཀྱང༌། །ཟབ་དོན་སྙིང་པོའི་དོན་གྱི་ནོར་བུ་ཅིས་མི་རྙེད། །གལ་ཏེ་འགའ་ཞིག་ལེན་ན་དེ་ཡི་ཡིད་ཀྱི་གདུང་བ་སེལ། །གལ་ཏེ་ལེན་པ་མེད་ཀྱང་བདག་བློའི་རྟོགས་པ་འཕེལ་བའི་རྒྱུ། །དེ་ཕྱིར་རྒྱལ་བའི་གསུང་རབ་རྣམས་ཀྱི་ངེས་དོན་ཟབ་མོའི་དོན། །རྣམ་འགྲེལ་བྱེད་པ་རྣམས་ཀྱི་རྗེས་ཞུགས་དེ་ཉིད་རྣམ་ངེས་བརྩམ། །གང་ཞིག་ལྷ་དང་ལྷ་མིན་མིའམ་ཅི་དང་གདེངས་ཅན་གཙུག་གི་ནོར་བུ་ཡིས། །ཞབས་ཀྱི་པདྨོ་བདེ་འབྱུང་གཙུག་གིས་རྒྱུ་སྐར་དབང་པོ་བཞིན་དུ་གུས་པས་འདུད་བྱེད་པ། །གཉིས་མེད་གསུང་བའི་གསུང་རབ་མཚན་མ་མེད་པའི་ཆོས་ཚུལ་ཟབ་ཅིང་རྒྱ་ཆེའི་དགོངས་དོན་རྣམས། །གསལ་བར་སྟོན་མཛད་དཔལ་ལྡན་ཟླ་བའི་གསུང་རབ་ཡན་ལག་བརྒྱད་ལྡན་ཟབ་མོའི་རྒྱ་མཚོ་འདིར་འཇུག་རིགས། །ཆོས་དབྱིངས་ཟབ་མོའི་རྒྱ་མཚོ་ལ་རྨད་དུ་བྱུང་བའི་ཚོགས་གཉིས་ཀྱི་གྲུ་བོ་ཆེ་མངོན་པར་སྦྱོར་བའི་རླུང་ཤུགས་ཀྱིས་བསྐྱོད་དེ་སྲིད་ཞིའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲིབ་གཉིས་ཀྱི་མུན་པ་མ་ལུས་པ་སེལ་བར་མཛད་པའི་ཕྲིན་ལས་ཀྱི་འོད་བརྒྱ་དང་ལྡན་པ། བླ་ན་མེད་པའི་ཆོས་ཀྱི་སྐུའི་ཡིད་བཞིན་གྱི་ནོར་བུ་ལ་དབང་འབྱོར་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་མཐའ་བྲལ་དབུ་མའི་ལམ་རང་གིས་ཐུགས་སུ་ཆུད་པ་ལྟར་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པས་ཕྱི་རོལ་པའི་སྟོན་པ་དང་ཉན་རང་རྣམས་ལས་ཆེས་ལྷག་པའི་ཕྱིར། སྟོན་པ་གཅིག་པུར་གྱུར་པ་འགྲན་ཟླ་ཐམས་ཅད་དང་བྲལ་བས་མཚུངས་པ་མེད་ཅིང༌། ཤེས་བྱ་མ་ལུས་པ་མངོན་སུམ་དུ་གཟིགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བའི་དགོངས་པ་འགྲེལ་པའི་གྲུབ་མཐའི་འདོད་ཚུལ་བཞི་ལས་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལས་ཕྱི་རོལ་དུ་གྱུར་པ་གཞན་དག་གི་འདོད་པ་མ་རྟོགས་པ་དང་ལོག་པར་རྟོག་པ་དུ་མ་མཐོང་བས། དེ་དག་བཟློག་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཐའ་བྲལ་དབུ་མའི་ལམ་སྟོན་པའི་ཕྱིར་དུ། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་རྣམ་དག་ལེགས་བཤད་ཀྱི་རླབས་ཕྲེང་གིས་ཉེ་བར་མཛེས་པ། འཕགས་པ་ཀླུའི་དབང་པོས་དབུ་མའི་དོན་རིགས་པས་སྟོན་པ་རིགས་པའི་ཚོགས་དང༌། ལུང་གིས་སྟོན་པ་བསྟོད་པའི་ཚོགས་རྣམས་མཛད་དོ། །རིགས་པའི་ཚོགས་ལ་བསྒྲུབ་བྱ་བདེན་དངོས་འགོག་པ་དང༌། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ལས། དང་པོ་ལ་རང་དང་གཞན་གྱི་སྡེ་པ་ཐམས་ཅད་ཀྱི་ལོག་པར་རྟོག་པ་བསལ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་བརྒྱད་དང་བྲལ་བར་སྟོན་པ་རྩ་བ་ཤེས་རབ། རང་སྡེ་བྱེ་བྲག་ཏུ་འགོག་པའི་རིགས་པ་དྲུག་ཅུ་པ། རང་བཞིན་སྐྱེ་མེད་དུ་བསྟན་པ་ལ་རྩོད་པ་སྤོང་བའི་དོན་དུ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། སྐྱེ་འཇིག་རང་བཞིན་མེད་པར་བསྟན་པ་ལ་རྩོད་པ་སྤང་བའི་དོན་དུ། འདུས་བྱས་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ་དང་བཞིའོ། །སྒྲུབ་བྱེད་རྟོག་གེའི་རིགས་པ་ནི་རྟོག་གེས་ཁེངས་པ་རྣམས་ཀྱི་ང་རྒྱལ་གཞོམ་པའི་ཕྱིར། དེ་དག་གིས་བརྟག་པ་ཚད་མ་ལ་སོགས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་རིགས་པས་ཞིབ་ཏུ་འཐག་པར་བྱེད་པ་ཞིབ་མོ་རྣམ་པར་འཐག་པའོ། །སློབ་དཔོན་གྱིས་བསྟན་བཅོས་དེ་དག་མཛད་པའི་རྗེས་སུ་སློབ་དཔོན་དེའི་སྲས་ཀྱི་ཐུ་བོ་སིངྒ་ལའི་མེ་ཏོག་གི་ལྡུམ་རྭར་སྐུ་འཁྲུངས་པ་འཕགས་པ་ལྷས། དབུ་མ་རྩ་བའི་དོན་ཉམས་སུ་ལེན་པའི་ཐབས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་དང༌། གཞན་གྱི་ལོག་རྟོག་སེལ་བའི་དོན་དུ་དབུ་མ་ལག་པའི་བོལ་ཚད་དང༌། འཁྲུལ་པ་བཟློག་པའི་རིགས་པ་ལ་སོགས་པ་མཛད་དོ། །དེའི་འོག་ཏུ་སྟོང་ཉིད་ཟབ་མོའི་དོན་རྟོགས་པའི་བློ་གྲོས་ཀྱི་བུམ་པ་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་གི་བདུད་རྩིས་ཡོངས་སུ་བལྟམས་པ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་བའི་དགོངས་པ་ཐལ་འགྱུར་གྱི་ཚུལ་དུ་སྟོན་པ་འགྲེལ་པ་བུདྡྷ་པ་ལི་ཏ་མཛད་དོ། །དེའི་འོག་ཏུ་ཐུགས་རྗེ་ཆེན་པོའི་གྲུབ་པ་བརྙེས་ཤིང་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་མེ་ལྕེ་རབ་ཏུ་འབར་བས་དངོས་པོར་སྨྲ་བ་རྣམས་ཀྱི་ལོག་རྟོག་གི་བུད་ཤིང་མ་ལུས་པ་བསྲེགས་པར་མཛད་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཐལ་འགྱུར་བའི་ཕྱོགས་ལ་སྐྱོན་བརྗོད་ནས་རང་རྒྱུད་ཀྱི་གཞུང་གཟུང་བའི་དོན་དུ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མེ་དང༌། རང་གཞན་གྱི་སྡེ་པ་རྣམས་ཀྱི་ལོག་རྟོག་དགག་པའི་ཕྱིར། དབུ་མ་རྩ་བའི་དོན་གྱི་འགྲེལ་པ་རྟོག་གེའི་སྙིང་པོ་དང༌། དེའི་འགྲེལ་པ་རྟོག་གེ་འབར་བ་མཛད་དོ། །དེའི་འོག་ཏུ་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་དཀྱིལ་འཁོར་ལས་བྱུང་བའི་ཡང་དག་རིགས་པའི་བསིལ་ཟེར་གྱི་དྲྭ་བས་རྟོག་གེའི་གཞུང་ལུགས་ཀྱི་མུན་པ་ཐམས་ཅད་བསལ་ཏེ། རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་གསལ་བར་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པས་ལེགས་ལྡན་འབྱེད་ཀྱིས་སུན་འབྱིན་བརྗོད་པ་རྣམས་ལེགས་པར་སྤངས་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འཕགས་པའི་དགོངས་པ་ཅི་ལྟ་བཞིན་དུ་དགོངས་པར་མཁྱེན་ནས་ལེགས་ལྡན་འབྱེད་ལ་སུན་འབྱིན་རྒྱས་པར་བརྗོད་ཅིང་མདོ་ཏིང་ངེ་འཛིན་རྒྱལ་པོ་དང༌། རྟེན་འབྲེལ་གྱི་མདོ་འགྲེལ་དང༌། སཱ་ལུ་ལྗང་པའི་མདོ་དང༌། དཀོན་མཆོག་བརྩེགས་པ་དང༌། འཕགས་པ་གླང་པོ་ཆེའི་རྩལ་གྱི་མདོ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་དུ་མ་དང༌། དབུ་མ་རྩ་བ་ལ་སོགས་པ་ལ་བརྟེན་ནས་དབུ་མ་རྩ་བའི་ཚིག་གི་འགྲེལ་པ་ཚིགས་གསལ་དང༌། ས་བཅུ་པའི་མདོ་སྡེ་ལ་སོགས་པ་མདོ་སྡེ་དུ་མ་ལ་བརྟེན་ནས་དོན་གྱི་འགྲེལ་པ་འཇུག་པ་མཛད་དོ། །དེ་ལ་འདིར་གང་བསྟན་པར་བྱ་བའི་ཆོས་ནི་དེ་ཉིད་དོ། །འདི་ལ་ལོ་ཙཱ་བས་བཀོད་པའི་མཚན་དོན་བཤད་པ་དང༌། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ་དང༌། སྒྱུར་བྱེད་ལོ་པཎ་གྱི་འགྱུར་བྱང་བཤད་པ་དང་གསུམ་ལས། དང་པོ་ནི། རྒྱ་གར་གྱི་སྐད་དུ། གཞུང་འདི་ལ་མ་དྷྱ་མ་ཀ་ཨ་བ་ཏ་ར་ན་མ། ཞེས་བརྡ་སྦྱར་བ་ཡིན་ལ། བོད་ཀྱི་སྐད་དུ། མ་དྷྱ་མ་ཀ་ནི་དབུ་མ། ཨ་བ་ཏ་ར་ནི་འཇུག་པ། ན་མ་ནི་ཞེས་བྱ་བའོ། །དབུ་མ་ལ་རྗོད་བྱེད་ཚིག་གི་དབུ་མ་དང༌། བརྗོད་བྱ་དོན་གྱི་དབུ་མ་གཉིས་སུ་གནས་པ་ལས། དང་པོ་ནི་དབུ་མ་རྩ་བའི་ཤེས་རབ་བོ། །གཉིས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་གཉིས་ལས་འདས་པ་སྟེ། སྣང་བའི་འཆར་སྒོ་མ་འགག་པས་ཆད་པའི་མཐའ་ལས་འདས། སྣང་དུས་ཉིད་ནས་མཐའ་གང་དུ་ཡང་བཟུང་དུ་མེད་པས་རྟག་པའི་མཐའ་ལས་འདས་པའོ། །ཡང་ན་གཞི་དབུ་མ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་གཉིས་ལས་འདས་པ། ལམ་དབུ་མ་སྤྲོས་པའི་མཐའ་བྲལ་རྟོགས་པའི་ལྟ་བ་རྗེས་འབྲངས་དང་བཅས་པ། འབྲས་བུ་དབུ་མ་སྤྲོས་པ་མ་ལུས་པ་ཞི་བ་སྟེ། འདི་ནི་བརྗོད་བྱ་དོན་གྱི་དབུ་མའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་ལོ་ཙཱ་བའི་མཆོད་བརྗོད་དོ། །མཚན་དོན་བཤད་ཟིན་ཏོ། །གཉིས་པ་ལ་གསུམ་སྟེ། མཆོད་པར་བརྗོད་པའི་ཚིག་དོན་བཤད། གཞུང་གི་དོན་ཉིད་གཏན་ལ་དབབ། བསྟན་བཅོས་རྫོགས་པའི་བྱ་བ་བསྟན་པའོ། །དང་པོ་ལ་བསྟོད་པ་དང༌། ཕྱག་འཚལ་བ་གཉིས་ལས། བསྟོད་པ་བརྗོད་པ་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང༌། ཐ་མར་སངས་རྒྱས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སྙིང་རྗེ་ཆེན་པོ་ལ་བསྟོད་པར་འོས་པ་ཉིད་བསྟན་པའི་ཕྱིར་ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས་ཞེས་བྱ་བ་གསུངས་སོ། །དེ་ལ་ཐུབ་དབང་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། སྒོ་གསུམ་ཐུབ་པ་ཐུན་མོང་མ་ཡིན་པ་དང་ལྡན་པས་ཐུབ་པ་ཡིན་ལ། རྒྱུ་གཉིས་ཀྱིས་དབང་པོ་ཡང་ཡིན་པའི་ཕྱིར་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ནོར་ལ་དབང་འབྱོར་བ་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་བཀའ་ཡིས་དབང་བསྒྱུར་བའི་ཕྱིར་རོ། །ཁྱད་པར་གཉིས་དང་ལྡན་པའི་ཐུབ་དབང་དེ་ལས་ཉན་ཐོས་དང་རང་སངས་རྒྱས་སྐྱེས་སོ། །ཅི་ལྟར་སྐྱེས་ཤེ་ན། དེ་པས་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའི་དོན་ཐོས་པའི་ཤེས་རབ་ཀྱིས་བཟུང་ཞིང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ལེགས་པར་བསམས་པའི་དོན། བསྒོམ་བྱུང་གིས་ཚུལ་བཞིན་དུ་ཉམས་སུ་བླངས་པ་ལས་སྐལ་པ་དང་འཚམས་པའི་ཡོན་ཏན་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་མི་འཐད་དེ། རྟེན་འབྲེལ་ལ་ཐོས་བསམ་བྱས་པ་འགའ་ཞིག་བྱང་ཆུབ་ཐོབ་པར་མ་དམིགས་པས་སོ་ཞེ་ན། གལ་ཏེ་ཡང་འགའ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཐོས་པའི་དབང་གིས་དབུ་མའི་དོན་ལ་མཁས་སུ་ཟིན་ཀྱང༌། མཐོང་བའི་ཆོས་ཁོ་ན་ལ་མྱ་ངན་ལས་འདས་པ་ཐོབ་པ་མི་འགྱུར་མོད། འོན་ཀྱང་ལས་བཞིན་དུ་ཚེ་རབས་གཞན་དུ་གདོན་མི་ཟ་བར་འབྲས་བུ་ཡོངས་སུ་སྨིན་པར་འགྱུར་ཏེ། འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་པ་དང༌། དབུ་མ་ལས་ཀྱང༌། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་སོ། །ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཞེ་ན། བདག་མེད་སྟོན་པའི་གདམས་ངག་གི་དོན་ཉམས་སུ་བླངས་པ་ལས་འཐོབ་པའི་འབྲས་བུ་གཞན་ལ་སྒྲོགས་པར་བྱེད་པས་ན་ཉན་ཐོས་སོ། །ཇི་ལྟར་སྒྲོགས་པའི་ཚུལ་ནི། བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་པའི་ཚུལ་དུ་སྒྲོག་གོ །ཡང་ན་དེ་པ་རྣམས་ལས་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོས་པ་གཞན་ལ་སྒྲོགས་པར་བྱེད་པས་ཉན་ཐོས་ཏེ། དམ་ཆོས་པདྨ་དཀར་པོའི་མདོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མེ་ཟད་འདྲ། །ཞེས་སོ། །བྱང་ཆུབ་སེམས་དཔའ་ཡང་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་སངས་རྒྱས་ཀྱི་ལམ་འབྲས་བུ་དང་བཅས་པ་སྒྲོགས་པ་ཙམ་ཡིན་གྱི་རྗེས་སུ་སྒྲུབ་པར་མི་བྱེད་པ་ལ་ཉན་ཐོས་ཞེས་ཐ་སྙད་བྱས་པས་བྱང་ཆུབ་སེམས་དཔའ་ལ་ཐལ་བར་མི་འགྱུར་རོ། །འདི་ནི་ཉན་ཐོས་ཀྱི་སྒྲ་བཤད་པའོ། །རང་སངས་རྒྱས་ཀྱི་སྒྲ་བཤད་པ་ནི། སངས་རྒྱས་ཀྱི་སྒྲ་རིགས་ཅན་གསུམ་ཀ་ལ་འཇུག་ཀྱང་འབྲིང་གི་སྒྲ་དང་འབྲེལ་བས་འདིར་རང་རྒྱལ་ལ་བསྙད་དོ། །ཅིའི་ཕྱིར་འབྲིང་ཞེས་བྱ་ཞེ་ན། བསོད་ནམས་དང་ཡེ་ཤེས་ཉན་ཐོས་ལས་ལྷག་པའི་ཕྱིར་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པ་མེད་པས་རྫོགས་པའི་སངས་རྒྱས་ལས་དམན་པའི་ཕྱིར་འབྲིང་ངོ༌། །བདག་ཉིད་གཅིག་པུའི་དོན་དུ་སངས་རྒྱས་པས་རང་སངས་རྒྱས་སོ། །ཡང་ཇི་སྐད་བཤད་པའི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་འབྱུང་གནས་སུ་བསྟན་པའི་ཐུབ་པའི་དབང་པོ་གང་ལས་སྐྱེ་ཞེ་ན། རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་སྟེ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་བསྟན་པ་ལས་སྐྱེས་པས་རྒྱལ་བའི་སྲས་ཞེས་བརྗོད་པ་མ་ཡིན་ནམ། ཇི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལས་སྐྱེས་ཤེ་ན། དེ་ཡང་བདེན་མོད་ཀྱང་ལུང་དང་རིགས་པ་གཉིས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཉིད་རྒྱུར་བཞག་གོ །དེ་ལ་རིགས་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་སངས་རྒྱས་ཀྱི་རྒྱུའི་གཙོ་བོར་གྱུར་པའི་ཕྱིར་རོ། །རྒྱུ་གཉིས་པོ་གང་ཞེ་ན། གནས་སྐབས་ཀྱི་ཁྱད་པར་དང་ཡང་དག་པར་ལེན་དུ་འཇུག་པའི་ཁྱད་པར་རོ། །དང་པོ་ནི། དེ་པ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་ཏེ། སྔར་བྱང་ཆུབ་སེམས་དཔར་གྱུར་ནས་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྐད་ཅིག་མ་གཉིས་པར་མངོན་པར་བྱང་ཆུབ་པའི་ཕྱིར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཤཱཀྱ་ཐུབ་པ་ལ་སོགས་པའི་དེ་པ་རྣམས་བྱང་ཆུབ་ཀྱི་སེམས་ལེན་དུ་གཞུག་པས་སངས་རྒྱས་ཀྱི་རྒྱུར་གྱུར་པ་ཡིན་ནོ། །ལུང་ཡང་ཡོད་དེ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་འདི་ལྟ་སྟེ་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི་དེ་པ་རྣམས་ལ་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་པ་རྣམས་འབྱུང་ངོ༌། །དེ་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་ཞེས་གསུངས་པ་ལྟ་བུའོ། །ཅིའི་ཕྱིར་མདོ་འདི་ལས་བྱང་ཆུབ་སེམས་དཔའ་ལ་བསྔགས་པ་བརྗོད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཆེས་བརླིང་བ་སྟེ་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང༌། རྒྱུར་བྱང་ཆུབ་སེམས་དཔའ་ལ་མཆོད་པར་བརྗོད་པས་འབྲས་བུ་སངས་རྒྱས་ལའང་དོན་གྱིས་མཆོད་པར་དགོངས་ཏེ། དཔེར་ན་སྨན་གྱི་ལྗོན་ཤིང་འབྲས་བུ་དཔག་ཏུ་མེད་པ་སྟེར་བ་ནི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དུ་མྱུ་གུ་ལ་སོགས་པ་འཐོན་ཞིང་ལོ་མ་འཇམ་པའི་གནས་སྐབས་སུ་སྐྱོང་བར་བྱེད་པ་ལྟར། འབྲས་བུ་དང་མཚུངས་པའི་སངས་རྒྱས་ཐོབ་པའི་ཕྱིར་དུ། མྱུ་གུ་དང་ཆོས་མཚུངས་པའི་བྱང་ཆུབ་སེམས་དཔའ་བསྐྱང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་དང༌། དཀོན་མཆོག་བརྩེགས་པ་གསུངས་པའི་དུས་དེར་ཉེ་བར་གྱུར་པའི་གདུལ་བྱ་ཐེག་པ་གསུམ་ལ་འགོད་པ་རྣམས་མཐར་ཐུག་ཐེག་པ་ཆེན་པོ་ལ་ངེས་པར་སྦྱར་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་ལ་བསྔགས་པ་བརྗོད་དོ། །ཡང་བྱང་ཆུབ་སེམས་དཔའ་དེ་དག་ཅིའི་རྒྱུ་ཅན་ཡིན་ཞེ་ན། ཞེ་སྡང་མེད་པའི་ངོ་བོ་སྙིང་རྗེའི་སེམས་འོག་ནས་འཆད་པར་འགྱུར་བ་དང༌། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་གཉིས་སུ་ཞེན་པ་མེད་པའི་མཐའ་གཉིས་དང་བྲལ་བའི་བློ་སྟེ་ཤེས་རབ་དང༌། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་གདུལ་བྱའི་སེམས་ཅན་རྣམས་ཀྱིས་བདག་མེད་པ་རྣམ་པ་གཉིས་ཁོང་དུ་ཆུད་པར་བྱའོ་སྙམ་པའི་རྣམ་པ་ཅན་གྱི་ཡིད་ཀྱི་ཤེས་པའི་ངོ་བོ་ཅན་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་སེམས་ལ་སོགས་པའི་ཕན་ཡོན་དགུ་དང་བཅས་པའོ། །འཕགས་པ་ཆོས་ཀུན་ཏུ་འགྲོ་བའི་མདོ་ཁུངས་སུ་མཛད་ནས་གསུངས་སོ། །ཅིའི་ཕྱིར་གསུམ་པོ་འདི་ཙམ་ཞིག་བྱང་ཆུབ་སེམས་དཔའི་རྒྱུར་བརྗོད་ཅེ་ན། སྙིང་རྗེ་ཆེན་པོ་དང༌། གཉིས་སུ་མེད་པའི་ཤེས་རབ་དང༌། བྱང་ཆུབ་ཀྱི་སེམས་གསུམ་པོ་འདི་དག་བྱང་ཆུབ་སེམས་དཔའི་རྒྱུའི་གཙོ་བོར་གྱུར་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །རིན་ཆེན་ཕྲེང་བ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་ལྷུན་པོ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་འབྱུང་བས་སོ། །བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩ་བ་ཡང་སྙིང་རྗེ་ཡིན་པའི་ཕྱིར་ན་སྙིང་རྗེ་གཙོ་བོ་ཉིད་དུ་བསྟན་པ་ནི་བསྟོད་ཅེས་དྲང་ངོ༌། །གང་གིས་ན་ཟླ་བ་གྲགས་པ་བདག་གིས་སོ། །དུས་ནམ་གྱི་ཚེ་ན། བསྟན་བཅོས་རྩོམ་པའི་ཐོག་མར་རོ། །གང་ལ་བསྟོད་ན་འཆད་པར་འགྱུར་བའི་སྙིང་རྗེ་ལའོ། །བསྟོད་པའི་རྒྱུ་མཚན་གང་གི་ཕྱིར་ན། ཇི་ལྟར་ན་འཇིག་རྟེན་ན་ལོ་ཐོག་ཕུན་སུམ་ཚོགས་པ་འགྲུབ་པའི་ཕྱིར་དུ། ཐོག་མར་མྱུ་གུ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཕྱིར་ཏེ། འདི་ལྟར་སྙིང་རྗེ་ཅན་གྱི་གང་ཟག་གང་གིས་སེམས་ཅན་སྡུག་བསྔལ་བར་མཐོང་བར་ཡོངས་སུ་སྐྱོབ་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མངོན་དུ་བྱེད་དོ། །སེམས་བསྐྱེད་པ་ན། དམ་བཅའ་བ་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་མེད་ན་མཚན་མར་འཛིན་པའི་གཡང་སར་ལྷུང་བས་འབྲས་བུ་བྱང་ཆུབ་མི་ཐོབ་པའི་ཕྱིར། མཚན་མར་འཛིན་པའི་གཉེན་པོར་གཉིས་སུ་མེད་པའི་ཡེ་ཤེས་ལ་ངེས་པར་འཇུག་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་སྙིང་རྗེ་ཡིན་ནོ། །དེ་ཡང་རིན་ཆེན་ཕྲེང་བ་ལས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང༌། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་འབྱུང་ངོ༌། །བར་དུ་ཚོགས་གཉིས་ཀྱི་དགེ་བ་གོང་ནས་གོང་དུ་སྤེལ་བ་ལ་ཆུ་དང་འདྲ་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་འབྲས་བུ་མཐར་ཐུག་པ་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་སྨིན་གྱི་བར་དུ་སྙིང་རྗེའི་ཆུས་ཡང་དང་ཡང་དུ་བཅུས་ནས་བར་མ་དོར་དམན་པའི་མྱང་འདས་སུ་ཉེ་ཞོར་མི་འགྱུར་བར་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །ཐ་མར་ལོངས་སྤྱོད་པའི་དོན་དུ་ཡུན་རིང་དུ་གནས་པ་ལ་ཡོངས་སུ་སྨིན་པ་དང་འདྲ་བ་ཡིན་ཏེ། སྨིན་རུང་གི་སེམས་ཅན་ཡལ་བར་མི་འདོར་བའི་སྙིང་རྗེ་ཡོངས་སུ་སྨིན་པའི་དབང་གིས་རང་དོན་ཆོས་ཀྱི་སྐུ་ལ་གནས་ཀྱང་གཞན་དོན་གཟུགས་ཀྱི་སྐུའི་སྣང་བ་བསྟན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་ཡུན་རིང་པོར་མངོན་པར་འཕེལ་བའི་ཕྱིར་རོ། །བསྟོད་པ་བརྗོད་ཟིན་ནས་ད་ནི་དམིགས་པའི་བྱེ་བྲག་ལ་འཇུག་པའི་སྒོ་ནས་སྙིང་རྗེ་གསུམ་གྱི་ངོ་བོའི་ཁྱད་པར་བསྟན་ཏེ་ཕྱག་འཚལ་བ་ལ་སེམས་ཅན་ལ་དམིགས་པ་དང༌། ཆོས་དང༌། དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བ་གསུམ་ལས། དང་པོ་ལ་འདུད་ཅེས་དྲང་ངོ༌། །གང་གིས་ན་ཟླ་བ་གྲགས་པས་སོ། །གང་ལ་ཞེ་ན་འགྲོ་བ་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བར་འདོད་པའི་མཚན་ཉིད་ཅན་གྱི་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལའོ། །འགྲོ་བ་ཇི་ལྟ་བུ་ཞེ་ན། ཁྱད་པར་གཉིས་དང་ལྡན་པ་སྟེ། ངོ་བོའི་ཁྱད་པར་ནི་ཟོ་ཆུན་གྱི་ཁྱུད་མོ་འཕྱན་པ་ལྟར་རང་དབང་མེད་པར་གྱུར་པའི་རང་བཞིན་ཅན་ནོ། །རྒྱུ་གང་ལས་འཕྱན་ཞེ་ན། རྒྱུའི་ཁྱད་པར་བསྟན་པ་ནི། བདག་གིར་མངོན་པར་ཞེན་པའི་དང་པོར་ཉེ་བར་ལེན་པའི་ཕུང་པོ་ལ་ཡོད་པ་མ་ཡིན་པའི་བདག་ཉེ་བར་བཏགས་ནས་ང་ཞེས་ཞེན་པར་གྱུར་ཅིང༌། ངར་འཛིན་གྱི་ཡུལ་ལས་གཞན་པ་རྣམས་ལ་བདག་གི་རྫས་དང་ལོངས་སྤྱོད་འདི་ཞེས་ཆགས་པ་སྐྱེད་པར་གྱུར་པའི་རྒྱུ་ལས་སོ། །ཚིག་དང་པོས་ནི་གང་ཟག་གི་བདག་འཛིན་བསྟན་ཅིང༌། གཉིས་པས་ཆོས་ཀྱི་བདག་འཛིན་བསྟན་ཏོ། །ཇི་ལྟར་ཟོ་ཆུན་གྱི་རྒྱུད་དང་ཆོས་མཚུངས་ཤེ་ན། བདག་དང་བདག་གིར་ཞེན་པའི་འཇིག་རྟེན་པ་འདི་ནི་ལས་དང་ཉོན་མོངས་པའི་ཐག་པས་ཆེས་བསྡོམས་ཤིང༌། རྣམ་པར་ཤེས་པའི་འཁྲུལ་འཁོར་མཁན་གྱིས་བསྐྱོད་པ་ལ་རགས་ལས་ཏེ་འཇུག་པ་འཁོར་བའི་ཁྲོན་པ་ཆེན་པོ་སྲིད་པའི་རྩེ་མོ་ནས་མནར་མེད་པར་ཐུག་པར་ཟབ་ཅིང༌། བར་མཚམས་མེད་པར་འཕྱན་པ་ངན་སོང་དུ་རང་གི་ངང་གིས་འཇུག་ཅིང༌། དགེ་བ་བཅུའི་འབད་པས་ལྷ་མིའི་གནས་སུ་དྲང་བར་བྱ་བ། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉོན་མོངས་པ་གསུམ་གྱིས་བར་མཚམས་མེད་པར་ཉི་མ་རེ་རེ་ཞིང་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དག་གིས་གཅོག་པའི་ཕྱིར་ཟོ་ཆུན་གྱི་ཆུན་མོ་དང་མཚུངས་