མངོན་པར་རྟོགས་པའི་རྒྱན། ཀ༽

༄༅། །མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་འབྱེད་པ་ཟབ་དོན་གནད་ཀྱི་ཟླ་འོད་ཅེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་འབྱེད་པ་ཟབ་དོན་གནད་ཀྱི་ཟླ་འོད་ཅེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། རབ་དཀར་སྟོན་ཀའི་ཟླ་འོད་རྒྱས་པའི་སྐུ། །ཡན་ལག་དྲུག་ཅུའི་གསུང་གི་སྒྲ་དབྱངས་ལྡན། །མཁའ་ལྟར་མི་གཡོ་བརྟན་པའི་ཐུགས་མངའ་བ། །བློ་གཏེར་གངས་རིའི་མདོག་ཅན་གུས་པས་མཆོད། །མཁྱེན་པའི་ཆུ་གཏེར་གཏིང་མཐའ་རབ་ཡངས་པ། །སྐུ་གསུམ་ནོར་བུ་འབར་བའི་འོད་ཀྱིས་མཛེས། །རྨད་བྱུང་ཕྲིན་ལས་དྭངས་པའི་ཆུ་ཀླུང་ལྡན། །ཀུན་མཁྱེན་གདེངས་ཅན་དབང་པོར་ཕྱག་འཚལ་ལོ། །ཡིད་འོང་འཇའ་ཚོན་གུར་ཁྱིམ་བཀོད་པའི་དབུས། །ཐུགས་རྗེའི་བསིལ་ཟེར་ཕྱོགས་བྲལ་རྣམ་པར་གཡོ། །མ་ལུས་འགྲོ་བ་ཀུན་གྱི་ཉེར་འཚོའི་གནས། །སྟོབས་བཅུའི་སྟོབས་ལྡན་མི་ཕམ་རྒྱལ་གྱུར་ཅིག །གཞན་དོན་ལྷག་བསམ་ཁུར་གྱིས་ཡིད་དལ་ཞིང༌། །མང་ཐོས་ཆུ་ཤེལ་ཟླ་བའི་འོད་རྒྱས་པ། །འཆད་རྩོད་རྩོམ་པའི་འོད་ཀྱི་དཔུང་ཚོགས་ལྡན། །དཔལ་ལྡན་བླ་མ་རྒྱུ་སྐར་དབང་པོ་རྒྱལ། །ལེགས་བཤད་སྤྲིན་སྔོན་རོལ་པའི་ཁང་བཟང་ནས། །སྒྲ་དོན་རྒྱན་གྱི་དྲིལ་བུའི་ཕྲེང་སྒྲ་སྒྲོགས། །སྡེབ་སྦྱོར་དོན་གྱི་རོལ་པའི་དགའ་སྟོན་འགྱེད། །བྱམས་པའི་གསུང་རབ་མཆོག་ཏུ་བསྟོད་པར་བགྱི། །ཟབ་ཅིང་རྒྱ་ཆེའི་གསུང་རབ་པདྨོའི་མཚོ། །དགོངས་དོན་གེ་སར་སྙིང་པོ་གསལ་བྱེད་རྒྱན། །བྱམས་པའི་གསུང་རབ་ལེགས་བཤད་འདབ་བརྒྱ་པ། །རྣམ་བཤད་ཉི་མའི་འོད་ཀྱིས་དབྱེ་བར་བྱ། །འདིར་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དོན་སྟོན་པ་ལ་གསུམ་སྟེ། བསྟན་བཅོས་ཀྱི་མཚན་གྱི་དོན་དང༌། གཞུང་གི་ཚིག་གི་དོན་བཤད་པ་དང༌། བརྩམས་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་མཚན་སྒྱུར་བ་ནི། ཨ་བྷི་ནི་མངོན་པའོ། །ས་མ་ཡ་ནི་རྟོགས་པའོ། །ཨ་ལང་རྟོགས་པ་ལའོ་ཞེས་པའི་བྱིངས་དང་ཉེར་སྒྱུར་རམ་སྔོན་ལ་བཞག་ནས་མཚམས་སྦྱར་བའོ། །ཨ་ལངྐཱ་ར་ནི་རྒྱན་ནོ། །ནཱ་མ་ནི་ཞེས་བྱ་བའོ། །ཛྙཱ་ནི་ཤེས་པའོ། །པྲ་ནི་ཉེར་སྒྱུར་ཏེ་རབ་ལ་འཇུག་པས་ཤེས་སོ། །པཱ་ར་ནི་ཕ་རོལ། མི་ཏ་ནི་ཕྱིན་པའོ། །ཨུ་པ་དེ་ཤ་ནི་མན་ངག་གོ །ཤཱསྟྲ་ནི་བསྟན་བཅོས་སོ། །པྲྀཏྟེ་ནི་འགྲེལ་པའོ། །མཚན་དོན་བཤད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་གསུམ་ལ་འཇུག་སྟེ། གཞུང་དང༌། ལམ་དང༌། འབྲས་བུའོ། །དང་པོ་ནི་རྗོད་བྱེད་ལ་འཇུག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྟོན་པའི་ཕྱིར་རོ། །གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པའོ། །གསུམ་པ་ནི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་པས་ཕ་རོལ་ཏུ་ཕྱིན་པའོ། །སློབ་དཔོན་ལྟར་ན། གཞུང་དང་ལམ་གཉིས་ནི་ཤེར་ཕྱིན་བཏགས་པ་བ་སྟེ། ཤེར་ཕྱིན་ཐོབ་བྱེད་ཡིན་པའི་ཕྱིར་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །སེམས་བསྐྱེད་ཀྱང་སེམས་བསྐྱེད་པར་བྱ་བས་ན་སེམས་བསྐྱེད་ཅེས་བྱ་བ་ལ་བཞེད་ཀྱི། སེམས་བསྐྱེད་པར་བྱེད་པ་ལ་མི་བཞེད་དོ། །ངོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ལ་གཟུང་སྟེ། དེ་ལ་ཡེ་ཤེས་ཞེས་པ་དང༌། གཉིས་སུ་མེད་པ་ཞེས་པ་དང༌། སྒྱུ་མ་ལྟ་བུ་ཞེས་པའི་ཚིག་གསུམ་གྱིས་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་དང༌། ཉན་ཐོས་སྡེ་གཉིས་ཀྱིས་གཟུང་འཛིན་རྫས་ཐ་དད་དུ་འདོད་པ་དང༌། སེམས་ཙམ་པ་གཟུང་འཛིན་གཉིས་མེད་བཞེད་ཀྱང་ཡེ་ཤེས་བདེན་དངོས་སུ་འདོད་པ་གསུམ་རིམ་པ་བཞིན་དུ་སེལ་བའི་དོན་དུ་སྨྲོས་སོ། །མན་ངག་གི་སྒྲ་དོན་ལ་གཉིས་ཏེ། སྦས་པའི་དོན་གསལ་བར་བྱེད་པ་དང༌། རྒྱ་ཆེན་པོའི་དོན་ཚིག་ཉུང་ངུས་སྟོན་པའོ། །མངོན་པར་རྟོགས་པའི་རྒྱན་ནི་དོན་གཉིས་ཀ་དང་ལྡན་ཏེ། ཤེར་ཕྱིན་གྱི་མདོར་མངོན་པར་རྟོགས་པའི་རིམ་པ་སྦས་དོན་དུ་ཡོད་པ་འདིས་གསལ་བར་བྱེད་པའི་ཕྱིར་དང༌། སྟོང་ཕྲག་བརྒྱ་པའི་དོན་ཚིག་ཉུང་ངུས་སྟོན་པའི་ཕྱིར་ཞེས་འཆད་དོ། །སཾ་སྐྲྀ་ཏའི་སྐད་ལྟར་ན། ཨུ་པ་ཉེ་བ་དང༌། དེ་ཤ་བསྟན་པ་ལ་འཇུག་པས་ཉེ་བར་བསྟན་པ་ཞེས་པ་སྟེ་བསྟན་ནས་ཉེ་བར་ཏེ་མྱུར་དུ་ཁོང་དུ་ཆུད་པར་བྱེད་ཅེས་པའི་དོན་ནོ། །བསྟན་བཅོས་ནི་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་སྟེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་རོ། །སཾ་སྐྲྀ་ཏ་ལས་ཤཱསྟྲ་ཞེས་འབྱུང་སྟེ། ཤ་ས་ནི་འཆོས་པའོ། །ཏ་ར་ནི་སྒྲོལ་བ་སྟེ། འཆོས་པ་དང་སྒྲོལ་བ་གཉིས་ཀྱི་སྒྲ་དོན་བཤད་དོ། །འདི་ལྟར་ན་ཐར་པ་ཐོབ་པའི་ཐབས་སྟོན་པས་བསྟན་བཅོས་ཞེས་བརྗོད་ཀྱི། གཞན་ལ་བསྟན་བཅོས་ཀྱི་སྒྲ་དོན་མེད་དོ། །བསྟན་བཅོས་ནི་བཞི་སྟེ། རྒྱ་ཆེན་པོ་སྡུད་པར་བྱེད་པ་དང༌། འཐོར་བ་སྡུད་པར་བྱེད་པ་དང༌། འཁྲུགས་པ་གོ་རིམ་དུ་བསྡེབས་པ་དང༌། མི་གསལ་བ་གསལ་བར་བྱེད་པའོ། །དང་པོ་ནི་མངོན་པ་མཛོད་ལྟ་བུ་སྟེ། བྱེ་བྲག་བཤད་མཛོད་ཆེན་མོའི་དོན་བསྡུས་ཏེ་བསྟན་པའི་ཕྱིར་རོ། །གཉིས་པ་ནི་མངོན་པ་ཀུན་ལས་བཏུས་ཀྱིས་སའི་སྡེའི་དོན་སྟོན་པ་ལྟ་བུའོ། །གསུམ་པ་ནི་སའི་དངོས་གཞི་ཆོས་མངོན་པའི་གོ་རིམ་ངེས་མེད་དུ་འཐོར་བ་རྣམས་སྡོམ་ཚིག་གིས་ས་བཅོ་ལྔར་བསྡུས་ནས་གོ་རིམ་བཀོད་པ་ལྟ་བུའོ། །བཞི་པ་ནི་མངོན་རྟོགས་རྒྱན་ལྟ་བུའོ། །མངོན་པར་རྟོགས་པ་ནི་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པས་མངོན་པར་རྟོགས་པ་སྟེ། དེ་ལ་མངོན་དུ་ཕྱོགས་པ་དང་མངོན་སུམ་དུ་རྟོགས་པ་གཉིས་སོ། །དང་པོ་ནི་ཚོགས་སྦྱོར་གྱི་རྟོགས་པ་ཡིན་ལ། གཉིས་པ་ནི་མཐོང་ལམ་ཡན་ཆད་ཀྱི་རྟོགས་པའོ། །རྒྱན་ལ་གཉིས་ཏེ། མཛེས་བྱེད་ཀྱི་རྒྱན་དང༌། གསལ་བྱེད་ཀྱི་རྒྱན་ནོ། །འདི་ནི་ཕྱི་མ་སྟེ། ཡུམ་གྱི་སྦས་པའི་དོན་གསལ་བར་བྱེད་པས་རྒྱན་ཞེས་སོ། །འགྲེལ་པ་ནི་ལྔ་སྟེ། རྒྱ་ཆེར་འགྲེལ་དང༌། དཀའ་འགྲེལ་དང༌། བསྡུས་དོན་གྱི་འགྲེལ་པ་དང༌། དོན་འགྲེལ་དང༌། སྒྲ་འགྲེལ་ལོ། །དང་པོ་ནི་ཚིག་དོན་གཉིས་ཀ་ཞིབ་མོར་འབྱེད་པའོ། །གཉིས་པ་ནི་དཀའ་བའི་དོན་རྣམས་འགྲེལ་པའོ། །གསུམ་པ་ནི་བརྗོད་བྱའི་དོན་སོ་སོར་རྣམ་པར་ཕྱེ་བ་རྣམས་རིགས་མཐུན་བསྡུས་ཏེ་བསྟན་པའོ། །བཞི་པ་ནི་དོན་ཙམ་འཆད་པའོ། །ལྔ་པ་ནི་སྒྲ་ཟིན་ཙམ་སྟོན་པའོ། །གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ་གསུམ་སྟེ། བཤད་པ་ལ་འཇུག་པ་དང༌། བཤད་པ་ཉིད་ཉེ་བར་དགོད་པ་དང༌། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ། སྔོན་གྱི་སློབ་དཔོན་རྣམས་ཀྱི་བཤད་པའི་ཚུལ། རང་ཉིད་ཀྱིས་འགྲེལ་པ་རྩོམ་པའི་རྒྱུའོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ་གུས་ཕྱག་འཚལ་ཞེས་བྱའོ། །དགོས་པ་ཅིའི་ཕྱིར་ཞེ་ན། རྒྱན་གྱི་ཚིག་ལེའུར་བྱས་པ་དག་རྣམ་པར་དབྱེ་བའི་ཕྱིར་རོ། །ཚུལ་ཇི་ལྟར་དབྱེ་ཞེ་ན། རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་འགྱུར་བ་ནི་ཞེས་བྱའོ། །འདི་ཇི་ལྟར་ཤེས་ཤེ་ན། དགོས་འགྲེལ་དུ། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དང་ཞེས་པ་དང༌། སེམས་བསྐྱེད་ཀྱི་མདོ་སྦྱོར་བའི་སྐབས་སུ། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱི་ཞེས་གསུངས་པ་དང༌། མཁྱེན་གསུམ་གྱི་འཕགས་བཞིའི་མངོན་རྟོགས་བསྡུས་པར་བསྟན་པའི་སྐབས་སུ་ཡུམ་གསུམ་ཆར་ཁུངས་སུ་མཛད་པའི་ཕྱིར་རོ། །གཉིས་པ་ནི། རྣམ་པར་དབྱེ་ཞེས་དམ་བཅའ་བར་བྱེད་ན་ཡུམ་གྱི་དོན་རིགས་པས་རྟོགས་ནས་སམ་བླ་མའི་མན་ངག་ལ་བརྟེན་ནས་བཤད། དང་པོ་མི་འཐད་དེ། ཡུམ་གྱི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་ཞེ་ན། དང་པོ་ཁས་མི་ལེན་ལ། ཕྱི་མ་ལྟར་ཏེ། སློབ་དཔོན་བཞིའི་གདམས་པ་ལས་འཆད་པས་སོ་ཞེས་ལོ་ཙཱ་བས་སོ། །འབུམ་ཕྲག་གསུམ་པའི་བཞེད་པ་ལྟར་ན། སྔོན་གྱི་སློབ་དཔོན་དག་གིས་ཅུང་ཟད་ཕྱེ་བ་ཡོད་དམ་མེད། མེད་ན་འཆད་པར་མི་ནུས་པ་དང་རང་བཟོའི་ཉེས་པ་ཡོད་དོ། །གལ་ཏེ་རྣམ་པར་ཕྱེ་བ་ཡོད་ན་དེ་དང་ཟློས་པའི་སྐྱོན་ཡོད་དོ་ཞེ་ན། སྔ་མ་དག་གིས་ཇི་ལྟར་ཕྱེ་བའི་ཚུལ་དང་ཞར་ལ་ཟློས་པའི་སྐྱོན་མེད་པར་སྟོན་པ་ནི་ཞེས་འཆད་པ་ཉིད་ལེགས་སོ། །ཇི་ལྟར་ཕྱེ་བའི་ཚུལ་བརྗོད་པ་ནི། རྣམ་བཤད་མཛད་དོ་ཞེས་བརྗོད་དོ། །གང་གི་ན་བསྟན་བཅོས་ཆེན་པོའིའོ། །གང་ལ་བརྟེན་ནས་ཤེ་ན། མི་ཕམ་མགོན་ལས་གསན་ནས་ནི་ཞེས་བྱའོ། །གང་གིས་ན་འཕགས་པ་ཐོགས་མེད་ཀྱིས་སོ། །དེའི་ཡོན་ཏན་ནི་གཉིས་ཏེ། བསམ་པ་ཕུན་སུམ་ཚོགས་པ་ནི་འགྲོ་ལ་ཆགས་པས་ཀུན་ཆགས་མཛད་ཅེས་པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་སྐྱོབ་པ་ཞེས་པས་བསྟན་ཏོ། །བཤད་བྱའི་བསྟན་བཅོས་ཆེན་པོའི་འདོད་ཚུལ་ནི་གཉིས་ཏེ། ཤེས་རབ་འབྱུང་གནས་དང་ཆོས་བཤེས་ཀྱིས་ཡུམ་ལ་འདོད་དོ། །སློབ་དཔོན་གསེར་གླིང་པས་ནི་མངོན་པར་རྟོགས་པའི་རྒྱན་ལ་འདོད་དོ། །སྔ་མ་མི་འཐད་དེ། བསྟན་བཅོས་ཆེན་པོ་ནི་འོག་མ་རྣམས་ཀྱི་ཡང་བཤད་བྱར་སྦྱར་དགོས་ཏེ། བསྟན་བཅོས་ཆེན་པོ་རྣམ་པར་བཀྲོལ་ལོ་ཞེས་པ་དང༌། བསྟན་བཅོས་ཆེན་པོ་རྣམ་པར་དབྱེ་ཞེས་པ་དང༌། བསྟན་བཅོས་ཆེན་པོའི་རྣམ་པར་བཤད་པ་བྱས་ཞེས་སྦྱར་དགོས་ལ། འཕགས་པ་དང་བཙུན་པ་རྣམ་པར་གྲོལ་སྡེས་མངོན་རྟོགས་རྒྱན་དང་སྦྱར་བར་མངོན་སུམ་དུ་མཐོང་ལ། གོང་འོག་གི་བཤད་བྱའི་བསྟན་བཅོས་གཅིག་ཏུ་འཆད་དགོས་པའི་ཕྱིར། ཡུམ་གྱི་འགྲེལ་པ་མཛད་ཚུལ་ཐམས་ཅད་འདིར་སྨྲོས་པ་ནི་མིན་ཏེ། བརྒྱད་སྟོང་དོན་བསྡུས་སོགས་མ་སྨྲོས་པའི་ཕྱིར་རོ། །དེས་ན་འདིར་མདོ་དང་རྒྱན་སྦྱར་བའི་འགྲེལ་པ་མཛད་ཚུལ་སྨྲོས་ནས། དེའི་རྗེས་སུ་འབྲངས་ནས་རང་གིས་ཀྱང་མདོ་དང་རྒྱན་སྦྱར་ནས་བསྟན་བཅོས་བརྩམ་ཞེས་བསྟན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་མཁས་པས་སྣང་བྱས་ཤིང༌། །ཞེས་སོགས་སོ། །གཉིས་པ་བཤད་བྱ་ཉེ་བར་དགོད་པ་ནི། མཆོད་བརྗོད་ནས་བརྩམས་ནས་ཡོངས་སུ་རྫོགས་པའི་བར་རོ། །དང་པོ་མཆོད་བརྗོད་ནི་དོན་ལྔས་བསྟན་ཏེ། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པ་ལྟར་རོ། །མཚམས་སྦྱར་བ་རིགས་བཞི་སྟེ། དགོས་པ་དང༌། རྒྱུ་མཚན་དང༌། དྲི་ལེན་དང༌། བརྒལ་ལན་ནོ། །དང་པོ་ནི་མཆོད་བརྗོད་ཀྱི་མཚམས་སྦྱར་ལྟ་བུའོ། །གཉིས་པ་ནི་སྐབས་གཉིས་པའི་མཚམས་སྦྱར་ལྟ་བུའོ། །གསུམ་པ་ནི་དམིགས་པ་དང་ཆེད་དུ་བྱ་བའི་མཚམས་སྦྱར་ལྟ་བུའོ། །བཞི་པ་ནི་འགོག་པ་མེད་པའི་རང་བཞིན་ལ་ཞེས་པའི་མཚམས་སྦྱར་ལྟ་བུའོ། །བསྡུས་དོན་ནི། ཚིགས་སུ་བཅད་པ་འདིས་ནི་ཞེས་སོགས་ལྟ་བུའོ། །དགོས་དོན་ནི། དེ་ལ་རེ་ཞིག་དེ་པའི་རྗེས་སུ་འབྲང་བ་ཞེས་སོགས་དངོས་དང་བརྒྱུད་པའི་དགོས་པ་བསྟན་པ་ལྟ་བུའོ། །ཚིག་དོན་ནི། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་སོགས་གསུངས་པ་ལྟ་བུའོ། །བརྒལ་ལན་ནི། དེ་ལྟར་ཕྱག་འཚལ་བ་དང་ཞེས་སོགས་ལྟ་བུའོ། །འོ་ན་འཆད་པའི་ཡན་ལག་དྲུག་ཏུ་འགྱུར་ཏེ། བརྒལ་བ་དང་ལན་གཉིས་ཡོད་པའི་ཕྱིར་ཞེ་ན། བརྒལ་བ་ནི་ལན་འདྲེན་པའི་དོན་དུ་བཀོད་པས་ཡན་ལག་གཉིས་མིན་ནོ། །མཆོད་བརྗོད་ཀྱི་མཚམས་སྦྱར་སྨྲས་པ་ནི་ངེས་པར་བཟུང་ནས་རེ་ཞིག་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བའི་ཚིགས་སུ་བཅད་པ་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་བཀོད་དོ། །བཟུང་ཞེས་ཁྱད་པར་གྱི་གཞིའོ། །གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནིའོ། །ཚུལ་ཇི་ལྟར་ན་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་རོ། །གང་གིས་ན་བྱམས་པའི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་སོ། །དེ་ཇི་ལྟ་བུ་ཞེ་ན་མི་མཐུན་ཕྱོགས་ལྔ་དང་བྲལ་བའི་དོན་ཅན་ཏེ། ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་ཡང་མིན་ཏེ། བརྒྱལ་བ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །རྟོག་དཔྱོད་ལས་ཡང་དག་པར་འདས་པ་ཙམ་གྱིས་འཇོག་པ་ཡང་མིན་ཏེ། བསམ་གཏན་གཉིས་པ་ལ་སོགས་པ་ཡང་ཐལ་བར་འགྱུར་བས་སོ། །རྟོག་པ་ཉེ་བར་ཞི་བས་ཀྱང་མིན་ཏེ། འགོག་སྙོམས་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བས་སོ། །རྟོག་པའི་ངོ་བོ་མ་ཡིན་པ་ཙམ་གྱིས་ཀྱང་མིན་ཏེ། མིག་ལ་སོགས་པའི་དབང་པོ་ལ་ཡང་ཐལ་བར་འགྱུར་བས་སོ། །མི་རྟོག་པར་བྱའོ་སྙམ་པ་ལ་ཡང་མ་ཡིན་ཏེ། དེ་ཉིད་རྟོག་པ་ཡིན་པའི་ཕྱིར་རོ། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། ཡིད་ལ་མི་བྱེད་པ་དང༌། ཡང་དག་པར་འདས་པ་དང༌། ཉེ་བར་ཞི་བ་དང༌། ངོ་བོ་ཉིད་ཀྱི་དོན་དང༌། མངོན་རྟོགས་སུ་འཛིན་པ་སྟེ་རྣམ་པ་ལྔ་སྤངས་པའི་རང་གི་མཚན་ཉིད་ཀྱིས་སོ་ཞེས་པ་ལྟར་རོ། །དེས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་རྣམས་ལ་བརྟགས་ནས་ཅིར་ཡང་མི་རྙེད་པའི་སྟོང་པ་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་སྒྲ་དོན་དང་མ་འདྲེས་པའི་ཚུལ་གྱིས་རྟོགས་པའི་བློའོ། །སྒྲ་དོན་ནི་རྣལ་འབྱོར་པ་སོ་སོ་རང་གིས་ཉམས་སུ་མྱོང་བའི་ཚུལ་གྱིས་རིག་པ་ཡིན་གྱི། གཞན་གྱིས་ཇི་ལྟ་བ་བཞིན་དངོས་སུ་རིག་པ་མིན་ནོ། །མཆོད་བརྗོད་ཀྱི་ཚིགས་བཅད་གསུངས་པའི་དགོས་པ་ནི་གཉིས་ཏེ། དམ་པའི་སྤྱོད་པ་དང་མཐུན་པ་དང༌། གཞན་དྭང་བ་སྐྱེ་བའི་ཆེད་དོ། །དང་པོ་ནི། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པ་ཞེས་པས་བརྗོད་དེ། རང་ཉིད་དམ་པར་རྟོགས་པས་གདུལ་བྱ་གཞན་བསྟན་བཅོས་ལ་འཇུག་པའི་ཆེད་དོ། །འདིར་རང་དོན་གྱི་དགོས་པ་ལ་སྦྱོར་བ་ནི་མི་འཐད་དེ། བྱམས་པ་ནི་དགའ་ལྡན་གནས་ནས་འཕོས་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ཕྱིར་དང༌། དེ་ཡང་ཆོས་སྐུ་ཐོབ་ཟིན་པས་བསྟན་པའི་ཕྱིར་རོ། །རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ཞེས་གསུངས་པ་ལྟར་རོ། །གསང་བ་འདུས་པ་ལས་ལྷ་སུམ་ཅུ་སོ་གཉིས་ཀྱི་དབྱེ་བས་དཀྱིལ་འཁོར་སུམ་ཅུ་སོ་གཉིས་སུ་འགྱུར་བར་གསུངས་པས་ན། བྱམས་པས་གཙོ་བོར་བྱས་པའི་དཀྱིལ་འཁོར་གསུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔར་བཤད་པ་ནི་གཞན་ངོར་སྟོན་པ་ཙམ་མོ། །གཉིས་པ་དྭང་བ་བསྐྱེད་པ་གང་གི་ཆེད་ཡིན་ཞེ་ན། ཡུམ་ལ་དོན་གྱིས་འཇུག་པར་བྱ་བའི་ཕྱིར་ཏེ། དྭང་བ་ལས་ཡུམ་ལ་འཇུག་ཚུལ་ཕྱི་འགྲེལ་གྱིས་སྟོན་ཏོ། །འཇུག་བྱའི་ཡུལ་གང་ཞེ་ན། བཅོམ་ལྡན་འདས་མ་སྟེ་མཁྱེན་གསུམ་མོ། །ཅིའི་ཕྱིར་དེ་ལ་དེ་སྐད་ཅེས་བརྗོད་ཅེ་ན། ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ཡིན་པའི་ཕྱིར་རོ། །འགའ་ཞིག་འདིས་འབྲས་ཡུམ་ཁོ་ན་ཡུམ་དུ་བསྟན་ཞེ་ན། འདིས་ནི་འབྱུང་གནས་ཞེས་པའི་ཚིག་གི་དོན་ཁོང་དུ་མ་ཆུད་པར་ཟད་དེ། ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པར་སྨིན་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །བསྡུས་དོན་ནི། ཚིགས་སུ་བཅད་པ་ཞེས་སོགས་སོ། །དགོས་དོན་ལ་གཉིས་ཏེ། དད་པའི་རྗེས་འབྲང་དྭང་བ་བསྐྱེད་པའི་ཚུལ་ནི། འདི་ཐོས་ནས་དྭང་བ་སྐྱེ་ཞེས་བྱ་བའི་བར་རོ། །དབང་རྣོན་དྭང་བ་སྐྱེ་བའི་ཚུལ་ནི། དེ་ཐོས་ནས་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་དྭང་བར་རབ་ཏུ་སྐྱེད་པར་བྱེད་དོ་ཞེས་སྦྱར་རོ། །ཚུལ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སངས་རྒྱས་ལ་སོགས་པ་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་ཉིད་དོ་ཞེས་ངེས་པར་བཟུང་སྟེའོ། །ཤེས་རབ་ཇི་ལྟ་བུ་ཞེ་ན། ཚུལ་གསུམ་པ་ཅན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དབང་རྣོན་དྭང་བ་སྐྱེ་བ་ནི་རྒྱུ་མཚན་ལ་ལྟོས་ནས་སོ། །གང་བཟུང་ཞེ་ན། མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཅན་གྱི་ཡུམ་གྱིས་བཞེད་དོན་བསྒྲུབ་ཚུལ་བསྟན་པ་ལ་གནོད་པ་གང་ཡང་མ་མཐོང་ནས་ཞེས་སྦྱར་རོ། །ཡུམ་ཇི་ལྟ་བུ་ཞེ་ན། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་གསུངས་པ་ལ་སོགས་པའི་ཚད་མས་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པ་ཡོངས་སུ་ཤེས་པའོ། །འགྲེལ་བྱེད་ཁ་ཅིག ཚད་མས་གནོད་པ་མ་མཐོང་ནས་ཞེས་སྦྱར་ནས་འཆད་པ་ནི་ནོར་བ་སྟེ། གཅིག་དང་དུ་བྲལ་སོགས་ཀྱི་རིགས་པ་ནི་སྐྱེ་མེད་སྒྲུབ་པ་རིགས་པ་ཡིན་པས་སྐྱེ་བ་མེད་པ་ཞེས་པ་དང་སྦྱར་བར་བྱ་བ་ཡིན་པའི་ཕྱིར་དང༌། གཅིག་དུ་བྲལ་སོགས་ཀྱིས་གནོད་པ་མ་མཐོང་བས་གནོད་པ་གཞན་ཡོད་པའི་དགོས་པ་མི་ཁེགས་པའི་ཕྱིར་རོ། །ཡུམ་ལ་བསྟོད་པའི་རྒྱུ་མཚན་བསྟན་པ་ནི། དེ་ལ་ཞེས་སོགས་ཏེ། བསྟོད་པའི་རྒྱུ་མཚན་དེ་ལྟར་ཐུགས་ལ་བཞག་ནས་བསྟོད་དོ། །གང་ལ་ན་རྩ་ཚིག་གིས་ཡུམ་ཞེས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །གང་གི་སྒོ་ནས་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །འདི་ལ་འབྲེལ་པ་ཅི་ཞིག་ཡོད་ཅེ་ན། མཁྱེན་གསུམ་ཉིད་རྩ་ཚིག་གིས་ཡུམ་དུ་བསྟན་པའི་ཕྱིར་རོ། །བསྟོད་པའི་རྒྱུ་མཚན་གང་ཞེ་ན། འཕགས་བཞིའི་བཞེད་དོན་ཕུན་སུམ་ཚོགས་པ་བསྒྲུབ་ནུས་པའོ། །གལ་ཏེ་རྒྱུ་མཚན་འདི་མངོན་པར་རྟོགས་པ་བརྒྱད་ལ་ཡོད་དམ་མེད་ཅེ་ན། ཡོད་དེ། མཁྱེན་གསུམ་དུ་མ་ཟད་མངོན་པར་རྟོགས་པ་བརྒྱད་པོ་དེས་ཀྱང་ཚིག་དོན་ལས་འཆད་པར་འགྱུར་བའི་ཚུལ་གྱིས་འཕགས་པའི་བཞེད་དོན་ཕུན་སུམ་ཚོགས་པ་བསྒྲུབ་ནུས་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་མངོན་པར་རྟོགས་པ་བརྒྱད་ཀྱང་ཡུམ་དུ་སྨྲོས་པར་མི་མཛད་ཅེ་ན། མཁྱེན་གསུམ་དུ་མ་ཟད་མངོན་པར་རྟོགས་པ་བརྒྱད་པོ་དེ་དག་ཀྱང་རྩ་ཚིག་ཏུ་སྨྲོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་འདུས་པ་ཡིན་པས་དོན་གྱིས་བརྗོད་པ་ཡིན་ནོ། །འོ་ན་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་ཀྱང་བསྟོད་པར་རིགས་ཤེ་ན། མཁྱེན་གསུམ་ལ་བསྟོད་ན་མངོན་རྟོགས་བརྒྱད་ལ་ཡང་བསྟོད་པར་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དོན་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་ཕྱིར། དེ་སྡུད་བྱེད་ཀྱི་མཁྱེན་གསུམ་ནི། འཕགས་པའི་གང་ཟག་གི་མཁྱེན་པའི་དབང་དུ་བྱས་ལ། བསྡུ་བྱ་མངོན་པར་རྟོགས་པ་བརྒྱད་ཀྱི་ཡ་གྱལ་དུ་བཤད་པ་ནི་སྐྱེ་འཕགས་གཉིས་ཀའི་ཐུན་མོང་བ་ཡིན་པས་ཚོགས་སྦྱོར་གྱི་གནས་སྐབས་ཀྱང་བསྡུ་བྱར་གཟུང་ངོ༌། །དེས་ན་སྡུད་བྱེད་ཀྱི་མཁྱེན་གསུམ་དང་བསྡུ་བྱའི་མཁྱེན་གསུམ་ལ་ཁྱད་པར་ཡོད་པར་ཤེས་པར་བྱའོ། །བསྡུ་ཚུལ་ནི་རྣམ་མཁྱེན་གྱིས་ནི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ལ་ཐ་སྙད་ཟོར་ཡངས་པའི་དོན་དུ་རྣམ་མཁྱེན་ཞེས་ཐ་སྙད་བཏགས་པ་དེ་ཉིད་བསྡུས་སོ། །ལམ་ཤེས་ཀྱིས་ནི་བྱང་ཆུབ་སེམས་དཔའི་ལམ་གསུམ་ལ་ལམ་ཤེས་ཞེས་ཐ་སྙད་བཏགས་པ་དེ་ཉིད་དང་སྦྱོར་བཞི་ཡང་བསྡུས་སོ། །གཞི་ཤེས་ཀྱིས་ནི་ཉན་རང་གི་ལམ་ལྔ་ལ་ཐ་སྙད་ཟོར་ཡངས་པའི་དོན་དུ་ཐུན་མོང་དུ་གཞི་ཤེས་ཀྱི་ཐ་སྙད་བཏགས་པ་དེ་ཉིད་བསྡུས་སོ། །དེ་ཅིའི་ཕྱིར་བསྡུ་བྱའི་ལམ་གསུམ་སོ་སོར་མ་སྨྲོས་ཤེ་ན། དོན་རྒྱས་བསྡུས་ལ་ཞེས་པའི་ཚུལ་དུ་ཐ་སྙད་ཟོར་ཡངས་པའི་དོན་དུ་ཡིན་ནོ། །ཉན་ཐོས་དང་ཞེས་སོགས་ཀྱི་དོན་ནི་ཉན་རང་གི་བཞེད་པ་ནི་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཉིད་གཞི་ཤེས་ཀྱིས་བསྒྲུབ་པས་ན་དེ་ལ་ཉན་རང་གི་ཡུམ་ཞེས་བརྗོད་དོ། །ཇི་ལྟར་བསྒྲུབ་ཅེ་ན། ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཐོབ་པ་ལ་ལས་ཀྱི་རྣམ་སྨིན་གྱི་ཕུང་པོ་སྤང་དགོས་ཤིང༌། དེ་སྤང་བ་ལ་ཉོན་མོངས་པ་སྤང་དགོས་ཤིང༌། དེ་གང་ཟག་གི་བདག་འཛིན་གྱི་རྩ་བ་ཅན་ཡིན་པས་ཐོག་མར་དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཟློག་དགོས་པས་ན་གཞི་ཤེས་ཉིད་ཉན་རང་གི་གཞན་དོན་སྒྲུབ་བྱེད་དུ་གཟུང་ངོ༌། །གལ་ཏེ་གཞི་ཤེས་ཀྱིས་བདག་འཛིན་འཇོམས་པར་འདོད་ན། བདག་འཛིན་གྱིས་ཀྱང་གཞི་ཤེས་འཇོམས་པར་མཚུངས་སོ་ཞེ་ན། ཕུང་པོའི་གནས་ཚུལ་ལ་བདག་ཡོད་མེད་གཉིས་སུ་ངེས་ལ། གལ་ཏེ་བདག་ཡོད་ན་བདག་འཛིན་གྱི་ཡུལ་གྱི་གནས་ཚུལ་རྟོགས་པས་བདག་འཛིན་ཅན་འཁོར་བར་སྐྱེ་བ་བླངས་ནས་སྡུག་བསྔལ་ཉམས་སུ་མྱོང་བ་ཉིད་དུ་མི་འགྱུར་བ་ལས་མྱོང་བ་མངོན་སུམ་གྱིས་གྲུབ་བོ། །དེས་ན་བདག་འཛིན་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པས་སྟོབས་ཞེན་པའི་ཕྱིར་བདག་མེད་རྟོགས་པའི་ཤེས་རབ་འཇོམས་པར་ག་ལ་འགྱུར། ཕུང་པོའི་གནས་ཚུལ་བདག་ཏུ་མི་འཐད་པས་བདག་མེད་དུ་དོན་གྱིས་ཐོབ་པའི་ཕྱིར་བདག་མེད་རྟོགས་པའི་ཤེས་རབ་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར་སྟོབས་དང་ལྡན་པར་གྲུབ་བོ། །ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་གང་ཞེ་ན། དང་པོ་ནི་སྔོན་གྱི་ལས་ཉོན་གྱི་རྣམ་པར་སྨིན་པའི་ཕུང་པོ་དང་བཅས་པའི་དགྲ་བཅོམ་པ་དག་གི་ས་ཐོབ་པའི་སོ་སོར་བརྟག་འགོག་གོ །ལྷག་མེད་ཀྱི་མྱང་འདས་ནི་སྔོན་གྱི་ལས་ཀྱི་རྣམ་སྨིན་གྱི་ཕུང་པོ་དང་མི་ལྡན་པའི་སོ་སོར་བརྟག་འགོག་གོ །གལ་ཏེ་ཉོན་མོངས་པའི་ཀུན་འབྱུང་སྤངས་ལ་ལས་ཀྱི་ཀུན་འབྱུང་མ་སྤངས་པའི་རྒྱུད་ཀྱི་སོ་སོར་བརྟག་འགོག་གང་དུ་བསྡུ་ཞེ་ན། ལྷག་བཅས་ཀྱི་མྱང་འདས་སོ། །ལྷག་བཅས་ནི་གཉིས་ཏེ། ཉོན་མོངས་པའི་ཀུན་འབྱུང་སྤངས་པ་ལས་ཀྱི་ཀུན་འབྱུང་མ་སྤངས་པ་དང༌། ལས་ཀྱི་ཀུན་འབྱུང་ཡང་སྤངས་པའོ། །ཉོན་མོངས་པའི་ཀུན་འབྱུང་སྤོང་དགོས་ཏེ་མ་སྤངས་ན་མྱ་ངན་ལས་འདས་པའི་གྲངས་སུ་མི་འགྲོ་བའི་ཕྱིར་རོ། །ཉོན་མོངས་པའི་ཀུན་འབྱུང་སྤངས་ལ་ལས་ཀྱི་ཀུན་འབྱུང་མ་སྤངས་པ་ཡོད་དེ། དགྲ་བཅོམ་པ་ལ་ཡང་ལས་ཀྱི་ནུས་པ་མཐོང་བའི་ཕྱིར་ཏེ། དགྲ་བཅོམ་པ་འཆར་ཀ་བཞིན་ནོ། །སྤྱོད་འཇུག་ལས། ཉོན་མོངས་སྤངས་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་ལས་ཀྱི་ནུས་པ་ཡོད་ཀྱང་ལས་མེད་དོ་ཞེ་ན། མི་འཐད་དེ། ནུས་པ་དང་ནུས་པ་ཅན་རང་བཞིན་ཐ་མི་དད་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བ་མཛད་ཅེས་པའི་དོན་ལ། ཆོས་ནི་གཉིས་ཏེ། ལུང་གི་ཆོས་དང༌། རྟོགས་པའི་ཆོས་སོ། །འཁོར་ལོའི་དོན་ནི་ཐོག་མར་ལུང་གི་ཆོས་ཀྱི་འཁོར་ལོ་བསྐོར་ནས་དེ་དག་གི་དོན་ཉམས་སུ་བླངས་པས་སླར་ཡང་རྟོགས་པའི་ཆོས་རྒྱུད་ལ་སྐྱེ་བའི་རིམ་པས་གདུལ་བྱའི་རྒྱུད་ལ་རིམ་པ་བཞིན་དུ་ཕོ་བས་འཁོར་ལོའོ། །དཔེར་ན་འཁོར་ལོས་སྒྱུར་བའི་འཁོར་ལོ་ཡུལ་གཞན་དང་གཞན་དུ་འཕོ་བ་བཞིན་ནོ། །ལུང་གི་ཆོས་ཀྱི་འཁོར་ལོ་ཡང་གསུམ་སྟེ། བདེན་བཞིའི་ཆོས་ཀྱི་འཁོར་ལོ་དང༌། མཚན་ཉིད་མེད་པ་དང༌། ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོའོ། །དུས་དང་གནས་ཀྱི་སྒོ་ནས་གསུམ་པོའི་རིམ་པ་རྣམ་པར་བཤད་པའང་ཡོད་དེ། དང་པོ་ནི་གནས་ཝཱ་རཱ་ཎ་སཱི་དང༌། དུས་འཁོར་ལོ་གསུམ་ལས་དང་པོ་དང༌། བརྗོད་བྱ་བདེན་པ་བཞི་དང༌། འཁོར་ཉན་ཐོས་རྣམས་ལ་བསྐོར་རོ། །གཉིས་པ་ནི་གནས་བྱ་རྒོད་ཕུང་པོའི་རི་དང༌། དུས་ཐོག་མཐའ་གཉིས་ཀྱི་བར་དང༌། བརྗོད་བྱ་རང་བཞིན་མེད་པའི་དོན་དང༌། འཁོར་བྱང་ཆུབ་སེམས་དཔའི་རིགས་རྣམས་ལ་བསྐོར་རོ། །གསུམ་པ་ནི་གནས་གྲོང་ཁྱེར་ཡངས་པ་ཅན་ལ་སོགས་པ་དང༌། དུས་ཐ་མ་དང༌། བརྗོད་བྱ་མཚན་ཉིད་གསུམ་དང༌། འཁོར་ཐེག་པ་སྣ་ཚོགས་ལ་ཞུགས་པ་རྣམས་ལ་བསྐོར་རོ་ཞེས་ཡོངས་སུ་གྲགས་སོ། །ཡུལ་ཝཱ་རཱ་ཎ་སཱིར་བསྐོར་བ་རྣམས་ལའང་བརྗོད་བྱ་གསུམ་ཆར་ཡོད་ལ། བར་པ་ལ་ཡང་བརྗོད་བྱ་གསུམ་ཆར་དང༌། ཐ་མ་ལ་ཡང་བརྗོད་བྱ་གསུམ་ཆར་ཡོད་པས། འཁོར་ལོ་དང་པོར་གྲགས་པ་ལ་བདེན་བཞིའི་ཆོས་ཀྱི་དབང་དུ་བྱས་པ་ནི་དང་པོའི་དང་པོ་ཡིན་ལ། རང་གི་མཚན་ཉིད་ཀྱིས་སྟོང་པར་སྟོན་པ་ནི་དང་པོའི་བར་པའོ། །མཚན་ཉིད་གསུམ་དུ་རྣམ་པར་ཕྱེ་བ་ནི་དང་པོའི་ཐ་མའོ། །བར་པ་ལ་ཡང་བདེན་བཞི་དང༌། མཚན་ཉིད་མེད་པ་དང༌། རང་གི་མཚན་ཉིད་ཀྱིས་སྟོང་པ་དང༌། མཚན་ཉིད་གསུམ་དུ་སྟོན་པ་རྣམས་ལ་བར་པའི་དང་པོ་དང༌། བར་པའི་བར་པ་དང༌། བར་པའི་ཐ་མ་ཞེས་བྱའོ། །ཐ་མ་ལ་ཡང་བརྗོད་བྱ་དེ་དང་དེ་དག་སྟོན་པ་ལ་ཡང་རིམ་པ་བཞིན་དུ་ཐ་མའི་དང་པོ་དང༌། ཐ་མའི་བར་པ་དང༌། ཐ་མའི་ཐ་མ་ཞེས་བྱའོ། །དཔེར་ན་འདུལ་བ་ལུང་ལ་ཡང་ཇི་སྐད་བཤད་པའི་བརྗོད་བྱ་ཡོད་པ་དང༌། རྒྱས་འབྲིང་བསྡུས་པ་གསུམ་ཀ་ལ་ཡང་གསུམ་ཀ་ཡོད་པ་དང༌། ལང་ཀར་གཤེགས་པའི་མདོ་ལ་སོགས་པ་ལ་ཡང་གསུམ་ཀ་ཡོད་པ་བཞིན་ནོ། །དཔེར་ན་མངོན་པར་རྟོགས་པའི་རྒྱན་ལ་ཡང་ལམ་ཤེས་ཀྱི་སྐབས་སུ། འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་ཞེས་གསུངས་པ་དང༌། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་སོགས་ཉན་རང་གི་དབང་དུ་བྱས་པའི་ཆོས་དང༌། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས་རང་བཞིན་མེད་པར་སྟོན་པའི་ཆོས་དང༌། དེ་མ་རྫོགས་དང་རབ་རྫོགས་དང༌། །ཞེས་པས་མཚན་ཉིད་གསུམ་གསུངས་པ་ལྟ་བུའོ། །དུས་ཀྱི་སྒོ་ནས་ཕྱེ་བ་མི་འཐད་དེ། སྟོན་པ་མྱ་ངན་ལས་འདའ་ཁར་ཀུན་ཏུ་རྒྱུ་རབ་བཟང་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང༌། བྱ་རྒོད་ཕུང་པོའི་རི་ལ་ཡང་གསུམ་ཆར་བསྐོར་བའི་ཕྱིར་རོ། །གསུམ་པོ་འདི་ལས་དྲང་དོན་དང་ངེས་དོན་གང་ཞེ་ན། དགོངས་པ་ངེས་པར་འགྲེལ་པ་ལས་དང་པོ་གཉིས་དྲང་དོན་དང་ཐ་མ་ངེས་དོན་དུ་གསུངས་མོད་ཀྱང༌། འདི་ནི་སེམས་ཙམ་པའི་མདོའི་དབང་དུ་བྱས་པ་ཡིན་པས་དབུ་མ་པས་ངེས་དོན་དུ་མི་འདོད་དོ། །དབུ་མ་པ་ལྟར་ན། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པ་ལྟར་འདོད་དོ། །ཆོས་འཁོར་གསུམ་ལ་དྲང་དོན་ངེས་དོན་དུ་སོ་སོར་ཕྱེ་བ་ཡང་ཤེས་ཆེ་བའི་བྱེ་བྲག་ལས་རྣམ་པར་འབྱེད་ཀྱི། དེ་ཁོ་ནར་ངེས་པ་མ་ཡིན་ཏེ། གསུམ་ཆར་གྱིས་དྲང་ངེས་གསུམ་ཀ་སྟོན་པའི་ཕྱིར་རོ། །དེས་ན་གང་ན་ཀུན་རྫོབ་ཀྱི་བདེན་པ་སྟོན་པར་སྣང་བ་ནི་དྲང་དོན་དང༌། དོན་དམ་པའི་བདེན་པ་སྟོན་པ་ནི་ངེས་དོན་དུ་བསྡུ་བར་བྱའོ། །འདི་ནི་མཁས་མཆོག་བུདྡྷ་ཤྲཱིའི་ལེགས་བཤད་བཀོད་པ་ཡིན་ནོ། །གཞན་དག་གིས་འགྲེལ་པ་བརྩོམས་པས་ནི་ཁོ་བོའི་ལེགས་བཤད་ལ་རྐུ་ཕྲོག་སློང་གསུམ་ལ་རེ་བ་ཟད་དོ། །ཡུམ་དེ་ལ་ཕྱག་འཚལ་ཞེས་པ་ལ་ཡུམ་གྱི་དོན་བཤད་པ་ནི། ཡུམ་དང་ཤེར་ཕྱིན་ལ་ཁྱད་པར་ཅི་ཡོད་ཅེ་ན། གཞན་དོན་སྒྲུབ་པའི་ལྡོག་པ་ནས་ཡུམ་ཞེས་བརྗོད་ལ། བདག་མེད་རྟོགས་པའི་ལྡོག་པ་ནས་ཤེས་རབ་དང༌། དམ་པར་གྱུར་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཇི་སྐད་དུ། དོན་དམ་རྟོགས་ཕྱིར་ཕ་རོལ་ཕྱིན། །ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་དམ་པ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་པར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །དེས་ན་དོན་གཅིག་ལ་ལྡོག་པའི་སྒོ་ནས་སྒྲ་དོན་ཐ་དད་དུ་བཞག་པ་ཡིན་ནོ། །མཁྱེན་པ་གསུམ་དང་འཕགས་པ་བཞི་ཡུམ་སྲས་སུ་མི་འཐད་དེ། བསྐྱེད་བྱ་སྐྱེད་བྱེད་མིན་པའི་ཕྱིར། ཐོབ་དུས་མཉམ་པའི་ཕྱིར་ཞེ་ན། བཞེད་དོན་སྒྲུབ་པའི་ལྡོག་པ་ནས་ཡུམ་སྲས་སུ་བཤད་པ་དང་དུས་མཉམ་པ་མི་འགལ་ལ། ཟག་མེད་ཀྱི་ཕུང་པོ་བསྐྱེད་པ་ལ་ནི་མཁྱེན་པ་སྔ་མ་ཡུམ་དང༌། རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པ་སྲས་སུ་བཤད་པར་བྱའོ། །འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས། རབ་འབྱོར་ཞེས་སོགས་ཀྱི་དོན་བཤད་པ་ནི། འགའ་ཞིག་འདི་ལ་བརྟེན་ནས་གཞི་ཤེས་ཐམས་ཅད་ཉན་རང་གི་དང༌། ལམ་ཤེས་ཐམས་ཅད་བྱང་སེམས་ཀྱི་མངོན་པར་རྟོགས་པ་ཡིན་ནོ་ཞེས་འཆད་པ་ནི་མི་འཐད་དེ། གཉེན་པོ་གཞི་ཤེས་ཉན་རང་གི་མངོན་རྟོགས་མ་ཡིན་པའི་ཕྱིར་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་རིགས་བསྡུས་པའི་ཕྱིར་སངས་རྒྱས་ཀྱི་ས་ལ་མཁྱེན་གསུམ་རྣམ་པར་གཞག་དགོས་པས་སོ། །མདོ་འདི་དག་གི་དོན་ནི་གཞི་ཤེས་ཀྱིས་ཉན་རང་གི་མཁྱེན་པ་བསྡུས་པ་དང༌། ལམ་ཤེས་ཀྱིས་བྱང་སེམས་ཀྱི་མཁྱེན་པ་བསྡུས་པ་ལ་བཤད་དོ། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་བཞིའི་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཁུངས་སུ་མཛད་པའི་ཕྱིར་དང༌། མདོ་དེ་ཉིད་ཀྱི་རྒྱས་བཤད་དུ་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ནི་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་འབྱུང་བས་ན་ཉན་རང་གི་མཁྱེན་པ་གཞི་ཤེས་སུ་སྟོན་པའི་དབང་དུ་མཛད་པའི་ཕྱིར་དང༌། མདོར་བསྟན་གྱི་དོན་རྒྱས་བཤད་ཀྱི་དགོངས་པ་ལྟར་བཤད་དགོས་སོ། །འགའ་ཞིག་གལ་ཏེ་གཞི་ཤེས་རྟེན་གང་ལ་ཡོད་ཀྱང་ཉན་ཐོས་ཀྱི་མངོན་རྟོགས་སུ་བསྡུའོ། །ལམ་ཤེས་སངས་རྒྱས་དང་བྱང་སེམས་གང་ལ་ཡོད་པ་ཐམས་ཅད་བྱང་སེམས་ཀྱི་མངོན་པར་རྟོགས་པ་ཡིན་ཞེས་ཟེར་བ་དག་གིས་ཀྱང་བཤད་ཚུལ་གྱི་གནད་འདི་མ་རྟོགས་པ་ཡིན་ནོ། །གཞི་ཤེས་ཐམས་ཅད་ཉན་རང་གི་མངོན་རྟོགས་ཀྱི་རིགས་སུ་བསྡུ་བ་ཡང་མི་འཐད་དེ། གཉེན་པོ་གཞི་ཤེས་ཉན་རང་གི་མངོན་རྟོགས་ཀྱི་རིགས་ཙམ་དུ་ཡང་མི་རུང་བའི་ཕྱིར་རོ། །གལ་ཏེ་གཉེན་པོ་གཞི་ཤེས་གཞི་ཤེས་བཏགས་པ་པའོ་ཞེ་ན། འོ་ན། དེ་ནས་ཐམས་ཅད་ཤེས་པ་ཉིད། །ཅེས་པའི་དོན་རྒྱས་བཤད་ཀྱིས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་གཉེན་པོ་གཞི་ཤེས་ཉིད་དུ་མེད་པར་ཐལ། མངོན་པར་རྟོགས་པ་བརྒྱད་ཀྱི་ཡ་གྱལ་དུ་བགྲང་བའི་གཞི་ཤེས་གཞི་ཤེས་མིན་ཞེས་སྨྲ་བ་ནི་སྐབས་སུ་བབ་པའི་དོན་བོར་ནས་མ་བབ་པའི་དོན་འཛིན་པ་ཁོ་ནའོ། །གཞན་ཡང་ཉན་ཐོས་ཀྱི་གཞི་ཤེས་བཏགས་པ་བ་ཡིན་པར་མཚུངས་ལ། མཚན་ཉིད་པ་ཡིན་ན་དེ་ལ་ཤེས་བྱེད་ཅི་ཡོད། གལ་ཏེ་ཐམས་ཅད་ཤེས་པ་ཉིད། །ཅེས་སོགས་ཀྱི་བཤད་པ་ནི་འགའ་ཞིག་ལུང་འདིས་བསྟན་ཏོ་ཞེ་ན། དེས་ནི་གཞི་ཤེས་ཀྱིས་ཉན་རང་གི་མངོན་རྟོགས་བསྡུས་ཞེས་སྟོན་པ་ཡིན་གྱི། གཞི་ཤེས་ཐམས་ཅད་ཉན་རང་གི་མངོན་རྟོགས་མ་ཡིན་ནོ་ཞེས་ལན་བརྗོད་ཟིན་ཏོ། །སངས་རྒྱས་ལ་ཉན་རང་གི་ལམ་ཡོད་དོ་ཞེས་ཅིའི་ཕྱིར་མི་སྨྲ། སྨྲའོ་ཞེ་ན། ཉན་རང་གི་མི་སློབ་ལམ་ཡོད་དམ་མེད། ཡོད་ན་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་ཐལ་བར་འགྱུར་ལ། མེད་ན་ཉན་རང་གི་སློབ་ལམ་ཡང་མེད་པས་ཉན་རང་གི་ལམ་ཇི་ལྟ་བུ་ཡོད་སྨྲོས་ཤིག