མངོན་པར་རྟོགས་པའི་རྒྱན།

༄༅། །མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་མ་ནོར་བ་རྟོགས་པ་བརྒྱད་དོན་བདུན་ཅུ་ལ་སོགས་པ་ཉམས་སུ་ལེན་པའི་ཚུལ་ཕྱིན་ཅི་མ་ལོག་པ་བཞུགས་སོ།།

༈ ཐུབ་དབང་གསུང་གི་ཉི་མ་མཐའ་ཡས་འགྲོ་བ་ཡི། །བློ་གྲོས་པདྨོའི་གཉེན་གཅིག་མཐོ་རིས་ཐར་པ་ཡི། །འཇུག་ཚུལ་གསལ་བར་སྟོན་པ་དེ་ལ་ཕྱག་འཚལ་ནས། །མཐའ་ཡས་གསུང་རབ་ཀུན་གྱི་ཟབ་མོའི་དོན། །ཤེས་རབ་ཕ་རོལ་ཕྱིན་པའི་དོན་གྱི་ཚུལ། །མངོན་རྟོགས་རིམ་པ་བདེ་བླག་རྟོགས་མཛད་པ། །མངོན་པར་རྟོགས་པའི་རྒྱན་གྱི་དཀའ་བའི་གནས། །ཅུང་ཟད་བཤད་ལ་ཡིད་རབ་གཏོད་པར་གྱིས། །འདིར་བཅོམ་ལྡན་འདས་ཀྱིས་གདུལ་བྱ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྣམ་གྲངས་དུ་མས་བསྟན་པ་ལ་དོན་ནི་རྣམ་པ་གཉིས་ཏེ། དངོས་སུ་བསྟན་པ་སྙིང་པོའི་དོན་དང༌། ཤུགས་ལ་བསྟན་པ་མངོན་པར་རྟོགས་པའི་རིམ་པའོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་པའི་ཚོགས་སུ་བསྟན་པ་དག་ཡིན་ལ། གཉིས་པ་ནི། འཕགས་པ་བྱམས་པས་ཡུལ་སྙིང་པོའི་དོན་དང༌། ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་སྦྱར་ནས་སྟོན་པ་མངོན་པར་རྟོགས་པའི་རྒྱན་གྱིས་གསལ་བར་མཛད་པ་འདི་དག་གོ །དེ་ཡང་མདོའི་རབ་འབྱོར་གྱི་ལེའུས་རྣམ་མཁྱེན། མཐའ་གཉིས་རྣམ་དག་གི་ལེའུས་ལམ་ཤེས། སྤྱོད་པ་ཁྱད་པར་ཅན་གྱི་ལེའུས་གཞི་ཤེས། དེ་བཞིན་ཉིད་ཀྱི་ལེའུས་རྣམ་ཀུན། བསླབ་པ་ཡོངས་སུ་དག་པའི་ལེའུས་རྩེ་སྦྱོར། རིམ་གྱིས་འཇུག་པ་ལ་བསླབ་པའི་ལེའུས་མཐར་གྱིས་པ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུས་སྐད་ཅིག་མ། བསླབ་པའི་འབྲས་བུའི་ལེའུས་ཆོས་ཀྱི་སྐུ་བཤད་དོ། དེ་དག་གི་རིམ་པ་དང་མཐུན་པར་མངོན་པར་རྟོགས་པ་བརྒྱད་སྟོན་པར་མཛད་དོ། །ཅིའི་ཕྱིར་མངོན་པར་རྟོགས་པ་བརྒྱད་སྟོན་པར་མཛད་ཅེ་ན། ཐེག་པ་ཆེན་པོའི་རིགས་ཅན་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་གང་ཟག་གི་དབང་དུ་བྱས་ཏེ་མངོན་པར་རྟོགས་པ་བརྒྱད་དུ་ངེས་པར་མཛད་དོ། །ཅིའི་ཕྱིར་བརྒྱད་ཡིན་སྙམ་ན། ཤེས་པར་བྱ་བའི་ཡུལ་དང༌། ཉམས་སུ་ལེན་པའི་སྦྱོར་བ་དང༌། ཉམས་སུ་བླངས་པའི་འབྲས་བུའི་དབང་དུ་བྱས་ནས་དོན་བརྒྱད་དུ་ངེས་པས་སོ། །དེ་ཡང་ཤེས་པར་བྱ་བའི་ཡུལ་ལ་མཁྱེན་པ་གསུམ། ཉམས་སུ་ལེན་པའི་ཐབས་ལ་སྦྱོར་བ་བཞི། ཉམས་སུ་བླངས་པའི་འབྲས་བུ་ཆོས་ཀྱི་སྐུ་དང་བརྒྱད་དོ། །དེ་ལ་ཐོག་མར་ཤེས་པར་བྱ་བའི་ཡུལ་བསྟན་དགོས་ཏེ། དེ་མ་ཤེས་པར་སྦྱོར་བས་ཉམས་སུ་བླང་བར་མི་ནུས་པའི་ཕྱིར་རོ། །དེའི་འོག་ཏུ་སྦྱོར་བ་བསྟན་ཏེ། ཡུལ་ཤེས་ཀྱང་སྦྱོར་བས་ཉམས་སུ་བླངས་པ་མེད་ན་ཡུལ་གཏན་ལ་ཕབ་པ་ཙམ་གྱིས་འབྲས་བུ་མི་འཐོབ་བོ། །ཉམས་སུ་བླངས་ཀྱང་འབྲས་བུ་ཐོབ་པ་མེད་ན་དོན་མེད་དུ་འགྱུར་བས་དེའི་འོག་ཏུ་འབྲས་བུ་བསྟན་ཏོ། །ཤེས་པར་བྱ་བའི་ཡུལ་གསུམ་དུ་ཇི་ལྟར་ངེས་སྙམ་ན། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཏེ། ཐོབ་པར་བྱ་བའི་འབྲས་བུ་མ་མཐོང་བར་དེའི་རྒྱུ་ལ་ནན་གྱིས་འཇུག་པར་མི་འགྱུར་བས་སོ། །ཐོབ་པར་བྱ་བའི་འབྲས་བུ་དེ་ཡང་རྒྱུ་ལ་རག་ལས་པས་རྒྱུ་ལམ་ཤེས་པ་ཉིད་བསྟན་ཏོ། །རྒྱུ་ཤེས་ཀྱང་མི་མཐུན་ཕྱོགས་ཁོང་དུ་མ་ཆུད་ན། ལམ་ལོག་པ་ལ་འཇུག་སྲིད་པས་གོལ་ས་ལས་ལྡོག་པའི་དོན་དུ་གཞི་ཤེས་བསྟན་ཏོ། །ཉམས་སུ་ལེན་པའི་ཐབས་ལ་ཡང་སྦྱོར་བ་བཞིར་ངེས་ཏེ། རྣམ་སྦྱོར་གཙོ་བོར་གྱུར་པའི་སྦྱོར་བ་དང༌། སྤྱོད་པ་རྗེས་སུ་སྒྲུབ་པའི་སྦྱོར་བ་གཉིས་སུ་ངེས་ཤིང༌། དང་པོ་ལ་ཡང༌། དབང་ཐོབ་པར་བྱ་བའི་ཕྱིར་སྒོམ་པ་རྒྱུའི་སྦྱོར་བ་དང༌། རྣལ་འབྱོར་རབ་ཏུ་གྱུར་པ་འབྲས་བུའི་སྦྱོར་བ་གཉིས་ཡིན་ལ། གཉིས་པ་ལ་ཡང༌། སྤྱད་བྱ་ལ་རིམ་གྱིས་སློབ་པ་རྒྱུར་གྱུར་པའི་སྦྱོར་བ་དང༌། ཅིག་ཅར་མངོན་དུ་བྱེད་པ་འབྲས་བུའི་སྦྱོར་བ་གཉིས་སུ་ངེས་པས་སོ། །སློབ་དཔོན་ལྟར་ན། འཇུག་ཡུལ་མཁྱེན་པ་གསུམ་ལ་འཇུག་པའི་སྦྱོར་བཞི་ཡིན་ཏེ། ཐོག་མར་དབང་ཐོབ་པར་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པ་རྣམ་ཀུན་མངོན་པར་རྟོགས་པའི་སྦྱོར་བར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་མ་བསྒོམ་པར་དབང་ཐོབ་པ་རྩེ་མོའི་སྦྱོར་བ་མི་འབྱུང་བའི་ཕྱིར་རོ། །རེ་ཞིག་དབང་ཐོབ་ཀྱང་ཉམས་སྲིད་པས་བརྟན་པ་ཐོབ་པའི་དོན་དུ་རྩེ་མོའི་སྦྱོར་བ་སྒོམ་མོ། །བརྟན་པ་ཐོབ་ཀྱང་བློའི་ནུས་པ་མཐར་ཐུག་པར་བྱ་བའི་ཕྱིར་སླར་ཡང་བསྒོམ་དགོས་པས་མཐར་གྱིས་པའི་སྦྱོར་བ་བསྟན་ཏོ། །དེ་ལ་བློའི་ནུས་པ་མཐར་ཐུག་གྱུར་པས་སྐད་ཅིག་མའི་སྦྱོར་བ་བསྟན་པར་བཞེད་དོ། །སྦྱོར་བ་བཞི་ཉམས་སུ་ལེན་པ་ཡང་ཆོས་སྐུ་ཐོབ་པའི་ཆེད་དུ་ཡིན་པས་དེ་ནས་ཆོས་སྐུ་བསྟན་ཏོ། །གོ་རིམ་ནི། མཁྱེན་པ་གསུམ་ནི་བཤད་པའི་རིམ་པ་ཡིན་ལ། སྦྱོར་བཞི་དང་ཆོས་སྐུ་ནི་དོན་གྱི་རིམ་པ་ཡིན་ནོ། །བཤད་ཚུལ་ལ་ཡང་དང་པོ་རྣམ་མཁྱེན། དེ་ནས་ལམ་ཤེས། དེ་ནས་གཞི་ཤེས་བསྟན་པའི་དོན་ཅི་ཡིན་སྙམ་ན། ཉན་པ་པོ་ཐེག་པ་ཆེན་པོའི་རིགས་ཅན་བརྩེ་བ་དང་ལྡན་པ་གཞན་དོན་བསྒྲུབ་པར་འདོད་པ་དག་ནི་གཞན་དོན་སྒྲུབ་པའི་ཐབས་ལ་རྟོག་པར་མཛད་པ་ཡིན་ལ། གཞན་དོན་སྒྲུབ་པའི་ཐབས་ཀྱང་གདུལ་བྱའི་སྐལ་པ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཞིང༌། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་ལ་མངའ་བས་འབྲས་བུ་ལ་དོན་གཉེར་གྱི་བློ་སྐྱེད་པའི་ཕྱིར་དུ་རྣམ་མཁྱེན་དང་པོར་བརྗོད་དོ། །འབྲས་བུའི་ཡོན་ཏན་མཐོང་ནས་དེ་ཐོབ་པར་འདོད་པས་དེའི་རྒྱུ་གང་ཡིན་སྙམ་པ་ན། གཙོ་བོར་ཤེས་རབ་ཡིན་ཞིང༌། ཁྱད་པར་དུ་ཐེག་པ་གསུམ་གྱི་ལམ་ཤེས་པ་ཡིན་ནོ་ཞེས་བསྟན་ནས། མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་ཡང་དེའི་རྒྱུ་ཡིན་ནམ་སྙམ་པ་ལ། རྒྱུ་མིན་ནོ་ཞེས་གོལ་ས་རྟོགས་པའི་དོན་དུ་གཞི་ཤེས་བསྟན་ཏོ། །དེ་ལྟར་ཡུལ་གྱི་མཚན་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ། སྦྱོར་བས་ཉམས་སུ་ལེན་པ། མཁྱེན་གསུམ་དང་སྦྱོར་བ་དོན་གྱི་གོ་རིམ་ཡིན་ནོ། །སྦྱོར་བཞི་ལ་ཡང༌། ཐོག་མར་དབང་ཐོབ་པར་བྱ་བའི་དོན་དུ་རྣམ་སྦྱོར་སྒོམ་པར་བྱེད་ཅིང༌། དེ་ལྟར་བསྒོམས་པས་རབ་ཏུ་གྱུར་པ་རྩེ་མོའི་སྦྱོར་བ་འབྱུང་ལ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པས་བློའི་ནུས་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཐར་གྱིས་པའི་སྦྱོར་བ་སྒོམ། དེ་ནས་བློའི་ནུས་པ་མཐར་ཕྱིན་པ་ཐོབ་པར་འགྱུར་བས་སྐད་ཅིག་མའི་སྦྱོར་བ་བཞི་ཡང་དོན་གྱི་གོ་རིམ་ཡིན་ནོ། །དེ་ལྟར་མངོན་པར་རྟོགས་པ་བརྒྱད་ཡོད་པ་ལས་ཇི་སྐད་བཤད་པའི་ཚུལ་གྱིས་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཏོ། །འདི་ལ་ཀུན་རྫོབ་ཀྱི་རྣམ་པ་མཁྱེན་པ་དང༌། དོན་དམ་པའི་རྣམ་པ་མཁྱེན་པ་གཉིས་ཏེ། དང་པོ་ལ། ཤེས་བྱ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་དང༌། རྒྱུ་འབྲས་ཀྱི་ཆོས་གཙོ་བོ་མཁྱེན་པའི་རྣམ་མཁྱེན་གཉིས་ལས། དང་པོ་ནི། རབ་འབྱོར་རྣམ་པ་གང་ཟག་དང་ཞེས་སོགས་ཀྱི་སྐབས་ནས་བསྟན་པ་དང་དག་གོ །གཉིས་པ་ནི། གཞུང་འདིར་བསྟན་པའི་རྣམ་མཁྱེན་གྱི་ཆོས་བཅུ་མ་ལུས་པར་མཁྱེན་པའོ། །དོན་གྱི་རྣམ་པ་མཁྱེན་པ་ནི། མདོ་ལས། རབ་འབྱོར་གཅིག་གིས་རྣམ་པ་མཁྱེན་པ་སྟེ། འདི་ལྟ་སྟེ་ཞི་བའི་རྣམ་པས་སོ་ཞེས་པ་ལྟར་རོ། །རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པ་ནི། མཚོན་བྱེད་ཀྱི་ཆོས་བཅུའི་སྒོ་ནས་བསྟན་ལ། བཅུ་པོ་ཡང་གཉིས་སུ་འདུས་ཏེ། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་གཉིས་སོ། །དང་པོ་ནི་སེམས་བསྐྱེད་ཡིན་ལ། གཉིས་པ་ནི་ཇི་ལྟར་སེམས་བསྐྱེད་པ་ལྟར་མཐར་ཕྱིན་པར་བྱེད་པའི་ཐབས་སྟོན་པར་བྱེད་པའི་གདམས་ངག་དང་གདམས་ངག་གི་དོན་ཉམས་སུ་ལེན་པའི་སྒྲུབ་པ་གཉིས་སོ། །སྒྲུབ་པ་ལ་ཡང་རྟེན་གྱི་གང་ཟག་ངེས་འབྱེད་ཆ་མཐུན་རྒྱུད་ལ་སྐྱེས་པ་དང༌། རྒྱུ་རིགས་དང་ལྡན་པའི་ཁྱད་པར་གཉིས་དང་ལྡན་པས་དམིགས་པ་བཅུ་གཅིག་ལ་དམིགས་ཏེ་ཆེད་དུ་བྱ་བ་གསུམ་གྱིས་ཆེད་དུ་སྒྲུབ་པ་བཞི་ཉམས་སུ་ལེན་པ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །ཡང་ན་སྒྲུབ་པའི་ངོ་བོ་ངེས་འབྱེད་ཆ་མཐུན་ཡིན་ལ། འདི་ལ་རྒྱུའི་རྐྱེན་རིགས། དམིགས་པའི་རྟེན་དམིགས་པ་བཅུ་གཅིག འབྲས་བུ་ཆེད་དུ་བྱ་བ་གསུམ། སྒྲུབ་པའི་དབྱེ་བ་གོ་སྒྲུབ་སོགས་བཞིའི་དབང་དུ་བྱས་ནས་ཐ་མ་དགུ་པོ་དེ་བསྟན་ཏོ། །ཆོས་བཅུ་པོ་དེ་དག་བསྟན་པས་རྣམ་མཁྱེན་བསྟན་པར་ཇི་ལྟར་འགྱུར་ཞེ་ན། རྣམ་མཁྱེན་རྒྱུ་དང་བཅས་པའི་ཆོས་བཅུ་བཤད་པས་འདི་དག་མཁྱེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་ཡུལ་གྱིས་མཚོན་ནས་བཤད་པ་ཡིན་ནོ། །ཆེད་དུ་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ལ། གཞན་རྣམས་རྒྱུར་གྲུབ་པས་རྣམ་མཁྱེན་གྱི་རྒྱུ་ཤེས་པའི་དོན་དུ་ལམ་ཤེས་བསྟན་པ་དོན་མེད་དོ་ཞེ་ན། ཆོས་བཅུ་པོ་ནི་ཡུལ་གྱི་ལྡོག་པ་ནས་བཤད་ཀྱི་རྒྱུའི་ལྡོག་པ་ནས་མ་བཤད་པས་ཉེས་པ་མེད་དོ། །ཆོས་བཅུ་པོའི་གོ་རིམ་ལ། སེམས་བསྐྱེད་ནི་སངས་རྒྱས་ཀྱི་ཐོག་མའི་བྱེད་རྒྱུ་ཡིན་པས་དང་པོར་གསུངས་སོ། །འདི་ལ་རྒྱུ་དང༌། ངོ་བོ། དབྱེ་བ་གསུམ་ལས། དང་པོ་ནི། དཀོན་མཆོག་བརྩེགས་པ་ལས། རིགས་ཀྱི་ནུས་པས་སྙིང་རྗེའི་ས་བོན་རབ་ཏུ་སད་པ་ལ་བརྟེན་ནས། གཞན་གྱི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་ཚད་མེད་པ་སྐྱེས་ས་དེ་ཉིད་དུ་བཤད་པ་ལྟར་རོ། །གཞན་གཉིས་ནི་གཞུང་ལས་བཤད་པ་ལྟར་བཟུང་ངོ༌། །སེམས་བསྐྱེད་པ་ལ་སྦྱོར་བའི་དགེ་བའི་བཤེས་གཉེན་ཡང་རྒྱུར་དགོས་པ་མིན་ནམ་ཞེ་ན། འདིར་གཙོ་བོའི་རྒྱུ་སྨོས་པ་ཡིན་གྱི་གཞན་མེད་པ་ནི་མ་ཡིན་ནོ། །དེ་ལྟར་ཕན་ཡོན་དུ་མ་དང་བཅས་པའི་བྱང་ཆུབ་ཀྱི་སེམས་ཚོགས་ལམ་གྱི་གནས་སྐབས་སུ་བསྐྱེད་པ་དེ་དགེ་བའི་བཤེས་གཉེན་ལས་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད་པ་དེ་ཉིད་མཐར་ཕྱིན་པའི་ཐབས་སྟོན་པའི་གདམས་ངག་དོན་དུ་གཉེར་བ་འབྱུང་བའི་ཕྱིར་དེའི་འོག་ཏུ་གདམས་ངག་གསུངས་སོ། །འདི་ལ་བཅུ་ཡོད་ཀྱང་བཞིར་འདུས་ཏེ། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་དང༌། དམིགས་ཡུལ་བདེན་པ་བཞི་ལ་འདོམས་པ་དང༌། རྟེན་དཀོན་མཆོག་གསུམ་ལ་འདོམས་པ་དང༌། ཁྱད་པར་དུ་འགྲོ་བའི་རྒྱུ་ལ་འདོམས་པའོ། །གོ་རིམ་ནི། གཙོ་བོ་ཡིན་པས་དམིགས་ཡུལ་བདེན་པ་བཞི་ལ་དམིགས་ནས་མི་དམིགས་པའི་རྣམ་པ་ཅན་གྱི་སྒྲུབ་པ་ལ་འདོམས་པའི་གདམས་ངག་ཐོག་མར་གསུངས་སོ། །སྒྲུབ་པ་ཡང་དམིགས་ཡུལ་གྱི་དོན་ལ་སྒྲོ་འདོགས་གཅོད་པའི་ཕྱིར་དུ་ཉམས་སུ་ལེན་པས་དེའི་འོག་ཏུ་དམིགས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་བསྟན་ཏོ། །དེ་ཡང་དཀོན་མཆོག་གསུམ་ལ་བརྟེན་ཏེ་འབྱུང་བས་དེའི་འོག་ཏུ་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་བསྟན་ཏོ། །སྒྲུབ་པ་ཉམས་སུ་ལེན་པ་ཡང་རྟོགས་