པ་ཡིན་ནོ། །གཉིས་པ་ཆོས་དང་དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ནི། གདུལ་བྱའི་འགྲོ་བ་མཐོང་བ་ན་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་དོ། །དེ་ལ་ཆོས་ལ་དམིགས་པའི་སྙིང་རྗེ་ནི་དཔེར་ན། ཆུ་ཤིན་ཏུ་དྭངས་པས་གང་བའི་ཆུ་མཚོའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་རླུང་ཅུང་ཟད་ཀྱིས་བསྐྱོད་པ་ཚེ་འཇིག་རྟེན་པ་རྣམས་ཀྱིས་རྟེན་གྱི་ཡུལ་ཆུ་དང་ལྷན་ཅིག་ཏུ་འཇིག་པ་མཐོང་བ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་མཐའ་ཡས་པའི་སེམས་ཅན་འཇིག་ཚོགས་ལ་ལྟ་བའི་མཚོ། མ་རིག་པའི་ཆུས་ཡོངས་སུ་གང་བ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པའི་ནང་དུ་གནས་པ། རང་གི་ལས་ཀྱི་གཟུགས་བརྙན་ལྟ་བུར་སྐད་ཅིག་རེ་རེ་ལ་མི་རྟག་པའི་སྡུག་བསྔལ་གྱིས་རབ་ཏུ་གཡོ་བར་མཐོང་བའོ། །དམིགས་པ་མེད་པའི་སྙིང་རྗེ་ནི། ཆུ་ཟླ་རང་བཞིན་གྱིས་སྟོང་པ་ལྟར་འགྲོ་བ་འདི་དག་གདོད་མ་ནས་མ་སྐྱེས་པས་རང་བཞིན་གྱིས་སྟོང་པར་མཐོང་བའོ། །སྙིང་རྗེ་གསུམ་པོ་དེ་དག་གི་བསྡུས་པའི་དོན་ནི་ངོ་བོའི་ཁྱད་པར་དང་བྱེད་ལས་དང་ས་མཚམས་གསུམ་གྱིས་རིག་པར་བྱ་སྟེ། དེ་ལ་ངོ་བོའི་ཁྱད་པར་ནི། སེམས་ཅན་ལ་དམིགས་པར་མཚུངས་ཀྱང་དམིགས་ཡུལ་སེམས་ཅན་སྡུག་བསྔལ་བར་དམིགས་ནས་སྡུག་བསྔལ་ལས་སྐྱོབ་པའི་རྣམ་པ་ཅན་དང༌། དམིགས་ཡུལ་སེམས་ཅན་མི་རྟག་པ་དང༌། རང་བཞིན་གྱིས་སྟོང་པར་དམིགས་ནས་སངས་རྒྱས་ལ་འགོད་པར་འདོད་པའི་རྣམ་པ་ཅན་ཏེ། དམིགས་པའི་ཡུལ་གྱི་ཁྱད་པར་གྱི་ཆོས་ལ་འཇུག་པའི་བྱེ་བྲག་གིས་གསུམ་དུ་ཕྱེ་བའོ། །བྱེད་ལས་ནི་གནས་སྐབས་ཀྱི་སྡུག་བསྔལ་ལས་སྐྱོབ་པ་དང༌། མཐར་ཐུག་གི་སྡུག་བསྔལ་ལས་སྐྱོབ་པ་དང༌། སྲིད་ཞི་མཐའ་དག་གི་རྒུད་པ་ལས་སྐྱོབ་པའི་བྱ་བ་བྱེད་དོ། །ས་མཚམས་ནི་དང་པོ་ཚོགས་སྦྱོར་ན་ཡོད་ཅིང༌། གཉིས་པ་ཉན་རང་འཕགས་པ་དང༌། གསུམ་པ་ཐེག་ཆེན་གྱི་མཐོང་ལམ་ཡན་ཆད་ན་ཡོད་དོ། །མཆོད་པར་བརྗོད་པའི་དོན་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། རྒྱུའི་ས་བཅུ་སོ་སོར་བཤད། སའི་ཡོན་ཏན་རྒྱས་པར་བཤད། འབྲས་བུའི་ས་ཉིད་གསལ་བར་བསྟན་པའོ། །དང་པོ་ལ་སའི་ངོ་བོ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པ་ལ་ས་ཞེས་བྱ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །འདི་ལ་ཡུལ་ཆོས་ཀྱི་དབྱིངས་མི་འདྲ་བ་རྟོགས་པའི་སྒོ་ནས་ཡུལ་ཅན་ཡེ་ཤེས་ལ་མི་འདྲ་བའི་ཁྱད་པར་གྱི་དབྱེ་བ་མེད་དེ། ཇི་སྐད་དུ་ས་བཅུ་པ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང༌། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་སོ། །འོན་ཀྱང་གོང་ནས་གོང་དུ་སངས་རྒྱས་ཀྱི་ཞལ་མཐོང་བ་ལ་སོགས་པའི་ཡོན་ཏན་གྱི་གྲངས་རྣམ་པར་འཕེལ་བ་དང༌། འཇིག་རྟེན་གྱི་ཁམས་གཡོ་བ་ལ་སོགས་པའི་མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཕྱིན་པ་བཀླགས་པ་དང༌། རིན་ཆེན་ཕྲེང་བ་ལས་བསྟན་པ་བཞིན་དུ་འཛམ་བུ་གླིང་དང་གླིང་བཞི་ལ་དབང་བྱེད་པའི་སྐྱེ་བ་འཛིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་བྱེ་བྲག་གིས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་བཞག་གོ །དེ་ལ་བྱང་ཆུབ་ཀྱི་སེམས་དང་པོ་ནི། དོན་བཞིའི་སྒོ་ནས་བསྟན་པར་བྱ་སྟེ། ས་རང་གི་ངོ་བོ་བསྟན། ས་ལ་གནས་པའི་ཡོན་ཏན་བརྗོད། སྦྱིན་པའི་ཕར་ཕྱིན་ལྷག་པར་བསྟན། སའི་བསྔགས་པར་བརྗོད་དེ་མཇུག་བསྡུ་བའོ། །དང་པོ་ནི། རྒྱལ་བའི་སྲས་ས་དང་པོ་ལ་གནས་པ་འདིའི་སེམས་སྙིང་རྗེས་ཡོངས་སུ་ཟིན་པའི་སེམས་གང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཅན་མཐུ་ཕུལ་དུ་བྱུང་བ་ལ་སོགས་པའི་འབྲས་བུས་ཉེ་བར་མཚོན་པ་དེ་ནི་སེམས་བསྐྱེད་པ་དང་པོ་ཞེས་བྱའོ། །དེ་ཡང་ཁྱད་པར་བཞི་དང་ལྡན་པ་སྟེ། ཁྱད་པར་དང་པོ་ནི། དམིགས་པ་མེད་པའི་སྙིང་རྗེའི་དབང་གིས་སེམས་ཅན་གཞན་གྱི་དབང་དུ་གྱུར་པའོ། །ཅིང་ནི་སྡུད་པའི་ཚིག་གོ །དགོས་པ་ཅིའི་དོན་དུ་ཞེ་ན། འགྲོ་བ་རྣམས་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་རོ། །ཁྱད་པར་གཉིས་པ་ནི། འགྲོ་བ་རྣམས་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དམིགས་པ་མེད་པའི་སྙིང་རྗེའི་དབང་གིས་སེམས་ཅན་གཞན་གྱི་དབང་དུ་གྱུར་པ་དང༌། ཁྱད་པར་གསུམ་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་དགེ་བའི་རྩ་བ་འཁོར་གསུམ་དག་པའི་སྒོ་ནས་གཞན་དོན་དུ་བསྔོ་བ་བྱེད་པ་དང༌། ཁྱད་པར་བཞི་པ་ནི་ཟག་པ་མེད་པའི་དགའ་བདེ་གསར་དུ་ཐོབ་པ་ལ་རབ་ཏུ་གནས་པས་རབ་ཏུ་དགའ་བའི་མིང་གིས་ཁྱད་པར་དུ་བྱས་པ་ཅན་ནོ། །ཅིའི་ཕྱིར་ཀུན་ཏུ་བཟང་པོའི་སྨོན་ལམ་ཁྱད་པར་དུ་བཀོད་ཅེ་ན། གནས་སྐབས་འདིར་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་འདེབས་པ་དེ་དག་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ནང་དུ་འདུ་བས་སྨོན་ལམ་མ་ལུས་པ་ཉེ་བར་བསྡུ་བའི་ཕྱིར་སྨོས་སོ། །ཅིའི་ཕྱིར་འདི་ལས་ས་བཅུ་རྣམ་པར་བཞག་ཅིང་མོས་པས་སྤྱོད་པ་གང་གི་ནང་དུ་འདུ་ཞེ་ན། ཇི་ལྟར་ཉན་ཐོས་ཀྱི་ཐེག་པར་ས་བརྒྱད་རྣམ་པར་བཞག་པ་བཞིན་དུ་འདིར་ཡང་བྱང་ཆུབ་སེམས་དཔའི་ས་བཅུ་ཡིན་ནོ། །ཇི་ལྟར་ཉན་ཐོས་ངེས་པར་འབྱེད་པའི་ཆ་མཐུན་སྐྱེས་པ་ཙམ་ནི་འབྲས་བུ་དང་པོ་ལ་ཞུགས་པར་མི་འདོད་པ་བཞིན་དུ་འདིར་ཡང་ཡིན་ཏེ། དཀོན་མཆོག་སྤྲིན་གྱི་མདོ་ལས། མོས་པ་ཆེན་པོའི་ཡང་ཆེན་པོས་སྤྱོད་པ་ཆོས་ཉིད་ཀྱི་ས་དང་པོ་དེ་མ་ཐག་ཏུ་ཐོབ་པར་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་མ་བསྐྱེད་པའི་སའོ་ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས། མོས་པས་སྤྱོད་པའི་སྐད་ཅིག་དེ་ལ་གནས་པ་ཡང༌། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མིའི་མདོག་ལས་འདས་ལ་ལྷའི་མདོག་མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ནི་ཤིན་ཏུ་འདས་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་ས་ལ་གནས་པའི་ཡོན་ཏན་བརྗོད་པ་ནི། ས་དང་པོ་ལ་ཞུགས་པར་གྱུར་པ་དེ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་སེམས་བསྐྱེད་པ་དང་པོ་དེ་ཐོབ་པར་གྱུར་པ་དེ་ཡིས་བྱང་ཆུབ་སེམས་དཔའ་འཕགས་པ་ཞེས་བྱ་བའི་སྒྲ་ཉིད་ཀྱིས་བསྙད་དོ། །རྣམ་པ་གཞན་སོ་སྐྱེའི་མིང་གིས་བསྙད་པར་བྱ་བ་མ་ཡིན་ཏེ། དེའི་ཚེ་འཕགས་པ་ཡིན་ཕྱིར་རོ། །ཅིའི་ཕྱིར་སོ་སོ་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའི་སྒྲས་བསྙད་པར་བྱ་བ་མིན་ཞེ་ན། བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཡིན་ལ་སེམས་དཔའ་ནི་དེ་ཅི་ལྟ་བ་བཞིན་རྟོགས་པ་ཡིན་པས་སོ་སྐྱེ་ལ་དེ་མི་འཐད་པའི་ཕྱིར་ཏེ། བཅོམ་ལྡན་འདས་མ་ཉིས་སྟོང་ལྔ་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པའི་སེམས་དཔའི་ཚིགས་བླ་དྭགས་ཏེ། གང་གིས་ཆོས་ཐམས་ཅད་རྗེས་སུ་རྟོགས་ཤིང་ཤེས་པའོ། །ཇི་ལྟར་ཤེས་ཤེ་ན། མ་བྱུང་བ་དང་ཡང་དག་པར་མ་བྱུང་བ་དང༌། མ་ལོག་པ་དང༌། དེ་དག་ཇི་ལྟར་བྱིས་པ་སོ་སོ་སྐྱེ་བོས་རྙེད་པ་དེ་ལྟར་མ་ཡིན་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་གསུངས་སོ། །གནས་སྐབས་དེར་བྱང་ཆུབ་སེམས་དཔའ་འཕགས་པར་བརྗོད་པར་མ་ཟད་ཀྱི། བྱང་ཆུབ་སེམས་དཔའ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གདུང་འཛིན་པའི་རིགས་སུའང་སྐྱེས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་པའི་ཕྱིར་དང༌། དེ་པའི་ས་ལ་རྗེས་སུ་འགྲོ་བའི་ཟག་མེད་ཀྱི་ལམ་དང་པོ་སྐྱེས་པའི་ཕྱིར་རོ། །རྒྱལ་བའི་སྲས་པོ་འདི་ཡི་འཇིག་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་པའི་ཀུན་ཏུ་སྦྱོར་བ་གསུམ་དང་བྲལ་བ་ཡང་ཡིན་ཏེ། གང་ཟག་གི་བདག་མེད་པ་མངོན་སུམ་དུ་མཐོང་བས་དེ་དག་སླར་མི་སྐྱེ་བའི་ཕྱིར་རོ། །ས་དང་པོའི་བྱང་ཆུབ་སེམས་དཔའ་དེ་ནི་དགའ་བ་མཆོག་ཏུ་གྱུར་པ་འཆང་བ་སྟེ་སྲེལ་བ་ཡིན་ཏེ། ཟག་པ་མེད་པའི་དགའ་བ་མངའ་བ་ཉིད་ཀྱི་ཕྱིར་ཏེ། ངེས་པ་ལ་དངོས་སུ་ཞུགས་པའི་རྒྱུ་ཅན་གྱི་ཡོན་ཏན་ཐོབ་པ་དང༌། སའི་མི་མཐུན་པའི་ཕྱོགས་དང་བྲལ་བས་ཐུན་མོང་མ་ཡིན་པའི་དགའ་བ་ཁྱད་པར་ཅན་སྐྱེས་པས་སོ། །འཇིག་རྟེན་གྱི་ཁམས་བརྒྱ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཀུན་ནས་གཡོ་བར་ནུས་ཤིང་གཅིག་ཏུ་གྱུར་ནས་མང་པོ་ལ་སོགས་པའི་ནུས་པའང་ཐོབ་པ་ཡིན་ནོ། །ས་དང་པོ་ཐོབ་པའི་རྗེས་ནས་ས་གཉིས་པ་དང་གསུམ་པ་ལེགས་པར་གནོན་པ་སྟེ་བགྲོད་པར་བྱེད་ཅིང་གོང་མ་ཀུན་ཏུ་འོད་ཀྱི་ས་ལ་རབ་ཏུ་འགྲོ་བར་ཡང་འགྱུར་ཏེ་ཁོང་དུ་ཆུད་པའི་ས་ཉིད་ཀྱི་དོན་གོམས་པར་བྱེད་པའི་ཕྱིར་དང༌། ས་གཉིས་པ་ལ་སོགས་པ་གནོན་པ་ལ་ཆེས་སྤྲོ་བའི་ཕྱིར་རོ། །འཕགས་པ་བརྒྱད་པ་རྒྱུན་ཞུགས་ཞུགས་པ་ལ་མི་དགེ་བཅུ་མི་བྱེད་པའི་ཡོན་ཏན་ཡོད་པས་ངན་འགྲོའི་ལམ་འགག་པ་དང༌། བདེན་པ་མཐོང་བས་སོ་སྐྱེའི་སྐྱོན་རྣམས་ཟད་པ་ཇི་ལྟ་བ་དེ་ལྟར་ས་དང་པོ་ཐོབ་པ་དེའི་ཚེ་མི་དགེ་བ་བཅུ་མི་བྱེད་པས་འདིའི་རྒྱུད་ལ་ངན་འགྲོའི་ལམ་རྣམས་མཐའ་དག་འགག་པར་འགྱུར་ཞིང༌། དེ་ཡི་ཚེ་བདེན་པ་མཐོང་བས་འདིའི་རྒྱུད་ལ་སོ་སོ་སྐྱེ་བོའི་ས་རྣམས་ཟད་པས་བྱང་ཆུབ་སེམས་དཔའ་འདི་རྒྱུན་ཞུགས་ཞུགས་པའི་དཔེའི་སྒོ་ནས་ཉེ་བར་བསྟན་ཏེ། ཉན་ཐོས་དང་བསེ་རུ་ཟིལ་གྱིས་གནོན་པར་བསྟན་པ་ནི། རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་སེམས་ལྟ་དང་པོ་ལ་གནས་པས་ཀྱང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དག་གི་དབང་གིས་ཕམ་པ་སྟེ་ཟིལ་གྱིས་གནོན་པར་བྱས་ནས་བསོད་ནམས་རྣམ་པར་འཕེལ་ལོ། །གང་ཟིལ་གྱིས་གནོན་ཞེ་ན། ཐུབ་པའི་དབང་པོའི་གསུང་ལས་སྐྱེས་པ་ཉན་ཐོས་དང་བཅས་པའི་སྒྲས་བསྡུས་པ་རང་སངས་རྒྱས་རྣམས་ཟིལ་གྱིས་གནོན་ཏོ། །ཇི་སྐད་དུ་བྱམས་པའི་རྣམ་ཐར་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པར་རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་དེ་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱོད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་བྱུང་བ་ནམ་མཁའ་ལྡིང་གི་དབང་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང༌། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་སྟོང་དུ་ངེས་པར་འབྱུང་བའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དུས་གང་གི་ཚེ་བློ་གྲོས་ཀྱི་མཐུས་ཟིལ་གྱིས་གནོན་ཞེ་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པ་རིང་དུ་སོང་བ་ཐོབ་པར་གྱུར་པའི་ཚེ། རང་གི་ཡུལ་ཤེས་པའི་ཆེ་བ་ཆོས་དབྱིངས་ལ་གོམས་པ་ཕུལ་དུ་བྱུང་བ་ཐོབ་པ་ལ་གནས་པས། བསོད་ནམས་ལྷག་པར་མ་ཟད་སྟོང་ཉིད་རྟོགས་པའི་བློ་ཡང་ལྷག་པར་འགྱུར་རོ། །འགྲེལ་བཤད་ལས་བློ་གྲོས་ལྷག་པའི་དོན་མདོ་སྡེ་ལ་སོགས་པའི་མཚན་མ་ལ་མི་ལྟོས་པར་ཆོས་ཀྱི་དབྱིངས་གོམས་པ་བྱེད་ནུས་པ་ལ་བཤད་དོ། །ཡང་འགའ་ཞིག་ས་བཅུའི་མཉམ་བཞག་ལ་ཁྱད་པར་མེད་པར་འདོད་པ་དག་གིས་ནི་གཞུང་མ་མཐོང་བའམ་བློ་ཁ་མ་ཕྱོགས་པར་ཟད་དོ། །འདི་ལ་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་མེད་པ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཆོས་ཀྱི་དབྱིངས་ལ་རང་བཞིན་མི་འདྲ་བ་དུ་མ་མེད་པས་ཆོས་དབྱིངས་མི་འདྲ་བ་རྟོགས་པའི་སྒོ་ནས་ཡུལ་ཅན་ཡེ་ཤེས་ལ་ངོ་བོ་མི་འདྲ་བའི་དབྱེ་བ་བསྟན་དུ་མེད་པའི་དོན་དུ་བཤད་ཟིན་ཏོ། །འོག་ཏུ་ཐེག་པ་ཆེན་པོ་གཅིག་ཏུ་ངེས་པའི་སྒྲུབ་བྱེད་ལ་ཡང་དེ་ཉིད་དུ་གསལ་བར་བསྟན་ཏོ། །ས་བདུན་པ་ནས་བློ་གྲོས་ཕུལ་དུ་བྱུང་བར་འགྲོ་བའི་ལུང་གི་ཁུངས་བསྟན་པ་ནི། འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་པོའི་སྲས་དག་འདི་ལྟར་ཏེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ལུང་འདི་ལས་ནི་ཉན་རང་ལ་ཡང་ཆོས་བདག་མེད་རྟོགས་པ་ཡོད་པར་བསྟན་ཏོ། །ཆོས་ཀྱི་བདག་མེད་པ་རྟོགས་པ་ལ་ལུང་དང་རིགས་པ་གཉིས་ལས་རིགས་པ་ནི། གལ་ཏེ་ཉན་རང་ལ་ཆོས་རང་བཞིན་མེད་པར་ཤེས་པ་མེད་ན་སེམས་བསྐྱེད་དང་པོ་བསྐྱེད་པས་ཀྱང་བློ་གྲོས་ཀྱི་མཐུས་ཟིལ་གྱིས་གནོན་པར་འགྱུར་ཏེ། ཆོས་རང་བཞིན་མེད་པར་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་ཆགས་བྲལ་བཞིན། འདོད་མི་ནུས་ཏེ། ལུང་གིས་བསལ་བས་སོ། །སྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་དང༌། རེང་བྱེད་ཀྱི་བུ་ལྷག་སྤྱོད་བཞིན་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །མི་རྟག་སོགས་སུ་རྟོགས་པས་ཕྲ་རྒྱས་སྤོང་བའི་ཕྱིར་མ་ངེས་ཤེ་ན། མ་ཡིན་ཏེ། ཕུང་པོ་རྟག་སོགས་འཛིན་པ་དང་མི་རྟག་སོགས་འཛིན་པ་ཡང་ཕུང་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པར་མཚུངས་པའི་ཕྱིར། མི་རྟག་པར་རྟོགས་པ་ཙམ་གྱིས་ཕྲ་རྒྱས་ཐམས་ཅད་སྤོང་ནུས་པ་ག་ལ་ཡོད་དེ། གཟུགས་སོགས་ཕུང་པོའི་རང་གི་ངོ་བོ་ལ་དམིགས་པས་ཕུང་པོ་གནས་ལུགས་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་ཕུང་པོ་རང་བཞིན་མེད་པར་རྟོགས་པར་ཕུང་པོ་མི་རྟག་སོགས་སུ་དམིགས་པའི་ཕྱིར་རོ། །ཆོས་ཀྱི་བདག་མེད་མ་རྟོགས་པ་ལ་གནོད་བྱེད་ཀྱི་རིགས་པ་གསུམ་བསྟན་ནས། གཉིས་པ་ལུང་ལ་བདུན་ཡོད་པ་ལས། གང་ཟག་གི་བདག་མེད་རྟོགས་པ། ཆོས་ཀྱི་བདག་མེད་རྟོགས་པ་ལ་རགས་ལས་པའི་ཁུངས་ནི། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་སོ། །འདིས་རྗེས་འགྲོ་བསྟན་ཏོ། །ལྡོག་པ་སྟོན་པ་ནི། དེ་ན་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། །ཅེས་སོ། །ལུང་གཉིས་པ་ཕུང་པོ་ལྔ་རང་བཞིན་མེད་པ་ཉན་ཐོས་དང་རང་སངས་རྒྱས་ལ་བསྟན་པའི་ཁུངས་ནི། ཡང་དེ་ཉིད་ལས། ཇི་ལྟར་མིག་ནི་འཁྲུལ་པ་ཡིས། །འགལ་མེའི་འཁོར་ལོ་འཛིན་བྱེད་པ། །ཞེས་པ་ནས་བཟུང་སྟེ། སེམས་བྱུང་མེད་པར་སེམས་མེད་དེ། །དོན་མེད་ཕྱིར་ནི་ཡོད་མི་འདོད། །ཅེས་པ་ནས། བདག་གཉིས་མེད་པར་ཤེས་ནས་མྱ་ངན་ལས་འདས་པ་ཐོབ་པའི་དབང་དུ་བྱས་ནས། དེ་ལྟར་ཡང་དགྲ་ཇི་བཞིན་དུ། །འགྲོ་བ་དོན་མེད་ཤེས་ནས་ནི། །རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་མེད་ལན་མེད་མྱ་ངན་འདས། །ཞེས་པའི་བར་དུ་གསུངས་སོ། །འདི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མཇུག་ཐོག་ཁོ་ནར་བྱང་ཆུབ་སེམས་དཔའི་དབང་དུ་མཛད་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང༌། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་ཉིང་མཚམས་སྦྱོར། །ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་སྤོང་བའི་དོན་དུ་ཉན་ཐོས་ལ་ཕུང་པོ་རང་བཞིན་མེད་པར་བསྟན་པ་ནི། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་ལྦུ་བ་གདོས་པ་འདྲ། །ཚོར་བ་ཆུའི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་སོ། །དོན་འདི་ཉིད་སྟོན་པར་མཛད་པ་ན། སློབ་དཔོན་གྱི་ཞལ་སྔ་ནས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་བཞིན་བཟོད་པར་གྱིས། །ཞེས་སྟོང་པ་ཉིད་གཅིག་ཉིད་ཐེག་ཆེན་ལས་སྐྱེ་མེད་ཀྱིས་སྒྲས་བསྟན་ཅིང༌། ཐེག་པ་ཆུང་ངུ་ལས་ཟད་པའི་མིང་གིས་བསྟན་པར་གསུངས་པ་དང༌། དེ་བཞིན་དུ། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པར་མཛད། །ཅེས་གསུངས་པ་དང༌། ཤེར་ཕྱིན་ལས་ཀྱང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་དང༌། སྡུད་པ་ལས་ཀྱང༌། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པས། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཚུལ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ལམ་ལ་མ་བརྟེན་པར་བྱང་ཆུབ་གསུམ་པོ་གང་ཡང་མི་འཐོབ་པར་བཤད་དོ། །ལུང་ཐ་མ་འདི་གཉིས་ཚིགས་གསལ་དུ་ཆོས་ཀྱི་བདག་མེད་རྟོགས་པའི་ཁུངས་སུ་མཛད་པ་འདིར་དྲངས་པ་ཡིན། གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ཀྱི་བདག་མེད་བསྟན་ན། ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། ཐེག་པ་ཆེན་པོ་ལས་ནི་ཆོས་ཀྱི་བདག་མེད་པ་ཙམ་སྟོན་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་ས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། སྨོན་ལམ་དང༌། སྙིང་རྗེ་ལ་སོགས་པ་དང༌། བསྔོ་བ་དང༌། ཚོགས་གཉིས་དང༌། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་དང༌། མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ནུས་པ་ལ་སོགས་པའི་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་བསྟན་པར་བྱ་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པ་ནི། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང༌། །ཞེས་གསུངས་སོ། །གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ལས་ནི་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར། ཆོས་ཀྱི་བདག་མེད་མདོ་ཙམ་དུ་བསྟན་པ་ཡིན་ལ། ཐེག་པ་ཆེན་པོ་ལས་ནི་ཤེས་སྒྲིབ་ཀྱི་གཉེན་པོར་སྟོང་པ་ཉིད་བཅུ་དྲུག་ལ་སོགས་པ་རྒྱས་པར་བསྟན་པ་ཡིན་ཏེ། སློབ་དཔོན་གྱི་ཞལ་སྔ་ནས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚངས་པར་བསྟན་པ་ལགས། །ཞེས་གསུངས་སོ། །དེ་ལྟར་ལུང་དང་རིགས་པ་གཉིས་ཀྱིས་ཆོས་ཀྱི་བདག་མེད་རྟོགས་པ་བསྟན་ཟིན་ཏོ། །གསུམ་པ་སྦྱིན་པའི་ཕར་ཕྱིན་ལྷག་པར་བསྟན་པ་ལ་གསུམ་སྟེ། སྦྱིན་པའི་ཕར་ཕྱིན་གཙོ་བོར་བསྟན། ཞར་ལ་སྦྱིན་པའི་བསྔགས་པ་བརྗོད། ཕ་རོལ་ཕྱིན་པའི་རྣམ་དབྱེ་བསྟན་པའོ། །དང་པོ་ནི། ལྷག་པར་འགྱུར་ཞེས་དྲང་ངོ༌། །གང་ན་རྫོགས་པའི་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཕར་ཕྱིན་བཅུའི་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པར་འགྱུར་རོ། །དུས་གང་གི་ཚེ་ན། དང་པོ་ཐོབ་པ་དེའི་ཚེའོ། །གང་ཟག་གང་ལ་ཞེ་ན། རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལའོ། །ཅིའི་ཕྱིར་ལྷག་ཅེ་ན། སྦྱིན་པའི་ཕར་ཕྱིན་གྱི་མི་མཐུན་པའི་ཕྱོགས་མཐའ་དག་སྤངས་པའི་ཕྱིར་རོ། །འོན་ཀྱང་དེ་ལས་གཞན་པའི་ཕར་ཕྱིན་རྣམས་མེད་པ་ནི་མ་ཡིན་ནོ། །གཉིས་པ་སྦྱིན་པའི་བསྔགས་པ་བརྗོད་པ་ལ་གཉིས་ཏེ། སྦྱིན་པའི་བསྔགས་པ་སྤྱིར་བརྗོད་པ་དང༌། བྱང་ཆུབ་སེམས་དཔའི་སྦྱིན་པ་ཁྱད་པར་དུ་བསྔགས་པའོ། །དང་པོ་ནི། ས་རབ་ཏུ་དགའ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་དངོས་པོ་གཏོང་བ་ལ་གུས་པར་མ་ཟད། རང་གི་ལུས་ལས་ཤ་བཅད་དེ་གཞན་དུ་སྟེར་བ་ལའང་གུས་པར་བྱས་པའི་ལུས་ངག་ཁྱད་པར་གྱི་རྟགས་ཀྱིས་དུ་བས་མེ་དཔོག་པ་བཞིན་དུ་སོ་སྐྱེ་ལ་མངོན་སུམ་དུ་སྣང་དུ་མི་རུང་བ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་སོགས་ཀྱི་ཡོན་ཏན་དཔོག་པའི་རྒྱུར་ཡང་འགྱུར་ཏེ། ཆོས་དབྱིངས་མངོན་སུམ་མ་རྟོགས་པར་རང་གི་ཤ་བཅད་དེ་སྟེར་བ་ལ་གུས་པ་ཁྱད་པར་ཅན་བྱེད་པར་མི་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྦྱིན་པ་རྣམ་མཁྱེན་གྱི་རྒྱུ་དང༌། འབྲས་བུ་མངོན་སུམ་ཡིན་པའི་རྒྱུ་དང༌། སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྦྱིན་པ་ཡང་སྡུག་བསྔལ་ཕྱིར་བཅོས་པ་དང༌། གཏན་དུ་བདེ་བའི་རྒྱུ་ཡིན་ནོ་ཞེས་བསྟན་པ་ནི་མཛད་དོ་ཞེས་དྲང་ངོ༌