གཞན་ཡང་མཐར་ཐུག་ཐེག་པ་གསུམ་ཡོད་པར་ཡང་འགྱུར་རོ། །དེའི་རྟོགས་རིགས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཙམ་གྱིས་ལམ་དེ་ཡོད་པར་འགྱུར་ན། ཉན་རང་ལ་སངས་རྒྱས་ཀྱི་རྟོགས་པ་ཡང་ཡོད་པར་ཐལ། སངས་རྒྱས་ཀྱི་རྟོགས་པའི་རིགས་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་བདེ་གཤེགས་སྙིང་པོ་ཡོད་པའི་ཕྱིར། གལ་ཏེ་ཆ་འདྲ་བ་ལ་རིགས་སུ་བརྗོད་པ་དང༌། རྒྱུ་ལ་རིགས་སུ་བརྗོད་པ་གཉིས་ལས་སྔ་མའོ་ཞེ་ན། འོ་ན་ཉན་རང་གི་བྱང་ཆུབ་ཡོད་པར་ཐལ། དེ་དང་ཆ་འདྲ་བ་ཡོད་པའི་ཕྱིར། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་ཞེས་སོགས་ཀྱི་དོན་བརྗོད་པ་ལ། དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ་ཞེས་པ་ཡན་ཆད་ཀྱིས་ཤེས་རབ་ཀྱི་ཆ་བསྟན་ལ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་ཞེས་སོགས་ལྷག་མ་རྣམས་ཀྱིས་ནི་ཐབས་ཀྱི་ཆ་བསྟན་ཏོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་ཞེས་གསུངས་ན་ཉན་རང་གི་སྤངས་རྟོགས་གང་དུ་རྫོགས་ཤེ་ན། འགའ་ཞིག་སྤངས་པ་ས་བརྒྱད་པ་ནས་རྫོགས་ཏེ། དེར་ཉོན་སྒྲིབ་མ་ལུས་པ་སྤངས་པའི་ཕྱིར། སྔ་རོལ་དུ་ནི་མ་ཡིན་ཏེ། ཉོན་སྒྲིབ་མ་ལུས་པ་མ་སྤངས་པའི་ཕྱིར། རྟོགས་པ་ནི་ས་དང་པོར་རྫོགས་ཞེས་འདོད་དོ། །འོ་ན་ས་དང་པོར་གང་ཟག་གི་བདག་མེད་ཀྱི་རྟོགས་པ་མཐར་ཕྱིན་པ་ཐོབ་བམ་མ་ཐོབ། དང་པོ་ལྟར་ན་ཉོན་སྒྲིབ་མ་ལུས་པ་མ་སྤངས་པར་འགལ་ལ། གཉིས་པ་ལྟར་ན་རྟོགས་པ་རྫོགས་པར་འགལ་ལོ། །གལ་ཏེ་རྟོགས་པ་རྫོགས་པ་ལ་གང་ཟག་གི་བདག་མེད་ཀྱི་རྟོགས་པ་མཐར་ཐུག་མི་དགོས་སོ་ཞེ་ན། འོ་ན་སྤངས་པ་རྫོགས་པ་ལ་ཉོན་སྒྲིབ་མ་ལུས་པར་སྤངས་དགོས་པ་འགལ་ལོ། །དེས་ན་སྤངས་རྟོགས་གཉིས་ཀ་ས་དང་པོར་རྫོགས་པར་འཐད་དེ། སྤངས་པ་ནི་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར་དང༌། ཉན་ཐོས་དགྲ་བཅོམ་པས་ཀྱང་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་མ་ལུས་པར་སྤངས་པ་ཙམ་ཞིག་ཡོད་ཀྱི། བག་ལ་ཉལ་གྱི་ཉོན་སྒྲིབ་མ་ལུས་པ་སྤངས་པ་མེད་ལ། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་མ་ལུས་པ་སྤངས་པ་ནི་ས་དང་པོ་ལ་ཡང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་ལྟར་རོ། །འདིས་ནི་ས་དང་པོ་ཡན་ཆད་ན་ཀུན་འབྱུང་ཡོད་པར་འདོད་པ་ཡང་བཀག་པ་ཡིན་ནོ། །འཕགས་པ་རྣམ་གྲོལ་སྡེའི་དགོངས་པ་ཡང་འདི་ཡིན་ཏེ། མདོ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་བཟོད་པར་འདུས་སོ་ཞེས་པའི་འགྲེལ་པར། བཟོད་པ་གང་ཡིན་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ་ཞེས་གསུངས་པས་སོ། །འདི་ནི་རྟོགས་པ་འདུས་པའི་ཁུངས་ཡིན་གྱི། སྤངས་པ་རྫོགས་པའི་ཁུངས་ནི་མ་ཡིན་ནོ་ཞེ་ན། ཤེས་པ་དང་སྤོང་བ་ཞེས་གཉིས་སྨྲོས་པའི་དོན་འདི་ལ་རྟོག་ཅིག ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་པས་ཀྱང་འདི་ཉིད་གསལ་བར་བྱས་སོ། །སྨོན་ལམ་རྫོགས་པ་ནི་སྨོན་ལམ་བཏབ་པའི་བྱང་ཆུབ་རང་གི་རྒྱུད་ལ་རྫོགས་པར་ཐོབ་པའོ། །སྨོན་ལམ་ནི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་ཅིག་ཅེས་པའོ། །དེས་ན་སྨོན་ལམ་གྱི་མཆོག་རྫོགས་པ་ལ་སྨོན་ལམ་རྫོགས་པ་ཞེས་བཤད་དེ། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པས་དབུ་སྐྲ་དྲི་ཞིམ་པ་ཉིད་ཅེས་གསུངས་པ་ལྟར་རོ། །སེམས་ཅན་སྨིན་པར་བྱས་པ་ནི། སྐུ་དངོས་ཀྱི་གདུལ་བྱ་ཚོགས་ལམ་དུ་སྡུད། སྦྱོར་ལམ་དུ་སྨིན་པར་བྱེད་པ་སྟེ་སྤང་བྱ་མངོན་གྱུར་སྤངས་པ་དང་གཉེན་པོ་དང་ལྡན་པའོ། །འདིར་སྨིན་པ་ཡིན་ལ་གྲོལ་བ་མིན་པ་ནི་སྦྱོར་ལམ་པའོ། །གྲོལ་བ་ཡིན་ལ་སྨིན་པ་མ་ཡིན་པ་ནི་སངས་རྒྱས་སོ། །སྨིན་གྲོལ་གཉིས་ཀ་ཡིན་པ་ནི་སློབ་པ་འཕགས་པ་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི་ཚོགས་ལམ་པ་ལྟ་བུའོ། །ཅིའི་ཕྱིར་སངས་རྒྱས་སྨིན་པར་མི་བརྗོད་ཅེ་ན། སྨིན་པའི་དོན་ནི་གྲོལ་བ་མཐར་ཐུག་པའི་ལམ་ཉམས་སུ་ལེན་པའི་སྣོད་དུ་གྱུར་པ་ལ་བརྗོད་པས་སོ། །ཞིང་ཡོངས་སུ་སྦྱངས་པ་ནི། རང་ཉིད་མངོན་པར་རྫོགས་པ་སངས་རྒྱས་པའི་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་པའི་མཐུས་རང་སྣང་ལ་སྣོད་བཅུད་ཀྱི་ཉེས་པ་དང་བྲལ་བར་སྣང་བའོ། །གདུལ་བྱ་གཞན་ལ་དེ་ལྟར་མི་སྣང་བ་ནི་གཞན་གྱིས་ཞིང་ཡོངས་སུ་མ་སྦྱངས་པས་ན་མི་སྣང་བ་ཡིན་ནོ། །འགའ་ཞིག་ཏུ་སངས་རྒྱས་དང་གདུལ་བྱ་གཉིས་ཀ་ལ་ཞིང་ཡོངས་སུ་དག་པར་སྣང་སྟེ། འོད་དཔག་མེད་ཀྱི་ཞིང་ཁམས་བཞིན་ནོ། །ཚུལ་དེ་ལྟ་བུའི་བྱེ་བྲག་དམིགས་པའི་དོན་ཅི་ཞེ་ན། འཁོར་ཡོངས་སུ་དག་མ་དག་གི་བྱེ་བྲག་གིས་ཡིན་ནོ། །ཡང་དག་པའི་མཐའ་ཞེས་སོགས་ཀྱི་དོན་ལ། ཡང་དག་པའི་མཐའ་ངོས་གཟུང་བ་དང༌། མངོན་དུ་མི་བྱ་བའི་ཁྱད་པར། མངོན་དུ་མི་བྱ་བའི་དུས་བསྟན་པ་དང་གསུམ་གྱིས་བསྟན་ཏོ། །དང་པོ་ནི་གསུམ་དུ་བཤད་དོ། །དེ་བཞིན་ཉིད་དང༌། དམན་པའི་མྱང་འདས་དང༌། དྲི་བྲལ་གྱི་དེ་བཞིན་ཉིད་དོ། །འགྲེལ་ཆེན་ལས། སྦྱོར་བའི་སྐབས་སུ་ཡང་དག་པའི་མཐའ་ནི་ཆོས་དབྱིངས་ཡིན་ལ་ཞེས་པ་དང༌། སྐྱོན་གྱི་སྐབས་སུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ཅེས་པ་ནི་ཉན་ཐོས་ཀྱི་མྱང་འདས་འཐོབ་པར་བྱེད་པའོ་ཞེས་པ་དང༌། འདིར་ཡང་དག་པའི་མཐའ་རྟོགས་པ་དང་ཞེས་འབྱུང་བས་སོ། །མངོན་དུ་མི་བྱ་བའི་ཁྱད་པར་ནི། ཉན་ཐོས་ཀྱི་མྱང་འདས་ནི་འདིར་མི་བཟུང་སྟེ། འདི་ནི་སྨོན་ལམ་སོགས་ཡོངས་སུ་རྫོགས་པར་བྱས་ཀྱང་མངོན་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །དྲི་བྲལ་གྱི་དེ་བཞིན་ཉིད་ཀྱང་མ་ཡིན་ཏེ། དེ་ནི་སློབ་པའི་གནས་སྐབས་སུ་གཏན་མངོན་དུ་བྱེད་མི་ནུས་པས་མངོན་དུ་མི་བྱའོ་ཞེས་གདམས་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་བཞིན་ཉིད་དྲི་མས་དག་མ་དག་གི་ཁྱད་པར་དུ་མ་བྱས་པའི་སྤྱི་ལྡོག་ཉེ་བར་བཟུང་ངོ༌། །ཅིའི་ཕྱིར་དེ་ལ་ཡང་དག་པའི་མཐའ་ཞེས་བྱ་ཞེ་ན། ཡང་དག་པ་ནི་འདིར་མཐར་ཐུག་པ་ཡིན་གྱི། འདི་ལས་ཕ་རོལ་ཏུ་གཞན་བཙལ་དུ་མེད་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །སློབ་དཔོན་ཟླ་བས། མཐའ་ནི་མུར་ཐུག་པའི་མཚན་ཉིད་ཅེས་གསུངས་པ་ལྟར་རོ། །གསུམ་པ་མངོན་དུ་མི་བྱ་བའི་དུས་ནི། སློབ་དཔོན་གྱིས་གནས་སྐབས་དེ་བྱང་སེམས་ཀྱིས་དེ་བཞིན་ཉིད་ལ་འདྲིས་པར་བྱེད་པའི་དུས་ཡིན་གྱི། མངོན་དུ་བྱ་བའི་དུས་མ་ཡིན་པར་བཤད་པ་དང༌། རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པའི་སྦྱོར་བའི་སྐབས་སུ། སློབ་ལམ་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་བསྒོམ་པས་མི་གནས་པར་གནས་པ་ལ་མངོན་དུ་བྱ་བའི་དུས་དང་དུས་མིན་པར་ཤེས་པ་ཞེས་གསུངས་པ་དང༌། སྒོམ་ལམ་པ་ཕྱིར་མི་ལྡོག་གི་བརྟགས་བཤད་པའི་སྐབས་སུ། དེ་བཞིན་ཉིད་ལ་གོམས་པར་བྱས་ཀྱང་དེ་མངོན་དུ་མི་བྱེད་ཅེས་གསུངས་པ་ལྟར་རོ། །འདི་དག་གི་དོན་ནི། བྱང་ཆུབ་སེམས་དཔའི་ལམ་གྱི་གནས་སྐབས་སུ་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་སྒྲིབ་པ་སྤོང་བའི་སྐབས་སུ་ཆོས་ཉིད་ལ་མཉམ་པར་འཇོག་ཀྱང་དེ་འབའ་ཞིག་ལྷུར་ལེན་པའི་ཚུལ་གྱིས་མ་ཡིན་ཏེ། གལ་ཏེ་ལྷུར་ལེན་པར་བྱེད་ན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ལས་གཞན་དོན་ཕྲིན་ལས་འབྱུང་བའི་ནུས་པ་མ་ཐོབ་པས་གཞན་དོན་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་སློབ་ལམ་ན་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པའི་ནུས་པ་མེད་པས་གདམས་པ་དོན་མེད་པར་ཐལ་བ་མཚུངས་སོ་ཞེ་ན། ས་བདུན་པར་འགོག་པའི་སྙོམས་འཇུག་ལ་སྐད་ཅིག་རེ་རེ་ལ་ལྡང་འཇུག་བྱེད་ནུས་པར་དབུ་མ་འཇུག་པ་ལས་བཤད་ཅིང༌། ས་བརྒྱད་པར་སངས་རྒྱས་རྣམས་ཀྱིས་འགོག་པ་ལས་བསློང་དགོས་པར་མདོ་སྡེ་ས་བཅུ་པ་ལས་བཤད་ཅིང༌། རྒྱུད་བླ་མ་ལས། ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་འཇུག་པ་ཡིན། །ཞེས་གསུངས་པ་བཞིན་སློབ་ལམ་ན་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་ནུས་པ་ཡོད་པར་མངོན་ནོ། །ནུས་པ་ཡོད་ཀྱང་མངོན་དུ་མི་བྱེད་པ་མི་འགལ་ཏེ། སྦྱིན་པ་བཏང་བའི་ནུས་པ་ཡོད་ཀྱང་མི་གཏོང་བ་དང༌། གཞུང་ལུགས་ལ་སློབ་པའི་ནུས་པ་ཡོད་ཀྱང་མི་སློབ་པ་བཞིན་ནོ། །འགའ་ཞིག་མངོན་དུ་བྱེད་པའི་ནུས་པ་ཡོད་པ་དང་མངོན་དུ་མི་བྱེད་ཅེས་པའི་དོན་འདི་མ་རྟོགས་པར་དགག་པ་བྱེད་པ་ནི་བླུན་པོའི་རྣམ་ཐར་རོ། །མངོན་དུ་བྱ་བའི་དུས་ནི་སངས་རྒྱས་པའི་གནས་སྐབས་ཏེ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཞན་དོན་ཕྲིན་ལས་འབྱུང་བའི་ཕྱིར་རོ། །གལ་ཏེ་སངས་རྒྱས་རྗེས་སུ་དྲན་པའི་མདོ་ལས། ཡང་དག་པའི་མཐའ་ལ་མི་གནས་ཞེས་བཤད་པ་མིན་ནམ་ཞེ་ན། དེ་ནི་གཞན་དོན་མི་བྱེད་པར་རང་དོན་ལ་ཆོས་ཉིད་དུ་མཉམ་པར་བཞག་པ་འབའ་ཞིག་གིས་གནས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ནོ། །ཚིག་གི་དོན་ནི་རྣམ་བཤད་ལས་འབྱུང་བ་བཞིན་ནོ། །རབ་འབྱོར་རྣམ་པ་གང་དག་དང་རྟགས་གང་དག་དང་ཞེས་སོགས་ལ། རྣམ་མཁྱེན་གྱིས་སྤྱིར་ཤེས་བྱ་མ་ལུས་པ་མཁྱེན་པའི་ཚུལ་དང༌། བྱེ་བྲག་ཏུ་དུས་གསུམ་མཁྱེན་པའི་ཚུལ་གཉིས་ལས། དང་པོ་ནི་གྲུབ་མཐའ་སྨྲ་བ་དག་གིས་སྒྲོ་བཏགས་པས་དབེན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྣང་ཙམ་ནི་སྣང་བའི་ཚུལ་གྱིས་མཁྱེན་ཏེ། བདེན་གཉིས་ལས། བཏགས་པའི་དོན་གྱིས་དབེན་གྱུར་པའི། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་པ་ལྟར་རོ། །ཆོས་ཉིད་ནི་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་ནོ། །གཞན་གྱིས་སྒྲོ་བཏགས་པའི་ཆ་ཡང་ལྟ་བ་པོ་རང་གི་བློ་ལ་སྣང་བ་ལྟར་མཁྱེན་ཏེ། དཔེར་ན་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་ལ་གཉིད་ཀྱི་རྐྱེན་གྱིས་རང་རང་གི་རྨི་ལམ་གྱི་དོན་ཡུལ་སྣང་ཚུལ་མཁྱེན་པ་བཞིན་ནོ། །གལ་ཏེ་གཞལ་བྱ་ལྐོག་གྱུར་མཁྱེན་ནམ་མི་མཁྱེན། དང་པོ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དོན་ལྐོག་ཏུ་གྱུར་པའི་དོན་ཡོད་པར་ཐལ་བར་འགྱུར་བས། ཤེས་བྱ་ཐམས་ཅད་ལ་མངོན་སུམ་མིན་པར་འགྱུར་རོ། །གཉིས་པ་ལྟར་ན་ཐམས་ཅད་མཁྱེན་པ་མིན་པར་འགྱུར་ཏེ་གཞལ་བྱ་ལྐོག་གྱུར་མི་མཁྱེན་པའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་དོན་ལྐོག་གྱུར་མེད་ཀྱང་སོ་སོ་སྐྱེ་བོའི་དོན་ལྐོག་ཏུ་གྱུར་པའི་དོན་ཡེ་ཤེས་ཀྱིས་མངོན་སུམ་མཁྱེན་པས་སྐྱོན་གཉིས་ཀ་མེད་དོ། །གཉིས་པ་ནི། འདས་པ་ལ་འདས་པ་དང༌། མ་འོངས་པ་ལ་མ་འོངས་པ་དང༌། ད་ལྟ་བ་ལ་ད་ལྟར་བར་མཁྱེན་ཏེ། མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་གསུངས་པ་ལྟར་རོ། །མཉམ་བཞག་གིས་ཇི་སྙེད་པ་མཁྱེན་ནམ་མི་མཁྱེན། དང་པོ་ལྟར་ན་ཆོས་རྣམས་ཀྱི་གནས་ཚུལ་ལ་མཉམ་པར་འཇོག་པའི་བློ་མིན་པར་ཐལ། ཆོས་ཅན་ཀུན་རྫོབ་པ་འཛིན་པའི་ཕྱིར། གཉིས་པ་ལྟར་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཇི་སྙེད་པ་མཁྱེན་པའི་གོ་སྐབས་མེད་པར་ཐལ་བར་འགྱུར་ཏེ། མཉམ་བཞག་གིས་མི་མཁྱེན་ཅིང་མཉམ་བཞག་ལས་ལྡང་བ་ཡང་མི་སྲིད་པའི་ཕྱིར་ཏེ། གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་གསུངས་པ་ལྟར་རོ་ཞེ་ན། གཟུགས་སོགས་རང་བཞིན་མེད་པར་མཁྱེན་པའི་ཚེ་ན་གཟུགས་སོགས་དང་རང་བཞིན་མེད་པ་གཉིས་ཀ་གཅིག་ཆར་དུ་མཁྱེན་པའི་ཕྱིར་གཟུགས་སོགས་ཤེས་པའི་ཆ་ནས་ཇི་སྙེད་པ་དང༌། རང་བཞིན་མེད་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཕྱིར་བློ་གཅིག་གིས་བདེན་གཉིས་གཅིག་ཆར་འཛིན་པས་ཉེས་པ་མེད་དོ། །མངོན་པ་ཀུན་ལས་བཏུས་ལས་དུས་ལྡན་མིན་འདུ་བྱེད་དུ་བཤད་ཅིང༌། དེ་ཡང་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཡིན་པས་དུས་ཀྱང་གནས་སྐབས་བཏགས་པའི་བཏགས་ཡོད་དོ། །ཇི་ལྟར་ཞེ་ན། ད་ལྟར་བའི་གཟུགས་སོགས་ནི་གནས་སྐབས་ཅན་ཡིན་ལ། དེ་སྐྱེས་ལ་མ་འགག་པ་ནི་དེའི་གནས་སྐབས་ཡིན་པས་དེ་ལ་གཅིག་ཏུ་ད་ལྟར་བའི་དུས་ཞེས་བརྗོད་དོ། །སྔོན་རོལ་གྱི་གཟུགས་སོགས་དེ་ད་ལྟ་བའི་གཟུགས་སོགས་ལ་ལྟོས་ཏེ་དེ་སྐྱེས་ལ་འགགས་པའི་གནས་སྐབས་སུ་བཞག་པས་གནས་སྐབས་དེ་ལ་འདས་པའི་དུས་ཞེས་བརྗོད་དོ། །ཕྱི་མའི་གཟུགས་སོགས་བྱུང་ལ་མ་བྱུང་བའི་གནས་སྐབས་ཀྱི་ལྡོག་པ་ལ་ནི་མ་འོངས་པའི་དུས་ཞེས་བརྗོད་དོ། །དེས་ན་ད་ལྟར་གྱི་གཟུགས་སོགས་སྐྱེས་ལ་མ་འགག་པའི་གནས་སྐབས་འདི་ཉིད་འདས་པའི་གཟུགས་སོགས་ལ་ལྟོས་ཏེ་དེ་སྐྱེས་ལ་མ་འགག་པའི་གནས་སྐབས་ཀྱི་ཆ་དང༌། སྔོན་རོལ་གྱི་གཟུགས་སོགས་སྐྱེས་ལ་འགགས་ཟིན་པའི་གནས་སྐབས་ད་ལྟར་བའི་གཟུགས་སོགས་ལ་ལྟོས་ཏེ་སྐྱེས་ལ་འགགས་པའི་ཆ་དང༌། མ་འོངས་པའི་གཟུགས་སོགས་འབྱུང་ལ་མ་བྱུང་བའི་གནས་སྐབས་ཀྱི་ལྡོག་བྱའི་གནས་སྐབས་སུ་བཞག་པ་ལ་དུས་གསུམ་ཞེས་བརྗོད་དོ། །སྐྱེ་བོ་བློ་གྲོས་དམན་པ་དག་ཅེས་སོགས་ཀྱི་དོན་བརྗོད་པ་ནི། དགོས་འབྲེལ་གྱི་ངག་གིས་མངོན་པར་རྟོགས་པའི་རྒྱན་ལ་དགོས་སོགས་ཆོས་བཞི་ཡོད་པར་བསྟན་ཏོ། །དེ་ནི་མངོན་པར་རྟོགས་པའི་རྒྱན་བསྟན་པ་ལ་དགོས་པ་མེད་དོ་སྙམ་པའི་དོགས་པ་བསལ་བ་དང༌། དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་སྒོ་ནས་མངོན་པར་རྟོགས་པའི་རྒྱན་ལ་འཇུག་པའི་ཡན་ལག་གོ །འདི་ནི་དམ་བཅའ་ཙམ་ཡིན་གྱི་རྒྱུ་མཚན་མ་བརྗོད་པས་ཐེ་ཚོམ་བསྐྱེད་པ་ཙམ་དུ་འཐད་པར་བསམ་ནས་དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་སྨྲོས་སོ། །གང་ཟག་ཇི་ལྟ་བུའི་དོགས་པ་སེལ་ཞེ་ན། མདོ་ལས་དངོས་སུ་སྟོང་པ་ཉིད་ཀྱི་དོན་སྟོན་པ་དང༌། བསྟན་བཅོས་ཀྱིས་སྦས་དོན་མངོན་པར་རྟོགས་པའི་རིམ་པ་སྟོན་པའི་ཁྱད་པར་མི་ཤེས་པའི་སྐྱེ་བོ་བློ་གྲོས་དམན་པ་དག་གིས་དོགས་པ་སེལ་ལོ། །གཞན་རྣམ་བཤད་ལས་བཤད་པ་བཞིན་ནོ། །ལུས་རྣམ་པར་བཞག་པ་སྟོན་པ་ལ་གསུམ་སྟེ། གྲངས་ཀྱི་སྒོ་ནས་མདོར་བསྟན། སོ་སོའི་མིང་གི་སྒོ་ནས་བཤད་པ། ཅུང་ཟད་སོ་སོར་ཕྱེ་སྟེ་བཤད་པའོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པའོ། །དགོས་པ་ཅིའི་ཕྱིར་བརྒྱད་དུ་རྣམ་པར་གཞག་ཅེ་ན། བྱང་ཆུབ་སེམས་དཔས་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་དགོས་པའི་དབང་དུ་བྱས་ནས་བརྒྱད་དུ་བཞག་གོ །མཁྱེན་པ་གསུམ་ཐོས་བསམ་གྱིས་གཏན་ལ་ཕབས་པའི་དོན་རྣམ་ཀུན་རྩེ་སྦྱོར་གྱིས་བསྒོམ་པར་བྱས་ནས། མཐར་གྱིས་པ་དང་སྐད་ཅིག་མའི་སྦྱོར་བས་ཏིང་ངེ་འཛིན་བོགས་དབྱུང་བའི་དོན་དུ་སྤྱོད་པའི་ཆ་ལ་ཞུགས་པས་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །འདི་ནི་འཕགས་གྲོལ་གྱི་བཞེད་པའོ། །སློབ་དཔོན་ལྟར་ན། མཁྱེན་གསུམ་གྱི་རྣམ་པ་སྦྱོར་བ་བཞི་ཆར་གྱི་བསྒོམ་བྱར་འདོད་དོ། །མངོན་པར་རྟོགས་པའི་རྒྱན་གྱི་དགོངས་པ་ནི་སྔ་མ་འདི་ཡིན་པར་མངོན་ཏེ། རྣམ་ཀུན་རྩེ་སྦྱོར་གྱིས་མཁྱེན་གསུམ་གྱི་རྣམ་པ་བསྒོམ་པར་བྱེད་ཅིང༌། མཐར་གྱིས་པའི་བསྒོམ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་དྲན་དྲུག་ལ་སྤྱོད་ཅིང༌། དེ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་རྒྱས་བཏབ་པའི་ཚུལ་གྱིས་དེའི་ཉམས་སུ་བླང་བྱ་བཅུ་གསུམ་ཁོ་ནར་བཤད་པ་ཡིན་གྱི། སྔར་གྱི་རྣམ་པ་ཉིད་བསྒོམ་བྱར་བཤད་པ་མིན་པའི་ཕྱིར་རོ། །སྐད་ཅིག་མའི་སྦྱོར་བས་ཀྱང་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མིན་པའི་ཆོས་གཉིས་མཚན་ཉིད་མེད་པ་དང་གཟུང་འཛིན་གཉིས་སུ་མེད་པའི་ཚུལ་གྱིས་རྟོགས་པར་བཤད་ཀྱི། སྔར་གྱི་རྣམ་པ་ཉིད་བསྒོམ་བྱར་མ་བཤད་དོ། །དེས་ན་རྣམ་ཀུན་རྩེ་སྦྱོར་གྱིས་ནི་ལྟ་བའི་ཆ་ལ་འཇུག་པ་ཡིན་ལ། མཐར་གྱིས་པ་ནི་སྤྱོད་པའི་ཆ་ལ་འཇུག་པ་ཡིན་ནོ། །སྐད་ཅིག་མའི་སྦྱོར་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་ཚུལ་གྱིས་བསྒོམ་སྟེ། མངོན་པར་རྟོགས་པའི་རྒྱན་གྱི་སྒྲ་ཇི་ལྟ་བ་བཞིན་ནོ། །གཞན་དག་གིས་ནི་འདི་ལ་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་ངོ༌། །ཤེར་ཕྱིན་ཞེས་པའི་སྒྲ་འཇུག་པའི་དོན་ནི་བཞི་སྟེ། གཞུང་དང༌། ལམ་དང༌། འབྲས་བུ་དང༌། སྙིང་པོའི་དོན་ནོ། །དང་པོ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གཞུང་གི་ཚོགས་ཏེ། ཤེར་ཕྱིན་སྟོན་པས་ན་ཤེར་ཕྱིན་ཞེས་བྱ་སྟེ། བརྗོད་བྱ་ལ་བཏགས་སོ། །གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པ་སྟེ། ལམ་སྔ་མ་རྣམས་སོ། །གསུམ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཏེ། སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །བཞི་པ་ནི་ཆོས་ཉིད་དེ་ཤེར་ཕྱིན་གྱི་ཡུལ་ཡིན་པས་ཤེར་ཕྱིན་ཞེས་བཤད་དོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཤེར་ཕྱིན་གྱི་རབ་ཏུ་དབྱེ་བ་བསྟན་པ་ནི། གཞན་སྒྲ་ཤེས་དང་སོ་སོར་ནི། །རང་རིག་རབ་ཏུ་ཤེས་ཕྱིར་དང༌། །རབ་ཞི་ཐོབ་ཤེས་ཕུལ་དུ་བྱུང༌། །ཡོན་ཏན་ཐོབ་ཤེས་ཕྱིར་ཤེས་རབ། །ཅེས་བཤད་དོ། །འདི་ལ་ཚོགས་སྦྱོར་གཉིས་ཀྱི་ཤེར་ཕྱིན་ནི་བདག་མེད་གཞན་གྱི་སྒྲ་ལས་ཤེས་པའི་ཤེས་རབ་བོ། །མཐོང་ལམ་གྱི་ཤེས་རབ་ནི་སོ་སོ་རང་གི་རིག་པས་མངོན་སུམ་གྱིས་ཤེས་པའི་ཤེས་རབ་བོ། །སྒོམ་ལམ་གྱི་ཤེས་རབ་ནི་རབ་ཏུ་ཞི་བ་ཐོབ་པའི་ཤེས་རབ་བོ། །ཁྱད་པར་གྱི་ལམ་གྱི་ཤེས་རབ་ནི་ཉན་རང་ལས་ཕུལ་དུ་བྱུང་བའི་ཤེས་རབ་བོ། །སངས་རྒྱས་ཀྱི་ཤེས་རབ་ནི་ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ་པའི་ཤེས་རབ་བོ། །དེས་ན་སྔ་མ་རྣམས་ནི་སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཡིན་ལ། ཕྱི་མ་ནི་སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའོ། །འདིར་སློབ་དཔོན་གྱིས་སྔ་མ་བཏགས་པ་བ་དང༌། ཕྱི་མ་མཚན་ཉིད་པར་བཞེད་མོད། རྒྱན་གྱི་དགོངས་པ་ནི་གཉིས་ཀ་མཚན་ཉིད་པར་མངོན་ནོ། །འོ་ན་ལམ་སྔ་མ་རྣམས་སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པ་མིན་ན་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དམ་པར་གྱུར་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། མདོ་ལས། དམ་པ་ཡིན་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ལྟར་རོ། །ཡང་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན། བདག་མེད་རྟོགས་པའི་ཤེས་རབ་ནི་བློ་ཙམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། འཁོར་གསུམ་རྣམ་པར་དག་པ་ནི་འཁོར་གསུམ་དུ་རྟོག་པ་ལས་འདས་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཡེ་ཤེས་ནི་སྲིད་ཞི་ལས་འདས་པའི་ཕྱིར་དེ་སྐད་བརྗོད་དོ། །གལ་ཏེ་སློབ་ལམ་ན་ཤེར་ཕྱིན་མེད་ན་སྦྱིན་སོགས་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་ཚང་བར་སྤྱོད་པའི་གོ་སྒྲུབ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་སེམས་བསྐྱེད་པར་བྱེད་པའི་འདུན་པ་དང་བསམ་པ་ལ་སེམས་བསྐྱེད་དུ་འདོད་དགོས་པ་ལྟར་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ལ་ཡང་ཕ་རོལ་ཏུ་ཕྱིན་པར་འདོད་དགོས་ཏེ། མཚོན་པར་བྱེད་པ་ལ་མཚན་ཉིད་དུ་འདོད་དགོས་པ་བཞིན་ནོ། །གཉིས་པ་ནི། རྣམ་ཀུན་མཁྱེན་ཉིད་ཅེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཏེ། ཇི་ལྟ་ཇི་སྙེད་མཁྱེན་པའི་ཕྱིར་རོ། །ལམ་ཤེས་པ་ཉིད་ནི་ལམ་གསུམ་རང་བཞིན་མེད་པར་མངོན་སུམ་མཁྱེན་པའོ། །མོས་བསྔོ་ཡི་རང་ལམ་ཤེས་ཡིན་ནམ་མིན་ཞེ་ན། དང་པོ་ལྟར་ན་ལམ་གསུམ་སྐྱེ་བ་མེད་པར་རྟོགས་པའི་རྣམ་པ་ཅན་དུ་ཐལ་བར་འགྱུར་ཏེ། ལམ་ཤེས་སྟོན་པའི་སྐབས་སུ་སྐྱེ་བ་མེད་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར་ཏེ། མཆོད་བརྗོད་ཀྱི་ཡུམ་ངོས་གཟུང་བའི་སྐབས་སུ་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཞེས་པ་དང༌། ཡང་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་ཞེས་པ་དང༌། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་འབྱུང་བས་སོ། །གལ་ཏེ་ཕྱི་མ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ་ཞེས་པ་དང་འགལ་ལོ་ཞེ་ན། མོས་བསྔོ་ཡི་རང་གསུམ་ལ། ཡིད་ལ་བྱེད་པ་བླ་མེད་དག །ཅེས་པ་དང༌། བསྔོ་བའི་སྐབས་སུ། དེ་ནི་དམིགས་མེད་རྣམ་པ་ཅན། །ཞེས་པ་དང༌། རྗེས་སུ་ཡི་རང་གི་སྐབས་སུ། ཐབས་དང་མི་དམིགས་པ་དག་གིས། །ཞེས་གསུངས་པས་ན་མི་དམིགས་པའི་རྣམ་པ་ཅན་དུ་བཤད་པ་དང༌། མི་དམིགས་པའི་རྣམ་པ་ཅན་ཡིན་པས། ཡིད་ལ་བྱེད་པ་བླ་མེད་དག །ཅེས་པས་གཞན་དུ་ན་ཡིད་ལ་བྱེད་པ་བླ་མེད་དུ་ཇི་ལྟར་འགྱུར། མོས་བསྔོ་ཡི་རང་གསུམ་ལམ་ཡིན་ལ། དེ་བདེན་པར་མི་དམིགས་པའི་ཤེས་རབ་ཀྱིས་རྟོགས་པས་ན་ལམ་ཤེས་སུ་འཐད་དོ། །མི་དམིགས་པའི་རྣམ་པ་དང་ལྡན་པས་ཡིད་ལ་བྱེད་པ་བླ་མེད་དུ་སྟོན་པའི་མོས་བསྔོ་ཡི་རང་གསུམ་བླ་མེད་དུ་འཐད་ཀྱི་མོས་བསྔོ་ཡི་རང་ཙམ་ནི་མིན་ནོ། །དེ་ནས་ཐམས་ཅད་ཤེས་པ་ཉིད། །ཅེས་པས་ནི་དངོས་སུ་གཉེན་པོ་གཞི་ཤེས་སྟོན་པ་ཡིན་ལ། ཉན་རང་གི་ནི་ལྡོག་པའི་སྒོ་ནས་བསྟན་པར་རྒྱས་བཤད་ནས་གསུངས་སོ། །དངོས་བསྟན་གྱི་ཚིག་འདི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་སྦྱོར་བ་ལ། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་སོགས་ཀྱི་ཡན་ལག་རྒྱས་བཤད་དང་མི་འགྲིག་གོ །གང་དག་གཉེན་པོ་གཞི་ཤེས་གཞི་ཤེས་མིན་པ་སྨྲ་བ་ལྟར་ན་མངོན་པར་རྟོགས་པ་བརྒྱད་ཀྱི་ཡ་གྱལ་དུ་བགྲང་བའི་གཞི་ཤེས་གཞི་ཤེས་མིན་པར་འདོད་དགོས་པས་ཧ་ཅང་ཐལ་བར་འགྱུར་རོ། །གང་དག གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་འབྱུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་པར་ལྟར་ན་ཉན་ཐོས་ཀྱིས་དུས་གསུམ་མཉམ་པ་ཉིད་དུ་ཤེས་པར་འདོད་དགོས་པས་གཉེན་པོ་གཞི་ཤེས་ཡོད་པར་འགྱུར་རོ། །རྣམ་ཀུན་མངོན་རྫོགས་རྟོགས་པ་ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ལ། དེའི་མིང་གིས་བཏགས་ནས་རྒྱུ་སྦྱོར་བ་ལ་ཡང་རྣམ་ཀུན་མངོན་རྫོགས་རྟོགས་པ་ཐོབ་པ་ཞེས་བཤད་དོ། །འདི་ནི་ཚོགས་ལམ་ཐོས་བསམ་འབའ་ཞིག་གིས་བསྡུས་པ་དང་སྒོམ་བྱུང་གིས་བསྡུས་པ་དང་གཉིས་ཡོད་པ་ལས། སྒོམ་བྱུང་གི་བསྡུས་པ་ནས་བརྩམས་ཏེ་ཡོད་དོ། །རྩེ་མོར་ཕྱིན་པ་ནི་མི་མཐུན་ཕྱོགས་སེལ་བར་བྱེད་པའི་སྦྱོར་བ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་ཡེ་ཤེས་ཀྱི་ཚོགས་ཏེ་མཉམ་གཞག་ཁོ་ན་ཡིན་པའི་ཕྱིར་རོ། །རྩེ་སྦྱོར་གྱི་རྟགས་རྩེ་སྦྱོར་མ་ཡིན་ནམ་ཞེ་ན། རྩེ་སྦྱོར་ཤེས་པར་བྱེད་པའི་རྟགས་ཡིན་གྱི། རྩེ་སྦྱོར་གྱི་ངོ་བོ་ནི་མིན་ནོ། །རྣམ་འཕེལ་ཡང་སྦྱོར་བའི་ངོ་བོར་གྱུར་པ་རྣམས་ནི་རྩེ་སྦྱོར་དུ་གཏོགས་ལ། གཞན་གྱི་བསོད་ནམས་འཕེལ་བའི་རིམ་པ་ཙམ་ཡིན་གྱི་རྩེ་སྦྱོར་གྱི་ངོ་བོ་ནི་མིན་ནོ། །མཐར་གྱིས་པ་ནི་རྒྱུན་མཐའ་ན་མེད་དེ། དེ་ནི་བརྟན་པ་ཐོབ་པར་བྱ་བའི་ཕྱིར་དུ་བསྒོམ་པ་ཡིན་ལ། དེའི་ཚེ་བརྟན་པ་ཐོབ་ཟིན་པའི་ཕྱིར་རོ་ཞེས་པ་ནི་སློབ་དཔོན་གྱི་བཞེད་པའོ། །སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་དང༌། ཆོས་ཀྱི་སྐུ་ནི་ཡན་ལག་རྒྱས་བཤད་དུ་འཆད་པར་འགྱུར་རོ། །སྐད་ཅིག་མ་གཅིག་པར་བྱང་ཆུབ་པའི་སྦྱོར་བ་ནི་སྐད་ཅིག་མ་གཅིག་ཁོ་ནར་ཟད་དོ་ཞེས་པ་ནི་མ་ཡིན་ཏེ། དམ་ཆོས་པད་དཀར་ལས། སངས་རྒྱས་ཀྱིས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་བར་ཀྱི་བསྐལ་པ་ལྔ་བཅུར་འདི་བསྒོམས་ནས་སངས་རྒྱས་སོ་ཞེས་འབྱུང་བས་སོ། །འོ་ན་ཇི་ལྟར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པར་འཆད་ཅེ་ན། འདི་ཐོབ་ནས་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་ནུས་པ་ཡོད་པར་བསྟན་ཏོ། །འདི་ཡུན་རིང་པོར་བསྒོམ་ན་སྦྱོར་བའི་ལམ་གྱིས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་དོན་གཅིག་ལ། དུས་ཐུང་ངུར་བསྒོམས་ན་བར་ཆད་མེད་ལམ་གྱིས་བསྡུས་པའི་རྡོ་རྗེ་ལྟ་བུ་དང་དོན་གཅིག་གོ །ཆོས་ཀྱི་སྐུ་གནས་སྐབས་གང་དུ་ཐོབ་ཅེ་ན། མདོ་སྡེ་རྒྱན་ལས། སྐུ་མེད་པ་དང་བཅས་པ་དང་སྐུ་ཐོབ་པ་དང༌། སྐུ་ཡོངས་རྫོགས་དང་ཞེས་གསུངས་ཏེ། ཚོགས་ལམ་གྱི་གནས་སྐབས་ཐོས་བསམ་འབའ་ཞིག་གིས་བསྡུས་པ་ལ་ནི་སྐུ་མེད་དེ། སྤངས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ལ་ནི་སྤངས་པ་ཅུང་ཟད་ཡོད་པའི་སྐུ་དང་བཅས་པ་ཞེས་བསྟན་ཏོ། །ས་དང་པོ་ནས་བདུན་པའི་བར་དུ་ནི་སྐུ་ཐོབ་པ་ཞེས་བྱ་སྟེ། སྒྲིབ་པའི་ས་བོན་སྤངས་པའི་བྲལ་བ་དང་ལྡན་པའི་ཕྱིར། སྐུ་ཡོངས་སུ་རྫོགས་པ་ནི་གཉིས་ཏེ། བག་ལ་ཉལ་གྱི་ཉོན་སྒྲིབ་རགས་པ་སྤངས་པ་རྫོགས་པ་ནི་ས་བརྒྱད་པ་ནས་ཡོད་ལ། སྒྲིབ་གཉིས་མ་ལུས་པ་དག་པ་མཐར་ཕྱིན་པ་ནི་སངས་རྒྱས་ཀྱི་ས་ཁོ་ནའོ། །བཅོམ་ལྡན་འདས་ཀྱིས་ལེའུར་དུ་མར་མངོན་པར་རྟོགས་པའི་རིམ་པ་མང་དུ་བྱས་པ་ནི་གདུལ་བྱ་སྔ་ཕྱིར་འདུ་བའི་བྱེ་བྲག་ལས་ཡིན་ཏེ། སྔ་ཕྱིའི་གདུལ་བྱ་དེ་དག་ལ་ལམ་གྱི་རིམ་པ་ཚང་བར་བསྟན་དགོས་པས་སོ། །དེ་དག་ལ་བཤད་ཚུལ་གཞན་དང་གཞན་གྱི་སྒོ་ནས་རྣམ་པར་ཕྱེ་བའི་དབང་དུ་མཛད་པ་དེ་ནི་སྤོབས་པ་ཡོངས་སུ་གཏུགས་པའི་བརྙས་པ་སྤང་བའི་དོན་ནོ། །གསུམ་པ་ནི། དང་པོར་རྣམ་མཁྱེན་སྟོན་པ་ལ་ཆོས་བཅུ་སྟེ། སེམས་བསྐྱེད་པ་དང་ཞེས་སོགས་སོ། །བཅུ་པོ་ཡང་བཞིར་འདུས་ཏེ། བསྒྲུབ་བྱ་སེམས་བསྐྱེད། སྒྲུབ་བྱེད་གདམས་ངག