ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ། འཕགས་པ་སྒྲ་གཅན་འཛིན་བཟང་པོས་མཛད་པའི་འགྲེལ་པ། བྱིན་རླབས་རྣམ་པར་གཡོ་བའི་གཏེར་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཐུབ་དབང་ཉི་མ་འགྲོ་བ་པདྨོའི་གཉེན། །གསུང་གི་ཡན་ལག་དམ་ཆོས་སྟོན་པའི་སྒྲ། །མ་ལུས་འཇིག་རྟེན་ཁམས་སུ་ཁྱབ་སྣང་བ། །ཐུབ་པ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་པའི་བདུད་རྩི་ཡི། །བློ་གྲོས་དབང་པོ་མཆོག་ཏུ་རབ་རྒྱས་པ། །བརྩེ་བའི་བདག་ཉིད་འགྲོ་ལ་ཚད་མེད་འཇུག །འཕགས་པ་སྒྲ་གཅན་འཛིན་ལ་ཕྱག་འཚལ་ལོ། །འཕགས་པ་གང་གི་རྒྱལ་ཡུམ་ཤེར་ཕྱིན་ལ། །བསྟོད་པའི་ངག་ཚིག་དྲི་མ་མེད་པའི་དོན། །རྣམ་དཔྱོད་བློ་ཡི་ཞིབ་པར་རྣམ་ཕྱེ་བ། །དད་ལྡན་སྐྱེ་བོས་གུས་པས་ཉན་པར་བགྱི། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་སྟོ་ཏྲ། ཞེས་པ་ནི། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ་ཞེས་པའོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙཱ་བས་བཀོད་པའི་མཆོད་བརྗོད་དོ། །དེའང་ཐོག་མར་ཤེར་ཕྱིན་ལ་གུས་པས་འདུད་པར་བསྟན་པ་ནི། གང་ཁྱོད་ཅེས་པ་ནི། སྐབས་ཐོབ་ཀྱི་ཤེར་ཕྱིན་ལ་འཇུག་ལ། ཤེར་ཕྱིན་གྱིས་སྟོབས་ལས་བྱུང་བའི་སངས་རྒྱས་ཀྱི་སྐུའི་དཀྱིལ་འཁོར་ཀུན་ལ་ཉེས་པ་མེད་ལ། ཉེས་མེད་ནི་སངས་རྒྱས་སོ། །སངས་རྒྱས་རྣམས་ཀྱིས་གཟིགས་པར་མཛད་པ་སྟེ། སངས་རྒྱས་ཀྱི་སྤྱོད་ཡུལ་དུ་བསྟན་ནོ། །ཤེར་ཕྱིན་གྱི་ངོ་བོ་ནི། རྣམ་པར་མི་རྟོག་པ་དང༌། ཡོན་ཏན་དཔག་ཏུ་མེད་པའི་འབྱུང་གནས་ཞེས་བསྟོད་ནས་གུས་ཕྱག་འཚལ་ལོ་ཞེས་པའོ། །ཡིད་ལ་བསམ་པ་ཁྱོད་མཐོང་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་ངོ༌། །བསམ་བྱའི་ཤེར་ཕྱིན་སྤྲོས་བྲལ་དུ་བསྟན་པ་ནི། ནམ་མཁའ་བཞིན་དུ་གོས་མེད་ཅིང༌། །སྤྲོས་པ་མེད་པའི་ཡི་གེ་མེད། །ཅེས་སོ། །ཤེར་ཕྱིན་གྱི་ཡོན་ཏན་གཞན་ཡང་བརྗོད་པ་ནི། འཕགས་མ་ཡོན་ཏན་དཔག་ཏུ་མེད་པས་ཕྱུག་པ་ཁྱོད་ཉམས་སུ་བླངས་པས། འཕགས་པ་རྣམས་འབྱུང་བས་མ་ཞེས་བརྗོད་དོ། །སངས་རྒྱས་འགྲོ་བའི་བླ་མ་རྣམས་