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཆེད་ཡིན་པས་ཁྱད་པར་དུ་འགྲོ་བའི་རྒྱུ་ལ་ཞེན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་བསྟན་ཏོ། །སྒྲུབ་པ་རེ་ཞིག་ཁྱད་པར་དུ་གྱུར་ཀྱང་སླར་ལྡོག་ནས་ཁྱད་པར་ཅན་དུ་ཕྱིན་པར་མི་གྱུར་བས་མི་ལྡོག་པར་འགྲོ་བའི་རྒྱུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་བསྟན་ཏོ། །ལམ་གཞན་གྱི་རྫོགས་པའི་བྱང་ཆུབ་མི་འཐོབ་པས་གཞན་གྱི་འགྲོ་བའི་རྒྱུ་ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་འདོམས་པའི་གདམས་ངག་བསྟན་ཏོ། །སྒྲུབ་པ་ཉམས་སུ་བླངས་པ་ལས་སྤྱན་ལྔ་དང་མངོན་ཤེས་དྲུག་ལ་སོགས་པའི་ཡོན་ཏན་ཅུང་ཟད་ཐོབ་ཀྱང་དེ་ལ་ཞེན་ན་འཆིང་བས་རིམ་བཞིན་སྤྱན་ལྔ་དང༌། མངོན་ཤེས་དྲུག་ལ་འདོམས་པའི་གདམས་ངག་བསྟན་ཏོ། །དེ་ལྟར་ཚོགས་ལམ་དུ་གདམས་ངག་གི་དོན་རྗེས་སུ་དཔྱོད་པ་དང༌། རྣམ་པར་དཔྱོད་པ་དང༌། ངེས་པར་འཛིན་པའི་དོན་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་སྒོ་ནས་སྒོམ་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བས་དེའི་འོག་དུ་ངེས་འབྱེད་ཆ་མཐུན་གསུངས་སོ། །བཞི་པོ་ལ་དང་པོར་ཚོགས་ལམ་དུ་ཆོས་ཐམས་ཅད་བདེན་པ་མེད་པར་གཏན་ལ་ཕབ་པའི་དོན་བསྒོམས་པ་ལས་ཀུན་ནས་ཉོན་མོངས་ཀྱི་བཟུང་བ་རང་བཞིན་མེད་པ་ལ་ངེས་པ་བརྟན་པོ་ཐོབ་པས་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་སུ་གཏོགས་པའི་ཕུང་པོ་ལ་སོགས་པ་འདི་དག་ནི་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་དོན་དམ་པར་གྲུབ་པ་མེད་པར་ལྷག་པར་ངེས་པ་སྐྱེ་བས་དང་པོར་དྲོད་འབྱུང་བ་ཡིན་ནོ། །དེའི་འོག་ཏུ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་གཉེན་པོ་རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པ་ཡང་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་དོན་དམ་པར་བདེན་པར་གྲུབ་པའི་གཟུང་བ་མེད་དོ་ཞེས་གཉེན་པོའི་ཕྱོགས་ཀྱི་བཟུང་བ་རང་བཞིན་མེད་པར་རྟོགས་པ་སྦྱོར་ལམ་རྩེ་མོ་འབྱུང་བ་ཡིན་ནོ། །དེའི་འོག་ཏུ་གཟུང་བ་རང་བཞིན་མེད་པ་ལ་རྟོགས་པ་བརྟན་ཅིང་འཛིན་པ་བདེན་མེད་དུ་ཕྱོགས་གཅིག་ལ་ཞུགས་པ་ནི་བཟོད་པའོ། །དེའི་འོག་ཏུ་བདག་ལ་སོགས་པ་བཏགས་པ་འདི་ཡང་རང་བཞིན་མེད་པར་རྟོགས་པའི་ཆོས་མཆོག་འབྱུང་བ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་མཐོང་ལམ་ལ་སོགས་པའི་སྒྲུབ་པ་འབྱུང་བས་སྒྲུབ་པ་ཉིད་བསྟན་ཏོ། །འདི་ལ་སྒྲུབ་པའི་རྟེན་དང༌། དམིགས་པ་དང༌། ཆེད་དུ་བྱ་བ་དང༌། སྒྲུབ་པའི་ངོ་བོ་བཞི་ལས། དང་པོ་ནི་རིགས་ཡིན་ལ། དེ་ཡང་རང་བཞིན་གྱི་གནས་པའི་རིགས་དང༌། རྒྱས་འགྱུར་གྱི་རིགས་ཀྱི་དབྱེ་བས་གཉིས་སོ། །དང་པོ་ནི། དམིགས་པའི་སྒོ་ནས་རྒྱུར་འཇོག་ལ་དམིགས་པ་ནི་སྐྱེས་བྱེད་ཀྱི་རང་བཞིན་ནོ། །སྒྲུབ་པའི་རྟེན་དེ་ལྟ་བུ་དང་ལྡན་པའི་བྱང་སེམས་དེས་སྒྲུབ་པ་བྱེད་པ་ན་དམིགས་པའི་ཁྱད་པར་ལ་སྒྲོ་འདོགས་གཅོད་པའི་ཚུལ་གྱིས་འཇུག་པས་དེའི་འོག་ཏུ་དམིགས་པ་གསུངས་སོ། །འདི་ལ་སྤྱི་དང་བྱེ་བྲག་གཉིས་ལས་དགེ་མི་དགེ་ལུང་མ་བསྟན་གསུམ་ནི་སྤྱི་ཡིན་པས་དང་པོར་བསྟན་ལ། དེ་ཡང་བྱེ་བྲག་གི་སྒོ་ནས་ཤེས་པར་བྱ་བ་ཡིན་པས་དེའི་འོག་ཏུ་ལྷག་མ་བརྒྱད་པོ་བསྟན་ཏོ། །བརྒྱད་པོ་ལ་ཡང་དང་པོར་བླང་བྱ་འཇིག་རྟེན་པ་དང༌། ཕྱིས་བླང་བྱ་འཇིག་རྟེན་ལས་འདས་པ་གཉིས་རིམ་པ་བཞིན་དུ་བསྟན་ལ། དེ་ནས་དང་པོར་སྤང་བར་བྱ་བ་ཟག་བཅས། ཕྱིས་བླང་བར་བྱ་བ་ཟག་མེད་དུ་གཏོགས་པས་དེ་གཉིས་རིམ་པ་བཞིན་དུ་བསྟན་ཏོ། །དེ་ནས་དང་པོར་རྟོགས་པར་བྱ་བ་ཀུན་རྫོབ། ཕྱིས་རྟོགས་པར་བྱ་བ་དོན་དམ་ཡིན་པས་འདུས་བྱས་དང་འདུས་མ་བྱས་གཉིས་པོ་རིམ་བཞིན་བསྟན་ཏོ། །དེ་ནས་འདུས་མ་བྱས་རྟོགས་པས་རབ་ཏུ་ཕྱེ་བ་ཐུན་མོང་མ་ཡིན་པའི་ཆོས་གཉིས་ལ་རིམ་བཞིན་དམིགས་པས་བཅུ་གཅིག་པོ་འདི་ནི་ཡུལ་ཅན་རྟོགས་པའི་གོ་རིམ་མོ། །དམིགས་པ་དེ་ལྟ་བུ་དག་ལ་དམིགས་ནས་སྒྲུབ་པ་བྱེད་པ་ཡང་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་ཆེད་དུ་ཡིན་པས་དེའི་འོག་ཏུ་ཆེད་དུ་བྱ་བ་བསྟན་ཏོ། །དེ་ཡང་གཙོ་བོ་ཡིན་པས་ཐོག་མར་སེམས་ཆེན་པོ་བསྟན་ཏོ། །དེ་ཐོབ་པར་ཡང་སྒྲིབ་གཉིས་མ་ལུས་པ་སྤང་དགོས་པས་དེའི་འོག་ཏུ་སྤོང་བ་ཆེན་པོ་བསྟན་ཏོ། །དེ་ཡང་རྟོགས་པ་ལ་རག་ལས་པས་དེའི་འོག་ཏུ་རྟོགས་པ་ཆེན་པོ་བསྟན་ཏོ། །རྟེན་རིགས་དང་ལྡན་པས་དམིགས་པ་བཅུ་གཅིག་ལ་དམིགས་ཏེ་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་ཆེད་དུ་སྒྲུབ་པར་བསྟན་པ་ན། སྒྲུབ་པ་རང་གི་ངོ་བོ་གང་ཡིན་ནམ་སྙམ་པ་ན་དེའི་འོག་ཏུ་སྒྲུབ་པ་རང་གི་ངོ་བོ་བསྟན་ཏོ། །དེ་ལ་ཡང་རྣམ་པ་བཞིར་ཡོད་ལ། ཅིའི་ཕྱིར་སྒྲུབ་པ་བཞི་ངེས་ཤེ་ན། སློབ་དཔོན་ལྟར་ན་རྣམ་མཁྱེན་ཐོབ་པར་བྱེད་པའི་ཐབས་ལ་དང་པོར་བསམ་པས་གོ་གྱོན་པ་དང༌། དེ་ནས་སྒྲུབ་པས་ཁྱད་པར་དུ་འགྲོ་བ་དང༌། དེ་ནས་འབྲས་བུ་ལ་མངོན་དུ་ཕྱོགས་པར་བྱེད་པ་དང༌། དེ་ནས་འབྲས་བུ་མངོན་སུམ་དུ་འབྱིན་པའི་བྱ་བ་བཞིར་དགོས་ལ། བཞི་པོ་དེ་ལས་བྱ་བ་གཞན་མི་དགོས་པས་བཞིར་ངེས་སོ། །དེ་ཡང་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་འཁོར་གསུམ་མི་དམིགས་པའི་གོ་ཆ་བགོ་བར་བྱེད་ཅིང༌། བྱ་བ་ཁྱད་པར་ཅན་རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོ་ལ་དངོས་སུ་འཇུག་པས་སྦྱོར་བ་ཁྱད་པར་ཅན་དུ་གོང་ནས་གོང་དུ་འགྲོ་བ་ཡིན་ཞིང༌། བསམ་པ་དང་སྦྱོར་བའི་བདག་ཉིད་ཅན་གྱིས་ཚོགས་གཉིས་ཀྱི་དཔུང་ཡོད་པ་ནི་འབྲས་བུ་བྱང་ཆུབ་ཆེན་པོ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ལ། ངེས་པར་འབྱུང་བའི་སྒྲུབ་པ་ནི་འབྲས་བུ་རྫོགས་པའི་བྱང་ཆུབ་དངོས་སུ་འབྱིན་པར་བྱེད་པའི་རྒྱུ་མཐར་ཐུག་ཡིན་ནོ། །གོ་རིམ་ནི། འཕགས་པ་རྣམ་པར་གྲོལ་བའི་སྡེས་གསུངས་པ་ལྟར། དམག་དཔོན་ནི་ཕ་རོལ་གྱིས་མི་ཚུགས་པར་བྱ་བའི་ཕྱིར་དུ་དང་པོར་གོ་གོན་ཞིང༌། གཡུལ་དུ་ཞུགས་ནས་དམག་གི་དཔུང་ཚོགས་ཀྱིས་ཕ་རོལ་ཕམ་པར་བྱས་ནས་དེའི་ཡུལ་ལ་དབང་བྱེད་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་མཐུན་ཕྱོགས་འཁོར་གསུམ་གྱི་རྣམ་པར་རྟོག་པ་སྤོང་བའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་གོན་པར་བྱེད་པས་ཐོག་མར་གོ་ཆའི་སྒྲུབ་པ་བསྟན་ཏོ། །དེ་ནས་རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོ་ལ་དངོས་སུ་འཇུག་པས་དེའི་འོག་ཏུ་འཇུག་སྒྲུབ་བསྟན་ཏོ། །ཐེག་པ་ཆེན་པོ་ལ་ཞུགས་པས་ཚོགས་གཉིས་ཀྱི་དཔུང་གསོག་པར་བྱེད་ལ་དེ་ནས་མི་མཐུན་ཕྱོགས་སྤངས་ནས་རང་གི་སེམས་ལ་དབང་བྱེད་པས་ཚོགས་སྒྲུབ་དང་ངེས་པར་འབྱུང་བའི་སྒྲུབ་པ་རིམ་པ་བཞིན་དུ་བསྟན་ཏོ། །གཉིས་པ་ལམ་ཤེས་སྟོན་པ་ལ་འབྲས་བུ་རྣམ་མཁྱེན་ནི་རྒྱུ་ལམ་ཤེས་མེད་ན་མི་ཐོབ་པས་རྣམ་མཁྱེན་གྱི་རྒྱུ་ལ་འཇུག་པའི་དོན་དུ་ལམ་ཤེས་བསྟན་ཏོ། །དེ་ལ་ལམ་ཤེས་ཀྱི་རྒྱུ་ཚོགས། ལམ་ཤེས་ཀྱི་རང་བཞིན། རང་བཞིན་ཅན་ལམ་ཤེས་བསྟན་པ་དང་གསུམ་ལས། དང་པོ་ལ་སྐྱེ་བའི་རྟེན་ང་རྒྱལ་མངོན་འགྱུར་བ་དང་བྲལ་བ། ལྷན་ཅིག་བྱེད་པའི་རྐྱེན་བྱང་ཆུབ་ཏུ་སེམས་བསྐྱེད་པ། ཉེ་བར་ལེན་པའི་རྒྱུ་ཐེག་ཆེན་གྱི་རིགས་སད་པ་སྟེ་གསུམ་གྱི་དབང་དུ་བྱས་ནས་རྟེན་དང༌། ཡུལ་ངེས་དང༌། ཁྱབ་པ་གསུམ་རིམ་པ་བཞིན་གསུངས་སོ། །ལམ་ཤེས་ཀྱི་རང་བཞིན་ནི་ཉོན་མོངས་མི་སྤོང་བའི་རང་བཞིན་གྱིས་བསྟན་ཏོ། །བྱེད་ལས་ནི་སེམས་ཅན་མ་བསྡུས་པ་སྡུད་པ་ལ་སོགས་པ་ཡིན་ནོ། །རང་བཞིན་ཅན་གྱི་ལམ་ཤེས་ལ་གང་ཤེས་པར་བྱ་བའི་ཡུལ། ཇི་ལྟར་ཤེས་པར་བྱེད་པའི་ཚུལ། གང་གི་ཚེ་ཤེས་པའི་གནས་སྐབས་དང་གསུམ་མོ། །དང་པོ་ལ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལམ་ཤེས་གསུམ་ལས་ཉན་ཐོས་ཀྱི་ལམ་ལའང་གང་ཟག་གི་བདག་མེད་ཙམ་རྟོགས་ཤིང་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་ནས་སྡུག་བསྔལ་ཙམ་ཉེ་བར་ཞི་བའི་མྱང་འདས་ཙམ་ཐོབ་པ་ཉན་ཐོས་ཀྱི་རྒྱུད་ལ་སྐྱེད་པར་བྱེད་པ་དང༌། རྟོགས་རིགས་ཡོན་ཏན་ཡར་ལྡན་དུ་བསྐྱེད་པར་བྱ་བ་གཉིས་ལས། ཤེས་བྱ་ནི་ཐ་མ་ལ་བཟུང་ངོ༌། །རང་སངས་རྒྱས་ཀྱི་ལམ་ལ་ཡང་གང་ཟག་གི་བདག་མེད་དང་བཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་སྟེ། འདི་ལའང་སྔར་ལྟར་གཉིས་ལས། ཤེས་པར་བྱ་བ་ནི། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་སྐྱེད་པར་བྱེད་པ་དག་གོ །བྱང་ཆུབ་སེམས་དཔའི་ལམ་ལ་སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་གསུམ་ལས། དང་པོ་ནི་སྐབས་དང་པོར་བསྟན་ཟིན་ལ། གཉིས་པ་ནི། འདིའང་གཞན་པའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའི་མཐོང་ལམ་མོ། །གསུམ་པ་ལ་སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་གཉིས་ལས། འདི་ལ་ཡང་ཤེས་རབ་ཀྱི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་བྱེ་བྲག་གིས་སྒོམ་ལམ་ཟག་བཅས་ཟག་མེད་གཉིས་བསྟན་ཏོ། །དང་པོ་ལ་སོ་སོའི་ངོ་བོ་ངོས་བཟུང༌། རྒྱུད་ལ་བསྐྱེད་ཚུལ་ཉམས་སུ་ལེན་པའི་རིམ་པ་གཉིས། དང་པོ་ལ་མོས་པའི་ཡུལ། ངོ་བོ། བྱེད་ལས་དང་གསུམ་ལས། ཡུལ་ལ་ཡང་གང་ལ་མོས་པའི་ཡུལ་དང༌། ཆེད་དུ་བྱ་བའི་ཡུལ་གཉིས་ལས། དང་པོ་ནི། གཙོ་བོ་འབྲས་བུའི་ཡུམ་ཤེར་ཕྱིན་ནོ། །གཉིས་པ་ནི། རང་དང༌། གཉིས་ཀ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་དེ། རང་དང་གཉིས་ཀ་དང་གཞན་གྱི་དོན་ལ་དམིགས་པ་ཉིད་ཅེས་བཤད་པས་སོ། །ངོ་བོ་ནི། ཡུམ་ལ་ཡོན་ཏན་གྱི་འབྱུང་གནས་སུ་ལུང་རིགས་ཀྱིས་ཇི་ལྟར་ངེས་པ་བཞིན་དུ་ཡུམ་འདི་ནི་རང་དང་གཉིས་ཀ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྱུང་གནས་ཡིན་ནོ་ཞེས་ངེས་པར་འཛིན་པ་ཡིད་ཆེས་པའི་དད་པ་དང༌། དོན་གསུམ་ཐོབ་པར་འདོད་པའི་འདུན་པ་དང༌། ཚོགས་པ་གཅིག་གིས་བསྡུས་པའོ། །གསུམ་པོ་ཇི་ལྟར་སྒྲུབ་པར་བྱེད་པའི་ཚུལ་ནི། མོས་པ་གང་གིས་གཙོ་བོར་རང་དོན་སྒྲུབ་ཅིང་གཞན་གྱི་དོན་ཡང་ཆེད་དུ་བྱ་བའི་ཚུལ་གྱིས་སྒྲུབ་པ་སྟེ། དཔེར་ན་གཞན་གྱི་ཆེད་དུ་བདག་མེད་བསྒོམས་པས་དངོས་སུ་རང་གི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ལྟ་བུའོ། །གཉིས་པ་དོན་ནི། མོས་པ་གང་གིས་གཙོ་བོར་གཉིས་ཀའི་དོན་སྒྲུབ་པ་སྟེ། དཔེར་ན་རང་ཡང་ཤེར་ཕྱིན་ལ་སྤྱོད་ཅིང༌། གཞན་ཡང་དེ་ལ་བཀོད་པས་གཉིས་ཀའི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ལྟ་བུའོ། །གཞན་དོན་ནི་མོས་པ་གང་གིས་གཙོ་བོར་གཞན་དོན་སྒྲུབ་ཅིང་རང་གི་དོན་ཡང་ཞར་ལ་སྒྲུབ་པ་སྟེ། དཔེར་ན་རང་གི་ལེགས་པར་ཁོང་དུ་ཆུད་པའི་ཆོས་གཞན་ལ་བསྟན་པས་གཞན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ལྟ་བུའོ། །དེ་དག་གི་བྱེད་ལས་ནི་འབྲས་བུ་དོན་གསུམ་ཐོབ་པར་བྱེད་པའི་བརྩོན་འགྲུས་རྩོམ་པའི་ལས་ཅན་ཡིན་པས་དེ་ཐོབ་པའི་དོན་དུ་ཆོས་སྤྱོད་བཅུའི་སྒྲུབ་པ་བྱས་པ་ལས་བསོད་ནམས་ཀྱི་འབྱུང་