སྒྲུབ་ཚུལ་ངེས་འབྱེད་ཆ་མཐུན། སྒྲུབ་པའི་ཡན་ལག་གི་ཆོས་སོ། །དང་པོ་ནི། སེམས་བསྐྱེད་པ་དང་ཞེས་པ་དང༌། གཉིས་པ་ནི། གདམས་ངག་དང་ཞེས་པ་དང༌། གསུམ་པ་ནི། ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །ཅེས་པས་བསྟན་ཏོ། །བཞི་པ་ལ་བཞི་སྟེ། སྒྲུབ་པའི་རྟེན་དང༌། སྒྲུབ་པའི་དམིགས་པ་དང༌། སྒྲུབ་པའི་ཆེད་དུ་བྱ་བ་དང༌། སྒྲུབ་པའི་དབྱེ་བའོ། །དང་པོ་ནི། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་དོན་དམ་པར་ཆོས་ཀྱི་དབྱིངས་རང་བཞིན་དུ་གནས་པ་རྟེན་དུ་བསྟན་ཏོ། །གཉིས་པ་ནི། དམིགས་པ་དག་དང་ཞེས་པ་སྟེ། །སྒྲུབ་པ་པོས་སོ་སོར་གཅད་པར་བྱ་བའི་ཡུལ་ལོ། །གསུམ་པ་ནི། ཆེད་དུ་བྱ་དང་ཞེས་པ་སྟེ། །ཆེན་པོ་གསུམ་མོ། །ཅིའི་ཕྱིར་ཆེད་དུ་བྱ་བ་ཞེས་བྱ་ཞེ་ན། གསུམ་པོ་འདིའི་ཆེད་དུ་སྒྲུབ་པ་ལ་འཇུག་པའི་ཕྱིར་རོ། །བཞི་པ་ནི། གོ་ཆ་ཞེས་སོགས་བཞིས་བསྟན་ཏེ། སྒྲུབ་པ་ལ་འཇུག་ཚུལ་བསམ་སྦྱོར་རྣམ་པ་གཉིས་ནི། གོ་ཆ་འཇུག་པའི་བྱ་བ་དང༌། །ཞེས་སོགས་ཀྱིས་རིམ་པ་བཞིན་དུ་བསྟན་ཏོ། །འབྲས་བུ་འབྱིན་ཚུལ་ལ་གཉིས་ཏེ། གནས་སྐབས་ཀྱི་འབྲས་བུ་འབྱིན་པ་དང༌། མཐར་ཐུག་གི་འབྲས་བུ་འབྱིན་ཚུལ་ལོ། །གཉིས་པོ་ནི་ཚོགས་དང་ངེས་པར་འབྱུང་བ་དང་གཉིས་ཀྱིས་རིམ་པ་བཞིན་དུ་བསྟན་ཏོ། །རྣམ་ཀུན་མཁྱེན་པ་ཉིད། ཅེས་པས་ནི་རྣམ་མཁྱེན་ཐོབ་པའི་ལམ་གྱི་རིམ་པ་ཀུན་བསྟན་ཏོ། །མཁྱེན་པ་སྟེ་ཡུལ་གྱི་སྒོ་ནས་ཡུལ་ཅན་བསྟན་པའོ། །རྟེན་གྱི་གང་ཟག་ནི། ཐུབ་པ་ཞེས་པས་བསྟན་ཏོ། །ལམ་ཤེས་ནི་ཆོས་བཅུ་གཅིག་གིས་སྟོན་ཏེ། མོག་མོག་པོར་བྱེད་ཅེས་སོགས་ཏེ། རྟེན་གྱི་གང་ཟག་གི་ཁྱད་པར་བྱེད་ཆོས་ལྔ། ཤེས་བྱ་ལམ་གསུམ་གྱི་དང་པོ་ནི། མགོ་མོག་པོར་བྱེད་ལ་སོགས་དང༌། །ཞེས་པས་བསྟན་ཏོ། །གཉིས་པ་ལ་གསུམ་སྟེ། ཉན་ཐོས་ཀྱི་ལམ་དང༌། རང་སངས་རྒྱས་ཀྱི་ལམ་དང༌། བྱང་སེམས་ཀྱི་ལམ་མོ། །དང་པོ་ནི། སློབ་མའི་ལམ་གང་ཞེས་པ་དང༌། གཉིས་པ་ནི། བསེ་རུ་ལྟ་བུའི་ལམ་གང་ཞེས་པས་བསྟན་ཏོ། །འདི་གཉིས་ནི་ཉན་ཐོས་ཀྱི་རིགས་ཅན་དང༌། རང་སངས་རྒྱས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་ཤེས་པར་བྱའོ། །བྱང་སེམས་ཀྱི་ལམ་ནི་གཉིས་ཏེ། མཐོང་ལམ་དང༌། སྒོམ་ལམ་མོ། །དང་པོ་ནི། སྔར་ཆོས་ཉིད་ཀྱི་དོན་གོམས་པར་བྱས་པ་ལས་བདག་མེད་པའི་དོན་མངོན་སུམ་གསར་དུ་མཐོང་བ་སྟེ། འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེན་པོ་དང་ལྡན་པའོ། །སྒོམ་ལམ་ཡང་རྣམ་པ་གཉིས་ཏེ། བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ནི། བྱེད་པ་དང་ནི་ཞེས་པས་བསྟན་ཏེ། གོང་དུ་མཐོང་ལམ་གྱི་ཕན་ཡོན་བསྟན་པ་ལྟར། འདིས་ཀྱང་སྒོམ་ལམ་གྱི་ཕན་ཡོན་བསྟན་ཏོ། །གཉིས་པ་བྱེད་པ་ཅན་གྱི་སྒོམ་ལམ་ཡང་གཉིས་ཏེ། རྗེས་ཐོབ་བསོད་ནམས་ཀྱི་ཚོགས་དང༌། མཉམ་བཞག་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ལ་གསུམ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་མོ། །མོས་པས་བསགས་པའི་དགེ་བ་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་པ་བསྔོ་བ་བླ་ན་མེད་པའི་སྒོམ་ལམ་མོ། །དགེ་བའི་རྩ་བ་སྤེལ་བའི་ཡན་ལག་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་མོ། །དང་པོ་ལ་དངོས་དང༌། ཕན་ཡོན་གཉིས་ལས། དང་པོ་ནི། མོས་པ་དང་ཞེས་པས་བསྟན་ཏོ། །གཉིས་པ་ནི། བསྟོད་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་བྱེ་བྲག་གིས་བསྟོད་པ་དང་བཀུར་བ་དང་བསྔགས་པ་གསུམ་གྱིས་བསྟན་ཏོ། །གཉིས་པ་མཉམ་བཞག་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པ་ལ་གཉིས་ཏེ། མི་མཐུན་ཕྱོགས་དངོས་སུ་སེལ་བའི་སྒྲུབ་པ་དང༌། མི་མཐུན་ཕྱོགས་ཀྱི་དྲི་མས་རྣམ་པར་དག་པའི་སྒོམ་ལམ་མོ། །རྟེན་གྱི་གང་ཟག་ནི། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །ཞེས་པས་བསྟན་ཏོ། །གཞི་ཤེས་ནི་ཆོས་དགུས་བསྟན་ཏེ། ཤེས་པས་ཞེས་སོགས་སོ། །འདི་ལ་དོན་གསུམ་སྟེ། གང་ལ་འཇུག་པའི་ཡུལ། འཇུག་པ་སྦྱོར་བའི་ངོ་བོ། ཞུགས་འབྲས་མཐོང་ལམ་མོ། །དང་པོ་ལ་གསུམ་སྟེ། གཞི་ཤེས་ཀྱི་ངོ་བོ། ཉེ་རིང་གི་འཐད་པ། མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་རོ། །དང་པོ་ནི། ཤེས་པས་སྲིད་ལ་མི་གནས་ཤིང༌། །ཞེས་སོགས་ཀྱི་ཚིག་རྐང་པ་གཉིས་ཀྱིས་གསུངས་སོ། །གཉིས་པ་ནི། ཐབས་མ་ཡིན་པས་རིང་བ་དང༌། །ཞེས་སོགས་ཚིག་རྐང་གཉིས་སོ། །གསུམ་པ་ནི། མི་མཐུན་གཉེན་པོའི་ཕྱོགས་དག་དང༌། །ཞེས་པས་བསྟན་ཏོ། །འཇུག་པ་སྦྱོར་བ་ལ་གཉིས་ཏེ། སྦྱོར་བ་དང་སྦྱོར་བའི་རྣམ་པའོ། །དང་པོ་ནི། སྦྱོར་བ་དང་ཞེས་པ་དང༌། གཉིས་པ་ནི། དེ་ཡི་མཉམ་པ་ཉིད་ཅེས་པས་བསྟན་ཏོ། །གསུམ་པ་ནི། མཐོང་བའི་ལམ་ཞེས་པས་བསྟན་ཏོ། །ཉན་ཐོས་ལ་སོགས་ཞེས་པས་ནི་རྟེན་གི་གང་ཟག་བསྟན་ཏོ། །རྣམ་རྫོགས་སྦྱོར་བའི་ཆོས་བཅུ་གཅིག་དོན་ལྔར་འདུས་ཏེ། སྦྱོར་བའི་བསྒོམ་བྱ། སྒོམ་པ་པོ་རྟེན་གྱི་གང་ཟག སྦྱོར་བ་རང་གི་ངོ་བོ། སྦྱོར་བས་བླང་དོར་བྱ་བའི་ཡུལ། སྦྱོར་བ་སྒོམ་ཚུལ་གྱི་རིམ་པའོ། །དང་པོ་གསུམ་ནི། རྣམ་པ་སྦྱོར་བར་བཅས་རྣམས་དང༌། །ཞེས་པས་བསྟན་ཏོ། །བཞི་པ་ནི། ཡོན་ཏན་སྐྱོན་ནི་ཞེས་པས་བསྟན་ཏོ། །ལྔ་པ་ནི། ཐོག་མར་ཐོས་བསམ་གྱིས་རྟོགས་པར་བྱ་བ་མཚན་ཉིད་དང༌། སྒོམ་ཚུལ་གྱི་རིམ་པ། ཐར་དང་ཞེས་སོགས་ཏེ། ཉེར་རྒྱུ་ཐར་པ་ཆ་མཐུན། སྦྱོར་བ་ངེས་འབྱེད་ཆ་མཐུན། རྟེན་ཕྱིར་མི་ལྡོག་གི་དགེ་འདུན། དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུའོ། །བཞི་པ་ལ་གསུམ་སྟེ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བའོ། །རྩེ་སྦྱོར་གྱི་ཆོས་བརྒྱད་དེ། རྩེ་སྦྱོར་མཚོན་བྱེད་རྟགས་དང༌། བསོད་ནམས་རྣམ་པར་འཕེལ་བའི་རིམ་པ། དོན་གཉིས་ལ་བརྟན་པ་ཐོབ་ཚུལ། སེམས་ཀུན་ཏུ་གནས་པའི་ཏིང་ངེ་འཛིན་དང་བཞིས་སྦྱོར་ལམ་རྩེ་སྦྱོར་བསྟན་ཏོ། །དེ་ནས་མཐོང་སྤང་སྤོང་བའི་མཐོང་ལམ་དང༌། སྒོམ་སྤང་སྤོང་བའི་སྒོམ་ལམ་སྟེ། ལམ་གཉིས་སོ་སོ་ལ་རྣམ་པར་རྟོག་པ་བཞིའི་གཉེན་པོ་སྦྱོར་འཇུག་རྣམ་པ་བཞིའོ། །དེ་ནས་གནས་ངན་ལེན་སྤོང་བ་བར་ཆད་མེད་པའི་ཏིང་ངེ་འཛིན་ནོ། །རྩེ་སྦྱོར་གྱི་གནས་སྐབས་སུ་ཐམས་ཅད་བསལ་བར་བྱ་བ་ལོག་སྒྲུབ་བོ། །མཐར་གྱིས་པ་ནི་ལམ་གྱི་རིམ་པ་བཅུ་གསུམ་གྱིས་བསྟན་ཏོ། །སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ནི། བྱེད་པའི་མཚན་ཉིད་ཀྱིས་རྣམ་པ་བཞི་སྟེ། རྟོགས་བྱ་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པ་གཉིས། རྟོགས་ཚུལ་མཚན་ཉིད་མེད་པ་དང་གཉིས་སུ་མེད་པར་རྟོགས་པའི་དབྱེ་བས་རྣམ་པ་བཞིའོ། །འདིར་ཆོས་སྐུ་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །དང་པོ་ནི། འདུས་མ་བྱས་པ་གཉིས་སུ་བཅད་དུ་མེད་པ་ཕྱིན་ཅི་མ་ལོག་པ་སྒྲིབ་པ་དག་པ་རང་བཞིན་གྱིས་འོད་གསལ་བ་སྟེ་མཚན་ཉིད་ལྔ་ལྡན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། གསུང་བརྗོད་པ་དང་སྐུ་སྣང་བ་དང་མཛད་པ་རྒྱུན་མི་ཆད་པ་དང་ལྷུན་གྱིས་གྲུབ་པར་འཇུག་པ་དང་སྐུ་གསུང་ཐུགས་ཀྱི་མཛད་པ་དུ་མར་སྟེན་ཀྱང་དེའི་བདག་ཉིད་དམ་དེའི་རང་བཞིན་དང་བྲལ་བ་སྟེ་མཚན་ཉིད་ལྔ་ལྡན་ནོ། །སྤྲུལ་པའི་སྐུ་ནི། ཞི་བའི་ལམ་སྟོན་པ་དང་གདུལ་བྱ་སྨིན་པར་བྱེད་པ་དང་ལུང་སྟོན་པར་བྱེད་པ་དང་གཞན་གྱི་རྣམ་རིག་ལ་སྣང་བ་དང་མཚན་ཉིད་བཞི་ལྡན་ཏེ། དོན་དེ་དག་ཐམས་ཅད་རྒྱུད་བླ་མ་ལས་བཤད་དོ། །ཕྲིན་ལས་ནི་གདུལ་བྱ་མངོན་མཐོ་དང་ངེས་ལེགས་ལ་འགོད་པའི་བྱ་བའོ། །འདིར་གནས་སྐབས་དུ་མར་མངོན་པར་རྟོགས་པའི་རིམ་པ་ལན་མང་དུ་བསྟན་པ་ལ་ཟློས་པའི་སྐྱོན་ཡོད་དོ་སྙམ་ན། སྐྱོན་མེད་དེ། གདུལ་བྱ་ཐ་དད་པའི་དབང་དུ་བྱས་པའི་ཕྱིར་རོ། །ཇི་ལྟ་བཞིན། ཡུམ་ཉན་པའི་གདུལ་བྱ་འགའ་ཞིག་ནི་དང་པོ་ནས་ཐ་མའི་བར་དུ་འཁོད་པ་ཡང་ཡོད་དེ། འཕགས་པ་རབ་འབྱོར་ལ་སོགས་པ་བཞིན་ནོ། །འགའ་ཞིག་སྐབས་དེ་དང་དེ་ཐོས་ནས་འཁོར་གྱི་དཀྱིལ་འཁོར་གྱི་གནས་གཞན་དུ་སོང་བ་ཡང་ཡོད་དེ། ཐོག་མར་འདོད་གཟུགས་ཀྱི་ལྷའི་བུ་རྣམས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། འཁོར་གྱི་དཀྱིལ་འཁོར་དུ་འཁོད་ནས་དེ་ནས་ཧ་ཅང་མི་རིང་བ་ན་རང་གི་གནས་སུ་སོང་བར་བསམ་གྱིས་མི་ཁྱབ་པའི་ལེའུ་ནས་བཤད་པ་ལྟ་བུའོ། །འགའ་ཞིག་ནི་ཆོས་སྔ་མ་རྣམས་རྫོགས་ནས་གསར་དུ་ལྷགས་པའང་ཡོད་དེ། རྣམ་མཁྱེན་རྫོགས་ནས་ལམ་ཤེས་འཆད་པའི་སྐབས་སུ་གསར་དུ་ལྷག་པའི་ལྷ་རྒྱལ་ཆེན་རིགས་བཞི་ནས་གནས་གཙང་མའི་བར་དུ་འདུས་པ་ལྟ་བུ་དང༌། གཞི་ཤེས་ཀྱི་མཐོང་ལམ་འཆད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་རིགས་བཞི་པ་ནས་མི་མཇེད་ཀྱི་བདག་པོ་ཚངས་ཆེན་གྱི་བར་དུ་འདུས་པ་དང༌། ཡང་ངོ་བོ་ཉིད་ཀྱི་མཚན་ཉིད་སྟོན་པའི་སྐབས་སུ་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་འདུས་པ་དང༌། མེ་ཏོག་བཀྲམ་པའི་ལེའུ་ལས་རྩེ་མོའི་མཐོང་ལམ་གྱི་རྒྱུ་འཆད་པ་ན་དགེ་སློང་བརྒྱ་ཕྲག་དྲུག་ཅུ་དེའི་ཚེ་འདུས་པ་བཞིན་ནོ། །དོན་འདི་ལ་སློབ་དཔོན་ཀཱ་མ་ལ་ཤཱི་ལས་ནི། ཡུམ་གསུང་དུས་ཀྱི་འཁོར་དབང་པོ་རབ་འབྲིང་ཐ་མ་གསུམ་ལས། དབང་པོ་རབ་ལ་སེམས་བསྐྱེད་ཉི་ཤུ་རྩ་གཉིས་ཀྱི་བར་དུ་བཤད་དོ། །འབྲིང་དང་ཐ་མ་ལ་གདམས་ངག་ནས་ངེས་འབྱུང་སྒྲུབ་པའི་བར་དུ་བཤད་དོ། །དབང་པོ་འབྲིང་དང་གཟུགས་ཀྱི་ལྷའི་བུ་རྣམས་ལ་ལམ་ཤེས་དང་གཞི་ཤེས་སོ། །དབང་པོ་ཐ་མ་དང་སངས་རྒྱས་ཀྱི་ཞིང་གཞན་ནས་འདུས་པའི་ལྷའི་བུ་རྣམས་ལ་རྣམ་ཀུན་ནས་ཆོས་སྐུའི་བར་དུ་གསུངས་སོ་ཞེས་འདོད་དོ། །སློབ་དཔོན་དཔའ་བོས་བསྟོད་པ་མཛད་པ་ལས། སྨྲ་བའི་དམ་པའི་ཆོས་ཀྱི་བཀའ། །རྣམ་གྲངས་དུ་མ་ཉིད་མཆི་ཞིང༌། །ཟློས་པ་ཡང་ནི་མ་མཆིས་ན། །སྦྱོར་བའི་ལུགས་ཀྱང་རིགས་པ་ལ། །ཞེས་གསུངས་སོ། །སེམས་བསྐྱེད་ལ་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་ཀྱིས་སེམས་བསྐྱེད་ཀྱི་དོན་བསྟན་པ་ལ། རྒྱུ་དང༌། འབྲས་བུ་དང༌། ངོ་བོ་གསུམ་ལས། དང་པོ་རྒྱུ་ལ་ཡང་གསུམ་སྟེ། སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཐོས་པའོ། །ངོ་བོ་ནི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློའོ། །འཕགས་སེང་གཉིས་ཀྱིས་ནི་སེམས་བསྐྱེད་པའི་སྒྲ་དོན་ལ་བསམ་ནས་གཙོ་སེམས་ལ་འདོད་དོ། །རྩ་བའི་དགོངས་པ་ནི་སེམས་བྱུང་སྟེ། མདོར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་གསུངས་པ་དང༌། བསྟན་བཅོས་དང༌། བྱང་ཆུབ་འདོད་ཅེས་པ་དང༌། མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་གསུངས་པས་སོ། །ཐོགས་མེད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པ་ཞེས་པ་དང༌། དབྱིག་གཉེན་གྱིས་མདོ་སྡེ་རྒྱན་གྱི་འགྲེལ་པར། དོན་གཉིས་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པ་སྟེ་ཞེས་སོ། །འདིས་ནི་སེམས་བསྐྱེད་པར་བྱེད་པ་ན་སེམས་བསྐྱེད་ཅེས་བྱེད་པའི་སྒོ་ནས་སྒྲ་བཤད་དོ། །དབྱེ་ན་སྨོན་པ་སེམས་བསྐྱེད་དང༌། འཇུག་པ་སེམས་བསྐྱེད་གཉིས་སོ། །འདི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་མཚན་ཉིད་ཅན་དུ་འདྲ་ཡང་བསླབ་པའི་གྲོགས་ཀྱིས་ཟིན་མ་ཟིན་ལས་རྣམ་པར་འབྱེད་དེ། ཞི་བ་ལྷ། ཞི་བ་འཚོ། ཀཱ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན་རྣམས་ཀྱི་དགོངས་པའོ། །སྨོན་པ་སེམས་བསྐྱེད་ནི་ཆོ་གས་མི་ལེན་ཏེ། གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཡོད་ན་དེ་ཉིད་ཀྱིས་གྲུབ་ཟིན་ལ། མེད་ན་ཆོ་གས་བླངས་ཀྱང་མི་སྐྱེ་བའི་ཕྱིར་རོ། །ཡང་འཇུག་པ་སེམས་བསྐྱེད་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ཐ་དད་དུ་འདོད་པ་ཡང་མི་འཐད་དེ། འཇུག་པའི་ཆོ་ག་ཐོབ་པས་བྱང་སེམས་ཀྱི་སྡོམ་པ་ཡང་ཐོབ་པའི་ཕྱིར་རོ། །དཔེར་ན་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་ཉིད་དུ་ཆོ་ག་ལས་ཁས་བླངས་པ་ཉིད་ཀྱིས་སྡོམ་པ་སྐྱེས་པ་བཞིན་ནོ། །འཇུག་པ་སེམས་བསྐྱེད་ཀྱི་ཆོ་ག་བླངས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་མ་ཐོབ་པའི་གང་ཟག་ཇི་ལྟ་བུ་ཞིག་མཆིས་སྨྲ་དགོས་སོ། །གལ་ཏེ་སོ་སོ་ཐར་པའི་སྡོམ་པ་དང་མཚུངས་པ་བསྒྲེ་བར་བྱའོ། །གཞན་དག་ལྟ་བ་ཐ་དད་པའི་ཁྱད་པར་གྱིས་སེམས་བསྐྱེད་ལེན་པའི་སྣོད་དང་ཆོ་ག་ཐ་དད་པར་མི་འཐད་པས་དབུ་སེམས་གཉིས་ཀྱི་སེམས་བསྐྱེད་ཀྱི་ཚུལ་མི་འདྲ་བ་གཉིས་སུ་རྣམ་པར་གཞག་པ་མི་འཐད་དོ་ཞེས་སྨྲ་བ་ནི་བབ་ཅོལ་འབའ་ཞིག་སྟེ། ལྟ་བ་མཐོ་དམན་གྱི་བྱེ་བྲག་ལས་ཆོ་ག་བྱ་བའི་ཡུལ་གྱི་སྣོད་རྒྱ་ཆེ་ཆུང་གི་ཁྱད་པར་གདོན་མི་ཟ་བར་ཁས་ལེན་དགོས་ཏེ། ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ཉན་ཐོས་ཀྱི་སོ་ཐར་གྱི་སྡོམ་པའི་སྣོད་ཀྱི་ཁྱད་པར་ཡང་རྒྱ་ཆེ་ཆུང་དམིགས་པ་བཞིན་ནོ། །གལ་ཏེ་དེ་ལྟར་མ་ཡིན་ན་དབུ་མ་པའི་སེམས་བསྐྱེད་ལེན་པའི་སྣོད་ལྷ་དང་ཀླུ་ལ་སོགས་པ་ལ་ཡང་བྱེད་པ་བཞིན་དུ་སོ་ཐར་ལ་ཡང་ཅིའི་ཕྱིར་མི་མཚུངས། དང་པོ་ལེན་པའི་ཆོ་གའི་ཚུལ་དང༌། བསླབ་པར་བྱ་བའི་གྲངས་དང༌། སོ་ཐར་གྱི་སྡོམ་པའི་རྟེན་དུ་དགོས་མི་དགོས་ཁྱད་པར་སོགས་འབྱུང་བ་ཅི་ཡིན། དེས་ན་ལེགས་པར་མ་སྦྱངས་པ་དག་གིས་ཕྲག་དོག་གིས་མཁས་པ་སྔ་མའི་ལེགས་བཤད་ལ་ཟུར་ཟ་བ་ལ་སྙིང་པོ་ཅི་ཡོད། འགའ་ཞིག་སེམས་བསྐྱེད་ཚུལ་གྱི་གཞུང་ཐ་དད་པ་འབྱུང་བ་ནི་བཀའ་ཐ་དད་ནས་བཏུས་པ་ཡིན་གྱི། དབུ་སེམས་ཀྱི་འདོད་ཚུལ་གཉིས་ཡོད་པ་ནི་མིན་ནོ་ཞེ་ན། བཀའ་ནས་མི་མཐུན་པ་གཉིས་འབྱུང་བ་ཅི་ཡིན་ཞེས་དྲི་བར་བྱའོ། །དེས་ན་འདིས་ཀྱང་རྩོད་པ་མི་སྤོང་ངོ༌། །མདོ་ཐ་དད་ནས་སེམས་བསྐྱེད་ཀྱི་ཁྱད་པར་གཉིས་འབྱུང་བ་ཡང་ལྟ་བ་ཟབ་མི་ཟབ་ཀྱི་ཁྱད་པར་ལས་རྣམ་པར་གཞག་པ་མངོན་ནོ། །དེས་ན་ལྟ་བ་ཟབ་མི་ཟབ་ཀྱི་རྒྱུ་མཚན་གྱིས་གཉིས་སུ་རྣམ་པར་གཞག་གོ་ཞེས་སྨྲ་ཡི། ལྟ་བ་ཐ་དད་ན་སྤྱོད་པའི་ཚུལ་གང་ལ་ཡང་ཁྱད་པར་ཡོད་པས་ཁྱབ་པར་སྨྲ་བ་ནི་མ་ཡིན་ནོ། །དེས་ན་ཕྱོགས་སྔའི་ནམ་མ་ལངས་བར་དགག་པའི་ཉི་མ་ཤར་བ་དག་ནི་རེ་ཞིག་མི་སྨྲ་བའི་བརྟུལ་ཞུགས་ཟུངས་ཤིག ལྟ་བ་ཐ་དད་ན་སྤྱོད་པ་ལ་ཡང་མི་འདྲ་བའི་ཁྱད་པར་ཡོད་པར་འདོད་དགོས་ལ། སྤྱོད་པའི་ནང་ཚན་ཐམས་ཅད་ལ་ཁྱད་པར་ཡོད་དགོས་ཞེས་སྨྲ་བ་ནི་མིན་ཏེ། སྨོན་པ་སེམས་བསྐྱེད་ལ་ཆོ་ག་མི་དགོས་པ་ལ་དགོངས་ནས། སྤྱོད་འཇུག་ལས་སྨོན་པ་སེམས་བསྐྱེད་ལས་བསོད་ནམས་རྒྱུན་ཆགས་མི་འབྱུང་བ་དང༌། འཇུག་པ་ནས་བརྩམས་ཏེ་བསོད་ནམས་རྒྱུན་ཆགས་འབྱུང་བར་བཤད་པའི་གནད་ཀྱང་འདི་ཉིད་དོ། །ལྟ་བ་གཅིག་པ་ལ་ཡང་སྤྱོད་པའི་ཁྱད་པར་མི་འདྲ་བ་འབྱུང་ན་མི་གཅིག་པ་ལ་ཅིའི་ཕྱིར་སྤྱོད་པའི་ཁྱད་པར་མི་འདྲ་བ་གཉིས་མི་འབྱུང༌། བྱམས་པ་དང་འཇམ་དབྱངས་སྐུ་གསུམ་དུ་འདོད་པ་དང་སྐུ་བཞིར་འདོད་པའི་རྣམ་པར་བཞག་པ་ཡང་མཐོང་ངམ། གལ་ཏེ་སེམས་ཙམ་པ་དང་དབུ་མ་པ་གཉིས་ལྟ་བ་ཐ་དད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་མཐུན་ནོ་ཞེ་ན། སྤྱོད་པ་འགའ་ཞིག་མཐུན་པ་ཙམ་གྱིས་སྤྱིར་སྤྱོད་པ་ལ་ཁྱད་པར་མེད་པར་མི་འགྲུབ་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་ཚུལ་ཡང་མི་མཐུན་ཏེ། འཁོར་གསུམ་མི་དམིགས་པའི་ཚུལ་ལ་མི་མཐུན་པའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོ་ལའང་མི་མཐུན་པའི་ཕྱིར་ཏེ། སེམས་སུ་བདེན་པར་འདོད་མི་འདོད་ཀྱི་ཁྱད་པར་ཡོད་པའི་ཕྱིར་དང༌། འཁོར་གསུམ་མི་དམིགས་པའི་དོན་ལ་ཡང་ལྟ་བའི་ཁྱད་པར་གྱིས་མི་མཐུན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་ཚུལ་ལ་ཡང་མི་མཐུན་ནོ། །སོ་སོར་ཐར་པའི་སྡོམ་པ་ཉམས་སུ་ལེན་ཚུལ་ལ་ཡང་མི་མཐུན་ཏེ་སེམས་ཙམ་པས་སེམས་སུ་བདེན་པར་གཏན་ལ་བབ་ནས་ཉམས་སུ་ལེན་པའི་ཚུལ་དང༌། དབུ་མ་པས་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་ཉམས་སུ་ལེན་པའི་ཕྱིར་དང༌། གྲུབ་མཐའི་ཁྱད་པར་གྱིས་ཉན་ཐོས་སྡེ་གཉིས་ཀྱིས་ལུས་ངག་གི་བྱ་བ་གཟུགས་སུ་འདོད་པའི་ཕྱིར་དང༌། དབུ་སེམས་དག་གིས་དེ་ལྟར་མི་འདོད་པའི་ཕྱིར་རོ། །ལམ་ཉམས་སུ་ལེན་པའི་ཚུལ་ལ་ཡང་མི་འདྲ་སྟེ། ལྟ་བ་མི་འདྲ་ཞིང་བསྒོམ་ཚུལ་ཡང་མི་འདྲ་བ་འབྱུང་བའི་ཕྱིར་རོ། །གལ་ཏེ་དབུ་སེམས་གཉིས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་མི་འདྲ་ན། སེམས་ཙམ་པའི་སེམས་བསྐྱེད་ཀྱིས་སངས་རྒྱས་འདི་ལྟ་བུ་ཐོབ་ལ། དབུ་མ་པའི་སེམས་བསྐྱེད་ཀྱིས་སངས་རྒྱས་འདི་ལྟ་བུ་ཐོབ་བོ་ཞེས་བསྟན་དགོས་སོ་ཞེ་ན། འོ་ན་བྱ་རྒྱུད་སོགས་རྒྱུད་སྡེ་བཞིའི་ཆོ་ག་མི་འདྲ་བས་ཐོབ་བྱའི་སངས་རྒྱས་མི་འདྲ་བ་སོ་སོར་བསྟན་དགོས་པར་མཚུངས་པ་དང༌། བྱང་སེམས་ཀྱི་སྡོམ་པ་དང་ཉན་ཐོས་སོ་ཐར་གྱི་སྡོམ་པའི་ཆོ་ག་ཡང་མི་འདྲ་བས་དེ་གཉིས་ཀྱི་ཐོབ་བྱའི་སངས་རྒྱས་ཀྱང་མི་འདྲ་བ་སོ་སོར་སྟོན་ཅིག བོད་འདིར་མཁས་པའི་ལེགས་བཤད་དོར་ནས་ཟང་ཟིང་གི་རྗེས་སུ་འབྲངས་ཏེ་གྲུབ་མཐའ་ངན་པ་ཡོངས་སུ་འཛིན་པ་ནི་ལྟ་བའི་སྙིགས་མར་གྱུར་པའི་དབང་གིས་ཡིན་ནོ། །རྒྱས་པར་ནི་རྣམ་བཤད་དུ་བལྟ་བར་བྱའོ། །མདོ་དང་བསྟན་བཅོས་ལས་སེམས་བསྐྱེད་བསླབ་བྱ་བཤད་པ་རྣམས་ཀྱང་འཇུག་པ་སེམས་བསྐྱེད་ལ་སྦྱར་བར་བྱ་ཡི། སྨོན་པ་སེམས་བསྐྱེད་ནི་ཚོགས་མ་ཟིན་པས་བསླབ་བྱའི་རྣམ་པར་བཞག་ཏུ་མེད་དོ། །འདི་ནི་རྣམ་བཤད་དང་ཅུང་ཟད་མི་འདྲ་བར་བྱས་སོ། །སེམས་བསྐྱེད་པ་ནི་འདོད་ཅེས་སྦྱར་རོ། །གང་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རང་དོན་དུ་འདོད་དམ་ཞེ་ན། མིན་ཏེ། གཞན་གྱི་དོན་གྱི་ཕྱིར་རོ། །འདི་གཉིས་ནི་རིམ་པ་བཞིན་དུ་ཆེད་དུ་བྱ་བའི་དམིགས་པ་དང་དངོས་ཀྱི་དམིགས་པ་གཉིས་བསྟན་ཏོ། །འདི་ཇི་ལྟར་འབྱུང་ཞེ་ན། ཐོག་མར་གཞན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྐྱེས་པ་ལ་བརྟེན་ནས་གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི་བློ་སྐྱེ་སྟེ། འདི་ནི་གཞན་དོན་དོན་གཉེར་གྱི་འདོད་པའོ། །དེས་ན་གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་ལ་རྟོགས་པར་མཛད་ཅིང༌། ཐབས་དེ་ཡང་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་འབྱུང་ཞིང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གདུལ་བྱའི་བསམ་པ་དང་བག་ལ་ཉལ་མ་ལུས་པ་མཁྱེན་ནས་བསྐོར་དགོས་པས་གཞན་གྱི་དོན་གྱི་ཕྱིར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ་ཞེས་སེམས་བསྐྱེད་པར་བྱ་བ་ཡིན་ནོ། །གལ་ཏེ། གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བཤད་ན། གང་གི་དོན་དུ་སེམས་བསྐྱེད་པ་གཞན་གྱི་དོན་དང༌། མངོན་པར་འདོད་པའི་བྱང་ཆུབ་དེ་གང་ཡིན་ཞེ་ན། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་སྦྱར་རོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་བསྟན་ཞེས་བཤད་པའི་གཞིའོ། །གང་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་ནོ། །གང་གི་སྒོ་ནས་ན། སེམས་བསྐྱེད་པ་ནི་ཞེས་སོགས་ཀྱིས་བསྡུས་པ་དང༌། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སོགས་ཀྱིས་རྒྱས་པར་བསྟན་པའི་སྒོ་ནས་སོ། །གང་གིས་ན་མདོའི་དོན་སྟོན་པ་ལྷུར་ལེན་པའི་མངོན་པར་རྟོགས་པའི་རྒྱན་གྱི་ངག་གིས་སོ། །ཚུལ་ཇི་ལྟར་ན་ཤེར་ཕྱིན་གྱི་མདོའི་དོན་དང་མི་འགལ་བར་རོ། །འདི་ནི་མདོ་བཞིན་དུ་ཞེས་པའི་དོན་ནོ། །དེས་ན་མདོ་བཞིན་དུ་བརྗོད་ཅེས་པའི་ཚིག་འདི་ནི་འོག་མ་རྣམས་ལ་ཡང་སྦྱར་ཞེས་ཆོས་ཀྱི་བཤེས་གཉེན་གྱིས་གསུང་པ་ལྟར་བཟུང་ངོ༌། །མདོ་གང་གི་དོན་དང་མི་འགལ་བར་སྟོན་ཅེ་ན། མདོ་ལས་སྨྲས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་བྱང་ཆུབ་མདོར་བསྟན་པ་དང༌། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་ཞེས་པ་ནས་བསྒྲུབ་པར་བྱའོ་ཞེས་པའི་བར་བྱང་ཆུབ་རྒྱས་པ་དང༌། སེམས་ཅན་ཐམས་ཅད་ཅེས་སོགས་གཞན་དོན་མདོར་བསྟན་དང་རྒྱས་བཤད་ཀྱི་མདོའོ། །འདིར་བར་མའི་ལུང་ཁོ་ན་དྲངས་པ་ལ་གཞན་གཉིས་ལས་མ་བསྟན་ནམ་སྙམ་ན། རྒྱལ་བའི་ཡུམ་གསུམ་ཆར་ལས་ཀྱང་ཞེས་སྨྲོས་སོ། །བརྒྱད་སྟོང་པ་ལས་མ་བསྟན་ནོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོབས་པ་སྐྱེད་ཅིག་ཅེས་པའི་ཚིག་འདིས་བསྟན་ཏོ། །འདིར་སེམས་བསྐྱེད་ཀྱི་སྐབས་སུ་མདོ་དང་སྦྱར་བར་མཛད་པ་ན་ཉི་ཁྲི་སྣང་བ་ལྟར། འོག་མ་རྣམས་ལ་ཡང་ཅིའི་ཕྱིར་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་རེ་རེ་དང་སྦྱོར་བར་མི་མཛད། འདིར་ཡུམ་གསུམ་ཆར་ཁུངས་སུ་སྨྲོས་པ་ལྟར་འོག་མ་རྣམས་ཅིའི་ཕྱིར་གསུམ་ཆར་དང་སྦྱོར་བར་མི་མཛད་ཅེ་ན། ལན་ནི། གཙུག་ལག་གི་ཞེས་སྨྲོས་སོ། །འདིར་མ་བྲིས་སོ་ཞེས་འབྱུང་ཡང་འགྱུར་རྙིང་ལས་མི་བྲིའོ་ཞེས་གསུངས་པ་ལྟར་ལེགས་སོ། །སེམས་བསྐྱེད་འདི་དག་ས་གང་དང་གང་དུ་ལྡན་ཞེ་ན། སློབ་དཔོན་གྱི་བཞེད་པ་ནི། དེ་ལྟར་དང་པོ་གསུམ་ནི་ཞེས་སོགས་འགྲེལ་ཆུང་ནས་འབྱུང་བ་བཞིན་ནོ། །དོན་ལ་གནས་པའི་ཕྱོགས་ནི་སངས་རྒྱས་ཀྱི་ས་ན་དོན་དམ་སེམས་བསྐྱེད་ཡོད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་པའི་ཕྱིར་རོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་མེད་དེ། སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་མེད་པའི་ཕྱིར། བྱང་ཆུབ་ཐོབ་འདོད་མེད་པའི་ཕྱིར། བསླབ་བྱ་ལ་སློབ་པ་མེད་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པ་འོ། །ཞེས་གསུངས་པ་ལྟར་བཟུང་ངོ༌། །དབྱེ་བ་ལ། བདུན་པ་དང་བསམ་པ་དང་ལྷག་པའི་བསམ་པ་གསུམ་ནི་གོ་ཆས་བསྡུས་པའི་སེམས་བསྐྱེད་དོ། །སྦྱོར་བ་ནས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ནི་འཇུག་པས་བསྡུས་པའི་སེམས་བསྐྱེད་དོ། །མངོན་པར་ཤེས་པ་ནས་ཆོས་ཀྱི་སྐུ་དང་ལྡན་པའི་བར་ནི་རྗེས་ཀྱིས་བསྡུས་པ་ཡིན་ནོ། །འདུན་པ་དང་ལྡན་པ་ནས། ཆོས་ཀྱི་སྐུ་དང་ལྡན་པ་ཞེས་ལྡན་པའི་སྒྲ་ཐམས་ཅད་ལ་སྦྱར་རོ། །ལྡན་པ་ཞེས་པའི་དོན་ཅི་ཞེ་ན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་གྲོགས་འདུན་པ་ཁྱད་པར་ཅན་གྱི་གྲོགས་སུ་ལྡན་པའི་ཚེ་ན་འདུན་པ་དང་ལྡན་པ་ཞེས་བརྗོད་དོ། །གྲོགས་བསམ་པས་ཁྱད་པར་དུ་བྱས་པའི་ཚེ་བསམ་པ་དང་ལྡན་པ་ཞེས་སོགས་དང་པོ་བཞི་ནི་སྦྱིན་སོགས་ཕར་ཕྱིན་རེ་རེ་ལ་ཡང་སྦྱར་ཏེ། ཐོག་མར་སྦྱིན་པ་ལ་འདུན་པས་གཞི་བྱས་ནས་བསམ་པ་ནི་སྦྱིན་པ་གཏོང་བའི་བློ་ནམ་ཡང་མི་འདོར་བ་གསེར་བཟང་པོ་ལྟ་བུའོ། །ལྷག་པའི་བསམ་པ་ནི་ཟླ་བ་གོང་ནས་གོང་དུ་འཕེལ་བའོ། །སྦྱོར་བ་ནི་སྦྱིན་པ་གཏོང་བ་ལ་དངོས་སུ་སྦྱོར་བས་སེར་སྣ་བུད་ཤིང་དང་འདྲ་བ་སྲེག་པས་མེའི་དཔེས་བསྟན་ཏོ། །ལྷག་མ་ཚུལ་ཁྲིམས་དང་བཟོད་པ་སོགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཞེས་སོགས་ལ། སེམས་དང་པོ་བསྐྱེད་པ་ཞེས་སོགས་ཀྱིས་ནི་གདམས་ངག་ཉན་པའི་སྣོད་བསྟན་ཏོ། །དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པ་ཞེས་པས་ནི་དུས་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར་ཞེས་པས་ནི་གདམས་ངག་བསྟན་ཏོ། །འདོམས་པ་ཞེས་པས་ནི་གདམས་ངག་གི་ངོ་བོ་བསྟན་ཏེ། གདམས་ངག་གི་ཡུལ་བཅུ་བརྗོད་བྱར་བྱེད་པའི་སྒྲའོ། །འཇུག་པར་བྱའོ་ཞེས་ལུང་འབོག་པ་དཀོན་མཆོག་གསུམ་ལ་འདོམས་པ་དང་ཞེས་འབྱུང་བས་སྒྲའི་ངོ་བོར་བཞེད་པ་མངོན་ནོ། །འཇུག་པའི་འགྲེལ་བཤད་ལས་ཀྱང༌། ཁོང་དུ་ཆུད་པའི་ཆེད་དུ་ཆོས་སྟོན་པ་ནི་གདམས་ངག་གོ་ཞེས་གསུངས་སོ། །འགའ་ཞིག་འདིར་བསྟན་གྱི་གདམས་ངག་ཉན་པ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་སོ་ཞེས་འདོད་པ་ནི་མིན་ཏེ། འདིར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པ་ཞེས་འབྱུང་ལ། དེ་ནི་ཚོགས་ལམ་ཆུང་ངུ་ནས་ཀྱང་ཡོད་པའི་ཕྱིར་རོ། །དགེ་བའི་བཤེས་གཉེན་ཙམ་ལས་ཉན་པ་དང༌། བྱང་ཆུབ་སེམས་དཔའ་གོང་མ་རྣམས་ལས་ལམ་དུ་མ་ཞུགས་པས་ཀྱང་ཉན་པར་ནུས་པའི་ཕྱིར་རོ། །གལ་ཏེ་མཆོག་གི་སྤྲུལ་པའི་སྐུ་ལ་ཉན་པ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་སོ་ཞེ་ན། མིན་ཏེ། ཐ་མལ་པས་ཀྱང་མཆོག་གི་སྤྲུལ་པའི་སྐུ་ལ་ཡང་དངོས་སུ་ཉན་ནུས་པ་ཡོད་པའི་ཕྱིར་རོ། །འོ་ན་མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང༌། །ཡེ་ཤེས་སྤངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་འབྱུང་བ་མིན་ནམ་ཞེ་ན། དེ་ནི་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་འོག་རོལ་དུ་ཞིང་ཁམས་གཞན་དུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བགྲོད་ནས་མཆོག་གི་སྤྲུལ་པའི་སྐུ་ལ་ཆོས་ཉན་པའི་དབང་དུ་བྱས་སོ། །གཞན་རྒྱས་པར་ནི་རྣམ་བཤད་ཀྱི་སྤྱི་དོན་ལས་རིག་པར་བྱའོ། །སྒྲུབ་པ་ལ་འདོམས་པ་ཞེས་པ་ལ། སྒྲུབ་པའི་ཁྱད་པར་ནི་གཉིས་ཏེ། ཤེས་རབ་དང་ཐབས་ཀྱི་ཁྱད་པར་རོ། །དང་པོ་ནི། ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་སྒྲུབ་པ་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ་ཞེས་བསྟན་ཏོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཞེས་པས་བསྟན་ཏོ། །དང་པོ་ལ་འཇུག་པར་བྱའོ་ཞེས་བཤད་པའི་གཞིའོ། །གང་ལ་ན་ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་མཐར་ཕྱིན་པར་སྒྲུབ་པ་ལའོ། །ཚུལ་ཇི་ལྟར་ན་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བས་སྒྲུབ་པ་ལ་འཇུག་ཅིང༌། དོན་དམ་པའི་བདེན་པ་ལས་མི་འདའ་བས་མི་དམིགས་པའི་ཚུལ་གྱིས་སོ། །ཀུན་རྫོབ་ནི་ཐ་སྙད་པའི་བློ་ལ་སྣང་བ་ཐམས་ཅད་དོ། །དབྱེ་བ་ནི་གཉིས་ཏེ། ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས་སོ། །སྒྲ་དོན་ཡང་གཉིས་ཏེ། རྣམ་པར་དཔྱད་པའི་དཔུང་མི་བཟོད་པས་ཀུན་རྫོབ་དང༌། དོན་དམ་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་བོ། །དོན་དམ་བདེན་པ་ནི་རིགས་ཤེས་ཀྱི་རྙེད་པའི་རྙེད་དོན་ནོ། །དབྱེ་བ་ལ་གཉིས་ཏེ། རྣམ་གྲངས་པ་དང༌། རྣམ་གྲངས་པ་མ་ཡིན་པའི་དོན་དམ་མོ། །སྒྲ་དོན་ཡང་གཉིས་ཏེ། གཞི་ཐ་དད་ཀྱི་བཤད་པ་དང༌། གཞི་མཐུན་གྱིས་བཤད་པའོ། །དང་པོ་ནི་དོན་དམ་ནི་རིགས་པ་སྟེ། བདེན་གཉིས་ལས། སླུ་བ་མེད་པའི་རིགས་པ་དེ། །དོན་དམ་ཡིན་པ་ཁོ་བོ་འདོད། །ཅེས་པ་ལྟར་རོ། །བདེན་པའི་སྒྲ་དོན་ནི་གཉིས་ཏེ། དངོས་པོ་སྨྲ་བས་གནས་ཚུལ་ལ་ཡོད་པར་སྒྲོ་འདོགས་པ་ལ་བདེན་པའི་སྒྲས་བརྗོད་པ་དང༌། མི་བསླུ་བ་ལ་བདེན་པའི་སྒྲས་བརྗོད་པ་སྟེ། མདོ་ལས། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ལྟར་རོ། །འདིར་གང་བཟུང་ཞེ་ན། མི་བསླུ་བ་ལ་བདེན་པར་སྒྲས་བརྗོད་པ་ཡིན་ནོ། །གཉིས་པ་གཞི་མཐུན་གྱི་བཤད་པ་ནི། དོན་ཡང་དེ་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའི་བདེན་པའོ། །དེ་ནི་ཚིག་གསལ་ལས་བཤད་དོ། །བདེན་གཉིས་ལས། རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པ་ལྟར་རོ། །མཚན་གཞིའི་ངོ་བོ་ནི། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་གཉིས་ཆུ་ཟླའི་དཔེའི་སྒོ་ནས་སྟོན་པ་ལ་ཆུ་ཟླ་ལ་ཆོས་བཞི་སྟེ། སྣང་ཙམ་མ་འགགས་པར་ཡོད་པ་དང༌། སྣང་དུས་ནས་གནས་ཚུལ་ལ་མེད་པ་དང༌། སྣང་སྟོང་ཐ་དད་དུ་མེད་པ་དང༌། ཟླ་བའི་མཚན་ཉིད་ཤེས་ནས་ཟླ་བ་རང་སར་གྲོལ་བའོ། །དཔེ་དེ་བཞིན་དུ་གཟུགས་སོགས་སྣང་ཙམ་མ་འགག་པར་ཡོད་པ་དང༌། སྣང་བའི་དུས་ན་གནས་ཚུལ་ལ་མེད་པ་དང༌། སྣང་སྟོང་རང་བཞིན་ཐ་དད་མེད་པ་དང༌། གཟུགས་སོགས་གནས་ཚུལ་ཤེས་ནས་གནས་ཚུལ་མ་གྲུབ་པར་རྟོགས་པའོ། །འདི་ནི་མདོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པས་བསྟན་ཏོ། །བདེན་པ་བཞི་ལ་འདོམས་པའི་གདམས་ངག་བསྟན་པ་ལ། བདེན་པ་བཞི་ནི། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་བདེན་པའོ། །གྲངས་ངེས་ནི་མཁས་པ་འཇུག་པའི་སྒོ་ལས་གཉིས་གསུངས་ཏེ། དགོས་པའི་གྲངས་ངེས་དང༌། དངོས་པོའི་མཐའ་གཅོད་པའི་གྲངས་ངེས་སོ། །འདི་ནི་དགོས་པའི་གྲངས་ངེས་ཏེ། ཐར་པ་དོན་གཉེར་གྱི་བླང་དོར་ལ་བཞིར་ངེས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དོར་བྱ་ལ་རྒྱུ་འབྲས་གཉིས་དང་བླང་བྱ་རྒྱུ་འབྲས་གཉིས་སུ་ངེས་པའི་ཕྱིར་རོ། །དངོས་པོའི་མཐའ་གཅོད་པའི་གྲངས་ངེས་ནི་མིན་ཏེ། འདིར་མ་འདུས་པའི་ཆོས་དུ་མ་ཡོད་པའི་ཕྱིར་ཏེ། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དང༌། སོ་སོར་བརྟགས་མིན་གྱི་འགོག་པ་དང༌། ཤེས་བྱའི་སྒྲིབ་པ་དང་ནམ་མཁའ་སོགས་འདིར་མ་འདུས་པའི་ཕྱིར་རོ། །ངོ་བོ་ནི་ཀུན་ལས་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ་ཞེས་གསུངས་པ་ལྟར་རོ། །ཀུན་འབྱུང་གི་བདེན་པ་ནི། ཉོན་མོངས་པ་དང་དེས་བྱས་པའི་ལས་སོ། །འགའ་ཞིག་ཀུན་འབྱུང་ས་བཅུ་རྒྱུན་མཐའི་སྔ་ལོགས་དང༌། སྡུག་བསྔལ་རྒྱུན་མཐའི་བར་དུ་ཡོད་ཅེས་སྨྲ་བ་ནི་ལོག་པར་རྟོག་པ་ཁོ་ན་སྟེ། ཐེག་ཆེན་གྱི་མཐོང་ལམ་ཐོབ་ནས་ཀུན་འབྱུང་མེད་པའི་ཕྱིར་དང༌། འཇིག་རྟེན་ཆོས་མཆོག་གི་རྟེན་ལ་མཐོང་ལམ་སྐྱེ་ཞིང༌། རྟེན་དེ་བོར་བའི་འོག་ཏུ་སྡུག་བསྔལ་གྱི་བདེན་པ་ཡང་མེད་པའི་ཕྱིར་རོ། །རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པས་སོ། །གལ་ཏེ་ས་དང་པོ་ཐོབ་ནས་ཀྱང་སྤོང་བར་བྱ་བའི་ཉོན་མོངས་པ་ཡོད་པ་མིན་ནམ་ཞེ་ན། ཉོན་མོངས་པ་ནི་མེད་དེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་མེད་པའི་ཕྱིར། འཁོར་བར་སྐྱེ་བར་བྱེད་པའི་ཉོན་མོངས་པའི་ནུས་པ་བཅོམ་ཟིན་པའི་ཕྱིར་རོ། །བག་ལ་ཉལ་གྱི་ཉོན་སྒྲིབ་ཡོད་ཀྱང་ཉོན་མོངས་མ་ཡིན་གྱི་ཤེས་བྱའི་སྒྲིབ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་གསུངས་པ་ལྟར་རོ། །འཇུག་འགྲེལ་ལས་ཀྱང་བག་ལ་ཉལ་གྱི་ཉོན་སྒྲིབ་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་བཤད་ཅིང༌། རྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲྭ་བ་སངས་རྒྱས་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར། །ཞེས་གསུངས་པའི་རྒྱས་བཤད་དུ་སྒྲིབ་པ་གཉིས་ཀྱི་ངོས་འཛིན་ལ། དེ་སྒྲིབ་མཐའ་ཡས་ཉོན་མོངས་དང༌། །ཉེ་བའི་ཉོན་མོངས་བག་ཆགས་སོ། །ཞེས་གསུངས་སོ། །དེས་ན་ཤེས་བྱའི་སྒྲིབ་པ་ནི་གཉིས་ཏེ། བག་ལ་ཉལ་གྱི་སྒྲིབ་པ་དང༌། བདེན་འཛིན་གྱི་རྣམ་པར་རྟོག་པའོ། །དང་པོ་ནི་ཉོན་མོངས་པས་བཞག་པའི་གནས་ངན་ལེན་དང་རྗེས་སུ་འབྲེལ་བས་ཉོན་མོངས་པའི་སྒྲིབ་པ་ཞེས་ལོགས་སུ་རྣམ་པར་གཞག་པ་ཡིན་གྱི་དངོས་སུ་ཤེས་སྒྲིབ་ཁོ་ནའོ། །གལ་ཏེ་བྱང་སེམས་འཕགས་པས་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་ལུས་སྡུག་བསྔལ་གྱི་བདེན་པ་མིན་ནམ་ཞེ་ན། ཀུན་ལས་བཏུས་ལས། སྡུག་བསྔལ་མིན་པ་ལ་སྡུག་བསྔལ་དུ་སྣང་བ་སྟེ། བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་རོ་ཞེས་བཤད་པ་ལྟར་ངེས་པར་བྱའོ། །སོ་སོ་སྐྱེ་བོ་དང་ཉན་རང་སློབ་པ་རྣམས་ནི་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་བྱེད་ཅིང༌། འཆིང་བྱེད་ཀྱི་ཉོན་མོངས་པས་སྲིད་པར་ཉིང་མཚམས་སྦྱོར་བ་ཡིན་ལ། ཉན་རང་དགྲ་བཅོམ་དང་བྱང་སེམས་འཕགས་པ་ནི་མ་རིག་བག་ཆགས་ཀྱི་སས་ཉིང་མཚམས་སྦྱོར་བར་བྱེད་ཅིང༌། འཆི་འཕོ་བའི་ཚེ་ཡང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ཞེས་བཤད་པས། ཉན་རང་མི་སློབ་པ་དང་བྱང་སེམས་འཕགས་པ་རྣམས་ལ་ཉོན་མོངས་པ་མེད་པར་ངེས་སོ། །ཉན་རང་མི་སློབ་པ་འགའ་ཞིག་ལ་ལས་ཀྱི་ཀུན་འབྱུང་ཡོད་པ་སྲིད་ཅེས་བཤད་ཟིན་ཏོ། །འོ་ན་དེ་དག་གིས་སྲིད་པར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། ལས་ཀྱི་ཀུན་འབྱུང་ཡོད་པའི་ཕྱིར་ཞེ་ན། མི་འགྱུར་ཏེ། རྐྱེན་ཉོན་མོངས་པ་མེད་པའི་ཕྱིར་རོ། །གང་སྤེལ་ལས། ལས་ཀྱི་འཁོར་ལོ་གཅིག་བུ་འཁོར་མ་ཡིན་ཞེས་གསུངས་པ་ལྟར་རོ། །འོ་ན་མངོན་པ་ཀུན་ལས་བཏུས་ལས། གཅིག་ཆར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ༌། །གཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱི་དབང་དུ་བྱས་པས་ཉེས་པ་མེད་དོ། །འགོག་བདེན་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་ས་བོན་བཅོམ་པའི་བྲལ་བའོ། །འདི་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་བྱེ་བྲག་གིས་གཉིས་སུ་བསྟན་ཏོ། །རྒྱས་པར་རྣམ་བཤད་ལས་རྟོགས་པར་བྱའོ། །ལམ་བདེན་ནི་གཉིས་ཏེ། མཐོང་ལམ་དང༌། སྒོམ་ལམ་མོ། །ཚོགས་སྦྱོར་གཉིས་ནི་ལམ་བདེན་མིན་ཏེ། ལམ་བདེན་གྱི་མཚན་ཉིད་དུ་བརྗོད་པའི་དག་པ་དང་གསལ་བ་དང་གཉེན་པོའི་དོན་གསུམ་མེད་པའི་ཕྱིར་ཏེ། སྒྲིབ་པ་མངོན་འགྱུར་དང་ལྡན་པའི་ཕྱིར་དང༌། བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར་དང༌། སྒྲིབ་པའི་ས་བོན་དངོས་སུ་སྤོང་བའི་ནུས་པ་མེད་པའི་ཕྱིར། མི་སློབ་ལམ་ཡང་ལམ་བདེན་མིན་ཏེ། སྒྲིབ་པའི་གཉེན་པོ་མ་ཡིན་པའི་ཕྱིར་དང༌། འབྲས་བུ་བྱང་ཆུབ་ཏུ་བགྲོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ལམ་ལྔའི་དབྱེ་བ་བསྟན་པ་ཅི་ཞེ་ན། རྒྱུའི་མིང་འབྲས་བུ་ལ་ཉེ་བར་བཏགས་པའི་ཕྱིར་ཉེས་པ་མེད་དེ། བྱང་ཆུབ་ཏུ་ཕྱིན་ཟིན་པ་ཡང་ལམ་དུ་འདོད་ན་འཇིག་རྟེན་གྱི་ཐ་སྙད་དང་ཡང་འགལ་ཏེ། ལམ་བགྲོད་ཟིན་པའི་གནས་སུ་ཕྱིན་ནས་ནི་ལམ་ལ་གནས་པར་མི་འདོད་པ་བཞིན་ནོ། །འོ་ན་མོས་བསྔོ་ཡི་རང་ལམ་བདེན་མིན་པར་འགྱུར་རོ་ཞེ་ན། མོས་བསྔོ་ཡི་རང་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་ནི་བདེན་པར་མི་དམིགས་པའི་རྣམ་པ་ཅན་ཡིན་པས་དམིགས་ཡུལ་གྱི་དགེ་བ་ལ་བདེན་འཛིན་གཅོད་པའི་གཉེན་པོར་འདོད་དོ། །སྒྲུབ་པའི་རྟེན་དཀོན་མཆོག་གསུམ་ལ་འདོམས་པ་ལ་གཉིས་ཏེ། དཀོན་མཆོག་གསུམ་པོའི་ངོ་བོ། སྐྱབས་སུ་འཇོག་པའི་ཚུལ་ལོ། །དང་པོ་ལ་སངས་རྒྱས་དཀོན་མཆོག་ནི་ཡོན་ཏན་དྲུག་དང་ལྡན་པ་སྟེ། འདུས་མ་བྱས་པའི་ཡོན་ཏན་ནི་ཆོས་དབྱིངས་རང་བཞིན་རྣམ་དག་སྟེ། སྐྱེ་འཇིག་གནས་གསུམ་དང་བྲལ་བའོ། །ལྷུན་གྱིས་གྲུབ་པའི་ཡོན་ཏན་ནི་དྲི་མ་ཐམས་ཅད་དང་བྲལ་བའོ། །གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་ཡོན་ཏན་ནི་མཉམ་པར་འཇོག་པའི་རྣལ་འབྱོར་པའི་སོ་སོ་རང་གིས་རིག་པར་བྱ་བའོ། །གསུམ་པོ་འདི་ནི་རང་དོན་གྱི་ཡོན་ཏན་ནོ། །ཁྱད་པར་གསུམ་པོ་དེ་ཉིད་རང་བྱུང་གིས་ཐུགས་སུ་ཆུད་པ་ནི་མཁྱེན་པའི་ཡོན་ཏན་ཡིན་ལ། རང་གིས་ཐུགས་སུ་ཆུད་པ་ལྟར་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་སྟོན་པ་ནི་བརྩེ་བའི་ཡོན་ཏན་ནོ། །མཁྱེན་བརྩེ་གཉིས་ཀྱིས་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་པ་ནི་ནུས་པའི་ཡོན་ཏན་ཏེ་གཞན་དོན་གྱི་ཡོན་ཏན་གསུམ་མོ། །ཆོས་དཀོན་མཆོག་ནི་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་ཡོན་ཏན་དྲུག་ལྡན་ནོ། །འགོག་བདེན་ནི་ཡོན་ཏན་གསུམ་དང་ལྡན་པ་སྟེ། རྟོག་གེའི་བློས་མུ་བཞིར་བརྟགས་པར་མི་ནུས་པའི་ཕྱིར། བསམ་དུ་མེད་པའི་ཡོན་ཏན་དང་ལྡན་ནོ། །ལས་དང་ཉོན་མོངས་པ་གཉིས་མེད་པའི་ཕྱིར་གཉིས་སུ་མེད་པའི་ཡོན་ཏན་དང་ལྡན་ནོ། །རྒྱུ་ཚུལ་བཞིན་མིན་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་ཞི་བའི་ཡོན་ཏན་དང་ལྡན་ནོ། །ལམ་བདེན་ལ་ཡང་ཡོན་ཏན་གསུམ་སྟེ། ཉེ་བའི་ཉོན་མོངས་ཀྱི་དྲི་མས་དག་པ་དང༌། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་གསལ་བར་བྱེད་པ་དང༌། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་མུན་པའི་གཉེན་པོ་བྱེད་པའོ། །དགེ་འདུན་དཀོན་མཆོག་ལ་ཡང་ཡོན་ཏན་དྲུག་སྟེ། རིག་པ་གསུམ་དང༌། གྲོལ་བ་གསུམ་མོ། །དང་པོ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་རྟོགས་པ་ཇི་ལྟ་བ་རིག་པ་དང༌། འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་བ་ཇི་སྙེད་པ་རིག་པ་དང༌། ཡེ་ཤེས་གཉིས་པོ་སོ་སོ་རང་གིས་རིག་པའི་བློའོ། །གྲོལ་བ་ལ་གསུམ་སྟེ། མཉམ་བཞག་གི་ཡེ་ཤེས་ཀྱིས་ཆགས་པའི་སྒྲིབ་པ་ལས་གྲོལ་བ་དང༌། རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་ཐོགས་པའི་སྒྲིབ་པ་ལས་གྲོལ་བ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དང་ཉེ་བས་དམན་པའི་སྒྲིབ་པ་ལས་གྲོལ་བའོ། །གཉིས་པ་སྐྱབས་སུ་འཇོག་པའི་ཚུལ་ལ་གཉིས་ཏེ། གནས་སྐབས་སྐྱབས་གསུམ་དུ་གཞག་པ་དང༌། མཐར་ཐུག་གི་སྐྱབས་གཅིག་ཏུ་བསྒྲུབ་པའོ། །དང་པོ་ནི། གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གསུམ་དུ་རྣམ་པར་ཕྱེ་བ་སྟེ། སངས་རྒྱས་ཀྱི་ཐེག་པའི་དབང་དུ་བྱས་ནས་སངས་རྒྱས་དཀོན་མཆོག་སྐྱབས་སུ་རྣམ་པར་རྟོག་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་དངོས་པོ་དོན་དུ་གཉེར་བའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ཐེག་པའི་དབང་དུ་བྱས་ནས་ཆོས་དཀོན་མཆོག་སྐྱབས་སུ་བཞག་སྟེ། འདི་དག་ནི་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་པ་དོན་དུ་གཉེར་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་དབང་དུ་བྱས་ནས་དགེ་འདུན་དཀོན་མཆོག་སྐྱབས་སུ་བཞག་སྟེ། དེ་དག་ནི་དགེ་འདུན་གྱི་དངོས་པོ་ཐོབ་པ་དོན་དུ་གཉེར་བའི་ཕྱིར་རོ། །འདི་ནི་ངེས་ལེགས་དོན་དུ་གཉེར་བའི་གང་ཟག་གསུམ་གྱི་དབང་དུ་བྱས་ནས་རང་རང་གི་ཐོབ་བྱ་སྐྱབས་སུ་རྣམ་པར་བཞག་སྟེ། ཐེག་པ་གསུམ་ལ་གནས་པས་རང་རང་གི་ཐོབ་བྱའི་འབྲས་བུ་ཐོབ་པས་ན། འཁོར་བའི་འཆིང་བ་ལས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར། དོན་དེ་ཉེ་བར་བཟུང་ནས་གསུམ་པོ་སྐྱབས་སུ་རྣམ་པར་བཞག་པ་ཡིན་ནོ། །འདི་ལ་འབྲས་བུའི་སྐྱབས་གནས་ཞེས་བཤད་དོ། །མངོན་མཐོ་དོན་དུ་གཉེར་བའི་གང་ཟག་གི་དབང་དུ་བྱས་པ་ནི་སངས་རྒྱས་ལ་བྱ་བ་བྱེད་པར་མོས་པ་ལ་སངས་རྒྱས་དང༌། ཆོས་ལ་བྱ་བ་བྱེད་པར་མོས་པ་ལ་ཆོས་དང༌། དགེ་འདུན་ལ་བྱ་བ་བྱེད་པར་མོས་པ་ལ་དགེ་འདུན་སྐྱབས་སུ་བཞག་གོ །གལ་ཏེ་གང་ཟག་རེ་རེ་ཡང་དཀོན་མཆོག་གསུམ་ཀ་ལ་སྐྱབས་སུ་འགྲོ་བ་མིན་ནམ་ཞེ་ན། དེ་ནི་གང་ཟག་གཞན་རྒྱུད་ཀྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་དེ་ལ་སྐྱབས་སུ་འགྲོ་བ་སྟེ། འདི་ལ་ནི་རྒྱུའི་སྐྱབས་འགྲོ་ཞེས་བརྗོད་དོ། །འདིར་རྟེན་འབྲེལ་ཟབ་མོའི་རྟོགས་པ་ལ་ཆོས་དང༌། གང་ཟག་ཟུང་བཞི་ལ་དགེ་འདུན་དུ་བྱས་ནས་སྐྱབས་སུ་བཞག་པ་ནི་གནས་སྐབས་ཀྱི་སྐྱབས་ཀྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ནི། དེ་ལས་མཐར་ཐུག་གི་སྐྱབས་གནས་ནི་སངས་རྒྱས་ཁོ་ན་སྟེ། ཇི་ལྟར་ཞེ་ན། ཆོས་ལ་ལུང་དང་རྟོགས་པ་གཉིས་ལས། ལུང་ནི་རྟོགས་པ་མཐར་ཐུག་པ་ན་ཕ་རོལ་ཏུ་ཕྱིན་ཟིན་པའི་གཟིངས་ལྟར་དགོས་པ་མེད་པའི་ཕྱིར་རོ། །འདི་ནི་ཞར་ལས་བྱུང་བ་ཙམ་མོ། །གནས་སྐབས་གསུམ་དུ་བཞག་པ་ལ། རྟོགས་པའི་ཆོས་ལ་ལམ་བདེན་ནི་གཏན་དུ་བའམ་བརྟན་པའི་སྐྱབས་མིན་ཏེ་བསླུ་བའི་ཆོས་ཅན་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་རྣམ་མཁྱེན་ཡང་བསླུ་བའི་ཆོས་ཅན་དུ་ཐལ་བར་འགྱུར་བས་གཏན་དུ་བའམ་བརྟན་པའི་སྐྱབས་མིན་པར་འགྱུར་རོ་ཞེ་ན། འདུས་བྱས་ཐམས་ཅད་ནི་རེས་འགའ་བའི་དངོས་པོ་ཡིན་པས་གཏན་དུ་བའམ་བརྟན་པའི་སྐྱབས་སུ་ཇི་ལྟར་འགྱུར། གནས་སྐབས་སྐྱབས་གསུམ་དུ་བཞག་པ་དེ་དག་ལས་འགོག་པའི་བདེན་པ་ནི་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་གྱི་མཐར་ཐུག་གི་ཡོན་ཏན་དང་མི་ལྡན་པའི་ཕྱིར་རོ། །འདིར་གནས་སྐབས་སྐྱབས་གསུམ་དུ་བཞག་པ་ལས་ཕྱེ་བའི་ཆོས་ལ་འགོག་ལམ་གཉིས་ལས་འགོག་པ་རང་རྒྱལ་གྱི་ལྷག་མ་མེད་པའི་མྱང་འདས་བཟུང་སྟེ། གནས་སྐབས་སྐྱབས་གསུམ་དུ་བཞག་པའི་ཆོས་དང༌། དགེ་འདུན་མཐར་ཐུག་གི་སྐྱབས་མ་ཡིན་པར་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །ཉན་ཐོས་ཀྱི་ངོར་ཉན་ཐོས་ཀྱི་ལྷག་མེད་ཀྱི་མྱང་འདས་དཔེར་བཟུང་ནས་དེ་མཐར་ཐུག་གི་སྐྱབས་མིན་པར་བསྟན་པ་ཡིན་ཏེ། གནས་སྐབས་སྐྱབས་གསུམ་དུ་བཞག་པའི་དགེ་འདུན་ཡང་མཐར་ཐུག་གི་སྐྱབས་མིན་ཏེ། སྒྲིབ་གཉིས་ཀྱི་འཇིགས་པ་དང་བཅས་པའི་ཕྱིར་རོ། །འདིར། །གཏན་གྱི་སྐྱབས་མཆོག་མ་ཡིན་ཏེ། །ཞེས་འབྱུང་བ་ལ་གཏན་དུ་ཞེས་པའི་སྒྲས་དོན་གཉིས་བསྟན་ཏེ། བརྟན་པ་དང༌། མཐར་ཐུག་པའོ། །ལམ་ཤེས་གཏན་གྱི་སྐྱབས་མིན་པར་བསྒྲུབས་ལ། གཞན་རྣམས་ནི་མཐར་ཐུག་གི་སྐྱབས་མིན་པ་ལ་སྦྱར་རོ། །གཞན་གྱིས་འབད་ཀྱང་རྟོགས་པར་དཀའ་བའི་དོན། །བློ་གྲོས་ཉིན་མོར་བྱེད་པའི་འོད་སྟོང་ཅན། །ལུང་རིགས་བྱེ་བའི་འོད་ཟེར་འབར་བ་ཡིས། །ལེགས་བཤད་གེ་སར་སྙིང་པོ་གསལ་བར་བྱས། །འདིར་དགེ་འདུན་དཀོན་མཆོག་གི་སྐབས་སུ་ཉན་ཐོས་ཀྱི་དགེ་འདུན་ལ་བར་མ་དོར་མྱ་ངན་ལས་འདའ་བར་བཤད་པ་ནི། འགའ་ཞིག་མཛོད་འགྲེལ་ལས་འདི་ལྷག་མེད་མྱང་འདས་སུ་བཤད་པ་ནི་ལྷག་མེད་ལ་ཉེ་བ་ལ་དགོངས་ཀྱི་དང་པོར་ལྷག་བཅས་མ་ཐོབ་པར་ལྷག་མེད་དུ་མྱ་ངན་ལས་འདའ་བ་མི་སྲིད་དོ་ཞེས་ཟེར་རོ། །ཡང་བར་དོ་ནི་སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པས་མྱང་འདས་ཐོབ་པ་དང་སྲིད་པ་ཚོལ་བའི་ངང་ཚུལ་ཅན་འཇིགས་པ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་འབྱུང་བས་ལྷག་མེད་དུ་མྱ་ངན་ལས་འདའ་འོ་སྙམ་པ་ཡང་ཡོད་མོད་ཀྱི། དོན་ནི་འདི་ཡིན་ཏེ། མཛོད་ལས། བགྲོད་པའི་གནས་སུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་འབྱུང་བ་མིན། །ཞེས་གསུངས་པ་ལྟར་སྲིད་པ་བར་མ་དོ་ནི་སྔོན་གྱི་ལས་ཀྱི་རྣམ་སྨིན་གྱི་ཕུང་པོ་བླངས་མ་ཟིན་པས་སྐྱེ་བའི་རྣམ་སྨིན་གྱི་ཕུང་པོ་མ་བླངས་པ་མྱ་ངན་ལས་འདའ་བ་ཐོབ་པས་སྐྱེ་བའི་རྣམ་སྨིན་གྱི་ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདའ་བར་བསྟན་ཏོ། །གཞན་ནི་རྣམ་བཤད་ལས་ཇི་ལྟར་འབྱུང་བ་བཞིན་བཤད་པར་བྱའོ། །འགའ་ཞིག་འདིར་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་དུ་བཤད་པ་རྣམས་སྒྲ་ཇི་བཞིན་པའོ་ཞེ་ན། འདིར་རྒྱུན་ཞུགས་ཀྱི་ཐ་སྙད་ཀྱིས་གསུངས་པའི་བྱང་སེམས་འཕགས་པ་ཆོས་ཅན། རྒྱུན་ཞུགས་སོགས་ཀྱི་འབྲས་བུ་མངོན་དུ་བྱེད་པར་ཐལ། རྒྱུན་ཞུགས་དངོས་ཡིན་པའི་ཕྱིར། འདོད་ན། མདོ་ལས། ལམ་དེ་དག་ལ་འདྲིས་པར་བྱེད་ཀྱང་ཞུགས་པ་ནས་རང་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་མི་བྱེད་ཅེས་གསུངས་པ་དང་འགལ་ལོ། །ཡང་འདིར་ཕྱིར་འོང་དུ་གསུངས་པའི་བྱང་སེམས་འཕགས་པ་ཡང་ཆོས་ཅན། ད་ལྟའི་རྟེན་བོར་བའི་འོག་རོལ་དེ་ཉིད་ནས་བརྩམས་ཏེ་བར་མ་ཆད་དུ་འདོད་པར་སྐྱེ་བ་རིགས་མཐུན་དུ་ལེན་མི་སྲིད་པར་ཐལ། ལན་གཅིག་ཕྱིར་འོང་དངོས་ཡིན་པའི་ཕྱིར། ཕྱིར་མི་འོང་དུ་གསུངས་པ་ཡང་ཆོས་ཅན། ད་ལྟར་གྱི་རྟེན་དེ་བོར་བའི་འོག་རོལ་དེ་ཉིད་དུ་འདོད་པར་སྐྱེ་བ་ལེན་མི་སྲིད་པར་ཐལ། ཕྱིར་མི་འོང་དངོས་ཡིན་པའི་ཕྱིར། གཉིས་ཀ་འདོད་པ་མིན་ཏེ། འདོད་པར་གཞན་དོན་དུ་སྐྱེ་བ་ཚད་མེད་པ་འཛིན་པའི་ཕྱིར་ཏེ། མདོ་ཀུན་ལས་བཏུས་ལས་བཤད་པ་བཞིན་ནོ། །འདིར་རང་སངས་རྒྱས་གསུངས་པ་ཡང་རང་སངས་རྒྱས་དངོས་ཡིན་ན་ཐེག་པ་འབྲིང་པོའི་གང་ཟག་ཏུ་ཐལ་བར་འགྱུར་རོ། །འདོད་ན། རང་གིས་བྱང་སེམས་འཕགས་པར་འདོད་པ་དང་འགལ་ལོ། །འདིར་སྲིད་རྩེའི་མཐར་ཐུག་འགྲོར་བཤད་པ་ཡང་གཟུགས་མེད་དུ་སྐྱེ་བ་ལེན་པར་འགྱུར་རོ། །འདོད་ན། ལས་དང་ཉོན་མོངས་པའི་དབང་གིས་སམ་གཞན་དོན་དུ་ཡིན་གྲང༌། དང་པོ་ལྟར་ན་བྱང་སེམས་འཕགས་པ་མ་ཡིན་པར་ཐལ། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པའི་ཕྱིར། གཞན་ཡང༌། བྱང་སེམས་འཕགས་པ་ནི་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་མེད་དེ། རྒྱུད་བླ་མ་ལས། ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་ལྟར་རོ། །ཕྱི་མ་ནི་མི་འཐད་དེ། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་གསུངས་པ་ལྟར་རོ། །གང་པོས་ཞུས་པ་ལས། དེ་གཟུགས་དང་གཟུགས་མེད་པའི་ནང་དུ་སྐྱེས་ནས་སྐྱེ་བོ་སྟོང་ཕྲག་མང་པོ་དག་མགུ་བར་མི་འགྱུར་ཞིང༌། སངས་རྒྱས་མཐོང་བ་ལས་ཕྱི་རོལ་དུ་འགྱུར་དུ་དོགས་པ་དང་གླེན་པའི་གནས་སུ་སྐྱེས་ཏེ། གླེན་པའི་གནས་སུ་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར་དུ་འོང་སྙམ་ནས་དེས་ཐབས་ལ་མཁས་པས་སྤོང་བར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དམིགས་པ་དང་ནི་རྣམ་པ་དང༌། །ཞེས་སོགས་ལ། ངེས་འབྱེད་ཆ་མཐུན་རྟེན་གྱི་གང་ཟག་གང་ལ་བརྟེན་པ། ཏིང་ངེ་འཛིན་གང་ལ་བརྟེན་པ། རྣམ་བཞག་བསྟན་པའོ། །དང་པོ་ལ་གཉིས་ཏེ། རང་གི་འབད་པས་སྐྱེ་བའི་རྟེན་དང༌། གཞན་གྱི་བྱིན་རླབས་ཀྱི་མཐུས་བསྐྱེད་པའི་རྟེན་ནོ། །དང་པོ་ནི་གླིང་གསུམ་གྱི་མི་དང་འདོད་པའི་ལྷའོ། །སྒྲ་མི་སྙན་དང་ངན་སོང་པ་རྣམས་འདིའི་རྟེན་མིན་ཏེ། བདེན་པ་མཐོང་བ་ལ་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར་དང༌། གཟུགས་དང་གཟུགས་མེད་པར་སྐྱེས་པའི་སོ་སྐྱེ་རྣམས་ནི་སྙོམས་འཇུག་གི་བདེ་བ་ལ་ཆགས་པས་འཁོར་བ་ལ་ཡིད་འབྱུང་ཆེན་པོ་མེད་པའི་ཕྱིར། གླིང་གསུམ་པོ་ཡང་མཚམས་མེད་པའི་ལས་བྱས་པ་ལ་མི་སྐྱེ་སྟེ། ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པའི་ཕྱིར། ཟ་མ་དང་མ་ནིང་རྣམས་ལ་ཡང་མི་སྐྱེ་སྟེ། བདེན་པ་མཐོང་བ་ལ་སྒྲིབ་པའི་ཉོན་མོངས་ཤས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །མཛོད་ལས། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་ཤས་ཆེ་ངན་འགྲོ་དང༌། །སྒྲ་མི་སྙན་པའི་སྒྲིབ་གསུམ་འདོད། །ཅེས་པ་ལྟར་རོ། །གཉིས་པ་གཞན་གྱི་བྱིན་རླབས་ཀྱི་མཐུས་བསྐྱེད་པའི་རྟེན་ནི། འདོད་པའི་ལྷ་མི་ལས་གཞན་པའི་འགྲོ་བ་པ་རྣམས་ལ་སྐྱེ་སྟེ། ཟ་མ་ཏོག་བཀོད་པའི་མདོར་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡུལ་ཝཱ་རཱ་ཎ་སཱིར་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་གསུངས་པའི་ཕྱིར་དང༌། ལྷའི་བུ་རབ་གནས་ཀྱིས་ཞུས་པ་ལས་འདོད་གཟུགས་ཀྱི་ལྷ་མང་པོ་ལ་མཐོང་ལམ་སྐྱེས་པ་བཤད་པའི་ཕྱིར་རོ། །གཉིས་པ་ཏིང་ངེ་འཛིན་གང་ལ་བརྟེན་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ཙམ་པོ་དང་ཁྱད་པར་ཅན་དང༌། བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པའི་དངོས་གཞི་དང༌། བསམ་གཏན་ས་དྲུག་པ་གང་ཡང་རུང་བ་ལ་བརྟེན་ནོ། །བསམ་གཏན་ཕྱི་མ་གསུམ་གྱི་ཉེར་བསྡོགས་ལ་མིན་ཏེ། འོག་མའི་དངོས་གཞི་མ་ཐོབ་བར་གོང་མའི་ཉེར་བསྡོགས་མི་ཐོབ་ལ། འོག་མའི་དངོས་གཞི་ཐོབ་ནས་ཉེར་བསྡོགས་ལ་བརྟེན་པ་མིན་ཏེ། ལམ་སྒྲུབ་སླ་བ་དངོས་གཞི་ཐོབ་ན་སྒྲུབ་དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དངོས་གཞི་ནི་ལམ་སླ་བ་ཡིན་ཏེ། ཞི་གནས་དང་ལྷག་མཐོང་མཉམ་པར་ཟུང་དུ་འཇུག་པའི་ཕྱིར་རོ། །ཉེར་བསྡོགས་ནི་ལམ་སྒྲུབ་དཀའ་བ་ཡིན་ཏེ། ལྷག་མཐོང་ཤས་ཆེ་ཞིང་ཞི་གནས་ཤས་ཆུང་བའི་ཕྱིར་རོ། །འོ་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་ལམ་སྒྲུབ་པ་མི་འཐད་པར་ཐལ། ལྷག་མཐོང་ཤས་ཆེ་ཞིང་ཞི་གནས་ཤས་ཆུང་བའི་ཕྱིར་རོ་ཞེ་ན། བསམ་གཏན་གྱི་དངོས་གཞི་མ་ཐོབ་ན་དངོས་གཞིའི་ཉེར་བསྡོགས་ལ་བརྟེན་དགོས་ཏེ། ཞི་གནས་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ལམ་སྒྲུབ་དགོས་པ་གང་ཞིག རྟེན་གཞན་མེད་པའི་ཕྱིར་རོ། །ལག་པ་གཡས་པ་མེད་ན་གཡོན་པ་ལ་བརྟེན་དགོས་པ་བཞིན་ནོ། །གཟུགས་མེད་ལ་ཡང་མིན་ཏེ། འདི་བདེན་པ་མཐོང་བའི་སྦྱོར་བས་ལྷག་མཐོང་ཤས་ཆེན་པོ་ཐོབ་དགོས་པ་ལ་གཟུགས་མེད་ལ་ལྷག་མཐོང་ཤས་ཆུང་བའི་ཕྱིར་རོ། །མཛོད་ལས། བསམ་གཏན་དག་གི་ས་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །འོག་ཏུ་འཆད་པའི་མཐོང་ལམ་ལ་ཡང་ལུས་གང་ལ་བརྟེན་པ་དང༌། ཏིང་ངེ་འཛིན་གང་ལ་བརྟེན་པ་སོགས་འདིས་རིགས་པར་བྱའོ། །གསུམ་པ་ངེས་འབྱེད་ཡན་ལག་རྣམ་གཞག་ལ་བཞི་སྟེ། མཚན་ཉིད། དབྱེ་བ། སོ་སོའི་དོན། བློ་རིགས་དཔྱད་པའོ། །དང་པོ་ནི། ཐར་པ་ཆ་མཐུན་རྫོགས་རྗེས་ཀྱི་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པའོ། །ཐོས་བསམ་གྱིས་བསྡུས་པ་མེད་པ་ཡང་མིན་ཏེ། ས་ཐོབ་ཀྱང་ཐོས་བསམ་ལྷུར་ལེན་དགོས་པའི་ཕྱིར་ཏེ། སྒོམ་ལམ་གྱི་སྐབས་སུ་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་དག་གིས་ཡང་དང་ཡང་དུ་སེམས་པ་དང་འཇལ་བ་དང༌། ངེས་པར་རྟོག་པ་དག་ནི་སྒོམ་པའི་ལམ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །སྒོམ་བྱུང་ཡང་གཉིས་ཏེ། ཀུན་རྫོབ་བདེན་པས་བསྡུས་པའི་ཡུལ་ཅན་དང༌། དོན་དམ་བདེན་པས་བསྡུས་པའི་ཡུལ་ཅན་ནོ། །དང་པོ་ནི། ཚད་མེད་པ་བཞི་བསྒོམ་པ་དང༌། ཟད་པར་གྱི་ཏིང་ངེ་འཛིན་བསྒོམ་པ་དང༌། མི་སྡུག་པའི་ཏིང་ངེ་འཛིན་བསྒོམ་པ་སོགས་སོ། །གཉིས་པ་ནི། གཟུང་འཛིན་རང་བཞིན་མེད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་དབྱེ་བ་ནི། དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་དང་བཞིའོ། །གསུམ་པ་སོ་སོའི་དོན་ནི། དྲོད་ནི། ཚོགས་ལམ་དུ་གཟུང་འཛིན་རང་བཞིན་མེད་པ་ཚད་མས་གཏན་ལ་ཕབ་པའི་དོན་སྒོམ་པའི་མཐུས་ཤེས་པ་ལས་རྫས་ཐ་དད་པའི་གཟུང་བ་རང་བཞིན་མེད་པ་ལ་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །རྩེ་མོ་ནི། ཆོས་ཀྱི་སྣང་བ་འཕེལ་བའི་ཆེད་དུ་བརྩོན་པས་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་ནོ། །བཟོད་པ་ནི། གཟུགས་མེད་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་བརྟན་ཅིང༌། གང་ཟག་རྫས་ཡོད་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །ཆོས་མཆོག་ནི། བཏགས་པའི་ཆོས་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །ཡང་ན་དྲོད་ནི། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའོ། །རྩེ་མོ་ནི། དེ་ཉིད་ལ་རྟོགས་པ་བརྟན་ཅིང་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པ་དང༌། བཟོད་པ་ནི། དེ་ཉིད་ལ་ཡང་རྟོགས་པ་བརྟན་ཅིང་འཛིན་པར་གྲགས་པའི་གང་ཟག་རྫས་ཡོད་རང་བཞིན་མེད་པ་ལ་གསལ་སྣང་དང༌། ཆོས་མཆོག་ནི། དེ་ཉིད་ལ་རྟོགས་པ་བརྟན་ཅིང་བཏགས་པ་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་སྐྱེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་ནོ། །བཞི་པ་བློ་རིགས་དཔྱད་པ་ནི། ཚད་མ་དང་ཚད་མིན་གང་དུ་བཟུང་བར་བྱ་ཞེ་ན། རྟོག་གེ་པ་ལྟར་ན་རྟོགས་ཟིན་གྱི་དོན་ལ་འཇུག་པའི་དྲན་པ་ཡིན་ཞིང་ཚད་མ་མིན་ནོ་ཞེས་བཞད་ལ། དབུ་མ་པས་ནི་ཚད་མ་སྟེ། ཆོས་ཉིད་ཀྱི་དོན་ལ་མི་བསླུ་བའི་ཕྱིར་རོ། །མི་བསླུ་བ་ཙམ་གྱིས་ཚད་མར་གྲུབ་གྱི། ཡུལ་སྔར་མེད་གསར་དུ་རྟོགས་པ་ནི་མི་དགོས་སོ། །པྲ་མ་ན་ཞེས་པ་ལ་མ་ན་ནི་འཇལ་བ་སྟེ་བྱིངས་སོ། །པྲ་ནི་ཉེར་བསྒྱུར་རོ། །དེ་ཡང་པྲ་ཀ་ར་ཞེས་པ་དང༌། པྲ་ཛྙཱ་ཞེས་པ་རབ་ལ་འཇུག་པ་དང༌། པྲ་ཏཱིཙྪ་ཞེས་པ་སོ་སོ་ལ་འཇུག་པ་དང༌། དང་པོ་ལ་འཇུག་པ་རྣམས་ལས། རྟོག་གེ་པས་འདི་དང་པོ་ལ་འཇུག་པར་བཞེད་ལ། དབུ་མ་པས་རབ་ལ་འཇུག་པར་འདོད་པས་རབ་ཏུ་འཇལ་བས་ན་ཚད་མ་ཞེས་བྱའོ། །རྩོད་ཟློག་ལས། མངོན་སུམ་ཚད་མ། རྗེས་དཔག་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ། ལུང་ཚད་མ་དང་བཞིར་བཤད་དོ། །འདིར་ཚད་མ་བཞི་ལས་གང་བཟུང་ཞེ་ན། རྗེས་དཔག་སྟེ། རྟགས་ལ་བརྟེན་ནས་རང་བཞིན་མེད་པར་རྟོགས་པའི་དོན་སྤྱིའི་ཚུལ་གྱིས་འཛིན་པའི་བློ་ཡིན་པའི་ཕྱིར་རོ། །རྗེས་དཔག་ལ་རྒྱུ་མཚན་མེད་པར་འདོད་པ་ནི་རྟོག་གེ་པའི་འདོད་པའོ། །གལ་ཏེ་སྦྱོར་ལམ་མཉམ་གཞག་སྒྲ་དོན་འཛིན་པའི་རྟོག་པ་ཡིན་པར་འགྱུར་ཏེ། ཆོས་ཉིད་དོན་སྤྱི་འཛིན་པའི་བློ་ཡིན་པའི་ཕྱིར། འདོད་ན། ཆོས་ཉིད་ཀྱི་དོན་ལ་གསལ་སྣང་ཐོབ་པར་ཐལ་ལོ་ཞེ་ན། སྒྲ་དོན་འདྲེས་རུང་འཛིན་པའི་རྟོག་པ་ལ་ཡང་གསལ་སྣང་ཡོད་དེ། བསྐྱེད་རིམ་གོམས་པས་གསལ་སྣང་མཐོང་བའི་ཕྱིར་དང༌། གོམས་པ་ཆེ་ཆུང་གི་བྱེ་བྲག་གིས་ཡུལ་གསལ་བར་དྲན་མི་དྲན་གྱི་བྱེ་བྲག་ཀྱང་ཡོད་པའི་ཕྱིར་དང༌། རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བར། །མཐོང་ཕྱིར་ཞེས་གསུངས་པའོ། །གལ་ཏེ། རྣམ་རྟོག་རྗེས་སུ་འབྲེལ་བ་ལས། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་འབྱུང་བ་མིན་ནམ་ཞེ་ན། དོན་རང་མཚན་མི་སྣང་བ་ལ་དགོངས་ཀྱི། རྟོག་པ་ལ་གསལ་སྣང་བཀག་པ་མིན་ནོ། །ཆོས་ཅན་བརྗོད་པ་ཆད་པའི་དོན་བརྗོད་པ་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་པས་དམིགས་པ་དང་པོ་བདེན་པའི་རྟེན་ཅན་དུ་བསྟན་པ་ལྟར། དམིགས་རྣམ་ཕྱི་མ་རྣམས་སྟོན་པའི་གཞུང་གིས་ཀྱང་ཆོས་ཅན་བདེན་བཞིའི་རྟེན་ཅན་དུ་སྟོན་རིགས་པ་ལས། བདེན་བཞིའི་རྟེན་ཅན་དུ་མ་བསྟན་པར་དམིགས་རྣམ་གྱི་ཆོས་འབའ་ཞིག་བརྗོད་པས་དམིགས་རྣམ་ཕྱི་མ་སྟོན་པའི་གཞུང་ལ་ཐོས་བསམ་བྱས་ཀྱང་བདེན་བཞིའི་དོན་མི་རྟོགས་ཤིང༌། དམིགས་རྣམ་བསྒོམ་ཡང་བདེན་བཞིའི་དོན་ལ་སྒྲོ་འདོགས་མི་ཆོད་པར་འགྱུར་རོ་ཞེ་ན། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་བྱ་བ་མ་གཏོགས་པར་དམིགས་པ་ལྷག་མ་དང༌། རྣམ་པ་ལྷག་མ་རྣམས་ཁྱད་པར་ཅན་གྱི་ཆོས་ཅན་བདེན་བཞི་དང༌། ཆོས་དམིགས་པ་དང་རྣམ་པ་རྣམས་རྟེན་དང་རྟེན་ཅན་གྱི་ཚུལ་དུ་བརྗོད་པས་བརྗོད་པར་བྱ་བ་ཡིན་ཡང་ཁྱད་པར་ཅན་བདེན་པ་བཞི་པོ་རྣམས་ཀྱི་ཆོས་དམིགས་པ་དང་རྣམ་པ་འབའ་ཞིག་བརྗོད་པས་ཐམས་ཅད་དུ་ཆོས་ཅན་བདེན་བཞི་མི་རྟོགས་པའི་སྐྱོན་མེད་དེ། ཆོས་བརྗོད་པས་ཆོས་ཅན་རྟོགས་པར་འགྱུར་བའི་ཕྱིར་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་ལ་ཁྱད་པར་གཞན་སྤང་བའི་ཚུལ་གྱིས་བརྗོད་པ་དང༌། མི་སྤོང་བའི་ཚུལ་གྱིས་བརྗོད་པ་མ་གཏོགས་པར་བརྗོད་བྱའི་དོན་ལ་ཁྱད་པར་འགའ་ཡང་མེད་དོ་ཞེས་ལུགས་ལས་འབྱུང་བའི་ཕྱིར་རོ། །ལན་གྱི་རྣམ་པ་གཅིག་ཏུ་ན་ཞེས་སོགས་ཀྱི་དོན་ནི། དམིགས་པ་དང་པོ་བདེན་བཞིའི་རྟེན་ཅན་དུ་བསྟན་པ་ལྟར་ཕྱི་མ་རྣམས་ཀྱང་བདེན་བཞིའི་རྟེན་ཅན་དུ་བསྟན་རིགས་པ་ལས་མ་བསྟན་པའི་ཕྱིར་བདེན་བཞིའི་ཆོས་མིན་ནོ་སྙམ་ན། དམིགས་པ་དང་པོའི་བརྗོད་ཚུལ་ལས་ཐ་དད་པར་བདེན་བཞིའི་རྟེན་ཅན་དུ་མ་བསྟན་པར་དམིགས་རྣམ་གྱི་ཆོས་འབའ་ཞིག་བརྗོད་ཀྱང༌། དམིགས་རྣམ་ལྷག་མ་རྣམས་སྡུག་བསྔལ་ལ་སོགས་པའི་བདེན་པར་རྟོགས་པ་ཁོ་ནར་གཞག་པར་བྱ་བ་ཡིན་ཏེ། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་པའི་དོན། མངོན་པར་ཞེན་པ་བཀག་པ་དང་ལྡན་པའི་བདེན་བཞི་དག