། །གང་ན་སྦྱིན་པའི་གཏམ་མོ། །དུས་གང་གི་ཚེ་ན། གཏམ་གསུམ་གྱི་དང་པོར་རོ། །གང་གིས་ན་ཐུབ་པས་སོ། །ཇི་ལྟར་མཛད་ཅེ་ན། ལོངས་སྤྱོད་སྦྱིན་པའི་རྗེས་སུ་འགྲོ་ལྡོག་བྱེད་པར་མཁྱེན་ནས་མཛད་དོ། །ཇི་ལྟར་བྱེད་ཅེ་ན། སོ་སོ་སྐྱེ་བོ་འདི་ཀུན་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་གཉེན་པོར་སྡུག་བསྔལ་ཕྱིར་བཅོས་པ་ཙམ་གྱི་གནས་སྐབས་ཀྱི་བདེ་བ་མངོན་པར་འདོད་ཅིང༌། མི་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་ལ་སོགས་པ་ཉེ་བར་ཞི་བའི་གནས་སྐབས་ཀྱི་བདེ་བ་དེ་ཡང་ལོངས་སྤྱོད་མེད་ན་འབྱུང་བ་མ་ཡིན་པ་ལོངས་སྤྱོད་ཀྱང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱུང་བའི་ཚུལ་གྱིས་རྗེས་སུ་འགྲོ་ལྡོག་བྱེད་དོ། །སྦྱིན་པ་གཏོང་བ་པོ་ཚུལ་དང་མི་མཐུན་པ་ཡིན་དུ་ཟིན་ཀྱང་སྦྱིན་པས་རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱིན་པར་བསྟན་པ་ནི། གཏོང་བ་པོ་ཚུལ་དང་མི་མཐུན་པ་དེ་དག་གི་ཡང་མངོན་པར་འདོད་པའི་ལོངས་སྤྱོད་རྣམས་ལུས་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་སྦྱིན་པ་ལས་བྱུང་བ་ཡིན་ནོ། །སྦྱིན་པ་དེ་ཡང་ལུས་ཀྱི་སྡུག་བསྔལ་བཀྲེས་པ་དང་སྐོམ་པ་ལ་སོགས་པ་ཉེ་བར་ཞི་བར་བྱེད་པའི་ལོངས་སྤྱོད་ཀྱི་རྒྱུ་ཡིན་པར་རིག་པར་བྱའོ། །གཏོང་བ་པོ་དེ་ཡང་གང་ཞེ་ན། ཁྱད་པར་གསུམ་དང་ལྡན་པ་སྟེ། དང་པོ་ནི་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་བསམ་པ་མེད་པས་སྙིང་རྗེ་དམན་ཞིང༌། ཁྱད་པར་གཉིས་པ་ནི། སློང་བ་པོ་ལ་ཤིན་ཏུ་ཁྲོ་བ་དང་བཅས་པས་རྩུབ་པའི་སེམས་དང་ལྡན་པ་ཅན་ནོ། །ཁྱད་པར་གསུམ་པ་ནི། རང་འབའ་ཞིག་གི་དོན་དུ་ནོར་ཅུང་ཟད་བཏང་བས་འབྲས་བུ་ནོར་གྱི་ཕུང་པོ་ལྷུར་ལེན་པ་ཉིད་དུ་འདོད་ནས་སྦྱིན་པ་ལ་གུས་པར་གྱུར་པ་གང་ཡིན་པའོ། །འདི་དག་གིས་ནི་སྦྱིན་པ་མངོན་མཐོའི་རྒྱུ་ཉིད་དུ་བསྟན་ཏོ། །ངེས་པར་ལེགས་པའི་རྒྱུར་བསྟན་པ་ནི་སྙིང་རྗེ་དང་བྲལ་བས་རང་གི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་གྱི་དོན་དུ་སྦྱིན་པ་གཏོང་བ་ལ་གུས་པ་འདི་ཡང་སྦྱིན་པ་གཏོང་བའི་སྐབས་ཀྱི་དུས་ནམ་ཞིག་གི་ཚེ། ཡོན་གནས་དམ་པ་འཕགས་པའི་སྐྱེ་བོ་དང་ཕྲད་པ་མྱུར་དུ་ཐོབ་པར་འགྱུར་ཞིང༌། འཕགས་པ་དང་ཕྲད་པ་དེ་ནས་དམ་པ་དེ་དག་གི་གདམས་ངག་ཉེ་བར་བསྟན་པའི་མཐུ་ལས། འཁོར་བ་ལ་ཡོན་ཏན་མེད་པར་རིག་ཅིང་འཕགས་པའི་ལམ་དྲི་མ་མེད་པ་མངོན་དུ་བྱས་པའི་སྟོབས་ཀྱིས་མ་རིག་པ་སྤངས་ནས་སྲིད་པའི་རྒྱུན་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་དག་པར་བཅད་པར་བྱས་ཏེ་ལམ་དེའི་རྒྱུ་ཅན་ཏེ་འབྲས་བུ་ཞི་བ་མྱ་ངན་ལས་འདས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པར་འགྲོ་བར་འགྱུར་རོ། །འདི་དག་གིས་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱི་སྦྱིན་པ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པའི་རྒྱུ་ཡིན་པར་བསྟན་ཏོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྦྱིན་པ་ཁྱད་པར་དུ་བསྔགས་པ་ནི། བྱང་ཆུབ་སེམས་དཔའ་མ་ཡིན་པ་ལ་སྦྱིན་པའི་འབྲས་བུ་མངོན་སུམ་མ་ཡིན་པ་ཉིད་ཀྱིས་སྦྱིན་པ་ལ་མི་འཇུག་པ་ཡང་སྲིད་ན། རྣམ་མཁྱེན་ཡིད་ལ་བྱེད་པས་འགྲོ་བར་ཕན་པར་དམ་བཅས་པའི་ཡིད་ཅན་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་བཏང་བའི་སྟོབས་ཀྱིས་རིང་པོར་མི་ཐོགས་པར་སྦྱིན་པའི་འབྲས་བུ་དགའ་བ་ཁྱད་པར་ཅན་ཐོབ་པར་འགྱུར་བའི་ཕྱིར། ཐམས་ཅད་ཀྱི་ཚེ་སྦྱིན་པ་ལ་དགའ་བར་འགྱུར་རོ། །སྦྱིན་པ་དང་འབྲེལ་བའི་གཏམ་གཙོ་བོར་བསྟན་པ་ནི། གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་སྦྱིན་པའི་གཏམ་ཉིད་གཙོ་བོར་མཛད་པ་ཡིན་ནོ། །རྒྱུ་མཚན་གང་གི་ཕྱིར་ན། བརྩེ་བའི་བདག་ཉིད་མ་ཡིན་པ་ཉན་རང་དང་སོ་སྐྱེ་རྣམས་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་སྦྱིན་པ་ཡིན་པ་དེའི་ཕྱིར་རོ། །སྦྱིན་པས་རིང་པོར་མི་ཐོགས་དགའ་བ་འཐོབ། །ཅེས་པའི་དགའ་བ་དེ་ཅི་ལྟ་བུ་ཞེ་ན། བརྗོད་པར་བྱ་སྟེ། སྦྱིན་འབྲས་དགའ་བ་ཐོབ་པའི་ཚུལ་ཇི་ལྟར་ན་སློང་མོ་བས་བྱིན་ཅིག་ཅེས་པའི་སྒྲ་ཐོས་པའི་དབང་གིས་བདག་ལ་ཡིན་ནམ་གཞན་ལ་ཡིན་ཞེས་བསམ་པ་ལས་བདག་ལ་སློང་བ་ཞིག་ཏུ་རྟོགས་པའི་ཚེ་ན། རྒྱལ་སྲས་ལ་ཡང་དང་ཡང་དུ་བདེ་བ་འབྱུང་བ་དེ་ལྟར་ནི་ཐུབ་པ་ཉན་རང་རྣམས་ཞི་བ་མྱ་ངན་ལས་འདས་པ་ལ་ཞུགས་པའི་བདེ་བ་ལས་ཀྱང་བྱེད་མིན་ཏེ་ཕུལ་དུ་བྱུང་བ་དང་བཅས་པ་ཡིན་ན། ཕྱི་ནང་གི་དངོས་པོ་ཐམས་ཅད་བཏང་བ་ལས་དགའ་བདེ་ཁྱད་པར་ཅན་འབྱུང་བ་ལྟ་སྨོས་ཅི་ཞིག་དགོས་ཏེ་མི་དགོས་སོ། །གལ་ཏེ་སྲོག་ལ་སོགས་པ་གཏོང་བ་ལ་ནི་ལུས་ལ་སྡུག་བསྔལ་འབྱུང་བའི་ཕྱིར་དགའ་བ་ཐོབ་པ་མི་འཐད་དོ་ཞེ་ན། ས་ཐོབ་པ་རྣམས་ལ་ནི་ཤིང་བཅད་པ་ལྟར་ལུས་ཀྱི་སྡུག་བསྔལ་འབྱུང་མི་སྲིད་དེ། འཕགས་པ་ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ལས། འདི་ལྟ་སྟེ་དཔེར་ན་ཤིང་སཱ་ལ་ཚལ་ཞིག་ཡོད་ལ། དེར་འགའ་ཞིག་འོངས་ནས་སཱ་ལ་གཅིག་བཅད་པ་ན་ཤིང་སཱ་ལ་ལྷག་མ་དེ་རྣམས་འདི་སྙམ་དུ་འདི་ནི་བཅད་པའོ། །བདག་ནི་མ་བཅད་པའོ་སྙམ་དུ་མི་སེམས་ཤིང་དེ་དག་ལ་རྗེས་སུ་ཆགས་པ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བཟོད་པ་དེ་ལྟ་བུ་གང་ཡིན་པ་འདི་ནི་བཟོད་པ་ཡོངས་སུ་དག་པ་མཆོག་ནམ་མཁའ་དང་མཉམ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་སོ། །ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པ་རྣམས་ལ་སྡུག་བསྔལ་འབྱུང་མོད། འོན་ཀྱང་སྙིང་རྗེའི་དབང་གིས་ལྷག་པར་ཡང་སྦྱིན་པ་ལ་འཇུག་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་རང་གིས་གཞན་དོན་དུ་ལུས་ལས་ཤ་བཅད་དེ། སློང་པ་པོ་ལ་སྟེར་ཞིང༌། བདག་གི་ལུས་ལས་ཤ་བཅད་པའི་སྡུག་བསྔལ་གྱིས་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་ལ་སོགས་པའི་གཞན་དག་རྣམས་མཚམས་མེད་པའི་སྡུག་བསྔལ་གྱིས་ལུས་རབ་ཏུ་འཇོམས་པ་དག་རང་གི་ལུས་ལས་ཤ་བཅད་པ་ལ་སོགས་པའི་སྡུག་བསྔལ་རང་རིག་སྟེ་ཉམས་སུ་མྱོང་བ་ལས་རྗེས་སུ་དཔག་པ་སྟེ། དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཆེས་ལྷག་པ་ཉིད་དུ་མཐོང་ནས་བྱང་ཆུབ་སེམས་དཔའ་དེ་གཞན་གྱི་སྡུག་བསྔལ་དེ་བཅད་པར་བྱ་བའི་ཕྱིར་དུ་མྱུར་དུ་བརྩོན་འགྲུས་བརྩོམ་མོ། །སྦྱིན་པའི་ཡོན་ཏན་བརྗོད་ཟིན་ཏོ། །གསུམ་པ་ཕ་རོལ་ཏུ་ཕྱིན་པའི་རྣམ་དབྱེ་བསྟན་པ་ནི། འཇིག་རྟེན་ལས་འདས་པའི་སྦྱིན་པ་བསྟན་པ་ནི་སྦྱིན་པར་བྱ་བ་རྫས་དང༌། ལེན་པ་པོ་དང༌། གཏོང་བ་པོ་གསུམ་ཀ་ཡང་རང་བཞིན་སྟོང་པ་ཉིད་དུ་མངོན་སུམ་དུ་མཐོང་བའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་སྒོ་ནས་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་སོ། །དེ་ལ་ཕ་རོལ་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏེ། སྒྲིབ་པ་གཉིས་མ་ལུས་པ་སྤངས་པའི་སངས་རྒྱས་སོ། །ཕྱིན་པ་ནི་དེར་ཕྱིན་པའོ། །འདི་ལ་ལེགས་པར་སྦྱར་བའི་སྒྲ་ལ་པ་རཾ་ཨི་ཏ་ཞེས་འབྱུང་བ་ཡིན་ལ། དེ་ཉིད་མཚམས་མ་སྦྱར་བའི་དུས་སུ་པ་རཾ་ནི་ཕ་རོལ་ཡིན་ལ། ཨི་ཏ་ནི་འགྲོ་བ་ལ་འཇུག་པ་ཡིན་ནོ། །ཀླད་སྐོར་གྱི་མ་ནི་ལས་ཀྱི་གཉིས་ཚིགས་ཏེ། དུ་ཞེས་པའམ་ལ་ཞེས་པའི་དོན་ཅན་དུ་འགྱུར་བ་ཡིན་ནོ། །དཔེར་ན་ཕ་རོལ་ཏུ་ཕྱིན་པའམ་ཕ་རོལ་ལ་ཕྱིན་པ་ཞེས་པ་ལྟ་བུའོ། །མཚམས་སྦྱོར་བྱས་པའི་བཤད་པ་ལ་སྒྲ་གཞན་གྱི་ལུགས་ནི་ཀླད་སྐོར་གྱི་མ་ལ་བསྡུ་བ་བྱས་ནས། རའི་སྲོག་ཡིག་ཨ་ཕྱུངས་ཏེ་ཕ་རོལ་ཏུ་གཟུགས་སུ་བཀོད་པར་བྱའོ། །སྒྲའི་བསྟན་བཅོས་ལས། ཨིའི་གོང་གི་ཨ་ནི་ཨེ་ཞེས་པར་འགྱུར་བར་བཤད་པས་ཨེ་ཡིག་ཏུ་འགྱུར་ཏེ། ཕ་རོལ་གྱི་ཨི་ཡིག་དབྱེ་བར་བྱའོ། །ཨེ་ཡིག་ར་ཡི་སྲོག་ཡིག་ཏུ་སྒྱུར་བས་པ་རེ་ཏ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །སློབ་དཔོན་འདིའི་བཤད་པ་ནི་ཚིག་ཕྱི་མ་མི་མངོན་པར་མི་བྱ་ཞེས་འབྱུང་བས་ན་ཀླད་སྐོར་གྱི་མ་དཀྱུས་སུ་བཞག་ནས་ཨེ་སྲོག་དུ་བྱིན་པས་པ་ར་མི་ཏ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་དྷ་ན་པ་ར་མི་ཏ་ཅེས་པ་སྒྲ་བརྗོད་པ་འགལ་བར་འགྱུར་ཏེ། དྷ་ན་པ་ར་ཞེས་པ་ནི་ཕོ་སྒྲ་ཡིན་ལ་མི་ཏ་ནི་མོ་སྒྲ་ཡིན་པས་སྒྲ་བརྗོད་པ་མ་འབྲེལ་ཏེ། སྒྲ་གཅིག་ལ་ཕོ་སྒྲ་མོ་སྒྲ་གཉིས་མི་འཐད་པའི་ཕྱིར་རོ། །ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་པྲ་ཛྙཱ་པ་ར་མི་ཏ་གཉིས་མོ་སྒྲ་ཅན་དུ་མཚུངས་ལ། ཕ་རོལ་ཏུ་ཕྱིན་པ་ལ་ནི་པ་ར་མི་ཏ་མོ་སྒྲ་བཏགས་པ་བ་ཡིན་པས་སྐྱོན་མེད་དོ། །ཇི་ལྟར་བཏགས་ཤེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཚུལ་དུའོ། །འདོགས་པའི་རྒྱུ་མཚན་ནི་འཁོར་གསུམ་མི་དམིགས་པའི་བསྔོ་བས་ཟིན་ན་སྲིད་ཞིའི་ཕ་རོལ་དུ་ཕྱིན་པར་འགྱུར་བས་སོ། །དེ་ལ་མི་དམིགས་པ་ནི་འཇིག་རྟེན་ལས་འདས་པ་ཡིན་ལ། དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པས་འཇིག་རྟེན་པ་ཉིད་ཡིན་ནོ། །མི་དམིགས་པ་དེ་ཡང་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པར་ཤེས་པར་མི་ནུས་སོ། །གཞན་ཡང་སྦྱིན་པ་དེ་ཉིད་སྦྱིན་བྱ་སོགས་གསུམ་པོ་དག་ལ་ཆགས་པ་སྟེ་མངོན་པར་ཞེན་པ་སྐྱེས་པའི་སྦྱིན་པ་དེ་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་མིང་གིས་བསྙད་དོ། །བཞི་པ་སའི་བསྔགས་པ་བརྗོད་དེ་མཇུག་བསྡུ་བ་ནི། ས་དང་པོ་ལ་གནས་པའི་རྒྱལ་བའི་སྲས་ཀྱི་དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཤེས་པའི་རང་བཞིན་ཡིན་པས་ཟག་པ་མེད་པའི་ཡིད་ལ་རབ་ཏུ་གནས་ཤིང་དམ་པ་བྱང་ཆུབ་སེམས་དཔའི་རྟེན་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འོད་ཆགས་ཤིང་མཐོང་སྤོང་གི་དྲི་མ་མེད་པར་རབ་ཏུ་མཛེས་པ་རྙེད་པའི་རབ་ཏུ་དགའ་བའི་མིང་ཅན་འདི་ནི་རྒྱལ་བ་ཡིན་ནོ། །གང་ལས་ན་མཐོང་སྤང་གི་མུན་པ་སྟུག་པོ་ཐམས་ཅད་ལས་སོ། །ཇི་ལྟར་བྱས་པས་ཤེ་ན། ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ཟླ་བས་མུན་པ་སེལ་བ་ཇི་ལྟ་བ་བཞིན་དུའོ། །དབུ་མ་ལ་འཇུག་པ་ལས་རབ་ཏུ་དགའ་བ་ཞེས་བྱ་བ་སེམས་བསྐྱེད་པ་དང་པོའི་རྣམ་བཤད་བསྟན་ཟིན་ཏོ།།  །།སེམས་བསྐྱེད་གཉིས་པ་བསྟན་པ། ས་ཞེས་བྱ་བ་ཤེས་པའི་ཁྱད་པར་ཐམས་ཅད་ནི་ཡུལ་སྟོང་པ་ཉིད་རྟོགས་པའི་རང་བཞིན་དུ་ཐ་མི་དད་པ་ཉིད་ཀྱི་ཕྱིར་ངོ་བོ་མི་འདྲ་བའི་དབྱེ་བ་ཡོད་པ་མ་ཡིན་ཡང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བ་ལས་སེམས་བསྐྱེད་པ་གཉིས་པ་ལ་སོགས་པའི་ཁྱད་པར་སྟོན་པར་བྱེད་དོ། །སེམས་བསྐྱེད་པ་གཉིས་པའི་དབང་དུ་བྱས་ནས་བཤད་པ་ལ་བཞི་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལྷག་པར་བསྟན། ཚུལ་ཁྲིམས་གཞན་གྱི་བསྔགས་པ་གསལ་བར་བརྗོད། ཕ་རོལ་ཕྱིན་པའི་རྣམ་པར་དབྱེ་བ་བསྟན། སའི་བསྔགས་པ་བརྗོད་དེ་མཇུག་བསྡུ་བའོ། །དང་པོ་ནི། ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་གཉིད་སད་པའི་དུས་སུ་མ་ཟད་རྨི་ལམ་དུ་ཡང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་མཐའ་དག་སྤངས་ཏེ། མི་དགེ་བ་བཅུ་དང་བྲལ་བའི་ཡོན་ཏན་རྣམ་པར་དག་པ་དང་ལྡན་པའི་ཕྱིར་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པས་སོ། །ཚུལ་ཁྲིམས་དེ་ཡང་གང་ཞེ་ན། སྤོང་བཅུའི་མཚན་ཉིད་ཅན་ནོ། །ཅིའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་ཞེ་ན། ཤི་ལའི་སྒྲ་ལས་བཤད་ན། ཉོན་མོངས་པ་དྭང་དུ་མི་ལེན་པ་དང༌། སྡིག་པ་མི་འབྱུང་བ་དང༌། འགྱོད་པའི་མེ་ཞི་བས་བསིལ་བ་ཉིད་ཀྱི་ཕྱིར་ན་ཚུལ་ཁྲིམས་སོ། །ཨ་ལའི་སྒྲ་ལས་བཤད་ན་བདེ་བའི་རྒྱུ་ཡིན་པ་ཉིད་ཀྱིས་དམ་པ་དག་གིས་བསྟེན་པར་བྱ་བ་ཡིན་པའི་ཕྱིར་ཚུལ་ཁྲིམས་སོ། །ཇི་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡོན་ཏན་དག་པར་འགྱུར་ཞེ་ན། ས་གཉིས་པ་ལ་གནས་པ་འདི་ནི་དམ་པའི་ལས་ལམ་དགེ་བ་བཅུ་ཆར་དུའང་སོག་པར་བྱེད་པ་ཡིན་ཏེ། ལུས་ཀྱི་རྒྱུ་བ་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པའི་སྐྱོན་གྱིས་དག་ཅིང༌། ངག་གི་རྒྱུ་བ་རྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་དང༌། ཚིག་འཁྱལ་པ་རྣམ་པར་དག་པ་དང༌། ཡིད་ཀྱི་རྒྱུ་བ་ཡང་བརྣབ་སེམས་གནོད་སེམས་ལོག་པར་ལྟ་བས་རྣམ་པར་དག་པར་འགྱུར་བས་སོ། །དེ་ཡང་ཇི་སྐད་དུ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྲོག་གཅོད་པ་སྤངས་པ་ཡིན་ཏེ། ཞེས་པ་ནས་ཚུལ་ཁྲིམས་ངན་པའི་ལྟ་བ་ཅན་དང་བྲལ་བ་ཡིན་ཏེ། ལྟ་བ་དྲང་ཞིང་གཡོ་སྒྱུ་མེད་ལ་སྒྱུ་མེད་པས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསམ་པ་ངེས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཅི་དགེ་བའི་ལས་ཀྱི་ལམ་འདི་རྣམས་སེམས་དང་པོ་བསྐྱེད་པས་མི་གསོག་གམ་ཞེ་ན། དེ་དག་གིས་ཀྱང་སོག་པར་བྱེད་མོད་ཀྱི་འོན་ཀྱང་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ལྟོས་ཏེ། དགེ་བའི་ལས་ཀྱི་ལམ་བཅུ་ཆར་ཡང་ས་གཉིས་པ་ལ་གནས་པ་དེ་ལ་ཀླགས་པ་སྟེ་ལྷག་འགྱུར་བ་ཡིན་ཏེ། ས་དེར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཕུལ་དུ་བྱུང་བ་གསར་དུ་ཐོབ་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་དྲི་མས་ཤིན་ཏུ་དག་པར་འགྱུར་བ་ཡང་ཡིན་ནོ། །ཇི་ལྟར་རྣམ་པར་དག་ཅེ་ན། སྟོན་ཀའི་ཟླ་བས་རྡུལ་གྱི་དྲི་མས་རྣམ་པར་དག་པ་ལྟར་རྟག་ཏུ་འཆལ་ཚུལ་གྱི་དྲི་མས་རྣམ་པར་དག་སྟེ་གཞན་འདྲེན་པའི་ཚིག་གོ །གནས་སྐབས་ཀྱི་ཡོན་ཏན་གཉིས་དང་ཡང་ལྡན་ཏེ། དབང་པོའི་སྒོ་བསྡམས་པས་ཞི་བ་དང༌། ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་འོད་ཆགས་པར་གྱུར་པ་སྟེ་གནས་སྐབས་ཀྱི་ཡོན་ཏན་གཉིས་པོ་དེ་དག་གིས་མཛེས་པ་ཡང་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་མ་ཉམས་པར་བསྲུང་བ་ཡིན་ཡང་གལ་ཏེ་གང་ཟག་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བསྲུང་ངོ་སྙམ་དུ་ང་རྒྱལ་བར་བྱེད་ན། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པར་མི་འགྱུར་ཏེ། ཚུལ་ཁྲིམས་ལ་རང་བཞིན་ཏེ་མཚན་མར་ལྟ་བ་དེའི་ཕྱིར། ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས་ཞེས་པ་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་པ་དེ་ནི་འོད་སྲུངས་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་བཞི་པ་སྟེ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །རློམ་པ་དང་བཅས་ན་ཚུལ་ཁྲིམས་དག་པར་མི་འགྱུར་བ་དེའི་ཕྱིར། ས་གཉིས་པའི་བྱང་ཆུབ་སེམས་དཔའ་དེ་ནི་དུས་རྟག་ཏུ་ཡུལ་གང་ལ་སྤོང་བ་དང༌། གང་ཞིག་སྤོང་བ་དང༌། གང་གིས་སྤོང་བར་བྱེད་པ་གསུམ་ཆར་ལའང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་གཉིས་འཛིན་གྱི་བློ་དང་བྲལ་བར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བརྗོད་ནས་གཉིས་པ་ཚུལ་ཁྲིམས་གཞན་གྱི་བསྔགས་པ་ལ་བཞི་སྟེ། མི་མཐུན་ཕྱོགས་ཀྱི་ཉེས་དམིགས་བརྗོད། གཉེན་པོ་ཇི་ལྟར་བསྟན་པའི་ཚུལ། ཡོན་ཏན་ཀུན་གྱི་རྟེན་དུ་བརྗོད། མངོན་མཐོ་ངེས་ལེགས་རྒྱུ་རུ་བསྟན། དང་པོ་ནི། སྦྱིན་པ་བཏང་ཞིང་ཚུལ་ཁྲིམས་སྲུང་བའི་སྐྱེ་བོ་འགའ་ཞིག་སྔོན་གྱི་ཚུལ་ཁྲིམས་དང་སྦྱིན་པའི་སྟོབས་ཀྱིས་ལྷ་དང་མིའི་ནང་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་ནི་འབྱུང་ནའང༌། ཕྱིས་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་ན་འགྲོ་བ་ངན་པ་ཉི་ཚེ་བའི་སེམས་ཅན་དམྱལ་བ་དང༌། བ་ལང་དང༌། རྟ་དང༌། གླང་པོ་ཆེ་དང༌། སྤྲེའུ་དང༌། སྦྲུལ་ལ་སོགས་པ་དང༌། ཡི་དྭགས་རྫུ་འཕྲུལ་ཆེན་པོ་རྣམས་སུ་སྐྱེས་ནས་སྔོན་གྱི་སྦྱིན་པའི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་རོ། །དེ་ལྟ་མོད་ཀྱི་ཕྱིན་ཆད་གང་ཟག་དེ་ལ་ལོངས་སྤྱོད་འབྱུང་བར་མི་འགྱུར་ཏེ། ཕྱིས་ཀྱི་ལོངས་སྤྱོད་འབྱུང་བའི་ཆེད་དུ་སྦྱིན་པ་བཏང་བའི་ཚུལ་ལ་རྨོངས་ཤིང༌། སྔར་སྦྱིན་པ་བཏང་བའི་རྒྱུ་ཅན་གྱི་དངོས་པོའི་འདུ་བ་སྐྱེད་དང་བཅས་པ་ཡོངས་སུ་ཟད་པས་ནའོ། །དཔེར་ན་བྱས་པ་ཆུད་གསོན་པའི་རང་བཞིན་ཅན་སྔར་གྱིས་ས་བོན་ཙམ་ཡང་ལོངས་སྤྱོད་པས་ཕྱིས་འབྲས་བུ་འབྱུང་བ་རྒྱུན་ཆད་པ་བཞིན་ནོ། །སྐབས་ཀྱི་དོན་གཞུང་གི་ཤུགས་ལས་འབྱུང་བ་ནི། སྦྱིན་པས་ལོངས་སྤྱོད་དག་ནི་བདེ་འགྲོ་ནའང༌། །སྐྱེ་བོ་ཚུལ་ཁྲིམས་རྐང་པ་ལྡན་ལས་འབྱུང༌། །སྐྱེད་བཅས་དངོས་འདུ་ཡོངས་སུ་འཕེལ་བས་ན། །ཕྱིན་ཆད་ཀྱང་ནི་ལོངས་སྤྱོད་འབྱུང་བར་འགྱུར། །ཞེས་འདོན་པར་བྱའོ། །དཔེར་ན་དོན་ཅུང་ཟད་ཙམ་ལས་འབྲས་བུ་རྒྱ་ཆེན་པོ་རྙེད་པའི་ཐབས་ལ་མཁས་པ་ནི་ཕྱིས་ཀྱང་འབྲས་བུ་འབྱུང་བའི་ཆེད་དུ་བརྩོན་པ་བཞིན་ནོ། །ཚུལ་ཁྲིམས་དང་བྲལ་བ་ལོངས་སྤྱོད་མི་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་ངན་འགྲོ་ལས་ལྡང་བར་དཀའོ་ཞེས་བསྟན་པ། དཔའ་བོ་མཐུན་པའི་ཡུལ་ན་གནས་པ་འཆིང་བ་ལས་གྲོལ་བ་ལྟར། གང་གི་ཚེ་དལ་འབྱོར་གྱི་ལུས་ཐོབ་པས་གཞན་ལ་རགས་མ་ལས་པར་རང་དབང་དུ་འཇུག་ཅིང་མཐུན་པའི་ཡུལ་ན་གནས་པའི་སྒོ་ནས་གལ་ཏེ་གང་ཟག་འདི་འཁོར་བའི་རྒྱ་མཚོའི་མཐར་ཕྱིན་པའི་དོན་དུ་ཚུལ་ཁྲིམས་བསྲུང་བ་ལ་སོགས་པས་ངན་འགྲོ་ལས་འཛིན་པར་མི་བྱེད་ན་དཔའ་བོ་བཅིངས་ནས་རི་སུལ་དུ་བསྐྱུར་བ་ལྟར། ཕྱི་ནས་ངན་སོང་གི་གཡང་སར་ལྷུང་བས་དགེ་བ་ལ་སྤྱོད་པའི་སྐལ་པ་མེད་པར་གཞན་དབང་དུ་འཇུག་པར་འགྱུར་བ་དེ་ལ་ཐབས་གང་གིས་སློང་བར་འགྱུར་ཏེ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ས་བཅུ་པ་ལས། གལ་ཏེ་མི་རྣམས་ཀྱི་ནང་སྐྱེས་ནའང་རྣམ་པར་སྨིན་པ་གཉིས་མངོན་པར་གྲུབ་སྟེ། ཞེས་སོགས་གསུང་ངོ༌། །གཉིས་པ་གཉེན་པོ་བསྟན་པའི་ཚུལ་ནི། ཚུལ་ཁྲིམས་འཆལ་བ་ཉེས་པ་དུ་མའི་གནས་སུ་གྱུར་པར་དེའི་ཕྱིར། སྡིག་པའི་ཆོས་མཐའ་དག་ཕམ་པར་མཛད་པའི་རྒྱལ་བས་སྦྱིན་པའི་ཡོན་ཏན་ཆུད་མི་ཟ་བར་བྱ་བའི་ཕྱིར་སྦྱིན་པའི་གཏམ་གྱི་རྗེས་ཐོགས་ནས་ཡོན་ཏན་ཉིད་ཚུལ་ཁྲིམས་ཀྱི་རྗེས་སུ་འགྲོ་བའི་གཏམ་ཉིད་མཛད་པ་ཡིན་ནོ། །གསུམ་པ་ཡོན་ཏན་ཀུན་གྱི་རྟེན་དུ་བརྗོད་པ་ནི། ཚུལ་ཁྲིམས་ཆོས་ཅན། ཞིང་དང་འདྲ་བ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། ཞིང་ས་ལོ་ཐོག་གི་རྟེན་ཡིན་པ་བཞིན་དུ་ཁྱོད་སྦྱིན་པ་ལ་སོགས་པ་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཞིང་དུ་སྦྱིན་པ་གཏོང་བ་དང༌། བཟོད་པ་བསྒོམས་པ་ལ་སོགས་པ་ཡོན་ཏན་གོང་ནས་གོང་དུ་རྣམ་པར་འཕེལ་བས་རྒྱུ་དང་འབྲས་བུའི་བརྒྱུད་པ་རྣམས་བར་མ་ཆད་པར་འབྲས་བུའི་ཚོགས་ཉེ་བར་འཕེལ་ཞིང་ཉེ་བར་ལོངས་སྤྱོད་པ་རྒྱུན་ཆད་པ་མེད་པར་འགྱུར་རོ། །བཞི་པ་མངོན་མཐོ་ངེས་ལེགས་རྒྱུ་རུ་བསྟན་པ་ནི་ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པ་དེའི་ཕྱིར། སོ་སོ་སྐྱེ་བོ་རྣམས་མངོན་པར་མཐོ་བ་དང་ཐུབ་པའི་གསུང་ལས་སྐྱེས་པ་ཉན་ཐོས་དང་རང་བྱང་ཆུབ་ལ་ངེས་པའི་བདག་ཉིད་རང་སངས་རྒྱས་རྣམས་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་ལེགས་པའི་རྒྱུ་ནི་ཚུལ་ཁྲིམས་ལས་ལྷག་པ་གཞན་མེད་དོ། །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་མི་དགེ་བ་བཅུ་ཆུང་ངུ་སྤྱད་པ་ལས་ནི་གཤིན་རྗེའི་འཇིག་རྟེན་དང༌། འབྲིང་དུ་སྤྱད་པས་ནི་དུད་འགྲོ་དང༌། ཆེན་པོར་སྤྱད་པས