ཁུངས་ཤེར་ཕྱིན་ལ་བརྟེན་ནས་རང་རྒྱུད་ལ་བསོད་ནམས་ཚད་མེད་པ་གསོག་པར་བྱེད་པའོ། །དེའི་ཡོན་ཏན་ནི་མོས་པ་སྒོམ་པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་སྐྱེད་པའི་ཕྱིར་དུ་ཡོན་ཏན་གསུམ་པོ་ཇི་ལྟར་ཡོད་པ་བཞིན་དུ་ཐུགས་ཀྱི་རྟོགས་ནས་རྟོགས་པ་དང་མཐུན་པར་བརྗོད་པ་ཡིན་ནོ། །བསྔོ་བ་ནི་མོས་པས་བསགས་པའི་དགེ་བ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྒྲུབ་པའི་ཐབས་སོ། །རྗེས་སུ་ཡི་རང་ནི་རང་གཞན་གྱི་དགེ་བ་ལ་རྣམ་པ་སྣང་བ་དང་སྟོང་པའི་ཆ་མ་དོར་བའི་སྒོ་ནས་དམིགས་པ་ངོ་བོ་དྭང་བའི་དད་པ་ཚོར་བ་ཡི་བདེ་མཚུངས་ལྡན་དང་བཅས་པའོ། །གསུམ་པོ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། ཇོ་བོ་ཨ་ཏི་ཤའི་ཞལ་སྔ་ནས། མཉམ་བཞག་ཏུ་སྟོང་པ་ཉིད་རྣམ་པར་སྒོམ་སྟེ། དེའི་རྗེས་ཐོབ་ནི་དང་པོ་བསྔོ་བ་དང༌། དེའི་འོག་ཏུ་དེ་ཉིད་རྗེས་སུ་ཡི་རང་གིས་སྤེལ་བ་དང༌། དེའི་འོག་ཏུ་མོས་པ་བསྒོམས་ནས་མཚམས་སུ་མོས་པས་ཀུན་ནས་བླང་སྟེ། དབུས་མཐའ་ནས་འབྱུང་བའི་ཡི་གེ་འབྲི་མཆོད་སྦྱིན་པ་སོགས་པ་བྱེད་པ་ཡིན་ནོ་ཞེས་སོ། །འོན་ཀྱང་སློབ་དཔོན་ལྟར་ན་དང་པོ་མོས་པས་བསོད་ནམས་བསགས་ཏེ། དེའི་འོག་ཏུ་དེ་ཉིད་ཆུད་མི་ཟ་བའི་དོན་དུ་བསྔོ་བས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་ལ། སླར་ཡང་ཡོངས་སུ་བསྔོས་པ་དེ་ཉིད་རྗེས་སུ་ཡི་རང་གིས་སྤེལ་བར་བྱེད་པ་ཡིན་ནོ། །གཉིས་པ་ཟག་པ་མེད་པའི་སྒོམ་ལམ་ལ། སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས་ལས། དང་པོ་ནི་བར་ཆད་མེད་པའི་ལམ་ཡིན་ལ། གཉིས་པ་ནི་རྣམ་པར་གྲོལ་བའི་ལམ་མོ། །བར་ཆད་མེད་པའི་ལམ་ལ་སྒྲུབ་པ་དང༌། རྣམ་པར་གྲོལ་བའི་ལམ་ལ་རྣམ་དག་ཏུ་འཇོག་པ་ཅི་ཡིན་ཞེ་ན། ཡོན་ཏན་གྱི་གེགས་གློ་བུར་གྱི་དྲི་མ་སེལ་བའི་སྒོ་ནས་ཡོན་ཏན་རྒྱ་ཆེན་པོ་སྒྲུབ་པའི་ཕྱིར་དང༌། རང་གི་སྤང་བྱའི་གནས་ངན་ལེན་གྱི་དྲི་མས་ཀྱང་དག་པའི་ཕྱིར། སྒྲུབ་པ་དང་རྣམ་དག་ཅེས་བཤད་དོ། །གོ་རིམ་ནི། རྒྱུ་ལམ་ཤེས་པ་ཉིད་མེད་པར་འབྲས་བུ་རྣམ་མཁྱེན་མི་ཐོབ་པས་ལམ་ཤེས་པ་ཉིད་བཤད་དོ། །དགོས་པ་ནི་ཆོས་བཅུ་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་དུ་བསྟན་པ་ན། ཆོས་བཅུ་པོ་ནི་རྣམ་མཁྱེན་ཁོ་ནའི་ཡུལ་ཡིན་གྱི་གཞན་གྱི་མིན་ནོ་སྙམ་པའི་དྭོགས་པ་འགག་པའི་ཕྱིར་དུ་རྒྱུའི་ཆོས་ཙམ་ཞིག་དྲངས་ནས་གཉིས་ཅར་བཤད་པ་ཡིན་ནོ། །ལམ་ཤེས་པ་དེ་ཡང་རྒྱུ་ཚོགས་ལ་བརྟེན་ནས་སྐྱེ་བས་ཐོག་མར་རྟེན་དང༌། ལྷན་ཅིག་བྱེད་པའི་རྐྱེན་སེམས་བསྐྱེད་དང༌། རྒྱུའི་རྐྱེན་རིགས་གསུམ་བསྟན་ཏོ། །སྐྱེ་བའི་ལམ་ཤེས་ཀྱི་རང་བཞིན་དང་བྱེད་ལས་གང་ཡིན་སྙམ་ན། རང་བཞིན་དང་བྱེད་ལས་གཉིས་རིམ་པ་བཞིན་བསྟན་ཏོ། །རང་བཞིན་ཅན་གྱི་ལམ་ཤེས་གང་ཡིན་སྙམ་ན། དེའི་འོག་ཏུ་ལམ་ཤེས་པ་དངོས་བཤད་དོ། །དེ་ཡང་ཐེག་པ་གསུམ་གྱི་རིམ་པ་དང་མཐུན་པར་དང་པོར་ཉན་ཐོས་ཀྱི་ལམ་ཤེས་པ། དེ་ནས་རང་རྒྱལ་གྱི་ལམ་ཤེས་པ། དེ་ནས་བྱང་སེམས་ཀྱི་ལམ་ཤེས་པ་བསྟན་ཏོ། །གསུམ་པོ་ཡང་སྦྱོར་ལམ་དུ་གོམས་པར་བྱས་པ་ལས་མཐོང་ལམ་དུ་མངོན་སུམ་དུ་མཐོང་བ་འབྱུང་བས་ཤེས་བྱའི་ངེས་འབྱེད་ཆ་མཐུན་དང་མཐོང་ལམ་རིམ་བཞིན་བསྟན་ཏོ། །ཤེས་བྱ་བྱང་ཆུབ་སེམས་དཔའི་ལམ་ལ་ཐོག་མར་ལམ་གསུམ་གྱི་གནས་ལུགས་མངོན་དུ་མཐོང་བ་འབྱུང་བས་མཐོང་ལམ་བསྟན་ཏོ། །དེ་ནས་མཐོང་ལམ་གྱིས་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ་བསྟན་ཏོ། །སྒོམ་ལམ་དེའི་བྱེད་པ་འབྱུང་བའི་ཕྱིར་བྱེད་པ་དང་བྱེད་པ་ཅན་གྱི་སྒོམ་ལམ་རིམ་པ་བཞིན་དུ་བསྟན་ཏོ། །བྱེད་པ་ཅན་གྱི་སྒོམ་ལམ་ལ་ཡང་དམན་མཆོག་གི་གོ་རིམ་གྱི་དབང་དུ་བྱས་ནས་དང་པོར་ཟག་བཅས་སྒོམ་ལམ། དེ་ནས་ཟག་མེད་སྒོམ་ལམ་བསྟན་ཏོ། །ཉམས་སུ་ལེན་པའི་རིམ་པ་ནི་མཉམ་བཞག་ཏུ་ཟག་པ་མེད་པའི་ལམ་བསྒོམ་པ་ལས་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་རྣམ་དག་འབྱུང་བའི་ཕྱིར་ཐོག་མར་ཟག་མེད་སྒོམ་ལམ་ཉམས་སུ་ལེན་ཅིང༌། དེ་ནས་ཟག་བཅས་སྒོམ་ལམ་ཉམས་སུ་ལེན་པ་ཡིན་ནོ། །ཟག་མེད་སྒོམ་ལམ་ཡང་ཐོག་མར་ཉོན་མོངས་པ་སྤོང་ཞིང་དེ་ནས་ཉོན་མོངས་པ་རྣམ་པར་དག་པ་འབྱུང་བའི་ཕྱིར་སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་རིམ་བཞིན་བསྟན་ཏོ། །ཟག་བཅས་སྒོམ་ལམ་ལ་ཡང་མོས་པས་དགེ་བའི་རྩ་བ་བསགས་ནས་བསྔོ་བས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་པས་དེ་ཉིད་རྗེས་སུ་ཡི་རང་གིས་གོང་ནས་གོང་དུ་སྤེལ་བར་བྱེད་པའི་དབང་དུ་བྱས་ནས་གསུམ་པོ་རིམ་པ་བཞིན་དུ་བསྟན་ཏོ། །གཞི་ཤེས་ལ་གཞི་ཤེས་པའི་ངོ་བོ་ཉེ་བ་དང་རིང་བའི་རྒྱུ་མཚན། མི་མཐུན་པ་དང་གཉེན་པོའི་ཁྱད་པར། གཞི་ཤེས་པའི་ལམ་གྱི་ཡན་ལག དེའི་ལམ་གྱི་ངོ་བོ་དང་ལྔ། འདི་ཡང་སློབ་དཔོན་ལྟར་ན་ཆོས་དགུའི་གྲངས་ངེས། གོ་རིམ་ངེས་པ། ལམ་གཞན་མི་འཆད་པའི་རྒྱུ་མཚན། དང་པོ་ནི། མི་མཐུན་པའི་ཕྱོགས་ཀྱི་གཞི་ཤེས་གོལ་ས་ཤེས་པར་བྱེད་པ་ལ་ཆོས་དགུ་པོ་འདི་ཙམ་ཞིག་ཉེ་བར་མཁོ་བ་ཡིན་ཏེ། འདི་རྣམས་ལས་གང་ཡང་རུང་བ་ཞིག་མ་བསྟན་ན་ཤེས་པར་མི་ནུས་ཤིང༌། འདི་ལས་ལྷག་པ་ཡང་མི་དགོས་པས་སོ། །གོ་རིམ་ནི་ལམ་གྱི་གོལ་ས་ཤེས་པའི་དོན་དུ་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་དངོས་སུ་བསྟན་པའི་ལྡོག་པའི་སྒོ་ནས་ངོ་བོ་བསྟན་ཞིང༌། དེའི་འོག་ཏུ་དེ་ཉིད་ཀྱི་གཞུང་འཛུགས་པའི་དོན་དུ་ཉེ་རིང་གི་རྒྱུ་མཚན་བསྟན་ལ། དེ་ཉིད་ཀྱི་རབ་དབྱེ་བསྟན་པའི་དོན་དུ་དེའི་འོག་ཏུ་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་བསྟན་ཏོ། །དེ་དག་གི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་གཏན་ལ་ཕབ་ནས་དེའི་འོག་ཏུ་དེ་ལ་འཇུག་པའི་སྦྱོར་བ་བསྟན་ཏེ། ཉམས་སུ་མ་བླངས་པར་གཏན་ལ་ཕབ་པ་ཙམ་གྱིས་སྤང་བྱ་སྤོང་བ་དང༌། གཉེན་པོ་མངོན་དུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་ཡང་དམིགས་པ་ལ་སྒྲོ་འདོགས་གཅོད་པའི་རྣམ་པའི་སྒོ་ནས་ཉམས་སུ་བླངས་པས་དེའི་འོག་ཏུ་སྦྱོར་བའི་རྣམ་པ་མཉམ་ཉིད་བསྟན་ཏོ། །སྦྱོར་བ་ཉམས་སུ་བླངས་པ་ལས་འབྲས་བུ་འབྱུང་བས་དེའི་འོག་ཏུ་འབྲས་བུ་མཐོང་བའི་ལམ་བསྟན་ཏོ། །སོ་སོའི་མཚན་ཉིད་ལ་དགུ་ཡོད་ཀྱང་གསུམ་དུ་འདུས་ཏེ། གཞི་ཤེས་ཀྱི་མཚན་ཉིད། དེ་ལ་འཇུག་པའི་སྦྱོར་བ། འབྲས་བུ་མཐོང་ལམ་གྱི་ངོ་བོ། དེ་ལ་དང་པོ་གསུམ་ནི་གཉེན་པོ་གཞི་ཤེས་ཀྱི་དངོས་པོ་མཐའ་གཉིས་ལ་མི་གནས་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱེད་པ་དང༌། མཚན་འཛིན་གྱི་གཉེན་པོ་བསྟན་པའི་སྒོ་ནས་དངོས་སུ་མཚན་ཉིད་བསྟན་ལ། ལྡོག་པའི་སྒོ་ནས་གོལ་ས་མི་མཐུན་ཕྱོགས་བསྟན་ཏོ། །དེའི་འོག་མས་ནི་གཉེན་པོ་སྐྱེད་པར་བྱེད་པའི་ཐབས་ཉམས་སུ་ལེན་པའི་སྦྱོར་བ་དངོས་སུ་བསྟན་ནས་མི་མཐུན་ཕྱོགས་ལྡོག་པའི་སྒོ་ནས་བསྟན་ཏོ། །ཐ་མས་ནི་དངོས་སུ་གཉེན་པོ་གཞི་ཤེས་ཀྱི་མཐོང་ལམ་བསྟན་པས་ལྡོག་པའི་སྒོ་ནས་མི་མཐུན་ཕྱོགས་ཀྱི་མཐོང་ལམ་བསྟན་ཏོ། །ལམ་གཞན་མི་འཆད་པའི་རྒྱུ་མཚན་ནི། ལམ་ཤེས་ཀྱི་སྐབས་སུ་མཐོང་ལམ་དང་སྒོམ་ལམ་རིམ་བཞིན་དུ་བསྟན་པས་འདིར་སྤང་ཚུལ་དེ་ལྟར་རིགས་སོ་སྙམ་ན། མི་མཚུངས་ཏེ། བྱང་སེམས་ཀྱི་མཐོང་ལམ་གོམས་པར་བྱེད་པའི་སྒོམ་ལམ་ནི་སྔར་བསྟན་ཟིན་ལ། ཉན་རང་གི་ལམ་ནི་ཤེས་པར་བྱ་བ་ཙམ་ཡིན་གྱི་སྒོམ་པས་མངོན་དུ་བྱ་བ་ནི་མ་ཡིན་པས་སོ། །སྦྱོར་བ་ལ་ཡང་གང་གི་སྦྱོར་བའི་དབྱེ་བ། གང་ལ་སྦྱོར་བའི་རྣམ་པ། གང་གི་ཚེ་སྦྱོར་བའི་གནས་སྐབས་སོ། །དང་པོ་ལ་བཅུ་ཡོད་པ་ལས། དང་པོ་བཞི་ནི་རང་བཞིན་གྱི་སྦྱོར་བ། ཕྱི་མ་དྲུག་ནི་གནས་སྐབས་ཀྱི་སྦྱོར་བའོ། །དང་པོ་ལ་གཞིའི་ངོ་བོ། ཁྱད་པར། དབྱེ་བ། ཆེན་པོ་གསུམ། དེ་དག་གི་ཆོས་ཉིད་ལ་སྤྲོས་པ་གཅོད་ཚུལ་གྱི་ལྡོག་པ་ནས་བཞིར་དབྱེ་བ་ཡིན་ནོ། །སྦྱོར་བ་སྒོམ་པའི་རྣམ་པ་ལ་བཟུང་བའི་ཡུལ་གྱི་དངོས་པོ་དང༌། སྤྲོས་པ་ལ་རློམ་པ་བཀག་པ་དང༌། མཚན་མ་ལ་རློམ་པ་བཀག་པ་དང༌། ཡུལ་ཅན་ལ་རློམ་པ་བཀག་པ་དང་བཞི་ཡིན་ནོ། །གང་གི་ཚེ་སྦྱོར་བའི་གནས་སྐབས་ནི་ཐེག་ཆེན་ལས་འདའ་བའི་མཐོང་ལམ་ནི་གཞི་ཤེས་སུ་འཐོབ་ལ། འདི་ནི་དེ་ཐོབ་པའི་ཆེད་དུ་སྒོམ་པའི་སྦྱོར་བ་ཡིན་པས་གཙོ་བོ་སྦྱོར་ལམ་གྱི་གནས་སྐབས་ན་ཡོད་དོ། །སློབ་དཔོན་གྱིས་ནི་གཞི་ལ་མཚན་མར་འཛིན་པའི་གཉེན་པོ་སྒོམ་པ་ཡིན་ལ། དེ་ཡང་ས་བདུན་པའི་བར་དུ་འབྱུང་བའི་ཕྱིར། ས་བདུན་པའི་བར་དུ་གཙོ་བོར་སྒོམ་ལ། ཐག་བསྲིང་བའི་གཉེན་པོའི་ཚུལ་དུ་རྒྱུན་མཐའི་བར་དུའང་སྒོམ་དགོས་པར་བཞེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ནི་ལམ་ཤེས་ཀྱི་སྐབས་སུའང་བསྟན་ཟིན་པ་མིན་ནམ་ཞེ་ན། དེར་ནི་ཡོན་ཏན་ཡར་ལྡན་དུ་ལྡན་མི་ལྡན་མི་དམིགས་པའི་ཚུལ་གྱིས་ཤེས་པར་བསྟན་ལ། འདིར་གཞི་མ་ལུས་པ་ཡོངས་སུ་བཟུང་བའི་སྒོ་ནས་བསྟན་ཏོ། །དེས་ན་སྒོམ་ལམ་ཡང་བསྟན་པར་རིགས་སོ་ཞེ་ན། མཐོང་ལམ་བསྟན་པ་ཉིད་ཀྱིས་གོ་སླ་བས་མ་བཤད་དོ། །ཇི་ལྟར་བསྟན་པའི་ཚུལ་ནི་མི་མཐུན་ཕྱོགས་དང་གཉེན་པོ་གཞི་ཤེས་ཀྱི་ངོ་བོ་བསྟན་པས་ངོ་བོའི་སྒོ་ནས་བསྟན་པར་བཞེད་དོ། །དེ་ལྟར་ཆོས་སུམ་ཅུས་མཚོན་པ་མཁྱེན་གསུམ་གཏན་ལ་ཕབ་ནས་དེ་ལ་འཇུག་པའི་སྦྱོར་བ་བཞི་ཡོད་པ་ལས། དང་པོ་རྣམ་རྫོགས་སྦྱོར་བ་སྟོན་པ་ལ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་པོའི་གོ་རིམ་དང༌། ཇི་ལྟར་བསྟན་པའི་ཚུལ་གཉིས་སོ། །དང་པོ་ལ་སྦྱོར་བ་སྒོམ་ཚུལ་གཏན་ལ་དབབ་པ་དང༌། ཕབ་པའི་དོན་ཉམས་སུ་བླངས་པས་རྒྱུད་ལ་སྐྱེས་པའི་སྒོམ་རིམ་གཉིས་སུ་ངེས་སོ། །དང་པོ་ལ་སྒོམ་ཚུལ་དངོས་དང༌། སྔོན་འགྲོའི་ཆོས་གཉིས། དང་པོ་སྒོམ་བྱ་ལ། འགའ་ཞིག་སྐྱེ་མེད་གསུམ་གྱི་དོན་བསྒོམ་བྱ་ཡིན་པས་དོན་རྣམ་བསྒོམ་བྱ་ཡིན་ནོ། །ཞེས་བཞེད་དོ། །འོ་ན་མཁྱེན་གསུམ་ཆོས་སུམ་ཅུས་གཏན་ལ་ཕབ་པ་དེ་ཉིད་སྦྱོར་བའི་འཇུག་ཡུལ་དུ་སྟོན་པ་མི་རིགས་པར་འགྱུར་རོ། །གསུམ་དུ་བསྟན་པའི་སྐབས་སུ་འཇུག་ཡུལ་མཁྱེན་པ་གསུམ་དང༌། སྦྱོར་བ་དེ་ཉམས་སུ་ལེན་པའི་རྣལ་འབྱོར་དུ་གསུངས་པ་རྣམས་ཀྱང་མི་འཐད་པར་འགྱུར་རོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་མངོན་པར་རྟོགས་པའི་རིམ་པ་ཡིད་ལ་བྱེད་པའི་ཚུལ་གྱིས་བསྒོམ་པ་དང༌། སྙིང་པོའི་དོན་ཡིད་ལ་བྱེད་པའི་ཚུལ་གྱིས་སྒོམ་པ་གཉིས་ལས། འདིར་མངོན་རྟོགས་བསྒོམ་པར་བཤད་པ་དག་ཀྱང་འགལ་བ་ཡིན་ནོ། །དེས་ན་འདིར་བསྒོམ་བྱ་ནི་མཁྱེན་པ་གསུམ་དུ་འདོད་དོ། །འོ་ན་སྐྱེ་མེད་གསུམ་བསྒོམ་བྱར་བཤད་པ་མིན་ནམ་ཞེ་ན། དེ་ནི་བསྒོམ་བྱ་མཁྱེན་གསུམ་གྱི་ཡུལ་དོན་ངོས་བཟུང་བ་ཡིན་གྱི་བསྒོམ་བྱ་དངོས་བཤད་པ་མ་ཡིན་ནོ། །རྣམ་པ་བསྒོམ་བྱར་བཤད་པ་མིན་ནམ་ཇི་ལྟར་མཁྱེན་གསུམ་ཡིན་ཞེ་ན། མཁྱེན་གསུམ་ཉིད་ལ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་ཕྱེ་བ་ཙམ་ཡིན་གྱི་འགལ་བ་མེད་དོ། །དེས་ན་བསྒོམ་པར་བྱ་བའི་རྣམ་པ་ནི་ཤེས་རྣམ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་དེ་ཉིད་བསྒོམ་བྱར་གསུང་བའི་ཕྱིར། རྣམ་མཁྱེན་གྱི་ཐུན་མོང་མིན་པའི་རྣམ་པ་ཇི་ལྟར་བསྒོམ་ཞེ་ན། སྤྱིར་སྒོམ་ཚུལ་ནི་རྣམ་པ་བཞི་སྟེ། མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང༌། མཚན་ཉིད་རྗེས་སུ་བརྗོད་པ་དང༌། མོས་པ་ལམ་དུ་བྱེད་པའི་ཚུལ་གྱིས་བསྒོམས་པས་སོ། །དང་པོ་ནི་སྒོམ་བྱེད་ཀྱི་བློ་དེ་ཉིད་བསྒོམ་བྱའི་མངོན་རྟོགས་རྗེས་མཐུན་པ་ཙམ་དུ་སྐྱེས་པའི་སྒོ་ནས་སྒོམ་པ་ཡིན་ལ། གཉིས་པ་ནི་བསྒོམ་བྱ་དེ་ཉིད་ཀྱི་ངོ་བོ་སྐྱེ་བ་ཡིན་ནོ། །གསུམ་པ་ནི། མ་འོངས་པ་ན་རྒྱུད་ལ་སྐྱེ་བར་འགྱུར་བའི་མངོན་རྟོགས་ཀྱི་དོན་རྗེས་སུ་བྱེད་པའོ། །བཞི་པ་ནི། དེ་ཉིད་ཐོབ་པར་སྨོན་པ་སྟེ། སྒོམ་ཚུལ་བཞི་པོ་འདི་དང་ལྡན་པས་མངོན་པར་རྟོགས་པ་མ་ལུས་པ་སྒོམ་ནུས་པ་ཡིན་པས། ཐུན་མོང་མ་ཡིན་པའི་རྣམ་པ་ཡང་མོས་པ་ཡིད་ལ་བྱེད་པ་དང༌། ཐ་མ་གཉིས་ཀྱི་སྒོ་ནས་སྒོམ་ནུས་པ་ཡིན་ནོ། །དེ་ལ་སྙིང་པོའི་དོན་སྒོམ་ཚུལ་ནི། བདག་མེད་པའི་དོན་སྒོམ་པ་ལྟ་བུ་ཡིན་ལ། མངོན་པར་རྟོགས་པའི་དོན་སྒོམ་ཚུལ་ནི། དེ་རྟོགས་པའི་བློ་དེ་ཉིད་གོམས་པར་བྱེད་པ་ཡིན་པས། བསྟན་ཚུལ་ལ་ཤེས་རྣམ་བསྒོམ་བྱར་བསྟན་པ་དང༌། དོན་རྣམ་བསྒོམ་བྱར་བསྟན་པའི་ཁྱད་པར་ཡོད་པ་ཡིན་གྱི་སྒོམ་པའི་ཚེ་ནི་སྤྲོས་བྲལ་རྟོགས་པའི་བློ་དེ་ཉིད་གོམས་པར་བྱེད་པ་ཡིན་པས་སྙིང་པོའི་དོན་དང་མངོན་པར་རྟོགས་པའི་དོན་གཉིས་ཀ་བསྒོམ་དགོས་པ་ཡིན་ཏེ། དཔེར་ན་བདག་མེད་སྒོམ་པའི་དུས་སུ་ཡུལ་བདག་མེད་པ་བསྒོམས་པས་སྙིང་པོའི་དོན་བསྒོམ་པ་ཡང་ཡིན་ལ། བློ་དེ་ཉིད་གོམས་པར་བྱེད་པའི་སྒོ་ནས་མངོན་པར་རྟོགས་པ་ཡང་སྒོམ་པ་བཞིན་ནོ། །བསྒོམ་བྱ་ཤེས་རྣམ་ལ་ཡང་མཁྱེན་པ་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དང་པོ་གཞི་ཤེས་ཀྱི་རྣམ་པ་ལ་ཉན་རང་གཉིས་ཀའི་ཐུན་མོང་གི་རྣམ་པ་བཅུ་དྲུག རང་རྒྱལ་གྱི་དབང་དུ་བྱས་པ་བཅུ་གཅིག ལམ་ཤེས་སུམ་ཅུ་རྩ་དྲུག རྣམ་མཁྱེན་ལ་ཐུན་མོང་གི་རྣམ་པ་དང༌། ཐུན་མོང་མིན་པའི་རྣམ་པ་དང་བསྡོམས་པས་བརྒྱ་དང་བཅུའོ། །འདི་དག་ཐམས་ཅད་ཀྱང་ཤེས་རྣམ་ཡིན་ཞིང་བསྒོམ་བྱ་ཡང་ཡིན་པས་འདིར་མངོན་པར་རྟོགས་པ་སྒོམ་པའི་ཆ་ནས་བསྟན་ཏོ། །བྱང་ཆུབ་སེམས་པའི་ཡིད་ལ་བྱེད་པའི་གནས་སྐབས་ནི་གཉིས་ཏེ། སྙིང་པོའི་དོན་ཡིད་ལ་བྱེད་པ་དང༌། མངོན་པར་རྟོགས་པའི་རིམ་པ་ཡིད་ལ་བྱེད་པའོ། །འདིར་ནི་ཐ་མའི་དབང་དུ་བྱས་ནས་བཤད་དོ། །སྒོམ་པ་པོའི་རྟེན་གྱི་གང་ཟག་ལ་རྣམ་པའི་མཚན་ཉིད་ཅན་གྱི་མཁྱེན་པ་གསུམ་སྟོན་པའི་གཞུང་ཉན་པ་དང༌། ཉན་ནས་གཞུང་བློ་ལ་ལེན་པ་དང༌། བླངས་ནས་བསམ་བྱུང༌། ཐ་མ་ནི་སྒོམ་བྱུང་གི་སྒྲོ་འདོགས་བཅད་དེ་ཁོང་དུ་ཆུད་པར་བྱས་ནས་མི་བརྗེད་པར་འཛིན་པ་དང༌། མཁྱེན་གསུམ་གྱི་རྟོགས་པ་ཐོབ་པའི་རྒྱུ་བསྒོམ་པའི་སྒོ་ནས་ཚུལ་བཞིན་ཡིད་ལ་བྱེད་པ་བསྟན་ཏོ། །དེ་ལ་དང་པོ་གཉིས་ནི་ཐོས་པ་དང༌། དེའི་འོག་མ་གཉིས་ནི་བསམ་བྱུང་གི་སྒོ་ནས་ཡུམ་ལ་འཇུག་པའི་དབང་དུ་བྱས་ཏེ་བཞིར་བསྟན་ཏོ། །ཅིའི་ཕྱིར་གསུམ་པོའི་དབང་དུ་བྱས་ནས་བཞིར་བསྟན་ཞེ་ན། ཡུམ་ནི་ཐོས་བསམ་སྒོམ་གསུམ་གྱིས་རིམ་པར་བསྒྲུབ་དགོས་སོ་ཞེས་ཤེས་པར་བྱ་བའི་དོན་ནོ། །རྣམ་པ་ཉམས་སུ་ལེན་པའི་སྦྱོར་བ་ལ་ཡང་རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅུ་བཞི། དེ་འགྲུབ་པའི་ཐབས་ཀྱི་སྦྱོར་བ་གཅིག་སྟེ་ཉི་ཤུའོ། །དང་པོ་ལ་གཅིག་དང་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་རྟོགས་པའི་མཁྱེན་གསུམ་གྱི་རྟོག་རིགས་སྒོམ་པར་བྱེད་པའི་སྒོ་ནས་ཡུལ་ལ་གནས་པ་བཀག་པ་དང༌། ཡུལ་ཅན་ལ་གནས་པ་བཀག་པའི་རྣལ་འབྱོར་གཉིས། ཡུལ་གྱི་སྒོ་ནས་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པའི་སྦྱོར་བ་སྟེ་གསུམ་མོ། །ལྔ་པོ་འདི་ལ་གཅིག་དང་དུ་བྲལ་གྱི་རྟགས་ལས་སྐྱེ་མེད་དུ་རྟོགས་པའི་ཚད་མའི་བློའི་རྒྱུན་དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པའི་རྣལ་འབྱོར་ལ་རྟོགས་པའི་ཆ་ལྔར་བཞག་སྟེ། ཇི་ལྟར་ཞེ་ན། ཡུལ་གང་ལ་ཡང་རང་བཞིན་མི་དམིགས་པར་སྒོམ་པའི་ལྡོག་པ་ནས་མི་གནས་པའི་སྦྱོར་བ། རྣལ་འབྱོར་དེ་ཉིད་ལ་ཡང་ཞེན་པ་བཀག་པའི་ཚུལ་གྱིས་སྒོམ་པའི་ལྡོག་ཆ་ནས་རྣལ་འབྱོར་བཀག་པའི་སྦྱོར་བའོ། །ཨ་ཏི་ཤའི་ཞལ་སྔ་ནས་དང་པོ་ནི་གཟུང་བ་བཀག་པའི་རྣལ་འབྱོར་ཡིན་ལ། གཉིས་པ་ནི་འཛིན་པ་བཀག་པའི་རྣལ་འབྱོར་ཡིན་ཞེས་བཞེད་དོ། །རྣལ་འབྱོར་དེ་ཉིད་ཀྱིས་གཞིས་བསྡུས་པའི་ཆོས་མི་དམིགས་པར་རྟོགས་པ་དང༌། ལམ་གྱིས་བསྡུས་པའི་ཆོས་རང་བཞིན་མི་དམིགས་པ་དང༌། རྣམ་པས་བསྡུས་པའི་ཆོས་མི་དམིགས་པར་རྟོགས་པའི་བློའི་རྒྱུན་དེ་ཉིད་གོམས་པར་བྱེད་པའི་ཆ་ནས་ཐ་མ་གསུམ་བསྟན་ཏོ། །གནས་སྐབས་ཀྱི་སྦྱོར་བ་བཅུ་གཅིག་ལ་ལས་དང་པོ་པའི་སྒོམ་ཚུལ་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ། ཡོན་ཏན་སྐྱེ་ཚུལ་གྱི་དབྱེ་བས་ནི་ལུང་བསྟན་ཐོབ་པ་ནས་མྱུར་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་བར་དང༌། གཞན་དོན་གྱི་སྦྱོར་བའི་རྣམ་པ་དང་བརྒྱད་དོ། །དེ་ནས་འཕེལ་འགྲིབ་མེད་པ་ནས་རྣམ་པར་མི་རྟོགས་པའི་སྦྱོར་བའི་བར་ནི་ཆོས་ཉིད་ལ་སྤྲོས་པ་གཅོད་པའི་ལྡོག་པ་ནས་ཕྱེ་བ་ཡིན་ནོ། །འབྲས་བུ་རིན་པོ་ཆེ་སྦྱིན་པ་ནི་གཞན་དོན་ཕྲིན་ལས་ཀྱི་སྒོ་ནས་བཞག་གོ །དག་པ་ནི་སྦྱོར་བ་ཐམས་ཅད་ཀྱི་མཐར་ཐུག་པའི་གནས་སྐབས་སོ། །ས་མཚམས་ཀྱི་སྦྱོར་བ་ནི་ཉམས་སུ་ལེན་པའི་དུས་ཚིགས་ཀྱི་དབང་དུ་བྱས་པའོ། །སྦྱོར་བས་རྣམ་པ་དེ་དག་ཇི་ལྟར་བསྒོམ་ཞེ་ན། གཞི་ཤེས་ཀྱི་རྣམ་པ་ནི་བདེན་པ་བཞི་ལ་རྣམ་པ་ཉི་ཤུ་རྩ་བདུན་གྱི་སྒོ་ནས་སྒྲོ་འདོགས་གཅོད་པའི་ཚུལ་གྱིས་བསྒོམ་པར་བྱ་བ་ཡིན་ཏེ། དམིགས་ཡུལ་དེ་དག་ལ་འཛིན་སྟངས་ཀྱི་རྣམ་པ་ཇི་སྐད་བཤད་པ་ལྟར་དུ་རྣམ་པར་འཇོག་ལ། ཡང་རྣམ་པར་འཇོག་པའི་བློ་དེ་ཉིད་ཀྱང་དམིགས་ཡུལ་དུ་བཞག་ནས་ཅི་ཡང་མི་དམིགས་པར་བསྒོམ་མོ། །ལམ་ཤེས་ཀྱི་རྣམ་པ་ཡང་དམིགས་ཡུལ་བདེན་པ་བཞི་ལ་འཛིན་སྟངས་མི་འདྲ་བ་སུམ་ཅུ་རྩ་དྲུག་གི་སྒོ་ནས་སྒྲོ་འདོགས་གཅོད་པའི་བློ་དེ་ཉིད་གོམས་པར་བྱས་པ་ལ་རྣམ་པ་སྒོམ་ཞེས་བསྙད་དོ། །རྣམ་མཁྱེན་གྱི་རྣམ་པ་སྒོམ་ཚུལ་ལ་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་དྲན་པ་ཉེ་བར་བཞག་པ་ནས་སྒོམ་ཞེས་བཤད་པ་བཞིན་ཡིན་པས། རིག་དང་ལྡན་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། གོ་ཆ་ཆེན་པོ་བགོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རྗེས་སུ་སྒྲུབ་པ་ཡིན་ལ། དེ་ལས་ཀྱང་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་ལེན་པར་བྱ་བ་ཡིན་ཞིང༌། དེ་ཡང་དང་པོར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ངེས་པར་བྱས་ཀྱང་ཕྱིས་བསྒོམས་པ་ན་ཆོས་དང་ཆོས་ཅན་སོ་སོ་བ་ལ་དམིགས་ཏེ། བསྒོམས་ན་རྣམ་པ་གསལ་ཞིང༌། བོགས་ཕུལ་དུ་བྱུང་བར་འགྲོ་བས་དང་པོ་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་ཡིན་ནོ། །འདི་ལ་བསྒོམ་བྱ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ། དེ་ཡང་སྡེ་ཚན་བདུན་དུ་གནས་པ་ལས་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་ནི་དྲན་པ་ཉེ་བར་བཞག་པ། རྩོལ་བ་ལས་བྱུང་བའི་ལམ་ནི་ཡང་དག་སྤོང་བཞི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི་རྫུ་འཕྲུལ་རྐང་བཞི། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ནི་དབང་པོ་ལྔ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ནི་སྟོབས་ལྔ། མངོན་པར་རྟོགས་པའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། རྣམ་དག་ངེས་འབྱིན་གྱི་ལམ་ནི་འཕགས་ལམ་ཡན་ལག་བརྒྱད་དོ། །སྡེ་ཚན་བདུན་པོ་ལམ་གང་དུ་སྒོམ་པའི་གནས་སྐབས་ནི་དངོས་པོ་ལ་ཡོངས་སུ་རྟོགས་པ་དང༌། རྩོལ་བ་ལས་བྱུང་བ་དང༌། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བ་གསུམ་ནི་ཚོགས། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ནི་དྲོད་རྩེ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ནི་བཟོད་པ་དང་ཆོས་མཆོག མངོན་པར་རྟོགས་པའི་ལམ་ནི་མཐོང་ལམ། རྣམ་དག་ངེས་འབྱིན་གྱི་ལམ་ནི་སྒོམ་ལམ་མོ། །ཅིའི་ཕྱིར་བྱང་ཕྱོགས་སོ་བདུན་སྡེ་ཚན་བདུན་དུ་ངེས་ཤེ་ན། དམིགས་པ་ལ་ཉེ་བར་རྟོགས་པ་དང༌། བླང་དོར་བྱེད་པའི་གཞི་དང༌། ཚོར་བ་ལས་ངེས་པར་འབྱུང་བའི་གཞི་དང༌། སྤང་བྱ་སྤོང་བའི་ཐབས་ཀྱི་གཞི་སྟེ། དོན་བདུན་དུ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། དམིགས་པ་ལ་ཉེ་བར་རྟོགས་པའི་དབང་དུ་བྱས་ནས་དྲན་པ་ཉེ་བར་བཞག་པ་བཞི་བཞག་སྟེ། དེས་ཕྱིན་ཅི་ལོག་བཞིའི་གཉེན་པོ་བྱས་པའི་སྒོ་ནས་བདེན་པ་བཞི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །བླང་དོར་གྱི་གཞི་ནི་ཡང་དག་སྤོང་བ་བཞི་སྟེ། དེས་མི་དགེ་བའི་ཆོས་སྤོང་བ་དང༌། གཉེན་པོ་དགེ་བའི་ཆོས་སྒྲུབ་པའི་ཕྱིར་རོ། །ཚོར་བ་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པས་ཡིད་མི་བདེ་ནས་བདེ་བའི་བར་ལ་ཡང་དག་པར་འདས་པའི་ཕྱིར་རོ། །སྤང་བྱ་སྤོང་བའི་ཐབས་ཀྱི་དབང་དུ་བྱས་ནས་སྡེ་ཚན་ལྷག་མ་བཞི་བསྟན་ཏེ། མཐོང་སྤང་དང༌། སྒོམ་སྤང་སྤོང་བའི་ཐབས་ཡིན་པའི་ཕྱིར་རོ། །བཞི་པོ་ཡང་སྤང་བྱ་མགོ་གནོན་པའི་དབང་དུ་བྱས་ཏེ་དབང་པོ་ལྔ་དང༌། སྟོབས་ལྔ་ཡིན་ལ། དེ་ཡང་མི་མཐུན་ཕྱོགས་སྤོང་བ་ལ་དབང་བྱེད་པ་དང༌། མི་མཐུན་ཕྱོགས་ཀྱིས་རྫི་བར་མི་ནུས་པའི་དབང་དུ་བྱས་ནས་གཉིས་སུ་བསྟན་ཏོ། །སྤང་བྱའི་ས་བོན་སྤོང་བའི་དབང་དུ་བྱས་ནས་སྡེ་ཚན་ལྷག་མ་གཉིས་ཏེ། རིམ་པ་ལྟར་མཐོང་སྤང་སྤོང་བ་དང༌། སྒོམ་སྤང་སྤོང་བའི་ཐབས་ཡིན་པའི་ཕྱིར་རོ། །གོ་རིམ་ནི་དང་པོར་དམིགས་པ་ལ་སེམས་གཏོད་པར་བྱེད་པས་དྲན་པ་ཉེ་བར་བཞག་པ་བཤད་དོ། །དེ་ནས་དམིགས་པ་དེ་ཉིད་ལ་སེམས་གནས་པར་བྱ་བའི་ཆེད་དུ་ཡང་དག་པར་བརྩོན་པར་བྱེད་པས་དེའི་འོག་ཏུ་ཡང་དག་སྤོང་བ་བཤད་དོ། །དེ་ནས་དམིགས་པ་ལ་སེམས་གནས་པ་ཐོབ་པས་ཏིང་ངེ་འཛིན་རྫོགས་པའི་ཆེད་དུ་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་པས་དེའི་འོག་ཏུ་རྫུ་འཕྲུལ་གྱི་རྐང་པ་བཞི་བཤད་དོ། །དེའི་འོག་ཏུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ལམ་དང༌། གནས་པ་དང་བྲལ་བའི་ཆེད་དུ་དབང་པོ་ལྔ་དང༌། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ནི་སྟོབས་ལྔ། སྟོབས་ལྔས་ལམ་གྱི་སྦྱོར་བ་ལ་ཡང་དག་པར་བརྩོན་པར་བྱེད་དེ། དེ་ལ་དབང་པོ་ལྔས་ནི་སྦྱོར་ལམ་ཆུང་ངུ་ནས་ཀྱང་རྫོགས་པར་བྱེད་ལ། སྟོབས་ལྔས་སྦྱོར་ལམ་ཆེན་པོ་རྫོགས་པར་བྱེད་པས་དེ་གཉིས་རིམ་པ་བཞིན་དུ་བསྟན་ཏོ། །སྦྱོར་བ་ལས་བརྩམས་པའི་འབྲས་བུ་ཡང་དག་པའི་མཐའ་རྟོགས་པར་བྱེད་པས་དེའི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་གསུངས་སོ། །དེ་ནས་སྒྲིབ་པ་ཐམས་ཅད་ལས་ཐར་པའི་ཆེད་དུ་འཕགས་ལམ་ཡན་ལག་བརྒྱད་བསྟན་ཏོ། །བྱང་ཕྱོགས་སོ་བདུན་གྱིས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་གཞན་དོན་བསྒྲུབ་པར་བྱ་དགོས་པས་གཉེན་པོའི་ལམ་ལ་སོགས་པའི་ལམ་དྲུག་བསྟན་ཏོ། །དང་པོ་ནི། གཞན་དོན་གྱི་འཆིང་བ་སྤང་བའི་དོན་དུ་ཤེས་སྒྲིབ་ཀྱི་གཉེན་པོ་རྣམ་པར་ཐར་པའི་སྒོ་གསུམ་བསྟན་ཏོ། །གདུལ་བྱ་གཞན་དྭང་བ་སྐྱེད་པའི་ཆེད་དུ་སྤྲུལ་པའི་ལམ་བསྟན་ཏོ། །རང་གི་ཤེས་ནས་གདུལ་བྱ་གཞན་ལ་བསྟན་པའི་ཆེད་དུ་རྣམ་ཐར་ལྷག་མ་ལྔ་བསྟན་ཏོ། །སྤྱན་དང་མངོན་ཤེས་ལ་སོགས་པ་སྒྲུབ་པའི་རྟེན་ནི་ཞི་གནས་ལ་རག་ལས་པས་ཞི་གནས་ཀྱི་ལམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྟན་ཏོ། །དེ་ནས་རྟོགས་པ་སྐྱེ་བའི་གེགས་སྒྲིབ་པ་སྤོང་བའི་ལམ་བསྟན་ཏོ། །དེ་ནས་གཞན་དོན་བྱེད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་ཚོགས་གཉིས་ཡོངས་སུ་རྫོགས་པའི་སྒོ་ནས་སངས་རྒྱས་ཐོབ་པར་བྱ་དགོས་པས་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་སངས་རྒྱས་ཀྱི་ལམ་ལ་སོགས་པའི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་ཏོ། །བྱང་ཆུབ་སེམས་དཔའི་ལམ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་བས་དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པའི་ཐུན་མོང་མིན་པའི་ལམ་བསྟན་ཏོ། །འདི་ལ་སྟོབས་བཅུ། མི་འཇིགས་པ་བཞི། སོ་སོར་ཡང་དག་པའི་རིག་པ་བཞི། མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་པ་རྣམས་ལས། དང་པོར་སྟོབས་བཅུ་པོའི་གོ་རིམ་ནི་སེམས་ཅན་ལ་མཛད་པ་སྒྲུབ་པའི་གོ་རིམ་སྟེ། ཐོག་མར་རྒྱུ་འབྲས་མ་ལུས་པའི་དོན་མཁྱེན་པར་མཛད་ནས་སྟོན་པར་མཛད་པའི་ཕྱིར། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་བསྟན་ཏོ། །ཁྱིམ་པའི་ཕྱོགས་ལ་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱི་གཟིགས་སོ། །རབ་ཏུ་བྱུང་བའི་ཕྱོགས་ལ་བསམ་གཏན་དང་རྣམ་པར་ཐར་པ་མཁྱེན་པའི་སྟོབས་ཀྱིས་གཟིགས་སོ། །དེ་ནས་ཡང་ན་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུ་བ་རྟོགས་སོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་དབང་པོ་སྨིན་མ་སྨིན་ཡོངས་སུ་རྟོགས་སོ། །དེ་ནས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་ཤེས་ཏེ་ཐེག་པ་གང་ལ་མོས་པ་རྗེས་སུ་རྟོགས་སོ། །དེ་ནས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་གདུལ་བྱའི་ཁམས་ཡོངས་སུ་ཤེས་ནས་རིགས་དང་འཚམས་པའི་ཆོས་སྟོན་ཏོ། །དེ་ནས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་བྱང་ཆུབ་གསུམ་དུ་འགྲོ་བའི་ལམ་མཁྱེན་པས་རིགས་ཅན་གསུམ་ལ་ཇི་ལྟ་རིགས་པ་ལྟར་སྟོན་པར་མཛད་དོ། །དེ་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་ཀྱིས་ལམ་གྱི་རྟེན་བསམ་གཏན་དང་དེའི་མི་མཐུན་ཕྱོགས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཤེས་པར་མཛད་ནས་མ་འདྲེས་པར་སྟོན་པར་མཛད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་ཚེ་རབས་སྔ་མ་དང་ནི་ཚོགས་ཡང་དག་པར་སྒྲུབ་པའི་ནུས་པ་ཅི་ཙམ་ཡོད་པར་རྟོགས་ནས་དེ་དང་རྗེས་སུ་མཐུན་པའི་ལམ་སྟོན་ནོ། །འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ཕྱི་མ་ལ་ལམ་གང་སྐྱེ་བའི་འོས་སུ་འགྱུར་བ་རྟོགས་སོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ངེས་པར་འབྱུང་བའི་ལམ་རྟོགས་ནས་གདུལ་བྱ་ལ་སྟོན་པར་མཛད་དོ། །དང་པོར་མངོན་པར་མཐོ་བའི་ལམ་བསྟན་ནས་མཐའ་ངེས་པར་ལེགས་པའི་ལམ་ལ་བཀོད་པར་བྱ་དགོས་པའི་ཕྱིར། མངོན་མཐོའི་ཐབས་སྟོན་པ་སྟོབས་དང་པོ་གཉིས་དང༌། ངེས་ལེགས་ཀྱི་ཐབས་སྟོན་པ་སྟོབས་ལྷག་མ་བརྒྱད་རིམ་པ་བཞིན་དུ་བསྟན་ཏོ། །བརྒྱད་པོ་ཡང་གདུལ་བྱའི་བློ་དང་འཚམས་པར་སྟོན་དགོས་ལ། དེ་ལ་གདུལ་བྱའི་མོས་པ་དང༌། ཁམས་དང༌། དབང་པོའི་རིམ་པ་རྟོགས་དགོས་པས། མོས་པ་དང་ཁམས་དང་དབང་པོ་མཁྱེན་པའི་སྟོབས་གསུམ་དང་པོར་བསྟན་ཏོ། །དེ་ནས་བྱང་ཆུབ་གསུམ་དུ་འགྲོ་བའི་ལམ་བསྟན་དགོས་པས་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་བསྟན་ཏོ། །ལམ་ཡང་བསམ་གཏན་དང་རྣམ་ཐར་སོགས་ལ་བརྟེན་ནས་བསྒྲུབ་དགོས་པས་དེ་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་བསྟན་ཏོ། །ཆོས་བསྟན་པའི་སྣོད་གདུལ་བྱ་དེ་ཡང་སྔོན་གང་དུ་ཚོགས་ཅི་ཙམ་བསགས་པ་དང༌། མ་འོངས་པ་ན་གང་དུ་སྐྱེ་བ་ཤེས་པར་བྱ་དགོས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། སྐྱེ་བ་མཁྱེན་པའི་སྟོབས་གཉིས་བསྟན་ཏོ། །དེ་ནས་འཁོར་བའི་འཆི་འཕོ་ལས་ཐར་པའི་ཐབས་སྟོན་པས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཐ་མར་བསྟན་ཏོ། །མི་འཇིགས་པ་བཞི་ནི། རྟོགས་པ་ཕུན་སུམ་ཚོགས་པས་གདུལ་བྱ་ལ་ཤེས་བྱའི་དངོས་པོ་སྡུག་བསྔལ་ཤེས་པར་མཛད་པ་དང༌། བར་ཆད་ཀྱི་ཆོས་ཀུན་འབྱུང་སྤོང་བར་མཛད་པ་དང༌། གཉེན་པོ་ལམ་མཁྱེན་སྟོན་པར་མཛད་པ་དང༌། ཟག་པ་ཟད་པའི་ཆོས་ལ་འགོག་པའི་བདེན་པ་ཐོབ་པར་མཛད་པའི་དབང་དུ་མཛད་ནས་བཞིར་བསྟན་ཏོ། །ཡང་རྟོགས་པ་ཕུན་སུམ་ཚོགས་པ་ཐོབ་པ་ལས་སྒྲིབ་གཉིས་ཀྱི་ཟག་པ་ཟད་པར་འགྱུར་བས་རང་དོན་རྟོགས་པ་དང་སྤང་བའི་དབང་དུ་མཛད་ནས་མི་འཇིགས་པ་གཉིས་བསྟན། གཞན་དོན་བར་ཆད་ཀྱི་ཆོས་སྟོན་པ་དང༌། དེའི་གཉེན་པོ་ལ་འདོམས་པའི་དབང་དུ་བྱས་ནས་མི་འཇིགས་པ་གཉིས་ཏེ་བཞི་བསྟན་ཏོ། །སོ་སོ་ཡང་དག་རིག་པ་བཞི་ལས་བཤད་བྱའི་ཆོས་རང་གིས་རྟོགས་ནས་འཆད་བྱེད་ཀྱི་ཐབས་ཀྱི་བློས་གདུལ་བྱ་གཞན་ལ་སྟོན་པའི་དབང་དུ་བྱས་ནས་བཤད་བྱ་མཁྱེན་པ་དང༌། འཆད་བྱེད་མཁྱེན་པ་གཉིས་ཏེ་བཞི་རིམ་པ་བཞིན་དུ་བསྟན་ཏོ། །མ་འདྲེས་པ་བཅོ་བརྒྱད་ལ། སྤྱོད་པ་མ་འདྲེས་པ་དྲུག རྟོགས་པ་མ་འདྲེས་པ་དྲུག ཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་སྟེ་བཅོ་བརྒྱད་དོ། །དེ་ཡང་སྤྱོད་པ་རྣམ་པར་དག་པས་རྟོགས་པ་རྣམ་པར་དག་པ་འཐོབ་ལ། དེ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་འགྲུབ་ཅིང་དེ་ཡང་དུས་གསུམ་མཁྱེན་པའི་ཡེ་ཤེས་ལ་རྟེན་ནས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྤྱོད་པ་དང་རྟོགས་པ་དང་ཕྲིན་ལས་དང་ཡེ་ཤེས་མ་འདྲེས་པ་རྣམས་རིམ་པ་བཞིན་དུ་བསྟན་ཏོ། །རྣམ་པ་ཐ་མ་གསུམ་ལ་དེ་བཞིན་ཉིད་ཀྱི་རྣམ་པ་ནི་ཇི་ལྟ་བ་རྟོགས་པ་ཡིན་ལ། རང་བྱུང་གི་རྣམ་པ་ནི་ཡུལ་ལ་མངའ་བསྒྱུར་བའི་ཚུལ་ཡིན་ལ། སངས་རྒྱས་ཀྱི་རྣམ་པ་ནི་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་ཏེ་གསུམ་པོ་ཡང་ཐོག་མར་དེ་བཞིན་ཉིད་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་ནུས་པ་ཐོབ་པས་དེ་ལ་བརྟེན་ནས་རྗེས་ཐོབ་ཇི་སྙེད་པའི་ཆོས་རྣམས་རྣམ་པར་འབྱེད་པའི་ཕྱིར་གསུམ་པོ་རིམ་པ་བཞིན་དུ་བསྟན་ཏོ། །དེ་དག་གི་བསྒོམ་བྱའི་ཚུལ་རྒྱ་ཆེར་བསྟན་ཟིན་ནོ། །སྦྱོར་བའི་སྔོན་དུ་འགྲོ་བའི་ཆོས་ལ་ཡོན་ཏན། སྐྱོན། མཚན་ཉིད། ཐར་པ་ཆ་མཐུན་བཞི་ལས། དང་པོ་ལ་བཅུ་གཉིས་ཏེ། ཁྱད་པར་ཅན་དྲོད་ཡན་ཆད་ན་ཡོད་དོ། །སྐྱོན་ནི་ཞེ་དྲུག་སྟེ། དེ་ཡང་བྱེད་ལས་ཀྱི་སྒོ་ནས་སྦྱོར་བ་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་རྒྱུད་ལ་གནས་པ་ལ་བར་དུ་གཅོད་པར་བྱེད་པ་གཉིས་སོ། །ཐམས་ཅད་ཀྱང་བསྡུ་ན་བདུད་བཞིར་འདུས་ཤིང༌། བཞི་པོ་ཡང་ཉོན་མོངས་པའི་བདུད་དུ་འདུས་སོ། །མཚན་ཉིད་ལ་སྔར་སྦྱོར་བའི་མིང་ཙམ་མང་དུ་གསུངས་པ་དེ་དག་གི་དོན་ནི་གང་ཡིན་སྙམ་པ་ལ་མཚན་ཉིད་གསུངས་ཏེ། འདི་ལ་གང་གིས་མཚོན་པར་བྱེད་པའི་ཆོས། གང་མཚོན་པར་བྱེད་པའི་ངོ་བོ་ཉིད་གཉིས་ལས། དང་པོ་ཤེས་པ་དང༌། ཁྱད་པར་དང༌། བྱེད་པ་དང་གསུམ། ཤེས་པ་ལ་གཞིས་བསྡུས་པའི་ཆོས་བཅུ་དྲུག་དང༌། ལམ་གྱི་ཡུལ་བཅུ་དྲུག་དང༌། མཐོང་ཆོས་ལ་བདེན་པར་གནས་པ་ལ་སོགས་པ་འབྲས་བུས་བསྡུས་པའི་ཆོས་བཅུ་དྲུག་རྣམས་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གི་རྣམ་པ་གསུངས་ཏེ། འདི་དག་གིས་ཟབ་པ་གཞི་ཤེས་ཀྱི་སྦྱོར་བ་དང༌། གཏིང་དཔག་དཀའ་བ་ལམ་ཤེས་ཀྱི་སྦྱོར་བ་དང༌། ཚད་མེད་པ་རྣམ་མཁྱེན་གྱི་སྦྱོར་བ་རྣམས་རིམ་པ་བཞིན་དུ་མཚོན་པར་བྱེད་དོ། །ཇི་ལྟར་མཚོན་ཞེ་ན། གཞི་དང་ལམ་དང་རྣམ་པས་བསྡུས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པར་མཚོན་པར་བྱེད་པ་ཡིན་ནོ། །ཡུལ་གསུམ་པོ་རྟོགས་པའི་ཤེས་པའི་ཆ་མཚན་ཉིད་དུ་བསྟན་པ་ན། སྦྱོར་བའི་ངོ་བོ་ཡུལ་གསུམ་པོ་ཇི་ལྟར་བ་བཞིན་རྟོགས་པའི་རང་བཞིན་དུ་ཁོང་དུ་ཆུད་པའི་ཕྱིར། ཤེས་པ་དེ་དག་ཐེག་ཆེན་གྱི་གཞི་ཤེས་ཀྱི་སྦྱོར་བ་ལ་ཡང་འདྲའམ་སྙམ་ན། ཐེག་ཆེན་ལ་ལྡན་པ་དགག་པའི་དོན་དུ་གཞན་ལྡན་རྣམ་གཅོད་ཀྱི་སྒོ་ནས་སྦྱོར་བ་མཚོན་པར་བྱེད་པ་ཁྱད་ཆོས་བཅུ་དྲུག་མཚན་ཉིད་དུ་བསྟན་ཏེ། ཇི་ལྟར་མཚོན་ན། ཁྱད་པར་དུ་འཕགས་པར་མཚོན་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཁྱད་པར་གྱི་མཚན་ཉིད་ཅེས་བྱ་ཞེ་ན། ཁྱད་པར་དུ་འཕགས་ཆོས་ཉིད་མཚན་ཉིད་ཡིན་པས་དེ་སྐད་ཅེས་བྱའོ། །བྱེད་མཚན་ལ། ཕན་བདེ་སྐྱོབ་པ་ཉིད་ལ་སོགས་པ་སྦྱོར་བའི་བྱེད་ལས་ཉིད་མཚན་ཉིད་ཡིན་པས་སྦྱོར་བའི་མཚན་ཉིད་ཅེས་བྱའོ། །སྦྱོར་བ་ཇི་ལྟར་མཚོན་པར་བྱེད་པའི་ཚུལ་ནི། དང་པོ་གསུམ་གྱིས་ཟབ་པ་གཞི་ཤེས་ཀྱི་སྦྱོར་བ་གཞན་དོན་གྱི་བྱེད་ལས་དང་ལྡན་པར་མཚོན་པར་བྱེད་ལ། དེ་ནས་བདུན་གྱིས་གཏིང་དཔག་དཀའ་བ་ལམ་ཤེས་ཀྱི་སྦྱོར་བ། ཐ་མས་རྣམ་མཁྱེན་གྱི་སྦྱོར་བ་རྣམས་གཞན་དོན་གྱི་བྱེད་ལས་དང་ལྡན་པར་མཚོན་པར་བྱེད་དོ། །ངོ་བོ་ཉིད་བཅུ་དྲུག་གིས་ནི་མཁྱེན་གསུམ་གྱི་སྦྱོར་བ་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པར་བྱེད་ལ། སྦྱོར་བའི་ངོ་བོ་ཉིད་དུ་བསྟན་པས་ངོ་བོ་ཉིད་ཅེས་བྱའོ། །མདོར་བསྟན་དུ་མཚོན་བྱར་བཤད་པ་ནི་སྦྱོར་བའི་ངོ་བོ་ཉིད་ཡིན་པས་མཚོན་བྱར་བཤད་དོ། །མཚན་ཉིད་གསུངས་པའི་དགོས་པ་ནི། སྦྱོར་བ་སྒོམ་པ་ལ་སྦྱོར་བའི་མཚན་ཉིད་མ་རྟོགས་པར་སྦྱོར་བའི་དོན་ཁོང་དུ་ཆུད་པར་མི་འགྱུར་ལ། དོན་མ་ཤེས་པར་ཉམས་སུ་ལེན་མི་ཤེས་པས་མཚན་ཉིད་བསྟན་ཏོ། །སོ་སོའི་དགོས་པ་ནི། བྱང་ཆུབ་སེམས་དཔའ་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དག་གིས་སྦྱོར་བ་བསྒོམ་པར་བྱ་བ་ཡིན་ལ། སྦྱོར་བ་དེ་ལ་རང་དོན་རྟོགས་པའི་ཡོན་ཏན་ཇི་ལྟར་ཡོད་རྟོགས་པར་བྱེད་དགོས་པས་ཤེས་པའི་མཚན་ཉིད་བསྟན་ཏོ། །དེ་ཡང་ཐེག་དམན་ལ་ཡང་ཡོད་དམ་སྙམ་ན། ཐེག་ཆེན་ཁོ་ན་ལ་ཡོད་པར་ཤེས་པའི་དོན་དུ་ཁྱད་པར་གྱི་མཚན་ཉིད་བསྟན་ཏོ། །སྦྱོར་བ་སྒོམ་པ་ལ་གཞན་དོན་གྱི་བྱེད་ལས་ཡོད་པར་རྟོགས་པའི་དོན་དུ་བྱེད་མཚན་བསྟན་ཏོ། །རྟོགས་པ་དང་ཕྲིན་ལས་དེ་གང་ལ་ཡོད་པའི་སྦྱོར་བའི་ངོ་བོ་རྟོགས་པའི་དོན་དུ་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །ཡང་ན་མཚན་ཉིད་གསུང་བ་ལ་སྤྱི་དང་བྱེ་བྲག་གི་དགོས་པ་གཉིས་ལས། དང་པོ་ནི། ཡོན་ཏན་བླངས་པ་དང༌། སྐྱོན་དོར་བར་འདོད་པ་དག་གིས་སྦྱོར་བ་བསྒོམ་པར་བྱ་བ་ཡིན་ལ། སྦྱོར་བ་ཡང་མཚན་ཉིད་མ་རྟོགས་པར་མིང་ཤེས་པ་ཙམ་གྱིས་སྒོམ་པར་མི་ནུས་པས་སྦྱོར་བའི་མཚན་ཉིད་བསྟན་ཏོ། །བྱེ་བྲག་གི་དགོས་པ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དག་གིས་སྦྱོར་བའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་བསྒོམ་པར་བྱ་བ་ཡིན་ལ། དེ་ལ་ཐར་པ་དོན་གཉེར་གྱི་རྟོག་ལྡན་དག