གཟུགས་སོགས་འདུ་འགོད་བྲལ་ཞེས་པའི་དོན་དེ་ཁོ་ནར་སྒྲུབ་པ་དང་དགག་པར་འགྱུར་བའི་བདེན་བཞི་དག་ཡིན་པའི་ཕྱིར། འོ་ན་དམིགས་རྣམ་ཕྱི་མ་རྣམས་ཀྱང་བདེན་བཞིའི་རྟེན་ཅན་དུ་ཅིའི་ཕྱིར་དངོས་སུ་མ་བརྗོད་ཅེ་ན། ཚིག་ལེའུར་བྱས་པའི་བསྡེབས་པའི་ངོར་མཛད་ནས་མ་བརྗོད་དོ། །འོག་མ་དག་ལ་ཡང་དམིགས་རྣམ་བདེན་བཞིར་གཏོགས་པ་དེ་བཞིན་དུ་ཤེས་པར་བྱའོ། །ལྡན་པ་རྣམ་རྟོག་བཤད་པ་ལ། །གཞུང་ལུགས་རྣམས་སུ་ཡང་སྤང་བྱའི་རྟོག་པ་ཇི་སྙེད་གསུངས་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་བསྡུས་ཏེ། བག་ཆགས་ཡོངས་སུ་སད་པའི་མཐུ་ལས་གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་ནི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་སྟེ། མངོན་པར་ཞེན་པའི་རྣམ་པ་ཅན་དུ་གསུངས་པའི་ཕྱིར་ཏེ། གཟུང་རྟོག་ལ་བླང་བ་དང་དོར་བའི་སྒོ་ནས་གཟུང་བའོ་ཞེས་གཟུང་བ་རྣམ་པར་རྟོག་པ་ཞེས་གསུངས་པ་དང༌། རྫས་འཛིན་རྟོག་པ་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ཞེས་གསུངས་པ་དང༌། བཏགས་འཛིན་རྟོག་པ་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་ཞེས་གསུངས་པས་སོ། །ཉེས་པ་ཐམས་ཅད་ཀྱི་རྩ་བ་གང་ཟག་གི་བདག་ཏུ་འཛིན་པ་དང་ཆོས་ཀྱི་བདག་ཏུ་འཛིན་པ་ཡིན་པས་ལུང་དང་རིགས་པས་འདི་གཉིས་ཀྱི་ཡུལ་བདག་འདི་འགོག་པའི་གནད་འདི་ཡིན་ནོ། །འདིར་ནི་བྱང་ཆུབ་སེམས་དཔའི་སྤང་བྱ་ཐུན་མོང་མ་ཡིན་པ་ཤེས་སྒྲིབ་ཉིད་དུ་སྟོན་པ་ཡིན་པས་ཉོན་སྒྲིབ་ཏུ་འཆད་པ་ནི་སྐབས་སུ་མ་བབས་སོ། །འགའ་ཞིག་འདིར་བསྟན་གྱི་རྟོག་པ་དགག་པའི་རྣམ་པ་ཅན་ཡིན་གྱི་སྒྲུབ་རྟོག་ནི་མིན་ཏེ། གཟུང་འཛིན་གཉིས་སུ་མངོན་པར་ཞེན་པ་ནི་སྦྱོར་ལམ་གྱི་ཁྱད་ཆོས་སུ་མི་འཐད་ལ། འདི་ནི་ཁྱད་པར་བྱེད་ཆོས་སུ་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་རྣམ་པ་ཡང་མངོན་ཞེན་མེད་པའི་རྣམ་པར་ཞུགས་པས་ཁྱད་པར་འཕགས་ཆོས་སུ་བཤད་པས་རྣམ་པའི་ཁྱད་པར་བྱེད་ཆོས་ཟློས་པ་ཉིད་དུ་འགྱུར་ཞིང༌། རྟོག་པ་རང་བཞིན་མེད་པའི་རྣམ་པ་ཅན་ཡིན་ན་གཉེན་པོ་མཐོང་སྒོམ་ལམ་གྱི་སྤང་བྱའི་གཙོ་བོ་མིན་པར་འགྱུར་ཏེ། དེ་དང་འཛིན་སྟངས་མཐུན་པའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་སྦྱོར་ལམ་མཉམ་གཞག་དང་འཛིན་སྟངས་མི་མཐུན་པར་ཞུགས་པའི་སྒོ་ནས་དངོས་སུ་གནོད་བྱེད་མིན་པར་ཐལ་བར་འགྱུར་ཏེ། མངོན་རྟོགས་རྒྱན་ལས་ཀྱང་སྒྲུབ་རྟོག་ཏུ་གསུངས་ཤིང༌། ཉི་ཁྲི་སྣང་བ་དང་འགྲེལ་ཆུང་གཉིས་ཀར་ཡང་སྒྲུབ་རྟོག་ཏུ་དངོས་སུ་གསུངས་པ་ཡིན་ནོ། །འགའ་ཞིག་རྟོག་པ་གསུམ་པ་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་བདག་རང་དབང་ཅན་ལ་འཛིན་པར་རྟོག་པ་སོགས་ནི་དགག་རྟོག་ཏུ་བཤད་དགོས་ཀྱི་སྒྲུབ་རྟོག་ཏུ་མི་རུང་སྟེ། གང་ཟག་གི་བདག་འཛིན་དུ་ཐལ་བས་ཉོན་མོངས་པར་འགྱུར་རོ་ཞེས་གསུངས་སོ། །བདག་འཛིན་ནི་ཕུང་པོ་ལ་དམིགས་ནས་བདག་གི་རྣམ་པ་ཅན་དུ་སྐྱེ་ལ། འདི་ནི་བདག་ལ་དམིགས་ནས་འཛིན་པ་པོར་ཞེན་པས་འདྲ་བ་མིན་ནོ། །དེས་ན་འདི་ཡང་སྒྲུབ་རྟོག་ཁོ་ནའོ། །ཁྱད་པར་བྱེད་ཆོས་སུ་འགྱུར་བ་ནི་ལྡན་ཚུལ་གྱི་སྒོ་ནས་གཞག་པར་བྱའོ། །ལྡན་ཚུལ་ནི་སྤང་བྱར་ལྡན་པ་སྟེ། སྦྱོར་ལམ་ནི་རྟོགས་པ་བཞི་པོ་ཡོངས་སུ་གཅོད་པར་བྱེད་པ་ཡིན་པས། རྟོག་པའི་ས་བོན་ཡོངས་སུ་སྤོང་བྱེད་མཐོང་སྒོམ་གྱི་སྦྱོར་བ་ཡིན་པའི་ཕྱིར། ཡོངས་འཛིན་ཡང་ཡོངས་སུ་འཛིན་ཚུལ་དང༌། བདེན་བཞི་ཡང་དམིགས་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་ཆོས་སུ་གཞག་པར་བྱའོ། །རྩ་བར་ལྡན་ཞེས་སྨྲོས་པའི་དོན་འགྲེལ་པས་འབྲེལ་པ་ཞེས་སོགས་སྨྲོས་པ་ནི་སྤང་གཉེན་དུ་འབྲེལ་ཏེ། སྒོམ་པའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་པ་ལྟར་རོ། །དབྱེ་བ་ཡུལ་གཟུང་འཛིན་གྱི་དབྱེ་བས་གཟུང་རྟོག་དང༌། འཛིན་རྟོག་གཉིས་སོ། །གཟུང་འཛིན་གྱི་རྣམ་རྟོག་ནི་གསུམ་དུ་བཤད་དེ། སྐྱེ་མཆེད་ཀྱི་གཟུང་འཛིན། ཡུལ་ཡུལ་ཅན་གྱི་གཟུང་འཛིན། བདག་དང་བདག་གི་བའི་གཟུང་འཛིན་ནོ། །དང་པོ་ནི་ཡུལ་གཟུགས་སོགས་གཟུང་བ་དང༌། མིག་སོགས་དབང་པོ་ལྔ་འཛིན་པའོ། །གཉིས་པ་ནི་ཡུལ་གཟུང་བ་ཡིན་ལ། ཡུལ་ཅན་གྱི་བློ་ནི་འཛིན་པའོ། །གསུམ་པ་ནི་ལོངས་སྤྱོད་ཡུལ་ཅན་གྱི་གཟུང་བ་ཡིན་ལ། ལོངས་སྤྱོད་ཀྱི་བདག་ནི་འཛིན་པའོ། །འདིར་འཛིན་རྟོག་གི་སྐབས་སུ་བཤད་པའི་འཛིན་པ་ནི་གང་ཟག་ཏུ་གཟུང་བར་བྱའོ་ཞེས་བཤད་ཀྱང༌། འཛིན་པ་ལ་རྣམ་པ་གཉིས་ཏེ། གང་ཟག་ལ་བརྗོད་པ་དང༌། ཆོས་ལ་བརྗོད་པའོ། །གང་ཟག་ལ་ཡང་རྣམ་པ་གཉིས་ཏེ། སོ་སོ་སྐྱེ་བོས་ཕུང་པོ་ལ་རིལ་པོའི་བདག་ཏུ་གཟུང་བ་དང༌། འཕགས་པས་བཏགས་པ་ཙམ་དུ་འཛིན་པའོ། །ཆོས་ཀྱི་འཛིན་པ་ནི་གཉིས་ཏེ། སེམས་དང་སེམས་ལས་བྱུང་བའོ། །བཤད་མ་ཐག་པའི་གཟུང་འཛིན་གཉིས་ཀྱི་དབྱེ་བས་གཉིས་སུ་བསྟན་པ་ལས། གཟུང་བ་ལས་ཀུན་ནས་ཉོན་མོངས་པའི་རྟེན་ཅན་དང་གཉེན་པོའི་རྟེན་ཅན་གཉིས་སུ་བསྟན་ཏེ། གཉེན་པོ་རྣམ་བྱང་ལ་ཡང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་རྣམ་བྱང་གཉིས་ཡོད་པས་འཇུག་པ་གཟུང་རྟོག་དང་ལྡོག་པ་གཟུང་རྟོག་གཉིས་སོ། །འཛིན་པ་ལ་ཡང་རྫས་སུ་འཛིན་པ་དང་བཏགས་པར་འཛིན་པ་གཉིས་སུ་ཕྱེ་བས་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་སོ། །བཏགས་འཛིན་རྟོག་པ་ལ་ཡང་སེམས་ཅན་དུ་གདགས་པ་དང༌། གདགས་པའི་རྒྱུ་མཚན་ལ་བརྟེན་པ་གཉིས་སོ། །སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་ཞེས་གསུངས་པ་ལྟར་རོ། །འགའ་ཞིག་འཕགས་པས་ངེས་འབྱེད་ཆ་མཐུན་བཞི་རྟོག་པ་བཞིའི་ངོ་བོར་འདོད་དོ་ཞེས་པ་ནི་དགོངས་པ་མ་རྟོགས་པ་སྟེ། འཕགས་པས་ཀྱང་རྩ་བ་ལྟར་རྟོག་པ་དང་ལྡན་པའི་དོན་དུ་འཆད་པར་མངོན་ཏེ། གལ་ཏེ་ངེས་འབྱེད་ཆ་མཐུན་བཞི་པོ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པར་འདོད་ན། འཛིན་སྟངས་འགལ་བའི་གཉེན་པོར་གང་གིས་སྤོང་བར་བྱེད་ཅེ་ན། སྤང་བྱ་ནི་གཉིས་ཏེ། འཛིན་སྟངས་འགལ་བའི་སྒོ་ནས་སྤང་བར་བྱ་བ་དང༌། གོམས་པའི་མཐུས་ཞར་ལ་སྤང་བར་བྱའོ། །ངེས་འབྱེད་ཆ་མཐུན་གྱི་ཞེན་པའི་ཆ་ནི་ཞར་ལ་སྤང་བར་བྱ་སྟེ། གསལ་སྣང་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པས་ཞེན་པ་འགྲིབ་པ་རིགས་པའི་ཚུལ་ཡིན་ནོ། །རྒྱས་པར་རྣམ་བཤད་ལས་ཤེས་པར་བྱའོ། །རྣམ་པར་དག་པ་བསྐྱེད་པ་ལ་གཟུང་བ་རྣམ་པར་རྟོག་པ་ཞེས་བྱ་བ་འདི་ལ། ལོ་ཙཱ་བས་རྣམ་པར་དག་པ་བསྐྱེད་པ་ནི་སྡུག་བསྔལ་བ་སྟེ། སྡུག་བསྔལ་མེད་ན་ངེས་འབྱུང་མེད། །ཅེས་གསུངས་པ་ལྟར་རོ། །ཨར་གྱིས་རྣམ་པར་དག་པ་འགོག་བདེན་བསྐྱེད་པ་ལམ་བདེན་ལ་འཆད་པ་སོགས་དུ་མ་ཡོད་ཀྱང་མི་འཐད་དེ། འགོག་བདེན་ལམ་བདེན་གྱི་བསྐྱེད་འབྲས་སུ་འགྱུར་བ་དང༌། སྡུག་བསྔལ་རྣམ་བྱང་སྐྱེད་བྱེད་དུ་འགྱུར་བ་ལས། དེར་མི་འཐད་པས་སོ། །རྣམ་པར་དག་པ་བསྐྱེད་པ་སོགས་སྒྲ་ཇི་བཞིན་དུ་བཟུང་ནས་ཀུན་ནས་ཉོན་མོངས་གཟུང་རྟོག་གི་དམིགས་ཡུལ་དུ་མི་འཐད་དོ་ཞེ་ན། འཕགས་པས་རྟོག་པ་དང་པོ་འདིའི་ཡུལ་ལ་ཀུན་ནས་ཉོན་མོངས་དང་རྣམ་བྱང་སྣ་ཚོགས་སུ་ཡོད་པས་གཞི་ཙམ་གྱིས་རྟོག་པ་ཞེས་བཤད་ལ། སློབ་དཔོན་གྱིས་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་ཞེས་བཤད་པ་ལྟར་ན། འཇིག་རྟེན་པའི་སེམས་རྣམ་པར་དག་པ་བསམ་གཏན་དང་གཟུགས་མེད་བསྐྱེད་པ་དང་ཞེས་པ་ལ་སྦྱར་རོ། །འདི་གཉིས་ནི་འཁོར་བའི་ཆོས་ཀྱིས་བསྡུས་པས་འདི་ལ་རྟོག་པ་ཀུན་ནས་ཉོན་མོངས་གཟུང་རྟོག་ཏུ་འཐད་དོ། །ཡོངས་འཛིན་ལ། སེམས་མི་འགོང་པ་ཉིད་ལ་སོགས། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་དང༌། དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པ་དང༌། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་སྦྱར་རོ། །སེམས་མི་འགོང་ཞིང་མི་སྐྲག་པ་ལ་སོགས་པ་ཞེས་གསུངས་ན། འགོང་པ་དང་སྐྲག་པའི་རྒྱུ་གང་ཡིན་ཞེ་ན། ཨརྻ་དེ་བའི་བཞི་བརྒྱ་པ་ལས། བློན་པོ་ཤིན་ཏུ་ཟབ་ཆོས་ལ། །སྐྲག་པ་སྐྱེ་བ་ཇི་ལྟ་བར། །དེ་བཞིན་གཞན་པ་ཤིན་ཏུ་ནི། །རྨད་བྱུང་ཆོས་ལ་སྐྲག་པ་སྐྱེ། །ཞེས་གསུངས་པ་ལྟར་རོ། །དངོས་པོ་མཐའ་དག་བདག་མེད་པ་ལ་སོགས་པར་སྟོན་པར་བྱེད་པ་ཞེས་པ་ལ་སྟོན་པའི་དོན་ནི། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང༌། །གཟུང་འོས་དེ་ཉིད་གཉིས་སྟོན་ལ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་སུམ་ཚོགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་ཞེས་སོགས་ལ། རྐུན་པོ་སྒོར་ཕྱུང་བའི་བྱ་བ་བྱེད་པ་ལྟར་གཉེན་པོ་བར་ཆད་མེད་ལམ་སྐྱེ་བའི་སྒྲུབ་པ་འབྱུང་ངོ༌། །དེའི་འོག་ཏུ་ཞེས་པ་འདིར་ཡང་སྦྱར་རོ། །སྒོ་འཕར་བཅད་པ་ལྟར་མི་མཐུན་ཕྱོགས་འགག་པ་རྣམ་གྲོལ་ལམ་གྱི་སྒྲུབ་པ་དག་འབྱུང་ངོ༌། །འདི་དུས་མཉམ་དུ་ཞེས་པའི་སྒྲ་འབྱུང་བ་ལ་བརྟེན་ནས་འདིར་བསྟན་གྱི་གཉེན་པོ་ཞེས་པ་དང༌། མི་མཐུན་ཕྱོགས་འགགས་པ་ཞེས་པ་དུས་མཉམ་དུ་འཆད་པ་ལྟར་ན། སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པ་བཅུ་གཉིས་ལས་མེད་པས་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གཉིས་སུ་འགྱུར་བས་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཞེས་འབྱུང་བ་དང་འགལ་བ་ཡིན་ནོ། །དཔེའི་སྐབས་སུ་རྐུན་པོ་ཕྱུང་བ་བར་ཆད་མེད་ལམ་དང༌། སྒོ་འཕར་བཅད་པ་རྣམ་གྲོལ་ལམ་གྱི་དཔེར་སྦྱོར་བ་མཛོད་འགྲེལ་ལས་བཤད་པ་ལྟར་བཀོད་པ་ཡིན་ནོ། །འོ་ན་འདིར་དུས་མཉམ་དུ་ཞེས་པའི་གཞུང་འབྱུང་བ་ཇི་ལྟར་འཆད་ཅེ་ན། གཉེན་པོ་སྐྱེ་བ་དང་མི་མཐུན་ཕྱོགས་འགགས་པ་དག་ཅེས་པའི་ཞར་ལ་འབྱུང་བ་སྟེ། ཚིག་ཟིན་ཙམ་ལ་བརྟེན་ནས་སྤང་གཉེན་སྐྱེ་འགག་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན་ཞེས་པའི་དྲི་བ་བཀོད་ན། དེའི་ལན་དུ་དུས་མཉམ་དུ་ཞེས་སྦྱར་རོ། །ཚུལ་འདི་རྣམ་དཔྱོད་མིག་ལྡན་པས། །རྟོགས་པར་འགྱུར་གྱི་གཞན་གྱིས་མིན། །རྣམ་བཀྲའི་གཟུགས་ཀྱི་དབྱེ་བ་དག །མིག་མེད་དག་ལ་ཡོད་དམ་ཅི། །དེའི་འོག་ཏུ་གཞན་གྱི་དོན་གྱི་གོ་རིམ་གྱི་སྒྲུབ་པ་བསྟན་ཏོ། །དེ་ཇི་ལྟ་བུ་ཞེ་ན། བསམ་པ་ཇི་ལྟ་བ་བཞིན་དུ་གཞུག་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཅན་ནོ། །གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་བསྟན་པ་ལ་ཞུགས་པའི་དོན་དུ་གཟུགས་སོགས་ཕྱི་རོལ་གྱི་དོན་ཡོད་པར་སྟོན་པ་ལྟ་བུའོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་བདག་མེད་པར་སྟོན་པ་དང༌། ཆོས་ཐམས་ཅད་སྒྱུ་མ་དང༌། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་ཞེས་པ་ལྟ་བུའོ་ཞེས་བཤད་ཀྱང་དབུ་མ་པའི་སྐབས་སུ་འདི་མི་བཟུང་ངོ༌། །འོ་ན་གང་ཞེ་ན། འཇུག་པ་ལས། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་ཞེས་གསུངས་ལྟར། །དེ་བཞིན་ཆོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་ལྟ་བུའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། འཁོར་འགའ་ཞིག་སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས། ང་ནི་འདས་པའི་སངས་རྒྱས་རྣམ་གཟིགས་སོ་ཞེས་གསུངས་པ་ལྟ་བུའོ། །མཉམ་པ་ཉིད་གསུམ་ནི། རྒྱུ་ཚོགས་གཉིས་རྫོགས་པར་མཉམ་པ་དང༌། འབྲས་བུ་སྐུ་གཉིས་ཐོབ་པ་དང༌། གཞན་དོན་ཕྲིན་ལས་མཉམ་པའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། ལམ་མིན་པ་ལམ་དུ་སྒྱུར་བའི་ལྡེམ་དགོངས་དང༌། ངན་པ་མཆོག་ཏུ་བསྒྱུར་བའི་ལྡེམ་དགོངས་གཉིས་པོ་ལྟ་བུ་སྟེ། ཇི་སྐད་དུ། ཕ་དང་མ་ནི་བསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་དང༌། ཡིད་མི་ཆེས་དང་བྱས་མི་གཟོ། །མི་གང་ཁྱིམ་འཇིག་བྱེད་པ་དང༌། །གོ་སྐབས་བཅོམ་དང་སྐྱུགས་པ་ཟ། །དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དང་པོ་ནི། ལས་དང་སྲེད་པ་སྤང་བྱ་ཞིང༌། །སྦྱོར་བའི་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་སྤྱོད་ཡུལ་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་བསྒྱུར་ནས་བཤད་དགོས་སོ། །གཉིས་པ་ནི། རང་གི་ཁོང་དུ་ཆུད་པས་གཞན་གྱིས་བསྟན་པ་ཙམ་ལ་ཡིད་མི་ཆེས་ཤིང་བྱས་པ་མི་གཟོ་བ་སྟེ་འདུས་མ་བྱས་ཀྱི་དབྱིངས་ཁོང་དུ་ཆུད་པ་དང༌། ཁྱིམ་དང་འདྲ་བའི་ཕུང་པོ་ལྔ་སྤངས་པ་དང༌། ཡང་སྲིད་ལེན་པའི་གོ་སྐབས་བཅོམ་པ་དང༌། སྐྱུགས་པ་ཟ་བ་ལྟར་འདོད་པའི་ཡུལ་ལ་མངོན་པར་ཞེན་པ་མེད་པར་སྤྱོད་ཅེས་བསྒྱུར་ནས་བཤད་པར་བྱ་བ་ལྟ་བུའོ། །དགོངས་པ་ཅན་བཞི་ནི་གཉེན་པོ་ལ་ལྡེམ་དགོངས་ཀྱི་ཁོངས་སུ་འདུས་པས་ལྡེམ་དགོངས་སྤྱི་དང་དགོངས་པ་ཅན་བྱེ་བྲག་ཏུ་གཟུང་ངོ༌། །འོ་ན་ཅིའི་ཕྱིར་དགོངས་ལྡེམ་དགོངས་ཞེས་གཉིས་སུ་ཐ་སྙད་རྣམ་པར་བཞག་ཅེ་ན། དགོངས་གཞིའི་ལྡོག་པ་ཉེ་བར་བཟུང་ནས་དགོངས་པ་ཅན་དང་གདུལ་བྱ་དེ་ཁོ་ན་ཉིད་ལ་དྲང་བའི་དགོངས་པའི་ལྡོག་པ་ཉེ་བར་བཟུང་ནས་ལྡེམ་དགོངས་སུ་གཞག་གོ །རྒྱས་པར་རྣམ་བཤད་ལས་འབྱུང་བ་བཞིན་ནོ། །སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་ཞེས་སོགས་ཀྱི་དོན་ནི། ངེས་འབྱེད་ཆ་མཐུན་སོགས་སྒྲུབ་པའི་གནས་སྐབས་ཐ་དད་པ་བཅུ་གསུམ་ཡོད་པའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཐ་དད་དུ་སྒྲུབ་པའི་རྟེན་དུ་བཞག་སྟེ། འོག་ཏུ་ཇི་སྐད་བཤད་པའི་སྒྲུབ་པའི་རྟེན་གྱི་དམིགས་པ་གང་ཡིན་ཞེ་ན་ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའ་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་གནས་སྐབས་ལ་རིགས་ཞེས་ཐ་སྙད་འདོགས་དགོས་སོ་ཞེས་བསྟན་ཏོ། །ཇི་ལྟར་རིགས་སུ་འཇོག་ཅེ་ན། བྱང་ཆུབ་སེམས་དཔའི་རིགས་སྐྱེ་མཆེད་དྲུག་གི་ཆོས་དབྱིངས་ལ་དམིགས་ཏེ་སྒོམ་པ་ལས་སེམས་ལ་རིམ་གྱིས་བདག་འཛིན་གྱི་དྲི་མ་དག་ནས་བྱང་ཆུབ་སེམས་དཔའི་རྒྱུད་ལ་འཕགས་པའི་ཡོན་ཏན་རིམ་གྱིས་སྐྱེ་བས་དེའི་སེམས་ཀྱི་ཆོས་དབྱིངས་དམིགས་པའི་སྒོ་ནས་རིགས་སུ་འཇོག་ལ། བྱང་ཆུབ་སེམས་དཔའ་ནི་སྒྲུབ་པའི་རྟེན་དུ་བསྟན་ཏོ། །ཡང་ན་ཇི་སྐད་བཤད་པའི་ཆོས་དབྱིངས་ཀྱི་གཞིར་གྱུར་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། དེའི་ཆོས་དབྱིངས་ལ་དམིགས་པའི་སྒོ་ནས་རིགས་ཞེས་བསྟན་ཏོ་ཞེས་བཤད་ན་ཡང་འབྱོར་བས་རྣམ་གྲངས་གཉིས་པོ་གང་ཡང་རུང་བར་བྱའོ། །གཞན་ནི་རྣམ་བཤད་ལས་འབྱུང་བ་བཞིན་ནོ། །དམིགས་པའི་བརྒལ་ལན་ནི། སེམས་ཙམ་པ་དག་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་ལ་སོགས་པའི་ཆོས་ཐམས་ཅད་སྒྲུབ་པའི་དམིགས་པར་འཇོག་པ་མི་འཐད་དེ། ཤིན་ཏུ་རྣམ་པར་དག་པར་ཆོས་དབྱིངས་ཡོངས་གྲུབ་ནམ་མཁའ་ལྟ་བུ་ཁོ་ན་དམིགས་པ་ཡིན་ནོ་ཞེས་ཟེར་རོ། །ཆོས་ཀྱི་དབྱིངས་ནི་ནམ་མཁའ་ལྟར་རོ་གཅིག་པས་སྒྲོ་འདོགས་རིགས་མི་འདྲ་བ་དུ་མ་བཅད་དུ་མེད་པའི་ཕྱིར། སྒྲོ་འདོགས་གཅིག་ཆར་བཅད་པས་དམིགས་པ་གཅིག་ཆར་དག་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པའི་སྐྱོན་གནས་སོ། །ཡང་ན་དྲི་མ་བདེན་པར་ཡོད་པས་བདེན་འཛིན་གྱི་བློ་སྤང་དུ་མི་རུང་བའི་ཕྱིར། དྲི་མ་དག་ཏུ་ཆུག་ཀྱང་ཡུལ་ཅན་བདེན་འཛིན་གྱི་དྲི་མ་སྤང་དུ་མི་རུང་བས་ཤིན་ཏུ་རྣམ་པར་དག་པ་ཐོབ་པར་འདོད་པའི་གནས་སྐབས་ན་ཡང་དག་པ་ཕྱོགས་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་འབྱུང་བས་དངོས་མེད་ནམ་མཁའ་ལྟར་རོ་གཅིག་པས་ཁྱད་ལ་ཡང་སྒྲིབ་པ་གཅིག་ཆར་དུ་དག་པར་ཐལ་བའི་སྐྱོན་མཚུངས་སོ་ཞེ་ན། རིགས་པས་བརྟགས་ན་བདེན་པའི་དངོས་པོ་མེད་པ་ལ་འདོད་དགོས་ཀྱི། མེད་དགག་ལ་འདོད་པ་མིན་པས་སྐྱོན་མཚུངས་པའི་གོ་སྐབས་ཡོད་པ་མིན་ནོ། །བློ་གྲོས་ཞན་པའི་སྐྱེ་བོ་ཡིས། །རིང་དུ་བརྟགས་ཀྱང་མ་རྟོགས་པ། །རྣམ་དཔྱོད་ཉི་མའི་འོད་ཟེར་གྱིས། །ལེགས་བཤད་འདབ་བརྒྱ་གསལ་བར་བྱས། །གོ་སྒྲུབ་ཀྱི་མཚམས་སྦྱར་བ་ནི། སྒྲུབ་པ་བཞིའི་ནང་ནས་དང་པོ་གོ་ཆའི་སྒྲུབ་པ་གསུངས་པ་ནི་ཞེས་སྦྱར་རོ། །སྒྲུབ་པ་བཞི་པོ་གནས་སྐབས་གང་ན་ཡོད་པར་འདོད་ཅེ་ན། སྤྱིའི་སྒྲུབ་པ་བསྟན་པ་དེ་ལྟར་བྱེ་བྲག་གི་སྒྲུབ་པ་གནས་སྐབས་གང་ན་ཡོད་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ནི་ཞེས་སྦྱར་རོ། །རིམ་པ་ཇི་ལྟ་བ་དང་ཇི་ལྟར་རིགས་པའི་རིམ་པ་ཞེས་འཆད་པ་ནི་མི་འཐད་དེ། རིགས་པས་མི་འཐད་ཅིང་རིམ་པའི་སྒྲ་མེད་པའི་ཕྱིར། སྦྱིན་པར་བྱེད་པས་ནི་ཞེས་སྡུད་པར་བྱེད་པ་དང་ཆོས་ཀྱི་སྦྱིན་པ་ལ་སོགས་པ་དང་ཞེས་པ་ནི་དང་པོའོ། །ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ལ་སོགས་པ་སྤོང་བ་དང་ཞེས་པ་ནི་གཉིས་པའོ། །སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ཉིད་ལ་བཟོད་པ་དང་ཞེས་པ་ནི་གསུམ་པའོ། །འདུན་པ་བསྐྱེད་པ་དང་ཞེས་པ་ནི་བཞི་པའོ། །ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ནི་ལྔ་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་དྲུག་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ཇི་ལྟར་ཤེས་རབ་ཀྱི་ཕར་ཕྱིན་དུ་བཞག་ཅེ་ན། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་ཞེས་འབྱུང་བས། སྨོན་ལམ་ཤེར་ཕྱིན་གྱི་ནང་དུ་འདུས་པར་ངེས་སོ། །གོ་རིམ་བཞིན་དུ་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་གོ་ཆ་ཉིད་ཀྱི་བྱེད་པ་དང༌། ཞེས་པ་ནི་གོ་ཆ་སྟོན་པའི་གཞུང་ངོ༌། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་གོ་ཆའི་གཞུང་སོ་སོར་འབྱུང་བས་ལེགས་སོ། །གཞུང་ཚིག་ཕྱི་མ་འདི་ཤེས་རབ་ཀྱི་གོ་ཆའི་གཞུང་དུ་མ་སྦྱར་ན་ཤེས་རབ་ཀྱི་གོ་ཆ་སྟོན་པའི་གཞུང་མེད་པས་མི་འཐད་དོ། །རྒྱས་པར་ནི་རྣམ་བཤད་ལས་འབྱུང་བ་བཞིན་ནོ། །གཉིས་པ་འཇུག་པའི་སྒྲུབ་པ་སྟོན་པ་ནི། བསམ་གཏན་གཟུགས་མེད་ཅེས་སོགས་ཀྱི་དོན་ལ་བཞི་སྟེ། རྟེན་གྱི་གང་ཟག ཐོབ་བྱེད་ཀྱི་རྒྱུ། ཐོབ་བྱའི་ངོ་བོ། ཐོབ་པའི་རྟགས་སོ། །དང་པོ་ནི། སྒྲ་མི་སྙན་པ་དང་ངན་སོང་གསུམ་པོ་རྣམས་འདིའི་རྟེན་དུ་མི་རུང་སྟེ། དེ་དག་སྐྱེ་བའི་གེགས་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །འདུ་ཤེས་མེད་པ་ཡང་འདིའི་རྟེན་མིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །སྲིད་རྩེ་སྐྱེས་པའི་ལྷ་ཡང་ཞི་རགས་ཀྱི་རྣམ་པ་ཅན་གྱི་སྙོམས་འཇུག་དང་པོར་སྐྱེ་བའི་རྟེན་དུ་མི་རུང་སྟེ། གོང་འོག་ཏུ་ཞི་རགས་སུ་བལྟ་བ་བྱར་མེད་པའི་ཕྱིར་ཏེ། སྲིད་རྩེ་ལ་གོང་ས་མེད་པའི་ཕྱིར་རོ། །ཟ་མ་དང་མ་ནིང་སོགས་ཀྱང་ངན་སོང་གསུམ་པོ་དང་མཚུངས་སོ། །ལྷག་མ་འགྲོ་བ་གཞན་རྣམས་ནི་འདིའི་རྟེན་དུ་རུང་བར་བལྟའོ། །འདི་དག་ལ་ཡང་རང་ས་དང་འོག་སའི་རྟེན་ཅན་གཉིས་སུ་བཤད་དེ། སྐྱེ་བའི་བསམ་གཏན་རང་སའི་རྟེན་ཅན་དང༌། སྙོམས་འཇུག་གི་བསམ་གཏན་དང་པོར་སྐྱེ་བ་ནི་འོག་སའི་རྟེན་ཅན་ཡིན་པའི་ཕྱིར་ཏེ། འོག་སའི་རྟེན་ལ་སྙོམས་འཇུག་བསྒྲུབས་ནས་གོང་སར་སྐྱེ་བའི་ཕྱིར། སྤྱིར་བཏང་ལ་འོག་མའི་སྙོམས་འཇུག་གོང་མའི་སྙོམས་འཇུག་གི་རྟེན་ཅན་མིན་ཞེས་བཤད་དེ། གོང་མའི་རྟེན་ལ་འོག་མའི་སྙོམས་འཇུག་མངོན་དུ་བྱེད་པ་ལ་དགོས་པ་མེད་པའི་ཕྱིར་ཏེ། འོག་མ་ལས་མཆོག་ཏུ་གྱུར་པའི་གོང་མའི་སྙོམས་འཇུག་ཡོད་པའི་ཕྱིར། སྲིད་རྩེར་སྐྱེས་པའི་ཉན་ཐོས་འཕགས་པས་རང་ས་ལ་སྲིད་རྩེའི་སྒྲིབ་པའི་གཉེན་པོ་མེད་པས་ཅི་ཡང་མེད་ཀྱི་ཟག་མེད་མངོན་དུ་བྱས་ཏེ་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར་རོ། །འདི་ནི་དམིགས་བསལ་དུ་མཛད་དེ། མཛོད་ལས། སྲིད་རྩེར་འཕགས་པས་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་སོ། །ཅིའི་ཕྱིར་སྲིད་རྩེ་ལ་རང་སའི་གཉེན་པོ་མེད་ཅེ་ན། སྲིད་རྩེ་ནི་ཟག་བཅས་སུ་ངེས་པའི་ཕྱིར་དང༌། ཟག་བཅས་ཀྱིས་ནི་སྒྲིབ་པའི་ས་བོན་སྤང་མི་ནུས་པའི་ཕྱིར་རོ། །གཉིས་པ་ཐོབ་བྱེད་ཀྱི་རྒྱུ་ལ་ལྔ་སྟེ། རྒྱུའི་སྟོབས་དང༌། ལས་ཀྱི་སྟོབས་དང༌། ཆོས་ཉིད་ཀྱི་སྟོབས་དང༌། ཐོས་པའི་སྟོབས་དང༌། མན་ངག་གི་སྟོབས་ཀྱིས་སྐྱེས་པའོ། །དང་པོ་ནི། སྔོན་ཏིང་ངེ་འཛིན་མང་དུ་གོམས་པར་བྱས་པའི་རྒྱུས་རེ་ཞིག་ཉམས་ན་ཡང་སྔར་སྐྱེ་བ་ལྟ་བུའོ། །གཉིས་པ་ནི། ཁམས་གོང་མར་སྐྱེ་བའི་ལས་ཀྱི་རྣམ་སྨིན་ཉེ་བར་གནས་པ་ལས་རྐྱེན་ཅུང་ཟད་ཅིག་གིས་སྔར་གྱི་ཏིང་ངེ་འཛིན་གྱི་བག་ཆགས་སད་པར་བྱས་པ་ལས་སྐྱེ་བ་སྟེ། སྤྱོད་འཇུག་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང༌། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་གསུངས་པ་བཞིན་ནོ། །འདིར་བྱམས་པ་ལ་སོགས་པས་གོང་མར་སྐྱེ་བའི་ལས་ཀྱི་ས་བོན་གསོས་པ་ཡིན་གྱི་དེ་ཁོ་ནར་སྐྱེ་བ་མིན་ཏེ། གོང་མར་སྐྱེ་བའི་མི་གཡོ་བའི་ལས་མེད་པར་ནི་དེར་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར། གསུམ་པ་ནི། བསྐལ་པ་འཇིག་པའི་ཚེ་ལྟ་བུ་སྟེ། དེའི་ཚེ་བསམ་གཏན་སྐྱེ་བ་དང་རྗེས་སུ་མཐུན་པའི་རང་བཞིན་ལ་གནས་པས་ལུང་ངམ་སློབ་དཔོན་ལ་ལྟོས་པ་མེད་པར་སྐྱེ་བའོ། །མདོ་སྡེ་པ་རྣམས་ནི། ཆོས་འཇུག་པ་ཤས་ཆེན་པོ་འདི་དག་ཉིད་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་དེ་བསྐྱེད་པའི་ལུང་མེད་པར་བསམ་གཏན་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ་ཞེས་གསུངས་སོ། །བྱེ་བྲག་སྨྲ་བ་འགའ་ཞིག་ནི་གཞན་ལས་ལུང་མ་མནོས་པར་ཚེ་རབས་སྔ་མའི་སྐལ་བ་མཉམ་པའི་རྒྱུ་ལས་འབྲས་བུ་བསམ་གཏན་སྐྱེ་བ་ནི་ཆོས་ཉིད་དོ་ཞེས་འདོད་དོ། །གཟུགས་མེད་ཀྱི་སྙོམས་འཇོག་ནི་རྒྱུ་ལྔ་བཤད་པ་ལས་བཞི་པོ་གང་ཡང་རུང་བ་ལས་སྐྱེའི། ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བ་ནི་མིན་ཏེ། བསྐལ་པ་འཇིག་པའི་དབང་གིས་གཟུགས་མེད་དུ་སྐྱེ་བ་མེད་པའི་ཕྱིར། བཞི་པ་ནི། སྙོམས་འཇུག་བསྐྱེད་པའི་ཐབས་སྟོན་པའི་ཆོས་མང་པོ་ཐོས་པའི་མཐུས་གཞན་གྱི་མན་ངག་ལ་མ་ལྟོས་པར་རང་ཉིད་ཀྱིས་སྙོམས་འཇུག་གི་ཐབས་ཤེས་ནས་བསྒོམ་པས་རྒྱུད་ལ་སྐྱེ་བའོ། །ལྔ་པ་ནི། སློབ་དཔོན་གཞན་གྱིས་མན་ངག་བསྟན་པའི་མཐུ་ལས་སྐྱེ་བའོ། །གསུམ་པ་འཐོབ་བྱའི་ངོ་བོ་ལ་གཉིས་ཏེ། སྙོམས་འཇུག་གི་རང་བཞིན་དང༌། འབྲས་བུ་སྐྱེས་པས་ཐོབ་པའོ། །དང་པོ་ལ་གཉིས་ཏེ། ཉེར་བསྡོགས་དང༌། དངོས་གཞིའོ། །དང་པོ་ལ་ཡང་སྤྱིའི་ངོ་བོ་དང༌། དབྱེ་བ་དང༌། རྣམ་གཞག་གོ །དང་པོ་ནི། སྙོམས་འཇུག་གི་དངོས་གཞིའི་དོན་དུ་སྙོམས་འཇུག་སྐྱེ་བའི་དམིགས་རྣམ་ཡོངས་སུ་འཛིན་པའི་ཐོས་བསམ་སྒོམ་གསུམ་གྱིས་བསྡུས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། ཡིད་ལ་བྱེད་པ་བདུན་དུ་བཤད་པ་ལས་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་དབང་དུ་བྱས་པ་ལས། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ནི། རྒྱལ་སྲས་མ་ལས། མཉམ་པར་བཞག་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་ཉེས་དམིགས་སུ་ལྟ་བས་རགས་པའི་མཚན་ཉིད་དུ་རིགས་པར་བྱེད་ལ། དེ་མེད་པའི་ཕྱིར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ནི་ཐོས་པ་དང་བསམ་པ་འདྲེས་པར་རིགས་པར་བྱའོ་ཞེས་གསུངས་སོ། །ཡིད་ལ་བྱེད་པ་བདུན་པོ་རེ་རེ་ལ་ཡང་རྒྱུ་བཞི། རྐྱེན་བཞི། སྐྱེད་པའི་སྟོབས་བཞི་སྟེ་བཅུ་གཉིས་སོ། །དེ་ལ་ཡིད་ལ་བྱེད་པ་དང་པོའི་རྒྱུ་བཞི་ནི། ཐོག་མར་ཕྱི་དང་ནང་གི་ཆོས་རྣམས་ཀྱི་ཆོས་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་པ་ནི་མངོན་དུ་བྱེད་པའི་རྒྱུའོ། །དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པ་ནི་བརྟན་པའི་རྒྱུའོ། །ཐོས་བསམ་གྱི་སྒོ་ནས་ཡང་དང་ཡང་དུ་འཇལ་བར་བྱེད་པ་ནི་ཤེས་པའི་རྒྱུའོ། །ངེས་པའི་ཤེས་པ་སྐྱེས་ནས་དོན་ཁོང་དུ་ཆུད་པ་ནི་དངོས་ཀྱི་རྒྱུའོ། །རྐྱེན་བཞི་ནི། རྐྱེན་བཞི་ལ་ཡུལ་སྣང་བ་ནི་གསལ་བའི་རྐྱེན་ནོ། །དམིགས་པ་ཤེས་རབ་ཀྱིས་འཛིན་པ་ནི་གཉེན་པོའི་རྐྱེན་ནོ། །སྒྲོ་འདོགས་ཆོད་པ་ནི་ཐེ་ཚོམ་སེལ་བའི་རྐྱེན་ནོ། །ཡང་དང་ཡང་དུ་གོམས་པར་བྱེད་པ་ནི་ཏིང་ངེ་འཛིན་སྒྲུབ་པའི་རྐྱེན་ནོ། །སྐྱེད་པའི་སྟོབས་བཞི་ནི། དམིགས་པ་ལེགས་པར་སྦྱངས་པ་རྒྱུ་མཐུན་པའི་སྟོབས་སོ། །དགེ་བའི་རྩ་བ་མང་དུ་བསགས་པ་ནི་འགྲུབ་པའི་སྟོབས་སོ། །གདམས་ངག་གི་དམིགས་རྣམ་མ་བརྗེད་པ་ནི་ཕྱིན་ཅི་མ་ལོག་པའི་སྟོབས་སོ། །ཡོངས་སུ་རྟོགས་པའི་དོན་མ་ཉམས་ཤིང་འཕེལ་བ་ནི་ཁྱད་པར་ཅན་གྱི་སྟོབས་སོ། །མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི། ཐོས་བསམ་ལས་འདས་ཏེ་རྩེ་གཅིག་ཏུ་སྒོམ་པའི་རྣམ་པས་ཞི་རགས་ཀྱི་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པའོ། །དེ་ལ་ཡང་དང་པོ་རྒྱུ་བཞི་ནི། ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་ལ་གོམས་པ་རྟོགས་པ་སྤོང་བའི་ནུས་པ་ཐོབ་པ་ནི་རང་གི་ངང་གིས་གནས་པའི་རྒྱུ། དམིགས་པ་དང་མ་བྲལ་བས་དེ་ལ་འཇུག་པ་ནི་སེམས་གནས་པའི་རྒྱུ། སྒོམ་པའི་དུས་སུ་རྟོག་པ་བྱུང་བ་རིག་པ་ནི་བློ་རྟོགས་པའི་རྒྱུ། མི་མཐུན་ཕྱོགས་བསལ་བ་གཉེན་པོ་བསྐྱེད་པའི་རྒྱུ། གཉེན་པོ་འཕེལ་བའི་རྒྱུ། གདམས་ངག་གི་དམིགས་རྣམ་མ་བརྗེད་པ་ཕྱིན་ཅི་མ་ལོག་པའི་རྒྱུའོ། །རྐྱེན་བཞི་ལ། རྒྱུན་མི་ཆད་པར་བསྒོམ་པ་གོམས་པའི་ཡན་ལག དམིགས་རྣམ་གསལ་བ་གདམས་པ་གསལ་བའི་ཡན་ལག རབ་ཏུ་སྤྲོ་བ་བློ་འཇུག་པའི་ཡན་ལག དུས་དང་གནས་སྐབས་ཀྱི་ཡན་ལག་གཉིས་ནི། ཏིང་ངེ་འཛིན་གྱི་ཐུན་དང་པོར་ཆུང་བ་དང༌། དམིགས་པ་གསལ་བ་དང༌། ལན་གྲངས་མང་བ་དང༌། གཉེན་པོ་སྒྲིམ་པ་དང༌། ཤེས་པ་གློད་པ་དང༌། ཐུན་མཚམས་ཤེས་པ་དང༌། འཇུག་ཡུལ་བརྟག་པ་དང༌། རྣམ་པ་བསྒྱུར་བ་དང༌། ཚད་གཟུང་བ་དང༌། སྐྱོན་སེལ་བ་དང༌། རྟགས་དང་སྦྱར་བ་སྟེ་བཅུ་གཅིག་གོ །དང་པོ་ནི་ཏིང་ངེ་འཛིན་གྱི་ཐུན་ཡུན་ཐུང་བར་བསྒོམ་པ་སྟེ། བྱིང་རྒོད་ཀྱི་སྐྱོན་མི་འབྱུང་བའི་དོན་ནོ། །གསལ་བ་ནི་གདམས་ངག་གི་དམིགས་རྣམ་གསལ་གདབ་པའོ། །གྲངས་མང་བ་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ལན་མང་དུ་གོམས་པས་བསྐྱེད་པའོ། །གཉེན་པོ་སྒྲིམ་པ་ནི་སེམས་ཕྱིར་འཕྲོ་ན་སླར་ཡང་དམིགས་པའི་སྟེང་དུ་བསླན་ནས་འཇོག་ཅིང༌། ཡང་ཕྱིར་འཕྲོས་ཀྱིས་དོགས་ན་མི་མཐུན་ཕྱོགས་མི་འབྱུང་བའི་དོན་དུ་ཤེས་པ་སྒྲིམ་ནས་ཡང་དང་ཡང་དུ་བློ་ཕྱི་མ་དམིགས་པ་ལ་འཇོག་གོ །ཤེས་པ་གློད་པ་ནི་གཉེན་པོ་དེ་ཉིད་བསྒྲིམས་དྲག་ན་རྟོག་པ་འཕྲོས་ནས་འགྲོ་བས་ཤེས་པ་ཅུང་ཞིག་གློད་དེ་ཆུ་བསྐྱིལ་བ་བཞིན་དུ་བཞག་གོ །ཐུན་མཚམས་ཤེས་པ་ནི་དུས་ཀྱི་ཐུན་མཚམས། མཉམ་པར་གཞག་པའི་ཐུན་མཚམས། སྐྱོན་གྱི་ཐུན་མཚམས། བརྟན་པར་བྱེད་པའི་ཐུན་མཚམས་སོ། །དང་པོ་ནི་རྟོག་པ་འཕྲོ་ན་གང་བསྒོམ་པའི་དམིགས་པ་བསྒྱུར་ནས་སྒོམ་པའོ། །གཉིས་པ་ནི་དམིགས་པ་གསལ་བའི་འཕྲོ་བཅད་ལ་རྗེས་ཐོབ་ཏུ་གནས་པར་བྱ། གསུམ་པ་ནི་རྒོད་ན་གསལ་བར་བསྒྱུར། བྱིང་ན་མི་རྟོག་པར་བསྒྱུར། བཞི་པ་ནི་མཉམ་གཞག་གི་དམིགས་རྣམ་མི་བརྗེད་པར་དྲན་པའོ། །འཇུག་ཡུལ་བརྟགས་པ་ནི། བསྒོམ་སྙིང་འདོད་ན་འབད་ལ་བསྒོམ། མི་འདོད་ན་འདོད་པ་རྒྱུན་ཆགས་སུ་གནས་པར་བྱ། རྣམ་པ་བསྒྱུར་བ་ནི། བྱིང་རྒོད་བྱུང་བའི་དུས་ཀྱི་དབང་དུ་བྱས་ཏེ། རྒོད་ན་རྣམ་པ་སེམས་ཀྱི་སྟེང་དུ་བསྒྱུར་ལ་བལྟ། བྱིང་ན་ཡུལ་གྱི་སྟེང་དུ་རྣམ་པར་བསྒྱུར། ཚད་གཟུང་བ་ནི་བཞི་སྟེ། ལམ་གྱི་ཚད་གཟུང་བ་སྐྱོན་དང་ཡོན་ཏན་ལ་བལྟ། དམིགས་པའི་ཚད་གཟུང་བ་དྲན་པ་ཤིན་ཏུ་གསལ་བ་ལ་བལྟ། ཏིང་ངེ་འཛིན་གྱི་ཚད་གཟུང་བ་ཐུན་མཚམས་ཀྱི་དཔེ་ལ་བལྟ། ཁམས་ཀྱི་ནུས་པའི་ཚད་བདག་ཉིད་ཀྱི་རིགས་ལ་བལྟ། སྐྱོན་སེལ་བ་ནི། སྐྱོན་འཛིན་པའི་དུས་སུ་རྟོག་པ་སྤང་བྱ། སེམས་གནས་པའི་དུས་སུ་རྟེན་འབྲེལ་གྱི་འགལ་རྐྱེན་སྤང་བྱ། སེམས་བྱིང་བའི་དུས་སུ་དངོས་པོར་སྣང་བ་སྤང་བྱ། ལམ་གྱི་དངོས་གཞི་ལ་ཉོན་མོངས་པ་སྤང་བྱ། ལས་དང་པོ་པ་ལ་བྱིང་རྒོད་སྤང་བྱ། རྟགས་དང་སྦྱར་བ་ནི་འདིར་གསུམ་དུ་བསྡུས་ཏེ། སེམས་ཟིན་པའི་རྟགས། སེམས་གནས་པའི་རྟགས། སེམས་འབྱོངས་པའི་རྟགས་སོ། །སྟོབས་བཞི་ལ། དོན་དུ་གཉེར་བ་འདུན་པའི་སྟོབས་རབ་ཏུ་སྤྲོ་བ་ནི་བརྩོན་འགྲུས་ཀྱི་སྟོབས། བྱིང་རྒོད་སེལ་བ་སེམས་པའི་སྟོབས། ངོ་བོ་མི་གཡོ་བ་བརྟན་པའི་སྟོབས་བཞི་པོ་འདི་དག་གིས་སེམས་ལ་དབང་ཐོབ་བོ། །འདི་ལ་ཉོན་མོངས་པ་མ་སྤངས་ན་ཡོན་ཏན་མི་སྐྱེ་བས་ཉོན་མོངས་པ་སྤོང་བའི་ལམ་གསུམ་སྟེ། དབེན་པ་ཡིད་བྱེད། དགའ་བ་སྡུད་པ་ཡིད་བྱེད། སྦྱོར་བའི་མཐའ་ཡིད་བྱེད་དོ། །དེ་ལ་བཅུ་གཉིས་ལས་རྒྱུ་བཞི་ནི། ཉོན་མོངས་པ་མངོན་གྱུར་གཅོད་པ་ནུས་པའི་རྒྱུ། མི་མཐུན་ཕྱོགས་དང་འགལ་བར་སྐྱེ་བ་སུན་འབྱིན་པའི་རྒྱུ། ཏིང་ངེ་འཛིན་གྱིས་ཉོན་མོངས་གྱི་རྒྱུ་ལ་གནོད་པ་ལྷན་ཅིག་མི་གནས་པའི་རྒྱུ། དམིགས་པ་ལ་རང་གི་ངང་གིས་འཇུག་པ་སྤང་བྱ་སྤོང་བའི་རྒྱུའོ། །རྐྱེན་ཡང་བཞི་སྟེ། སྦྱོར་བའི་དུས་སུ་བླང་བྱ་དང་དོར་བྱ་ངོས་ཟིན་པ་བླང་དོར་གྱི་ཡན་ལག ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དངོས་ཀྱི་ཡན་ལག མི་མཐུན་ཕྱོགས་སེལ་བའི་གཉེན་པོ་ཕྱི་མ་ལ་ནན་ཏན་དུ་བྱེད་པ་ཤེས་བཞིན་གྱི་ཡན་ལག སྤང་གཉེན་གྱི་དུས་དང་གནས་སྐབས་ཀྱི་རིགས་པ་དུས་དང་གནས་སྐབས་ཀྱི་ཡན་ལག་གོ །དེ་དག་གང་ཞེ་ན། སྤང་བྱའི་ཐོད་རྒལ། གཉེན་པོ་འཕེལ་འགྲིབ། བར་དུ་གཅོད་པའི་འགལ་རྐྱེན། ཏིང་ངེ་འཛིན་གྱི་མཚམས་སྦྱོར། བར་དུ་གཅོད་པའི་འགལ་རྐྱེན་ལ་ཉམས་པ་ཕྱིན་ཅི་ལོག་ཏུ་གྱུར་པ་ལམ་རྟགས་དང་བྲལ་བ། ཏིང་ངེ་འཛིན་གྱི་མཐུན་པའི་རྒྱུ་མ་ཐོབ་པ་ནི་བསམ་གཏན་རྒྱུན་དུ་བསྒོམ་ཀྱང་ལུས་སེམས་གཉིས་ཀ་ལ་ཕན་པའི་ལག་རྗེས་མེད་པའོ། །ཤེས་བཞིན་གྱི་བྱ་ར་དང་མི་ལྡན་པས་མི་མཐུན་ཕྱོགས་སྐྱེས་ཀྱང་ངོ་མ་ཤེས་པ་ཏིང་ངེ་འཛིན་ལ་རྨོངས་པ་མཚན་མར་འཛིན་པས་ཟིན་པའོ། །སྤང་བྱ་ཐོད་རྒལ་དུ་འབྱུང་བ་ལ་གསུམ་སྟེ། ཉོན་མོངས་པ་སྟོབས་ལྡན་དུ་སྐྱེས་པས་དེའི་དབང་དུ་སོང་བ་དང༌། དངོས་གཞིའི་དུས་སུ་ཉོན་མོངས་པ་དེའི་རྗེས་སུ་འབྲངས་པའི་བྱིང་རྒོད་ཀྱི་དབང་དུ་སོང་བ་དང༌། རྗེས་ཀྱི་དུས་སུ་ཡུལ་གྱི་རྐྱེན་གྱིས་སྐྱེས་པའི་ཉོན་མོངས་པའི་དབང་དུ་སོང་བའོ། །འདི་དག་ནི་བྱུང་བའི་མཚམས་ངོ་ཤེས་པར་བྱས་ནས་གདམས་ངག་གི་གནད་ཀྱིས་སེལ་ལོ། །གཉེན་པོའི་འཕེལ་འགྲིབ་ཀྱང་གསུམ་སྟེ། སྦྱོར་བའི་དུས་སུ་ཡུལ་ཅན་གྱི་རྣམ་པ་གཏན་ལ་མི་འབེབས་པ་ནི་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་པས་སེལ་ལོ། །དངོས་གཞིའི་དུས་སུ་འབྱུང་བའི་ཉོན་མོངས་པའི་རྗེས་སུ་འབྲང་བའི་བྱིང་རྒོད་ནི་བརྩོན་འགྲུས་མཚུངས་ལྡན་གྱི་ཏིང་ངེ་འཛིན་ལ་འབད་རྩོལ་བྱས་པས་སེལ་ལོ། །རྗེས་སུ་ཡུལ་གྱི་རྐྱེན་གྱིས་བྱུང་བའི་ཉོན་མོངས་པ་ནི་དྲན་པ་རྒྱུན་ཆགས་དང་སྔར་གྱི་འཕེན་པ་ལ་འབད་པས་སེལ་ལོ། །བར་དུ་གཅོད་པའི་འགལ་རྐྱེན་ནི་གཉིས་ཏེ། ལམ་གྱི་བར་དུ་གཅོད་པའི་འགལ་རྐྱེན་དང༌། སེམས་གནས་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་ནོ། །དང་པོ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམས་ཡིན་ཏེ། འཇིག་རྟེན་པའི་ལམ་སྐྱེར་མི་སྟེར་བའི་ཕྱིར་རོ། །གཉིས་པ་ནི་བྱིང་བ་དང་རྒོད་པ་གཉིས་ཏེ། དམིགས་པ་ལ་སེམས་གནས་སུ་མི་སྟེར་བའི་ཕྱིར་རོ། །གཉིས་པོ་ཐུན་མོང་དུ་ཞི་བར་བྱེད་པ་ནི་ཏིང་ངེ་འཛིན་གྱི་དམིགས་རྣམ་གསལ་བ་ལ་སྦྱོར་བས་སེལ་ལོ། །ཏིང་ངེ་འཛིན་གྱི་མཚམས་སྦྱོར་ནི། སྦྱོར་བའི་དུས་སུ་ཏིང་ངེ་འཛིན་གྱི་དམིགས་རྣམ་གཏན་ལ་ཕབ་པས་མཉམ་གཞག་ལ་མཚམས་སྦྱོར། གཞན་དུ་རྣམ་རྟོག་རྒྱུན་ཆགས་སུ་འགྱུར་བས་ཉེས་པར་འགྱུར་རོ། །ཏིང་ངེ་འཛིན་གསལ་བ་ལ་གནས་པས་རྗེས་ཀྱི་ཤེས་པ་ལ་མཚམས་སྦྱར་རོ། །དེ་ལས་འདས་ནས་སྤང་བྱའི་ཐོད་རྒལ་འབྱུང་བར་འགྱུར་རོ། །ལམ་རྟགས་དང་བྲལ་བ་ནི། མཉམ་གཞག་ལ་སེམས་གནས་པ་ཐོབ་ཀྱང་རྗེས་ཐོབ་ཏུ་རྟགས་མི་འབྱུང་བའོ། །མཉམ་གཞག་ཏུ་ངེས་པ་བརྟན་པོ་ཐོབ་ནས་རྗེས་ལ་རང་དང་མཐུན་པའི་རྟགས་སྐྱེའོ། །ལམ་གྱི་རྐྱེན་གྱི་རྟེན་འབྲེལ་ལ་རྨོངས་པ་ནི། ལམ་སྐྱེ་བའི་ཐབས་མ་ཤེས་པ་སྟེ། གདམས་ངག་གི་དོན་གཏན་ལ་མ་ཕེབས་པའོ། །ལམ་མཚན་མར་འཛིན་པས་ཟིན་ན་ནི་ཏིང་ངེ་འཛིན་ལ་མངོན་པར་ཞེན་པ་དང་བཅས་པའོ། །ཡང་ན་ཏིང་ངེ་འཛིན་གྱི་མཐུན་རྐྱེན་སྣ་ཚོགས་ཡོད་ཀྱང་དེ་ཡན་ལག་ཏུ་བརྟེན་མ་ཤེས་པ་ནི་རྟེན་འབྲེལ་ལ་རྨོངས་པའོ། །འདིས་ནི་དབེན་པ་ཡིད་ལ་བྱེད་པ་སྒོམ་ཚུལ་མི་མཐུན་ཕྱོགས་དང་བཅས་པ་བསྟན་ཟིན། དགའ་བ་སྡུད་པ་ཡིད་ལ་བྱེད་པ་སྒོམ་ཚུལ་ལ་ཡང་རྒྱུ་བཞི། རྐྱེན་བཞི། སྟོབས་བཞི་སྔ་མ་བཞིན་དུ་སྦྱར་རོ། །འདིས་འདོད་པའི་སྒོམ་སྤང་ཉོན་མོངས་པ་འབྲིང་པོ་གསུམ་སྤང་བའོ། །དཔྱོད་པ་ཡིད་ལ་བྱེད་པས་ནི་འདོད་པའི་ཉོན་མོངས་པ་ཕལ་ཆེར་ཟད་པས་ན་ཉོན་མོངས་པ་ལུས་སམ་མ་ལུས་སྙམ་དུ་དཔྱད་པར་བྱེད་པའོ། །འདི་ལ་ནི་སྒོམ་པའི་ཡན་ལག་མེད་དོ། །སྦྱོར་བའི་མཐའ་ཡིད་ལ་བྱེད་པས་ནི་འདོད་པའི་སྒོམ་སྤང་གི་ལྷག་མ་ཡོད་པར་ཤེས་ནས་སླར་ཡང་ཏིང་ངེ་འཛིན་བསྒོམ་པ་སྟེ་ཡན་ལག་བཅུ་གཉིས་ནི་སྔར་བཞིན་ནོ། །འདིས་ནི་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་སྤང་ངོ༌། །སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི་དངོས་གཞིའོ། །ཡིད་ལ་བྱེད་པ་བདུན་པོ་ཡིད་ལ་བྱེད་པ་བཞིར་བསྡུ་བ་དང༌། ལམ་བཞིར་བསྡུ་བ་དང༌། ཁྱད་པར་གྱི་ཆོས་དཔྱད་པའོ། །དང་པོ་ནི། རྗེས་སུ་མཐུན་པའི་ཡིད་བྱེད། གཉེན་པོའི་ཡིད་བྱེད། དྭང་བར་འགྱུར་བའི་ཡིད་བྱེད། སོ་སོར་རྟོག་པའི་ཡིད་བྱེད་དོ། །ཉན་ཐོས་ཀྱི་ས་ལས། མཚན་ཉིད་སོ་སོར་རིག་པ་ཡིད་ལ་བྱེད་པ་གང་ཡིན་པ་དང༌། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི། སུན་འབྱིན་པའི་གཉེན་པོ་ནི་སྟོབས་དང་ལྡན་པ་སྟེ་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྤོང་བའི་གཉེན་པོ་དང་ལྡན་པ་སྟེ་གཉེན་པོ་ཡིད་ལ་བྱེད་པ་ཡིན་ནོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་དྭང་བར་གྱུར་པ་ཡིད་ལ་བྱེད་པ་ཡིན་ནོ། །དཔྱོད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ་ཞེས་སོ། །ཐ་མ་ནི་དངོས་གཞིར་གཏོགས་པས་མ་སྨྲོས་སོ། །གཉིས་པ་ལམ་བཞིར་བསྡུ་བ་ནི། བསྡུ་བ་ལས། མཚན་ཉིད་སོ་སོར་རིག་པ་དང་མོས་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ནོ། །རབ་ཏུ་དབེན་པ་དང་སྦྱོར་བའི་མཐར་ཐུག་པ་གཉིས་ནི་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཡིན་ནོ། །དགའ་བ་སྡུད་པ་ནི་ལམ་རྣམ་པ་བཞི་ཆར་གྱིས་བསྡུས་པ་ཡིན་ནོ། །དཔྱོད་པ་ཡིད་ལ་བྱེད་པ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །ལམ་བཞི་པོ་འདི་དག་གི་གནས་སྐབས་སུ་དམིགས་པ་གང་ལ་རྣམ་པ་གང་གིས་འཇུག་ཅེ་ན། སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་གནས་སྐབས་སུ་ས་འོག་མ་ལ་སྐྱོན་དང་གོང་མ་རྣམས་ལ་ཞི་བའི་རྣམ་པས་འཇུག་ཅིང༌། ཁྱད་པར་གྱི་ལམ་ཁྱབ་པ་ལ་དམིགས་པ་ཡང་ཡིན་ལ། ཟག་མེད་ལ་ཡང་དམིགས་པར་ཉན་ཐོས་ཀྱི་ས་ལས་བཤད་དོ། །གསུམ་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ལ་ནི་བསམ་གཏན་དག་པ་བ་དང་ཟག་མེད་གཉིས་ཡོད་ལ། བསམ་གཏན་གཉིས་པ་ནས་བཟུང་སྟེ་སྲིད་རྩེའི་བར་གྱི་ཉེར་བསྡོགས་རྣམས་ལ་ནི་བསམ་གཏན་དག་པ་བ་འབའ་ཞིག་ཏུ་ཟད་ཀྱི་ཟག་མེད་དང་ཉོན་མོངས་ཅན་གཉིས་ཀ་མེད་དོ། །ཉོན་མོངས་པ་ཅན་མེད་དེ། ཉེར་བསྡོགས་རྣམས་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་ལ་ཉོན་མོངས་པ་ཅན་གྱིས་འདོད་ཆགས་དང་བྲལ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཟག་མེད་ཀྱང་མེད་དེ། འོག་མའི་དངོས་གཞི་ཟག་མེད་མ་ཐོབ་པར་ནི་གོང་མའི་ཉེར་བསྡོགས་ཟག་མེད་མི་ཐོབ་ལ། འོག་མའི་དངོས་གཞི་ཟག་མེད་ཐོབ་ན་ནི་ཉེར་བསྡོགས་ལ་མི་བརྟེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལམ་སླ་བ་དངོས་གཞི་ལ་དབང་བཞིན་དུ་ལམ་དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར། མཛོད་ལས། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལ་ཡང་ཟག་མེད་མི་བརྟེན་པར་ཐལ་ལོ་ཞེ་ན། རྒྱུན་ཞུགས་དང་ལན་གཅིག་ཕྱིར་འོང་ལ་སོགས་པའི་ལམ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་དགོས་ཏེ། འཇིག་རྟེན་ལས་འདས་པའི་ལམ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ཡིན་པས་མཉམ་པར་གཞག་པའི་སེམས་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར། དངོས་གཞིའི་བསམ་གཏན་མ་ཐོབ་པའི་ཕྱིར། དཔེར་ན་ལག་པ་གཡས་པ་མེད་ན་གཡོན་པ་ལ་བརྟེན་དགོས་པ་བཞིན་ནོ། །དེས་ན་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་ཁམས་གསུམ་ཀ་ལ་འདོད་ཆགས་དང་བྲལ་བར་བྱེད་ནུས་པའི་ཕྱིར་མི་ལྕོགས་པ་མེད་པ་ཞེས་བྱའོ། །འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པ་ལ་ཡང་ཉེར་བསྡོགས་ཀྱིས་བྱེད་ཀྱི་དངོས་གཞིས་ནི་མི་བྱེད་དེ། ཉེར་བསྡོགས་ཀྱིས་འདོད་ཆགས་དང་བྲལ་ཟིན་པས་མི་དགོས་པའི་ཕྱིར། དངོས་གཞིའི་ཟག་བཅས་རྣམས་ཀྱིས་ནི་རང་ས་དང་གོང་ས་གཉིས་ཀའི་ཉོན་མོངས་ཀྱི་གཉེན་པོ་མི་བྱེད་དེ། རང་སའི་སྲེད་པས་བཅིངས་པའི་ཕྱིར་དང༌། གོང་ས་ལས་དམན་པའི་ཕྱིར། དེའི་ཕྱིར་དངོས་གཞིའི་ཟག་བཅས་རྣམས་ནི་མཐོང་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་ལམ་ཡིན་ལ། འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ནི་མ་ཡིན་ནོ། །དངོས་གཞིའི་ཟག་མེད་ཀྱིས་ནི་རང་ས་དང་གོང་སས་བསྡུས་པའི་ཉོན་མོངས་ཀྱི་གཉེན་པོ་བྱེད་པའི་ཕྱིར་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡང་ཡིན་ལ། མཐོང་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་པར་བསྒྲུབ་པའི་ལམ་ཡང་ཡིན་ནོ། །ཉེར་བསྡོགས་རྣམས་ནི་འདོད་ཆགས་དང་བྲལ་བའི་ལམ་ཁོ་ན་ཡིན་གྱི། ཡོན་ཏན་མངོན་པར་བསྒྲུབ་པ་དང་མཐོང་ཆོས་ལ་བདེ་བར་གནས་པའི་ལམ་མ་ཡིན་ཏེ། ཡན་ལག་གིས་མ་ཟིན་པའི་ཕྱིར་དང༌། མི་མཐུན་ཕྱོགས་སྤོང་བའི་རྩོལ་བ་དང་བཅས་པའི་ཕྱིར། ཇི་སྐད་བཤད་པའི་ཡིད་ལ་བྱེད་པ་བདུན་གྱི་སྒོམ་ཚུལ་གྱིས་སྲིད་རྩེའི་བར་གྱི་ཉེར་བསྡོགས་རྣམས་ཀྱི་སྒོམ་ཚུལ་ཡང་རིག་པར་བྱའོ། །ཁྱད་པར་ནི་འདི་ཡིན་ཏེ། ཡིད་ལ་བྱེད་པ་དང་པོ་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ཐོས་བསམ་འདྲེས་མར་བཤད་པ་ནི་འདོད་པའི་རྟེན་ལ་བསྒོམ་པའི་དབང་དུ་བྱས་ལ། གོང་མའི་རྟེན་ལ་ནི་ཐོས་བསམ་འདྲེས་མ་མེད་དོ། །གཟུགས་ན་སེམས་ཡང་མེད་པར་ཏིང་ངེ་འཛིན་ལ་འགྲོ་བས་བསམ་བྱུང་མེད་ལ། གཟུགས་མེད་ན་སྒྲ་མཉན་པ་མེད་པས་ཐོས་བྱུང་མེད་པའི་ཕྱིར་ཞེས་གསུངས་ཀྱང༌། བསམ་བྱུང་རྒྱུན་ཐུང་བ་ལ་དགོངས་ཀྱི་གཏན་མེད་པ་ནི་མ་ཡིན་ཏེ། གཟུགས་ཀྱི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་ངེས་འབྱེད་ཆ་མཐུན་ལ་སོགས་པའི་ལམ་གསུམ་ལ་ཐོས་པའི་ཤེས་རབ་ཀྱིས་སེམས་པ་དང༌། བསམ་བྱུང་གི་ཤེས་རབ་ཀྱིས་འཇལ་བ་དང༌། སྒོམ་བྱུང་གི་ཤེས་རབ་ཀྱིས་ངེས་པར་རྟོག་པ་ཡོད་པའི་ཕྱིར། གཟུགས་མེད་ཀྱི་རྟེན་ལ་ནི་ཡིད་བྱེད་དང་པོ་སྒོམ་བྱུང་དུ་འདོད་པར་བྱའོ། །གཉིས་པ་དངོས་གཞི་ལ་ངོ་བོ་དང༌། མི་མཐུན་ཕྱོགས་དང༌། འཐོབ་པའི་ཚུལ་དང༌། དམིགས་རྣམ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། བསམ་གཏན་གྱི་སྙོམས་འཇུག་དང༌། གཟུགས་མེད་ཀྱི་སྙོམས་འཇུག་གོ །དང་པོ་ལ་གཉིས་ཏེ། སའི་སྒོ་ནས་དབྱེ་བ་དང༌། ངོ་བོའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། སོ་སོར་ངོ་བོ་དང༌། ཡན་ལག་གི་རྣམ་གཞག་གོ །དང་པོ་ལ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ནི་ཚོར་བ་ཡིད་མི་བདེ་ལས་ངེས་པར་འབྱུང་བས་ཁྱད་པར་དུ་བྱས་པའི་སྙོམས་འཇུག་གང་ཞིག རྟོག་དཔྱོད་གང་རུང་གིས་འོག་ས་ལ་འདོད་ཆགས་དང་བྲལ་ཞིང་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །ཡང་ན་གཉེན་པོའི་ཡན་ལག་རྟོག་དཔྱོད་གང་རུང་དང་ལྡན་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་དང་ལྡན་པ། འདི་ལ་དངོས་གཞི་ཙམ་པོ་དང༌། ཁྱད་པར་ཅན་གཉིས་ལས། དངོས་གཞི་ཙམ་པོ་ནི་རྟོག་དཔྱོད་གཉིས་ཀ་དང་ལྡན་པ་ཡིན་ནོ། །དངོས་གཞི་ཁྱད་པར་ཅན་ནི་རྟོག་པའི་ས་ལས་འདས་ནས་དཔྱོད་པ་ཙམ་དང་ལྡན་པའོ། །འདིར་ཡན་ལག་ལྔའི་ནང་ནས་རྟོག་པ་ནི་ཆེས་རགས་པའི་ཕྱིར་བསམ་གཏན་དང་པོ་ལ་འདོད་ཆགས་དང་མ་བྲལ་བས་ཀྱང་སྤངས་ནུས་པས་ཡན་ལག་རགས་པ་ལ་འདོད་ཆགས་དང་བྲལ་མ་བྲལ་གྱི་བྱེ་བྲག་གི་དངོས་གཞི་ཙམ་པོ་དང་ཁྱད་པར་ཅན་གཉིས་སུ་ཕྱེ་ལ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཡན་ལག་རྣམས་ནི་རང་གི་ས་ལ་འདོད་ཆགས་དང་མ་བྲལ་བར་ཡན་ལག་གང་ཡང་སྤོང་མི་ནུས་པའི་ཕྱིར་ཡན་ལག་གི་ཆ་ཤས་རྣམས་འགའ་ཞིག་ལས་འདོད་ཆགས་དང་བྲལ་བ་དང་མ་བྲལ་བའི་རྣམ་དབྱེར་མི་རུང་བའི་ཕྱིར་ཙམ་པོ་དང་ཁྱད་པར་ཅན་གཉིས་སུ་མེད་དོ། །བསམ་གཏན་གཉིས་པའི་དངོས་གཞིའི་སྙོམས་འཇུག་ནི་གཉེན་པོའི་ཡན་ལག་ནང་རབ་ཏུ་དང་བས་ཁྱད་པར་དུ་བྱས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །བསམ་གཏན་གསུམ་པའི་དངོས་གཞིའི་སྙོམས་འཇུག་ནི་གཉེན་པོའི་ཡན་ལག་དྲན་ཤེས་བཞིན་བཏང་སྙོམས་ཀྱིས་ཁྱད་པར་དུ་བྱས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བས་དབེན་པའི་སེམས་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ནི་གཉེན་པོའི་ཡན་ལག་དྲན་པ་དང༌། བཏང་སྙོམས་ཡང་དག་གིས་ཁྱད་པར་དུ་བྱས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །གཉིས་པ་ཡན་ལག་གི་རྣམ་གཞག་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་དོན་ནོ། །དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དྭང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །གསུམ་པ་ལ་ཡན་ལག་ལྔ་སྟེ། དྲན་པ་དང༌། ཤེས་བཞིན་དང༌། བཏང་སྙོམས་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །བཞི་པ་ལ་ཡན་ལག་ལ་བཞི་སྟེ། དྲན་པ་དང༌། བཏང་སྙོམས་ཡོངས་སུ་དག་པ་དང༌། ཚོར་བ་བཏང་སྙོམས་དང༌། སེམས་རྩེ་གཅིག་པའོ། །གཉིས་པ་ལ། བསམ་གཏན་དང་པོའི་ཡན་ལག་ལྔ་ལས། རྟོག་པ་ནི་འདོད་པ་ལ་རགས་པ་དང་བསམ་གཏན་དང་པོ་ལ་ཞི་བའོ་ཞེས་ཐོག་མར་ཞི་གནས་ཀུན་ཏུ་ཚོལ་བའི་རྣམ་པ་ཅན་ནོ། །དཔྱོད་པ་ནི་དེའི་འོག་ཏུ་ཉོན་མོངས་པ་མང་ཉུང་དང་ཚེ་རིང་ཐུང་སོགས་ཀྱི་སྒོ་ནས་ཞིབ་མོར་དཔྱོད་པའི་རྣམ་པ་ཅན་ནོ། །འདི་གཉིས་ནི་གཉེན་པོའི་ཡན་ལག་ཡིན་ཏེ། བསམ་གཏན་དང་པོའི་མི་མཐུན་ཕྱོགས་འདོད་པའི་འདོད་ཆགས་དང་ཡིད་མི་བདེ་བ་ལ་སོགས་སྤོང་བར་བྱེད་པའི་ཕྱིར་རོ། །ཡན་ལག་གཉིས་པོ་དེ་ཐོབ་པ་ན་བསམ་གཏན་དང་པོའི་དངོས་གཞི་ཐོབ་པས་འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པས་འདོད་པའི་གཉེན་པོ་བྱེད་པར་མི་འཐད་དོ་ཞེ་ན། ཐག་བསྲིང་བའི་གཉེན་པོ་ཙམ་ལ་དགོངས་ཏེ། ཕྱི་མ་རྣམས་ལ་ཡང་འདིས་རིག་པར་བྱའོ། །དགའ་བདེ་གཉིས་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། བསམ་གཏན་ལ་གནས་པ་རྣམས་ཀྱི་ལུས་དང་སེམས་ལ་ཕན་འདོགས་པའོ། །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་ཡིན་ཏེ། གཉེན་པོ་དང་ཕན་ཡོན་གྱི་ཡན་ལག་གཉིས་ཀྱང་འདི་ལ་བརྟེན་ནས་འཇུག་པའོ། །བསམ་གཏན་གཉིས་པའི་ཡན་ལག་བཞི་ལས་ནང་རབ་ཏུ་དྭང་བ་ནི་བྱེ་བྲག་ཏུ་སྨྲ་བས་བསམ་གཏན་གྱི་ས་ལ་ངེས་པར་འབྱུང་བ་ཡིད་ཆེས་པའི་དད་པ་ལ་འདོད་ལ། རྣལ་འབྱོར་སྤྱོད་པ་བས་ནི་དྲན་ཤེས་བཞིན་བཏང་སྙོམས་གསུམ་ལ་འདོད་དོ། །འདི་དང་བསམ་གཏན་དང་པོའི་དགའ་བ་ནི་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་སིམ་པར་མྱོང་བའོ། །བདེ་བ་ནི་བྱེ་བྲག་སྨྲ་བས་ཤིན་ཏུ་སྦྱངས་པའི་བདེ་བ་ལ་འདོད། མདོ་སྡེ་པས་དབང་ཤེས་ཀྱི་འཁོར་གྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་ལ་འདོད། མདོ་ལས། བདེ་བ་ལུས་ཀྱིས་ཉམས་སུ་མྱོང་བ་ཞེས་འབྱུང་བའི་ཕྱིར་ཤིན་ཏུ་སྦྱངས་པའི་བདེ་བ་ནི་མ་ཡིན་ཏེ། བསམ་གཏན་བཞི་པ་ནི་ཤིན་ཏུ་སྦྱངས་པ་ཆེས་ཁྱད་པར་དུ་འཕགས་པ་ཡོད་ཀྱང་ཡན་ལག་ཏུ་མ་སྨྲོས་པའི་ཕྱིར་རོ་ཞེས་འདོད་དོ། །གཏན་ལ་དབབ་པ་བསྡུ་བ་ལས། ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་སིམ་པར་མྱོང་བ་གཅིག་ཉིད་ཡིད་ཤེས་འཁོར་དང་བཅས་ལ་ཕན་འདོགས་པའི་ཕྱིར་དགའ་བ་ཞེས་བྱ་ལ། དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བརྗོད་དོ། །འོ་ན་འདོད་པའི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བ་ལ་ཅིའི་ཕྱིར་བདེ་བ་ཞེས་མ་བརྗོད་ཅེ་ན། ཏིང་ངེ་འཛིན་གྱིས་མ་ཟིན་པས་ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་མི་ནུས་པས་དངོས་གཞིའི་བདེ་བ་དང་མཚུངས་པ་མ་ཡིན་ནོ། །འདི་དག་ལས་ནང་རབ་ཏུ་དྭང་བ་ནི་གཉེན་པོའི་ཡན་ལག་སྟེ། བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་རྟོག་དཔྱོད་ལས་འདའ་བར་བྱེད་པའི་ཕྱིར། དགའ་བདེ་གཉིས་ནི་ཕན་ཡོན་གྱི་ཡན་ལག་གོ །བསམ་གཏན་དང་པོའི་དགའ་བདེ་དང་འདི་གཉིས་ཀྱི་དགའ་བདེ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔ་མ་ནི་མི་དགེ་བས་དབེན་པ་ལ་སྐྱེས་པའི་དགའ་བདེ་ཡིན་ལ། གཉིས་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཡིན་ནོ། །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ །བསམ་གཏན་གསུམ་པའི་ཡན་ལག་ལྔ་ལས་དྲན་པ་ནི། དགའ་བའི་འདུ་ཤེས་མི་འབྱུང་བར་བྱ་བའི་དོན་དུ་དམིགས་རྣམ་མི་བརྗེད་པར་དྲན་པའོ། །ཤེས་བཞིན་དགའ་བའི་འདུ་ཤེས་བྱུང་མ་བྱུང་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་པའོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དུ་འཇོག་པའི་འདུ་བྱེད་བཏང་སྙོམས་སོ། །བདེ་བ་ནི་སེམས་བདེ་བ་སྟེ་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་མྱོང་བའོ། །སྔ་མ་དང་ཁྱད་པར་ཅི་ཡོད་ཅེ་ན། བསམ་གཏན་དང་པོ་གཉིས་ཀྱི་སྐབས་སུ་ནི། དགའ་བ་ཉོན་མོངས་པ་ཅན་དང་མ་བྲལ་བས་མ་ཞི་བ་ཡིན་ལ། བསམ་གཏན་གསུམ་པ་ལ་ནི་དེ་དང་བྲལ་བས་ཞི་བ་ཡིན་ནོ། །རྣམ་པར་བསྒྱུར་བའི་མདོ་ལས་ཀྱང༌། བསམ་གཏན་གསུམ་པ་བཀའ་སྩལ་པ་ན། འདིར་ཡིད་བདེ་བའི་དབང་པོ་མ་ལུས་པར་འགག་པར་འགྱུར་རོ་ཞེས་གསུངས་པས་བསམ་གཏན་དང་པོའི་དགའ་བ་དང་འདིའི་སེམས་བདེ་གཉིས་ལ་ཁྱད་པར་ཡོད་པར་མངོན་ཏེ། དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་གསུམ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། བསམ་གཏན་གསུམ་པའི་མི་མཐུན་ཕྱོགས་དགའ་བ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ །བསམ་གཏན་བཞི་པའི་ཡན་ལག་ལ། དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་གཉིས་ནི་གཉེན་པོའི་ཡན་ལག་ཡིན་ཏེ། བསམ་གཏན་བཞི་པའི་མི་མཐུན་ཕྱོགས་བདེ་བ་ལ་སོགས་པ་སྤོང་བར་བྱེད་པའི་ཕྱིར་རོ། །གལ་ཏེ་ཡན་ལག་འདི་གཉིས་ལ་བསམ་གཏན་གསུམ་པའི་དུས་སུ་ཡོངས་སུ་དག་པ་ཞེས་མ་སྨྲོས་ལ་འདིར་སྨྲོས་པ་ཅི་ཞེ་ན། བསམ་གཏན་གྱི་སྐྱོན་བརྒྱད་དང་བྲལ་བའི་ཕྱིར་རོ། །སྐྱོན་བརྒྱད་ནི། བཏང་སྙོམས་མ་གཏོགས་པའི་ཚོར་བ་སོགས་བཞི་དང༌། རྟོག་དཔྱོད་གཉིས་དང༌། དབུགས་འབྱུང་རྔུབ་གཉིས་སོ། །ཅིའི་ཕྱིར་བསམ་གཏན་བཞི་པ་ལ་ཤེས་བཞིན་ཡན་ལག་ཏུ་མ་སྨྲོས་ཤེ་ན། བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བས་མི་མཐུན་ཕྱོགས་བྱུང་མ་བྱུང་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད་མི་དགོས་པའི་ཕྱིར་རོ། །ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག་གོ །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ །བསམ་གཏན་དང་པོ་ན་ཡང་དྲན་པ་དང་ཤེས་བཞིན་སོགས་ཡོད་པ་མིན་ནམ་ཞེ་ན། རྟོག་དཔྱོད་ཀྱིས་མངོན་པར་དཀྲུགས་པས་རང་གི་ངོ་བོའི་ལས་མི་བྱེད་པའི་ཕྱིར་ཡན་ལག་ཏུ་མ་སྨྲོས་ལ། བསམ་གཏན་གཉིས་པ་ལ་ནི་ཏིང་ངེ་འཛིན་གྱི་ངོ་བོའི་ལས་བྱེད་ཀྱང་དགའ་བ་ཉོན་མོངས་པ་ཅན་གྱི་ཟིལ་གྱིས་མནན་པའི་ཕྱིར་རང་མིང་གིས་མ་སྨྲོས་པར་ནང་རབ་ཏུ་དྭང་བ་ཞེས་པའི་མིང་གིས་བསྟན་ཏོ། །བསམ་གཏན་གསུམ་པ་ལ་ནི་དགའ་བ་ཉོན་མོངས་པ་ཅན་དང་བྲལ་བས་རང་མིང་གིས་དངོས་སུ་སྨྲོས་ལ། བསམ་གཏན་བཞི་པ་ལ་ནི་བསམ་གཏན་གྱི་སྐྱོན་ཐམས་ཅད་དང་བྲལ་བས་ཡོངས་སུ་དག་པའི་མིང་གིས་སྨྲོས་སོ། །བསམ་གཏན་དང་པོ་དང་གཉིས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་མ་བྲལ་གྱི་བྱེ་བྲག་གིས་ཏིང་ངེ་འཛིན་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དོ། །བསམ་གཏན་གཉིས་པ་དང་གསུམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དགའ་བ་ཉོན་མོངས་པ་ཅན་ལ་འདོད་ཆགས་དང་བྲལ་མ་བྲལ་གྱི་བྱེ་བྲག་གིས་ཕན་འདོགས་པའི་ཡན་ལག་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དོ། །བསམ་གཏན་གསུམ་པ་དང་བཞི་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་མ་གྲོལ་གྱི་བྱེ་བྲག་གིས་ཡོངས་སུ་དག་མ་དག་གི་ཁྱད་པར་ཡོད་དོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། ཉོན་མོངས་པ་ཅན་གྱི་བསམ་གཏན་དང༌། དག་པ་བའི་བསམ་གཏན་དང༌། ཟག་མེད་ཀྱི་བསམ་གཏན་ནོ། །ཉོན་མོངས་པ་ཅན་གྱི་བསམ་གཏན་ནི། རང་སའི་ཉོན་མོངས་པས་ཀུན་ནས་བཅིངས་པའི་མ་དག་པའི་སྙོམས་འཇུག་གོ །དབྱེ་ན་བཞི་སྟེ། སྲེད་པ་ཤས་ཆེ་བའི་བསམ་གཏན་དང༌། ལྟ་བ་ཤས་ཆེ་བའི་སྙོམས་འཇུག་དང༌། ང་རྒྱལ་ཤས་ཆེ་བའི་བསམ་གཏན་དང༌། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་ནོ། །དང་པོ་ནི་ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱོང་བའི་སྲེད་པས་བཅིངས་བའི་སྙོམས་འཇུག་གོ །གཉིས་པ་ནི་སྔོན་གྱི་མཐའ་ལ་རྟོག་པ་ལ་སོགས་པ་གང་ཡང་རུང་བས་དྲི་མ་ཅན་དུ་བྱས་པའི་སྙོམས་འཇུག་གོ །གསུམ་པ་ནི་ཡོན་ཏན་མ་ཐོབ་པ་ཐོབ་བོ་སྙམ་པའི་ང་རྒྱལ་གྱིས་དྲི་མ་ཅན་དུ་བྱས་པའི་སྙོམས་འཇུག་གོ །བཞི་པ་ནི་མ་རིག་པའི་དབང་གིས་ཐར་པ་ལ་ཐེ་ཚོམ་ཟ་བའི་ཡིད་གཉིས་ཀྱིས་མ་དག་པར་བྱས་པའི་སྙོམས་འཇུག་གོ །དག་པ་བའི་བསམ་གཏན་ནི་ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་སྙོམས་འཇུག་གོ །དབྱེ་ན་བཞི་སྟེ། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་ནོ། །དང་པོ་ནི། དག་པ་པ་གང་ཞིག་མཇུག་ཐོག་ཏུ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ། གཉིས་པ་ནི་མཇུག་ཐོག་ཏུ་རང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་པ། གསུམ་པ་ནི་མཇུག་ཐོག་ཏུ་གོང་ས་སྐྱེ་བ་དང་རྗེས་སུ་མཐུན་པ། བཞི་པ་ནི་མཇུག་ཐོག་ཏུ་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །ཟག་མེད་ཀྱི་བསམ་གཏན་ནི། ཡན་ལག་གི་སྒོ་ནས་འོག་ས་ལས་འདས་པའི་སྙོམས་འཇུག་གང་ཞིག་བདེན་པའི་རྣམ་པ་ཅན་གྱི་ཟག་མེད་ཀྱི་ཤེས་རབ་དང་མཚུངས་ལྡན་དུ་འབྱུང་བའོ། །བསམ་གཏན་གྱི་སྙོམས་འཇུག་བསྟན་ཟིན་ཏོ། །གཉིས་པ་གཟུགས་མེད་ཀྱི་སྙོམས་འཇུག་ལ། ངོ་བོ་ནི་དམིགས་པའི་སྒོ་ནས་འོག་ས་ལས་འདའ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །དབྱེ་བ་ལ་གཉིས་ཏེ། སའི་སྒོ་ནས་དབྱེ་བ་དང༌། ངོ་བོའི་སྒོ་ནས་དབྱེ་བའོ། །དང་པོ་ལ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དང་པོ་ནི། སྦྱོར་བའི་དུས་སུ་ནམ་མཁའི་འདུ་ཤེས་ཡིད་ལ་བྱེད་པས་གཟུགས་དང་ཐོགས་པའི་འདུ་ཤེས་རྣམ་པར་བཤིག་སྟེ། དངོས་གཞིའི་དུས་སུ་ནམ་མཁའ་ལ་དམིགས་པའི་ཏིང་ངེ་འཛིན་ལ་གསལ་སྣང་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་ལ་གཟུགས་ཀྱི་འདུ་ཤེས་ནི་ཁ་དོག་དང་དབྱིབས་ཀྱི་འདུ་ཤེས་སོ། །ཐོགས་པའི་འདུ་ཤེས་ནི་རྩིག་པ་དང་རྭ་བ་ལ་སོགས་པ་སྒྲིབ་པའི་འདུ་ཤེས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ནི། སྦྱོར་བའི་དུས་སུ་ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་ལ་དམིགས་ནས་དེ་ཉིད་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱེད་ཅིང༌། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་འཇུག་ནི། སྦྱོར་བའི་དུས་སུ་ཐོགས་བཅས་སམ་ཐོགས་མེད་ཀྱི་དམིགས་པ་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱེད་ཅིང༌། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་འཇུག་ནི། སྦྱོར་བའི་དུས་སུ་འདུ་ཤེས་རགས་པ་ནི་ནད་དང་འབྲས་དང་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་རགས་པ་ཡོད་པ་ཡང་མ་ཡིན་ཕྲ་བ་མེད་པའང་མིན་པ་ནི་ཞི་བའོ་སྙམ་དུ་ཡིད་ལ་བྱེད་ཅིང༌། དངོས་གཞིའི་དུས་སུ་དེ་ཉིད་ལ་གསལ་སྣང་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ངོ་བོའི་སྒོ་ནས་དབྱེ་བ་ནི་སྔ་མ་ལྟར་ཡིན་ལ། ཁྱད་པར་ནི་སྲིད་རྩེ་ལ་ཟག་མེད་མེད་དེ། སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་རོ། །ཁྱད་པར་ཆ་མཐུན་ཡང་མེད་དེ། གོང་ས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་རྣམས་ཡན་ལག་གིས་འདའ་ཞིང་གཟུགས་མེད་རྣམས་དམིགས་པས་འདའ་ཞེ་ན། བསམ་གཏན་གྱི་སྙོམས་འཇུག་རྣམས་ནི་ཡན་ལག་མི་འདྲ་བའི་ཁྱད་པར་ཡོད་པས་ཡན་ལག་སྔ་མ་སྔ་མ་རྣམས་སྤངས་ནས་ཕྱི་མ་ཕྱི་མ་ལ་གནས་པའི་ཕྱིར། ཡན་ལག་གིས་འདའ་བ་ཞེས་བྱའོ། །དམིགས་པས་འདའ་བ་ནི་མ་ཡིན་ཏེ། ས་གོང་འོག་ཀུན་ཏུ་ལྟ་བའི་ཕྱིར། གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པས་ཡན་ལག་མི་འདྲ་བ་མེད་པས་ཡན་ལག་གི་སྒོ་ནས་འདའ་བ་མ་ཡིན་ལ། དམིགས་པ་སྔ་མ་སྔ་མ་རྣམས་བོར་ནས་ཕྱི་མ་ཕྱི་མ་ལ་གནས་པའི་ཕྱིར་དམིགས་པས་འདའ་བ་ཞེས་བྱའོ། །གཉིས་པ་སྙོམས་འཇུག་གི་མི་མཐུན་ཕྱོགས་ངོས་གཟུང་བ་ལ། བསམ་གཏན་གྱི་མི་མཐུན་ཕྱོགས་ནི་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམ་པ་གསུམ་སྟེ། དེ་ལ་ཆེན་པོ་ནི་འདོད་པ་ལ་འདུན་པ་དང་རྣམ་འཚེ་སྟེ། དེས་བསམ་གཏན་ཐོབ་པ་ལ་གེགས་བྱེད་པས་སོ། །འབྲིང་ནི་རྟོག་དཔྱོད་དེ། ཐོབ་ཟིན་ཁྱད་པར་དུ་གྱུར་པ་ལ་གེགས་བྱེད་པས་སོ། །ཆུང་ངུ་ནི་དགའ་བ་དང་བདེ་བ་སྟེ། སེམས་ལས་སུ་རུང་བའི་མཆོག་ཐོབ་པ་ལ་གེགས་བྱེད་དོ། །དེ་ལ་མི་མཐུན་ཕྱོགས་ཆེན་པོ་དང་བྲལ་བ་ནི་བསམ་གཏན་དང་པོའོ། །མི་མཐུན་ཕྱོགས་འབྲིང་དང་བྲལ་བ་ནི་བསམ་གཏན་གཉིས་པ་དང་གསུམ་པའོ། །མི་མཐུན་ཕྱོགས་ཆུང་ངུ་དང་བྲལ་བ་ནི་བསམ་གཏན་བཞི་པ་ཡིན་པས་བསམ་གཏན་བཞི་པ་ནི་སེམས་ལས་སུ་རུང་བའི་མཆོག་གོ །གཟུགས་མེད་ཀྱི་མི་མཐུན་ཕྱོགས་ལ་ཡང་ཐོགས་བཅས་ཀྱི་འདུ་ཤེས་དང་ཐོགས་མེད་ཀྱི་འདུ་ཤེས་གཉིས་སོ། །དེ་ལ་ཐོགས་བཅས་ཀྱི་འདུ་ཤེས་དང་བྲལ་བ་ལས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །ཐོགས་མེད་ཀྱི་འདུ་ཤེས་ལ་ཡང་ནམ་མཁའི་འདུ་ཤེས་དང༌། ཡུལ་ཅན་རྣམ་ཤེས་ཀྱི་འདུ་ཤེས་གཉིས་ལས། ནམ་མཁའི་འདུ་ཤེས་དང་བྲལ་བ་ལས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །ཡུལ་ཅན་རྣམ་ཤེས་ཀྱི་འདུ་ཤེས་ལ་ཡང་རགས་པ་དང་ཕྲ་བ་གཉིས་ལས། རགས་པ་དང་བྲལ་བ་ལས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ་བོ། །ཕྲ་བའི་འདུ་ཤེས་ལ་ཡང་གཉིས་ཏེ། ཅུང་ཟད་ཕྲ་བ་དང༌། ཤིན་ཏུ་ཕྲ་བའོ། །ཅུང་ཟད་ཕྲ་བའི་འདུ་ཤེས་དང་བྲལ་བ་ལས་ནི་སྲིད་རྩེ་ཐོབ་བོ། །ཐ་མ་ནི་སྐྱོན་མ་ཡིན་པས་མི་སྤོང་ངོ༌། །གསུམ་པ་ཇི་ལྟར་ཐོབ་པའི་ཚུལ་ལ། དང་པོ་རྣལ་འབྱོར་པས་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་སྡུག་བསྔལ་གྱི་རྩ་བར་མཐོང་ནས་འདོད་པའི་ཉེས་དམིགས་ལ་རྟོག་པ་དང་དཔྱོད་པ་གཉིས་པོས་དེ་སྤོང་བ་ལ་ཞུགས་པས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་དང་པོ་ཐོབ་བོ། །དེའི་འོག་ཏུ་རྟོག་དཔྱོད་གཉིས་རྒྱུད་འཁྲུག་བྱེད་དུ་མཐོང་ནས་ནང་རབ་ཏུ་དྭང་བས་དེ་སྤང་བར་ཞུགས་པས་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་གཉིས་པ་ཐོབ་བོ། །དེའི་འོག་ཏུ་དགའ་བ་ཡང་ཡིད་གཡོ་བར་བྱེད་པའི་ཏིང་ངེ་འཛིན་གྱི་སྐྱོན་དུ་མཐོང་ནས་དྲན་ཤེས་བཞིན་བཏང་སྙོམས་ཀྱིས་དེ་སྤོང་བ་ལ་ཞུགས་པས་དགའ་བ་མེད་པའི་བདེ་བ་ཅན་གྱི་བསམ་གཏན་གསུམ་པ་ཐོབ་བོ། །དེའི་འོག་ཏུ་བདེ་བ་ཡང་སེམས་ལ་འགྱུར་བ་སྐྱེད་བྱེད་ཀྱི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སུ་མཐོང་ནས་དྲན་པ་དང་བཏང་སྙོམས་ཡང་དག་གཉིས་ཀྱིས་དེ་སྤོང་བ་ལ་ཞུགས་པས་ཚོར་བ་བཏང་སྙོམས་ཅན་གྱི་བསམ་གཏན་བཞི་པ་ཐོབ་བོ། །དེ་ནས་ཡུལ་ལ་མཚན་མར་འཛིན་པ་ཡང་རྒྱུད་འཁྲུག་བྱེད་དུ་རྟོགས་ནས་འདུ་ཤེས་ལས་ངེས་པར་འབྱུང་བའི་དོན་དུ་གཟུགས་མེད་པའི་སྙོམས་འཇུག་སྒོམ་པར་བྱེད་དོ། །དེ་ལ་ཡང་དང་པོར་གཟུགས་དང་ཐོགས་པའི་འདུ་ཤེས་རགས་པར་མཐོང་ནས་གཉེན་པོ་ནམ་མཁའི་འདུ་ཤེས་ཀྱིས་དེ་སྤོང་བ་ལ་ཞུགས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །དེའི་འོག་ཏུ་ནམ་མཁའི་འདུ་ཤེས་སྤོང་བའི་དོན་དུ་རྣམ་ཤེས་མཐའ་ཡས་བསྒོམ་པས་དེ་སྤངས་པ་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །དེའི་འོག་ཏུ་རྣམ་ཤེས་ཀྱི་འདུ་ཤེས་ཀྱང་སྐྱོན་དུ་མཐོང་ནས་ཅི་ཡང་མེད་པའི་འདུ་ཤེས་ཀྱི་དེ་སྤོང་བ་ལ་ཞུགས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ་བོ། །དེའི་འོག་ཏུ་ཅི་ཡང་མེད་པ་ལ་ཉེས་དམིགས་སུ་བལྟས་ནས་ཡོད་མིན་མེད་མིན་གྱི་འདུ་ཤེས་ཀྱིས་དེ་སྤོང་བ་ལ་ཞུགས་པས་སྲིད་རྩེ་ཐོབ་བོ། །འདི་ལ་ངེས་པར་འབྱུང་བའི་འདུ་ཤེས་ནི་བདག་མེད་རྟོགས་པ་ལས་གཞན་མེད་པའི་ཕྱིར་དེའི་གོང་ན་འཇིག་རྟེན་པའི་གནས་གཞན་མེད་དོ། །བཞི་པ་དམིགས་རྣམ་དཔྱད་པ་ཉོན་མོངས་པ་ཅན་དང༌། དག་པ་པ་དང༌། ཟག་མེད་གསུམ་ལས། དང་པོ་ནི་རང་སའི་ཟག་བཅས་ཀྱིས་དངོས་གཞི་ལ་དམིགས་འོག་མ་ལ་མི་དམིགས་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར། གོང་ས་ལ་མི་དམིགས་ཏེ། ས་རྣམས་ནི་སྲེད་པས་སོ་སོར་བཅད་པས་སོ། །ཟག་མེད་ལ་མི་དམིགས་ཏེ། དགེ་བ་ཉིད་འབའ་ཞིག་ཏུ་ཐལ་བར་འགྱུར་བའི་ཕྱིར་ཞེས་པ་ནི་མཛོད་ཀྱི་དོན་ནོ། །འདི་ནི་རགས་པའི་རྣམ་གཞག་ཡིན་གྱི་ཞིབ་མོར་དཔྱད་ན་གོང་འོག་གང་ལ་ཡང་དམིགས་པར་གསལ་ཏེ། འོག་མའི་སེམས་ཅན་ལ་གཙང་བདེ་རྟག་སོགས་སུ་འཛིན་པ་དང་དེ་ལས་ཁྱད་པར་དུ་འཕགས་པར་ལྟ་བའི་ཕྱིར་དང༌། གོང་ས་ལ་ཡང་ཐོབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་གྱི་འདོད་ཆགས་དང༌། གོང་མ་མ་ཐོབ་ཀྱང་ཐོབ་སྙམ་པའི་ང་རྒྱལ་དང༌། དེའི་རྟེན་གྱི་བདག་ལ་ཡང་དམིགས་པའི་ཕྱིར། བསྡུ་བ་ལས། གོང་མར་སྐྱེས་པ་རྣམས་ནི་འོག་མའི་སེམས་ཅན་རྣམས་ལས་འདིར་བདག་ཉིད་རྟག་པ་བརྟན་པ་དང་གཙང་བ་དང་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡིན་ནོ་སྙམ་དུ་རློམ་པའི་ཕྱིར་ཞེས་གསུངས་ཤིང༌། མངོན་པ་གོང་མ་ལས་མ་རིག་པ་དང་ལྟ་བ་དང་ཐེ་ཚོམ་གྱིས་འོག་མ་ལ་ཡང་དམིགས་པ་གསུངས་པའི་ཕྱིར། ཟག་མེད་ལ་ཡང་དངོས་སུ་མི་དམིགས་ཀྱང་བག་ཆགས་ཀྱི་སྒོ་ནས་དམིགས་པར་བཤད་དོ། །བསམ་གཏན་དག་པ་བ་དང་གཟུགས་མེད་ཀྱི་དམིགས་པ་ནི་འདུས་བྱས་དང་འདུས་མ་བྱས་གཉིས་གང་ཅི་ཡོད་པ་ཐམས་ཅད་དང་རང་གཞན་གྱི་རྒྱུད་ཐམས་ཅད་ཡིན་ལ། གཟུགས་མེད་ཀྱི་སེམས་དགེ་བ་རྣམས་ཀྱི་དམིགས་པ་ནི་ས་འོག་མའི་ཟག་བཅས་ཀྱི་དངོས་པོ་མ་ཡིན་ཏེ། ས་འོག་མའི་ཟག་བཅས་རྣམས་ནི་རབ་ཏུ་མ་ཞི་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ས་འོག་མ་ལས་འདས་པ་ཞེས་བཤད་དོ། །བསམ་གཏན་གྱི་དགེ་བ་རྣམས་ནི་ས་འོག་མ་ལ་དམིགས་པ་མ་ཡིན་ཏེ། དམིགས་པ་ལས་འདའ་བ་མེད་པས་ཀུན་ཏུ་བལྟ་བ་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་རང་ས་དང་གོང་སའི་ཟག་བཅས་དང་ཟག་མེད་དང་འོག་སའི་ཟག་མེད་ལ་ཡང་དམིགས་པར་བལྟའོ། །མཛོད་ལས། སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་གཏན་དགེ་ཡུལ་ཡོད་རྒུ་ཡིན། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་སོ། །འདི་མིན་རྣམ་བཤད་ལས་བྱུང་བ་ཇི་ལྟ་བ་བཞིན་ནོ། །ཚད་མེད་པ་ལ་བཞི་སྟེ། རྒྱུ་དང༌། ངོ་བོ་དང༌། གྲངས་ངེས་དང༌། འབྲས་བུའོ། །དེ་ལ་དང་པོ་རྒྱུའི་རྐྱེན་ནི་རིགས་ཡིན་ལ། བདག་པོའི་རྐྱེན་ནི་དགེ་བའི་བཤེས་གཉེན་ནོ། །དེ་མ་ཐག་པའི་རྐྱེན་ནི་རིག་པ་སྔ་མའོ། །དམིགས་པའི་རྐྱེན་ནི་མཐའ་ཡས་པའི་སེམས་ཅན་ནོ། །གཉིས་པ་ངོ་བོ་ལ་གསུམ་སྟེ། མཚན་ཉིད་དང༌། མཚོན་བྱའི་སྒྲ་དོན་དང༌། དབྱེ་བའོ། །དེ་ལ་མཚན་ཉིད་ནི། མཐའ་ཡས་པའི་སེམས་ཅན་ལ་དམིགས་པའི་བརྩེ་བའི་རྣམ་པ་ཅན་གྱི་རིག་པའོ། །མཚོན་བྱའི་སྒྲ་དོན་ནི་གསུམ་སྟེ། དམིགས་པའི་སྒོ་ནས་བཞག་པ་དང༌། འབྲས་བུའི་སྒོ་ནས་བཞག་པ་དང༌། ཡུལ་གྱི་སྒོ་ནས་བཞག་པའོ། །དང་པོ་ནི། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་ཚད་མེད་དོ། །གཉིས་པ་ནི། ཚོགས་གཉིས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་པས་ཚད་མེད་དོ། །གསུམ་པ་ནི། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པས་ན་ཚད་མེད་དོ། །དབྱེ་བ་ལ་གཉིས་ཏེ། རྣམ་པའི་སྒོ་ནས་དབྱེ་བ་དང༌། དམིགས་པའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། བདེ་བའི་དགོངས་པ་ཅན་དང༌། ཕན་པའི་དགོངས་པ་ཅན་ནོ། །དང་པོ་ལ་གསུམ་ལས། བྱམས་པ་ཚད་མེད་ནི། བསམ་གཏན་ལ་བརྟེན་ནས་དམིགས་ཡུལ་སེམས་ཅན་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །སྙིང་རྗེ་ནི། དམིགས་ཡུལ་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་དང༌། དགའ་བ་ནི། བདེ་བ་དང་མི་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ཕན་པའི་དགོངས་པ་ཅན་ནི། བཏང་སྙོམས་ཚད་མེད་ནི། ཆགས་སྡང་གི་ཉོན་མོངས་པ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །མདོ་སྡེ་རྒྱན་ལས། སེམས་ཅན་ཀུན་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་ཚད་མེད་གསུམ་ནི་བདེ་བའི་དགོངས་པ་ཅན་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བར་བྱེད་པའི་དོན་སེམས་པའི་ཕྱིར་རོ། །བཏང་སྙོམས་ཚད་མེད་ནི་ཕན་པའི་དགོངས་པ་ཅན་ཡིན་ཏེ། མ་འོངས་པ་ལ་ཕན་པའི་རྒྱུ་ཆགས་སྡང་དང་བྲལ་བར་འདོད་པའི་ཕྱིར་རོ། །དེ་ལ། སེམས་ཅན་ཀུན་ལ་བརྩེ་བ་ཅན། །ཞེས་པ་ནི་མདོར་བསྟན་ཏོ། །དེ་ལ་གཉིས་ཏེ། བདེ་བའི་དགོངས་པ་ཅན་དང༌། ཕན་པའི་དགོངས་པ་ཅན་ནོ། །བདེ་བའི་དགོངས་པ་ཅན་ལ་གསུམ་སྟེ། ཕྲད་པའི་དགོངས་པ་ཅན་དང༌། བྲལ་བའི་དགོངས་པ་ཅན་དང༌། མི་འབྲལ་བའི་དགོངས་པ་ཅན་ནོ། །ཕྲད་པའི་དགོངས་པ་ཅན་ནི་བྱམས་པའོ། །བྲལ་བའི་དགོངས་པ་ཅན་ནི་སྙིང་རྗེའོ། །མི་འབྲལ་བའི་དགོངས་པ་ཅན་ནི་དགའ་བ་ཚད་མེད་དོ། །ཕན་པའི་དགོངས་པ་ཅན་ནི་བཏང་སྙོམས་ཚད་མེད་དོ། །གཞན་དག་གིས་ཕན་པ་དང་བདེ་བའི་ཁྱད་པར་ཡང་མ་ཕྱེད་དོ། །གཉིས་པ་དམིགས་པའི་བྱེ་བྲག་གིས་དབྱེ་བ་ལ་གསུམ་སྟེ། དབྱེ་བ་དང༌། བྱེད་ལས་དང༌། ས་མཚམས་སོ། །དང་པོ་ལ་སེམས་ཅན་ལ་དམིགས་པའི་ཚད་མེད་དང༌། ཆོས་ལ་དམིགས་པའི་ཚད་མེད། དམིགས་པ་མེད་པ་ལ་དམིགས་པའི་ཚད་མེད་དོ། །དང་པོ་ནི། དམིགས་ཡུལ་སེམས་ཅན་སྡུག་བསྔལ་བ་ལ་བདེ་བར་འཛིན་པའི་སེམས་ཅན་ལ་དམིགས་ནས། བདེ་བར་འཛིན་པ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །གཉིས་པ་ནི་སྐད་ཅིག་རེ་རེས་འཇིག་པ་ལ་རྟག་པར་འཛིན་པའི་སེམས་ཅན་ལ་དམིགས་ནས། རྟག་འཛིན་དང་བྲལ་བར་འདོད་པའི་བརྩེ་བའི་རྣམ་པ་ཅན་ནོ། །གསུམ་པ་ནི། སྒྱུ་མ་ལྟ་བུ་ལ་བདེན་པར་འཛིན་པའི་སེམས་ཅན་ལ་དམིགས་ནས། བདེན་འཛིན་དང་བྲལ་བར་འདོད་པའི་བརྩེ་བའི་རྣམ་པ་ཅན་ནོ། །གཉིས་པ་བྱེད་ལས་ནི། སེམས་ཅན་ལ་དམིགས་པའི་ཚད་མེད་ཀྱིས་གནས་སྐབས་སུ་སྡུག་བསྔལ་ལས་སྐྱོབ་པ་དང༌། ཆོས་ལ་དམིགས་པའི་ཚད་མེད་ཀྱིས་མཐར་ཐུག་སྡུག་བསྔལ་ལས་སྐྱོབ་པ་དང༌། དམིགས་པ་མེད་པའི་ཚད་མེད་ཀྱིས་སྲིད་ཞི་མཐའ་དག་གི་རྒྱུད་པ་ལས་སྐྱོབ་པའི་བྱ་བ་བྱེད་དོ། །གསུམ་པ་ས་མཚམས་ནི། བྱང་ས་ལས། དང་པོ་ནི་མུ་སྟེགས་པ་དང་ཐུན་མོང་བ་དང༌། གཉིས་པ་ཉན་རང་དང་ཐུན་མོང་བ་དང༌། གསུམ་པ་ཐུན་མོང་མ་ཡིན་པར་བཤད་དོ། །བློ་གྲོས་མི་ཟད་པའི་མདོ་ལས་ནི། སེམས་ཅན་ལ་དམིགས་པའི་ཚད་མེད་པ་མོས་སྤྱོད་ཀྱི་ས་དང༌། ཆོས་ལ་དམིགས་པའི་ཚད་མེད་པ་ས་དང་པོ་ནས་བདུན་པའི་བར་དང༌། དམིགས་པ་མེད་པ་ནི་དག་པ་ས་གསུམ་ན་ཡོད་པར་བཤད་དོ། །གྲངས་ངེས་ནི། མི་མཐུན་ཕྱོགས་གནོད་སེམས་དང་རྣམ་འཚེ་དང་མི་དགའ་བ་དང་ཉེ་རིང་དུ་འཛིན་པ་བཞིའི་བྱེ་བྲག་གིས་གཉེན་པོ་བྱམས་སོགས་ཚད་མེད་བཞིར་ངེས་སོ། །འབྲས་བུ་ལ་གཉིས་ཏེ། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། ཚངས་པའི་གནས་སུ་སྐྱེ་བ་རྣམ་སྨིན་གྱི་འབྲས་བུ། ཚོགས་རྫོགས་པར་བྱེད་པ་བདག་པོའི་འབྲས་བུ། སེམས་ཅན་སྨིན་པར་བྱེད་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུ། རྟག་ཏུ་དེ་དང་མི་འབྲལ་བ་རྒྱུ་མཐུན་གྱི་འབྲས་བུ། གནོད་སེམས་སོགས་དང་བྲལ་བ་བྲལ་བའི་འབྲས་བུ་སྟེ། གཉིས་པ་མཐར་ཐུག་གི་འབྲས་བུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞི་གནས་དང་ལྷག་མཐོང་བཤད་པ་ལ། ཞི་གནས་ཀྱི་ངོ་བོ་ནི་དམིགས་པ་ལ་སེམས་རྒྱུན་དུ་འཇོག་པར་བྱེད་པའོ། །སྒྲ་དོན་ནི་རྣམ་གཡེང་ཞི་ནས་དམིགས་པ་གཅིག་ལ་རྒྱུན་ཆགས་སུ་གནས་པའི་ཕྱིར་རོ། །དབྱེ་བ་ནི་མཚན་མ་དང་བཅས་པ་དང༌། མཚན་མ་མེད་པའོ། །དང་པོ་ནི། དམིགས་པའི་མཚན་མ་གང་ཡང་རུང་བ་གཅིག་བཟུང་ནས་དེ་ལ་རྩེ་གཅིག་ཏུ་གནས་པའོ། །གཉིས་པ་ནི། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་ཞི་གནས་སོ། །ཇི་ལྟར་སྒྲུབ་པའི་ཚུལ་ནི། གང་ཟག་གི་རིགས་ཀྱི་དབྱེ་བས་ལྔར་རྣམ་པར་གཞག་པ་ཡིན་ཏེ། ཉོན་མོངས་པའི་ཀུན་སློང་རྟོག་པ་ཞི་བའི་དབང་དུ་མཛད་དེ་དབུགས་འབྱུང་རྔུབ་ལ་དམིགས་ཏེ་ཞི་གནས་སྒྲུབ་པའི་ཚུལ་གསུངས་ལ། ཉོན་མོངས་པ་རང་གི་ངོ་བོ་ཞི་བའི་དོན་དུ་ནི་བཞི་གསུངས་ཏེ། འདོད་ཆགས་ཞི་བའི་དོན་དུ་མི་སྡུག་པའི་ཏིང་ངེ་འཛིན་དང༌། ཞེ་སྡང་ཞི་བའི་དོན་དུ་བྱམས་སོགས་ཚད་མེད་པ་བཞི་ལ་དམིགས་པའི་ཏིང་ངེ་འཛིན་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་པ་དང༌། ང་རྒྱལ་ཞི་བའི་དོན་དུ་ཁམས་ཀྱི་རབ་ཏུ་དབྱེ་བ་ལ་དམིགས་པའི་ཏིང་ངེ་འཛིན་དང་ལྔ་གསུངས་སོ། །འོག་ས་ལས་འདས་ནས་གོང་མའི་གོང་མ་འཐོབ་པའི་དོན་དུ་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་བསྒོམ་པར་གསུངས་ཏེ། འདི་ནི་གོང་དུ་བཤད་པ་ལྔ་པོ་མཐར་ཕྱིན་པར་བྱ་བའི་དོན་དུ་བསྒོམ་པར་བྱ་བ་སྟེ། ལྔ་པོ་ཐམས་ཅད་ཀྱི་ཐུན་མོང་བའོ། །སྒྲུབ་ཚུལ་ལྔ་པོ་འདི་ནི་ཞི་གནས་ཀྱི་མི་མཐུན་ཕྱོགས་ལྔ་སེལ་བའི་དོན་དུ་གསུངས་སོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དམིགས་པའི་ཞི་གནས་སྒྲུབ་ཚུལ་ཡང་གསུངས་སོ། །དེ་དག་གི་རིམ་པ་དེ་མཉམ་པར་གཞག་པ་ན་བྱིང་བར་གྱུར་པ་དེའི་ཚེ་མཆོག་ཏུ་དགའ་བའི་ཡུལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཡིད་ལ་བྱེད་པས་བྱིང་བ་བསལ་བའི་ཕྱིར་སྐུ་གཟུགས་ལ་དམིགས་པའི་ཞི་གནས་བསྒོམ་པར་གསུངས་པ་ཡིན་ནོ། །ཡུལ་ཡིད་དུ་འོང་བ་ལ་སེམས་རྒོད་པར་གྱུར་པ་དེའི་ཚེ་མི་སྡུག་པ་ལ་དམིགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཐུན་མོང་གི་ཡུལ་མི་སྡུག་པ་ལ་དམིགས་པས་ཞེ་སྡང་སྐྱེས་པ་དེའི་ཚེ་བྱམས་སོགས་ལ་དམིགས་པའི་ཏིང་ངེ་འཛིན་བསྒོམ་པའོ། །ཡུལ་བར་མའི་རང་བཞིན་ལ་རྨོངས་པའི་ཚེ་རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་གི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཏིང་ངེ་འཛིན་ལ་ཅུང་ཟད་དབང་འབྱོར་པ་ན་ང་རྒྱལ་སྐྱེ་བས་དེའི་ཚེ་ཁམས་ཀྱི་རབ་ཏུ་དབྱེ་བ་ལ་དམིགས་པའི་ཏིང་ངེ་འཛིན་བསྒོམ་པའོ། །ཉོན་མོངས་པ་དེ་དག་གིས་ཀུན་སློང་རྣམ་པར་རྟོག་པ་རྟ་རྒོད་ལྟར་འདུལ་བར་དཀའ་བ་ཞི་བའི་དོན་དུ་ནི་དབུགས་འབྱུང་རྔུབ་ལ་དམིགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱེད་དོ། །ཞི་གནས་འདི་དག་གི་མི་མཐུན་ཕྱོགས་ངོས་གཟུང་བ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་ལེ་ལོ་དང་གདམས་ངག་བརྗེད་པ་གཉིས་ཀྱིས་ནི་སྦྱོར་བའི་གནས་སྐབས་ལ་སྒྲིབ་པར་བྱེད་དེ། ལེ་ལོས་ནི་ཏིང་ངེ་འཛིན་བསྒོམ་པ་ལ་མི་འཇུག་ཅིང༌། གདམས་ངག་བརྗེད་པས་བསྒོམ་བྱའི་དོན་ལ་ཡང་དག་པར་འཇོག་མི་ནུས་པའི་ཕྱིར་རོ། །བྱིང་རྒོད་གཉིས་ཀྱིས་ནི་དངོས་གཞིའི་གནས་སྐབས་ལ་སྒྲིབ་པར་བྱེད་དེ། སེམས་བྱིང་བས་ཏིང་ངེ་འཛིན་གྱི་དམིགས་པ་རྣམས་གསལ་བར་འཛིན་མི་ནུས་པའི་ཕྱིར་རོ། །སེམས་རྒོད་པས་ཏིང་ངེ་འཛིན་གྱི་ཡུལ་མ་ཡིན་པ་ལ་སེམས་རྣམ་པར་གཡེང་བའི་ཕྱིར་རོ། །ཐ་མ་གཉིས་ཀྱིས་ནི་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བ་ལ་གེགས་བྱེད་དེ། བྱིང་རྒོད་བྱུང་བར་མཐོང་བ་དེའི་ཚེ་གཉེན་པོ་འདུ་མི་བྱེད་པ་ནི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱི་དབང་དུ་འགྲོ་བའི་ཕྱིར་རོ། །ཏིང་ངེ་འཛིན་གསལ་བའི་དུས་སུ་གཉེན་པོ་མངོན་པར་འདུ་བྱེད་པ་ནི་དགོས་པ་མེད་བཞིན་དུ་འབད་པའི་རྩོལ་བས་ཏིང་ངེ་འཛིན་གྱི་གནས་པ་རྒྱུན་གཅོད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྐྱོན་གྱི་གཙོ་བོ་བྱིང་རྒོད་གཉིས་ཀྱང་ལྔ་པོ་འདི་དག་གི་ནང་དུ་འདུས་སོ། །ཉེས་པ་འདི་དག་གི་གཉེན་པོ་ལ་སྤོང་བའི་འདུ་བྱེད་བརྒྱད་དོ། །ལེ་ལོའི་གཉེན་པོ་དད་པ་དང་འདུན་པ་རྩོལ་བ་དང་ཤིན་ཏུ་སྦྱངས་བ་དང་བཞིའོ། །དེ་ལ་དད་པས་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་ཡིད་ཆེས་པས་ཏིང་ངེ་འཛིན་བསྒོམ་པ་ལ་འདུན་པར་བྱེད་དོ། །འདུན་པས་ནི་གང་འཐོབ་པར་འདུན་པའི་ཡུལ་ལ་བརྩོན་འགྲུས་རྩོམ་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་ཏིང་ངེ་འཛིན་སྒོམ་པ་ལ་སྦྱོར་བས་ཤིན་ཏུ་སྦྱངས་པའི་ཡོན་ཏན་འདྲེན་པར་བྱེད་དོ། །ཤིན་ཏུ་སྦྱངས་པ་ཐོབ་པས་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་ཉམས་སུ་མྱོང་བས་ཏིང་ངེ་འཛིན་བསྒོམ་པ་ལ་ཆེས་སྤྲོ་བར་འགྱུར་རོ། །དེ་ལྟར་ན་བཞི་པོ་འདི་ནི་ལེ་ལོའི་གཉེན་པོར་གྱུར་པ་ཡིན་ནོ། །དྲན་ཤེས་བཞིན་གཉིས་ཀྱིས་ནི་གདམས་ངག་བརྗེད་པའི་གཉེན་པོ་བྱེད་དེ། དྲན་པས་དམིགས་པ་མ་བརྗེད་པས་སེམས་རྩེ་གཅིག་པ་ལ་འཇུག་པའི་ཕྱིར་དང༌། ཤེས་བཞིན་གྱིས་ནི་མི་མཐུན་ཕྱོགས་བྱིང་རྒོད་གཉིས་ཀྱི་སྐྱོན་རིག་ནས་མི་མཐུན་ཕྱོགས་རྒྱུན་གཅོད་པའི་ཕྱིར་རོ། །སེམས་པས་བྱིང་རྒོད་བྱུང་བ་ན་གཉེན་པོ་འདུ་བྱེད་དེ། སེམས་བྱིང་པའི་ཚེ་དམིགས་པས་སེམས་རབ་ཏུ་འཛིན་པ་མངོན་པར་འདུ་བྱེད་པ་དང༌། རྒོད་པའི་ཚེ་དམིགས་པ་ལ་སེམས་རབ་ཏུ་འཇོག་པར་བྱེད་དོ། །བཏང་སྙོམས་ཀྱིས་ནི་གཉེན་པོ་ལྷག་པར་འདུ་བྱེད་པའི་གཉེན་པོ་བྱེད་དེ། ཞི་གནས་ཀྱི་དམིགས་པ་ལ་སེམས་ལྷུན་གྱིས་གྲུབ་པར་འཇོག་པའི་ཕྱིར་རོ། །དབུས་མཐའ་ཡས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །ཅེས་པ་ལྟར་རོ། །ཞི་གནས་ཀྱི་ཡན་ལག་ཐམས་ཅད་ཀྱིས་ལྷག་མཐོང་སྒྲུབ་ཚུལ་ནི། སེམས་གནས་པའི་ཐབས་དགུ་སྟེ། ངོ་བོ་ཉིད་དུ་དམིགས་པ་ལ་སེམས་ཡུན་རིང་དུ་འཇོག་པར་བྱེད་དོ། །དེ་ནས་ལན་གཅིག་ཙམ་མ་ཡིན་པར་སེམས་མི་འཕྲོ་བར་མངོན་པར་སྡུད་པའི་ཚུལ་གྱིས་རྒྱུན་དུ་འཇུག་པར་བྱེད་དོ། །གལ་ཏེ་ཕྱི་རོལ་དུ་གཡེང་བར་གྱུར་ན་ཡང་སླར་ཡང་སེམས་བཀུག་ནས་དམིགས་པ་ལས་སེམས་གླན་ཏེ་འཇོག་གོ །ཡང་སེམས་ཕྱི་རོལ་དུ་མི་འཕྲོ་བར་བྱ་བའི་ཕྱིར་དུ་ཐོག་མ་ཉིད་དུ་དྲན་པ་ཉིད་ཉེ་བར་འཇོག་གོ །གལ་ཏེ་གཟུགས་ལ་སོགས་པ་ལ་སེམས་རྣམ་པར་གཡེང་བར་གྱུར་ན་དེའི་ཉེས་དམིགས་ཤེས་པར་བྱས་ནས་སེམས་འཕྲོ་བར་མི་སྟེར་བའི་ཚུལ་གྱིས་འདུལ་བར་བྱེད་པ་དང༌། བྱིང་རྒོད་ཀྱི་ཉེས་དམིགས་མཐོང་ནས་འཕྲོ་བར་མི་སྟེར་བའི་སྒོ་ནས་ཞི་བར་བྱེད་པ་དང༌། རྣམ་པར་རྟོག་པ་བྱུང་བ་ན་དྭང་དུ་མི་ལེན་པའི་ཚུལ་གྱིས་ཉེ་བར་ཞི་བར་བྱེད་དེ། རྣམ་གཡེང་གིས་རྣམ་པར་གཡེང་བས་བར་དུ་གཅོད་པ་མེད་པར་དམིགས་པ་ལ་སེམས་རྒྱུན་དུ་གླན་ཏེ་འཇོག་པ་ནི་སེམས་རྩེ་གཅིག་ཏུ་བྱེད་པའོ། །དེ་ནས་ཤིན་ཏུ་གོམས་པའི་ཕྱིར་བྱིང་རྒོད་མེད་པའི་གནས་སྐབས་ལ་སེམས་ལྷུན་གྱིས་འགྲུབ་པར་འཇོག་པ་ནི་མཉམ་པར་འཇོག་པ་ཞེས་བྱའོ། །ཞི་གནས་བསྟན་ཟིན་ཏོ། །ལྷག་མཐོང་མེད་ན་ཉོན་མོངས་པའི་བག་ལ་ཉལ་འཇོམས་མི་ནུས་པའི་ཕྱིར་རོ། །ལྷག་མཐོང་ནི་ལམ་གྱི་གཙོ་བོ་སྟེ་ངོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བོ། །འདི་ལ་དབྱེ་ན། ཡུལ་གྱི་སྒོ་ནས་ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་དང༌། ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གཉིས་ཏེ། རྣམ་པར་འབྱེད་པ་བྱ་བའི་ཆོས་ལ་ཆོས་ཅན་དང་ཆོས་ཉིད་གཉིས་སུ་ངེས་པའི་ཕྱིར་རོ། །ཇི་སྙེད་པ་རྣམ་པར་འབྱེད་པས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ་སོར་རྣམ་པར་འབྱེད་པ་སྟེ། ཐོག་མར་ཕུང་པོ་ཙམ་ཞིག་བློ་ཡུལ་དུ་བྱས་ནས་གཟུགས་ལ་སོགས་པ་ལྔར་རྣམ་པར་འབྱེད་པ་དང༌། དེ་ལས་ཀྱང་གཟུགས་ཙམ་ཞིག་དཔྱད་གཞིར་བཟུང་ནས་ཐོགས་བཅས་དང་ཐོགས་མེད་སོགས་སུ་རྣམ་པར་འབྱེད་པ་ལྟ་བུ་སྟེ། འདིས་ནི་ཕུང་པོ་ལ་རིལ་པོའི་བདག་ཏུ་འཛིན་པ་ལྡོག་པར་བྱེད་དོ། །ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། ཡོངས་སུ་རྟོག་པའི་ལྷག་མཐོང་དང༌། ཡོངས་སུ་དཔྱོད་པར་བྱེད་པའི་ལྷག་མཐོང་ངོ༌། །དེ་ལ་ཡོངས་སུ་རྟོག་པའི་ལྷག་མཐོང་གིས་ནི་ཡུལ་གྱི་གཟུགས་སོགས་རགས་པ་ཙམ་ཞིག་བློ་ཡུལ་དུ་བྱེད་པ་ཡིན་ལ། ཡོངས་སུ་དཔྱོད་པས་ནི་ཁྱད་པར་གྱི་ཆོས་ལ་ཞིབ་ཏུ་རྣམ་པར་འབྱེད་པ་སྟེ། བློའི་འཇུག་ཚུལ་ལ་རགས་པའི་རྣམ་པ་དང་ཕྲ་བའི་རྣམ་པས་འཇུག་པ་གཉིས་སུ་ངེས་པའི་ཕྱིར་རོ། །ཡོངས་སུ་དཔྱོད་པའི་ཚུལ་ལ་བཞི་སྟེ། བགྲང་བ་དང༌། འཇལ་བ་དང༌། རྟོག་པ་དང༌། སོ་སོར་རྟོག་པའོ། །བགྲང་བའི་ཚུལ་གྱིས་འཇུག་པ་ནི་ཕུང་པོ་ལ་སོགས་པའི་གྲངས་སོགས་བློ་ཡུལ་དུ་འཛིན་པའི་མིང་གི་ཡུལ་ཅན་ནོ། །འཇལ་བ་ནི་མིང་དེ་དང་ལྡན་པའི་དོན་ཇི་ལྟར་གནས་པ་བཞིན་དུ་འཛིན་པའོ། །རྟོག་པ་ནི་རིགས་པ་ལ་བརྟེན་ནས་དོན་དེ་ཉིད་འཇལ་བར་བྱེད་པའོ། །སོ་སོར་རྟོག་པ་ནི་བགྲང་བ་དང་འཇལ་བ་དང་རྟོག་པའི་དོན་རྣམས་ལ་ཡང་དང་ཡང་དུ་འཇལ་བར་བྱེད་པའོ། །ངོ་བོའི་སྒོ་ནས་དབྱེ་ན་གཉིས་ཏེ། སོ་སོར་རྟོག་པའི་ལྷག་མཐོང་དང༌། རྣམ་པར་མི་གཡོ་བའི་ལྷག་མཐོང་ངོ༌། །དེ་ལ་སོ་སོར་རྟོག་པའི་ལྷག་མཐོང་ནི་རིགས་པ་བཞི་གང་ཡང་རུང་བས་ཐོག་མར་ཡུལ་ལ་སོ་སོར་རྟོག་ཅིང་བརྟགས་ནས་ཡུལ་ཇི་ལྟར་གནས་པའི་དོན་རྙེད་པར་བྱེད་པའོ། །རིགས་པ་བཞི་ནི་ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། འཐད་པ་སྒྲུབ་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པའོ། །དེ་ལ་ལྟོས་པའི་རིགས་པ་ནི། འབྲས་བུ་རྒྱུ་ལས་ཇི་ལྟར་འབྱུང་བའི་ཚུལ་ལ་རྨོངས་པ་སེལ་བར་བྱེད་པའོ། །བྱ་བ་བྱེད་པའི་རིགས་པ་ནི། རྒྱུས་འབྲས་བུ་ཇི་ལྟར་སྐྱེས་པའི་ཚུལ་ལ་རྨོངས་པ་སེལ་བར་བྱེད་པའོ། །འཐད་པ་སྒྲུབ་པའི་རིགས་པ་ནི། ལྐོག་གྱུར་གྱི་དོན་ལ་དོགས་པ་སེལ་བར་བྱེད་པའོ། །ཆོས་ཉིད་ཀྱི་རིགས་པ་ནི། དངོས་པོའི་གནས་ཚུལ་སྟོན་པར་བྱེད་པའི་རིགས་པས་རྨོངས་པ་སེལ་བར་བྱེད་པའོ། །རིགས་པ་བཞི་པོ་འདི་ནི་ལང་ཀར་གཤེགས་པའི་མདོ་དང༌། མངོན་པ་ཀུན་ལས་བཏུས་ལས་གསུངས་སོ། །རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་བསམ་བྱུང་གི་རིགས་པ་ཡིན་པས་སོ་སོར་རྟོག་པའི་ལྷག་མཐོང་ངོ༌། །རྣམ་པར་མི་གཡོ་བའི་ལྷག་མཐོང་ནི་རིགས་པས་ཡོངས་སུ་རྙེད་པའི་དོན་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གཞན་དུ་མི་གཡོ་བར་དམིགས་པ་ཤེས་རབ་ཀྱི་ཡོངས་སུ་འཛིན་པའོ། །ཇི་སྐད་བཤད་པའི་ལྷག་མཐོང་རྣམས་ལས། ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་གིས་ནི་ཆོས་ཅན་གྱི་དོན་ལ་རྨོངས་པ་སེལ་བར་བྱེད་པ་ཡིན་ལ། ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གིས་ནི་ཆོས་ཉིད་ཀྱི་དོན་བཟུང་ནས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པར་བྱེད་པའོ། །གང་དག་ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་གི་གཏམ་ཙམ་ཡང་མ་རྙེད་པར་ལྷག་མཐོང་གི་མན་ངག་སྟོན་པར་བྱེད་པའི་བསྟན་བཅོས་བརྩམ་པར་བྱེད་པ་ནི་བླུན་པོ་མཁས་པའི་ང་རྒྱལ་ཅན་ཞེས་བྱའོ། །ཇི་ལྟ་བ་འབྱེད་པའི་ལྷག་མཐོང་ཡང་གཉིས་ཏེ། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་བོ། །དེ་ལ་ཇི་སྙེད་པ་རྣམ་པར་འབྱེད་པའི་ལྷག་མཐོང་གིས་ནི་ཆོས་ཅན་སོ་སོ་ལ་རྨོངས་པའི་མ་རིག་པ་སེལ་བས་ཇི་སྙེད་པ་མཁྱེན་པའི་རྒྱུ་བྱེད་ལ། ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གིས་ནི་བདེན་འཛིན་གྱི་སྒྲོ་འདོགས་བཅད་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་བྱེད་དོ། །དེ་ལ་ཞི་གནས་ཀྱིས་ན་དམིགས་པ་ལ་སེམས་གཏོད་པར་བྱེད་པ་ཡིན་ལ། ལྷག་མཐོང་གིས་ནི་བློ་གཏད་པའི་ཡུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་བྱེད་པས་ན་གཉིས་ཀ་ཟུང་འབྲེལ་དུ་ཉམས་སུ་བླངས་པར་བྱ་བ་ཡིན་ནོ། །ཚིག་ལ་སོགས་པའི་གཟུངས་དང་ཞེས་སོགས་ཀྱི་དོན་ལ། གཟུངས་ཀྱི་རང་བཞིན་ངོས་གཟུང་བ། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། རྒྱུ་དང༌། ངོ་བོ་དང༌། བྱེད་ལས་སོ། །རྒྱུ་ནི་སྔོན་ཐོས་པ་དང་བསམ་པའི་དགེ་བ་མང་དུ་བསགས་པ་དང༌། ཚེ་འདིའི་ཐོས་པ་དང་ཏིང་ངེ་འཛིན་རྣམ་པར་དག་པ་བསྒོམས་པ་དང་གསུམ་ལས་དང་པོ་གཉིས་ཀྱིས་ནི་ཚིག་གི་གཟུངས་དང་དོན་གྱི་གཟུངས་གཉིས་ཀའི་རྒྱུ་བྱེད་པ་ཡིན་ལ། ཏིང་ངེ་འཛིན་གྱིས་ནི་ཐམས་ཅད་ཀྱི་རྒྱུ་བྱེད་དོ། །མདོ་སྡེ་རྒྱན་ལས། རྣམ་འཛིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཞེས་སོ། །གཉིས་པ་ངོ་བོ་ལ་བཞི་སྟེ། སྒྲ་དོན་དང༌། སོ་སོའི་མཚན་ཉིད་དང༌། གྲངས་ངེས་དང༌། ས་མཚམས་སོ། །དང་པོ་ནི། དྷ་ར་བ་ཞེས་པ་འཛིན་པ་ལ་འཇུག་པས་འཛིན་པར་བྱེད་པས་ན་གཟུངས་ཏེ། ཡང་དག་པའི་ཆོས་ལེགས་པར་འཛིན་པའོ། །གཉིས་པ་ལ། ཚིག་གི་གཟུངས་ཀྱི་མཚན་ཉིད་ནི། སྔར་ཡོངས་སུ་གཟུང་བའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཚིག་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་ནི་ཆོས་ཀྱི་སྤྱན་དང་དོན་གཅིག་གོ །དོན་གྱི་གཟུངས་ནི། སྔར་ཡོངས་སུ་གཟུང་བའི་གསུང་རབ་ཀྱི་དོན་ཟབ་པ་དང་རྒྱ་ཆེ་བ་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །བཟོད་པའི་གཟུངས་ཀྱི་མཚན་ཉིད་ནི། སྔར་རྟོགས་པའི་རང་བཞིན་སྐྱེ་མེད་ཀྱི་དོན་སྒོམ་བྱུང་གི་བློས་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན་གཉིས་ཏེ། འཇིག་རྟེན་པའི་སྒོམ་བྱུང་གིས་བསྡུས་པའི་གཟུངས་དང༌། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས་བསྡུས་པའི་གཟུངས་སོ། །སྔགས་ཀྱི་གཟུངས་ནི། སྔགས་ཀྱི་ཚིག་རྣམས་གཞན་ལ་ཕན་པའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབ་པའི་ནུས་པ་ཐོབ་པའི་ཡེ་ཤེས་སོ། །སྔགས་ཀྱི་ངོ་བོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། སྔགས་ཀྱི་ཚིག་ལ་སྔགས་ཞེས་བརྗོད་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འབྲས་བུ་ཚིག་ལ་ཉེ་བར་བཏགས་པའོ། །གསུམ་པ་གཟུངས་ཀྱི་གྲངས་ངེས་ནི། གཟུངས་ཀྱིས་ཡོངས་སུ་གཟུང་བར་བྱ་བའི་ཆོས་ནི་གཉིས་ཏེ། གསུང་རབ་ཀྱི་ཚིག་གི་དོན་དང༌། ཡུལ་ཅན་དེ་རྟོགས་པའི་བློའོ། །དང་པོ་ལ་ཚིག་དང་དོན་གཉིས་ཡོད་པའི་དབྱེ་བས་ཚིག་གཟུངས་དང༌། དོན་གཟུངས་གཉིས་སོ། །གཉིས་པ་ཡུལ་ཅན་གསུང་རབ་ཀྱི་ཆོས་རྟོགས་པའི་བློ་ལ་གཉིས་ཏེ། སྐྱེ་མེད་ཀྱི་དོན་རྟོགས་པ་དང༌། སྔགས་ཀྱི་དོན་རྟོགས་པའོ། །ཡུལ་གཉིས་པོའི་དབྱེ་བས་བཟོད་པའི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་གཉིས་སོ། །བཞི་པ་ས་མཚམས་ནི། ཚིག་གཟུངས་དང་དོན་གཟུངས་ཙམ་ནི་ལམ་མ་ཞུགས་ལ་ཡང་ཡོད་ལ། ཏིང་ངེ་འཛིན་ལ་བརྟེན་པའི་ཚིག་གཟུངས་དང་དོན་གཟུངས་ཆུང་ངུ་ཚོགས་སྦྱོར་གཉིས་དང༌། འབྲིང་པོ་མ་དག་ས་བདུན་དང༌། ཆེན་པོ་དག་པ་ས་ན་ཡོད་པར་བཤད་དོ། །བཟོད་པའི་གཟུངས་ལ་ཡང་ཆུང་ངུ་སྦྱོར་ལམ་དང༌། འབྲིང་མ་དག་ས་བདུན་དང༌། ཆེན་པོ་དག་པ་ས་ནའོ། །གསང་སྔགས་ཀྱི་གཟུངས་ནི་ས་དང་པོ་ནས་སོ། །གཟུངས་ཀྱི་ངོ་བོ་བསྟན་ཟིན་ནས། གསུམ་པ་བྱེད་ལས་ནི། རང་གིས་ཆོས་མི་བརྗེད་པར་འཛིན་པ་དང་གཞན་ལའང་ཆོས་སྟོན་པའི་ལས་མཛད་དོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཚུལ་ནི། ཚིག་གཟུངས་དང་དོན་གཟུངས་གཉིས་ནི་ཐོས་པ་དང་བསམ་པའི་ཤེས་རབ་གོམས་པར་བྱེད་པའི་སྒོ་ནས་སྒྲུབ་ལ། བཟོད་པ་དང་གསང་སྔགས་ཀྱི་གཟུངས་ཀྱི་སྒྲུབ་ཚུལ་ནི། ཡུམ་རྒྱས་པ་ལས་ཡི་གེ་བཞི་བཅུ་ཞེ་གཉིས་གསུངས་སོ། །ཡི་གེ་ཨ་ལ་བརྟེན་ནས་སྒྲུབ་པའི་ཚུལ་ནི། ཨས་བརྗོད་བྱའི་དོན་ཇི་ལྟ་བུ་ཞིག་སྟོན་རིགས་པས་བརྟགས་ནས་སྒྲ་ཙམ་དུ་ཟད་ཀྱི་བརྗོད་བྱའི་དོན་གྱིས་སྟོང་པར་རྟོགས་ཤིང་བསྒོམ་པས་སྐྱེ་མེད་ཀྱི་དོན་ལ་གསལ་སྣང་ཐོབ་ཅིང༌། ཆོས་གཞན་རྣམས་ཀྱང་ཨའི་ཚུལ་དང་འདྲ་བ་མིང་ཙམ་དུ་ཟད་ཀྱི་དོན་གྱི་ངོ་བོས་སྟོང་པར་བསྒོམ་པས་སྐྱེ་མེད་ཀྱི་དོན་ལ་གསལ་སྣང་ཐོབ་པ་ནི་བཟོཾད་པཾའི་རྒྱུའིཾ་གཟུངས་སྒྲུབ་པ་ཡིན་ནོ། །གཞན་རྣམས་ནི་དེ་ལ་བརྟེན་ནས་འཐོབ་བོ། །ཨ་ལ་དམིགས་པས་སྐྱེ་མེད་ཀྱི་དོན་རྟོགས་པ་འབྱུང་བས་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་གསུངས་སོ། །གཟུངས་བསྟན་ཟིན་ཏོ།།  །།ཡེ་ཤེས་ཀྱི་ཚོགས་ནི་སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་ཡང་སྟོང་ཉིད་ཉི་ཤུ་ཡོད་པའི་བྱེ་བྲག་གིས་ཡུལ་ཅན་ཡེ་ཤེས་ཉི་ཤུར་ཕྱེའོ། །སྟོང་ཉིད་ངོས་གཟུང་བ་ནི། གཟུགས་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ཙམ་ཉིད་ནས་གནས་ཚུལ་ལ་གདོད་མ་ནས་སྐྱེ་བ་མེད་པའི་སྟོང་པ་སྟེ། དཔེར་ན་ཆུ་ནང་གི་ཟླ་བའི་གཟུགས་ཤར་བའི་དུས་སུ་ཟླ་བར་སྣང་བའི་དུས་ཉིད་ན་གནས་ཚུལ་ལ་ཟླ་བར་མེད་པ་ལྟ་བུའོ། །ཟླ་བར་སྣང་བའི་ཆ་ནས་ཆོས་ཅན་དུ་འཇོག་པ་ཡིན་ལ། ཟླ་བར་སྣང་བའི་དུས་ཉིད་ནས་ཟླ་བས་སྟོང་པ་ནི་དེའི་སྟོང་པ་ཉིད་དུ་བརྗོད་དོ། །དེ་བཞིན་དུ་གཟུགས་སུ་སྣང་བའི་ཆ་ནས་ཆོས་ཅན་ཡིན་ལ། དེ་གནས་ཚུལ་དང་སྣང་ཚུལ་དང་འདུག་ཚུལ་ལ་མ་གྲུབ་པ་ནི་དེའི་སྟོང་ཉིད་དོ། །ཆོས་ཅན་སྣང་ཙམ་དང་མ་བྲལ་བའི་སྟོང་ཉིད་ཡན་གར་བ་ཞེས་པ་ནི་མི་བཞེད་དོ། །དབུ་མ་རྩ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་གསུངས་སོ། །ཟླ་བར་སྣང་བ་དང་ཟླ་བས་སྟོང་པ་ཉིད་སོ་སོར་གཅད་དུ་མེད་པའི་ཕྱིར། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་གསུངས་སོ། །དེས་ན་སྣང་ཚུལ་དང་གནས་ཚུལ་གཉིས་སུ་རྣམ་པར་ཕྱེ་བ་གལ་ཆེའོ། །ཡེ་ཤེས་ཀྱི་དམིགས་པ་གང་ཞེ་ན། གཞན་དག་ནི་མེད་དགག་གི་ཆའི་སྟོང་ཉིད་ལ་དམིགས་པར་འདོད་དོ། །ཁ་ཅིག་ནི་བདེན་སྟོང་སྒྱུ་མ་ལྟ་བུ་ལ་དམིགས་པར་འདོད་པ་དེ་དག་ལས། འཕགས་སེང་གི་དགོངས་པ་ནི་ཕྱི་མ་ཉིད་ཡིན་ཏེ། གང་དམིགས་པ་ལ་འཇུག་པའི་ཤེས་པ་ནི་བདེན་སྟོང་གི་སྣང་བ་ལ་དམིགས་ཏེ། རྨི་ལམ་གྱི་ཤེས་པས་ངོ་བོ་ཉིད་ཀྱིས་མེད་པའི་སྣང་ཙམ་ལ་དམིགས་པ་བཞིན་ནོ། །ཤེས་པ་བདེན་སྟོང་ལ་དམིགས་པ་མངོན་སུམ་གྱིས་གྲུབ་ལ། མཐུན་ཕྱོགས་ལ་ཡོད་པས་འགལ་བ་མ་ཡིན་ཞིང༌། བདེན་དངོས་ཡོད་པ་ལ་གཅིག་དང་དུ་བྲལ་སོགས་ཀྱིས་གནོད་པས་གང་དམིགས་པའི་ཡུལ་བདེན་སྟོང་དུ་གྲུབ་བོ། །ཅི་སྟེ་གང་དམིགས་པ་དེ་ནི་མེད་དེ། ཟླ་བ་གཉིས་ལ་སོགས་པ་བཞིན། ཡེ་ཤེས་ཀྱི་དམིགས་པ་ཡང་མེད་པར་འགྱུར་ཏེ། བདེན་པས་སྟོང་པའི་ཕྱིར་རོ། །དེས་ན་ཡེ་ཤེས་ཀྱི་དམིགས་པ་ཡོད་པས་བདེན་པས་གྲུབ་པར་འགྱུར་ཏེ། དགག་པ་བཀག་པར་སྒྲུབ་པ་མིན་པས་སོ་ཞེ་ན། བདེན་པ་མེད་ཀྱང་སྣང་ཙམ་ཡོད་པས་དམིགས་པ་མེད་པར་ཐལ་བར་མི་འགྱུར་ཞིང༌། སྣང་བ་གནས་ཚུལ་ལ་གྲུབ་པ་བཀག་པས་སྣང་བ་བདེན་དངོས་སུ་མི་འགྱུར་ཏེ། གནས་ཚུལ་ལ་སྣང་བ་མ་གྲུབ་པས་བདེན་དངོས་སུ་འགྱུར་བའི་གཞི་མེད་པའི་ཕྱིར་རོ། །དེས་ན་ལྷ་སྦྱིན་གྱི་གནོད་བྱེད་གསད་པས་ལྷ་སྦྱིན་འབྱུང་བ་མ་ཡིན་པ་བཞིན་དུ་གསད་བྱ་སྒྲོ་འདོགས་གསོད་བྱེད་རང་བཞིན་སྟོང་པ་ཉིད་བསྒོམས་པས་གསད་བྱ་སྒྲོ་འདོགས་སླར་འབྱུང་བ་མ་ཡིན་པར་གྲུབ་ཅིང༌། དམིགས་ཡུལ་གནས་ཚུལ་ལ་མེད་པས་བདེན་དངོས་ཡོད་པར་ཡང་མི་འགྱུར་ཏེ། བདེན་དངོས་ཡོད་པ་ལ་གཅིག་དང་དུ་བྲལ་སོགས་ཀྱི་རིགས་པས་གནོད་པའི་ཕྱིར་དང༌། བདེན་དངོས་སུ་གྲུབ་པ་ནི་དམིགས་ཡུལ་སྟོང་པ་ཉིད་དུ་གྲུབ་པ་ཉིད་ཀྱིས་རྣམ་གཅད་དུ་ཁེགས་ཟིན་པའི་ཕྱིར་རོ། །དེས་ན་བདེན་སྟོང་གི་སྣང་བ་སྒྱུ་མ་ལྟ་བུ་ལ་དམིགས་པར་དགོངས་ནས་འཕགས་སེང་གཉིས་ཀྱིས་མཉམ་གཞག་སྣང་བཅས་སུ་བཞེད་པའི་གནད་ཀྱང་འདི་ཡིན་ནོ། །དེས་ན་ལྟ་བས་ཀྱང་སྣང་བའི་སྟེང་དུ་བདེན་འཛིན་གྱི་སྤྲོས་པ་གཅོད་ཅིང༌། སྒོམ་པས་ཀྱང་སྣང་བ་ལ་དམིགས་ནས་རང་བཞིན་མེད་པར་བསྒོམ་པར་བྱེད་པའོ། །གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རང་བཞིན་མེད་པར་རྟོགས་པར་བྱས་ཏེ་ཞེས་གསུངས་སོ། །མདོ་ལས་སྣང་མེད་དུ་བཤད་པ་ནི་ཆོས་ཉིད་ཀྱི་ལྡོག་པ་ནས་ཡིན་པར་བཤད་དོ། །གལ་ཏེ་སྣང་བ་དོན་དམ་དུ་ཐལ་བར་འགྱུར་ཏེ། ཐེག་ཆེན་འཕགས་པའི་མཉམ་གཞག་གི་ཡུལ་ཡིན་པའི་ཕྱིར་རོ་ཞེ་ན། སྣང་བ་དམིགས་ཡུལ་ཡིན་གྱི་འཛིན་སྟངས་ཀྱི་གཟུང་བྱ་མ་ཡིན་པས་སྣང་བ་དོན་དམ་དུ་ཐལ་བར་མི་འགྱུར་ཏེ། གཅིག་དང་དུ་བྲལ་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་སྣང་བ་ལ་དམིགས་ཀྱང་དེ་དོན་དམ་དུ་མི་འགྱུར་བ་བཞིན་ནོ། །སྣང་བ་ལ་དམིགས་ནས་ཡུལ་གྱི་གནས་ཚུལ་རང་བཞིན་གྱིས་སྟོང་པའི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར་རོ། །འཁྲུལ་པར་ཡང་མི་འགྱུར་རོ། །སའི་རྣམ་པར་གཞག་པ་ནི་རྣམ་བཤད་ལ་རྒྱས་པར་ཡོད་པས་འདིར་མ་བྲིས་སོ། །སའི་ཚོགས་བཤད་པ་ལ། སའི་ངོ་བོ་ནི། སྙིང་རྗེས་ཡོངས་སུ་ཟིན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཏེ་ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་ས་ཞེས་བརྗོད་དོ། །ཡོངས་སྦྱོང་གི་ཆོས་ནི། བསམ་དང་ཕན་པའི་དངོས་ཉིད་དང༌། །ཞེས་རྒྱ་ཆེར་གསུངས་པ་ལ་དགོས་པ་ཐོབ་ཟིན་སྦྱོང་ངམ་མ་ཐོབ་པ་སྦྱོང་ཞེ་ན། འགྲེལ་བཤད་གཉིས་ལས། ས་མ་ཐོབ་པ་ཐོབ་པའི་དོན་དུ་སྦྱོང་སྟེ། བྱང་ཆུབ་ཀྱི་ཤིང་ལ་སོགས་པ་བཅུ་པའི་ཡོན་ཏན་རྣམས་ས་དགུ་པར་སྦྱངས་པའི་ཕྱིར་རོ་ཞེས་བཤད་ལ། འགྲེལ་ཆེན་ལས། ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ་ཡོངས་སུ་རྫོགས་ནས་ས་གཞན་ཡིན་ནོ་ཞེས་གསུངས་སོ། །དོན་ནི་འདི་ཡིན་ཏེ། ཡོངས་སྦྱོང་གི་ཆོས་སུ་བཤད་པ་འདི་དག་སྦྱོར་བའི་གནས་སྐབས་སྦྱངས་པ་ལས་ནི་ས་མ་ཐོབ་པ་ཐོབ་པར་འགྱུར་ལ། དངོས་གཞིའི་གནས་སྐབས་སུ་ཡོངས་སུ་སྦྱོང་བའི་ཆོས་རྣམས་ནི་དངོས་གཞིར་གཏོགས་པས་ན་གཉིས་ཀ་ལ་ཉེས་པ་མེད་དོ། །ས་བཅུ་པའི་མཚམས་སྦྱར་གྱི་དོན་ནི། ས་བཅུ་པ་ལ་ཡོངས་སྦྱོང་མ་བཤད་པ་ནི། ས་དགུ་པར་བཤད་པ་དེ་ཉིད་ལས་ཆོས་གཞན་མེད་པའི་ཕྱིར་མ་བཤད་པ་ཡིན་ལ། འགྲེལ་བཤད་གཉིས་ཀྱིས་ཀྱང་དེ་ལྟར་དུ་བཤད་དོ། །བོད་གཞན་གྱིས་བཤད་པ་ལ་ནི་སྙིང་པོ་མེད་དོ། །རིགས་ཀྱི་ས་ངོས་གཟུང་བ་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་དུ་མ་སྣང་སྟེ། འདིར་རིགས་ཀྱི་སྟོབས་ཀྱིས་ངེས་པ་དང༌། རྟོགས་པའི་སྟོབས་ཀྱིས་ངེས་པ་གཉིས་ལས། ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་ནི་རིགས་ཀྱི་སྟོབས་ཀྱིས་ངེས་པ་མི་འདོད་ལ། རྟོགས་པའི་སྟོབས་ཀྱིས་ངེས་པ་ལ་བྱང་ཆུབ་སེམས་དཔའ་རང་རྒྱལ་བསེ་རུ་ལྟ་བུ་རྣམས་དྲོད་ནས་རང་གི་བྱང་ཆུབ་ཏུ་ངེས་པའི་ས་ཐོབ་པར་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་གསུངས་སོ། །དེའི་སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་གཉིས་ཀྱིས་རང་གི་བྱང་ཆུབ་ཐོབ་པའི་སྔོན་རོལ་ལམ་བགྲོད་པའི་དུས་སུ་ཐོག་མར་ཚོགས་ཀྱི་ལམ་རྫོགས་པར་བྱས་ནས་སྲིད་པ་ཐ་མ་པའི་དུས་སུ་འཇིག་རྟེན་པའི་སྒོམ་ལམ་གྱིས་བསམ་གཏན་གསུམ་པ་མན་ཆད་ཀྱི་སྒོམ་སྤང་རིམ་གྱིས་སྤངས་ནས་བསམ་གཏན་བཞི་པ་ཐོབ་པར་བྱས་ནས། བསམ་གཏན་བཞི་པ་ལ་བརྟེན་ནས་དྲོད་ནས་གཟུང་སྟེ་ཟད་པ་དང་མི་སྐྱེ་བར་ཤེས་པའི་བར་མཉམ་གཞག་ཐུན་གཅིག་ལ་བསྐྱེད་ཅེས་པའི་དོན་ནོ། །ཉན་ཐོས་རྣམས་ཀྱི་ནི་བཟོད་ཆེན་ནས་ལམ་གཞན་དུ་མི་འགྲོ་བར་རང་རང་གི་བྱང་ཆུབ་ཐོབ་པར་ངེས་ཏེ། བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་རེ་རེ་ལས་མེད་པས་དེ་མ་ཐག་ཏུ་འཕགས་ལམ་ཐོབ་པའི་ཕྱིར་དང༌། འཕགས་ལམ་ཐོབ་ནས་ངེས་པའི་སར་ཆུད་པའི་ཕྱིར་རོ། །བཟོད་ཆེན་གྱི་སྔ་རོལ་དུ་རིགས་ངེས་པའི་ས་ཐོབ་པ་མ་ཡིན་ཏེ། ཉན་ཐོས་དྲོད་རྩེ་མོ་ཐོབ་པ་ཐེག་ཆེན་གྱི་ལམ་དུ་འཇུག་པ་ཡང་སྲིད་ཅིང༌། བཟོད་པ་འབྲིང་པོ་ཐོབ་པར་རང་རྒྱལ་དུ་གྱུར་པ་ཡང་སྲིད་པས་སོ། །མཛོད་ལས། གཉིས་སློབ་རིགས་ལས་ལོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་གསུངས་སོ། །འདི་ཡང་བསེ་རུ་ལྟ་བུའི་རང་སངས་རྒྱས་ཁོ་ན་འདོད་ཀྱི་ཚོགས་སྤྱོད་མི་འདོད་པ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ཡིན་གྱི། ཚོགས་སྤྱོད་ཀྱི་རང་སངས་རྒྱས་འདོད་པ་ཉི་འོག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནི་ཉན་ཐོས་འཕགས་ལམ་ཐོབ་ནས་ཀྱང་རང་རྒྱལ་དུ་འགྱུར་བར་འདོད་པ་མཛོད་འགྲེལ་ལས་བཤད་དོ། །སེམས་ཙམ་པ་རྣམས་ནི་ཉན་ཐོས་ལ་རིགས་ངེས་མ་ངེས་གཉིས་སུ་ཕྱེ་ནས་རིགས་མ་ངེས་པ་རྣམས་ནི་ལྷག་མེད་མ་ཐོབ་ཀྱི་བར་དུ་ཐེག་ཆེན་གྱི་ལམ་དུ་འཇུག་པ་སྲིད་པས་རིགས་ཀྱི་ས་བཞག་ཏུ་མེད་པ་ཡིན་ལ། ཉན་ཐོས་ངེས་པའི་རང་བཞིན་ཅན་རྣམས་ནི་རིགས་ཀྱི་སྟོབས་ཀྱིས་ཚོགས་ལམ་ནས་ངེས་ཀྱང་རྟོགས་པའི་སྟོབས་ཀྱིས་རང་གི་བྱང་ཆུབ་ཏུ་ངེས་པ་ནི་སྦྱོར་ལམ་ནས་ཐོབ་པས་སྦྱོར་ལམ་ནས་རིགས་ཀྱི་ས་ཐོབ་པར་འཇོག་གོ །ཉན་ཐོས་ཅིག་ཅར་བ་རང་རྒྱལ་དུ་འགྱུར་བར་མདོ་ལས་བཤད་པ་ནི་མ་ངེས་པའི་རིགས་ཅན་ནོ་ཞེས་འདོད་དོ། །འབུམ་ཊཱིཀ་དང་གནད་ཀྱི་ཟླ་འོད་དུ་སྦྱོར་ལམ་རིགས་ཀྱི་སར་བཞག་པ་ཡང་སེམས་ཙམ་པའི་འདོད་ཚུལ་བཀོད་པ་དང་དོན་གཅིག་ཅིང་སློབ་དཔོན་གྱི་དགོངས་པ་ཡང་དེ་ཉིད་ཡིན་པའི་ཕྱིར། འགྲེལ་ཆེན་ལས། ངེས་པར་འབྱེད་པའི་ཆ་རྟོགས་པས་རང་བྱང་ཆུབ་ལས་མི་ལྡོག་གོ་ཞེས་བཤད་པའི་རིགས་པས་ཉན་ཐོས་ལ་ཡང་དོན་གྱིས་ཐོབ་པར་འདོད་པས་སོ། །བོད་ཀྱི་མཁས་པ་དུ་མས་ཉན་ཐོས་ཀྱི་ལམ་གྱི་རྣམ་པར་གཞག་པའི་རིམ་པ་ཉན་ཐོས་སྡེ་གཉིས་འདོད་ཚུལ་ལྟར་བཤད་དགོས་སོ་སྙམ་ནས་འདིའི་རིགས་ཀྱི་ས་མཛོད་ལས་འབྱུང་བ་ལྟར་འཆད་པས་ནི་གྲུབ་མཐའ་སྨྲ་བ་བཞི་ཀ་ལ་ཐེག་པ་གསུམ་གྱི་རྣམ་གཞག་རེ་རེ་ཡོད་པའི་དོན་མ་རྟོགས་པ་ཡིན་ནོ། །དེས་ན་འདིའི་ཉན་ཐོས་ཀྱི་ལམ་གྱི་རྣམ་གཞག་དབུ་མ་པའི་ཉན་ཐོས་ཀྱི་ལམ་གྱི་འདོད་ཚུལ་དང་མཐུན་པར་བཞག་པའི་སློབ་དཔོན་འདི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པས་སེམས་ཙམ་པའི་ལུགས་ཀྱི་ཉན་ཐོས་ཀྱི་ལམ་གྱི་རྣམ་པར་བཞག་པ་དང་མཐུན་པར་བཞག་པར་བྱའོ། །འབྲས་བུ་དང་པོ་རྒྱུན་ཞུགས་ལ་ཞུགས་པའི་རྟོགས་པ་ནི་ཆོས་ཅན། བརྒྱད་པའི་ས་ཡིན་ཏེ། ཉན་ཐོས་ཞུགས་པ་དང་འབྲས་གནས་བརྒྱད་ཡོད་པའི་དང་པོའི་མངོན་རྟོགས་ཡིན་པའི་ཕྱིར། རྒྱུན་དུ་ཞུགས་པའི་རྟོགས་པ་ནི་ཆོས་ཅན། མཐོང་བའི་ས་ཡིན་ཏེ། རྒྱུན་ཞུགས་སོགས་འབྲས་བུ་བཞིའི་དང་པོའི་རྟོགས་པ་ཡིན་པའི་ཕྱིར། ལན་གཅིག་ཕྱིར་འོང་གི་རྟོགས་པ་ནི་ཆོས་ཅན། སྲབ་པའི་ས་ཡིན་ཏེ། འདོད་པའི་སྒོམ་སྤང་ཕལ་ཆེར་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། ཕྱིར་མི་འོང་གི་རྟོགས་པ་ནི་ཆོས་ཅན། འདོད་ཆགས་དང་བྲལ་བའི་ས་ཡིན་ཏེ། འདོད་པའི་འདོད་ཆགས་མ་ལུས་པ་དང་བྲལ་བས་རབ་ཏུ་ཕྱེ་བའི་འབྲས་བུ་གསུམ་པས་བསྡུས་པའི་རྟོགས་པ་ཡིན་པའི་ཕྱིར། དགྲ་བཅོམ་གྱི་རྟོགས་པ་ནི་ཆོས་ཅན། བྱས་པ་རྟོགས་པའི་ས་ཡིན་ཏེ། ཀུན་སྦྱོར་ཐམས་ཅད་ཟད་པས་བྱ་བ་བྱས་པར་ཁོང་དུ་ཆུད་པའི་རྟོགས་པ་ཡིན་པའི་ཕྱིར། ཕྱིར་འོང་ཞུགས་པ་སོགས་ཞུགས་པ་ལྷག་མ་གསུམ་གྱི་རྟོགས་པ་ཆོས་ཅན། ཉན་ཐོས་ཀྱི་ས་ཡིན་ཏེ། རིགས་ཅན་གསུམ་ལས་དབང་པོ་རྟུལ་པོའི་རྟོགས་པ་ཡིན་པའི་ཕྱིར་རོ། །ཡང་ཞུགས་པ་ལྷག་མ་གསུམ་གྱི་རྟོགས་པ་ཆོས་ཅན། གསུམ་ཡོད་ཀྱང་ཉན་ཐོས་ཀྱི་ས་ཞེས་གཅིག་ཏུ་བསྡུས་པ་ལ་རྒྱུ་མཚན་ཡོད་དེ། རྒྱུན་དུ་ཞུགས་པ་སོགས་རྟོག་པ་གཞན་རྣམས་ལ་བརྒྱད་པའི་ས་ཞེས་སོགས་མིང་གི་ཁྱད་པར་རེ་རེ་འབྱུང་བ་ལྟར་འདི་གསུམ་ལ་ཐ་དད་དུ་འབྱེད་པའི་མིང་གི་ཁྱད་པར་གྱི་མདོ་ཚིག་མེད་པས་སོ། །རིགས་ཀྱི་ས་ལ་སོགས་པ་སྔ་མ་དྲུག་ཀྱང་ཉན་ཐོས་ཀྱི་ས་མ་ཡིན་ནམ། ཅིའི་ཕྱིར་འདི་གསུམ་ལ་ལོགས་སུ་ཉན་ཐོས་ཀྱི་ས་ཞེས་རྣམ་པར་གཞག་ཅེ་ན། འདིར་མདོ་ལས་བྱང་སེམས་ཀྱི་ས་དང་རང་རྒྱལ་གྱི་ས་ཞེས་དངོས་སུ་འབྱུང་བས་དེ་གཉིས་ཀྱི་ཟླར་ཉན་ཐོས་ཀྱི་ས་ཞེས་སྨྲོས་པས་ཐེག་པ་གསུམ་གྱི་རྣམ་གཞག་ཡོད་པར་གྲུབ་པར་དགོངས་པས་སོ། །དགོས་པ་ནི་ས་བཅུ་པ་ལ་ཐེག་པ་གསུམ་གྱི་སྤངས་རྟོགས་ཡོན་ཏན་ཡར་ལྡན་དུ་འདུ་བར་རྟོགས་པའི་དོན་དུའོ། །འདིར་རྒྱུན་ཞུགས་ཞུགས་པའི་རྟོགས་པ་སོགས་ལ་བརྒྱད་པའི་ས་ཞེས་སོགས་མིང་གི་ཁྱད་པར་མི་འདྲ་བ་རེ་རེ་ཡོད་ལ། ཞུགས་པ་ལྷག་མ་གསུམ་གྱི་རྟོགས་པ་ལ་སའི་མིང་གི་ཁྱད་པར་སོ་སོར་མ་གསུངས་པར་ཐེག་པ་གསུམ་གྱི་རྣམ་པར་གཞག་པ་བསྟན་པའི་དོན་སྤྱི་སྒྲ་བྱེ་བྲག་ལ་བཀོད་ནས་བཤད་པ་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ལས། གང་གིས་ངེས་པར་འབྱུང་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པར་ངེས་པར་རྟོགས་པའི་རྣམ་པས་ངེས་པར་འབྱུང་ལ། གང་དུ་ངེས་པར་འབྱུང་བ་ནི་རྣམ་པ་གཉིས་ཏེ། སློབ་ལམ་མཐར་ཐུག་དང༌། མི་སློབ་ལམ་མཐར་ཐུག་གོ །དང་པོ་ནི་ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ་ཞེས་པས་བསྟན་ལ། གཉིས་པ་ནི་རྣམ་པ་ཐམས་ཅད་མཁྱེན་ཉིད་ཅེས་པས་བསྟན་ཏོ། །གང་གིས་ངེས་པར་འབྱུང་ཚུལ་ནི་དྲུག་སྟེ། སེམས་ཅན་དོན་དང་འབད་མེད་དང༌། །ཞེས་སོགས་དྲུག་གིས་བསྟན་ཏོ། །དེ་ལྟར་ན་གང་གིས་ངེས་པར་འབྱུང་ཚུལ་དྲུག་དང༌། གང་དུ་ངེས་པར་འབྱུང་བ་གཉིས་ཀྱི་དབྱེ་བས་ངེས་འབྱུང་སྒྲུབ་པ་རྣམ་པ་བརྒྱད་དུ་བསྟན་ཏོ། །སྐབས་དང་པོའི་དཀའ་བའི་གནས་རྣམ་པར་འབྱེད་པ་བསྟན་ཟིན་ཏོ།།  །།སྐབས་གཉིས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལ། དང་པོ་ལམ་ཤེས་ཀྱི་ཡན་ལག་བསྟན་པ་ནི། ལམ་ཤེས་སྐྱེ་བའི་རྟེན་ཅི་ལྟ་བུ་ཞིག་དགོས་སྙམ་ན། ང་རྒྱལ་ལ་སོགས་གེགས་དང་བྲལ་ན་ལམ་ཤེས་ཀྱི་སྣོད་དུ་རུང་བ་ལ་སྐྱེའོ་ཞེས་བསྟན་པའི་དོན་དུ་ལམ་ཤེས་ཀྱི་རྟེན་བསྟན་པའོ། །མི་མཐུན་ཕྱོགས་གེགས་དང་བྲལ་བ་ཙམ་གྱིས་སྐྱེའམ་སྙམ་ན། མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་དགོས་སོ་ཞེས་བསྟན་པའི་དོན་དུ། ཡུལ་ངེས་པ་དང་ཞེས་གསུངས་སོ། །འོ་ན་ཉན་རང་རྣམས་ལ་མི་སྐྱེ་བར་ཐལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ལ་སྐྱེ་བའི་ཕྱིར་སྙམ་པའི་དོགས་པ་གཅོད་པའི་དོན་དུ་ནི། ཁྱབ་པ་དང་ཞེས་རིགས་ཀྱིས་ཁྱབ་པའི་དོན་ཡིན་ཏེ། སེམས་བསྐྱེད་ཀྱིས་ཁྱད་པར་དུ་བྱ་དགོས་པར་བསྟན་པ་ནི་གནས་སྐབས་ཀྱི་དབང་དུ་བྱས་པ་ཡིན་ལ། མཐར་ཐུག་ཐམས་ཅད་ལམ་ཤེས་སྐྱེ་རུང་གིས་ཁྱབ་ཅེས་གཏན་ལ་འབེབས་པ་ནི་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་དང་ཅིག་ཤོས་མ་བྲལ་བའི་རྣལ་འབྱོར་པས་ཀྱང་མཐར་ཐུག་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར་དུ་གནས་སྐབས་ལམ་ཤེས་སྐྱེ་བའི་རྟེན་གྱིས་ཁྱབ་པ་ཡིན་ཏེ། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པར་འགྲོ་བ་ཅན་ཡིན་པ་དེའི་ཕྱིར། ཅིག་ཤོས་ཀྱི་སྒྲས་ཀྱང་བྱང་སེམས་འཛིན་པ་ནི་མ་ཡིན་ཏེ། ཡུལ་སོ་སོར་ངེས་པ་ཞེས་པས་བྱང་སེམས་ཀྱི་རྟེན་ཅན་དུ་བསྟན་ཟིན་པས། བྱང་སེམས་ལ་སྐྱེ་མི་སྐྱེའི་དོགས་པ་བཅད་མི་དགོས་པའི་ཕྱིར་རོ། །གལ་ཏེ་ཉན་རང་ངེས་པའི་རང་བཞིན་རྣམས་ནི་སངས་རྒྱ་བ་མ་ཡིན་ཏེ། མཐར་ཐུག་ཐེག་པ་གསུམ་དུ་སོ་སོར་ངེས་པའི་ཕྱིར་རོ་ཞེ་ན། མཐར་ཐུག་ཐེག་པ་གསུམ་དུ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི་ངེས་པའི་དོན་མ་ཡིན་ནོ་ཞེས་ལུང་ལས་འབྱུང་བའི་ཕྱིར། ཐེག་པ་གསུམ་དུ་གསུངས་པའི་དྲང་དོན་གྱི་ལུང་གིས་ཉན་རང་རྣམས་མཐར་ཐུག་སངས་རྒྱ་བ་མ་ཡིན་པར་རྣམ་པར་གཞག་པར་མི་ནུས་སོ། །ཐེག་པ་གསུམ་དུ་གསུངས་པ་དྲང་དོན་དུ་སྟོན་པའི་ལུང་ནི། ལང་གཤེགས་ལས། ཐེག་པ་གཅིག་ཏུ་ངེས་བཤད་དེ། །ཐེག་པའི་རྣམ་གཞག་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དད་ངེས་བཤད་དོ། །ཞེས་སོ། །སེམས་ཙམ་པ་དག་ཐེག་པ་གཅིག་ཏུ་བཤད་པ་ནི་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་ཐེག་པ་གསུམ་གྱི་ཆོས་དབྱིངས་ཐ་དད་མེད་པ་དང༌། བདག་མེད་རྟོག་པ་ཙམ་དུ་ཐ་དད་མེད་པ་དང༌། རྣམ་པར་གྲོལ་བ་ཙམ་དུ་མཚུངས་པ་ཙམ་དུ་དགོངས་ལ། དགོས་པ་ཉན་ཐོས་མ་ངེས་པ་ཐེག་ཆེན་དུ་དྲང་བ་དང༌། བྱང་སེམས་མ་ངེས་པ་ཐེག་ཆེན་དུ་བཟུང་བའི་ཕྱིར་ཡིན་ནོ། །དངོས་ལ་གནོད་བྱེད་ནི། སངས་རྒྱས་ཐོབ་པ་ལ་གཞན་དོན་དུ་སྐྱེ་བ་རྒྱུད་མར་བླངས་པའི་སྒོ་ནས་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་དགོས་ལ། ལྷག་མེད་དུ་མྱ་ངན་ལས་འདས་པ་རྣམས་ལ་ནི་སྐྱེ་བ་ལེན་པ་མེད་པའི་ཕྱིར་ཏེ། རྒྱུ་ཉོན་མོངས་ཟད་པའི་ཕྱིར། དགོངས་འགྲེལ་ལས་ཀྱང༌། དོན་དམ་ཡང་དག་འཕགས་ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་སོ་ཞེས་གསུངས་སོ། །གལ་ཏེ་དགོངས་པ་ངེས་འགྲེལ་ལས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི། དེས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔར་བསྟན་ཏེ་ཞེས་གསུངས་པ་མིན་ནམ་ཞེ་ན། འདི་ནི་མ་ངེས་པའི་རིགས་ཅན་ལ་དགོངས་ཏེ། མ་ངེས་པའི་རིགས་ཅན་རྣམས་ནི་ལྷག་བཅས་ཀྱི་མྱང་འདས་ཐོབ་ནས་ཀྱང་ཐེག་ཆེན་གྱི་ལམ་དུ་འཇུག་པ་སྲིད་པའི་ཕྱིར། ལྷག་མེད་ཐོབ་ནས་ནི་འཇུག་པར་མི་འགྱུར་ཏེ། རིག་པ་རྒྱུན་ཆད་པས་འབད་པའི་རྩོལ་བ་མེད་པའི་ཕྱིར། སའི་དངོས་གཞི་ལས། དོན་དམ་པ་རྣམ་པར་གཞག་པ་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་ཏེ། སེམས་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །དབང་པོའི་ཚོགས་ཀྱི་མདོ་ལས་ཀྱང༌། མཐར་ཐུག་ཐེག་པ་གསུམ་དུ་ངས་སོ་སོར་ངེས་པར་བསྟན་ཏེ། སེམས་ཅན་རྣམས་ཁམས་སྣ་ཚོགས་པ་ཅན་དུ་བསྟན་པའི་ཕྱིར་དང༌། ཁམས་ཐ་དད་པས་དང་པོར་མོས་པ་ཐ་དད་པའི་ཕྱིར་དང༌། བར་དུ་སྒྲུབ་པ་ཐ་དད་པའི་ཕྱིར་དང༌། ཐ་མ་འབྲས་བུ་ཐ་དད་པའི་ཕྱིར་རོ། །འདིའི་དོན་མདོ་སྡེ་རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་མཐོང་བའི་ཕྱིར། །རིགས་ཡོད་ཅེས་ནི་ངེས་པ་ཡིན། །ཞེས་སོ། །སྐབས་ཀྱི་དོན་བསྡུ་བ་ནི། སངས་རྒྱས་ཀྱི་རིགས་ཀྱིས་མ་ཁྱབ་པའི་སེམས་ཅན་ཡོད་པ་དང༌། མཐར་ཐུག་ཐེག་པ་གསུམ་དུ་ངེས་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱ་བ་མ་ཡིན་པ་དང༌། ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་མ་ཡིན་པ་བཞི་པོ་ནི་རྣམ་རིག་པ་སོགས་དངོས་པོར་སྨྲ་བ་དག་གི་འདོད་པ་ཡིན་ནོ། །དབུ་མ་པའི་ལུགས་རྣམ་པར་གཞག་པ་ནི། སངས་རྒྱས་ཀྱི་རིགས་མེད་པའི་སེམས་ཅན་མི་སྲིད་དེ། དྲི་མ་ལས་མ་གྲོལ་བའི་སེམས་ཀྱི་ཆོས་དབྱིངས་ལ་རིགས་སུ་འཇོག་པ་ཡིན་ལ། ཆོས་ཀྱི་དབྱིངས་མེད་པའི་སེམས་ཅན་མི་སྲིད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་སངས་རྒྱ་བར་ཡང་མཚུངས་ཏེ། འགལ་རྐྱེན་སྒྲིབ་པ་སྤང་དུ་རུང་བའི་ཕྱིར་དང༌། ཉེ་བར་ལེན་པའི་རྒྱུ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པའི་ཕྱིར་དང༌། མཐུན་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་ཀྱང་འཇུག་པའི་ཕྱིར་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང༌། ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ལུས་ལའང་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ཕོག་པ་ན་དེ་དག་ལ་ཕན་ཐོགས་པར་འགྱུར་ཞིང༌། མ་འོངས་པའི་རྒྱུ་ཡང་དག་པར་སྐྱེས་བས་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཉན་རང་གི་ལྷག་མེད་ཀྱི་མྱང་འདས་གཉིས་ནི་མཐར་ཐུག་གི་མྱ་ངན་ལས་འདས་པ་ཡིན་ཏེ། ཐེག་ཆེན་གྱི་མྱང་འདས་དང་སྒྲིབ་པ་མ་ལུས་པ་དག་པར་ཁྱད་པར་མེད་པའི་ཕྱིར་ཏེ། སྒྲིབ་པའི་རྟེན་ཀུན་གཞི་ཡང་འགགས་ཟིན་པའི་ཕྱིར། ཉན་རང་གཉིས་ནི་ལམ་ཐེག་ཆེན་ལ་མ་ལྟོས་པར་མཐར་ཐུག་གི་མྱང་འདས་ཐོབ་བྱེད་དུ་འགྲུབ་པས་ན་ཉན་རང་ངེས་པའི་རིགས་ཅན་རྣམས་སངས་རྒྱ་བ་མིན་ནོ་ཞེ་ན། ཉན་རང་རྣམས་ཀྱིས་ཐེག་ཆེན་ལ་མ་ཞུགས་པར་མཐར་ཐུག་གི་མྱང་འདས་འཐོབ་པ་མ་ཡིན་ཏེ། རྣམ་མཁྱེན་མ་ཐོབ་པར་སྒྲིབ་གཉིས་སྤངས་པའི་མྱང་འདས་ཐོབ་པ་མི་སྲིད་པའི་ཕྱིར། འདི་ལ་དགོངས་ནས། སངས་རྒྱས་ཉིད་ལས་མ་གཏོགས་མྱང་འདས་མེད། །ཅེས་དང༌། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་སོ། །འགའ་ཞིག་གིས་ཉན་ཐོས་ལ་མྱང་འདས་མེད་པའི་ཁུངས་སུ་འདོད་པ་ནི་མ་རྟོགས་པ་སྟེ། ཤེས་བྱ་མ་ལུས་པ་མཁྱེན་པའི་ཕུན་སུམ་ཚོགས་པ་དང་སྒྲིབ་གཉིས་མ་ལུས་པ་ཟད་པའི་མྱ་ངན་ལས་འདས་པ་ཡ་བྲལ་དུ་གནས་པ་མི་སྲིད་པས་རྣམ་མཁྱེན་མ་ཐོབ་པར་མྱང་འདས་མཐར་ཐུག་ཐོབ་པར་མི་རུང་ཞེས་པའི་དོན་ནོ། །ཇི་སྐད་དུ། རྣམ་ཀུན་མངོན་པར་བྱང་ཆུབ་དང༌། །དྲི་མ་བག་ཆགས་བཅས་སྤངས་པ། །སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་སོ། །འོ་ན་བློ་གྲོས་མི་ཟད་པའི་མདོ་ལས། གསུམ་པོ་འདི་དག་ནི་ངེས་པར་འབྱིན་པའི་ཐེག་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོའོ་ཞེས་གསུངས་པས་མཐར་ཐུག་ཐེག་པ་གསུམ་དུ་འདོད་པར་བྱ་དགོས་སོ་ཞེ་ན། ལུང་འདི་ནི་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་གནས་སྐབས་ཉན་རང་དུ་རིགས་ངེས་པ་དག་ལ་དགོངས་པ་ཡིན་ལ། དགོས་པ་དེད་དཔོན་ཐབས་ལ་མཁས་པས་ལམ་ཤིན་ཏུ་རིང་པོར་ངལ་བར་གྱུར་པ་རྣམས་དབུགས་དབྱུང་བའི་དོན་དུ་བར་དུ་གྲོང་ཁྱེར་ཡིད་དུ་འོང་བ་སྤྲུལ་པ་ལྟར་ཐོག་མ་ཉིད་དུ་ཐེག་ཆེན་ལ་འཇུག་མི་ནུས་པའི་རིགས་ཅན་རྣམས་ཐོག་མ་ཉན་རང་གི་ཐེག་པ་ལ་བཀོད་ནས་རིམ་གྱིས་ཐེག་པ་ཆེན་པོ་ལ་འཇུག་པའི་དོན་དུ་བར་དུ་གྲོང་ཁྱེར་སྤྲུལ་པ་དང་འདྲ་བར་ཉན་རང་གི་ཐེག་པ་བསྟན་པ་ཡིན་ནོ། །དངོས་ལ་གནོད་བྱེད་ཀྱི་ལུང་ནི། དམ་ཆོས་པདྨ་དཀར་པོ་ལས། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱི་ཐེག་པ་གང༌། །སྣ་ཚོགས་ཉེ་བར་སྟོན་པ་མཛད་མ་གཏོགས། །ཞེས་པ་དང༌། འཕགས་པ་བདེན་པ་གཉིས་སྟོན་པའི་ལེའུ་ལས་ཀྱང༌། སེམས་ཅན་རྣམས་ལ་ཆོས་གང་དང་གང་སྟོན་པ་དེ་ཐམས་ཅད་བྱང་ཆུབ་ལ་གཞོལ་བ་ཐེག་པ་ཆེན་པོ་ལ་འབབ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པ་ཞེས་གསུངས་སོ། །རིགས་པ་ནི་སྒྲིབ་གཉིས་མ་ལུས་པར་ཟད་པར་བྱེད་པའི་གཉེན་པོའི་ཆོས་དབྱིངས་གོམས་པར་བྱེད་པ་ཡིན་ལ། ཆོས་དབྱིངས་གོམས་པ་མཐར་ཐུག་པ་ཡང་གཅིག་ཏུ་ངེས་པའི་ཕྱིར་རོ། །གལ་ཏེ་ཐེག་པ་ཆེན་པོས་གོམས་པར་བྱེད་པའི་ཆོས་དབྱིངས་ལས་ཐ་དད་པའི་ཉན་རང་གིས་གོམས་པར་བྱེད་པའི་ཆོས་ཀྱི་དབྱིངས་གཞན་དང་གཞན་དག་ཡོད་དོ་སྙམ་ན། མི་འཐད་དེ། ཆོས་ཀྱི་དབྱིངས་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་རོ། །འདི་ལ་དགོངས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་གསུངས་སོ། །དེས་ན་ཆོས་དབྱིངས་གོམས་པ་མཐར་ཐུག་པ་མ་ཐོབ་པར་སྒྲིབ་གཉིས་ཟད་པའི་མྱང་འདས་མི་ཐོབ་ལ། ཆོས་དབྱིངས་གོམས་པ་མཐར་ཐུག་པ་ཡང་གཅིག་ཏུ་ངེས་པའི་ཕྱིར། ཐེག་པ་ཡང་གཅིག་ཏུ་ངེས་པ་ཡིན་ཏེ། དེས་ན་རང་ཉན་ལ་མཐར་ཐུག་གི་མྱང་འདས་མེད་པས་ཐེག་ཆེན་ལ་མ་ཞུགས་པར་མཐར་ཐུག་གི་མྱང་འདས་ཐོབ་པར་མི་རུང་བས། ཉན་རང་གཉིས་ལ་མཐར་ཐུག་གི་ཐེག་པ་མེད་དོ། །འོ་ན་ཉན་རང་ལྷག་མེད་དུ་མྱ་ངན་ལས་འདས་པ་དེ་དག་གིས་ཇི་ལྟར་རྣམ་མཁྱེན་ཐོབ་པར་བྱེད་ཅེ་ན། ལས་ཉོན་གྱི་རྣམ་སྨིན་གྱི་འབྲས་བུ་མེད་པས་ལྷག་མེད་དུ་བརྗོད་པ་ཡིན་གྱི། མ་རིག་བག་ཆགས་དང་ལྡན་པའི་རྣམ་པར་ཤེས་པའི་ཕུང་པོ་དང་ལྡན་པས་མ་རིག་པའི་བག་ཆགས་ཀྱི་རྐྱེན་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས་གནས་པ་དག་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་སོགས་པའི་འོད་ཟེར་གྱིས་སད་པར་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཐེག་ཆེན་གྱི་ལམ་ལ་ཞུགས་ནས་སངས་རྒྱས་ཐོབ་པར་འགྱུར་བ་ཡིན་ཏེ། ལང་གཤེགས་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ན་སངས་བ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་ཐོབ། །ཅེས་སོ། །འོ་ན་ཉན་རང་དེ་དག་ཐེག་ཆེན་གྱི་ལམ་ལྔ་པོ་གང་ནས་འཇུག་པར་བྱེད་ཅེ་ན། ཉན་རང་གཉིས་ལ་འཁོར་འདས་གཉིས་ཀའང་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་ཆོས་ཀྱི་བདག་མེད་རྟོགས་པའི་ལམ་མེད་པས་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་པར་རིགས་ཏེ། འཁོར་འདས་གཉིས་ཀ་རང་བཞིན་མེད་པའི་ཆོས་ཀྱི་བདག་མེད་ཐོས་བསམ་གྱིས་གཏན་ལ་བབ་ནས་དེ་གོམས་པར་བྱེད་པའི་ལམ་ལྔ་ལ་རིམ་གྱིས་འཇུག་དགོས་པའི་ཕྱིར་རོ། །གལ་ཏེ་ཉན་རང་གཉིས་ཀ་ལ་ཡང་འཁོར་འདས་རང་བཞིན་མེད་པར་རྟོགས་པ་ཡོད་ཅེ་ན། འོ་ན་ཉེར་ལེན་གྱི་ཕུང་པོ་ལ་གཤེད་མ་རལ་གྲི་གདེང་པ་ལྟ་བུའི་ཚུལ་དུ་འཇིགས་ནས་སྲིད་པ་ལ་དོར་བྱ་མྱང་འདས་ལ་བླང་བྱར་བཟུང་ནས་འཁོར་འདས་ལ་བླང་དོར་ཐ་དད་དུ་འཛིན་པའི་དོན་འདི་ཅི་སོམས་ཤིག ཚིག་གིས་སྤྲོས་པས་དོན་གྱི་སྙིང་པོ་མི་རྟོགས་སོ། །ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་པའི་འཐད་པ་གཞན་ཡང་ཐོག་མར་ཐེག་ཆེན་ལ་འཇུག་པའི་སྒོ་ནི་འདུན་ལྡན་སེམས་བསྐྱེད་ཡིན་ལ། དེ་ཡང་ཚོགས་ལམ་གྱིས་བསྡུས་པའི་ཕྱིར་དང༌། ཐེག་ཆེན་གྱི་ལམ་ལྔ་སྔ་མ་སྔ་མ་ལ་མ་བསླབ་པར་ཕྱི་མ་ཕྱི་མ་ལ་ཐོད་རྒལ་དུ་ཐོབ་པ་མེད་པའི་ཕྱིར་རོ། །གལ་ཏེ་སེམས་ཅན་ཐམས་ཅད་སངས་རྒྱ་ན་འཁོར་བ་མཐའ་ཅན་དུ་ངེས་པས་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པར་འགྱུར་རོ་ཞེ་ན། འོ་ན་ཁྱོད་ཀྱིས་སེམས་ཅན་གྱི་ཚོགས་ལ་སངས་རྒྱ་བ་དང་མི་རྒྱ་བ་གཉིས་སུ་ངེས་པར་འདོད་དགོས་པས་སངས་རྒྱ་བའི་ཚོགས་སངས་རྒྱས་ཟིན་པ་ན་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་པར་འགྱུར་ཏེ། སྔ་མ་རྣམས་སངས་རྒྱས་ཟིན་པས་དེ་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་དོན་མེད་ལ། ལྷག་མ་སངས་མི་རྒྱ་བའི་སེམས་ཅན་འདོད་པ་ལ་ནི་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་གོ་སྐབས་མེད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་པར་ཐལ་བའི་ཉེས་པ་ཁྱོད་ཉིད་ཀྱི་ཕྱོགས་ལ་གནས་སོ། །གལ་ཏེ་ལྷག་མ་སངས་མི་རྒྱ་བར་འདོད་པའི་སེམས་ཅན་ལ་ཡང་སངས་རྒྱས་ཀྱི་ཕྲིན་ལས་འཇུག་གོ་ཞེ་ན། འོ་ན་སངས་མི་རྒྱ་བར་འདོད་པ་རྣམས་ཀྱང་སངས་རྒྱ་བར་གྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་སངས་རྒྱ་བར་གྲུབ་པ་ཡིན་ནོ། །འགའ་ཞིག་ལམ་ཞུགས་ཀྱི་སྐྱེ་བོ་ཐམས་ཅད་སངས་རྒྱ་བ་ཡིན་གྱི། སེམས་ཅན་ཐམས་ཅད་སངས་རྒྱ་བ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་རྐྱེན་ཚོགས་པ་མེད་པའི་ཕྱིར་རོ་ཞེ་ན། ཉེ་བར་ལེན་པའི་རྒྱུ་རིགས་དང་ལྡན་པ་མཐུན་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་དང༌། འགལ་རྐྱེན་སྒྲིབ་པ་སྤང་དུ་རུང་བའི་ཕྱིར་སེམས་ཅན་ཐམས་ཅད་སངས་རྒྱ་བ་ཉིད་དུ་གྲུབ་བོ་ཞེས་བསྟན་ཟིན་ལ། དེ་ཙམ་གྱིས་སངས་རྒྱ་བར་མི་འགྲུབ་ན། ཉན་རང་རྣམས་ཀྱང་སངས་རྒྱ་བར་མི་འགྲུབ་པས་ལམ་ཞུགས་ཀྱི་སྐྱེ་བོ་ཐམས་ཅད་སངས་རྒྱ་བ་ཉིད་དུ་འདོད་པ་དང་འགལ་ལོ། །སངས་མི་རྒྱ་བའི་སེམས་ཅན་ནི་འགའ་ཡང་མེད་དེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཉེ་བར་ལེན་པའི་རྒྱུ་དང་ལྡན་པའི་ཕྱིར་དང་སངས་རྒྱས་ཀྱི་རྒྱུ་དང་ལྡན་པར་མཐོང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་དམ་བཅས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དམ་བཅའ་ཡང་མཐར་ཕྱིན་པར་མཛད་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དང་པོའི་དམ་བཅའ་མཐར་ཕྱིན་པར་མི་བྱེད་ཅེས་པ་ནི་སེམས་དང་ལྡན་པ་སུ་ཞིག་སྨྲ་བར་བྱེད། གལ་ཏེ་དམ་བཅའ་མཐར་ཕྱིན་པར་མཛད་པའི་ཐབས་མི་མཁྱེན་ནོ་ཞེ་ན། མི་མཁྱེན་པ་མིན་ཏེ། ཤེས་བྱ་མ་ལུས་པ་མཁྱེན་པའི་མཁྱེན་པ་མངའ་བའི་ཕྱིར་རོ། །མཁྱེན་ཀྱང་མི་མཛད་དོ་ཞེ་ན། སྡུག་བསྔལ་ལས་གྲོལ་བའི་ཐབས་མཁྱེན་བཞིན་དུ་མི་མཛད་པ་ཡང་མི་སྲིད་དེ། ཐུགས་རྗེ་ཚད་མེད་པ་མངའ་བའི་ཕྱིར་རོ། །གལ་ཏེ་སྐུ་ཚེའི་འདུ་བྱེད་ཡོངས་སུ་གཏུགས་ནས་དམ་བཅའ་མཐར་མ་ཕྱིན་པར་ཡོངས་སུ་མྱ་ངན་ལས་འདའོ་ཞེ་ན། རྫུ་འཕྲུལ་གྱི་རྐང་པ་གོམས་པར་མཛད་པ་མཐར་ཕྱིན་པའི་ཕྱིར་སྐུ་ཚེའི་འདུ་བྱེད་ཡོངས་སུ་གཏུགས་པ་མི་སྲིད་ལ། འཆི་བདག་གི་བདུད་ཀྱང་བཅོམ་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ། །གལ་ཏེ་སེམས་ཅན་ཐམས་ཅད་ཡོངས་སུ་ཟད་པ་ན་མཐར་མྱ་ངན་ལས་འདའ་འོ་ཞེ་ན། སེམས་ཅན་ནམ་མཁའ་ལྟར་མཐའ་ཡས་པས་ཟད་པ་ཡང་མེད་པའི་ཕྱིར་དང༌། སེམས་ཅན་ཡོད་པ་དེ་སྲིད་དུ་གཞན་དོན་དུ་བཞུགས་པ་ཡང་ཡིན་པའི་ཕྱིར། སེམས་ཅན་དོར་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་སྲིད་པ་མ་ཡིན་ནོ། །དོན་འདི་ལ་དགོངས་ནས་རྒྱུད་བླ་མ་ལས། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་པ། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་པ་དང༌། འཇུག་པ་ལས། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་གྱུར་པ་ག་ལ་མངའ། །ཞེས་སོ། །ནམ་མཁའ་མ་ཞིག་གི་བར་དུ་གཞན་དོན་ལ་ཞུགས་དགོས་པར་བསྟན་པ་འདིས་ནི་སངས་རྒྱ་བར་མི་འགྱུར་བའི་སེམས་ཅན་མེད་པས་རྟག་ཏུ་གཞན་དོན་ལ་བཞུགས་དགོས་ལ།                   རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*