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །གཉེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཆུང་ངུར་སྤྱད་པ་ལས་ནི་མངོན་པར་མཐོ་བ་འཁོར་བའི་བདེ་དགེ་བཅུ་འཐོབ་ཅིང༌། སྟོང་ཉིད་རྟོགས་པའི་ལྟ་བས་ཡོངས་སུ་བསྐྱངས་པ་ལས་ནི་ཅི་རིགས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་ལ་སྟོང་ཉིད་རྟོགས་པའི་ལྟ་བ་དང༌། ཚད་མེད་པའི་སྙིང་རྗེས་བརྩེ་བ་དང༌། བསྡུ་བའི་དངོས་པོ་བཞི་ཡིས་གདུལ་བྱ་ཡོངས་སུ་སྡུད་པའི་ཐབས་ལ་མཁས་པའི་སྒོ་ནས་ཡོངས་སུ་སྦྱངས་པ་ལས་ནི་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །མི་མཐུན་ཕྱོགས་དང་མ་འདྲེས་པ་དཔེའི་སྒོ་ནས་བསྟན་པ་ནི་གོང་དུ་ཇི་སྐད་བསྟན་པ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཕུལ་དུ་བྱུང་བ་དང་ལྡན་པའི་དབང་དུ་བྱས་པའི་གཉིས་པ་དྲི་མ་མེད་པ་ལ་གནས་པའི་བདག་ཉིད་ཆེན་པོ་དེ་ཚུལ་ཁྲིམས་འཆལ་བ་དང་ལྷན་ཅིག་གནས་པར་མི་འདོད་དོ། །མི་གནས་པའི་ཚུལ་དེ་ཡང་ཇི་ལྟར་ན། ཀླུ་རྣམས་ནི་གཙང་སྒྲ་ལ་གནས་པས་རྒྱ་མཚོ་དང་རོ་ཉིན་ཞག་གཅིག་ཏུ་མི་གནས་པ་དང༌། རྣ་ནག་མ་སྟེ་བྱུར་དང་བཀྲ་ཤིས་ལྷན་ཅིག་ཏུ་མི་གནས་པ་བཞིན་ནོ། །གསུམ་པ་ཕ་རོལ་ཏུ་ཕྱིན་པའི་རྣམ་དབྱེ་བསྟན་པ་ནི། གཉེན་པོ་གང་གིས་སྤོང་བ་དང༌། སྤང་བྱ་གང་ཞིག་སྤོང་བ་དང༌། ཡུལ་གང་ལ་སྤོང་བར་བྱེད་པའི་འཁོར་གསུམ་དུ་དམིགས་པའི་ཞེན་པ་ཡོད་ན། ཚུལ་ཁྲིམས་དེ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་མདོ་ལས་བཤད་ཅིང༌། འཁོར་གསུམ་ལ་ཆགས་པའི་ཞེན་པས་སྟོང་པའི་ཚུལ་ཁྲིམས་ནི་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དོ། །བཞི་པ་སའི་བསྔགས་པ་བརྗོད། དེའི་མཇུག་བསྡུ་བ་ནི། རབ་ཏུ་དགའ་བའི་མིང་ཅན་གྱི་ས་ལ་མཐོང་སྤངས་ཀྱི་དྲི་མ་སེལ་བ་ལ་སོགས་པའི་ཡོན་ཏན་ཡོད་པར་མ་ཟད། རྒྱལ་སྲས་ཟླ་བ་དང་འདྲ་བ་ལས་བྱུང་བའི་དྲི་མ་མེད་པའི་མིང་ཅན་འདི་ཡང་སྲིད་མིན་གྱི་ཡོན་ཏན་དང་ལྡན་པ་ཡིན་ཏེ། འགྲོ་བའི་ཡིད་ཀྱི་འཆལ་ཚུལ་གྱི་གདུང་བ་སེལ་བར་བྱེད་པའི་ཕྱིར་རོ། །དཔེར་ན་སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ཀྱིས་ཚ་བའི་གདུང་བ་སེལ་བར་བྱེད་པ་བཞིན་ནོ། །སྤངས་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ། སྟོན་ཀའི་ཟླ་བ་ས་རྡུལ་གྱི་དྲི་མ་དང་བྲལ་བ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་འཆལ་ཚུལ་གྱི་དྲི་མ་དང་བྲལ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་འདི་ལ་དྲི་མ་མེད་པ་ཞེས་ཐ་སྙད་ཀྱང་གདགས་སོ། །སྲིད་པ་མ་ཡིན་ཏེ། སྲིད་པའི་ཁོངས་སུ་མ་གཏོགས་པའི་ཕྱིར། སྲིད་པའི་ཁོངས་སུ་མ་གཏོགས་ཀྱང་སྲིད་པའི་དཔལ་ཡིན་ཏེ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར། གླིང་བཞིའི་དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཇི་ལྟར་རྒྱུ་ཡིན་ཞེ་ན། དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བ་ཡོངས་སུ་བཟུང་ནས་གདུལ་བྱ་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་བསྒྲུབ་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ངེས་དོན་རྣམ་ངེས་ལས་སེམས་བསྐྱེད་པ་གཉིས་པའི་རྣམ་བཤད་དོ།།  །།སེམས་བསྐྱེད་གསུམ་པའི་དབང་དུ་བྱས་ནས་བཤད་པ་ལ་བཞི་སྟེ། ངེས་ཚིག་གི་སྒོ་ནས་སའི་ངོ་བོ་བསྟན། སའི་ཡོན་ཏན་རྒྱས་པར་བཤད། རྟེན་དང་ཚོགས་ཀྱི་ཁྱད་པར་བསྟན། སའི་ཡོན་ཏན་བརྗོད་དེ་མཇུག་བསྡུ་བའོ། །དང་པོ་ནི། ས་གསུམ་པ་འོད་བྱེད་པ་ཞེས་བྱ་སྟེ། ཤེས་བྱ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཡུལ་ཅན་དང་བཅས་པའི་བུད་ཤིང་རྡོ་རྗེ་ཟེགས་མ་ལ་སོགས་པའི་རིགས་པས་བསྲེགས་ནས་སྐྱེ་མེད་དུ་རྟོགས་པའི་དོན་ལ་མཉམ་པར་བཞག་པའི་ཡེ་ཤེས་ཀྱི་མེ་སྤྲོས་པ་ཀུན་ཉེ་བར་ཞི་བའི་བདག་ཉིད་ཅན་གྱི་འོད་འབྱུང་བའི་ཕྱིར། ཡང་འབྱུང་ཞེས་དྲང་ངོ༌། །གང་ལ་འབྱུང་ཞེ་ན། བདེ་གཤེགས་སྲས་པོ་ས་གསུམ་པ་ལ་གནས་པ་དེ་ལའོ། །དུས་གང་གི་ཚེ་ན། ས་གསུམ་པ་ཐོབ་པ་དེའི་ཚེ། ཇི་ལྟར་འབྱུང་ན་ཉི་མ་ཤར་བའི་གནས་སྐབས་ཀྱི་སྔ་རོལ་དུ་ཟངས་དང་འདྲ་བའི་སྣང་བ་འབྱུང་བ་ལྟར་རོ། །གང་ན་ཡེ་ཤེས་ཀྱི་སྣང་བ་འབྱུང་ངོ༌། །སའི་ཡོན་ཏན་རྒྱས་པར་བཤད་པ་ལ་གསུམ་སྟེ། བཟོད་པའི་ཕར་ཕྱིན་གཙོ་བོར་བསྟན། ཕ་རོལ་ཕྱིན་པའི་རྣམ་དབྱེ་བཤད། ཡོན་ཏན་གཞན་ཡང་ཐོབ་པར་བསྟན། དང་པོ་ལ་བཞི་སྟེ། བཟོད་པའི་ཕར་ཕྱིན་ལྷག་པར་བསྟན། མི་བཟོད་པ་ཡི་ཉེས་དམིགས་བརྗོད། བཟོད་པའི་ཡོན་ཏན་རབ་ཏུ་བསྟན། བཟོད་པ་བསྟེན་པར་འོས་པ་བསྟན། དང་པོ་ནི། ལྷག་པར་སྐྱེ་ཞེས་དྲང་ངོ༌། །གང་ན་ལས་ཀྱི་རྣམ་པར་སྨིན་པ་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ལ་ལྷག་པར་དམིགས་པའི་སྙིང་རྗེའི་དབང་གིས་ལུས་ལས་ཤ་བཅད་པའི་སྡུག་བསྔལ་ལ་ཇི་མི་སྙམ་པའོ། །ཡུལ་གང་ལ་སྐྱེ་ན། ཁོང་ཁྲོ་བའི་གནས་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ལ་སེམས་ཁོང་ནས་འཁྲུག་པའི་གང་ཟག་འགའ་ཡིས་བྱང་ཆུབ་སེམས་དཔའ་དེའི་ལུས་ལ་གཅོད་པར་བྱེད་པ་ལའོ། །ཇི་ལྟར་སྐྱེ་ཞེ་ན། ལུས་ལ་ནི་གཅོད་ཚུལ་མི་འདྲ་བ་གསུམ་གྱི་སྒོ་ནས་བཅད་པར་གྱུར་ཀྱང་སྐྱེའོ། །དེ་ལ་གཅོད་ཚུལ་དང་པོ་ནི་ཤ་རུས་པ་དང་བཅས་པ། གཅོད་ཚུལ་གཉིས་པ་ནི། ཡུལ་རིང་སྡོད་ཅིང་གཅོད་ལ། གཅོད་ཚུལ་གསུམ་པ་ནི་སྲང་རེ་རེ་ནས་གཅོད་པའོ། །གལ་ཏེ་ནི་ཁྲོ་བ་དཀོན་པའི་ཚིག་གོ །སྙིང་རྗེའི་དབང་གིས་བཟོད་པ་སྐྱེ་བར་བསྟན་ནས་ཤེས་རབ་ཀྱི་དབང་གིས་ཀྱང་སྐྱེ་བར་བསྟན་པ་ནི་བཟོད་པར་འགྱུར་ཞེས་དྲང་ངོ༌། །གང་གིས་ན་བྱང་ཆུབ་སེམས་དཔའ་དེ་ཡིས་སོ། །གང་ལ་ན་བྱང་ཆུབ་སེམས་དཔའི་ལུས་ལ་ཤ་བཅད་པ་ལའོ། །བཟོད་པའི་རྒྱུ་མཚན་གང་གི་ཕྱིར་ན་སྡིག་པའི་རྐྱེན་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལ་ལྷག་པར་དམིགས་པའི་སྙིང་རྗེའི་དབང་གིས་བཟོད་པར་མ་ཟད། གང་ཟག་གི་བདག་མེད་པ་མངོན་སུམ་དུ་མཐོང་བའི་ཕྱིར་དང༌། ཤ་གང་ཞིག་གཅོད་པ་དང་གང་ཟག་གང་གིས་གཅོད་པ་དང༌། དུས་གང་གི་ཚེ་ཚུལ་ཇི་ལྟར་གཅོད་པའི་ཆོས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དེ་ཡིས་གཟུགས་བརྙན་ལྟར་མངོན་སུམ་དུ་མཐོང་བ་དེས་ནའོ། །གཉིས་པ་མི་བཟོད་པའི་ཉེས་དམིགས་བརྗོད་པ་ལ། དང་པོ་ཁྲོ་བ་སྤང་བར་རིགས་པ་ནི། བདག་ཕ་རོལ་པོས་རྨ་འབྱིན་པ་ལ་སོགས་པའི་གནོད་པ་བྱས་པས་གལ་ཏེ་ཕ་རོལ་པོ་དེར་བཀོན་པ་སྟེ་ཁོང་ཁྲོ་བ་ན། ཕ་རོལ་པོ་དེ་ལ་བཀོན་པ་སྟེ་ཁོང་ཁྲོ་བ་ངེས་པར་འཇིག་རྟེན་འདིར་དོན་མེད་དེ། ཕ་རོལ་པོ་དེ་ལ་བཀོན་པ་སྟེ་ཁོང་ཁྲོ་བས་གནོད་པ་བྱས་ཟིན་པ་བཟློག་གམ་སྟེ་བཟློག་ཏུ་མེད་པའི་ཕྱིར་ཏེ། བྱ་རྒྱུ་བྱས་ཟིན་པའི་ཕྱིར་རོ། །ཚེ་འདིར་གནོད་ལན་བྱས་པ་དོན་མེད་པར་མ་ཟད་འཇིག་རྟེན་ཕ་རོལ་གྱི་བདེ་བ་དང་ཡང་འགལ་བར་འགྱུར་ཏེ། ཁོང་ཁྲོ་བའི་དབང་གིས་རྣམ་པར་སྨིན་པ་ཡིད་དུ་མི་འོང་བར་འཕེན་པའི་ཕྱིར་རོ། །རང་གི་ལས་ཀྱི་རྣམ་སྨིན་དུ་མ་ཤེས་པར་ཁོང་ཁྲོ་བ་བསྐྱེད་ནས་གནོད་ལན་བྱེད་པར་འདོད་པ་བཟློག་པའི་ཕྱིར་དུ་བཤད་པའོ། །ཞེས་བོས་ནས་ལུས་ལ་མཚོན་ཆའི་གནོད་པ་འབབ་པ་ནི་སྔོན་བྱས་པའི་མི་དགེ་བའི་ལས་ཀྱི་འབྲས་བུ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་ལ་སོགས་པར་ཉམས་སུ་མྱོང་བར་འགྱུར་ཞིང་རྒྱུ་མཐུན་གྱི་འབྲས་བུ་ཅུང་ཟད་ལུས་པ་གང་ཡིན་པ་ཟད་པར་བྱེད་པ་ཡིན་ནོ་ཞེས་བདག་གིས་བརྗོད་པ་དེ་ཉིད་ཁོང་དུ་ཆུད་པར་བྱས་ནས་ཁོང་ཁྲོ་སྤོང་བར་རིགས་ཏེ། དཔེར་ན་ནད་ཀྱི་ལྷག་མ་ཅུང་ཟད་ལུས་པ་འབྱིན་པའི་དོན་དུ་ལུས་ལ་རྨ་འབྱིན་པའི་སྨན་པ་ལ་ཁྲོ་བར་མི་རིགས་པར་བཞིན་ནོ། །དེས་ན་སྡུག་བསྔལ་སྐྱེད་པའི་ཕྱིར་ཕ་རོལ་པོ་གཞན་ལ་སྦྱོར་བའི་སྒོ་ནས་གནོད་པ་བྱེད་པ་དང༌། ཀུན་སློང་གི་སྒོ་ནས་ཁོང་ཁྲོ་བའི་ས་བོན་སེམས་རྒྱུད་ཀྱི་ཞིང་དུ་ཇི་ལྟ་བུར་ན་འདེབས་པར་བྱེད་དེ་འདེབས་པར་མི་རིགས་སོ། །ཁོང་ཁྲོ་བ་བསོད་ནམས་ཟད་པའི་རྒྱུ་ཡང་ཡིན་ནོ་ཞེས་བསྟན་པ་ནི། མི་བཟོད་པ་ལས་ལྷག་པའི་སྡིག་པ་གཞན་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་གང་གི་ཕྱིར་ན་གལ་ཏེ་བྱང་ཆུབ་སེམས་དཔའ་འགའ་ཞིག་གིས་གང་ཟག་ཁྱད་པར་ངེས་སམ་མ་ངེས་ཀྱང་རུང་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱལ་སྲས་རྣམས་ལ་བདེན་པ་དང་བདེན་པ་མ་ཡིན་པའི་ཉེས་པ་ལྷག་པར་སྒྲོ་བཏགས་ནས་ཁོང་ཁྲོ་བའི་བསམ་པ་སྐད་ཅིག་ཙམ་སྐྱེད་པར་བྱེད་ན་ཡང་དེ་དག་གིས་བསྐལ་པ་བརྒྱར་བསགས་པའི་བསོད་ནམས་ཀྱི་ཚོགས་སྔར་བསྟན་པའི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇོམས་ཏེ་ནུས་མེད་དུ་བྱེད་པ་དེའི་ཕྱིར་རོ། །དེ་སྐད་དུ་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར་ཁོང་ཁྲོ་བ་ཞེས་བྱའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་ལྟར་དུ་གྱུར་ན་གཞན་རྣམས་ལ་ལྟ་ཅི་སྨོས། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཁོང་ཁྲོ་བ་ཡོད་དམ་ཞེ་ན། མཉམ་བཞག་གིས་མ་ཟིན་པའི་གནས་སྐབས་འགའ་ཞིག་ཏུ་འབྱུང་བ་ཡང་སྲིད་དེ། ཉོན་མོངས་པ་ལ་རག་ལས་ནས་འཇུག་པ་ཉིད་ཀྱི་ཕྱིར་རོ། །ཁོང་ཁྲོ་བའི་རྣམ་པར་སྨིན་པའི་ཚད་ཅི་ཙམ་ཞེ་ན། རྒྱ་མཚོ་ཆེན་པོའི་ཆུའི་ཚད་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར་དེའི་རྣམ་པར་སྨིན་པའི་ཚད་ཀྱང་ངེས་པར་མི་ནུས་སོ། །གཞན་ཡང་མི་བཟོད་པ་ཡིས་བཞིན་རས་ནག་པོར་བྱེད་པས་མི་སྡུག་གཟུགས་སུ་བྱེད་ཅིང་དམ་པའི་ཚུལ་དང་འགལ་བ་དམ་པ་མིན་པར་ཡང་བཀྲི་བར་བྱེད་དོ། །ཚུལ་དགེ་བ་དང་ཚུལ་མ་ཡིན་པ་མི་དགེ་བའི་བླང་དོར་ཤེས་པའི་རྣམ་དཔྱོད་ཀྱི་ཤེས་རབ་འཕྲོག་པར་བྱེད་ཅིང་དུས་ཕྱིས་ལྷ་མིའི་རིགས་མཐུན་པ་བཏང་ནས་མྱུར་དུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ངན་འགྲོར་བསྐྱུར་བར་བྱེད་དོ། །མི་བཟོད་པའི་ཉེས་དམིགས་བརྗོད་ཟིན་ཏོ། །གསུམ་པ་བཟོད་པའི་ཡོན་ཏན་བརྗོད་པ་ནི། བཟོད་པས་མི་སྡུག་གཟུགས་སུ་བྱེད་པ་སོགས་བཤད་ཟིན་པ་དང་འགལ་བའི་ཡོན་ཏན་རྣམས་བྱེད་དོ། །དེ་ཉིད་སྟོན་པ་ནི་བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ་འཕངས་པ་དང་ལུགས་དང་ལུགས་མིན་ཏེ་དགེ་སྡིག་གི་བླང་དོར་ཤེས་པ་ལ་མཁས་པར་འགྱུར་ཞིང༌། སྐྱེ་བ་དེའི་འོག་ཏུ་ནི་ལྷ་དང་མིའི་བདེ་བ་འཐོབ་ཅིང་སྔར་བསགས་པའི་སྡིག་པ་ཡང་ཟད་པར་འགྱུར་རོ། །བཞི་པ་བཟོད་པ་བསྟེན་པར་འོས་པ་བསྟན་པ་ནི། སོ་སོ་སྐྱེ་བོ་རྣམས་དང་རྒྱལ་སྲས་ཀྱི་ཁྲོ་བའི་སྐྱོན་དང་བཟོད་པའི་ཡོན་ཏན་རིག་པར་བྱས་ཏེ། ཞེ་སྡང་ལྟ་བུའི་སྡིག་པ་མེད་ཅེས་དམ་པ་རྣམས་ཀྱིས་སྨད་པའི་མི་བཟོད་པ་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས་བཟོད་པ་ལྟ་བུའི་དཀའ་ཐུབ་མེད་ཅེས་བསྔགས་པའི་བཟོད་པ་རྟག་ཏུ་རྒྱུན་མི་འཆད་པར་མྱུར་དུ་བསྟེན་པར་བྱའོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པའི་རྣམ་དབྱེ་བཤད་པ་ནི། བཟོད་པའི་དགེ་བ་གང་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བར་བྱ་བའི་ཕྱིར་བསྔོས་ཀྱང་གང་བཟོད་པ་དང༌། གང་གིས་བཟོད་པ་དང༌། ཡུལ་གང་ལ་བཟོད་པ་གསུམ་དུ་དམིགས་པ་ཡོད་ན་བཟོད་པ་དེ་ནི་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མིང་གིས་བསྙད་དེ། འཁོར་གསུམ་དུ་དམིགས་པ་མེད་ན་བཟོད་པ་དེ་ཉིད་སངས་རྒྱས་ཀྱིས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་ཏོ། །གསུམ་པ་ཡོན་ཏན་གཞན་ཡང་ཐོབ་པར་བསྟན་པ་ནི། ས་འོད་བྱེད་པ་དེར་རྒྱལ་སྲས་ས་གསུམ་པ་ལ་གནས་པ་ལ་བསམ་གཏན་དང༌། དེས་ཉེ་བར་མཚོན་པའི་གཟུགས་མེད་བཞི་དང་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ཡོན་ཏན་ཐོབ་ཅིང་འདོད་ཆགས་དང་ཞེ་སྡང༌། དང་གི་སྒྲས་བསྡུས་པ་གཏི་མུག་ཀྱང་སླར་མི་ལྡོག་པའི་ཚུལ་དུ་ཡོངས་སུ་ཟད་པར་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་འཕོ་བ་མེད་པ་དང་རྣམ་པར་འཇིག་པ་མེད་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་རང་བཞིན་གྱིས་འཕོ་བ་དང་འཇིག་པ་མེད་ཅེ་ན། ཆོས་ཐམས་ཅད་རྐྱེན་ལ་རྟེན་པ་ཉིད་ཡིན་པས་སོ། །བསམ་གཏན་སོགས་ལ་སྙོམས་པར་འཇུག་ན་བསམ་གཏན་གྱི་དབང་གིས་སྐྱེ་བ་འཛིན་པར་འགྱུར་རོ་ཞེ་ན། གཞན་དོན་དུ་སྨོན་ལམ་གྱི་དབང་གིས་སྐྱེ་བ་མ་གཏོགས་པ་སྙོམས་འཇུག་གི་དབང་གིས་མི་སྐྱེ་སྟེ། དེ་དག་གི་རོ་མི་མྱོང་བའི་ཕྱིར་དང༌། གཞན་དོན་བསྒྲུབ་པའི་ཐབས་ལ་མཁས་པའི་ཕྱིར་རོ། །ས་གཉིས་པ་ལ་གནས་པས་གླིང་བཞི་ལ་དབང་བྱེད་པའི་སྐྱེ་བ་ཡོངས་སུ་བཟུང་ནས་གཞན་དོན་བྱེད་པར་མ་ཟད། ས་གསུམ་པ་ལ་གནས་པ་དེས་ཀྱང་ལྷའི་དབང་པོའི་སྐྱེ་བ་ཡོངས་སུ་བཟུང་ནས་གཞན་དོན་བྱེད་དེ་རྟག་ཏུ་སྟེ་རྒྱུན་མི་འཆད་པར་འཇིག་རྟེན་པའི་འདོད་པའི་འདོད་ཆགས་འཇོམས་པར་ནུས་པའི་ཐབས་བསྟན་པའི་སྒོ་ནས་གདུལ་བྱ་རྣམས་འཁོར་བའི་འདམ་ནས་འདོན་པར་མཛད་པ་ཡིན་པའི་ཕྱིར་རོ། །སའི་ཡོན་ཏན་བརྗོད་ཟིན་ཏོ། །གསུམ་པ་རྟེན་དང་ཚོགས་ཀྱི་ཁྱད་པར་བསྟན་པ་ནི། བསྔགས་ཞེས་དྲང་ངོ༌། །གང་ན་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་ཆོས་གསུམ་པོ་དེ་དག་བསྔགས། གང་གིས་ན་བདེ་བར་གཤེགས་པ་རྣམས་ཀྱིས་སོ། །གང་ལ་ན། ཕལ་མོ་ཆེར་ཏེ་གཙོ་བོར་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ལ་བསྔགས་ཏེ། དེ་དག་གིས་བསྒྲུབ་པར་སླ་བའི་ཕྱིར། ཚོགས་གཉིས་ཀྱི་ནང་ནས་བསོད་ནམས་ཞེས་བྱའི་ཚོགས་ཀྱང་ཆོས་གསུམ་པོ་དེ་དག་ཉིད་ཡིན་ལ། སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་བདག་ཉིད་མཚན་དང་དཔེ་བྱད་ཀྱིས་རབ་ཏུ་མཛེས་པའི་སྐུ་ཡང་དེ་དག་གོ །བསམ་གཏན་ཆོས་གསུམ་འདི་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་རབ་བྱུང་རྣམས་ལ་བསྔགས། །ཡེ་ཤེས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་ཆོས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་ཤུགས་ལ་འདོན་པར་བྱས་ནས་སྦྱར་རོ། །བཞི་པ་སའི་ཡོན་ཏན་བརྗོད་དེ་མཇུག་བསྡུ་བ་ནི། རྒྱལ་བའི་སྲས་པོ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ་གནས་པའི་ས་གསུམ་པ་འོད་བྱེད་པ་འདི་དང་པོ་རང་གི་རྒྱུད་དུ་གཏོགས་པའི་སྒྲིབ་གཉིས་ཀྱི་མུན་པ་ཡེ་ཤེས་སྐྱེ་བའི་གེགས་སུ་གྱུར་པ་རྣམས་གཉེན་པོ་རང་ཉིད་སྐྱེ་བཞིན་པའི་གནས་སྐབས་ཉིད་དུ་ཡང་དག་པར་བསལ་བར་བྱས་ནས་ཕྱིས་དམ་པའི་ཆོས་ཀྱི་གསུང་གི་འོད་ཟེར་འབྱེད་པའི་སྒོ་ནས་འགྲོ་བའི་ཡིད་ཀྱི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད་དོ། །བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པའི་སྐབས་འདིར་ཉི་མས་མུན་པ་སེལ་བ་ལྟར་གཞན་གྱི་སྒྲིབ་པ་སེལ་བའི་གཉེན་པོ་ཤིན་ཏུ་རྣོ་བར་གྱུར་ཀྱང་གཞན་སྐྱོན་དང་ལྡན་པ་ལ་ཁོང་ཁྲོ་བར་མི་འགྱུར་ཏེ། བཟོད་པ་ལ་ཆེས་ལྷག་པར་གོམས་པའི་ཕྱིར་དང༌། སྙིང་རྗེས་རྒྱུད་སྣུམ་པར་བྱས་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ལས་སེམས་བསྐྱེད་པ་གསུམ་པའི་བཤད་པའོ།།  །།སེམས་བསྐྱེད་པ་བཞི་པའི་དབང་དུ་བྱས་ནས་བཤད་པ་ལ་གསུམ་སྟེ། བརྩོན་འགྲུས་ལྷག་པའི་སྒོ་ནས་སའི་ངོ་བོ་བསྟན། སྒྲ་འཇུག་པའི་རྒྱུ་མཚན་ངེས་ཚིག་བརྗོད། སྤངས་པའི་སྒོ་ནས་ཡོན་ཏན་རྣམ་པར་བཞག་པའོ། །དང་པོ་ནི། སྦྱིན་པ་ལ་སོགས་པའི་ཡོན་ཏན་མ་ལུས་པ་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་ཏེ། བརྩོན་འགྲུས་དང་མི་ལྡན་པ་ལ་སྦྱིན་སོགས་ཀྱིས་བསྡུས་པའི་ཡོན་ཏན་མི་འབྱུང་ལ། བརྩོན་འགྲུས་དང་ལྡན་པ་ལ་ནི་སྔར་བཤད་པའི་ཡོན་ཏན་མ་ཐོབ་པ་རྣམས་ཐོབ་པར་འགྱུར་ཞིང་ཐོབ་པ་རྣམས་མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར། ཚོགས་གཉིས་ཀྱི་རྒྱུ་ཡང་ཡིན་ཏེ། བསོད་ནམས་ཀྱི་ཚོགས་དང་བློ་གྲོས་ཏེ་ཡེ་ཤེས་ཀྱི་ཚོགས་གཉིས་ཁྱད་པར་དུ་འགྱུར་བའི་རྟེན་བྱེད་པའི་ཕྱིར་རོ། །ཁྱད་པར་གཉིས་དང་ལྡན་པའི་བརྩོན་འགྲུས་དེ་ཉིད་ས་གང་དུ་འབར་བ་སྟེ་ལྷག་པར་གྱུར་པའི་ས་དེ་ལ་ས་བཞི་པ་འོད་ནི་འཕྲོ་བ་ཞེས་བྱའོ། །ཅིའི་ཕྱིར་འོད་འཕྲོ་བ་ཞེས་བརྗོད་ཅེ་ན། སྒྲ་འཇུག་པའི་རྒྱུ་མཚན་ངེས་ཚིག་བཤད་པ་ནི། ས་བཞི་པ་དེ་ནི་བདེ་གཤེགས་སྲས་པོ་ལ་རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གསུམ་པ་མན་ཆད་ལས་ལྷག་པར་བསྒོམ་པ་ལས་སྐྱེས་པའི་སྔར་བཤད་པའི་སྣང་བ་ཟངས་ཀྱི་མདོག་ལྟ་བུ་ལས་ལྷག་པའི་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བས་ན། ས་དེ་ལ་འོད་འཕྲོ་བ་ཞེས་བྱའོ། །སྣང་བ་འདི་དག་མཉམ་བཞག་ཏུ་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་མཐུ་ལས་རྗེས་ཐོབ་ཏུ་འབྱུང་བ་ཡིན་གྱི་མཉམ་པར་བཞག་པ་ལ་ནི་སྣང་བ་མི་མངའ་བ་ཡིན་ནོ། །བྱང་ཆུབ་ཀྱི་ཆོས་དེ་དག་ཀྱང་གང་ཞེ་ན། དྲན་པ་ཉེ་བར་བཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་རྣམས་སོ། །འདི་དག་སྔ་རོལ་དུ་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་མོད་ཀྱིས་ཕུལ་དུ་བྱུང་བའི་ཚུལ་གྱིས་བསྒོམ་པ་མེད་པ་ལ་དགོངས་ནས་མ་བཞག་གོ །གསུམ་པ་སྤངས་པའི་སྒོ་ནས་ཡོན་ཏན་བརྗོད་པ་ནི། ས་འདི་ལ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པའི་ཡོན་ཏན་ཡོད་པར་མ་ཟད་ཀྱི་རང་དུ་ལྟ་བ་གང་ཟག་གི་བདག་ཏུ་འཛིན་པ་དང༌། དེ་དང་འབྲེལ་བ་བདག་གིར་ལྟ་བ་ཆོས་ཀྱི་བདག་འཛིན་ཀྱང་ཡོངས་སུ་ཟད་པར་འགྱུར་རོ། །འདི་ཡང་བག་ཆགས་སྤངས་པ་ལ་བྱ་ཡི་ངོ་བོ་ནི་མཐོང་ལམ་ནས་སྤང་ཟིན་པ་ཡིན་ནོ། །དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམས་ངེས་ལས་སེམས་བསྐྱེད་པ་བཞི་པའི་རྣམ་བཤད་དོ།།  །།སེམས་བསྐྱེད་པ་ལྔ་པའི་དབང་དུ་བྱས་ནས་བཤད་པ་ལ་གསུམ་ལས། དང་པོ་ངེས་ཚིག་ནི། ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷའི་བུའི་བདུད་རྣམས་ཀྱིས་ཀྱང་ཕམ་པར་བྱེད་མི་ནུས་ན་བདུད་ཀྱི་བཀའ་ཉན་པ་ལ་སོགས་པ་རྣམས་ཀྱིས་ལྟ་ཅི་སྨོས། དེ་ཉིད་ཀྱི་ཕྱིར་ས་འདིའི་མིང་སྦྱངས་དཀའ་བ་ཞེས་བྱའོ། །གཉིས་པ་བསམ་གཏན་ལྷག་པར་བསྟན་པ་ནི། ཕ་རོལ་ཏུ་ཕྱིན་པ་བཅུའི་ནང་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་བྱུང་གསར་དུ་ཐོབ་པས་ལྷག་པའོ། །ཅིང་ནི་སྡུད་པའི་ཚིག་གོ །གསུམ་པ་བདེན་པ་ལ་མཁས་པ་ནི། བློ་བཟང་འཕགས་པའི་བདེན་པ་བཞིའི་རང་བཞིན་སྟོང་ཉིད་ཤེས་པ་བཞི་མོས་ཁོང་དུ་ཆུད་པར་བྱ་བ་རྟོགས་པ་ལ་ཤིན་ཏུ་མཁས་པ་ཐོབ་པར་རིག་པར་བྱའོ། །བདེན་པ་བཞི་པོ་གང་ཞེ་ན། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པའོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་ཁོ་ནར་བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་བདེན་པ་བཞིར་རྣམ་པར་བཞག་ཅེ་ན། དེ་ལྟར་ཡིན་མོད་ཀྱང་བླང་བར་བྱ་བ་དང༌། སྤང་བར་བྱ་བ་རེ་རེ་ཡང་རྒྱུ་དང་འབྲས་བུའི་སྒོ་ནས་བསྟན་པའི་ཕྱིར་འཕགས་པའི་བདེན་པ་བཞི་བསྙད་པ་ཡིན་ལ། དེ་དག་ཀྱང་བདེན་པ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་འགལ་བ་མེད་དོ། །ཇི་ལྟར་འདུ་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་དང༌། ལམ་གྱི་བདེན་པ་ནི་ཀུན་རྫོབ་བདེན་པའི་ཁོངས་སུ་འདུ་བ་ཡིན་ལ། འགོག་པ་ནི་དོན་དམ་བདེན་པའི་ངོ་བོ་ཡིན་ནོ། །ཅིའི་ཕྱིར་ལམ་གྱི་བདེན་པ་ཀུན་རྫོབ་ཏུ་མཛད་ཅེ་ན། འདུས་བྱས་ཡིན་པ་ལ་དགོངས་པ་ཡིན་ནོ། །ཡུལ་ཆོས་ཀྱི་དབྱིངས་འདུས་མ་བྱས་ལ་ཡུལ་ཅན་འདུས་བྱས་མི་འཐད་དེ། ཡུལ་དང་ཡུལ་ཅན་མི་མཐུན་པར་འགྱུར་བས་སོ་ཞེ་ན། ཡུལ་སྤྲོས་པའི་མཐའ་དང་བྲལ་བ་ལ་ཡུལ་ཅན་ཡེ་ཤེས་ཀྱང་མཐའ་བྲལ་གྱི་རྣམ་པ་ཅན་དུ་སྐྱེས་པ་ལ་མཐུན་པའི་ཐ་སྙད་བྱེད་པ་ཡིན་གྱི་འདུས་མ་བྱས་སུ་མཚུངས་པ་ནི་མཐུན་པའི་དོན་མ་ཡིན་པས་སྐྱོན་མེད་དོ། །གཞན་དུ་ན་ས་བདུན་པ་ནས་བློ་གྲོས་ལྷག་པར་བཤད་པ་རྣམས་ཀྱང་མི་འཐད་པར་འགྱུར་རོ། །དགག་བསྒྲུབ་རྒྱས་པ་ནི་འོག་ཏུ་བཤད་པར་བྱའོ། །དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ལས་སྦྱངས་དཀའ་བ་ཞེས་བྱ་བ་ས་ལྔ་པའི་རྣམ་བཤད་དོ།།  །།སེམས་བསྐྱེད་པ་དྲུག་པའི་དབང་དུ་བྱས་ནས་བཤད་པ་ལ་གསུམ་སྟེ། ཤེས་རབ་ཀྱི་ཕར་ཕྱིན་ལྷག་པར་བསྟན། བཤད་པར་བྱ་བའི་ངོ་བོ་གཏན་ལ་དབབ། ཤེར་ཕྱིན་ཐོབ་པའི་སེམས་བསྐྱེད་པའི་ཡོན་ཏན་བརྗོད་པའོ། །དང་པོ་ནི། ས་ལྔ་པའི་གནས་སྐབས་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོབ་པས་དྲུག་པ་མངོན་དུ་གྱུར་པ་འདིར་མཉམ་པར་བཞག་པའི་སེམས་ལ་གནས་ཏེ། རྒྱུ་དང་རྐྱེན་འདི་བ་ཙམ་ལ་བརྟེན་ནས་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་སྟེ་ཕུལ་བྱུང་གསར་བུ་ཐོབ་པས་སྤྲོས་པ་ཐམས་ཅད་ཞི་བའི་འགོག་པ་ཐོབ་པ་ཡིན་ནོ། །སྔ་རོལ་དུ་ཐོབ་ནུས་པ་ནི་མ་ཡིན་ཏེ། མངོན་པར་ཞེན་པའི་སྤྲོས་པ་ནི་མ་རིག་པའི་རྩ་བ་ཅན་ཡིན་ལ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་མེད་པར་སྦྱིན་པ་ལ་སོགས་པས་མ་ལུས་པ་སྤོང་མི་ནུས་པའི་ཕྱིར་རོ། །སེམས་བསྐྱེད་པ་དང་པོ་ལ་སོགས་པའི་སྐབས་ན་ཡང་སྤྲོས་པ་ཉེ་བར་ཞི་བ་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་འགོག་པ་མེད་ཅེ་ན། དངོས་པོ་ལ་མངོན་པར་ཞེན་པའི་གཉེན་པོ་སྟོང་པ་ཉིད་ཡུན་རིང་དུ་གོམས་པ་ལས་མཉམ་བཞག་ཏུ་སྤྲོས་པ་ཉེ་བར་ཞི་བ་ཡོད་ཀྱང༌། རྗེས་ཐོབ་ཏུ་དངོས་པོ་དང་སྟོང་པ་ཉིད་ལ་ཞེན་པའི་བག་ཆགས་ལྡང་བའི་ཕྱིར་འགོག་པ་ཐོབ་པ་མེད་ལ། ས་དྲུག་པ་ལ་ནི་མཉམ་པར་བཞག་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲྭ་བས་རྗེས་ཐོབ་ཀྱི་གནས་སྐབས་ན་ཡང་དངོས་པོ་ལ་མངོན་པར་ཞེན་པ་དང༌། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་མ་ལུས་པ་རྣམ་པར་བསལ་བས་འགོག་པ་ཐོབ་ཞེས་བརྗོད་དོ། །དེ་སྐད་དུ་ཡང་འོག་ནས་དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འདིར་སྤྲོས་པ་མ་ལུས་པ་འགག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ་ཞེས་འབྱུང་ཞིང༌། ཞི་བ་ལྷས་ཀྱང༌། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཅིང༌། །ཅི་ཡང་མེད་ཅེས་གོམས་པས་ན། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་སོ། །ཅིའི་ཕྱིར་ས་འདི་ལ་མངོན་དུ་གྱུར་པ་ཞེས་བྱ་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་ཁོང་དུ་ཆུད་པའི་ཕྱིར་དང༌། ས་ལྔ་པར་རྟོགས་པའི་ལམ་གྱི་བདེན་པ་ལ་དམིགས་པའི་ཕྱིར་དང༌། རྫོགས་པའི་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །ཞར་ལ་ཡོན་ཏན་གཞན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པར་བསྟན་པ་ནི། ཇི་ལྟར་སྐྱེས་བུ་མིག་དང་ལྡན་པ་གཅིག་གིས་ལོང་བའི་ཚོགས་ཀུན་འགྲོ་བར་འདོད་པའི་ཡུལ་དེར་བདེ་བླག་ཏུ་ཁྲིད་པར་བྱེད་པ་དེ་བཞིན་དུ། དོན་གྱི་སྐབས་འདིར་ཡང་བློ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མིག་ཉམས་པ་དང་འདྲ་བའི་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱི་ཡོན་ཏན་བླངས་ཏེ་རྒྱལ་བ་ཉིད་ཀྱིས་ཀུན་ཏུ་འོད་ཀྱི་ས་ལ་འགྲོ་བ་སྟེ་འཇོག་པར་འགྱུར་ཏེ། ཡང་དག་པའི་ལམ་ཆོས་རྣམས་རང་བཞིན་མེད་པར་མཐོང་བ་དང༌། ལམ་མ་ཡིན་པ་དངོས་པོ་ལ་མངོན་པར་ཞེན་པ་སྤོངས་ནུས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པའི་ལྟ་བས་སྤྲོས་པའི་མཐའ་བྲལ་དུ་རྟོགས་པའི་དོན་ལ་རྩེ་གཅིག་པའི་ཞི་གནས་ལ་བརྟེན་ཏེ་སྟོང་ཉིད་རྟོགས་པའི་ལྟ་བ་ཡང་དང་ཡང་དུ་གོམས་པར་བྱས་པ་ལས་གོམས་པ་མཐར་ཕྱིན་པའི་ཚེ་ཤེས་བྱ་དང་ཤེས་བྱེད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཆོས་ལ་བློ་གྲོས་གཡོ་བ་མེད་པར་སྤྲོས་མེད་ཀྱི་དབྱིངས་དང་ནམ་མཁའ་ལ་ཉི་མའི་འོད་བཞིན་དུ་དབྱེར་མེད་དུ་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །གལ་ཏེ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་སམ་མ་རྟོགས། མ་རྟོགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། རྟོགས་ན་ཤེས་བྱ་དང་ཤེས་བྱེད་ཀྱི་སྤྲོས་པ་ཞི་བར་འགལ་ལོ་ཅེ་ན། ཡང་དག་པའི་ཤེས་རབ་ཀྱིས་སྤྲོས་པ་ཅིར་ཡང་མ་དམིགས་པ་ཤེས་རབ་ཀྱིས་བཟུང་བ་ལ་རྟོགས་པའི་ཐ་སྙད་བྱེད་པ་ཡིན་པས་སྐྱོན་མེད་དོ། །གཉིད་དང་བརྒྱལ་བ་ལ་སོགས་པས་ཀྱང་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ་ཞེ་ན། དེ་དག་གིས་རྣམ་པར་རྟོག་པ་བཀག་པ་ཙམ་ཡིན་གྱི། དེ་ཁོ་ན་ཉིད་རྟོགས་པའི་ནུས་པ་ཡོད་པ་མ་ཡིན་ཏེ། བདག་མེད་པའི་ལྟ་བས་ཡོངས་སུ་མ་ཟིན་པའི་ཕྱིར་རོ། །ཕྱི་རོལ་པའི་ཏིང་ངེ་འཛིན་བཞིན་ནོ། །འོ་ན་འདིར་གཞིའི་གནས་ལུགས་ལྟ་བས་སྒྲོ་འདོགས་ཡོངས་སུ་གཅོད་པའི་དོན་ལ་བསྒོམས་པས་ཉམས་སུ་བླངས་པས་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལྟར་ཡང་དག་པའི་ལྟ་བས་ཡོངས་སུ་གཅོད་པར་བྱེད་ཅིང་མཉམ་བཞག་ཏུ་སྤྲོས་པའི་མཚན་མ་མ་ལུས་པ་ཉེ་བར་ཞི་བའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་མཐར་འཛིན་གྱི་ལྟ་བའི་མུན་པ་མ་ལུས་པ་རྣམ་པར་བསལ་བས་ཆོས་ཉིད་སྐྱེ་མེད་རོ་མཉམ་དུ་ཐུགས་སུ་ཆུད་པའི་ཕྱིར་གཉིད་དང་བརྒྱལ་བ་ལ་སོགས་པ་དང་མཚུངས་པའི་གོ་སྐབས་ག་ལ་ཡོད། གཉིས་པ་བཤད་པར་བྱ་བའི་ངོ་བོ་གཏན་ལ་དབབ་པ་ལ་གསུམ་སྟེ། གང་ལ་བརྟེན་ནས་བཤད་པའི་ཚུལ། གང་ལ་བཤད་པར་བྱ་བའི་ཡུལ། བཤད་བྱའི་ངོ་བོ་གཏན་ལ་དབབ། དང་པོ་ནི་འདིར་སྨྲས་པ། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་གསུང་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ནི་གང༌། མཐོང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེའི་རང་གི་ངོ་བོ་ནི་བདག་ཅག་ལྟ་བུའི་ཡུལ་མ་ཡིན་གྱི་གང་ལ་སྟོང་པ་ཉིད་མངོན་སུམ་དུ་མཐོང་བའི་མིག་སྨན་གྱིས་རབ་རིབ་ཀྱི་ལིང་ཏོག་རྣམ་པར་བསལ་བས་རབ་རིབ་དང་བྲལ་བའི་བློའི་སྤྱན་དྲི་མ་མེད་པ་མངའ་བའི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་ལ་དྲི་བར་བྱ་བ་ཡིན་ནོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང༌། འཕགས་པ་ས་བཅུ་པ་ལས་བྱང་ཆུབ་སེམས་དཔའ་ཇི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཉིད་མཐོང་ཚུལ་གསུངས་པས་ལུང་གི་རྗེས་སུ་འབྲངས་ནས་བཤད་པར་རིགས་སོ་ཞེ་ན། ལུང་གི་དགོངས་པའང་བདག་གིས་ངེས་པར་དཀའ་བའི་ཕྱིར། ལུང་ལས་ཀྱང་དེ་ཁོ་ན་ཉིད་བསྟན་མི་ནུས་སོ། །འོ་ན་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་བརྩམ་པར་མི་རིགས་སོ་ཞེ་ན། གཞན་ལ་མ་བརྟེན་པར་རང་དབང་ཉིད་ཀྱི་དབང་དུ་བྱས་ནས་ངེས་པར་མི་ནུས་ཞེས་བརྗོད་ཀྱི་ཚད་མར་གྱུར་པའི་སྐྱེས་བུས་བྱས་ཤིང་ལུང་གི་དགོངས་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཁྱད་པར་གཉིས་དང་ལྡན་པའི་བསྟན་བཅོས་མཐོང་བ་ལས་ནི་ལུང་གི་དགོངས་པ་ངེས་པའི་ཕྱིར། ས་དྲུག་པའི་བྱང་ཆུབ་སེམས་དཔའ་དེ་ཡིས་ཆེས་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་རྟོགས་པའི་ཚུལ་དེ་བཞིན་གཤེགས་པའི་ལུང་ལས་གསུངས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དབུ་མའི་བསྟན་བཅོས་ལས་ཀཱ་ཏྱཱ་ན་ལ་གདམས་པའི་ལུང་ལ་སོགས་པ་དང༌། བདག་ལས་མ་ཡིན་གཞན་ལས་མིན་ཞེས་སོགས་ཀྱི་རིགས་པའི་སྒོ་ནས་གསལ་བར་བསྟན་པ་ཡིན་པས་ན། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྩ་བ་ཤེས་རབ་ལས་ལུང་དང་རིགས་པས་དེ་ཁོ་ན་ཉིད་བསྟན་པས་དེ་ལྟར་ཟླ་བ་གྲགས་པ་བདག་གིས་ཀྱང་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལ་ཇི་ལྟར་གནས་པ་བཞིན་བརྗོད་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་གི་དགོངས་པ་ངེས་པ་ཇི་ལྟར་ཤེས་ཤེ་ན། ལུང་ལས་ཤེས་ཏེ། འཇམ་དཔལ་རྩ་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་གྱུར་ནས། །ལོ་ནི་བཞི་བརྒྱ་ལོན་ནས་ནི། །བསྟན་པ་འདི་ལ་ཕན་དགའ་བའི། །དགེ་སློང་ཀླུ་སྒྲུབ་ཅེས་བྱ་འབྱུང༌། །ཞེས་པ་དང༌། ལངྐར་གཤེགས་པ་ལས། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང༌། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང༌། ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་པའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་སྟོན་ཏེ། མཐར་གྱིས་རབ་ཏུ་དྭང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་གྱུར་ཏོ། །ཞེས་གསུངས་པའི་ལུང་འདི་དག་ལས་ཤེས་སོ། །གཉིས་པ་གང་ལ་བཤད་པར་བྱ་བའི་ཡུལ་གཉིས་ཏེ། སྣོད་ཀྱི་ཁྱད་པར་བཟུང་བ་དང༌། ཉན་པར་བསྐུལ་བའོ། །དང་པོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པའི་བསྟན་བཅོས་དེ་ཡང་སྔོན་སྟོང་པ་ཉིད་ཐོས་པའི་ས་བོན་བཞག་པ་རྣམས་ལ་བསྟན་པར་བྱའི་གཞན་དག་ལ་ནི་མ་ཡིན་ཏེ། འགའ་ཞིག་ནི་སྟོང་པ་ཉིད་སྤངས་ནས་ངན་འགྲོར་འགྲོ་བར་འགྱུར། འགའ་ཞིག་ནི་སྟོང་པ་ཉིད་ཀྱི་དོན་མེད་པར་བཟུང་ནས་ལོག་པར་ལྟ་བ་འཕེལ་བར་བྱེད་པའི་ཕྱིར་རོ། །དེ་བས་ན་ཉན་པ་པོའི་ཁྱད་པར་ངེས་པར་བྱས་ནས་བཤད་པར་བྱའོ། །ཁྱད་པར་ངེས་པར་མི་ནུས་སོ་ཞེ་ན། ཕྱི་རོལ་གྱི་མཚན་མ་ལས་ངེས་པར་བསྟན་པ་ནི། སོ་སོ་སྐྱེ་བོའི་དུས་ནའང་གཞན་ལས་སྟོང་པ་ཉིད་ཀྱི་ལྟ་བ་ཐོས་ནས་ནང་དུ་སྟོང་ཉིད་ཐོས་པའི་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་ཞིང་རང་ཉིད་ཀྱིས་སྟོང་ཉིད་རྟོགས་པའི་རབ་ཏུ་དགའ་བ་དང༌། སྟོང་ཉིད་མ་རྟོགས་པ་ལ་དམིགས་པའི་སྙིང་རྗེའི་རྗེས་སུ་འགྲོ་བའི་མཆི་མས་མིག་བརླན་ཅིང་ལུས་ཀྱི་དད་པའི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ་དེ་ལ་རྫོགས་པའི་སངས་རྒྱས་ཀྱི་བློ་རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཡོད་པས་དེ་ཁོ་ན་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། གང་ཟག་དེ་ལ་འོག་ནས་འཆད་པར་འགྱུར་བའི་དོན་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ལ་སྟོང་ཉིད་བསྟན་པའི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང་བར་བྱ་བའི་ཕྱིར་རོ། །ཇི་ལྟར་འབྱུང་ཞེ་ན། ཚུལ་ཁྲིམས་འཆལ་བའི་དབང་གིས་ངན་འགྲོར་ལྟུང་ན་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུན་ཆུད་པར་རིག་ནས་སྟོང་པ་ཉིད་ཀྱི་ལྟ་བ་མི་ཉམས་པར་བྱ་བའི་ཕྱིར་རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་འགྱུར་རོ། །བདེ་འགྲོར་སྐྱེས་ནས་དབུལ་བར་གྱུར་ན་ཡོ་བྱད་ཚོལ་བའི་བྱ་བས་གཡེངས་ནས་སྟོང་ཉིད་ཉན་པའི་སྐབས་མེད་དོ་སྙམ་ནས། སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེས་མ་ཟིན་པའི་ལྟ་བས་ནི་སངས་རྒྱས་འདྲེན་པར་མི་བྱེད་པར་རྟོགས་ནས་སྙིང་རྗེ་བསྟེན་པར་བྱེད་དོ། །ཁོང་ཁྲོ་བས་ནི་ངན་སོང་དུ་འགྲོ་ཞིང༌། མདོག་ངན་པ་ཐོབ་པར་བྱེད་པའི་རྐྱེན་གྱིས་སྟོང་ཉིད་སྟོན་པའི་བླ་མ་མི་མཉེས་པར་འགྱུར་སྙམ་ནས་བཟོད་པ་བསྒོམས་པར་བྱེད་དོ། །རྣམ་མཁྱེན་དུ་མ་བསྔོས་པའི་དགེ་བ་སངས་རྒྱས་ཐོབ་པའི་རྒྱུར་མི་འགྱུར་བས་གདུལ་བྱའི་འགྲོ་བ་གྲོལ་བར་བྱ་བའི་ཕྱིར། ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་མཁྱེན་དུ་ཡོངས་སུ་བསྔོ་བར་བྱེད་ཅིང་བྱང་ཆུབ་སེམས་དཔའ་མ་གཏོགས་པར་གཞན་དག་གིས་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་བསྟན་མི་ནུས་པར་བསམས་ནས་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད་པ་ཡིན་ནོ། །གཉིས་པ་ཉན་པར་བསྐུལ་བ་ནི། ཟབ་མོ་བདག་མེད་པ་གཉིས་དང༌། བསམ་པ་རྒྱ་ཆེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་དང༌། སྦྱོར་བ་རྒྱ་ཆེ་བ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དང༌། འབྲས་བུ་རྒྱ་ཆེ་བ་སྐུ་གསུམ་ཕྲིན་ལས་ཡོན་ཏན་དང་བཅས་པ་སྟེ་དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི་ཚོགས་ལམ་ནས་བཟུང་སྟེ་རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་པར་འགྱུར་བས་ན་ས་རབ་ཏུ་དགའ་བ་དེ་ནི་དོན་དུ་གཉེར་བས་འོག་ནས་འཆད་པར་འགྱུར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་ལམ་འདི་མཉན་པར་གྱིས་ཞེས་གདམས་སོ། །གསུམ་པ་བཤད་པར་བྱ་བའི་ངོ་བོ་གཏན་ལ་དབབ་པ་ལ་གསུམ་སྟེ། རྟེན་འབྲེལ་ཆོས་ཀྱི་བདག་མེད་སྒོ་ནས་བཤད། གང་ཟག་གི་བདག་མེད་པའི་སྒོ་ནས་བཤད། སྟོང་ཉིད་བཅུ་དྲུག་དང་བཞིའི་སྒོ་ནས་བཤད། དང་པོ་ལ་ལུང་དང༌། རིགས་པ་གཉིས་ལས། ལུང་ནི་མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྐྱེ་བ་མེད་པ་དང༌། མ་སྐྱེས་པ་དང༌། དབེན་པ་དང༌། གདོད་མ་ནས་རྣམ་པར་དག་པ་དང༌། སྤྲོས་པ་མེད་པ་དང༌། བླང་དུ་མེད་པ་དང༌། དོར་བ་མེད་པ་དང༌། མཉམ་པ་ཉིད་དང༌། ཆོས་ཐམས་ཅད་སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང༌། བྲག་ཆ་དང༌། ཆུ་ཟླ་དང༌། གཟུགས་བརྙན་དང༌། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པར་གཉིས་སུ་མེད་པར་མཉམ་པ་ཉིད་དེ། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་དུ་རབ་ཏུ་རྟོགས་པ་ནི་རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། ཞེས་གསུངས་སོ། །དེ་ལ་དང་པོ་བརྒྱད་ནི་དོན་དམ་པར་མཉམ་པ་ཉིད་ཡིན་ལ། དགུ་པ་ཀུན་རྫོབ་ཏུ་མཉམ་པ་ཉིད་ནི་སྒྱུ་མ་ལ་སོགས་པའི་དཔེ་བདུན་གྱིས་བསྟན་པ་དག་གོ །ཐ་མ་ནི་བདེན་པ་གཉིས་ཆར་དུ་མཉམ་པ་ཉིད་དོ། །གཉིས་པ་རིགས་པས་བསྟན་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་ཚིག་དོན་ནོ། །དང་པོ་ནི་མཉམ་པ་ཉིད་བཅུ་ཡོད་པ་ལས། སྐྱེ་བ་མེད་པར་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ལས་གཞན་རྣམས་གོ་སླ་བར་དགོངས་ཏེ། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་པ་ཡིན་ནོ། །འདི་ལ་དམ་བཅའ་དང༌། ཚད་མ་ཡོད་མེད་ཀྱི་ཚུལ་དཔྱད་པ་དང༌། ཐལ་འགྱུར་བ་དང༌། རང་རྒྱུད་པའི་ཁྱད་པར། ཐལ་འགྱུར་གྱི་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་དགག་གཞག་སྤོང་གསུམ་ལས། གཞན་ལུགས་དགག་པ་ནི། འགའ་ཞིག་དབུ་མ་ཐལ་འགྱུར་བ་ལ། ཐ་སྙད་དུ་ཡང་རང་ལུགས་ཀྱི་དམ་བཅའ་མེད་དེ། རིགས་པས་དཔྱད་ན་དམ་བཅའ་བར་བྱེད་པའི་ཆོས་མ་དམིགས་པའི་ཕྱིར་རོ། །དམ་བཅའ་མེད་པས་དེ་སྒྲུབ་བྱེད་ཀྱི་ཚད་མའང་ཁས་མི་ལེན་ཞིང༌། གཞན་ཕྱོགས་འགག་པའང་གཞན་ལ་གྲགས་ཀྱི་ཚད་མ་དང༌། འགལ་བ་བརྗོད་པའི་ཐལ་འགྱུར་སོགས་ཀྱིས་འགོག་པར་བྱེད་ཅིང༌། ཀུན་རྫོབ་ཀྱང་གཞན་ངོར་འཇིག་རྟེན་གཞུག་པའི་དོན་དུ་ཁས་བླངས་པར་ཟད་ཀྱི་རང་ལུགས་ལ་ནི་མ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བདེན་པ་གཉིས་ཆར་དུ་མཐའ་བཞིའི་སྐྱེ་བ་དང་བྲལ་བ་དང༌། རང་བཞིན་མེད་པ་ལ་སོགས་ཀྱི་རྣམ་བཞག་འདི་དབུ་མ་ཁོ་ནའི་འདོད་པ་མ་ཡིན་ནམ་ཅིའི་ཕྱིར་དམ་བཅའ་མེད་པར་འདོད། རིགས་ཚོགས་ནས་བཤད་པའི་རིགས་པ་དེ་དག་ཀྱང་དབུ་མ་བདག་གིས་འདོད་པ་མ་ཡིན་ནམ། ཇི་ལྟར་ན་དེ་དག་ལ་དམ་བཅའ་མེད་པ་ཡིན། དངོས་པོར་སྨྲ་བ་དག་གི་ལུགས་སོ་སྙམ་ན། དངོས་པོར་སྨྲ་བ་དག་གི་གྲུབ་མཐའ་འགོག་པར་ལྷུར་ལེན་པའི་རིགས་པ་ཡིན་པའི་ཕྱིར་དེ་དག་གི་འདོད་པར་མི་རིགས་ཏེ། རང་གི་གྲུབ་མཐའ་འགོག་པའི་རིགས་པ་རང་གིས་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཡོངས་གཅོད་བསྒྲུབ་པའི་དམ་བཅའ་མེད་པ་ཡིན་གྱི་རྣམ་བཅད་དགག་པའི་དམ་བཅའ་ཁས་ལེན་པས་ཉེས་པ་མེད་དོ་སྙམ་ན། རྟེན་འབྲེལ་དང་ལས་འབྲས་ལ་སོགས་པ་ཁས་ལེན་པ་ཡང་མེད་པ་དང་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་འདོད་ཀྱང་མེད་པར་འགྱུར་ཏེ། སྒྲུབ་པའི་དམ་བཅའ་མེད་པའི་ཕྱིར། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ནི་སྐད་ཅིག་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་སྐད་ཅིག་རེ་རེ་འཇིག་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཞེས་གསུངས་པ་ཡང་མི་འཐད་པར་འགྱུར་རོ། །དམ་བཅའ་ཡོད་ན་ཕྱོགས་གཉིས་ཁས་ལེན་དགོས་པས་དབུ་མ་སྨྲ་བར་མི་འགྱུར་བའི་ཕྱིར་རྣམ་བཅད་དགག་པའི་དམ་བཅའ་ཡང་མེད་དོ་ཞེས་ཟེར་བ་ཡང་མི་འཐད་དེ། འདིར་བཤད་པའི་སྐྱེ་མེད་ཀྱི་དམ་བཅའ་བཞི་པོ་ཡང་དབུ་མ་པ་དག་གི་དམ་བཅའ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། མེད་པར་དགག་པ་བརྗོད་པར་འདོད་པའི་ཕྱིར་དང༌། །ཞེས་གསུངས་པ་ལྟར་རོ། །ཅི་སྟེ་དེ་དག་དངོས་པོར་སྨྲ་བ་དག་གི་ཡིན་ནོ་ཞེ་ན། མི་འཐད་དེ། དེ་དག་ནི་སྟོང་པ་ཉིད་དུ་སྨྲ་བ་ལ་ཕྱིར་རྒོལ་བའི་ཕྱིར་དང༌། དེས་བསྟན་པའི་རིགས་པ་བསལ་བ་ལ་བརྩོན་པའི་ཕྱིར་རོ། །དམ་བཅའ་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་འདོད་པ་ཡང་མི་འཐད་དེ། འཇིག་རྟེན་ན་གྲགས་པའི་ལུང་རིགས་ཀྱིས་ཕྱོགས་གཉིས་དགག་སྒྲུབ་བྱེད་པའི་ཕྱིར་དང༌། ཡོད་མེད་དུ་ཡིད་ཆེས་པར་བྱེད་པའི་རྒྱུ་མངོན་སུམ་ལ་སོགས་པའི་ཚད་མ་བཞི་ཡང་འདོད་པའི་ཕྱིར་རོ། །ཅི་སྟེ་རང་ལ་གྲུབ་པའི་ཚད་མ་མེད་ཀྱང་གཞན་ཕྱོགས་ཁས་བླངས་ནང་འགལ་གྱི་ཐལ་འགྱུར་ཁོ་ནས་འགོག་པས་ཉེས་པ་མེད་དོ་ཞེ་ན། གཞན་ཕྱོགས་ཀྱི་ཁས་བླངས་ནང་འགལ་བར་ཤེས་ན་ནི་ཚད་མ་ཡོད་ལ། མི་ཤེས་ན་ནི་འགོག་འདོད་ཀྱི་བློ་མི་སྐྱེ་བས་ཇི་ལྟར་དེ་དག་དགག་པར་བྱེད། གཞན་ཡང་ཕ་རོལ་པོ་འགོག་བྱེད་ཀྱི་རིགས་པ་ཤེས་ན་ནི་ཚད་མ་ཡོད་ལ། མི་ཤེས་ན་ནི་རིགས་པས་འགོག་པར་ཡང་མི་འགྱུར་ཞིང༌། ཐལ་འགྱུར་ཡང་དག་དང་གྲུབ་མཐའ་འགལ་མི་འགལ་གྱི་རྣམ་དབྱེ་ཡང་ཚད་མ་མེད་ན་གང་གིས་རྣམ་པར་འབྱེད། དེས་ན་ཁས་བླངས་མེད་པའི་དབུ་མ་པར་རློམ་པ་འདི་ནི་ཁས་བླངས་ཅི་ཡང་མེད་དོ་ཞེས་སྨྲ་བ་བཞིན་དུ་སློབ་དཔོན་དག་གིས་འདི་ལྟར་བཞེད་ཅིང༌། དབུ་མའི་གཞུང་ལུགས་ཀྱི་དགོངས་པ་ཡང་འདི་ལྟར་རོ་ཞེས་སོགས་གང་ཅི་སྨྲས་པ་ཐམས་ཅད་ཁས་བླངས་དང་རང་ཚིག་འགལ་བ་འབའ་ཞིག་ཏུ་སྨྲ་བས་གཞན་འགོག་ནུས་པར་ལྟ་ཞོག་རང་ཉིད་ཀྱིས་རང་ཉིད་འགོག་པར་ཟད་དོ། །གཉིས་པ་རང་ལུགས་བཞག་པ་ནི་ཇི་སྐད་བཤད་པའི་རིགས་པས་དམ་བཅའ་ཡོད་པར་གྲུབ་ལ། ལུང་གིས་ཀྱང་ངེས་ཏེ། རྩོད་བཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་པ་དང༌། འཇུག་འགྲེལ་ལས། མཁས་པ་དག་གིས་ཕྱོགས་འདི་སྐྱོན་མེད་ཅིང་ཕན་ཡོན་དང་བཅས་པ་ཡིན་ནོ་སྙམ་དུ་བསམ་སྟེ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །རིགས་པ་དྲུག་ཅུ་པ་ལས། གང་དག་རྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོག །ཅེས་པས་སྒྲུབ་པའི་དམ་བཅའ་འདོད་པར་བསྟན་ཏོ། །ཀུན་རྫོབ་ཞལ་གྱིས་བཞེས་ཏེ། འཇུག་འགྲེལ་ལས། རང་གི་མཚན་ཉིད་ཅན་གྱི་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་མི་འདོད་བཞིན་དུ་ཡང་གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་གསུངས་པ་དང༌། ཚིག་གསལ་ལས། ཇི་ལྟར་རང་བཞིན་གྱིས་སྐྱེ་བ་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ནི་གདོན་མི་ཟབ་བར་ཁས་བླང་བར་བྱ་དགོས་སོ་ཞེས་པས་དགག་པའི་དམ་བཅའ་ཡང་བསྟན་ཏོ། །ཀུན་རྫོབ་བཞེད་པ་ཡང་དེ་ཉིད་ལས། ཆུ་འདོད་པས་སྣོད་ལྟར་ཐོག་མར་གདོན་མི་ཟ་བར་ཀུན་རྫོབ་ཇི་ལྟར་གནས་པ་ཁས་བླང་བར་བྱའོ། །ཞེས་སོ། །དོན་དམ་ཡང་འདོད་པ་ཡིན་ཏེ། རང་བཞིན་ནི་སློབ་དཔོན་གྱི་ཞལ་གྱིས་བཞེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དོན་འདི་ཁས་ལེན་དུ་གཞུག་པར་ནུས་པས་རང་བཞིན་འདི་ནི་གཉིས་ཀ་ལ་གྲུབ་པ་ཉིད་རྣམ་པར་བཞག་གོ་ཞེས་གསུངས་པ་བཞིན་ནོ། །སྒྲུབ་བྱེད་ཀྱི་ལུང་རིགས་ཀྱང༌། ཇི་སྐད་དུ་འཇུག་པ་ལས། ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པ་ཡིན་པས་ན། །ཞེས་པ་ལྟར་རོ། །ཡོངས་གཅོད་ཀྱི་དམ་བཅའ་ལུང་རིགས་ཀྱིས་སྟོན་པར་མཛད་དེ། ཡང་དེ་ཉིད་ལས། ཇི་ལྟར་ན་ལུང་དང་རིགས་པ་དག་གིས་ཆོས་བདག་མེད་པར་བསྟན་ནས། དེའི་འོག་ཏུ་གང་ཟག་གི་བདག་མེད་པ་བསྟན་པར་བྱ་བའི་ཕྱིར་བཤད་པ་ཞེས་པ་དང༌། ཚིག་གསལ་ལས། དེའི་ཕྱིར་བསྟན་པའི་རིགས་པ་དང༌། ལུང་འདི་ལས་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་སྟེ། ཞེས་གསུངས་པ་ཡིན་ནོ། །མངོན་སུམ་ལ་སོགས་པའི་ཚད་མ་བཞི་བཞེད་ཚུལ་ལ་ཡང༌། རྩོད་བཟློག་ཏུ། མངོན་སུམ་དང༌། རྗེས་དཔག་དང༌། ལུང་ཚད་མ་དང༌། ཉེ་བར་འཇལ་གྱི་ཚད་མ་བཞི་གསུངས་ལ། དེ་ལ་མངོན་སུམ་ནི་ཚིག་གསལ་ལས། མངོན་སུམ་གྱི་སྒྲ་ནི་ལྐོག་ཏུ་མ་གྱུར་པའི་དོན་གྱི་རྗོད་པར་བྱེད་པ་ཡིན་པའི་ཕྱིར། དབང་པོ་མངོན་དུ་ཕྱོགས་པའི་དོན་ནི་མངོན་སུམ་ཡིན་ནོ། །འདི་ལ་དབང་པོ་མངོན་དུ་ཕྱོགས་པས་ཞེས་བྱས་ནས། བུམ་པ་དང་སྔོན་པོ་ལ་སོགས་པ་ལྐོག་ཏུ་མ་གྱུར་པ་རྣམས་མངོན་སུམ་ཉིད་དུ་གྲུབ་པར་འགྱུར་ལ། དེ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་པ་ནི། རྩ་དང༌། སོག་མའི་མེ་བཞིན་དུ་མངོན་སུམ་གྱི་རྒྱུ་ཅན་ཡིན་པའི་ཕྱིར་མངོན་སུམ་ཉིད་དུ་རྗོད་པར་བྱེད་དོ་ཞེས་སོ། །རྗེས་དཔག་ནི། ཡང་དེ་ཉིད་ལས། ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པའི་ཤེས་པ་ནི་རྗེས་སུ་དཔག་པའོ་ཞེས་སོ། །ལུང་ཚད་མ་ཡང༌། དབང་པོ་ལས་འདས་པའི་དོན་མངོན་སུམ་དུ་རིགས་ཅིང་ཡིད་ཆེས་པར་གྱུར་པ་དག་གི་ཚིག་གང་ཡིན་པ་དེ་ནི་ལུང་ངོ་ཞེས་པ་དང༌། ཉེ་བར་འཇལ་གྱི་ཚད་མ་ཡང་འདྲ་བ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། དཔེར་ན་བ་མིན་ནི་བ་ལང་དང་འདྲའོ་སྙམ་པ་ལྟ་བུའོ་ཞེས་གསུངས་པ་ལྟར་རོ། །དེ་ལ་ཡུལ་གྱི་མངོན་སུམ་ནི་ལྐོག་ཏུ་མ་གྱུར་པའི་རང་སྤྱི་སོགས་དང༌། དངོས་པོར་ཡོད་མེད་ཀྱི་ཆོས་ཐམས་ཅད་ནི། ཡང་དེ་ཉིད་ལས། སྤྱིའི་མཚན་ཉིད་ཀྱང་རུང་སྟེ་ཞེས་པ་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པར། མེད་པ་དང་མི་དམིགས་པ་ཡང་འཇིག་རྟེན་ན་མངོན་སུམ་ཞེས་ཐ་སྙད་འདོགས་ཏེ། ཞེས་སོ། །ཡུལ་ཅན་གྱི་མངོན་སུམ་ལས། འཇིག་རྟེན་པའི་མངོན་སུམ་ནི་ཀུན་རྫོབ་ལ་ཚད་མ་ཡིན་གྱི་དེ་ཁོ་ན་ཉིད་ནི་ཚད་མ་མ་ཡིན་ཏེ། དེའི་ཡུལ་མ་ཡིན་པས་སོ། །ཇི་སྐད་དུ། མདོ་ལས་མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་པ་ལྟར་རོ། །འཕགས་པའི་མངོན་སུམ་ནི་དེ་ཁོ་ན་ཉིད་དང༌། ཆོས་ཅན་རྟེན་འབྲེལ་ལ་ཡང་མངོན་སུམ་ཡིན་ཞིང༌། གཞན་སྣང་ལ་ནི་འཁྲུལ་སྣང་ལ་ཡང་མངོན་སུམ་ཡིན་ནོ། །འཕགས་པས་འཇིག་རྟེན་པ་ཇི་ལྟར་སྣང་བ་ལྟར་གསུངས་པ་ན། བདག་ལ་སྣང་བ་འདི་ནི་འཕགས་པ་ལ་མངོན་སུམ་དུ་འགྱུར་ཏེ་སྙམ་དུ་ཡིད་ལ་བྱེད་པས་སོ། །རྗེས་དཔག་ནི་འཇིག་རྟེན་པའི་རྒྱུད་ལ་ཡོད་ཅིང་ཆོས་འགའ་ཞིག་ལྐོག་ཏུ་གྱུར་པ་འཕགས་པ་འོག་མ་གསུམ་གྱི་རྒྱུད་ལ་ཡང་ཅི་རིགས་སུ་ཡོད་ལ། རྫོགས་པའི་སངས་རྒྱས་ལ་ནི་ཆོས་གང་ཡང་ལྐོག་ཏུ་གྱུར་པ་མི་མངའ་བས་རང་རྒྱུད་ཀྱིས་བསྡུས་པའི་རྗེས་དཔག་མེད་ཀྱི་གདུལ་བྱ་ཁོ་ན་ལ་གྲགས་པའི་རྗེས་དཔག་ཞལ་གྱིས་བཞེས་ནས་དེ་ཉིད་ཀྱིས་གདུལ་བྱས་ཁོང་དུ་ཆུད་པར་བརྗོད་དོ། །ལུང་ཚད་མས་བརྗོད་པ་ཡང༌། ཚིག་གསལ་ལས། དེ་བཞིན་གཤེགས་པ་རྣམས་ནི་དངོས་པོའི་རང་བཞིན་འཐད་པ་དང་འགལ་བ་གསུངས་པ་མ་ཡིན་ཏེ། རང་ཉིད་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཁས་པ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་གསུངས་ཚད་མར་བྱེད་དེ། འཐད་པ་དང་བཅས་པས་མི་སླུ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉེས་པ་མ་ལུས་པ་སྤངས་པ་ཡིད་ཆེས་པའི་ངག་ལས་འོངས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀུན་ནས་གོ་བར་བྱེད་པའི་ཕྱིར་རམ། མངོན་དུ་ཕྱོགས་ནས་འགྲོ་བ་སྟེ། དེ་ལ་རྟེན་ནས་འཇིག་རྟེན་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་གསུང་ཉིད་ལུང་ཉིད་དུ་རྣམ་པར་བཞག་ལ། དེ་ལས་གཞན་གྱི་གཞུང་ལུགས་རྣམས་ནི་འཐད་པ་དང་བྲལ་བས་ཚད་མ་མིན་པ་ཉིད་དང༌། ལུང་མིན་པ་ཉིད་དུ་རྣམ་པར་བཞག་གོ །ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ལ། དམ་བཅའ་དང་ཚད་མ་ཡོད་ན། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་དང༌། གལ་ཏེ་ཁྱོད་ཀྱི་དོན་དེ་རྣམས། །ཚད་མ་ཉིད་ཀྱིས་རབ་གྲུབ་ན། །ཁྱོད་ཀྱི་ཚད་མ་དེ་རྣམས་ཀྱང༌། །ཇི་ལྟར་རབ་ཏུ་གྲུབ་པར་སྨྲོས། །གལ་ཏེ་ཚད་མ་གཞན་རྣམས་ཀྱིས། །གྲུབ་བོ་སྙམ་ན་ཐུག་པ་མེད། །དེ་ཡང་དང་པོ་གྲུབ་མིན་ལ། །བར་མ་མིན་ཞིང་ཐ་མའང་མིན། །ཐུག་པ་མེད་པར་འགྱུར་ན་ཡང༌། །དང་པོ་འགྲུབ་པར་མི་འཐད་དོ། །ཞེས་གསུངས་པ་རྣམས་ཇི་ལྟར་འཆད་ཅེ་ན། དགོངས་པ་ནི་འདི་ཡིན་ཏེ། བདེན་པ་གཉིས་ཆར་དུ་རང་བཞིན་གྱིས་གྲུབ་པའི་ཆོས་དམ་བཅས་པ་ཡོད་ན་སྐྱོན་ཡོད་པར་རིགས་པ་ལས་མེད་པའི་ཕྱིར་སྐྱོན་མེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཚད་མ་ཡང་རྟོག་གེ་ལས་བརྟག་པ་ནི་འཇིག་རྟེན་གྱི་ཐ་སྙད་ལས་འདས་ཏེ་རང་དགར་སྣང་བ་ལ་དགོངས་ནས་དེ་དག་བཀག་པ་ཡིན་གྱི། འཇིག་རྟེན་ན་གྲགས་པ་ནི་བཞེད་པ་ཡིན་ཏེ། ཚིག་གསལ་ལས། འཇིག་རྟེན་ཡིན་པ་དེ་བཞིན་དུ་རིགས་པ་ལ་ཡང་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཁོ་ན་རིགས་པའི་བསྟན་བཅོས་སུ་སྐབས་སུ་བབ་པའི་ཕྱིར་ཞེས་པ་དང༌། བཞི་འགྲེལ་ལས་ཀྱང༌། དེའི་ཕྱིར་རྟོག་གེའི་མཚན་ཉིད་མ་བསྟན་པར་གྱུར་དུ་ཟིན་ཀྱང༌། འཇིག་རྟེན་པའི་དོན་རྣམ་པར་གཏན་ལ་འབེབས་པ་ལ་མཁས་པ་རྣམས་ཀྱིས་དངོས་པོ་གང་གིས་ཇི་ལྟར་གནས་པ་དེ་ཁོ་ན་ལྟར་རྟོགས་ལ་གཞན་དག་ལ་ཡང་སྟོན་པར་བྱེད་དོ་ཞེས་པ་ལྟར་རོ། །ཅི་སྟེ་དམ་བཅའ་དང་ཚད་མ་ཡོད་པར་བཤད་པ་ནི་གཞན་ངོར་ཡིན་གྱི་རང་ལུགས་མིན་ཏེ། འཇུག་པ་ལས། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་པ་དང༌། འཇིག་རྟེན་པས་ཡོངས་སུ་མཐོང་བ་འདི་ཡོད་ན་འདི་འབྱུང་ཞེས་འདི་ཙམ་ཞིག་གཞན་ལ་རག་ལས་པའི་འཇུག་པའི་སྒོ་ནས་ཁས་བླང་བར་བྱའོ་ཞེས་གསུངས་པས་སོ་ཞེ་ན། དབུ་མ་པའི་ཁས་ལེན་ཚུལ་ནི་གསུམ་སྟེ། དགོས་པའི་དབང་གིས་གཞན་ངོར་ཁས་བླངས་པ་དང༌། རང་གཞན་མཐུན་པའི་ཁས་ལེན་པ་དང༌། རང་ཁོ་ནས་ཁས་ལེན་པའོ། །དང་པོ་ནི་བློ་ལ་བདེན་པར་སྣང་བ་དགོས་པའི་དབང་གིས་ཁས་ལེན་པ་སྟེ། རིག་པ་དྲུག་ཅུ་པ་ལས། དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེད་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་པ་དང༌། འཇུག་པ་ལས། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་ཞེས་གསུངས་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །ཞེས་པ་དང༌། བདག་བཏགས་པ་ཙམ་ཁས་ལེན་པ་སྟེ། ཚིག་གསལ་ལས། ཕུང་པོ་ལ་རྟེན་ནས་བཏགས་པའི་བདག་ལ་བདག་ཅེས་བྱའོ། །བཞི་འགྲེལ་ལས། ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་ཡིན་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་བརྟེན་ནས་བདག་ཏུ་འདོགས་ལ་ཞེས་བདག་ཏུ་ཁས་བླང་བ་དང༌། ཆོས་ཁས་ལེན་ཚུལ་ཡང༌། ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་ཞིག་འཇིག་རྟེན་པས་ཁས་ལེན་པ་ལྟར་འདི་ཡང་ཡིན་ཏེ། ཚིག་གསལ་ལས། བདག་དང་གཞན་ལས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པ་དཔྱོད་པ་འཇུག་པ་མེད་པར་རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་རྟོགས་པ་ཡིན་ན་ཞེས་པ་དང༌། རྐྱེན་ཉིད་འདི་བ་ཙམ་གྱིས་ཀུན་རྫོབ་འགྲུབ་ཡང་ཁས་ལེན་གྱི་ཕྱོགས་བཞི་ཁས་ལེན་པའི་སྒོ་ནས་ནི་མ་ཡིན་ཏེ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། རྟེན་འབྲེལ་བདེན་པ་གཉིས་ཆར་དུ་མཐའ་བཞིའི་སྐྱེ་བ་དང་བྲལ་བ་དང༌། བདེན་པའི་རང་བཞིན་མེད་པ་ཁས་ལེན་པ་སྟེ། འཇུག་པ་ལས། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པ་མཛོད། །ཅེས་པ་ལྟ་བུའོ། །དེ་བས་ན་ཁས་ལེན་ཚུལ་དུ་མ་ཡོད་པ་ལས། ཁྱོད་ཀྱི་ལུགས་ནི་ཁས་ལེན་ཚུལ་དང་པོའི་དབང་དུ་བྱས་པ་སྟེ། ཚུལ་འདི་ནི་གཞན་ལ་ཡང་ཤེས་པར་བྱའོ། །གཉིས་པ་ཐལ་འགྱུར་བ་དང་རང་རྒྱུད་པའི་ཁྱད་པར་ནི་དངོས་པོར་སྨྲ་བ་དང་རང་བཞིན་དཔྱོད་པ་ལྷུར་ལེན་པའི་ཚེ་གཞན་གྱི་ལོག་རྟོག་ཐལ་འགྱུར་གྱིས་སེལ་བར་བྱེད་ཀྱི་རང་རྒྱུད་ཀྱི་རྟགས་མི་འདོད་པ་དང༌། ཐོག་མར་ཐལ་འགྱུར་གྱིས་རྟགས་འགོག་པའི་སྣོད་དུ་རུང་བར་བྱས་ནས་ཕྱིས་རང་རྒྱུད་ཀྱིས་རྗེས་སུ་བཟུང་བར་འདོད་པ་འདི་ནི་འདི་གཉིས་ཀྱི་ཁྱད་པར་རོ། །ཐལ་འགྱུར་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ལ། རྣམ་བཞག་བཀོད་པ་དང༌། རྣམ་བཞག་དེའི་སྐྱོན་སྤང་བ་དང་གཉིས་ལས། དང་པོ་ནི་རང་ཕྱོགས་བསྒྲུབ་པ་དང༌། གཞན་ཕྱོགས་དགག་པ་དང༌། རང་ཕྱོགས་ལ་ཉེས་པ་སྤོང་བའི་རྣམ་བཞག་གོ །དང་པོ་ལ། བསྒྲུབ་བྱ་ནི་ཀུན་རྫོབ་སྒྱུ་མ་ལྟ་བུ་དང༌། དོན་དམ་པར་སྤྲོས་བྲལ་ལ་སོགས་པ་ཡིན་ལ། སྒྲུབ་བྱེད་ནི་ལུང་དང་རིགས་པ་སྟེ་གཞུང་ནས་ཇི་ལྟར་བཤད་པ་དག་གོ །རང་རྒྱུད་ཀྱི་རྟག་འགོག་པ་མིན་ནམ་ཇི་ལྟར་ན་བསྒྲུབ་བྱ་དང་སྒྲུབ་བྱེད་འདོད་པར་བྱེད་ཅེ་ན། རང་རྒྱུད་ཀྱི་རྟག་འགོག་པ་ཡིན་ཡང༌། བཏགས་པ་ཙམ་གྱི་བསྒྲུབ་བྱ་དང་སྒྲུབ་བྱེད་མི་བཞེད་པ་ནི་མ་ཡིན་ཏེ། འཐད་པ་དང་བྲལ་བ་ལས་ཀྱང་བསྒྲུབ་པར་བྱ་ཞེས་ཤེས་པར་བྱ། ཞེས་པ་ལྟར་རོ། །རང་བཞིན་གྱིས་སྟོང་ཞིང་འཐད་པ་དང་བྲལ་བའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ལ། ཞེས་པ་དང༌། དེ་བས་ན་ཆུ་ཟླ་ལྟ་བུའི་གཏན་ཚིགས་ཀྱིས་སྤྲུལ་པ་ལྟ་བུའི་ཕྱིར་རྒོལ་ལ་རྨི་ལམ་ལྟ་བུའི་བསྒྲུབ་བྱ་རྟོགས་པ་ཡིན་ནོ། །གཉིས་པ་གཞན་ཕྱོགས་དགག་པ་ལ། དགག་བྱ་ངོས་བཟུང་བ་དང༌། འགོག་བྱེད་ཀྱི་རིགས་པ་བཤད་པ་གཉིས་ལས། དང་པོ་ལ། ལམ་གྱིས་དགག་བྱ་ནི་འཁྲུལ་པའི་སྣང་བ་མཐའ་དག་ཡིན་ལ། འདིར་ལུང་རིགས་ཀྱི་དགག་བྱ་ནི། ཡུལ་དང་ཡུལ་ཅན་གཉིས་ལས་དང་པོ་ལ་ཡང་ལྷན་སྐྱེས་ཀྱི་མ་རིག་པས་བཏགས་པ་དང༌། ཀུན་བཏགས་ཀྱི་མ་རིག་པས་བཏགས་པ་གཉིས་ལས། དང་པོ་ནི། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་གང་ཟག་ཏུ་འཛིན་པ་དང༌། ཆོས་སུ་འཛིན་པ་གཉིས་ཀྱི་དམིགས་ཡུལ་གང་ཟག་དང༌། ཆོས་སུ་འཇོག་ལ། འཛིན་སྟངས་ཀྱི་བཟུང་བྱ་བདེན་པ་ནི་གང་ཟག་གི་བདག་དང༌། ཆོས་ཀྱི་བདག་འཇོག་པའོ། །གཉིས་པ་ནི་དངོས་པོར་སྨྲ་བ་དག་གིས་ལུང་རིགས་ལྟར་སྣང་གི་འཐད་པ་ལ་རྟེན་ནས་རྟོག་པས་སྦྱར་བ་དག་སྟེ། འདི་ལ་དངོས་པོ་རང་བཞིན་གྱིས་སྒྲོ་བཏགས་པ་ལྟ་བུ་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང༌། ལས་རྒྱུ་འབྲས་ལ་བསྐུར་པ་འདེབས་པ་ལྟ་བུ་མེད་བསྐུར་འདེབས་ཀྱི་མཐའ་གཉིས་སོ། །གཉིས་པ་ཡུལ་ཅན་ནི་ཡུལ་དེ་དང་དེར་རྟོག་པའི་བློ་དང་ལྟ་བ་ངན་པ་ཐམས་ཅད་ཡིན་ཏེ། བཞི་བརྒྱ་པ་ལས། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་པ་དང༌། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་པ་ལྟར་རོ། །འགོག་བྱེད་ཀྱི་རིགས་པ་ལ། འགལ་བ་བརྗོད་པའི་ཐལ་འགྱུར། གཞན་ལ་གྲགས་ཀྱི་རྗེས་དཔག རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །དེ་ལ་དང་པོ་གཉིས་ནི་གཞན་ཕྱོགས་དགག་པའི་རིགས་པ་དངོས་ཡིན་ལ། ཕྱི་མ་གཉིས་ནི་གཞན་ལ་གྲགས་ཀྱི་རྗེས་དཔག་གི་ཁྱབ་པ་བསྒྲུབ་པའི་ཡན་ལག་གོ །འགལ་བརྗོད་དང་གཞན་གྲགས་ཀྱི་ཁྱད་པར་ནི། ཁས་བླངས་དངོས་སུ་འགལ་བ་བརྗོད་པས་འགོག་པ་ནི་འགལ་བརྗོད་ཐལ་འགྱུར་ཏེ། དཔེར་ན་གྲངས་ཅན་པས་འབྲས་བུ་རྒྱུའི་བདག་ཉིད་དུ་ཡོད་ཅེས་ཀྱང་སྨྲ་ཞིང༌། རྒྱུ་ལས་སྐྱེའོ་ཞེས་ཀྱང་སྨྲ་བ་ལ་མི་སྐྱེ་བར་འགྱུར་ཏེ། གྲུབ་ཟིན་པའི་ཕྱིར། མངོན་པར་གསལ་བའི་བུམ་པ་བཞིན། ཞེས་བྱ་བས་ཡོད་པར་གྲུབ་ཟིན་པ་དང༌། རྒྱུ་ལས་སྐྱེ་བའི་ཁས་བླངས་འགལ་བ་སྟོན་པ་ལྟ་བུའོ། །གཞན་གྲགས་རྗེས་དཔག་ནི། ཁས་བླངས་པ་དང་དངོས་སུ་འགལ་བ་བརྗོད་པ་མེད་ཀྱང་ཁས་ལེན་དགོས་པའི་དོན་དང་འགལ་བ་བརྗོད་པས་འགོག་པ་ཡིན་ཏེ། དཔེར་ན་མིག་ཆོས་ཅན་གཞན་ལ་མི་ལྟ་སྟེ། རང་ལ་མི་ལྟ་བའི་ཕྱིར། བུམ་པ་བཞིན་ཞེས་བརྗོད་པ་ན། གཏན་ཚིགས་རང་ལ་མི་ལྟ་བ་དང་དགག་བྱ་གཞན་ལ་ལྟ་བ་དངོས་སུ་འགལ་བར་མ་ངེས་ཀྱང༌། ཁས་བླངས་མཐར་ཐུག་དང་འགལ་བ་ལྟ་བུའོ། །ཐལ་འགྱུར་གྱི་རྣམ་བཞག་ལ་གསུམ་སྟེ། ཕྱོགས་ཆོས་ཁས་བླངས་ལ་ཁྱབ་པ་ཚད་མས་གྲུབ་པ། ཕྱོགས་ཆོས་ཚད་མས་གྲུབ་ལ་ཁྱབ་པ་ཁས་བླངས་དང༌། གཉིས་ཀ་ཁས་བླངས་ཙམ་གྱིས་གྲུབ་པ་ཁས་བླངས་ཙམ་ལ་བརྟེན་པའི་སུན་འབྱིན་གྱི་ཐལ་འགྱུར་རོ། །དང་པོ་ནི་ལ་ལ་དུ་བ་མཐོང་བར་མེ་མེད་པར་སྨྲ་བ་ལ་དུ་བ་ཡང་མེད་པར་ཐལ། མེ་མེད་པའི་ཕྱིར་ཆུ་བཞིན་ཞེས་པ་ལྟ་བུའོ། །གཉིས་པ་ནི། མེའི་མཚན་ཉིད་དྲིས་པ་ན་དོན་བྱ་བ་ནུས་པ་ཞེས་སྨྲ་བ་ལ། ཆུ་ཡང་མེར་ཐལ། དོན་བྱེད་ནུས་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། བྱེ་བྲག་པ་ལ་སྤྱི་རྟག་དངོས་ཆོས་ཅན། དུ་མར་ཐལ། རང་གིས་གསལ་བ་དུ་མ་ལ་དོན་དམ་པར་འཕྲོད་འདུས་འབྲེལ་བའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། རྟོག་གེ་པ་རྣམས་ཀྱིས་ཐལ་འགྱུར་གྱི་ཚུལ་གསུམ་དུ་བཞག་པ་ལས། དབུ་མ་རིགས་ཚོགས་པའི་འདོད་པ་ནི་ཕྱི་མ་ཡིན་ནོ། །སློབ་དཔོན་ལེགས་ལྡན་འབྱེད་ནི་ཐལ་འགྱུར་ཙམ་གྱིས་སྤྲོས་པའི་སྒྲོ་འདོགས་མི་ཆོད་པས་རང་རྒྱུད་ཀྱི་རྟགས་ཀྱང་དགོས་པར་བཞེད་ལ། སློབ་དཔོན་ཟླ་བ་གྲགས་པ་ནི་རིགས་པ་དགོས་པའི་ཡུལ་ཡིན་ན་ཐལ་འགྱུར་གྱིས་ཁས་བླངས་ནང་འགལ་བསྟན་པས་འགལ་བར་ཤེས་པ་ན་ལོག་རྟོག་ལྡོག་ལ། ཡུལ་མ་ཡིན་ན་ནི་རང་རྒྱུད་ཀྱིས་ཀྱང་མི་ནུས་པས་རང་རྒྱུད་མི་དགོས་པར་བཞེད་དོ། །འདིར་དགག་བསྒྲུབ་ཡང་མ་བརྟག་པའི་བློ་ཡུལ་གྱི་དགག་པ་དང༌། སྒྲུབ་པ་ལ་ངེས་པ་མེད་ལ་རྗེས་དཔག་སོ་སོའི་རང་བཞིན་བྱེད་པའི་སྐབས་སུ་རིགས་པས་བརྟགས་ཏེ་རིགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་མེད་པ་དགག་པ་ཁོ་ནའོ། །འགལ་བ་བརྗོད་པའི་ཐལ་འགྱུར་བརྗོད་ཟིན་ཏོ། །གཞན་ལ་གྲགས་པའི་རྗེས་དཔག་ལ་གཉིས་ཏེ། གཞན་བཀག་པའི་དོན་དུ་བཀག་ཆོས་ཁས་བླངས་པའི་རྗེས་དཔག་དང༌། ཐལ་བའི་རྗེས་སུ་བརྗོད་པའི་རྗེས་དཔག་གོ །དང་པོ་ནི། སྣང་བ་འདི་ཆོས་ཅན། རང་གིས་སྟོང་སྟེ། རྟེན་ནས་བྱུང་བའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ནོ། །ཞེས་བྱ་བ་ལྟ་བུ་སྟེ། གཞན་གྱིས་བརྟགས་པའི་དངོས་པོ་དགག་པའི་དོན་དུ་སྟོང་པ་ཉིད་དུ་དམ་བཅའ་བའོ། །ཐལ་བ་རྗེས་སུ་བརྗོད་པ་ནི། མིག་ཆོས་ཅན། གཞན་ལ་མི་ལྟ་བར་ཐལ། རང་ལ་མི་ལྟ་བའི་ཕྱིར། དཔེར་ན་བུམ་པ་བཞིན། ཞེས་པ་ལྟ་བུའོ། །མགོ་སྙོམས་ལ་གཉིས་ཏེ། མགོ་བསྒྲེ་སྤྱིའི་རྣམ་བཞག་བརྗོད། སྐབས་སུ་བབ་པའི་དཔེར་བརྗོད་དོ། །དང་པོ་ལ་མགོ་བསྒྲེས་འཇུག་པའི་ཡུལ་ནི། དངོས་པོའི་ལན་ལ་བསྙོན་འདེབས་པར་བྱེད་པ་པོ་ཡིན་ལ། མགོ་བསྒྲེའི་དོན་ནི་མི་འདོད་པའི་དོན་གཞན་ཁས་བླངས་པའམ། ཁས་ལེན་དགོས་པའི་རྒྱུ་མཚན་མཚུངས་པར་བརྗོད་པས་འདོད་པའི་དོན་སུན་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལ་དང་པོ་ནི་མགོ་བསྒྲེའི་གནས་རང་གིས་ཁས་བླངས་ནས་ཁྱོད་ཀྱིས་འདི་ཁས་བླངས་ན་ཁོ་བོས་ཀྱང་འདི་ཁས་ལེན་ཞེས་མགོ་བསྒྲེ་བའོ། །བསྒྲེ་བྱ་དང་སྒྲེ་བྱེད་ཀྱི་ཆོས་གཉིས་ཀ་རྒོལ་བ་ཁས་ལེན་དུ་གཞུག་པ་ནི། དེ་ཡང་འདི་འདོད་ན་རྒྱུ་མཚན་མཚུངས་པས་འདི་ཡང་འདོད་པར་གྱིས་ཤིག་ཅེས་བྱའོ། །ཇི་སྐད་དུ། གལ་ཏེ་གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང༌། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལའང་གཞན་ཉིད་མཚུངས། །ཞེས་པ་ལྟ་བུའོ། །སྐབས་སུ་བབ་པའི་དཔེར་བརྗོད་མགོ་སྙོམས་ཞེས་བྱ་བ་ནི་དཔེ་དང་རྩོད་གཞི་མགོ་སྙམ་པ་སྟེ། དཔེ་བུམ་པའི་སྟེང་དུ་རང་ལ་མི་ལྟ་བའི་ལྡོག་པ་གཅིག་ཡོད་ལ། རྩོད་གཞི་མིག་གི་སྟེང་ནའང་རང་ལ་མི་ལྟ་བའི་ལྡོག་པ་གཅིག་ཡོད་པས་གཉིས་ཀའང་རང་ལ་ལྟ་བ་ལས་ལོག་ཙམ་གྱི་རང་ལ་མི་ལྟ་བ་ཙམ་དུ་ལྡོག་པ་གཅིག་པས། བུམ་པའང་གཞན་ལ་ལྟ་དགོས་ལ་ཡང་ན་མིག་ཀྱང་གཞན་ལ་ལྟ་བར་མི་རིགས་ཞེས་མགོ་སྙམ་པའོ། །རྩ་བ་ལས། གལ་ཏེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་པ་ལྟར་རོ། །ཅི་སྟེ་མིག་རིག་པ་དང་ལྡན་ལ། བུམ་པ་མི་ལྡན་པས་གཞན་ལ་ལྟ་མི་ལྟའི་ཁྱད་པར་ཡོད་པའི་ཕྱིར་མ་ངེས་སོ་ཞེ་ན། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས་ཞེས་༼གཞན༽ལ་ལྟར་རང་ལ་མི་ལྟ་བའི་ལྡོག་པ་གཅིག་པའི་གཏན་ཚིགས་ཀྱིས་ཁྱད་པར་དག་ཀྱང་འཇོམས་པར་བྱེད་དོ། །མིག་ཆོས་ཅན་རིག་པ་དང་མི་ལྡན་པར་ཐལ། རང་ལ་མི་ལྟ་བའི་ཕྱིར། བུམ་པ་ལྟ་བུའོ་ཞེས་པ་བཞིན་ནོ། །ཅི་སྟེ་རང་ལ་མི་ལྟ་ཙམ་དུ་ལྡོག་པ་གཅིག་པ་ཙམ་གྱིས་རིག་པ་དང་ལྡན་མི་ལྡན་གྱི་ཁྱད་པར་མི་གྱུར་བས་མ་ངེས་སོ་ཞེ་ན། ལྡོག་པ་གཅིག་པས་ཁྱབ་པ་ཁས་མི་ལེན་ན། འོ་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར། བུམ་པ་བཞིན་ཞེས་བྱ་བ་ལ་ཁྱབ་པ་མེད་པར་མི་འདོད་པས་ཡོད་པར་ཁས་ལེན་དགོས་སོ། །དེའི་ཚེ་བུམ་པའི་བྱས་པ་ལ་མི་རྟག་པས་ཁྱབ་ཀྱང༌། སྒྲའི་བྱས་པ་ལ་མི་རྟག་པས་མ་ཁྱབ་བོ་ཞེས་བྱའོ། །བྱས་པ་ཙམ་གྱི་སྤྱི་ལ་མི་རྟག་པས་ཁྱབ་པ་ལ། བྱེ་བྲག་སྒྲའི་བྱས་པ་ལ་མི་རྟག་པས་མ་ཁྱབ་པར་འགལ་ལོ་ཞེ་ན། རིགས་ཀྱི་སྤྱིར་རང་ལ་མི་ལྟ་བ་ཙམ་ལ་གཞན་ལ་མི་ལྟ་བས་ཁྱབ་པ་ལ། བྱེ་བྲག་མིག་གི་སྟེང་གི་རང་ལ་མི་ལྟ་བ་ལ་གཞན་ལ་མི་ལྟ་བས་མ་ཁྱབ་པར་འགལ་ཞེས་བྱའོ། །བྱེ་བྲག་ཏུ་བུམ་པའི་རང་ལྟ་མེད་དོ་ཞེ་ན། བྱས་པ་ཡང་རིགས་སྤྱི་མ་ཡིན་ཏེ། བུམ་སྤྱི་བྱས་པ་ཡིན་པར་འདོད་དགོས་ཞེས་བྱའོ། །དོན་གྱི་མཐར་ཐུག་ནི། ལྡོག་པ་གཅིག་ཡིན་ན་གཞན་ལ་ལྟ་མི་ལྟ་གཉིས་དང་འབྲེལ་བར་འགལ་ལ། གཞན་ལ་ལྟ་མི་ལྟ་ཐ་དད་དང་འབྲེལ་ན་ལྡོག་པ་གཅིག་ཏུ་འགལ་བས་ཀྱང་ཁྱབ་ལྡན་དུ་ཁས་བླངས་དགོས་ལ། ཡང་ན་ནི་ཐམས་ཅད་ཀྱང་ཁྱབ་པ་མེད་པར་ཁས་བླངས་དགོས་ཞེས་བྱ་བ་ཡིན་ནོ། །བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་ནི། ཕ་རོལ་པོས་བརྗོད་པའི་སྒྲུབ་བྱེད་ཐམས་ཅད་དབུ་མ་པ་ལ་ལྟོས་ནས་དམ་བཅའ་དང་མཚུངས་པར་བསྒྲུབ་བྱ་སྒྲུབ་པ་ལ་ནུས་པ་མེད་པ་སྟེ། དབུ་མ་རྩ་བ་ལས། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་པ་ལྟར་རོ། །གསུམ་པ་རང་ཕྱོགས་ལ་ཉེས་པ་སྤང་བའི་རྣམ་བཞག་ལ་གཉིས་ཏེ། ཀུན་རྫོབ་ལ་ལྟོས་ཏེ་ཉེས་པ་སྤོང་བ་དང༌། དོན་དམ་ལ་ལྟོས་ཏེ་ཉེས་པ་སྤོང་བའོ། །དང་པོ་ནི། གཞུང་ནས་ཕ་རོལ་པོའི་བརྟག་པ་ཁས་བླངས་ནས་ལན་འདེབས་པ་ཡོད་དེ། དེ་ནི་གཞན་ངོར་དགོས་པ་ལ་ལྟོས་པའི་ལན་ཡིན་ནོ། །འདི་ནི་གཅིག་ཏུ་ཐ་སྙད་ལ་ཡིན་པས་འདི་ལ་བརྟག་པ་མི་འཇུག་ཅེས་ལན་འདེབས་པ་ཡོད་དོ། །དེ་ནི་རྣལ་མའི་ལན་ཡིན་ནོ། །འདི་ལ་མགོ་སྙོམས་ཀྱི་སྒོ་ནས་རང་ལ་སྐྱོན་བརྗོད་ན། ཐ་སྙད་ཀུན་རྫོབ་ཀྱི་དོན་ལ་རིགས་པས་བརྟག