དང་ཁྱད་པར་ཡོད་པར་མ་འཁུམས་ཏེ། དཔེར་ན་ཟླ་བ་དང་ནི་ཟླ་འོད་བཞིན། སངས་རྒྱས་ཀྱི་ཡོན་ཏན་སྔོན་འགྲོར་བསྟན་པ་ནི་གུས་པར་བྱ་བའི་ཡུལ་ལ་བཟུང་བས་སངས་རྒྱས་ཀྱི་ཡོན་ཏན་བསྐྱེད་པས་བྱམས་མ་སྟེ། ཤེར་ཕྱིན་བརྟེན་པས་ཡོན་ཏན་འབྱུང་བའི་སྔོན་འགྲོ་ཞེས་བསྟན་ནོ། །ཡོན་ཏན་གཞན་ཡང་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཡོན་ཏན་གཞན་དང་མཉམ་དུ་མེད་པའི་བདག་ཉིད་ཆེན་པོ་སངས་རྒྱས་སུ་བདེ་བླག་ཏུ་འགྲོའོ། །ཐོས་བསམ་གྱི་ཡུལ་ལ་འཇུག་པའི་ཕན་ཡོན་བསྟན་པ་ནི། ལན་གཅིག་ཙམ་ཡང་བསམ་པ་རྣམ་པར་དག་པས་ཁྱོད་ལ་ཚུལ་དུ་ལྟ་བ་གང་ཡིན་པ་དེས་ཀྱང་མཐོང་བ་དོན་ཡོད་པར་གྱུར་ནས་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་རོ། །འཕགས་པ་ཐམས་ཅད་ཀྱི་ཡུམ་དུ་བསྟོད་པ་ནི། གཞན་དོན་ལ་མངོན་པར་དགའ་བའི་བདག་ཉིད་ཅན་གྱི་དཔའ་བོ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཟག་མེད་ཀྱི་ཕུང་པོ་གསོ་བ་སྟེ། བསྐྱེད་པར་མཛད་པས་བྱམས་པའི་ཡུམ་ཞེས་བསྟོད་པར་མཛད་དོ། །ཡུམ་དུ་འཇོག་པའི་རྒྱུ་མཚན་གཞན་ཡང་བསྟན་པ་ནི། གང་གི་སླད་དུ་སྟེ་ཅིའི་ཕྱིར་ཡུམ་དུ་འཇོག་ཞེ་ན། འཇིག་རྟེན་གྱི་འདྲེན་པའི་གཙོ་བོ། ཐུགས་རྗེའི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་ཁྱོད་ཀྱི་སྲས་སུ་བརྗོད་པར་བྱ་བ་ཡིན་ཕྱིར། དེའི་སླད་དུ་དེ་རྒྱུ་མཚན་གྱི་དགེ་མ་ཁྱོད་སེམས་ཅན་ཀུན་གྱི་ཕན་བདེའི་ཕྱི་མོ་སྟེ་རྩ་བ་ལགས་སོ། །དྲི་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་སོགས་གཞན་ལྔ་པོ་ཡང༌། དུས་ཀུན་ཏུ་ནི་ཤེར་ཕྱིན་གྱི་རྗེས་སུ་འབྲང་བར་གསུངས་སོ། །ཤེར་ཕྱིན་ཁྱོད་ཀྱི་ཡོན་ཏན་དཔག་ཏུ་མེད་པས་ཀུན་གྱིས་མ་སྨད་པ་ཞེས་བརྗོད་དོ། །སངས་རྒྱས་རྣམས་ཀྱི་བསྔགས་པའི་ཡུལ་དུ་བསྟན་པ་ནི། རྒྱུ་སྐར་རྣམས་ཀྱི་དབུས་ན་ཟླ་བའི་དཀྱིལ་འཁོར་གྱི་རི་མོ་མཛེས་པ་བཞིན་ནོ། །གདུལ་བྱའི་འགྲོ་བ་ལ་ཕན་བཏགས་པ་ལ་བརྟེན་ནས། གདུལ་བྱ་གནས་པའི་གནས་དེ་དང་དེར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེར་ཕྱིན་ཁྱོད་གཅིག་པོ་ལ་ཚུལ་མང་དུ་