ཤེས་རབ་སྙིང་པོའི་རྣམ་བཤད་ཡུམ་དོན་རབ་གསལ།

༄༅། །ཤེས་རབ་སྙིང་པོའི་རྣམ་བཤད་ཡུམ་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི། ཤེས་རབ་སྙིང་པོའི་རྣམ་བཤད་ཡུམ་དོན་རབ་གསལ་ཞེས་བྱ་བ། བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །ཐུབ་དབང་ཞབས་ལ་གུས་པས་ཕྱག་འཚལ་ནས། །ཤེས་རབ་ཕ་རོལ་ཕྱིན་མའི་སྙིང་པོའི་དོན། །དྲི་མེད་ངག་གིས་ཅུང་ཟད་བཤད་པར་བྱ། །མཚན་དོན་བཤད་པ། གཞུང་གི་དོན་རྣམ་པར་དབྱེ་བའོ། །དང་པོ་ལ། རྒྱ་གར་སྐད་དུ། བྷ་ག་ཝ་ཏི་ནི། བཅོམ་ལྡན་འདས་མའོ། །པྲ་ཛྙཱ་པཱ་ར་མི་ཏ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཧྲྀ་ད་ཡ་ནི། སྙིང་པོའོ། །གཉིས་པ་ལ་ཕུན་སུམ་ཚོགས་པ་ལྔ་སྟེ། དུས་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པའོ། །དང་པོ་ནི། འདི་སྐད་བདག་གིས་ཐོས་པ་ཞེས་པས་ནི་ཆོས་ཟབ་པར་བསྟན་ཏེ། ཚིག་ཙམ་ཐོས་ཀྱི་དོན་ཁོང་དུ་མ་ཆུད་ཅེས་པའི་དོན་ནོ། །དུས་གཅིག་ན་ཐོས་ཞེས་བྱ་སྟེ། འདིས་སྡུད་པ་པོ་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་བསྟན་ཏེ། དུས་སྐད་ཅིག་མ་ལ་ཆོས་མཐའ་ཡས་པ་བཟུང་ཞེས་པའི་དོན་ནོ། །ཆོས་རྙེད་པར་དཀའ་བ་ཡང་བསྟན་ཏེ། ལན་གཅིག་ཐོས་ཀྱི་ཡང་ཡང་དུ་མ་ཡིན་པ་ཞེས་པའོ། །འདི་དག་གིས་ནི་དུས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཞེས་པ་སྟེ། འཁྲུལ་དང་བྲལ་ཞིང་ཡོན་ཏན་དཔག་མེད་སྣོད། །ཡོན་ཏན་འདི་དག་རབ་རྒྱས་བཅོམ་ལྡན་འདས། །ཞེས་པ་ལྟར་རོ། །གསུམ་པ་གནས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ཁྱིམ་པ་དང་རབ་ཏུ་བྱུང་བ་ཐུན་མོང་གི་གནས་ནི་རྒྱལ་པོའི་ཁབ་ཅེས་པའོ། །རབ་ཏུ་བྱུང་བའི་གནས་ནི་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་ན་རི་བྱ་རྒོད་སྤུངས་པ་ལྟ་བུའི་ཚུལ་དུ་ཡོད་ཅིང༌། ལྗོན་ཤིང་གི་རིགས་མཐའ་ཡས་པ་དང་བཅས་པས་ཤིན་ཏུ་ཡིད་དུ་འོང་བའོ། །བཞི་པ་འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་གི་འཁོར་ནི་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་དང་ཞེས་པས་བསྟན་ཏོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་འཁོར་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ་ཞེས་པའོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ལ་གསུམ་སྟེ། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའོ། །ཆོས་འདི་ལ་བཀའ་གསུམ་ཀ་ཚང་བར་ཡོད་མོད་ཀྱང་བྱིན་གྱིས་བརླབས་པའི་བཀའ་གཙོ་ཆེ་བར་གནས་སོ། །འདི་ལ་གསུམ་སྟེ། གང་གིས་བྱིན་གྱིས་རླབས་པར་བྱེད་པའི་ཏིང་ངེ་འཛིན། གང་བྱིན་གྱིས་བརླབས་པར་བྱས་པའི་གང་ཟག་དང༌། ཚུལ་ཇི་ལྟར་བྱིན་གྱིས་བརླབས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་བསྟན་ཏེ། ཟབ་མོ་ནི་སྟོང་པ་ཉིད་ཡིན་ལ། སྣང་བ་ནི་ཡུལ་ཅན་གྱི་ཏིང་ངེ་འཛིན་ནོ། །སྙོམས་པར་ཞུགས་ཞེས་པ་ནི། ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའོ། །གཉིས་པ་ལ་གཉིས་ཏེ། སྤྱན་རས་གཟིགས་དང༌། ཤཱ་རིའི་བུའོ། །དང་པོ་ནི། ཡང་དེ་ཡི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ་ཞེས་པས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བྱིན་བྱིན་གྱིས་བརླབས་ནས་སྟོང་པ་ཉིད་རྟོགས་པའི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་ནས་ཤཱ་རིའི་བུས་དྲིས་པའི་ལན་སྟོན་པར་མཛད་དོ། །ལུང་སྟོན་པ་ནི་ཏིང་ངེ་འཛིན་གྱི་མཐུའོ། །གཉིས་པ་ཤཱ་རིའི་བུ་ནི་དྲི་བ་པོའོ། །གསུམ་པ་ཇི་ལྟར་བྱིན་གྱིས་བརླབས་པ་ནི། སྤྱན་རས་གཟིགས་ཀྱིས་ལན་སྟོན་པ་དང་ཤཱ་རིའི་བུས་དྲི་བ་བྱེད་པར་བྱིན་གྱིས་བརླབས་པས་སོ། །ཤཱ་རིའི་བུའི་དྲི་བ་ནི། ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་སོ། །དྲི་བ་འདི་ལ་རིགས་ཀྱི་བུ་ཞེས་བྱ་བ་ཡོད་ཀྱི་རིགས་ཀྱི་བུ་མོ་ཞེས་བྱ་བ་མེད་ཅེས་སྨྲ་བ་ནི་ནོར་བ་སྟེ། རྒྱ་དཔེ་ལ་ཡོད་པས་སོ། །དེ་ནས་སྤྱན་རས་གཟིགས་ཀྱིས་དེའི་ལན་ཤེར་ཕྱིན་ལ་བསླབ་ཚུལ་བསྟན་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འོག་ནས་འབྱུང་བ་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཞེས་མཚམས་སྦྱར་ནས། ལྟ་ཚུལ་དངོས་བསྟན་པ་ནི། གཟུགས་སྟོང་པའོ་ཞེས་སོགས་གསུངས་ཏེ། ཟབ་མོ་ཁྱད་པར་བཞི་ལྡན་བསྟན་ཏོ། །འདི་ནི་ཆུ་ཟླའི་དཔེས་ཤེས་པར་བྱ་སྟེ། དཔེར་ན་ཆུ་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བ་ན། ཆུ་ནང་དུ་ཟླ་བ་སྣང་ཙམ་མ་འགག་པར་ཡོད་པ་དང༌། ཟླ་བ་སྣང་བའི་དུས་ནས་ཆུ་ནང་དུ་ཟླ་བ་ཡོད་མ་མྱོང་བ་དང་ཟླ་བར་སྣང་བ་དང༌། ཟླ་བའི་རང་གི་ངོ་བོར་ཡོད་མ་མྱོང་བ་ཐ་མི་དད་པ་དང༌། ཟླ་བའི་མཚན་ཉིད་ཤེས་ནས་རང་སར་གྲོལ་བའོ། །དཔེ་དེ་བཞིན་དུ་གཟུགས་སུ་སྣང་བའི་དུས་ཉིད་ནས་གཟུགས་ཀྱི་རང་གི་ངོ་བོས་སྟོང་པ་སྟེ། འདི་ནི་གཟུགས་སྟོང་པའོ་ཞེས་པའི་དོན་ནོ། །གནས་ཚུལ་ལ་སྟོང་པ་ཉིད་ཡིན་ཡང་ཐ་སྙད་དུ་གཟུགས་ཀྱི་སྣང་བ་མ་འགག་པར་བློ་ལ་སྣང་བ་སྟེ། སྟོང་པ་ཉིད་གཟུགས་སོ་ཞེས་པའི་དོན་ནོ། །གཟུགས་སུ་སྣང་བ་ཉིད་གཟུགས་ཀྱི་རང་གི་དངོས་པོ་སྟོང་པ་ཡིན་གྱི་དེ་ལས་ལོགས་སུ་གཟུགས་ཀྱི་སྟོང་པ་ཉིད་བཙལ་དུ་མེད་པས་ན་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་སོ། །བཞི་པ་ལ། ཟླ་བ་ནི་མཚན་ཉིད་གསུམ་དང་ལྡན་པ་སྟེ། དཔག་ཚད་ལྔ་བཅུ་དང༌། བསིལ་བའི་འོད་ཟེར་འཕྲོ་བ་དང༌། མུན་པ་སེལ་བའི་ཡོན་ཏན་གསུམ་དང་ལྡན་པའོ། །ཆུ་ནང་གི་ཟླ་བར་སྣང་བ་ལ་མཚན་ཉིད་དེ་དག་ཡོད་པས་ཟླ་བར་སྣང་ཡང་ཟླ་བར་མ་གྲུབ་པར་ངེས་སོ། །གལ་ཏེ་གཞན་མ་ཡིན་ན་གཅིག་ཏུ་འགྱུར་རོ་ཞེས་ན། གཅིག་མིན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། གཟུགས་ནི་སྟོང་ཉིད་མི་རིགས་ཏེ། །ཕན་ཚན་དུ་ནི་འགལ་བ་ཉིད། །སྟོང་ཉིད་ཅེས་བྱ་གཟུགས་དང་བྲལ། །གཟུགས་ནི་རྣམ་པ་དང་འབྲེལ་ཡིན། །ཞེས་གསུངས་པ་ལྟར་རོ། །མདོར་ན་གཟུགས་སུ་སྣང་བའི་དུས་ཉིད་ནས་གཟུགས་ཀྱི་རང་གི་ངོ་བོར་མ་གྲུབ་སྟེ། དཔེ་ཆུ་ནང་དུ་ཟླ་བར་སྣང་ཡང་ཟླ་བའི་ངོ་བོར་མ་གྲུབ་པ་བཞིན་ནོ། །ཆོས་བཞི་པོ་འདི་ཉིད་གཟུགས་ལ་སྦྱར་བ་དེ་བཞིན་དུ་ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་ཟིན་ཏོ། །ཟབ་མོ་ཁྱད་པར་བརྒྱད་དང་ལྡན་པ་བསྟན་པ་ནི། སྟོང་པ་ཉིད་དང་ཆོས་ཐམས་ཅད་སྟོང་པ་ཡིན་པ་དེ་ལྟ་བས་ན་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་མེད་དོ། །དེས་ན་གདོད་མ་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་སོ། །མ་སྐྱེས་པས་ན་མ་འགགས་པའོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་ཏོ། །འཁོར་འདས་རང་བཞིན་མེད་པར་བསྟན་པ་ནི། སྟོང་པ་ཡིན་པས་དྲི་མ་འཁོར་བ་ཡང་མེད། དྲི་མ་དང་བྲལ་བ་དོན་དམ་པའི་མྱ་ངན་ལས་འདས་པ་ཡང་མེད། དོན་དམ་པ་འཁོར་འདས་གཉིས་མེད་པས་སྐྱོན་བྲི་བ་དང་ཡོན་ཏན་གྱིས་གང་བ་ཡང་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་དེ་བས་ན་ཕུང་པོ་ལྔས་སྟོང་པར་བསྟན་པ་ནི། སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནས། རྣམ་པར་ཤེས་པའི་བར་དུ་མེད་ཅེས་གསུངས་ཏེ། འདིས་ནི་སྟོང་པ་ཉིད་ལ་ཕུང་པོ་ལྔ་མེད་པར་བསྟན་ཏོ། །སྐྱེ་མཆེད་བཅུ་གཉིས་མེད་པར་བསྟན་པ་ནི། མིག་མེད་ཅེས་པ་ནས། གཟུགས་མེད་ཅེས་པ་དང་ཆོས་མེད་ཅེས་པའི་བར་གྱིས་བསྟན་ཏོ། །ཁམས་བཅོ་བརྒྱད་མེད་པར་བསྟན་པ་ནི། མིག་གི་ཁམས་མེད་ཅེས་པ་ནས་ཡིད་ཀྱི་ཁམས་མེད་ཅེས་པའི་བར་གྱིས་ནི་རྟེན་དབང་པོའི་ཁམས་དྲུག་མེད་པར་བསྟན་ཏོ། །བར་ནས་དམིགས་པ་ཡུལ་གྱི་ཁམས་དྲུག་མེད་པར་ཡང་བསྟན་ཏོ། །མིག་གི་རྣམ་པར་ཤེས་པའི་ཁམས་མེད་ཅེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་ཅེས་པས་ནི་བརྟེན་པ་རྣམ་པར་ཤེས་པའི་ཁམས་དྲུག་མེད་པར་བསྟན་ཏོ། །ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་མེད་པར་བསྟན་པ་ནི། མ་རིག་པ་མེད་ཅེས་པ་ནས། རྒ་ཤི་མེད་ཅེས་པའི་བར་གྱིས་བསྟན་ཏོ། །རྣམ་པར་བྱང་བའི་རྟེན་འབྲེལ་མེད་པར་བསྟན་པ་ནི། མ་རིག་པ་ཟད་པ་མེད་ཅེས་པ་ནས། རྒ་ཤི་ཟད་པ་མེད་ཅེས་པའི་བར་གྱིས་བསྟན་ཏོ། །མ་རིག་ཟད་པ་དང་རྒ་ཤི་ཟད་པ་ནི་མྱ་ངན་ལས་འདས་པའི་དོན་ནོ། །ལམ་གྱི་དམིགས་པ་བདེན་བཞི་མེད་པར་བསྟན་པ་ནི། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད་ཅེས་པའོ། །ཡུལ་ཅན་མེད་པར་བསྟན་པ་ནི། ཤེས་རབ་མེད། ཡེ་ཤེས་མེད་ཅེས་པའོ། །མཧཱ་པཎྜི་ཏའི་རྒྱ་དཔེ་ལས་ཤེས་རབ་མེད་ཅེས་པ་ལྷག་པོ་སྣང་ངོ༌། །ཐོབ་བྱའི་འབྲས་བུ་མེད་པར་བསྟན་པ་ནི། ཐོབ་པ་མེད་ཅེས་པའོ། །ཀུན་རྫོབ་ཏུ་འབྲས་བུ་ཐོབ་པ་ཡོད་པར་བསྟན་པ་ནི། མ་ཐོབ་པ་ཡང་མེད་ཅེས་པའོ། །འདིས་མཚོན་ནས་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་དང༌། འཁོར་འདས་ཀྱི་རྟེན་འབྲེལ་བཅུ་གཉིས་དང༌། ཡུལ་བདེན་པ་བཞི་དང༌། ཡུལ་ཅན་ཡེ་ཤེས་རྣམས་ཀྱང་ཀུན་རྫོབ་ཏུ་ཡོད་པར་བསྟན་ཏོ། །འདི་དག་གིས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ནས་གཟུགས་མེད་པར་རྟོགས་པ་ནས་ཐོབ་བྱའི་འབྲས་བུ་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟེན་ཅིང་གནས་པར་བྱ་བར་གདམས་པ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར་ཞེས་སོགས་ཏེ། ཐོབ་པ་སོགས་མེད་པའི་དོན་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་པར་བྱའོ་ཞེས་པའོ། །གཟུགས་མེད་པ་ནས་ཐོབ་པའི་འབྲས་བུ་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་པའི་ཕན་ཡོན་ནི། སེམས་ལ་སྒྲིབ་པ་མེད་ཅིང་ཞེས་པ་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ་ཞེས་པའི་བར་དུ་གསུངས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་བསྟན་པ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པའོ། །གལ་ཏེ་སངས་རྒྱས་ཐོབ་པར་བྱེད་པའི་ལམ་ལ་འདི་ལས་ལྷག་པའི་གསང་སྔགས་ཡོད་ཞེས་བྱ་བ་ཡོད་པས་སངས་རྒྱས་ཐོབ་པར་བྱེད་པའི་ལམ་ལ་འདི་ཁོ་ན་མི་དགོས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་མ་ཡིན་ནོ་ཞེ་ན། ཤེར་ཕྱིན་འདི་ཉིད་སྔགས་སུ་བསྟན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཞེས་སོགས་གསུངས་ཏེ། སྔགས་ཀྱི་ངོ་བོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མ་རིག་པ་ཟློག་པས་ན་རིག་པ་ཆེན་པོའི་སྔགས་སོ། །འདི་ལས་ལྷག་པ་མེད་པས་ན་བླ་ན་མེད་པའི་སྔགས་སོ། །གང་དང་ཡང་མི་མཉམ་པ་སངས་རྒྱས་ཡིན་ལ་དེ་དང་མཉམ་པས་ན་མི་མཉམ་པ་དང་མཉམ་པའི་སྔགས་སོ། །སྡུག་བསྔལ་གྱི་རྩ་བ་བདེན་འཛིན་གཅོད་པར་བྱེད་པས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་སོ། །མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། བདེན་པའི་དོན་ནི་མངོན་པར་འདོད་པའི་དོན་ལ་མི་བསླུ་བའོ། །མཧཱ་པཎྜི་ཏའི་རྒྱ་དཔེ་ལ་ཡང་དག་པར་བདེན་པས་ན་མི་རྫུན་པར་ཤེས་པར་བྱ་ཞེས་པ་སྣང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ་ནི་དེ་སྐད་ཅེས་པའོ། །ཨོཾ་ནི་བཀྲ་ཤིས་པའི་དོན་ནོ། །ག་ཏེ་ག་ཏེ་ཞེས་པ་ནི་སོང་སོང་ཞེས་པའོ། །དོན་ནི་ཤེར་ཕྱིན་འདི་ལ་བརྟེན་ནས་ཚོགས་ལམ་ནས་སྦྱོར་ལམ་དུ་སོང་ཞེས་པའོ། །པཱ་ར་ག་ཏེ་ཞེས་པ་ནི་མཆོག་ཏུ་སོང་ཞེས་ཏེ། སྦྱོར་ལམ་ལས་མཆོག་ཏུ་གྱུར་པའི་འཕགས་པའི་ལམ་གྱི་མཐོང་ལམ་དུ་སོང་ཞེས་པའོ། །པཱ་ར་སཾ་ག་ཏེ་ཞེས་པ་མཆོག་ཏུ་ཡང་དག་པར་དུ་སོངས་ཤིག་ཅེས་ཏེ་སྒོམ་ལམ་བསྟན་ཏོ། །བོ་དྷི་ནི་བྱང་ཆུབ། སྭཱཧཱ་ནི་གཞི་ཚུགས་ཞེས་ཏེ་བྱང་ཆུབ་ཆེན་པོར་གཞི་ཚུགས་ཞེས་པའོ། །དེ་དག་གིས་ཤེར་ཕྱིན་ལ་སློབ་ཚུལ་རྒྱས་པར་བསྟན་ནས་སློབ་ཚུལ་ཇི་སྐད་བསྟན་པ་ལྟར་བསླབ་པར་བྱའོ་ཞེས་གདམས་པ་ནི། བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་དེ་ལྟར་བསླབ་པར་བྱའོ་ཞེས་པས་བསྟན་ཏོ། །མཧཱ་པཎྜི་ཏའི་རྒྱ་དཔེ་ནས་བཙུན་པ་ཞེས་བྱ་བ་ལྷག་པོར་སྣང་ངོ༌། །འདི་ཡན་ཆད་ཀྱིས་བྱིན་གྱིས་བརླབས་པའི་བཀའ་བསྟན་ཏོ། །ཞལ་ནས་གསུངས་པའི་བཀའ་བསྟན་པ་ནི། དེ་སྐད་ཅེས་སྨྲས་པ་དང༌། བཅོམ་ལྡན་འདས་སྔར་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་པའོ། །འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གིས་ཤེར་ཕྱིན་ལ་བསླབ་ཚུལ་གསུངས་པ་ལ་འཁོར་རྣམས་ཡིད་ཆེས་སུ་གཞུག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་བདེན་པའི་ལན་གནང་བ་ཡིན་ནོ། །རྗེས་སུ་གནང་བའི་བཀའ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞེས་སོགས་གསུངས་ཏེ། ཁྱིམ་ནམ་མཁའ་ལ་ཡོད་པའི་དོན་གྱི་ན་ལྷ། ཡིད་ཤས་ཆེ་བས་ན་མི། ལྷ་ལས་ཅུང་ཟད་ཙམ་དམན་པས་དགག་པའི་སྒྲ་སྦྱར་བས་ལྷ་མ་ཡིན་ཞེས་བཤད་དོ། །ཟས་སུ་དྲི་ཟ་བས་ན་དྲི་ཟའོ། །བཅས་པའི་སྒྲས་འཁོར་མང་པོ་སྡུད་པའོ། །འཇིག་རྟེན་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་སྟེ་ཚུ་རོལ་མཐོང་བའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགའ་བས་རྗེས་སུ་ཡིད་རང་བའི་དོན་ནོ། །ཤེས་རབ་སྙིང་པོའི་རྣམ་བཤད་འདི་ནི་ཤར་རྒྱ་མོ་རོང་པ་ཆོས་སེང་གིས་བསྐུལ་བའི་ངོར་རོང་སྟོན་ཆེན་པོ་ཐམས་ཅད་མཁྱེན་པས་སྦྱར་བའོ།།  །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན། 2

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*