་མི་བཟོད་པ་ནི་འདོད་པ་ཁོ་ན་སྟེ། རིགས་པས་གཞིག་པར་མ་ནུས་ན་ཀུན་རྫོབ་བརྟག་མི་བཟོད་དུ་མི་རུང་བའི་ཕྱིར། ཚིག་གསལ་ལས་ཀྱང༌། འཇིག་རྟེན་པའི་ཐ་སྙད་ལ་དེ་ལྟར་རྣམ་པར་དཔྱད་པ་མི་འཇུག་པའི་ཕྱིར་དང༌། འཇིག་རྟེན་པའི་དངོས་པོ་རྣམས་ནི་མ་བརྟག་པར་ཡོད་པའི་ཕྱིར་རོ། །དེ་ལྟ་མིན་ན་ཀུན་རྫོབ་འཐད་པ་དང་ལྡན་པ་མ་ཡིན་ནམ། དེས་ནི་འདི་ཁོ་ན་ཉིད་དུ་འགྱུར་གྱི་ཀུན་རྫོབ་ཏུ་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །ཅི་སྟེ་ངེད་ཀྱི་ཀྱང་དེ་ལས་ལྷག་པ་ཅི་ཞིག་སྨྲས་ཏེ། ཀུན་རྫོབ་རྣམས་ནི་མ་བརྟག་གནས་པ་ཙམ་དུ་འཇོག་གི་རིགས་པས་བརྟག་བརྗོད་དུ་མི་འདོད་དོ་ཞེ་ན། མི་ཡིན་ཏེ། ཁྱོད་ཀྱིས་ནི་རིགས་པས་བརྟག་ནས་ཚད་མས་གྲུབ་ན་གྲུབ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་པ་དང་རིགས་པས་བརྟག་ན་གྲུབ་པའི་དོན་ལ་འཇལ་བྱེད་དུ་འཇུག་པའི་ཚད་མ་ལ་ཚད་མ་གཞན་གྱིས་གནོད་མེད་དུ་ཁས་བླངས་པས་མི་མཚུངས་པ་ཁོ་ནའོ། །གཉིས་པ་དོན་དམ་ལ་ལྟོས་ནས་ཉེས་པ་སྤོང་བ་ལ། དམ་བཅའ་མེད་པ་དང༌། གཏན་ཚིགས་མེད་པ་གཉིས་ལས། དང་པོ་ནི། རིགས་ངོར་རང་བཞིན་གྱིས་གྲུབ་པའི་ཆོས་དམ་བཅའ་མེད་པས་རིགས་པས་བརྟག་བཟོད་ཀྱི་ཆོས་ཁས་བླངས་པའི་སྔོན་ཡང་མེད་དོ། །ཅིའི་ཕྱིར་དེ་ལྟ་བུའི་དམ་བཅའ་མེད་ཅེ་ན། རིགས་པས་རྣམ་པར་དཔྱད་པ་ན་ཤེས་བྱ་འདི་ལ་ཡོད་པ་དང་མེད་པ་ལ་སོགས་པའི་རང་བཞིན་ཅུང་ཟད་གཅིག་ཡོད་ན། དེ་དོན་དམ་པར་རིགས་ན་ཅུང་ཟད་ཀྱང་མ་རྙེད་པས་གང་གིས་དམ་བཅའ་བར་བྱེད། ལུང་གིས་ཀྱང་དེ་ལྟར་ངེས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་དང༌། འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་རིང་པོ་ན་ཡང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཅེས་པ་ལྟར་རོ། །གལ་ཏེ་དམ་བཅའི་ངོ་བོ་ནི་འདོད་པ་ཡིན་ལ། ཁྱེད་ཀྱང་དམ་བཅའ་མེད་པར་འདོད་པས་དམ་བཅའ་མེད་པ་ཉིད་དམ་བཅའ་བར་སོང་ངོ་ཞེ་ན། འདིའི་ལན་ལ་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨ་ཌ་ནི། འགའ་ཞིག་གིས་ཀུ་ཅོ་འདོན་པ་དགག་པའི་ཕྱིར་དུ། ཁ་རོག་སྡོད་ཅིག་ཅེས་བརྗོད་པ་ན་ཤེས་རབ་དང་ལྡན་པ་དག་ནི་ཅང་མི་སྨྲ་བར་འདུག་ལ། འགའ་ཞིག་ནི་སྒྲ་དེ་ཉིད་ཀྱང་ཀུ་ཅོ་ཡིན་ཞེས་རྒོལ་བར་བྱེད་པ་དེ་བཞིན་དུ། དབུ་མ་པ་ལ་དམ་བཅའ་མེད་ཅེས་བརྗོད་པ་ན་ཤེས་རབ་དང་ལྡན་པ་དག་དམ་བཅའ་མ་གྲུབ་པས་དེ་ལ་ལྟོས་པའི་དམ་བཅའ་མེད་པའང་མི་འཐད་པར་རྟོགས་ལ། བློ་དམན་པ་དག་ནི་དམ་བཅའ་མེད་པ་ཞེས་བྱ་བའི་དམ་བཅའ་ཞིག་འདོད་པ་ཡིན་ནོ་སྙམ་དུ་སེམས་པ་ཡིན་ནོ་ཞེས་གསུངས་སོ། །འདི་དག་ཀྱང་རང་བཞིན་གྱིས་གྲུབ་པའི་ཆོས་ཁས་བླངས་པའི་དམ་བཅའ་མེད་ཅེས་འཆད་པར་བྱེད་དགོས་ཀྱི་ཐ་སྙད་དུ་བཏགས་པ་ཙམ་གྱི་ཆོས་ཁས་ལེན་པའི་དམ་བཅའ་ནི་ཡོད་པ་ཡིན་ནོ། །ཞེས་རྒྱ་ཆེར་བསྟན་ཟིན་ཏོ། །དམ་བཅའ་མེད་པ་ཉིད་དམ་བཅའ་ཡིན་ན་རི་བོང་གི་རྭ་མེད་པར་དམ་བཅས་པ་ཡང་རི་བོང་གི་རྭ་དམ་བཅས་པར་འགྱུར་རོ། །ཅི་སྟེ་རི་བོང་གི་རྭ་མེད་པ་ནི་རྭ་བཀག་པ་ཡིན་ལ། རི་བོང་གི་རྭ་བཀག་པ་རི་བོང་གི་རྭར་འགལ་བས་མི་འཐད་དོ་ཞེ་ན། དམ་བཅའ་མེད་པ་ཞེས་བྱ་ཡང་དམ་བཅའ་བཀག་པ་ཡིན་པས། དམ་བཅའ་བཀག་པ་དམ་བཅའ་བ་འགལ་ལོ་ཞེས་བརྗོད་པར་བྱའོ། །རྣལ་མའི་ལན་ནི་རིགས་པས་དཔྱད་ན་རང་བཞིན་གྱིས་གྲུབ་པའི་ཆོས་མེད་པར་དམ་བཅས་པའི་དམ་བཅའ་མེད་པར་འདོད་པས་སྐྱོན་མེད་དོ། །གཉིས་པ་གཏན་ཚིགས་མེད་པ་ནི། ཚིག་གསལ་ལས། དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་ཞེས་པ་སྟེ། གནས་ལུགས་ལ་དཔྱོད་པའི་སྐབས་སུ། གང་ལ་དཔྱོད་པའི་གཞི་དབུ་མ་པ་ལ་མ་གྲུབ་པས་དེའི་སྟེང་དུ་དགག་ཆོས་ལས་གཞན་སྒྲུབ་ཆོས་ཀྱང་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་རྣམ་བཞག་དེའི་སྐྱོན་སྤོང་བ་ནི། འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་སྤྲོས་པ་མཐའ་དག་གཅོད་མི་ནུས་ན་ཉི་ཚེ་བ་སྟོང་པ་ཉིད་ཀྱི་དབུ་མར་མི་འགྲུབ་བོ། །ནུས་ན་གཅིག་ཆར་རམ་རིམ་གྱིས་གཅོད་ཅེས་བརྟག་པ་ན་རིམ་གྱིས་གཅོད་ན། ཤེས་བྱ་མཐའ་ཡས་པ་སྤྲོས་པ་གཅོད་པའི་དུས་མེད་ལ་གཅིག་ཆར་གཅོད་ན་རིགས་པ་གཞན་རྣམས་དོན་མེད་པར་འགྱུར་ཞེ་ན། སྟོང་པ་ཉིད་རྣམས་ནི་རོ་གཅིག་པས་གཅིག་ལ་ཆོད་པ་ན་ཀུན་ལ་ཆོད་པར་འགྱུར་རོ། །དབང་པོ་རྟུལ་པོས་ནི་རིམ་གྱིས་གཅོད་པའི་སྐབས་ཀྱང་ཡོད་དེ། ཐོག་མར་འགལ་བ་བརྗོད་པས་དངོས་པོར་བདེན་པའི་སྤྲོས་པ་བཅད་ནས། ཕྱིས་གཞན་ལ་གྲགས་ཀྱི་རྗེས་དཔག་གིས་སྟོང་ཉིད་བདེན་པ་ཡང་འགོག་པ་ལྟ་བུའོ། །གཞན་ལ་གྲགས་དང་རང་རྒྱུད་ཀྱི་རྗེས་སུ་དཔག་པ་ལ་ཁྱད་པར་ཅི་ཡོད་ན། རང་རྒྱུད་ཀྱི་དམ་བཅའ་བསྒྲུབ་པར་བྱེད་པའི་གཏན་ཚིགས་ནི་ཚུལ་གསུམ་ངེས་པ་ཡིན་ལ། གཞན་ལ་གྲགས་ནི་ཕ་རོལ་པོའི་ལོག་རྟོག་སེལ་བའི་དོན་དུ་གཞན་གྱི་ཁས་བླངས་རྟགས་སུ་བརྗོད་པ་ཡིན་གྱི་རང་དབང་དུ་དམ་བཅའ་པའི་དམ་བཅའ་སྒྲུབ་ཏུ་མེད་པ་ཡིན་ནོ། །རང་བཞིན་གྱིས་གྲུབ་པའི་ཚད་མ་མེད་ན་དགག་སྒྲུབ་བྱེད་མི་ནུས་ཏེ། རྨི་ལམ་གྱི་དུ་བས་གྲང་རེག་འགོག་མི་ནུས་པ་བཞིན་ནོ། །ཅེ་ན། འཇིག་རྟེན་ལ་རབ་ཏུ་གྲགས་པའི་ཐ་སྙད་པའི་ཚད་མས་འཁྲུལ་ངོར་དགག་སྒྲུབ་བྱེད་པ་ལ་འགལ་བ་ཅི་ཞིག་ཡོད། དཔེར་ན་རྨི་ལམ་གྱི་མེ་རྨི་ལམ་གྱི་ཆུས་བསད་པའམ། སྒྱུ་མའི་རྒྱལ་པོས་སྒྱུ་མའི་རྒྱལ་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན། འཁྲུལ་ངོར་དགག་བསྒྲུབ་བྱས་ཀྱང་རིགས་པས་བརྟག་ན་དགག་བསྒྲུབ་ཀྱང་མི་འགྲུབ་ཅེ་ན། དེ་ནི་དེ་བཞིན་ཏེ། རྩོད་བཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ཡང་ཅི་ཡང་མི་འགོག་གོ །དེ་ཕྱིར་དགག་པར་བྱས་སོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་པ་ལྟར་རོ། །དེ་དག་ཀྱང་གཞན་ངོར་དགོས་པའི་དབང་གིས་གཞན་ངོར་སྨྲས་པའི་ལན་ཡིན་གྱི། རིགས་པས་བརྟག་ན་དགག་བསྒྲུབ་ཉིད་མེད་ལ། ཀུན་རྫོབ་མ་བརྟག་པ་འཁྲུལ་ངོའི་དགག་བསྒྲུབ་ལ་རྣམ་དཔྱད་ཞིབ་མོ་མི་འཇུག་སྟེ། དེ་དག་བརྟག་ན་མ་གྲུབ་པའི་ཕྱིར། དངོས་པོར་སྨྲ་བ་རྣམས་རིགས་པས་མ་གྲུབ་པར་ཁས་ལེན་པ་ནི་མཁས་པ་རྣམས་ཀྱི་ལུགས་ལས་ཉམས་པའི་ཕྱིར་རྟེན་འབྲེལ་རྣམ་པར་བཞག་པའི་ཚེ་གྲུབ་མཐས་བློ་མ་བསྒྱུར་བ་དག་གི་རྗེས་སུ་མི་འབྲངས་ཏེ། རིགས་པའི་རྣམ་དཔྱད་མེད་པར་འཇུག་པས་འཁྲུལ་པ་སྲིད་པའི་ཕྱིར། དེ་དག་གི་རྗེས་སུ་འབྲང་བར་མི་རིགས་སོ་སྙམ་དུ་བསམ་པའོ། །དེ་ལྟར་ན་སྐུར་བ་བཏབ་པར་འགྱུར་ཏེ། །རིགས་པས་མ་གྲུབ་ན་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པས་གོ་མི་ཆོད་པར་ཁས་བླངས་ཤིང༌། རིགས་པས་བརྟག་ན་དེ་དག་མི་རྙེད་པའི་ཕྱིར་ཐམས་ཅད་འཐད་པས་གྲུབ་དགོས་ན་ཅིའི་ཕྱིར་ཞེས་བྱ་བ་དེ་ཉིད་ཀྱང་ཅིའི་ཕྱིར། ཐ་སྙད་དུ་རྒྱུ་དང༌། འབྲས་བུ་དང༌། མེ་ཚ་བ་དང༌། ཆུ་གཤེར་བར་འོང་བ་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། ཆོས་ཉིད་དུ་འོང་བ་ཉིད་ཀྱང་ཅིའི་ཕྱིར། དེ་ལྟར་རྣམ་པར་དཔྱད་པས་ཀུན་རྫོབ་མི་རྙེད་ལ། རིགས་པས་མ་གྲུབ་ན་ནི་ཡོད་པའི་གོ་མི་ཆོད་པས་ཀུན་རྫོབ་ཉམས་པར་བྱས་སོ། །ཁོ་བོ་ཅག་ཀྱང་ཀུན་རྫོབ་དཔྱད་བཟོད་དུ་མི་འདོད་པས་ཉེས་པ་མེད་ཅེ་ན། རིགས་པས་བརྟགས་ནས་ཚད་མའི་ཡུལ་དུ་གྲུབ་པར་ཁས་བླངས་ནས་དཔྱད་མི་བཟོད་པར་འདོད་པ་ནི་མ་འབྲེལ་བ་ཁོ་ན་སྟེ། རིགས་པས་བརྟགས་ནས་གྲུབ་པ་ལ་རིགས་པ་གཞན་གྱིས་གནོད་ན་རིགས་པ་ལ་ཡིད་བརྟན་དུ་མི་རུང་བའི་ཕྱིར་རོ། །ཇི་སྐད་དུ་སློབ་དཔོན་ཟླ་བ་གྲགས་པས། རྣམ་པ་བདུན་དུ་བཙལ་བ་ན་ཤིང་རྟ་མི་འཐད་ཅིང༌། ཁྱོད་ཀྱིས་རྣམ་པར་དཔྱད་ནས་དངོས་པོ་གྲུབ་པར་འཇོག་པར་བྱེད་ལ། ཐུབ་པའི་ཐབས་གཞན་ཡང་ཁས་མ་བླངས་པའི་ཕྱིར་རོ། །དེ་ནི་ཤིང་རྟ་འོན་ཅིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་ཇི་ལྟར་འགྲུབ་པར་འགྱུར་ཞེས་གསུངས་པ་ལྟར་རོ། །ཁྱོད་ལ་ཉེས་པ་གནས་སོ་ཞེ་ན། མི་གནས་ཏེ་རིགས་པས་མ་བརྟགས་པར་གྲགས་ངོ་ཙམ་དུ་འཇོག་པའི་ཕྱིར། འཇུག་པ་ལས། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་གསུངས་སོ། །ཁྱོད་ཀྱི་ཕྱོགས་ལ་ཐ་སྙད་དུ་རྣལ་འབྱོར་པ་མཐུ་ལྡན་གྱིས་སྤྲུལ་སྒྱུར་བྱེད་པ་ཡང་མི་སྲིད་དེ། རང་བཞིན་གཞན་དུ་བསྒྱུར་བ་ནི་སུས་ཀྱང་མི་ནུས་པའི་ཕྱིར། ཇི་སྐད་དུ། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་ཡིན་ནོ། །ཞེས་སོ། །ཀུན་རྫོབ་ལས་ཉམས་ན་དོན་དམ་རྟོགས་པའི་ཐབས་མེད་པའི་ཕྱིར། མཐར་བདེན་གཉིས་ལས་ཉམས་པར་འགྱུར་བས་ཐར་པ་ཐོབ་ནུས་པ་ཡང་མ་ཡིན་ཏེ། དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་པ་ལྟར་རོ། །དེ་བས་ན་ཐར་པ་འདོད་པ་དག་གིས་དབུ་མའི་ལུགས་ཁོ་ན་ཁས་བླང་བར་བྱའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གཞན་ཇི་ལྟར་ཡོད་ཅེ་ན། རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་དང༌། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་དང༌། རྒྱུ་འབྲས་གཉིས་ཀའི་དབང་དུ་བྱས་པ་རྟེན་འབྲེལ་ལ་སོགས་པ་རྣམ་པར་བཞག་པ་ནི། རང་རྒྱུད་པ་རྣམས་དང་ཐུན་མོང་གི་རྣམ་བཞག་ཡིན་ལ། འགལ་བ་བརྗོད་པའི་ཐལ་འབྱུང་དང༌། གཞན་ལ་གྲགས་ཀྱི་རྗེས་དཔག་དང༌། རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང༌། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང༌། རང་རྒྱུད་ཀྱི་དམ་བཅའ་དང་རྟགས་མེད་པ་དང་དྲུག་པོ་འདི་དག་ནི་གཞན་དང་ཐུན་མོང་མ་ཡིན་པའོ། །དེ་ལ་དང་པོ་བཞི་ནི་གཡུལ་དུ་འཇུག་པའི་ཚེ་མཚོན་ཆ་རྣོ་བ་དང་འདྲ་སྟེ། གཞན་གྱི་ཕྱོགས་ཐམས་ཅད་འཇིགས་པར་བྱེད་པའི་ཕྱིར་རོ། །ཐ་མ་གཉིས་ནི་གོ་ཆ་སྲ་བ་དང་འདྲ་སྟེ། གཞན་གྱི་གླན་ཀས་གླག་མི་རྙེད་པའི་ཕྱིར་རོ། །གཉིས་པ་གཞུང་གི་ཚིག་དོན་ལ་གཉིས་ཏེ། རྡོ་རྗེ་གཟེགས་མའི་རིགས་པ་བསྟན་པ། དེ་ལ་གླན་ཀ་སྤོང་བའོ། །དང་པོ་ལ་གཉིས་ཏེ། མཐའ་བཞིའི་སྐྱེ་བ་སོ་སོར་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། བདག་ལས་སྐྱེ་བ་དགག གཞན་ལས་སྐྱེ་བ་དགག གཉིས་ཀ་ལས་སྐྱེ་བ་དགག རྒྱུ་མེད་པར་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་བརྗོད་པ་དང༌། འཐད་པ་བརྗོད་པའོ། །དང་པོ་ནི། ས་བོན་གྱི་བདག་ཉིད་དུ་ཡོད་པའི་མྱུ་གུ་དེ་ནི་རང་གི་བདག་ཉིད་དུ་ཡོད་པའི་ས་བོན་ལས་འབྱུང་བར་འདོད་ན་སྐྱེ་བ་ལ་ཡོན་ཏན་འགའ་ཡང་ཡོད་པར་མ་ཡིན་ནོ། །གཉིས་པ་འཐད་པར་བརྗོད་པ་ལ་གསུམ་སྟེ། དོན་དམ་པར་བདག་སྐྱེ་དགག་པ་དང༌། ཐ་སྙད་དུ་བདག་སྐྱེ་དགག་པ་དང༌། ཧ་ཅང་ཐལ་བ་བརྗོད་པའོ། །དང་པོ་ལ་བཞི་སྟེ། གྲགས་པའི་དོན་མི་རུང་བར་ཐལ་བ་དང༌། མ་གྲགས་པའི་དོན་ཐོབ་པར་ཐལ་བ་དང༌། རྒྱུ་འབྲས་འཆོལ་བར་ཐལ་བ་དང༌། རྟོགས་པ་མཚུངས་པར་ཐལ་བའོ། །དང་པོ་ནི། སྐྱེས་ཟིན་པའི་ས་བོན་གྱི་བདག་ཉིད་སླར་ཡང་སྐྱེ་བར་ཡོངས་སུ་རྟོགས་པར་འགྱུར་ན་ནི་འཇིག་རྟེན་འདིར་མྱུ་གུ་དང་སྡོང་བུ་དང༌། སྦུབ་འཆའ་བ་ལ་སོགས་པ་རྣམས་ཀྱི་སྐྱེ་བའི་གོ་སྐབས་རྙེད་པར་མི་འགྱུར་ཏེ། ས་བོན་ལས་ས་བོན་རང་གི་བདག་ཉིད་ཁོ་ན་སྐྱེ་བའི་ཕྱིར་རོ། །གཉིས་པ་མ་གྲགས་པའི་དོན་ཐོབ་པར་ཐལ་བ་ནི། ས་བོན་སྲིད་པ་མཐར་ཐུག་སྟེ་འཁོར་བ་མ་སྟོང་གི་བར་དུ་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་ཏེ། ས་བོན་ལས་ས་བོན་སྐྱེ་བ་ལ་མཐུན་རྐྱེན་མ་ཚང་བ་དང་འགལ་རྐྱེན་གྱི་གེགས་མེད་པའི་ཕྱིར་རོ། །ཅི་སྟེ་ལྷན་ཅིག་བྱེད་རྐྱེན་དང་བཅས་པའི་ས་བོན་ལས་མྱུ་གུ་འབྱུང་ལ། མྱུ་གུ་ཡང་རང་གི་བྱེད་པ་པོ་དང་ལྷན་ཅིག་མི་གནས་པས་ས་བོན་འཇིག་པར་བྱས་ནས་འབྱུང་བས་མྱུ་གུ་སྐྱེ་བའི་གོ་སྐབས་མི་རྙེད་པ་དང༌། ས་བོན་སྲིད་མཐར་ཐུག་པར་སྐྱེ་བར་ཐལ་བའི་ཉེས་པ་མེད་དོ་ཞེ་ན། ས་བོན་གྱི་བདག་ཉིད་དུ་གྱུར་པའི་དེ་ཉིད་ཆོས་ཅན། ཇི་ལྟར་ས་བོན་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ས་བོན་དང་བདག་ཉིད་གཅིག་པའི་ཕྱིར། མྱུ་གུའི་རང་གི་བདག་ཉིད་བཞིན་ནོ། །གསུམ་པ་རྒྱུ་འབྲས་ངོ་བོ་འཆོལ་བར་ཐལ་བ་བརྗོད་པ་ནི། མྱུ་གུའི་བྱེད་རྒྱུ་ས་བོན་གྱི་དབྱིབས་དང་ཁ་དོག་དང་རོ་དང་ནུས་པ་ལ་སོགས་པ་ལས་མྱུ་གུའི་དབྱིབས་དང་ཁ་དོག་དང་རོ་དང་ནུས་པ་དང་ཡོངས་སུ་སྨིན་པའི་ཁྱད་པར་ཐ་དད་པ་རྒྱུ་འབྲས་རྫས་གཅིག་ཏུ་སྨྲ་བའི་གྲངས་ཅན་ཁྱོད་ལ་མེད་པར་འགྱུར་ཏེ། ཁྱོད་ཀྱི་ཕྱོགས་ལ་རྒྱུ་འབྲས་རྫས་གཅིག་པའི་ཕྱིར་རོ། །འདི་དག་དང་སྔ་མ་རྣམས་ཀྱིས་དངོས་སུ་གཞན་ལ་གྲགས་ཀྱི་རྗེས་དཔག་བསྟན་ཏོ། །བཟློག་ནས་འགལ་བ་བརྗོད་པའི་ཐལ་འགྱུར་ཡང་བརྗོད་པར་བྱའོ། །གལ་ཏེ་ཟློས་གར་མཁན་གྱི་སྐྱེས་བུ་གཅིག་ཉིད་སེར་པོའི་ཆ་བྱད་བཏང་ནས་སྔོན་པོའི་ཆ་བྱད་ལེན་པ་ལ་འཇུག་པ་བཞིན་སྔར་གྱི་ས་བོན་གྱི་བདག་གི་དངོས་པོའི་གནས་སྐབས་བསལ་ནས་དེ་ལས་གཞན་མྱུ་གུའི་གནས་སྐབས་ཐོབ་པའི་སྒོ་ནས་ས་བོན་དེ་ཉིད་མྱུ་གུའི་ངོ་བོར་འགྱུར་བར་འདོད་ན་མྱུ་གུ་དེའི་ངོ་བོ་ས་བོན་དང་དེ་ཉིད་དེ་གཅིག་ཏུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ས་བོན་གྱི་གནས་སྐབས་བསལ་ནས་མྱུ་གུའི་གནས་སྐབས་ཐོབ་པ་དེའི་ཚེའོ། །ས་བོན་དང་མྱུ་གུའི་དབྱིབས་ལ་སོགས་པ་ཐ་དད་ཀྱང་རྫས་ཐ་མི་དད་དོ་ཞེ་ན། མ་ཡིན་ཏེ། དེ་དག་གི་དབྱིབས་མ་བཟུང་བར་རྫས་མི་འཛིན་པའི་ཕྱིར་རོ། །བཞི་པ་རྟོགས་པ་ཕན་ཚུན་མཚུངས་པར་ཐལ་བ་ནི། གལ་ཏེ་བདག་སྐྱེ་ཡོད་མེད་དཔྱད་པའི་སྐབས་འདིར་གྲངས་ཅན་པ་ཁྱོད་ཀྱི་ལྟར་ས་བོན་དང་མྱུ་གུ་གཞན་མ་ཡིན་པར་གཅིག་ཡིན་ན་མི་སྣང་བའི་ས་བོན་བཞིན་དུ་སྣང་བའི་མྱུ་གུ་ཞེས་བྱ་བར་བཟུང་དུ་མེད་པར་འགྱུར་བའམ་ཡང་ན་ཇི་ལྟར་སྣང་བའི་མྱུ་གུ་འདི་བཞིན་དུ་མི་སྣང་བའི་ས་བོན་དེ་ཡང་བཟུང་དུ་ཡོད་པར་འགྱུར་ཏེ། སྣང་བ་དང་མི་སྣང་བའི་ས་བོན་དང་མྱུ་གུ་རྫས་གཅིག་པས་སོ། །མྱུ་གུ་སྣང་ལ་ས་བོན་མི་སྣང་བ་དེའི་ཕྱིར་ས་བོན་དང་མྱུ་གུ་ལ་སྣང་མི་སྣང་ཆ་གཉིས་མེད་པར་ཐལ་བར་འགྱུར་པའི་ཉེས་པ་སྤོང་བར་འདོད་པས་ནི་ས་བོན་དང་མྱུ་གུའི་རྫས་གཅིག་པ་འདི་ནི་ཁས་མི་བླང་ངོ༌། །དོན་དམ་དུ་བདག་སྐྱེ་འདོད་པ་བཀག་ཟིན་ཏོ། །གཉིས་པ་ཐ་སྙད་དུ་བདག་ལས་སྐྱེ་བ་དགག་པ་ནི། ས་བོན་དང་མྱུ་གུ་དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་པས་ཀྱང་ཁས་མི་ལེན་ཏེ། གང་གི་ཕྱིར་རྒྱུ་ས་བོན་ཞིག་པར་གྱུར་ནའང་དེ་ཡི་འབྲས་བུ་མྱུ་གུ་འཇིག་རྟེན་པས་ཀྱང་མཐོང་བ་དེའི་ཕྱིར་མྱུ་གུའི་དངོས་པོ་རང་གི་བདག་ཉིད་ལས་བྱུང་ཞེས་གྲངས་ཅན་ཁྱོད་ཀྱིས་རབ་ཏུ་བརྟག་པ་འདི་དེ་ཁོ་ན་ཉིད་དང་འཇིག་རྟེན་གཉིས་ཆར་དུ་ཡང་རིགས་པ་མ་ཡིན་ནོ། །གང་དག་དངོས་པོ་རྣམས་དོན་དམ་པར་བདག་ལས་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །སེམས་པ་ཅན་བཞིན་ནོ། །ཞེས་དོན་དམ་གྱིས་ཁྱད་པར་དུ་བྱེད་པའི་དོན་མེད་དེ་ཐ་སྙད་དུ་ཡང་བདག་ལས་སྐྱེ་བ་མེད་པའི་ཕྱིར། གསུམ་པ་ཧ་ཅང་ཐལ་བ་ནི། ཕྱི་ནང་གི་དངོས་པོ་རྣམས་བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་བའི་འབྲས་བུ་དང་སྐྱེད་བྱེད་ཀྱི་རྒྱུ་དང་བཅད་པར་བྱ་བའི་ལས་དང་གཅོད་པར་བྱེད་པ་པོ་ལ་སོགས་པ་ཡང་གཅིག་ཉིད་དུ་འགྱུར་ཏེ། རྒྱུ་དང་འབྲས་བུ་བདག་ཉིད་གཅིག་པའི་ཕྱིར། དེ་ལྟ་མིན་ན་ནི་དངོས་པོ་རྣམས་བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མིན་ཏེ། བསྐྱེད་བྱ་དང་སྐྱེད་བྱེད་སོགས་དེ་དག་ནི་གཅིག་མ་ཡིན་པས་སོ། །ཞེས་འགལ་བརྗོད་དུ་བྱའོ། །དེས་ན་བདག་ལས་སྐྱེ་བ་མི་འཐད་དེ། གོང་དུ་བཤད་པའང་དབུ་མ་རྩ་བ་ལས་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། རྩ་བ་ལས། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པ་མ་ཡིན་ཏེ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་པ་དང༌། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་སོ། །གཉིས་པ་གཞན་ལས་སྐྱེ་བ་དགག་པ་ལ་གཉིས་ཏེ། རྩོད་པ་དགོག་པ་དང༌། ལན་བཤད་པའོ། །དང་པོ་རང་གི་སྡེ་པ་དག་འདི་ལྟར་སྨྲ་སྟེ། བདག་ལས་འབྱུང་བ་མ་ཡིན་པ་ཞེས་བྱ་བ་འདི་ནི་རིགས་པ་ཉིད་ཡིན་ན། གཞན་དག་ལས་ལྟ་ག་ལ་ཞིག་ཅེས་སྨྲ་བ་ནི་མི་རིགས་ཏེ། འདི་ལྟར་གཞན་དུ་གྱུར་པའི་རྐྱེན་བཞི་པོ་རྒྱུ་དང༌། དམིགས་པ་དང༌། དེ་མ་ཐག་པ་དང༌། དེ་བཞིན་དུ་བདག་པོ་སྟེ་རྐྱེན་རྣམས་དངོས་པོ་རྣམས་ཀྱི། སྐྱེད་པར་བྱེད་པའོ་ཞེས་བྱ་བའི་ལུང་ལྟོས་ནས་གཞན་ལས་སྐྱེ་བ་ཁས་བླངས་དགོས་སོ། །དེ་ལ་མདོ་སྡེ་པ་དག་གིས་རྒྱུ་རྐྱེན་ནི། རྒྱུ་དྲུག་ཡོད་པ་ལས་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔའོ། །རྣམ་པར་ཤེས་པ་དྲུག་གི་དམིགས་པ་ནི་དམིགས་པའི་རྐྱེན་ནོ། །དགྲ་བཅོམ་ཐ་མའི་སེམས་སེམས་བྱུང་ལས་གཞན་སེམས་སེམས་བྱུང་རྣམས་ནི་དེ་མ་ཐག་པའི་རྐྱེན་ནོ། །བྱེད་རྒྱུ་ནི་བདག་པོའི་རྐྱེན་ཡིན་ནོ། །ཞེས་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་དག་གིས་རྒྱུ་གང་ཞིག་འབྲས་བུ་གང་གི་སྐྱེད་པར་བྱེད་པ་ས་བོན་གྱི་ངོ་བོར་གནས་པ་ནི་རྒྱུའི་རྐྱེན་ཡིན་ལ། སེམས་དང་སེམས་ལས་བྱུང་བ་རྣམས་དམིགས་པ་གང་ལས་སྐྱེ་བའི་དམིགས་པ་ནི་དམིགས་པའི་རྐྱེན་ནོ། །རྒྱུ་འགག་མ་ཐག་པ་ནི་དེ་མ་ཐག་རྐྱེན་ནོ། །རྒྱུ་གང་ཞིག་ཡོད་ན་འབྲས་བུ་གང་འབྱུང་བ་ནི་བདག་པོའི་རྐྱེན་ནོ། །ཞེས་བརྗོད་དོ། །ཡང་རྐྱེན་གཞན་མྱུ་གུ་དང་གྲིབ་མ་ལྟ་བུ་ལྷན་ཅིག་ཏུ་སྐྱེས་པ་དང༌། དུས་གསུམ་རྫས་ཡོད་དུ་སྨྲ་བ་རྣམས་ཀྱིས་མ་འོངས་པའི་དངོས་པོ་རྣམས་ཀྱང་རྒྱུར་འདོད་པ་ལྟ་བུ་ཕྱི་ནས་སྐྱེས་པ་ལ་སོགས་པ་དེ་དག་ཀྱང་འདི་དག་གི་ནང་དུ་འདུའོ། །དེ་ཡང་བཤད་པ་སྔ་མ་ལྟར་ན་རྒྱུའི་རྐྱེན་དུ་འདུ་ལ། ཕྱི་མ་ལྟར་ན་བདག་པོའི་རྐྱེན་དུ་ལྟའོ། །དབང་ཕྱུག་ལ་སོགས་པ་ནི་རིམ་དང་གཅིག་ཆར་གྱི་དོན་བྱེད་མི་རུང་བས་རྐྱེན་མ་ཡིན་པའི་ཕྱིར་རྐྱེན་ལྔ་པ་ནི་མེད་དོ་ཞེས་སྨྲའོ། །གཉིས་པ་ལན་ལ་གཉིས་ཏེ། གཞན་ལས་སྐྱེ་བ་དགག་པ་དངོས། ཞར་ལ་རྣམ་རིག་པའི་ལུགས་དགག་པའོ། །དང་པོ་ལ་བཞི་སྟེ། དོན་དམ་དུ་གཞན་ལས་སྐྱེ་བ་དགག་པ། ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་དགག་པ། རྟག་ཆད་ལས་གྲོལ་བའི་ཡོན་ཏན་གྲུབ་པ། ལས་དང་འབྲས་བུའི་འབྲེལ་བ་འཐད་པའོ། །དང་པོ་ལ་གཉིས་ཏེ། ལུང་རིགས་ཀྱི་གནོད་བྱེད་བརྗོད། འཇིག་རྟེན་གྱིས་གནོད་པ་སྤངས་པའོ། །དང་པོ་ལ་གསུམ་སྟེ། ཧ་ཅང་ཐལ་བའི་གནོད་བྱེད་བརྗོད། གཞན་དུ་གྲུབ་པ་མེད་པར་བསྟན། མུ་བཞིར་བརྟག་སྟེ་དགག་པ་བསྟན། དང་པོ་ལ་གཉིས་ཏེ། རིགས་མི་མཐུན་ལས་སྐྱེ་བར་ཐལ་བ། སྐྱེ་བ་ངེས་པ་མེད་པར་ཐལ་བའོ། །དང་པོ་ལ་ཁས་བླངས་རྗེས་སུ་བརྗོད་པ་ནི། གལ་ཏེ་རྒྱུ་རྐྱེན་རྫས་གཞན་ལ་བརྟེན་ནས་འབྲས་བུ་གཞན་ཞིག་འབྱུང་བར་འགྱུར་བར་འདོད་ན་ནི་འོ་ན་མེ་ལྕེའི་རྩེ་མོ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར་ཏེ། མུན་པ་དེ་མེ་ལྕེ་ལས་གཞན་ཡིན་པའི་ཕྱིར་རོ། །མེ་ལྕེ་ལས་མུན་པ་འབྱུང་བ་འདི་ནི་མཐོང་བ་དང་རིགས་པ་ཡང་མ་ཡིན་པ་དེའི་ཕྱིར་གཞན་ལས་སྐྱེ་བ་འདི་ནི་ཡོད་པ་མ་ཡིན་པར་ཤེས་པར་བྱའོ། །རྩ་བ་ལས་ཀྱང༌། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་སོ། །མི་མཚུངས་ཏེ། མེ་ལྕེ་ལས་མུན་པ་མི་འབྱུང་ལ་ས་བོན་རྫས་གཞན་ལས་མྱུ་གུ་འབྱུང་བས་སོ་ཞེ་ན། རྒོལ་བ་ཉིད་ལན་དུ་བཏབ་པས་ན་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །ཆོས་ཉིད་ཡིན་ནོ་ཞེས་ཀྱང་བརྗོད་མི་ནུས་ཏེ། ཆོས་ཉིད་ཀྱི་རིགས་པ་ནི་གང་གིས་ཀྱང་བསྙོན་པར་མི་ནུས་པར་འཇུག་པ་ཡིན་ན་འདི་ལ་ནི་དེ་མེད་དེ། ས་བོན་ལས་མྱུ་གུ་འབྱུང་བ་ཙམ་འགྲུབ་ཀྱི་གཞན་ལས་སྐྱེ་བ་ནི་འཇིག་རྟེན་ན་ཡང་མ་མཐོང་བའི་ཕྱིར་རོ། །སྐྱེ་བ་ངེས་པ་མེད་པར་ཐལ་བ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ནི། རྒྱུ་དང་རྒྱུ་མིན་པ་ཐམས་ཅད་ལས་ཀྱང་འབྲས་བུ་དང་འབྲས་བུ་མ་ཡིན་པ་ཐམས་ཅད་སྐྱེ་བར་འགྱུར་ཏེ། རྒྱུ་མཚན་གང་གི་ཕྱིར་ན། སཱ་ལུའི་ས་བོན་སཱ་ལུའི་མྱུ་གུ་ལས་གཞན་པ་ལྟར་སྐྱེད་པར་བྱེད་པ་མ་ཡིན་པ་མེ་དང་སོལ་བ་ལ་སོགས་པ་ཐམས་ཅད་ལ་ཡང་སཱ་ལའི་མྱུ་གུ་ལས་རྫས་གཞན་ཉིད་དུ་མཚུངས་པའི་ཕྱིར། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། བསྐྱེད་པར་བྱ་བ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་ཀྱང་སྦྱར་རོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་པ་དང༌། ལན་བརྗོད་པའོ། །དང་པོ་ནི། གཞན་ཡིན་པར་མཚུངས་ཀྱང་གང་ཞིག་གང་གིས་རབ་ཏུ་བྱ་བར་ནུས་པ་དེའི་ཕྱིར་འབྲས་བུར་ངེས་པར་བརྗོད་ཅིང་རྒྱུ་གང་ཞིག་གིས་འབྲས་བུ་དེ་བསྐྱེད་པར་ནུས་པ་དེ་ནི་འབྲས་བུ་ལས་གཞན་ཡིན་ནའང་རྒྱུ་ཡིན་པས་གཞན་ཁྱད་པར་ཅན་རྒྱུ་ཡིན་གྱི་གཞན་ཙམ་ནི་མ་ཡིན་ལ། རྒྱུད་གཅིག་ཏུ་གཏོགས་པ་དང༌། རིགས་འདྲ་བ་དང་སྐྱེད་པར་བྱེད་པ་སྔ་རོལ་དུ་གྲུབ་པ་ལས་སྐྱེ་བ་དེའི་ཕྱིར་སཱ་ལུའི་མྱུ་གུ་སཱ་ལུའི་ས་བོན་ལ་འབྱུང་བའི་རྒྱུ་ཐ་དད་དུ་གཏོགས་པ་ནས་ཀྱི་ས་བོན་ལ་སོགས་པའམ་རྒྱུད་གཅིག་ཏུ་གཏོགས་ཀྱང་སྐད་ཅིག་ཕྱི་མ་ལས་སྔ་མ་འབྱུང་བ་དེ་ལྟ་མིན་པས་ཐམས་ཅད་ལས་ཐམས་ཅད་འབྱུང་བར་མི་འགྱུར་རོ་ཞེ་ན། འདི་ལ་སཱ་ལུའི་ས་བོན་ཁོ་ན་དེའི་རྒྱུ་ཡིན་གྱི་གཞན་མ་ཡིན་གྱི་མྱུ་གུ་ཡང་སཱ་ལུའི་ས་བོན་ཁོ་ནའི་རྒྱུ་ཅན་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ཉེས་པ་འདི་ག་ལས་ཡིན་ཞེས་དྲི་བར་བྱའོ། །ངེས་པ་མཐོང་བའི་ཕྱིར་ཞེས་ལན་སྨྲ་ན། ཅིའི་ཕྱིར་ངེས་པར་མཐོང་ཞེས་རྒོལ་ཞིང་བརྟག་གོ །དེའི་ཕྱིར་ངེས་པ་མཐོང་བའི་ཕྱིར་ངེས་པ་མཐོང་ཞེས་ལན་དུ་སྨྲ་ན་འདིའི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་ཉེས་པ་སྤང་བར་མི་ནུས་སོ། །གཉིས་པ་ལན་བརྗོད་པ་ནི། ཇི་ལྟར་ནས་དང་པདྨའི་གེ་སར་དང་ཤིང་ཀིང་ཤུ་ཀ་ལ་སོགས་པ་རྣམས་སཱ་ལུའི་མྱུ་གུ་ལས་གཞན་ཡིན་པའི་ཕྱིར་སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་འདོད་པ་མིན་ཞིང་སྐྱེད་པར་བྱེད་པའི་ནུས་པ་དང་ལྡན་པ་ཡང་མིན་རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་ཡང་མིན་འདྲ་བ་ཡང་མིན་པ་ཉིད་དུ་གྲུབ་པ་དཔེ་དེ་བཞིན་སཱ་ལུའི་ས་བོན་ཡང་ནི་ཆོས་ཅན། སཱ་ལུའི་མྱུ་གུ་དེའི་སྐྱེད་བྱེད་སོགས་ཁྱད་པར་བཞི་ལྡན་དུ་གྲུབ་པ་མིན་པར་ཐལ། སཱ་ལུའི་མྱུ་གུ་ལས་གཞན་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་གཞན་མ་གྲུབ་པར་བསྟན་པ་ལ་གཉིས་ཏེ། རྒྱུ་འབྲས་དུས་མཉམ་ཡོད་པ་དགག ལྷན་ཅིག་འབྱུང་བའི་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས་ཏེ། དུས་མཉམ་དགག་པ་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། མྱུ་གུ་ནི་ས་བོན་དང་དུས་མཉམ་དུ་དམིགས་པ་ཡོད་པ་མ་ཡིན་ཏེ། ས་བོན་གྱི་ནུས་པ་ཡོངས་སུ་འགྱུར་བ་མེད་པར་མྱུ་གུ་སྐྱེ་བ་མེད་པའི་ཕྱིར་རོ། །བྱམས་པ་དང་ཉེར་སྦས་བཞིན་དུ་དུས་མཉམ་པ་ཁོ་ན་ལ་གཞན་ཡིན་པས་ན་ས་བོན་དང་དུས་མཉམ་དུ་མ་གྲུབ་པ་དེའི་ཚེ་ས་བོན་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། གཞན་ཉིད་དུ་གྲུབ་པ་མེད་པས་མྱུ་གུ་ལ་ལྟོས་ནས་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར་རོ། །གལ་ཏེ་རྒྱུའི་དུས་ན་འབྲས་བུ་མེད་ཀྱང་ཕྱིས་འབྱུང་གི་འབྲས་བུ་བློ་ཡུལ་དུ་བྱས་པ་དེ་ལ་ལྟོས་ནས་རྒྱུའི་དུས་གཞན་དུ་འཇོག་གོ་སྙམ་ན། འོ་ན་ཕྱིས་འབྱུང་གི་འབྲས་བུ་ད་ལྟ་ཡོད་དམ་མེད། ཡོད་ན་ཕྱིས་འབྱུང་ཡིན་པ་ཉམས་ལ། མེད་ན་ནི་ལྟོས་ས་མེད་པས་ད་ལྟ་གཞན་ཉིད་མི་འགྲུབ་བོ། །ད་ལྟ་མ་གྲུབ་ཀྱང་ཕྱིས་འབྱུང་བློས་བཏགས་ནས་བློ་ཡུལ་དུ་བྱེད་ཅེ་ན། འོ་ན་ལྟོས་ས་ཡང་བློས་བཏགས་པ་ཙམ་དུ་ཟད་ལ་དེའི་ཚེ་ལྟོས་པའི་གཞན་ཡང་བཏགས་པར་འགྱུར་བས་དངོས་པོའི་གཞན་དུ་གྲུབ་པ་ཉམས་སོ། །ས་བོན་མྱུ་གུ་ལས་གཞན་ཉིད་དུ་མ་གྲུབ་པ་དེས་ན་མྱུ་གུ་ས་བོན་རྫས་གཞན་ལས་སྐྱེ་བར་འགྲུབ་པར་འགྱུར་བ་མ་ཡིན་ནོ། །དེས་ན་ས་བོན་རྫས་གཞན་ལས་མྱུ་གུ་རྫས་གཞན་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་ནི་གཏོང་བར་བྱོས་ཤིག དོན་འདི་ནི་སློབ་དཔོན་གྱིས། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །ཅེས་པའི་སྒོ་ནས་བཤད་པ་ཡིན་ནོ། །གཉིས་པ་རྩོད་པ་སྤང་བ་ལ། དང་པོ་གཞན་གཞུང་རྗེས་སུ་བརྗོད་པ་ནི། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། ཞེས་གང་སྨྲས་པ་དེ་ནི་མི་རིགས་ཏེ། ཇི་ལྟར་སྲང་གི་འགོ་མཇུག་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དུས་མཉམ་མ་ཡིན་པ་ནི་མིན་པར་ཏེ་དུས་མཉམ་དུ་མཐོང་བ་དེ་བཞིན་དུ་བསྐྱེད་པར་བྱ་བ་འབྲས་བུ་སྐྱེ་བ་དང་སྐྱེད་པར་བྱེད་པ་རྒྱུ་དག་གི་འགག་པའི་བྱ་བ་དུས་མཉམ་པས་བྱེད་པ་པོའི་རྒྱུ་འབྲས་གཉིས་ཀྱང་དུས་མཉམ་དུ་འགྲུབ་པར་འགྱུར་ལ། དེའི་ཚེ་གཞན་ཉིད་དུ་འགྲུབ་བོ་ཞེ་ན། གཉིས་པ་ཟློག་བྱེད་ཀྱི་ལན་བཤད་པ་ནི། གལ་ཏེ་སྲང་གི་མདའི་མཐོ་དམན་ནི་དུས་གཅིག་གི་ཚེ་གྲུབ་ཐུབ་པ་ཡིན་ན། དོན་གྱི་སྐབས་འདིར་ནི་རྒྱུ་འབྲས་སྐྱེ་འགག་གི་བྱ་བ་དུས་མཉམ་དུ་ཆུག་ཀྱང་རྒྱུ་འབྲས་གཉིས་དུས་གཅིག་ཏུ་གྲུབ་པ་དེ་མེད་པས་གཞན་དུ་ཡོད་པ་མ་ཡིན་ནོ། །ཇི་ལྟར་རྒྱུ་འབྲས་ས་བོན་དང་མྱུ་གུ་དུས་གཅིག་ཏུ་མེད་ཅེ་ན། གལ་ཏེ་མྱུ་གུ་སྐྱེ་བཞིན་པ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པས་ད་ལྟ་ཡོད་པ་མ་ཡིན་ཞིང༌། ས་བོན་འགག་བཞིན་པ་ནི་ད་ལྟ་ཡོད་ཀྱང་འཇིག་པ་ལ་མངོན་དུ་ཕྱོགས་པར་འདོད་པར་གྱུར་པས་ན་དུས་གཅིག་ཏུ་མ་གྲུབ་པར་འདོད་དགོས་སོ། །དུས་གཅིག་ཏུ་མ་གྲུབ་པ་དེའི་ཚེ་རྒྱུ་དང་འབྲས་བུ་འདི་ནི་ཇི་ལྟ་བུར་ན་སྲང་མདའི་མཐོ་དམན་དང་མཚུངས་པ་ཡིན་ཏེ་མི་མཚུངས་སོ། །གཉིས་པ་བྱ་བ་ལ་ལྟོས་ཏེ་དུས་མི་མཚུངས་པར་བསྟན་པ་ནི། ཅི་སྟེ་རྒྱུ་འབྲས་དུས་གཅིག་པ་མ་ཡིན་ཡང་དེ་དག་གི་བྱ་བ་དུས་གཅིག་གོ་ཞེ་ན། འདི་ཡང་མི་རུང་སྟེ་བྱ་བ་ཆོས་ལས་ཐ་དད་པར་ཁས་མ་བླངས་པའི་ཕྱིར། གཞན་ཡང་མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་བྱ་བར་འཇོག་པར་བྱེད་པའི་རྟེན་མྱུ་གུ་མེད་པར་རིགས་པའི་ངོ་བོའང་མ་ཡིན་ཏེ། རྟེན་མེད་པའི་བྱ་བའང་མ་གྲུབ་པས་སོ། །དེས་ཀྱང་བྱ་བ་གཉིས་ཀྱང་དུས་མཉམ་པ་མི་རིགས་སོ། །ཡང་ན་མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་ད་ལྟ་ཡོད་པ་མ་ཡིན་པར་ཐལ། བྱ་བ་འཇོག་པར་བྱེད་པ་པོ་མྱུ་གུ་མ་འོངས་པ་ཡིན་པས་ད་ལྟ་མེད་པའི་ཕྱིར། བྱེད་པ་པོ་མེད་པའི་བྱ་བ་མ་གྲུབ་པས་ཁྱབ་པ་ཡོད་པར་འདོད་དགོས་སོ། །འདོད་ན་ནི་ས་བོན་འགག་པའི་བྱ་བ་ད་ལྟར་བ་དང་དུས་མི་གཅིག་པས་བྱ་བ་གཉིས་ཀྱང་དུས་གཅིག་པ་ཉིད་དུ་རིགས་པའི་ངོ་བོ་མིན་པ་ཁོ་ནའོ། །སློབ་དཔོན་གྱི་ཞལ་སྔ་ནས། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །ཅེས་གསུངས་སོ། །གཉིས་པ་ལྷན་ཅིག་འབྱུང་བའི་གཞན་སྐྱེ་འགོག་པ་ནི། གལ་ཏེ་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་མིག་དང་གཟུགས་ལ་སོགས་པ་དང༌། ཚོར་བ་དང་འདུ་ཤེས་ལ་སོགས་པ་གཙོ་བོ་མིག་གི་རྣམ་པར་ཤེས་པ་བསྐྱེད་པས་གཞན་སྐྱེ་འགྲུབ་བོ་ཞེ་ན། གལ་ཏེ་མིག་གི་བློ་ལ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པ་མིག་ལ་སོགས་པ་དང་ལྷན་ཅིག་ཏུ་འབྱུང་བའི་འདུ་ཤེས་དང་ཚོར་བ་ལ་སོགས་པ་སྐྱེད་བྱེད་དུ་འདོད་ན། མིག་གི་རྣམ་པར་ཤེས་པ་དེ་མིག་ལས་རྫས་གཞན་དུ་ཡོད་དམ་མེད། གལ་ཏེ་གཞན་དུ་ཡོད་ན་ནི་མིག་ལ་སོགས་པ་ལས་འབྱུང་བ་ལ་དགོས་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། ཡོད་པར་གྲུབ་ཟིན་པའི་ཕྱིར། ཅི་སྟེ་ཉེས་པ་སྤང་བར་འདོད་ནས་དེ་དག་ལས་རྫས་གཞན་དུ་མེད་ཅེ་ན། འོ་ན་མིག་གི་རྣམ་པར་ཤེས་པ་ལས་མིག་ལ་སོགས་པའི་རྐྱེན་རྣམས་གཞན་ཉིད་དུ་མ་གྲུབ་པས་གཞན་སྐྱེ་མི་འགྲུབ་པའི་ཉེས་པ་བཤད་ཟིན་ཏོ། །དེ་བཞིན་དུ་མིག་གི་རྣམ་ཤེས་ཀྱིས་མིག་སོགས་སྐྱེད་པ་ལའང་རྫས་གཞན་དུ་ཡོད་མེད་བརྟག་ནས་དགག་པ་སྔར་བཞིན་སྦྱར་རོ། །ཞེས་གསུངས་སོ། །གསུམ་པ་མུ་བཞིར་བརྟགས་ཏེ་དགག་པ་བསྟན་པ་ནི། སྐྱེད་པར་བྱེད་པ་བསྐྱེད་བྱའི་འབྲས་བུ་གཞན་བསྐྱེད་པ་དེ་རྒྱུ་ཡིན་པར་འདོད་ན་འབྲས་བུ་སྔར་ནས་ཡོད་པའམ་འོན་ཏེ་མེད་པ་བསྐྱེད་པ་དང་གཉིས་ཀ་དང་གཉིས་ཀ་དང་བྲལ་བ་ཞིག་བསྐྱེད་གྲང༌། ཡོད་པར་བསྐྱེད་པར་འདོད་ན་ནི་དེ་ལ་སྐྱེད་བྱེད་ཅི་ཞིག་དགོས་ཏེ་སྐྱེ་ལ་དོན་མེད་པ་དང་ཐུག་མེད་དུ་ཐལ་བའི་ཕྱིར་རོ། །མེད་པ་དེ་ལའང་སྐྱེད་བྱེད་ཀྱི་རྒྱུ་དེས་ནི་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། བོང་བུའི་རྭ་ལྟར་མེད་པའི་ཕྱིར། ཇི་སྐད་དུ་བཞི་བརྒྱ་པ་ལས། འབྲས་བུ་ཡོད་པར་གང་འདོད་དང༌། །འབྲས་བུ་མེད་པར་གང་འདོད་ལ། ཁྱིམ་གྱི་དོན་དུ་ཀ་བ་སོགས། །རྒྱན་པའི་དོན་ཡང་མེད་པར་འགྱུར། །ཞེས་བཤད། རྩ་བ་ལས་ཀྱང༌། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །ཅེས་གསུངས་སོ། །ཡོད་མེད་གཉིས་ཀའི་བདག་ཉིད་ལའང་རྒྱུ་དེས་ཅི་ཞིག་བྱ་སྟེ། ཡོད་པ་བསྐྱེད་མི་དགོས་པ་དང༌། མེད་པ་བསྐྱེད་མི་ནུས་པའི་ཉེས་པ་གཉིས་ཀ་འབབ་པའི་ཕྱིར་དང༌། ཡོད་མེད་གཉིས་ཀ་ནི་དུས་གཅིག་ཏུ་རྒྱུ་གཅིག་གི་འབྲས་བུར་འདུ་བ་མེད་པའི་ཕྱིར་རོ། །ཇི་སྐད་དུ་རྩ་བ་ལས། ཇི་ལྟར་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་དེ། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །ཞེས་པ་དང༌། བྱེད་པ་པོར་གྱུར་མ་གྱུར་བ། །གྱུར་མ་གྱུར་ཏེ་མི་བྱེད་དེ། །ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་སོ། །ཡོད་མེད་གཉིས་ཀ་དང་བྲལ་ལའང་རྒྱུ་དེས་ཅི་ཞིག་བྱ་སྟེ། དགག་བྱ་ཡོད་མེད་གཉིས་ཀ་མི་སྲིད་པས་དེ་བཀག་པའི་བཀག་པ་ཡང་མི་འགྲུབ་པའི་ཕྱིར། ཇི་སྐད་དུ་རྩ་བ་ལས། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་དང་དངོས་པོ་མེད་པ་དག །གྲུབ་ན་དེ་ནི་གྲུབ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་འཇིག་རྟེན་པའི་གནོད་པ་སྤང་བ་ལ་གཉིས་ཏེ། གཞན་གཞུང་རྗེས་སུ་བརྗོད་པ་དང༌། ཟློག་བྱེད་ཀྱི་ལན་བཤད་པའོ། །དང་པོ་ནི། གཞན་སྐྱེ་བསྒྲུབ་པའི་དོན་དུ་རིགས་པ་གང་དང་གང་སྨྲས་པ་ཐམས་ཅད་བུད་ཤིང་སྐམ་པོ་མར་གྱིས་བྲན་པ་མེས་བསྲེགས་པ་ལྟར། དབུ་མ་པ། ཁྱོད་ཀྱི་གཞན་སྐྱེ་འགོག་པའི་བློ་གྲོས་ཀྱི་མེས་བསྲེག་པར་བྱེད་པས་ཁྱོད་ཀྱི་ཤེས་རབ་ཀྱི་མེ་སྤོར་བར་བྱེད་པ་ལྷུར་ལེན་པའི་རིགས་པའི་བུད་ཤིང་བསྐུལ་བར་འགྱུར་བས་དེ་ཙམ་གྱིས་ཆོག་གོ །གལ་ཏེ་རིགས་པ་མ་བསྟན་ན་འདོད་པའི་དོན་མི་འགྲུབ་པ་མ་ཡིན་ནམ་ཞེ་ན། གཞན་སྐྱེ་བསྒྲུབ་པའི་སྐབས་འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་ལྟ་གོ་ཅི་ཞིག་བྱ་སྟེ་མི་དགོས་སོ། །རྒྱུ་མཚན་གང་གིས་ན་འཇིག་རྟེན་འདི་ཐམས་ཅད་མངོན་སུམ་གྱིས་ཇི་ལྟར་མཐོང་བ་ལྟར་ཁས་ལེན་པའི་རང་གི་ལྟ་བ་ལ་གནས་པ་ན་ཚད་མར་འདོད་ཅིང༌། གཞན་ལས་སྐྱེ་བ་ཡང་ལྟ་བར་བྱེད་པས་ན་རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེ་བར་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་པར་འགྱུར་རོ། །འགྱུར་བ་དེས་ན་གཞན་ལས་སྐྱེ་བ་དགག་པ་བསྒྲུབ་པ་འདིར་ནི་རིགས་པས་ཅི་ཞིག་དགོས་ཤེ་ན། གཉིས་པ་བཟློག་བྱེད་ཀྱི་ལན་ལ་གཉིས་ཏེ། བདེན་པའི་དབྱེ་བ་བསྟན་པས་འཇིག་རྟེན་གྱིས་མི་གནོད་པར་བསྟན་པ། གནོད་པའི་ཡུལ་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། དབུ་མའི་བསྟན་བཅོས་ཀྱི་དོན་མི་ཤེས་པ་ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པ་འདི་ནི་འཇིག་རྟེན་གྱི་བྱུང་ཚུལ་བདེན་པ་གཉིས་མ་བཤད་པར་བཟློག་པར་མི་ནུས་པས་རེ་ཞིག་བདེན་པ་གཉིས་ཀྱི་རྣམ་བཞག་སྟོན་པར་བྱེད་དོ། །འདི་ལ་གཉིས་ཏེ། བདེན་པ་གཉིས་སྤྱིར་བསྟན་པ་དང༌། བདེན་པ་སོ་སོར་བཤད་པའོ། །དང་པོ་ལ་སྤྱིའི་དོན་དང༌། གཞུང་གི་དོན་གཉིས་ལས། དང་པོ་ལ་བདེན་གཉིས་གསུངས་པའི་དགོས་པ་ནི། ཐ་སྙད་དུ་ཡོད་པ་དང་དོན་དམ་པར་མེད་པ་ལ་སོགས་པའི་བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་ནས་སྣང་ཙམ་ལ་སྐུར་བ་མི་འདེབས་པ་དང༌། དོན་དམ་ལ་སྒྲོ་མི་འདོགས་པ་ཡིན་ནོ། །མ་ཤེས་པའི་ཉེས་དམིགས་ནི། དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་པ་ལྟར་རོ། །ཅིའི་ཕྱིར་བདེན་པ་གཉིས་སུ་ངེས་ཤེ་ན། ཤེས་བྱ་ལ་འཇུག་པའི་བློ་ལ་སྣང་ཚུལ་ལ་འཇུག་པ་དང༌། གནས་ཚུལ་ལ་འཇུག་པའི་དབྱེ་བས་གཉིས་སུ་བསྟན་ཏེ། སྣང་ཚུལ་ལ་འཇུག་པའི་ཡུལ་ཀུན་རྫོབ་དང༌། གནས་ཚུལ་ལ་འཇུག་པའི་ཡུལ་དོན་དམ་ཞེས་བསྟན་པའི་ཕྱིར་རོ། །ཡབ་སྲས་མཇལ་བའི་མདོ་ལས་ཀྱང༌། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པ་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་གསུངས་པ་ལྟར་རོ། །གང་ལས་དབྱེ་བའི་གཞི་ནི་རྟེན་འབྲེལ་ཙམ་སྟེ། རྟེན་འབྲེལ་མཐོང་ཚུལ་གྱི་དབྱེ་བས་གཉིས་སུ་ཕྱེ་བའི་ཕྱིར་རོ། །དབྱེ་བའི་དོན་ལ་བདེན་གཉིས་གཅིག་གམ་ཐ་དད་ཅེ་ན། འགའ་ཞིག་ངོ་བོ་གཅིག་ཡིན་ཏེ། ཐ་སྙད་པའི་བློ་ལ་སྣང་བའི་ལྡོག་པ་ནས་ཀུན་རྫོབ་དང༌། རིག་ཤེས་ཀྱི་ཡུལ་དུ་མ་གྲུབ་པའི་ཆ་ནས་དོན་དམ་དུ་བཞག་པའོ། །དཔེར་ན་དངོས་པོ་གཅིག་ཉིད་ལྟོས་ས་ཐ་དད་ལ་ལྟོས་ནས་རིང་ཐུང་དུ་འཇོག་པ་བཞིན། མདོ་ལས་ཀྱང༌། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། ཞེས་པ་དང༌། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་དང་མི་རྟག་པ་བཞིན་དུ། །མེད་ན་མི་བྱུང་ངེས་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་དགོངས་པ་ངེས་པར་འགྲེལ་པ་ལས། བདེན་གཉིས་ངོ་བོ་གཅིག་པ་ལ་ཉེས་པ་བཞི། ཐ་དད་པ་ལ་ཉེས་པ་བཞི་བརྗོད་པས། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཉིད་ལེགས་སོ། །ཞེས་ཟེར་རོ། །ལ་ལ་ནི་དགོངས་འགྲེལ་ལས་གསུངས་པ་དེ་ནི་ལྡོག་པ་ཐ་མི་དད་པ་ལ་ཉེས་པ་ཡོད་པར་བསྟན་པ་ཡིན་གྱི་ངོ་བོ་གཅིག་པ་ཙམ་ལ་ནི་མ་ཡིན་ཏེ། གཞན་དུ་ན་རིགས་ཤེས་ཀྱིས་སྣང་བ་དོན་དམ་དུ་འཛིན་པའི་སྒྲོ་འདོགས་ཀྱང་མི་ཆོད་པར་ཐལ་བ་དང༌། དོན་དམ་བདེན་པ་སྣང་བའི་ཆོས་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ། སྣང་བའི་ངོ་བོའམ་རང་བཞིན་མ་ཡིན་པས་སོ་ཞེས་འདོད་དོ། །དེ་ལ་ངོ་བོ་གཅིག་པའི་ཕྱོགས་ནི་ལུང་གི་དགོངས་པ་ཡང་མ་ཡིན་ཏེ། ལུང་དེ་དག་གིས་ནི་ངོ་བོ་ཐ་དད་པ་འགོག་པ་ཡིན་གྱི་ངོ་བོ་གཅིག་ཏུ་སྟོན་པ་མ་ཡིན་པས་སོ། །དགོངས་པ་ངེས་པར་འགྲེལ་པའི་སྐྱོན་ཡང་ཡོད་པ་མ་ཡིན་ཏེ། དེ་དག་ཀྱང་ངོ་བོ་ཐ་དད་པ་ཙམ་ལ་བརྗོད་པའི་སྐྱོན་ཡིན་པའི་ཕྱིར་རོ། །དེ་བས་ན་གཅིག་པ་བཀག་པ་ཙམ་ལ་ཐ་དད་དུ་བཏགས་པ་ཙམ་ཉིད་བཟུང་བར་བྱའོ། །སྒྲ་བཤད་པ་ལ་ཀུན་རྫོབ་ཅེས་པ་ནི་འཁྲུལ་པའི་ཤེས་པ་སྟེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པ་ལྟར་རོ། །ཡང་ན་ཚིག་གསལ་ལས། ཕན་ཚུན་བརྟེན་པས་ན་ཀུན་རྫོབ། ཡང་ན་བརྡའི་ཐ་སྙད་ཡིན་པས་ན་ཀུན་རྫོབ་ཅེས་གསུངས་པ་ལྟར་བཟུང་ངོ༌། །དོན་ཡང་ཡིན་དམ་པ་ཡང་ཡིན་པས་ན་དོན་དམ་སྟེ། ཨུཏྤལ་སྔོན་པོ་ཞེས་པ་བཞིན། ཡང་ན་རིགས་པ་དམ་པའི་ཡུལ་ཡིན་པས་ན་དོན་དམ་ཞེས་བྱའོ། །ཇི་ལྟར་འཇོག་པའི་ཚུལ་ནི། འཇིག་རྟེན་ན་སླུ་བའི་ཆོས་ཅན་ལ་ཀུན་རྫོབ་དང༌། མི་བསླུ་བ་ལ་དོན་དམ་ཞེས་གྲགས་པའི་རྗེས་སུ་འབྲངས་ནས་རྣམ་པར་འཇོག་གོ །ངོས་བཟུང་བའི་ཚུལ་ནི་མི་འདྲ་སྟེ། འཇིག་རྟེན་པ་ནི་སྣང་བ་འདི་དག་ལ་སླུ་བ་དང་མི་སླུ་བའི་ཆོས་གཉིས་སུ་ཕྱེ་ནས་དེ་ལ་ཀུན་རྫོབ་དང་དོན་དམ། ཞེས་ཐ་སྙད་འདོགས་ཅིང༌། དབུ་མ་པ་ནི་འཇིག་རྟེན་པའི་ཀུན་རྫོབ་དང་དོན་དམ་གཉིས་ཀ་ཡང་རྫུན་པར་མཚུངས་པས་ཀུན་རྫོབ་ཡིན་ལ། དེའི་སྟོང་ཉིད་ནི་ཐ་སྙད་དཔྱོད་པའི་རིགས་པ་ལ་ལྟོས་ནས་མི་སླུ་བར་གྲུབ་པའི་ཕྱིར་དོན་དམ་པ་ཡིན་ཏེ། མདོ་ལས། དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ། །མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་རྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་པ་དང༌། སློབ་དཔོན་གྱིས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་བསྟན་པ། །དེ་ཚེ་ལྷག་མ་རྫུན་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་པ་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པར། འདུ་བྱེད་ཐམས་ཅད་རྫུན་པ་སྟེ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། སྨིག་རྒྱུ་བཞིན། གང་ཞིག་བདེན་པ་དེ་ནི་བསླུ་བའི་ཆོས་ཅན་མིན་ཏེ། མྱ་ངན་ལས་འདས་པ་བཞིན་ཞེས་པ་ལྟར་རོ། །འདིའི་མྱ་ངན་འདས་ནི་དོན་དམ་སྐྱེ་མེད་དུ་བཞི་བརྒྱ་པའི་འགྲེལ་པ་ལས་བཤད་དོ། །དེས་ན་འཇིག་རྟེན་པས་དོན་དམ་དུ་གདགས་པའི་གཞི་ནི་ཐལ་འགྱུར་བས་ཀུན་རྫོབ་ཏུ་འདོད་ལ། རང་རྒྱུད་པ་རྣམས་ནི་ཉན་ཐོས་སྡེ་གཉིས་ཀྱིས་དོན་དམ་དུ་འདོད་པ་དེ་དག་ཀུན་རྫོབ་འདོད་དོ། །འཇུག་འགྲེལ་ལས་ནི། མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ། །ཞེས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པས་སྨྲས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་སོ། །འདིར་འཇིག་རྟེན་ཞེས་པ་ནི་རེས་འགའ་ཐ་མལ་པ་དང༌། འགའ་ཞིག་ཏུ་སོ་སྐྱེ་དང༌། ལ་ལར་མ་དཔྱད་པར་འཇུག་པའི་བློ་ལ་བཤད་དེ། གཙོ་ཆེར་ཕྱི་མའོ། །སོ་སོའི་ངོ་བོ་ངོས་བཟུང་བ་ལ། ཀུན་རྫོབ་ཀྱི་འདོད་ཚུལ་ནི། སློབ་དཔོན་བྷ་བྱ་ནི་ཕྱི་རོལ་གྱི་དོན་འདོད་ལ། སློབ་དཔོན་ཞི་བ་འཚོ་དང་སེངྒེ་བཟང་པོ་གཉིས་ནི་ཀུན་རྫོབ་ཏུ་སྣང་བ་སེམས་ཀྱི་བདག་ཉིད་དུ་འདོད་དེ། དབུ་མ་རྒྱན་ལས། རྒྱུ་དང་འབྲས་བུ་གྲུབ་པ་འདི། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །ཞེས་འབྱུང་ཞིང༌། འགྲེལ་ཆེན་ལས་ཀྱང་དེ་དང་མཐུན་པར་བཤད་པའི་ཕྱིར་རོ། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མ་སྐྱེས་པའི་སྣང་བ་ཞེས་གསུངས་ལ། སློབ་དཔོན་ཟླ་བ་གྲགས་པ་དང༌། ཡེ་ཤེས་སྙིང་པོ་ནི་ཇི་ལྟར་སྣང་བཞིན་པར་འདོད་དེ། འཇུག་པ་ལས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུལ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་པ་དང༌། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཅེས་སོ། །སྣང་བ་འདིའི་རྒྱུ་དང་རང་བཞིན་གང་ཡིན། འབྲས་བུ་ནི་གང་ཡིན་ཞེ་ན། མ་དག་པའི་སྣང་བ་རྣམས་ཀྱི་ནི་མ་རིག་པ་ཡིན་ལ། དག་པའི་སྣང་བ་རྣམས་ཀྱི་ནི་ཡེ་ཤེས་ལ་སོགས་པའོ། །བྱིས་པ་རྣམས་ཀྱི་ནི་གཙོ་བོ་ལས་ཀྱི་སྣང་བ་ཡིན་ཏེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་དང༌། འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང༌། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །ཞེས་སོ། །ཉན་རང་རྣམས་ལའང་ལས་ཀྱི་སྣང་བ་ཡོད་དེ། མོའུ་འགལ་ཀུན་ཏུ་རྒྱུས་བཅོམ་པའི་སྣང་བ་བཞིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཚོགས་གཉིས་ཀྱི་སྣང་བ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས།               རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*