སྦྱོར་བ་བསྒོམས་པས་མཁྱེན་གསུམ་གྱི་རྟོགས་པ་སྐྱེ་མི་སྐྱེ་སྔོན་དུ་དཔྱོད་པར་བྱེད་པ་ཡིན་ཏེ། སྦྱོར་བ་ལ་མཁྱེན་གསུམ་རྟོགས་པའི་ནུས་པ་མཐོང་བར་མཁྱེན་གསུམ་གྱི་རྣམ་པ་རྟོགས་པའི་ཆེད་དུ་སྦྱོར་བ་སྒོམ་པ་ལ་གུས་པས་འཇུག་པར་མི་འགྱུར་བའི་ཕྱིར་རོ། །དེས་ན་སྦྱོར་བ་བསྒོམ་པས་ཡུལ་གཞི་ལམ་རྣམ་གསུམ་རྟོགས་པའི་མཁྱེན་གསུམ་གྱི་ཡེ་ཤེས་སྦྱོར་བའི་མཚན་ཉིད་དུ་བསྟན་ཏོ། །དེ་ཡང་ཐེག་དམན་གྱི་སྦྱོར་བ་ཡང་ཡོད་པ་བཀག་ནས་ཐེག་ཆེན་གྱི་སྦྱོར་བ་ཁོ་ན་ལ་ཡོད་པར་རྟོགས་པའི་དོན་དུ་ཁྱད་པར་གྱི་མཚན་ཉིད་བསྟན་ཏོ། །སྦྱོར་བ་སྒོམ་པ་ཡང་གཞན་གྱི་ཆེད་དུ་ཡིན་པས་སྦྱོར་བ་སྒོམ་པའི་སྔོན་དུ་སྦྱོར་བ་ལ་གཞན་དོན་བྱེད་ནུས་པ་ཡོད་པར་ཤེས་པར་བྱ་དགོས་པས་བྱེད་པའི་མཚན་བསྟན་ཏོ། །རང་དོན་མཁྱེན་གསུམ་གྱི་རྟོགས་པ་དང་གཞན་དོན་ཕན་བདེ་སྐྱོབ་པ་སོགས་ཀྱི་ཕྲིན་ལས་གཉིས་པོ་གང་ཡོད་པའི་སྦྱོར་བ་ཤེས་པའི་དོན་དུ་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །སྔོན་གྱི་སློབ་དཔོན་རྣམས་ནི་བྱང་ཆུབ་སེམས་དཔའ་ཐེག་ཆེན་གྱི་རིགས་སད་ནས་སྙིང་རྗེ་གོམས་པར་བྱས་པ་རྣམས་གཞན་དོན་ཁོ་ན་དོན་དུ་གཉེར་བར་བྱེད་པར་འདོད་ཅིང༌། དེ་སྒྲུབ་པའི་ཐབས་ཀྱང་སངས་རྒྱས་ཁོ་ན་ཡོད་པར་མཐོང་བས་སངས་རྒྱས་ཐོབ་པའི་ཐབ་ཚོལ་བ་ལ་འཇུག་པ་ཡིན་ལ། དེའི་རྒྱུ་ཡང་མཁྱེན་གསུམ་གྱི་སྦྱོར་བ་ཡིན་ཞིང༌། སྦྱོར་བ་ལ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་སྦྱོར་བ་སྒོམ་པ་ལ་འཇུག་པ་ནི་རང་གི་མངོན་པར་འདོད་པའི་དོན་རང་དོན་རྟོགས་པ་དང་གཞན་དོན་ཕྲིན་ལས་བྱེད་པའི་ནུས་པ་མ་མཐོང་བར་སྦྱོར་བ་སྒོམ་པ་ལ་མི་འཇུག་པས་སྦྱོར་བའི་མཚན་ཉིད་བསྟན་ཏོ། །དེ་ཡང་ཤེས་མཚན་གྱིས་མཁྱེན་གསུམ་གྱི་སྦྱོར་བ་ལ་སངས་རྒྱས་སྐྱེད་པའི་ནུས་པ་ཡོད་པར་མི་ལྡན་རྣམ་གཅོད་ཀྱི་སྒོ་ནས་མཚོན་པར་བྱེད་དོ། །བྱེད་པའི་མཚན་ཉིད་ཀྱིས་ནི་མཁྱེན་གསུམ་གྱི་སྦྱོར་བ་ལ་སངས་རྒྱས་པའི་གཞན་དོན་ཕྲིན་ལས་ཀྱི་ཡོན་ཏན་བསྐྱེད་བྱེད་དུ་མཚོན་པར་བྱེད་དོ། །སྐྱེད་བྱེད་ཀྱི་སྦྱོར་བ་དེ་དག་གི་ངོ་བོ་གང་ཡིན་སྙམ་ན། ངོ་བོ་ཉིད་བཅུ་དྲུག་གིས་སྦྱོར་བའི་ངོ་བོ་མཚོན་པར་བྱེད་དོ། །སྦྱོར་བ་དེ་དག་སྒོམ་པས་ཇི་ལྟར་ན་སངས་རྒྱས་པའི་མཁྱེན་གསུམ་གྱི་རྟོགས་པ་བསྐྱེད་ནུས་ཤེ་ན། གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་ནས་གཞི་ལམ་རྣམ་གསུམ་སྐྱེད་བྱེད་དུ་ཚད་མས་རྟོགས་པའི་དོན་སྒོམ་པར་བྱེད་པའི་བློ་ཆོས་ཅན། རང་འབྲས་རབ་ཀྱི་མཐའ་ཕྱིན་པའི་བློ་འབྱུང་དུ་རུང་སྟེ། རྟེན་བརྟེན་ལ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བར་རང་ཡུལ་གོམས་པར་བྱེད་བློ་ཡིན་པའི་ཕྱིར། དཔེར་ན་འདོད་འཇིགས་གོམས་པའི་བློ་བཞིན་ཞེས་པས་འགྲུབ་པོ་ཞེས་འདོད་དོ། །ཐར་པ་ཆ་མཐུན་ལ་ཐུན་མོང་གི་མཚན་ཉིད། དབྱེ་བ་སོ་སོའི་ངོ་བོ། ཆེ་འབྲིང་གི་དབྱེ་བ་དང་གསུམ་གྱིས་བསྟན་ཏོ། །ཚོགས་ཀྱི་གནས་སྐབས་སུ་སྦྱོར་བ་སྒོམ་པའི་ཚུལ་གཏན་ལ་ཕབ་ནས་སྦྱོར་བ་སྒོམ་པ་ལ་ཞུགས་པ་ན་ངེས་འབྱེད་ཆ་མཐུན་གྱི་རྟོགས་པ་འབྱུང་བས་ངེས་འབྱེད་ཆ་མཐུན་བསྟན་ཏོ། །ངོ་བོ་ནི་དམིགས་ཡུལ་སེམས་ཅན་ལ་དམིགས་ནས་བསམ་སྦྱོར་ཕུན་སུམ་ཚོགས་པ་བཅུ་དགུའི་སྒོ་ནས་དམིགས་པ་ཡིན་པས་ཉམས་སུ་ལེན་པའི་ཚེ་ཡང་ཚུལ་དེ་ལྟར་ཉམས་སུ་ལེན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་ན་ཕྱིར་མི་ལྡོག་པའི་དགེ་འདུན་དུ་འགྱུར་བས་སྦྱོར་བ་རྒྱུད་ལ་སྐྱེས་པའི་རྟེན་ཕྱིར་མི་ལྡོག་པའི་དགེ་འདུན་བསྟན་ཏོ། །རྟེན་ཕྱིར་མི་ལྡོག་པའི་གང་ཟག་དེ་ནི་རང་དོན་ཆོས་སྐུ་ཐོབ་ནས་གཞན་དོན་གཟུགས་སྐུ་གཉིས་ཀྱི་སྣང་བ་སྐྱེད་པར་བྱེད་དོ། །གཞན་དོན་ཕྲིན་ལས་སྒྲུབ་པར་འདོད་ཅིང་དེ་དག་ཀྱང་རྒྱུ་མེད་དུ་མི་འབྱུང་བས་གསུམ་པོའི་རྒྱུ་སྦྱོར་བ་གསུམ་པོ་བསྟན་ཏོ། །གོ་རིམ་ལ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་སྦྱོར་བས་ཉམས་སུ་ལེན་དགོས་པས་རྣམ་རྫོགས་སྦྱོར་བ་བསྟན་ལ། དེས་ཀྱང་ཆོས་སུམ་ཅུས་མཚོན་ནས་བསྟན་པའི་མཁྱེན་གསུམ་བསྒོམ་པར་བྱ་བ་ཡིན་པ་བསྒོམ་བྱ་མཁྱེན་གསུམ་གྱི་རྣམ་པ་དེ་བསྟན་ཏོ། །དེ་ཡང་སྒོམ་པ་པོ་རྟེན་གྱི་གང་ཟག་མེད་པར་སྒོམ་མི་ནུས་པས་དེ་ནས་སྦྱོར་བ་པོ་རྟེན་གྱི་གང་ཟག་བསྟན་ཏོ། །རྟེན་གྱི་གང་ཟག་དེས་ཀྱང་མཁྱེན་པ་གསུམ་གྱི་མཚན་ཉིད་ཅན་གྱི་ཡུམ་དང་པོར་ཉན། དེ་ནས་ཚིག་ལེན། དེ་ནས་དོན་མི་བརྗེད་པར་འཛིན། དེ་ནས་ཚུལ་བཞིན་ཡིད་ལ་བྱ་དགོས་པས་ལྡོག་པའི་དབྱེ་བས་རྟེན་གྱི་གང་ཟག་བཞིར་བསྟན་ཏོ། །ཉམས་སུ་ལེན་པའི་སྦྱོར་བ་མེད་པར་ཡང་རྣམ་པ་སྒོམ་མི་ནུས་པས་དེའི་འོག་ཏུ་སྦྱོར་བ་བསྟན་ཏོ། །སྦྱོར་བ་སྒོམ་པའི་སྔ་རོལ་དུ་སྦྱོར་བའི་ཡོན་ཏན་མ་རྟོགས་པར་སྦྱོར་བ་བསྒོམ་པ་ལ་གུས་པས་འཇུག་པར་མི་འགྱུར་བས་དེའི་འོག་ཏུ་སྦྱོར་བའི་ཡོན་ཏན་བསྟན་ཏོ། །ཡོན་ཏན་ཐོབ་པ་ལ་ཡོན་ཏན་གྱི་གེགས་བར་ཆད་ཀྱི་ཆོས་རྣམས་ཤེས་ནས་སྤང་བར་བྱ་དགོས་པས་དེའི་འོག་ཏུ་སྐྱོན་བསྟན་ཏོ། །ཡོན་ཏན་བླང་བ་དང༌། སྐྱོན་དོར་བ་ལ་སྦྱོར་བ་བསྒོམ་པར་བྱ་དགོས་ཤིང་དེ་ཡང་སྔར་སྦྱོར་བའི་མིང་ཙམ་གསུང་ཞིང་མཚན་ཉིད་མ་བསྟན་ལ། མཚན་ཉིད་མ་རྟོགས་པར་ཡང་བསྒོམ་པར་མི་ནུས་པས་དེའི་འོག་ཏུ་མཚན་ཉིད་བསྟན་ཏོ། །མཚན་ཉིད་ཀྱང་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་དང་ལྡན་པས་ཤེས་པར་བྱེད་པའི་ཕྱིར། དེའི་འོག་ཏུ་ཐར་པ་ཆ་མཐུན་བསྟན་ཏོ། །དེ་དག་ནི་བཤད་པའི་རིམ་པའོ། །རྒྱུད་ལ་སྐྱེ་བའི་རིམ་པ་ནི་སྐབས་དང་པོར་བསྟན་པའི་སེམས་སྐྱེད་དང་པོ་གསུམ་བསྐྱེད་ཅིང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ནས་སྦྱོར་བ་བཞི་འབྲས་བུ་རྣམ་མཁྱེན་གྱི་རྒྱུར་རྟོགས་པར་བྱ་བ་ཡིན་ལ། དེ་ཡང་མཚན་ཉིད་ཀྱི་སྒོ་ནས་རྟོག་དགོས་པས་དང་པོར་བསྒོམ་བྱ་མཁྱེན་གསུམ་གྱི་སྦྱོར་བ་གཏན་ལ་འབེབས་སོ། །དེ་ནས་སྦྱོར་བ་སྒོམ་པ་ལ་བསལ་བར་བྱ་བའི་བར་ཆད་ཀྱི་ཆོས་ནི་གང་ཡིན། སྦྱོར་བ་སྒོམ་པའི་ཡོན་ཏན་ནི་ཇི་ལྟ་བུ་ཡིན་སྙམ་དུ་རྟོག་པ་ཡིན་ནོ། །དེ་ནས་སྦྱོར་བ་དེ་དག་ཚུལ་ཇི་ལྟར་དུ་བསྒོམ་པར་བྱ་བ་ཡིན་སྙམ་དུ་རྟོགས་པས་ཐར་པ་ཆ་མཐུན། དེའི་འོག་ཏུ་སྦྱོར་བའི་མཚན་ཉིད། དེའི་འོག་ཏུ་སྐྱོན། ཡོན་ཏན། སྦྱོར་བ་རྣམས་བསྟན་ཏོ། །སྦྱོར་བ་དེ་ཡང་རྟེན་གྱི་གང་ཟག་ཇི་ལྟ་བུས་བསྒོམ་པར་བྱ། དེའི་བསྒོམ་བྱ་ཡང་གང་ཡིན་སྙམ་ན། སྦྱོར་བ་པོ་གང་ཟག་དང༌། བསྒོམ་བྱ་རྣམ་པ་བསྟན་ཏོ། །མདོར་ན་ཡུམ་ཉན་པ་ལ་སོགས་པའི་གང་ཟག་བཞི་པོས་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་བསྐྱེད་ཅིང་སྐབས་དང་པོའི་སེམས་བསྐྱེད་དང་ལམ་ཤེས་ཀྱི་རྟེན་དང༌། ཡུལ་ངེས་ལ་སོགས་ལ་བརྟེན་ནས་སྦྱོར་བའི་མཚན་ཉིད་ཤེས་པ་འབྱུང་ལ། དེ་ནས་སྐྱོན་སྤང་བ་དང༌། ཡོན་ཏན་ཤེས་པར་བྱ་སྟེ། དེ་གཉིས་ལ་བླང་དོར་བྱ་བའི་ཕྱིར་དུ་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་རྣམ་པ་གནས་པ་བཀག་པ་དང༌། སྦྱོར་བ་བཀག་པ་ལ་སོགས་པའི་སྒོ་ནས་སྒོམ་པ་ནི་རྣམ་རྫོགས་སྦྱོར་བ་སྒོམ་པའི་ཚུལ་ཡིན་ནོ། །ཚོགས་ལམ་དུ་ཚུལ་དེ་ལྟར་བསྒོམས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་དེའི་འོག་ཏུ་ངེས་འབྱེད་ཆ་མཐུན་བསྟན་ཏོ། །ངེས་འབྱེད་ཆ་མཐུན་ཐོབ་པའི་གང་ཟག་དེ་དག་ནི་ཕྱིར་མི་ལྡོག་པའི་རྟགས་དང་ལྡན་པས་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྒོ་ནས་བསྟན་ཏོ། །ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་རྟེན་གྱི་གང་ཟག་དེ་དག་གིས་རང་དོན་ཆོས་སྐུ་ཐོབ་ཅིང༌། གཞན་དོན་གཟུགས་སྐུ་ཐོབ་ནས་གཞན་དོན་བྱེད་པའི་ཕྲིན་ལས་དོན་དུ་གཉེར་བར་བྱེད་པ་ཡིན་ལ། དེ་དག་ཀྱང་རྒྱུ་མེད་པར་མི་འབྱུང་བས་རང་དོན་ཆོས་སྐུ་ཐོབ་པའི་དོན་དུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཟུགས་སྐུ་གཉིས་ཐོབ་པའི་རྒྱུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུར་ཐབས་ལ་མཁས་པའི་སྦྱོར་བ་བསྒོམ་པར་བྱ་དགོས་པས་སྲིད་ཞི་མཉམ་ཉིད། ཞིང་དག་པ་ཐབས་ལ་མཁས་པའི་སྦྱོར་བ་རྣམས་རིམ་པ་བཞིན་བསྟན་ཏོ། །ཇི་ལྟར་མཚོན་པའི་ཚུལ་ནི་རྩེ་མོའི་སྦྱོར་བ་ལ་རྟེན་དང༌། ཡུལ་དང༌། སྔོན་འགྲོའི་ཆོས་རྣམས་རྣམ་ཀུན་གྱི་སྐབས་སུ་བསྟན་པ་དེ་ཉིད་ཡིན་ཏེ། རྣམ་ཀུན་ཁྱད་པར་ཅན་དུ་གྱུར་པ་ལ་རྩེ་སྦྱོར་ཞེས་བཏགས་པ་ཙམ་ཡིན་པས་སོ། །འདི་ལ་བརྒྱད་ཡོད་ཀྱང་བསྡུ་ན་བཞིར་འདུས་ཏེ། ངེས་འབྱེད་ཆ་མཐུན། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར། ངེས་འབྱེད་ཆ་མཐུན་ལ་རྩེ་སྦྱོར་སྐྱེས་པའི་དང་པོ་ནི་དྲོད་ཐོབ་པའི་ཚེ་ཡིན་ལ། རྩེ་སྦྱོར་རྒྱུད་ལ་སྐྱེས་མ་སྐྱེས་རྟགས་ཀྱི་སྒོ་ནས་ཤེས་པར་བྱ་དགོས་པས་དྲོད་ཀྱི་རྩེ་སྦྱོར་རྟགས་ཀྱི་མཚོན་ནས་བསྟན་ཏོ། །ཡང་ན་རྩེ་སྦྱོར་དང་པོར་ཐོབ་པའི་ས་མཚམས་ནི་དྲོད་ཀྱི་གནས་སྐབས་ཡིན་ལ། རྩེ་སྦྱོར་རྒྱུད་ལ་སྐྱེས་མ་སྐྱེས་ཀྱང་རྟགས་ཀྱི་སྒོ་ནས་ཤེས་པར་བྱ་དགོས་པས་དྲོད་ཀྱི་རྩེ་སྦྱོར་རྟགས་ཀྱིས་མཚོན་གསུངས་སོ། །རྩེ་མོ་ཐོབ་པའི་སྐབས་སུ་སྔར་བས་བསོད་ནམས་ཁྱད་པར་དུ་འཕེལ་བས་དེ་ནས་རྩེ་མོའི་རྩེར་སྦྱོར་རྣམ་འཕེལ་གྱིས་མཚོན་ནས་བསྟན་ཏོ། །དེ་ནས་བཟོད་པའི་གནས་སྐབས་སུ་རང་དོན་མཁྱེན་གསུམ་གྱི་ཆོས་ལ་མོས་པ་བརྟན་པ་དང༌། གཞན་དོན་གདུལ་བྱ་ཡོངས་སུ་མི་གཏོང་བའི་ཕྲིན་ལས་བརྟན་པ་ཐོབ་པས། བཟོད་པའི་རྩེ་སྦྱོར་རང་དོན་རྟོགས་པ་དང་ཕྲིན་ལས་བརྟན་པ་གཉིས་མཚོན་ནས་བསྟན་ཏོ། །དེ་ནས་ཆོས་མཆོག་གི་སྐབས་སུ་སེམས་ཀུན་ཏུ་གནས་པའི་ཏིང་ངེ་འཛིན་ཐོབ་པ་ཆོས་མཆོག་གི་རྩེ་སྦྱོར་སེམས་ཀུན་ཏུ་གནས་པས་མཚོན་ནས་གསུངས་སོ། །སྦྱོར་ལམ་རྩེ་སྦྱོར་རྫོགས་པའི་རྗེས་ཐོགས་སུ་མཐོང་ལམ་རྩེ་སྦྱོར་འབྱུང་བས་དེའི་འོག་ཏུ་མཐོང་ལམ་རྩེ་སྦྱོར་བསྟན་ཏོ། །གནས་སྐབས་དེར་མཐོང་ལམ་ཡང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་སྤང་བར་བྱ་དགོས་པས་རྣམ་པར་རྟོག་པ་བཞིན་དངོས་སུ་བསྟན་ཞིང༌། ལུས་རྣམ་དག་དུ་གཉེན་པོ་དངོས་སུ་བསྟན་ལ་འདིར་དོན་གྱིས་འཕངས་པ་ཡིན་ནོ། །མཐོང་སྤང་ཤེས་རབ་ཀྱིས་སྤང་བ་ན་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་ལ། དེ་ཡང་མཐུན་པའི་རྐྱེན་མེད་པར་ཐོབ་པར་མི་ནུས་པས། དེའི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་བྱང་ཆུབ་ཆེན་པོའི་རྒྱུ་བསྟན་ཏོ། །ཡང་མཐོང་སྤང་གི་གཉེན་པོ་མཐོང་ལམ་རྩེ་སྦྱོར་ནི་བྱང་ཆུབ་ཆེན་པོའི་རྒྱུ་ཡིན་ལ། དེ་ཙམ་གྱིས་བྱང་ཆུབ་ཆེན་པོ་སྐྱེད་པར་མི་ནུས་པས་དེ་དག་གི་ལྷན་ཅིག་