སྣ་ཚོགས་མཚན་གྱིས་བསྔགས་པར་མཛད་དོ། །ཤེར་ཕྱིན་གྱི་གཞུང་གི་བསྟོད་པ་ནི། ཟིལ་པའི་ཆུ་ཐིགས་རྣམས་ཉི་མའི་འོད་དང་མཇལ་བ་བཞིན་དུ། རྒོལ་བ་རྣམས་ཀྱིས་རྩོད་པ་དང༌། སྐྱོན་འགལ་བ་རྣམས་ཁྱོད་དང་མཇལ་ན་འཇིག་པར་འགྱུར་རོ། །ཤེར་ཕྱིན་གྱི་གཞུང་གི་བསྟོད་པ་ནི། ཐོས་ན་བྱིས་པ་རྣམས་སྐྲག་པ་བསྐྱེད་པ་ནི། ཤེར་ཕྱིན་ཁྱོད་ཉིད་བྱིས་པ་རྣམས་ཀྱིས་མཐོང་ན་སྐྲག་པ་བསྐྱེད་ཅིང་འཇིགས་པར་བྱེད་དོ། །མཁས་པ་རྣམས་ཀྱིས་ཐོས་ན་དབུགས་འབྱིན་པ་དང་རྟོགས་པ་བསྐྱེད་པས་དོན་མཐོང་ན་སྡུག་བསྔལ་ཞི་བ་ལགས། ཁྱོད་ལ་མགོན་དུ་བཟུང་བ་གང་ལགས། ཁྱོད་མངོན་པར་ཆགས་པ་མི་མངའ་ན། ཡུམ་གཅིག་པུ་པ་དེ་འགྲན་ཟླ་མེད་པ་དེ་ལ། གཞན་ལ་འདོད་ཆགས་ཞེ་སྡང་ཇི་ལྟར་འབྱུང་སྟེ་མི་འབྱུང་ངོ༌། །གཞན་ལ་ཉོན་མོངས་པ་མི་སྐྱེ་ཞེས་པའི་དོན་ནོ། །ཡུམ་ལ་འགྲོ་འོང་གནས་གསུམ་མེད་པར་བསྟན་པ་ནི། ཡུམ་ཁྱོད་ནི་གང་ནས་མ་བྱོན་ཞིང༌། གང་དུའང་མི་གཤེགས་པས་འགྲོ་བ་མི་མངའ་ལ། གནས་ནི་ཐམས་ཅད་དུའང་མཁས་པ་རྣམས་ཀྱིས་དམིགས་པ་མ་ལགས་སོ། །ཡུམ་གང་ཁྱོད་འགྲོ་འོང་དེ་ལྟར་དུ་མ་འཁུམས་པ་སྟེ་མ་རྟོགས་ནས་ཐོག་མར་འགྲོ་འོང་མེད་པར་བསམས་པ་དང༌། བར་དུ་སྒྲུབ་པ་དང༌། ཐ་མར་བསྒྲུབ་པའི་རྩོལ་སྒྲུབ་ལས་རྣམ་པར་གྲོལ་བ་གང་ཡིན་པ་དེ་རྨད་དུ་བྱུང་བ་ཆེན་པོ་ལགས་སོ། །འཆིང་གྲོལ་ལ་བདེན་པར་བཟུང་བ་སྐྱོན་དུ་བསྟན་པ་ནི། ཡུམ་ཁྱོད་ཉིད་བདེན་པར་མཐོང་བའི་ཚུལ་གྱིས་བསྟོད་པ་ནི། ཨེ་མ་ཡ་མཚན་ཆེས་ཆེར་བསྟོད་པར་འོས་མ་ཞེས་པ་དང༌། འཇིག་རྟེན་གསུམ་དུ་གྲགས་པ་དང་ལྡན་པས་གྲགས་ལྡན་མ་ཁྱོད་བཟང་མོ་ལགས་ཞེས་སོ། །རྟོགས་པར་དཀའ་བར་བསྟན་པ་ནི། སྒྱུ་མ་རང་བཞིན་དུ་རང་བཞིན་མེད་པར་ཤིན་ཏུ་རྟོགས་པར་དཀའ་སྟེ། བདེན་འཛིན་གྱི་བག་ཆགས་བརྟན་པའི་ཕྱིར་རོ། །ཡང་རྟོགས་པར་དཀའ་སྟེ། མ་དཔྱད་པའི་ངོ་ན་སྣང་ཞིང་དཔྱད་ན་སྣང་བའང་བརླག་པས་རྟོགས་གེའི་བློས་དཔག་ཏུ་མེད་པའི་ཕྱིར། རིགས་ཅན་གསུམ་གྱི་ཡུམ་དུ་བསྟན་པ་ནི། སངས་རྒྱས་དང་རང་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་ཀྱི་ངེས་པར་བསྟེན་པར་བྱ་བ་ཡིན་པས་ཏེ། ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པས་མ་ཞེས་བརྗོད་དོ། །ཁྱོད་ནི་ཐར་པའི་ལམ་གཅིག་པུ་བ་དེ། དེ་ལྟར་སངས་རྒྱས་ཐོབ་པའི་ལམ་གཞན་དག་མེད་པར་ངེས་སོ། །སྨྲ་བསམ་བརྗོད་མེད་ཡིན་ན། ཅིའི་ཕྱིར་བསྟན་ཅེ་ན། བརྩེ་བས་འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས་ལུས་ཅན་རྣམས་ལ་ཕན་པའི་དོན་དུ། ཐ་སྙད་ཀྱི་དོན་དུ་བྱས་ནས་དགོས་པ་བསྟན་ནོ། །དོན་དམ་པར་ནི་བསྟན་པར་བྱ་བར་མེད་པས་མ་བསྟན་པར་ཡང་གདའ་ཞིང་དོན་དམ་པར་ཁྱོད་སྟོན་པར་སུས་རྔོ་ཐོགས་ཏེ་བསྟན་པར་མི་ནུས། བསྟན་པར་མི་ནུས་པའི་རྒྱུ་མཚན་ནི། མཚན་མ་མེད་ཅིང་གོས་པ་མེད་པ་དང༌། ངག་གི་ཡུལ་ཀུན་ལས་འདས་པའི་ཕྱིར། སུ་ཞིག་གི་ཡུལ་ཀུན་ལས་འདས་ན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡུམ་ཁྱོད་དུས་དང་གནས་སྐབས་འགར་ཡང་རྟེན་དང་བརྟེན་པར་མི་མངའ་འོ། །དོན་དམ་པར་ངག་གི་ཡུལ་ལས་འདས་པ་དེ་ལྟར་གདའ་ཡང༌། ཀུན་རྫོབ་ཏུ་བསྟོད་པ་རྩོམ་པ་པོ་བདག་ཅག་གི་ངག་ལམ་འདི་འདྲ་བར་བསྟོད་པས་བསོད་ནམས་ཀྱིས་མཐུས་ཤིན་ཏུ་མྱ་ངན་ལས་འདའ་བ་ཐོབ་བོ། །དོན་དམ་པར་ཁྱོད་ནི་བསྟོད་བྱར་མི་གདའ་འོ། །བསྟོད་པ་བརྩམས་པའི་དགེ་བ་བསྔོ་བ་ནི་དགེ་བའི་རྩ་བ་བདག་གིས་གང་བསགས་པ་དེས་འཇིག་རྟེན་མ་ལུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བློ་གཞོལ་ཤིང་དོན་རྟོགས་པར་ཤོག །ཅེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ། འཕགས་པ་སྒྲ་གཅན་འཛིན་བཟང་པོས་མཛད་པ་རྫོགས་སོ། །ཁ་ཆེའི་པཎྜི་ཏ་མཧཱ་ཛ་མ་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་མ་ལ། །སྒྲ་གཅན་འཛིན་གྱིས་བསྟོད་པ་མཛད་པའི་དོན། །ལེགས་པར་བཤད་པའི་དགེ་བ་གང་ཐོབ་དེས། །བདག་གཞན་ཀུན་གྱི་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་འཕགས་པ་སྒྲ་གཅན་འཛིན་གྱིས་མཛད་པའི་འགྲེལ་པ་བྱིན་རླབས་རྣམ་པར་རོལ་པའི་གཏེར་ཞེས་བྱ་བ་འདི་ནི། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་རབ་བྱུང་གི་ལོར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*