བྱེད་རྐྱེན་གང་ཡིན་སྙམ་ན། དེའི་ལྷན་ཅིག་བྱེད་རྐྱེན་གསུངས་སོ། །དེ་དག་གི་བསྐྱེད་བྱ་བྱང་ཆུབ་ཆེན་པོ་གང་ཡིན་སྙམ་ན། དེ་ནས་ཚིགས་སུ་བཅད་པ་གཅིག་གིས་བྱང་ཆུབ་ཆེན་པོ་གསུངས་སོ། །བྱང་ཆུབ་ཆེན་པོའི་ངོ་བོ་དྲི་མ་ཟད་མེད་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་སུ་བསྟན་པ་ན། དེ་མི་འཐད་དོ་སྙམ་པའི་དངོས་པོར་སྨྲ་བ་རིགས་པས་བཀག་པའི་དོན་དུ་ཚིགས་སུ་བཅད་པ་གཅིག་ཁས་བླང་ནང་འགལ་བརྗོད་པའི་དོན་གཞན་གྱི་ཆོས་རྣམས་ཀྱང་ཡོད་པ་ཞེས་ཚིགས་སུ་བཅད་པ་གཅིག་གསུངས་སོ། །ཞར་ལ་དབུ་མ་པའི་ཕྱོགས་ཀྱི་དྲི་མ་སྤོང་བ་འཐད་པར་བསྟན་པའི་དོན་དུ་སྙིང་པོའི་དོན་ཡིད་ལ་བྱེད་པའི་སྒོམ་རིམ་སྦྱོར་བ་བཞི་གསུངས་སོ། །ས་བཞི་པོ་ནི་བདག་མེད་རྟོགས་པའི་རྣལ་འབྱོར། གཟུང་མེད་རྟོགས་པའི་རྣལ་འབྱོར། འཛིན་མེད་རྟོགས་པའི་རྣལ་འབྱོར། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་དང་བཞིའོ། །དང་པོ་ནི། བྱིས་པ་རྣམས་བདག་ཏུ་འཁྲུལ་པའི་གཞི། ཕུང་པོ་སྐྱེ་འཇིག་གི་རྟགས་ལས་བདག་མེད་པར་རྟོགས་པའི་རྗེས་དཔག་གིས་རྟོགས་པའི་དམིགས་རྣམ་མི་བརྗེད་པའི་དྲན་པ་ཏིང་ངེ་འཛིན་གྱིས་བརྟན་པར་བྱས་ནས་གོམས་པར་བྱེད་པའི་ཞི་ལྷག་ཟུང་འཇུག་གི་རྟོགས་པའོ། །ཕུང་པོ་བདག་མེད་དུ་གཏན་ལ་འབེབས་པའི་ཚུལ་ནི། བདག་ཡོད་ན་ཕུང་པོ་དང་གཅིག་དང་ཐ་དད་དུ་འགྱུར་བགྲང༌། གཅིག་ཏུ་འདོད་པ་མི་འཐད་དེ། བདག་ནི་རྟག་པ་གཅིག་པུ་རང་དབང་ཅན་གྱི་མཚན་ཉིད་ཅན་ཡིན་ལ། ཕུང་པོ་ནི་མི་རྟག་པ་དང༌། དུ་མ་དང་རྒྱུ་རྐྱེན་གྱིས་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །ཕུང་པོ་ལས་ཐ་དད་དུ་སྨྲ་བ་མི་འཐད་དེ། གཏན་ཚིགས་འདིས་ཕུང་པོ་ལ་བདག་གི་མཚན་ཉིད་བཀག་པ་ན་ཁྱབ་བྱ་བདག་བདེ་བླག་ཏུ་ཁེགས་པ་ཡིན་ནོ། །ཐ་དད་དུ་ཡོད་ཅེ་ན། མི་འཐད་དེ། བདག་ལུས་དང་བྲལ་བར་འགྱུར་ལ། དེ་ལྟ་ན་འཆིང་བྱེད་ཀྱི་ལུས་དང་བྲལ་བས་འབད་མེད་དུ་གྲོལ་བར་ཐལ་ལོ། །རིགས་པ་འདིས་རྣམ་བཅད་དུ་ཐལ་འགྱུར་གྱི་བདག་བཀག་ནས་རང་རྒྱུད་འགོད་པ་ནི། ཕུང་པོ་ནི་བདག་གིས་སྟོང་སྟེ། སྐྱེ་འཇིག་བྱེད་པའི་ཕྱིར་ཞེས་པ་འདི་ནི་བདག་མེད་དུ་གཏན་ལ་འབེབས་པའི་གཏན་ཚིགས་སོ། །རྣལ་འབྱོར་གྱི་ས་གཉིས་པ་ནི། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་གཟུང་བ་བདེན་མེད་དུ་ལྟ་བས་གཏན་ལ་ཕབ་ནས་དེའི་འོག་ཏུ་ལྟ་བས་རྟོགས་པའི་དོན་ལ་ཞི་ལྷག་ཟུང་འཇུག་གི་སྒོ་ནས་ཉམས་སུ་ལེན་པའོ། །གསུམ་པ་ནི། གཟུང་བ་བདེན་མེད་ཀྱི་རྟགས་ལས་འཛིན་པ་བདེན་མེད་དུ་ལྟ་བས་གཏན་ལ་ཕབ་པའི་དོན་ཉམས་སུ་ལེན་པའོ། །བཞི་པ་ལྟ་བའི་ཡུལ་གཏན་ལ་འབེབས་པའི་རིགས་པ་དང༌། གཏན་ལ་ཕབ་པའི་དོན་ཉམས་སུ་ལེན་པའི་ཚུལ། འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོས་བཟུང་བའོ། །དང་པོ་ལ་དགག་བྱ་ནི་བདེན་པར་འཛིན་པ་དང༌། ཡོད་ཙམ་དུ་འཛིན་པ་དང༌། བདེན་མེད་དུ་འཛིན་པ་གསུམ་ལས། དང་པོ་ཁོ་ན་དགག་པར་བྱ་བ་ཡིན་ཏེ། འཁོར་བར་འཆིང་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཕྱི་མ་གཉིས་ནི་མིན་ཏེ། འགོག་པར་མི་ནུས་པ་དང༌། མི་རིགས་པའི་ཕྱིར་རོ། །བདེན་འཛིན་ལ་ཡང་ལྷན་སྐྱེས་ཀྱི་མ་རིགས་པ་དང༌། ཀུན་བཏགས་ཀྱི་མ་རིགས་པ་གཉིས་ལས། དང་པོ་གཙོ་བོ་ཡིན་ཏེ། དེ་ཁེགས་ན་ཕྱི་མ་རང་འགགས་སུ་འགྱུར་བའི་ཕྱིར་རོ། །འགོག་བྱེད་ཀྱི་རིགས་པ་དུ་མ་ཡོད་ཀྱང་འདིར་རྟེན་འབྲེལ་གྱི་གཏན་ཚིགས་ཏེ། དེ་ཡང་བྱས་པ་དང་མི་རྟག་པ་དོན་ལ་ཐ་མི་དད་པའི་ཕྱིར་རོ། །བྱས་པ་གཟུང་བ་ན་མི་རྟག་པ་གཟུང་བ་ཡིན་ཀྱང་རྟགས་འཛིན་གྱི་སྒྲོ་འདོགས་ཀྱི་དབང་གིས་མི་རྟག་པར་ཁོང་དུ་ཆུད་པར་མི་འགྱུར་ལ། གཏན་ཚིགས་འགོད་པ་ལྟར་ཡང་རྟེན་འབྲེལ་དང་རང་བཞིན་འགོད་པ་ཐ་མི་དད་ཀྱང་རྟེན་འབྲེལ་མཐོང་བ་ཙམ་གྱིས་རང་བཞིན་མེད་པར་ཁོང་དུ་ཆུད་པར་མི་འགྱུར་བས་དེ་རྟོགས་པའི་ཡན་ལག་རྟེན་འབྲེལ་གྱི་གཏན་ཚིགས་ནི། སྣང་བ་འདི་རང་བཞིན་མེད་པ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མ་བཞིན་ནོ། །གཏན་ཚིགས་ནི་མངོན་སུམ་གྱིས་གྲུབ་ལ། ཁྱབ་པ་ནི་སྒྱུ་མའི་སྟེང་དུ་གྲུབ་བོ། །དེ་ནི་མཐུན་ཕྱོགས་ལ་མཐོང་བ་ཙམ་ཡིན་གྱི། མི་མཐུན་ཕྱོགས་ལ་ལྡོག་པ་གྲུབ་བོ་ཞེ་ན། རྟེན་འབྲེལ་དང་རང་བཞིན་གྱིས་ཡོད་པ་གཞི་མཐུན་དུ་འདུ་བ་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པས་ལྡོག་པ་གྲུབ་བོ། །ཇི་སྐད་དུ་ཡོད་པའི་གཏན་ཚིགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ནོ། །དེའི་ཚེ་བདེན་འཛིན་གྱི་སྒྲོ་འདོགས་ཡོངས་སུ་ཆོད་པའི་ཤེས་རབ་སྐྱེ་བས་དབུ་མའི་ལྟ་བ་སྐྱེས་པ་ཞེས་བྱའོ། །གཉིས་པ་ཉམས་སུ་ལེན་པའི་ཚུལ་ནི། ལྟ་བས་རྟོགས་པའི་དོན་དེ་ཉིད་ལ་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་སྒོ་ནས་གོམས་པར་བྱེད་པ་སྟེ། ལྷག་མཐོང་ལ་ཡང་ཇི་སྙེད་པ་དང༌། ཇི་ལྟ་བ་འབྱེད་པའི་ལྷག་མཐོང་གཉིས་ལས། དང་པོ་ནི། གཙོ་བོ་རྗེས་ཐོབ་ཀྱི་གནས་སྐབས་སུ་གོམས་པར་བྱ་བ་ཡིན་ལ། གཉིས་པ་ལ་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ལྷག་མཐོང་གཉིས་ཡོད་ཅིང༌། དེ་རེ་རེ་ལ་ཡང་སོ་སོར་རྟོགས་པ་དང༌། རྣམ་པར་མི་གཡོ་བའི་ལྷག་མཐོང་གཉིས་གཉིས་ཡོད་པར་ཤེས་པར་བྱའོ། །འདི་དག་ནི་གཙོ་བོར་མཉམ་བཞག་གི་གནས་སྐབས་སུ་བསྒོམ་པར་བྱ་བ་ཡིན་ནོ། །འདི་དག་གང་རུང་བ་མེད་པར་རྟོགས་པ་ནང་དུ་བསྡུས་པ་ཙམ་ལ་ཞི་གནས་དང༌། དེའི་གསལ་བ་ལ་ལྷག་མཐོང་དུ་བཟུང་ནས་དེ་དག་གིས་གྲོལ་བར་འདོད་པ་ནི་བླུན་པོའི་རྣམ་ཐར་ཙམ་དུ་ཟད་ཀྱི་མཁས་པ་ཡིད་ཆེས་པར་བྱ་བ་མ་ཡིན་ཏེ། བྱིང་རྒོད་གཉིས་ཀྱི་སྐྱོན་དང་བྲལ་བའི་བདག་མེད་གཉིས་ཀྱི་རྣམ་པར་མི་བརྗེད་པའི་ངེས་པ་ཁྱད་པར་ཅན་མེད་པར་སྒྲིབ་པའི་ས་བོན་དྲུངས་འབྱིན་མི་ནུས་པའི་ཕྱིར་ཏེ། མ་རིག་པའི་འགལ་ཟླ་ལྷག་མཐོང་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི། ཇི་སྐད་བཤད་པའི་དོན་སྒོམ་པ་ཡོངས་སུ་རྫོགས་པ་ན་བདེན་པའི་དོན་མངོན་སུམ་དུ་མཐོང་ནས་དེ་ལ་མི་རྟོགས་པ་བཞིན་དུ། མིང་དོན་གྱི་མཚན་མ་དང་མ་འདྲེས་པར་གསལ་བར་ཡོངས་སུ་དཔྱོད་པའི་ཤེས་རབ་ལས་གཞན་དུ་ཡོངས་སུ་མི་གཡོ་ཞིང་དེ་བཞིན་ཉིད་ལ་སྒྲོ་འདོགས་ཡོངས་སུ་གཅོད་པའི་ཚུལ་གྱིས་བློ་གྲོས་ཤིན་ཏུ་ཞིབ་པའི་ཁྱད་པར་དེ་ལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །ཅིའི་ཕྱིར་རྣལ་འབྱོར་ས་བཞིར་གྲངས་ངེས་ཤེ་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་ངེས་པས། དང་པོའི་གཉེན་པོར་བདག་མེད་རྟོགས་པ་རྣལ་འབྱོར་གྱི་ས་བཞག་གོ །ཤེས་སྒྲིབ་ལ་ཡང་ཤེས་སྒྲིབ་གཟུང་རྟོགས་དང༌། ཤེས་སྒྲིབ་འཛིན་རྟོགས་གཉིས་སུ་ངེས་ལ། འཛིན་རྟོགས་ལ་ཡང་ཕྲ་རགས་གཉིས་སུ་ངེས་པས། དེ་དག་གི་གཉེན་པོར་རྣལ་འབྱོར་གྱི་ས་ལྷག་མ་གསུམ་བཞག་པའི་ཕྱིར། སྤང་བྱའི་དབྱེ་བས་རྣལ་འབྱོར་གྱི་ས་བཞིར་ངེས་སོ། །བྱང་ཆུབ་ཆེན་པོའི་སྐབས་སུ་དྲི་མ་བདེན་པ་བ་སྔར་ཡོད་ཟད་པ་དང༌། ཕྱིས་འབྱུང་མི་སྐྱེ་བར་ཤེས་པའི་ཡེ་ཤེས་ལ་བྱང་ཆུབ་ཆེན་པོར་འདོད་པའི་དངོས་སྨྲ་བ་རྣམས་བཀག་མོད། རང་ལུགས་ལ་ཇི་ལྟ་བུ་ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གསུངས་སོ། །མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་སྤང་བྱར་བཤད་པ་དེ་དག་གི་གཉེན་པོ་མཐོང་ལམ་གང་ཡིན་སྙམ་ན། དེ་ནས་མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་ཚིགས་བཅད་གཅིག་གསུངས་སོ། །དེ་ནས་ཚིགས་བཅད་གཅིག་གིས་མཉམ་རྗེས་སུ་ཇི་ལྟར་སྒོམ་པའི་ཚུལ་གསུངས་སོ། །མཐོང་ལམ་རྩེ་སྦྱོར་ལས་སྒོམ་ལམ་རྩེ་སྦྱོར་འབྱུང་བའི་ཕྱིར། དེའི་འོག་ཏུ་སྒོམ་ལམ་རྩེ་སྦྱོར་གསུངས་སོ། །གནས་སྐབས་དེ་དག་ཏུ་སྒོམ་སྤང་རྣམ་པར་རྟོག་པ་བཞི་ཡང་སྤང་དགོས་པས། དེའི་འོག་ཏུ་སྒོམ་སྤང་རྣམ་པར་རྟོག་པ་བཞི་བསྟན་ཏོ། །སྒོམ་སྤང་རྣམ་པར་རྟོག་པ་རགས་པ་བརྒྱ་རྩ་བརྒྱད་སྤང་བའི་འོག་རོལ་དུ་དེ་ཐམས་ཅད་གནས་ངན་ལེན་གྱི་དྲི་མ་ཤིན་ཏུ་ཕྲ་བ་དེ་ཡང་སྤང་དགོས་པས་དེའི་འོག་ཏུ་བར་ཆད་མེད་པའི་རྩེ་སྦྱོར་བསྟན་ཏོ། །དེ་ནི་བདེན་གཉིས་རྣམ་འབྱེད་ཀྱི་ལྟ་བ་ལ་བརྟེན་ནས་དཔྱོད་པར་བྱ་བ་ཡིན་ལ། དེ་ལ་ཀུན་རྫོབ་དུ་སྐུར་པ་འདེབས་པ་དང༌། དོན་དམ་དུ་སྒྲོ་འདོགས་པ་ལ་སོགས་པ་བསལ་བ་སྔོན་དུ་འགྲོ་དགོས་པས་དེ་ནས་བསལ་བྱ་ལོག་སྒྲུབ་བསྟན་ཏོ། །དེ་ལ་བདག་ལེགས་སུ་འདོད་པ་དག་གིས་ཐོབ་བྱའི་ཆོས་ནི་མངོན་མཐོ་དང་ངེས་ལེགས་གཉིས་སུ་ངེས་ཏེ། མངོན་མཐོའི་ལུས་ལ་རྟེན་ཏེ་ངེས་ལེགས་ཐོབ་པའི་ལམ་སྒྲུབ་དགོས་པའི་ཕྱིར། དེའི་མི་མཐུན་ཕྱོགས་ཀྱང་སྣང་ཙམ་ལ་སྐུར་བ་འདེབས་པའི་ལོག་ལྟ་དང༌། རང་བཞིན་ཡོད་པར་ཞེན་པའི་སྒྲོ་འདོགས་སོ། །དེ་ལ་དང་པོ་ནི་ལས་འབྲས་ལ་སྐུར་བ་འདེབས་པའི་ལྟ་བ་ཡིན་པས་མངོན་མཐོ་ཐོབ་པའི་མི་མཐུན་ཕྱོགས་ཡིན་ལ། གཉིས་པ་ནི། ལྟ་བ་རྣམ་དག་སྐྱེ་བའི་གེགས་ཡིན་པས་ངེས་ལེགས་ཀྱི་མི་མཐུན་ཕྱོགས་ཡིན་ནོ། །བསལ་བྱ་ལོག་རྟོག་ཐམས་ཅད་ཀྱང་འདི་གཉིས་སུ་འདུས་པས་བསལ་བྱ་འདི་ཁོ་ནར་ངེས་སོ། །དང་པོ་ནི། ཀུན་རྫོབ་སྟོན་པ་དྲང་དོན་གྱི་ལུང་དང༌། རྒྱུ་འབྲས་མི་སླུར་སྒྲུབ་པའི་རིགས་པས་སེལ་ལོ། །གཉིས་པ་ནི། སྟོང་ཉིད་སྟོན་པ་ངེས་དོན་གྱི་ལུང་དང་རང་བཞིན་མེད་པར་སྒྲུབ་པའི་དབུ་མའི་རིགས་པ་དག་གིས་སེལ་ལོ། །ལམ་གྱི་གནས་སྐབས་གང་དུ་གཉེན་པོ་གང་གིས་སེལ་ཞེ་ན། ཚོགས་ཀྱི་གནས་སྐབས་སུ་སྤྲོས་པ་གཅོད་པའི་རྗེས་དཔག་གིས་སེལ་ཞིང༌། སྦྱོར་ལམ་དུ་སྒོམ་བྱུང་གིས་ས་བོན་རྣམ་པར་གནོན་པ་དང༌། མཐོང་ལམ་དང་སྒོམ་ལམ་དུ་ས་བོན་རྩད་ནས་འབྱིན་པ་དང༌། བར་ཆད་མེད་པའི་རྩེ་སྦྱོར་གྱིས་དེ་ཐམས་ཅད་ཀྱིས་གནས་ངན་ལེན་སེལ་བ་ཡིན་ནོ། །གོ་རིམ་ནི་སྦྱོར་ལམ་རྩེ་སྦྱོར་ལས་མཐོང་ལམ་རྩེ་སྦྱོར་དེ་ལས་སྒོམ་ལམ་རྩེ་སྦྱོར་དེ་ལས་བར་ཆད་མེད་པའི་རྩེ་སྦྱོར་འབྱུང་བས་དོན་གྱིས་རིམ་པའོ། །ཅིའི་ཕྱིར་རྩེ་སྦྱོར་བཞིར་ངེས་ཞེ་ན། སྤང་བྱ་ལ་མཐོང་སྤང་དང༌། སྒོམ་སྤང་དང༌། དེ་ཐམས་ཅད་ཀྱི་གནས་ངན་ལེན་གསུམ་དུ་ངེས་པས་དེའི་གཉེན་པོར་རྩེ་སྦྱོར་བཞིར་གསུངས་པ་ཡིན་ཏེ། ཐམས་ཅད་རྣམ་པར་སུན་འབྱིན་པའི་གཉེན་པོར་སྦྱོར་ལམ་རྩེ་སྦྱོར། ས་བོན་སྤང་བའི་གཉེན་པོར་མཐོང་ལམ་དང་སྒོམ་ལམ་རྩེ་སྦྱོར། གནས་ངན་ལེན་གྱི་གཉེན་པོར་བར་ཆད་མེད་པའི་རྩེ་སྦྱོར་བཞག་པས་སོ། །ཇི་ལྟར་གསུངས་པའི་ཚུལ་ནི། ངོ་བོའི་སྒོ་ནས་སོ། །མཐར་གྱིས་པའི་མངོན་པར་རྟོགས་པ་ཡུལ་གྱི་སྒོ་ནས་བཅུ་གསུམ། སློབ་དཔོན་ལྟར་ན་འདིའང་སྐད་ཅིག་མའི་སྦྱོར་བ་གཉིས་བརྟན་པ་རྒྱུ་འབྲས་སུ་བཞེད་ཅིང༌། རྩེ་མོའི་འཇུག་ཐོགས་སུ་འབྱུང་བར་འདོད་དོ། །འཕགས་པས་ནི་སྤྱོད་པ་གཙོ་བོར་གྱུར་པ་རྒྱུ་འབྲས་སུ་བཞེད་ལ། མཐར་གྱིས་པ་ནི་ལས་དང་པོ་པའི་ས་ནས་ཡོད་པར་བཞེད་དོ། །བཅུ་གསུམ་པོ་ཐམས་ཅད་ཀྱང་དོན་ལྔར་གྲངས་ངེས་ཏེ། ལམ་གྱི་ངོ་བོ། ལམ་གྱི་རྟེན། ལམ་གྱི་གཞི། ལམ་ཉམས་སུ་ལེན་པའི་དཔང་པོ། ལམ་ཡོངས་སུ་རྫོགས་པར་བྱེད་པའི་ཡན་ལག་གོ །དང་པོ་ནི་ཕར་ཕྱིན་དྲུག་སྟེ། ཚོགས་གཉིས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དཀོན་མཆོག་གསུམ་རྗེས་སུ་དྲན་པ་སྟེ། དེ་ལ་བརྟེན་ནས་ལམ་སྒྲུབ་དགོས་པའི་ཕྱིར་རོ། །གསུམ་པ་ནི། གཏོང་བ་དང་ཚུལ་ཁྲིམས་རྗེས་སུ་དྲན་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་ནི་ལམ་གྱི་གཞི་ཡིན་པའི་ཕྱིར་རོ། །བཞི་པ་ནི། ལྷ་རྗེས་སུ་དྲན་པ་སྟེ། ལྷས་ལམ་ཉམས་སུ་ལེན་པའི་དཔང་པོ་བྱེད་པའི་ཕྱིར་རོ། །ལྔ་པ་ནི། དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་ལྟ་བ་སྟེ། ཐམས་ཅད་ཀྱང་རང་བཞིན་མེད་པར་རྟོགས་པའི་ལྟ་བས་ཟིན་དགོས་པའི་ཕྱིར་རོ། །གོ་རིམ་ནི། ཕྱིན་དྲུག་ནི་ལམ་གྱི་ངོ་བོ་ཡིན་པས་དང་པོར་བསྟན་ལ། དེ་ཡང་དཀོན་མཆོག་གསུམ་ལ་བརྟེན་ནས་ཉམས་སུ་ལེན་དགོས་པས་དེ་ནས་དཀོན་མཆོག་གསུམ་རྗེས་སུ་དྲན་པ་བསྟན་ཏོ། །ལམ་དེ་ཡང་སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་གཞི་བཟུང་དགོས་པས་དེ་ནས་གཏོང་བ་དང་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྟན། དེ་ཡང་ལྷས་དཔང་པོ་བྱས་པའི་སྒོ་ནས་ཉམས་སུ་བླངས་དགོས་པས་དེ་ནས་ལྷ་རྗེས་སུ་དྲན་པ་བསྟན་ཏོ། །དེ་ཐམས་ཅད་ལྟ་བ་རྣམ་དག་གིས་ཡོངས་སུ་དག་པར་བྱེད་པ་དགོས་པས་དེ་ནས་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པའི་སྦྱོར་བ་བསྟན་ཏོ། །ཇི་ལྟར་མཚོན་པའི་ཚུལ་ནི། ཉམས་སུ་བླང་བྱའི་ཡུལ་གྱི་སྒོ་ནས་མཚོན་པས་སོ། །སྐད་ཅིག་མའི་སྦྱོར་བ་ལ་རྣམ་པར་སྨིན་པ་མ་ཡིན་པ་དང༌། རྣམ་པར་སྨིན་པ་དང༌། མཚན་ཉིད་མེད་པ་དང༌། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞིའོ། །དང་པོ་ནི། རྟོག་བྱ་མཐོང་ལམ་ཡན་ཆད་ཀྱི་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཆོས་རྣམས་ལ་ལས་ཉོན་གྱི་རྣམ་པར་སྨིན་པ་མིན་པ་ཞེས་བརྗོད་པ་དེ་ཉིད་ཀྱི་ནང་ནས་གཅིག་མངོན་དུ་བྱས་པ་ན་ཐམས་ཅད་མངོན་དུ་བྱེད་པའི་ཡེ་ཤེས་སོ། །གཉིས་པ་ནི། ས་བརྒྱད་པ་ཡན་ཆད་ཀྱི་ཆོས་རྣམས་ལ་རྣམ་སྨིན་ལྟར་འབད་རྩོལ་མེད་པར་མངོན་དུ་གྱུར་པས་རྣམ་སྨིན་ཞེས་ཐ་སྙད་བྱས་པ་དེ་ཉིད་གཅིག་རྟོགས་པ་ན་དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པའི་ཡེ་ཤེས་སོ། །གསུམ་པ་ནི། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམས་བདེན་པའི་མཚན་ཉིད་མེད་པར་སྐད་ཅིག་མ་གཅིག་ལ་རྟོགས་པའི་ཡེ་ཤེས་སོ། །ཡང་ན་སྤྱིར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པ་ལ་གནས་ཏེ་ཕྱིན་དྲུག་ལ་གང་ཡང་རུང་བ་གཅིག་བདེན་པའི་མཚན་ཉིད་མེད་པར་རྟོགས་པ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པའི་ཡེ་ཤེས་སོ། །བཞི་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་གཅིག་གཟུང་འཛིན་གཉིས་སུ་མེད་པར་མཐོང་བ་ན་ཆོས་ཐམས་ཅད་གཟུང་འཛིན་གཉིས་མེད་དུ་མཐོང་བའི་ཡེ་ཤེས་སོ། །ཡང་ན་དང་པོ་གཉིས་ལ་མངོན་དུ་བྱེད་པའི་ཡེ་ཤེས། མངོན་དུ་བྱ་བའི་ཡུལ། མངོན་དུ་བྱེད་པའི་ཚུལ། མངོན་དུ་བྱེད་ནུས་པའི་རྒྱུ་མཚན་བཞི་བཞིས་བཤད་དོ། །ཕྱི་མ་གཉིས་ནི་གང་གིས་རྟོགས་པའི་ཡུལ་ཅན། གང་རྟོགས་པར་བྱ་བའི་ཡུལ། ཇི་ལྟར་རྟོགས་པའི་ཚུལ། དེ་ལྟར་རྟོགས་པའི་རྒྱུ་མཚན་དང་བཞིས་བཤད་དོ། །བཞི་པོ་ལས་དང་པོ་གཉིས་ནི་ཡོན་ཏན་མངོན་དུ་བྱེད་ཚུལ་ལས་ཕྱེ་བ་ཡིན་ལ། ཕྱི་མ་གཉིས་ནི་ཡུལ་རྟོགས་ཚུལ་ལས་ཕྱེ་བ་ཡིན་ནོ། །ཡང་ན་དང་པོ་གཉིས་ནི་རྟོགས་བྱ་ལ་ཕྱེ་བ་ཡིན་ལ། ཕྱི་མ་གཉིས་ནི་རྟོགས་ཚུལ་གྱི་ཆ་ལས་ཕྱེ་བ་ཡིན་ནོ། །ཇི་ལྟར་མཚོན་པའི་ཚུལ་ནི། ངོ་བོའི་སྒོ་ནས་སོ། །འབྲས་བུ་ཆོས་ཀྱི་སྐུ་ལ་དོན་དམ་པའི་སྐུ་དང༌། ཀུན་རྫོབ་པའི་སྐུ་གཉིས་སོ། །ཕྱི་མ་ལ་གདུལ་བྱ་ཉེ་རིང་གི་དབྱེ་བས་ལོངས་སྐུ་དང༌། སྤྲུལ་སྐུ་གཉིས་སོ། །དང་པོ་ནི། ངོ་བོ་ཉིད་ཀྱི་སྐུ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་དང༌། དེ་ལ་དྲི་མ་དག་པའི་སྤང་བ་དང༌། སྟོབས་བཅུ་ལ་སོགས་པའི་ཡོན་ཏན་མཁའ་དང་ཉི་མ་ལ་ཉི་མའི་འོད་ཟེར་བཞིན་དུ་དབྱེར་མེད་དུ་འཇུག་པ་ལ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། རྒྱུད་བླ་མ་ལས། ནོར་བུ་རིན་ཆེན་འོད་མདོག་དང༌། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་སོ། །སློབ་དཔོན་ནི་སྤང་རྟོགས་གཉིས་སོ་སོར་སྐུ་རེ་རེར་འཇོག་པས་སྐུ་བཞིར་བཞེད་མོད། འོན་ཀྱང་མི་འཐད་དེ། སྤང་བ་རྐྱང་པས་སྐུའི་ཐ་སྙད་མི་འཐོབ་པའི་ཕྱིར་རོ། །དེ་ཡང་སྐུ་ནི་བསགས་པའི་དོན་ལ་འཇུག་པས་སོ། །གཞན་ཡང་སྤང་རྟོགས་སྐུ་སོ་སོར་བཞག་དགོས་ན། འོ་ན་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེའི་མཚན་དཔེ་དང༌། སྤྲུལ་སྐུ་དང༌། དེའི་མཚན་དཔེ་ཡང་སྐུ་གཉིས་སུ་བཞག་དགོས་པར་མཚུངས་པས་སྐུ་བཞིར་ཡང་མི་འཐད་པར་འགྱུར་རོ། །སྐུ་ཕྱི་མ་གཉིས་ནི་རང་དོན་གྱི་སྐུ་དེ་ཉིད་སྨོན་ལམ་གྱི་དབང་གིས་གདུལ་བྱ་ལ་ཇི་ལྟར་སྣང་བའི་ཚུལ་བཞག་པ་སྟེ། སྐུ་དེ་ཉིད་སྨོན་ལམ་གྱི་དབང་གིས་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བའི་ཕྱིར་དང༌། སོ་སོའི་སྐྱེ་བོ་རྣམས་ལ་སྤྲུལ་པའི་སྐུར་སྣང་བའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ནི། གནས་འོག་མིན་དུ་བཞུགས་ཤིང༌། མཚན་དཔེས་བརྒྱན་པའི་བདག་ཉིད་ཐེག་པ་ཆེན་པོའི་ཆོས་སྟོན་པའི་སྒོ་ནས་གདུལ་བྱ་ཉེ་བའི་དོན་བྱེད་པའོ། །མཆོག་གི་སྤྲུལ་པའི་སྐུ་ནི། མཚན་དཔེས་བརྒྱན་པའི་བདག་ཉིད་ཡུལ་སྣ་ཚོགས་སུ་ཆོས་དྲང་དོན་ངེས་དོན་སྣ་ཚོགས་ཀྱིས་གདུལ་བྱ་རིང་བའི་དོན་བྱེད་པའོ། །ཅིའི་ཕྱིར་སྐུ་གསུམ་དུ་གྲངས་ངེས་ཞེ་ན། ཐེག་པ་ཆེན་པོའི་གང་ཟག་དག་གི་དོན་དུ་གཉེར་བྱ་ནི་རང་དོན་དང་གཞན་དོན་གཉིས་སུ་ངེས་པས་རང་དོན་དུ་ཐོབ་བྱ་ངོ་བོ་ཉིད་ཀྱི་སྐུ་དང༌། གཞན་དོན་དུ་ཐོབ་བྱ་གཟུགས་ཀྱི་སྐུ་གཉིས་སུ་ངེས་ཤིང༌། གཟུགས་སྐུའང་དོན་བྱའི་གདུལ་བྱ་ཉེ་རིང་གཉིས་སུ་ངེས་པས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་བཞག་པས་སྐུ་གསུམ་དུ་ངེས་པ་ཡིན་ནོ། །ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་དང་བཞིའོ། །དེ་ཡང་ཡེ་ཤེས་གཅིག་ཉིད་ཡུལ་མཁྱེན་ཚུལ་གྱི་སྒོ་ནས་བཞིར་ཕྱེ་བ་ཡིན་ནོ། །སོ་སོའི་ངོ་བོ་ནི་སློབ་དཔོན་ངང་ཚུལ་བཟང་པོས་ཡེ་ཤེས་དང་པོ་ནི་ཆོས་ཅན་དང༌། ཆོས་ཉིད་གཉིས་ཀ་རྟོགས་པའི་ཆ་ཡིན་ལ། གཉིས་པ་ནི་ཡུལ་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། དེའི་ཡུལ་གཉིས་ཀ་མཉམ་ཉིད་དུ་རྟོགས་པའོ། །གསུམ་པ་ནི། ཡེ་ཤེས་སྔ་མ་གཉིས་ཀྱི་ཡུལ་ཇི་ལྟར་རྟོགས་པའི་ཚུལ་མཁྱེན་པ་ཡིན་ལ། ཡེ་ཤེས་ཐ་མ་ནི་གཞན་དོན་དང་བྱ་བ་སྒྲུབ་པའི་ཐབས་རྟོགས་པའི་ཡེ་ཤེས་ཞེས་བཞེད་དོ། །སློབ་དཔོན་མ་ཏི་ཙི་ཏྲའི་བཞེད་པས་ཡེ་ཤེས་དང་པོ་ནི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཆ་ལ་ཕྱེ་བ་ཡིན་ལ། གཉིས་པས་ནི་རང་བཞིན་མེད་པར་བདག་མེད་དུ་མཁྱེན་ལ། གསུམ་པ་ནི། ཇི་སྙེད་པའི་ཆ་པདྨའི་འདབ་མ་ལྟར་མ་འདྲེས་པར་མཁྱེན་ལ། བཞི་པས་ནི། གདུལ་བྱ་འདུལ་བའི་བྱ་བ་མཁྱེན་པ་ཡིན་ནོ་ཞེས་འདོད་དོ། །སློབ་དཔོན་དགེ་འདུན་བཙུན་པ་ལྟར་ན། རིམ་པ་ལྟར། ཆོས་ཉིད་རྟོགས་པའི་སྒོ་ནས་ཆོས་ཅན་ལ་བསྙེལ་པ་མི་མངའ་བ་དང༌། བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་མཉམ་པར་གཟིགས་པ་དང༌། ཐམས་ཅད་ཐོགས་མེད་དུ་མཁྱེན་པ་དང༌། སེམས་ཅན་གྱི་དོན་བསྒྲུབ་པའི་བྱ་བ་མཁྱེན་པ་ལ་བཤད་དོ། །ཡེ་ཤེས་བཞིར་གྲངས་ངེས་པ་ནི། རང་དོན་སྒྲུབ་པ་ལ་མེ་ལོང་ལྟ་བུའི་ཡེ་ཤེས། གཞན་དོན་སྒྲུབ་པ་ལ་ལྷག་མ་གསུམ་སྟེ། གསུམ་པོ་ལ་ཡང་བསམ་པ་དང༌། སྦྱོར་བ་གཉིས་ལས། དང་པོ་ནི་མཉམ་ཉིད། སོ་སོར་རྟོག་པའི་ཡེ་ཤེས་སོ། །གཉིས་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་སོ། །གོ་རིམ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྟེན་ཡིན་པས་དང་པོར་བསྟན་ལ། ལྷག་མ་གསུམ་རྟེན་པ་ཡིན་པས་རྗེས་ཐོགས་སུ་བཤད་དོ། །གསུམ་པོ་ལ་ཡང་དང་པོ་གཉིས་རང་དོན་ཡིན་ཞིང༌། ཐ་མ་གཞན་དོན་ཡིན་པས་རིམ་པ་བཞིན་བཤད་དོ། །རང་དོན་ལ་བརྟེན་ནས་གཞན་དོན་སྒྲུབ་པའི་ཕྱིར་རོ། །རང་དོན་གཉིས་པོ་ཡང་ཇི་ལྟ་བ་རྟོགས་པའི་ཆ་དང༌། ཇི་སྙེད་པ་རྟོགས་པའི་ཆ་ཡིན་པས་རིམ་པ་བཞིན་དུ་བཤད་དེ། ཇི་ལྟ་བ་རྟོགས་པ་ལས་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །ཕྲིན་ལས་ལ་ངོ་བོའི་དབྱེ་བ་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་པ་གཉིས་ཡིན་ལ། གང་ལ་འཇུག་པའི་ཡུལ་གྱིས་དབྱེ་བས་ཉི་ཤུ་རྩ་བདུན་ནོ། །མདོར་བསྡུ་ན་ལམ་གྱི་རྟེན་དང༌། ལམ་དང༌། ལམ་གྱིས་འབྲས་བུ་ལ་འགོད་པ་གསུམ་དུ་འདུས་ཏེ། ཐོག་མར་ལམ་གྱི་རྟེན་ལྷ་མིའི་གོ་འཕང་ཐོབ་ནས་རྟེན་དེ་ལ་ངེས་པར་ལེགས་པའི་ལམ་བསྒྲུབ་སྟེ། འབྲས་བུས་ངེས་ལེགས་ལ་འགོད་པའི་བྱ་བས་ཕྲིན་ལས་ཀྱི་བྱ་བ་ཇི་སྙེད་པ་ཀུན་བསྡུས་པའི་ཕྱིར་རོ། །སྐུ་དང་ཡེ་ཤེས་དང་ཕྲིན་ལས་གསུམ་གྱི་གོ་རིམ་ནི། སྐུ་ནི་ཡེ་ཤེས་ཀྱི་རྟེན་ཡིན་ལ། ཡེ་ཤེས་ཀྱི་མཐུ་ལས་ཕྲིན་ལས་སྒྲུབ་པའི་ཕྱིར་རོ། །རྟེན་དང་བརྟེན་པ་དང༌། ཕྲིན་ལས་སྒྲུབ་པའི་རིམ་པའོ། །སྐུ་ལ་ཡང་རང་དོན་གྲུབ་ནས་གཞན་དོན་ལ་འཇུག་དགོས་པའི་ཕྱིར། དང་པོར་རང་དོན་ཆོས་སྐུ། དེ་ནས་གཞན་དོན་གཟུགས་སྐུ་བསྟན་པ་ཡིན་ནོ། །གཟུགས་སྐུ་ལ་ཡང་དང་པོར་འོག་མིན་དུ་སངས་རྒྱས་ནས་འཛམ་བུ་གླིང་དུ་སྤྲུལ་པའི་སྐུ་སྟོན་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་རིམ་པ་བཞིན་དུ་བསྟན་ཏོ། །རབ་འབྱམས་རྒྱལ་བའི་གསུང་རབ་ཀུན་གྱི་གཅེས་པའི་དོན། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །མི་ཕམ་བྱམས་པའི་མན་ངག་དྲི་མེད་ཀྱིས། །མན་ངག་གནད་བསྡུས་ཤིན་ཏུ་ཟབ་པའི་དོན། །མཁས་རློམ་བརྒྱ་ཡིས་སྔོན་ཆད་མ་རྙེད་པ། །ཇི་ལྟར་ཉམས་ལེན་ཚུལ་བཞིན་བཤད་པ་འདི། །མཁས་མང་རིང་དུ་བསྟེན་པའི་བློ་གྲོས་དྲི་མེད་མཐུས། །བྱང་ཆུབ་མཆོག་ལ་གཞོལ་བར་འདོད་པའི་སྐྱེ་བོ་ཡི། །འཇུག་ཡུལ་ཀུན་མཁྱེན་ལམ་བཟང་འདི་ནི་བདག་གིས་བཤད། །དེའི་དགེ་བ་སྟོན་ཟླ་ལྟར་དཀར་གང་ཞིག་ཐོབ་པ་དེས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཀུན་མཁྱེན་ལམ་བཟང་འདི་དང་ཀུན་ནས་མི་འབྲལ་ཞིང༌། །སྐྱེ་དགུ་སྐྱོབ་པའི་དབང་པོར་བདག་གྱུར་ཅིག །མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་དོན་བདུན་ཅུ་ལ་སོགས་པ་ཉམས་སུ་ལེན་པའི་ཚུལ་ཕྱིན་ཅི་མ་ལོག་པ་འདི་ནི། མཚུངས་མེད་ཆེན་པོ་གཡག་གི་མཚན་ཅན་སངས་རྒྱས་དཔལ་གྱི་སྐུ་དྲིན་ལས། རོང་སྟོན་པ་ཤེས་བྱ་ཀུན་རིག་གིས། དཔལ་ལྡན་གསང་ཕུ་ནེའུ་ཐོག་ཏུ་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ་སིདྡྷིཿ «འདིའི་མ་དཔེ་ལ་བསྐུང་ཡིག་ཤིན་ཏུ་མང་བ་དང་མི་གསལ་བའི་དབང་གིས་ནོར་བ་ཡོད་པར་ངེས་པས་མཁྱེན་ཡངས་རྣམས་ཀྱིས་དཔྱད་པར་འཚལ།།»  ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*