ཉམས་སུ་ལེན་པའི་མན་ངག་གི་རིམ་པ་སྙིང་པོ་མདོར་བསྡུས་པ་གནད་ཀྱི་ཟླ་འོད།

༄༅། །ཨོཾ་སྭསྟི། ཉམས་སུ་ལེན་པའི་མན་ངག་གི་རིམ་པ་སྙིང་པོ་མདོར་བསྡུས་པ་གནད་ཀྱི་ཟླ་འོད་ཅེས་བྱ་བ།

ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས་མཆོག །གསུང་རབ་ཀུན་གྱི་སྙིང་པོའི་བཅུད་བསྡུས་པ། །བླ་མའི་ཞལ་ལས་ལེགས་པར་རབ་བརྙེས་པས། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཐར་པ་དང་ཐམས་ཅད་མཁྱེན་པའི་རྩ་བ་སེམས་ལ་ཐུག་ལ། ཉོན་མོངས་པ་འདོད་ཆགས་ལ་སོགས་པ་བདག་ཏུ་འཛིན་པའི་མ་རིག་པ་རྣམས་སེམས་ལས་འཕྲོས་པ་ཡིན་པས་དེ་འཇོམས་དགོས་སོ། །གཞོམ་བྱའི་རྟོག་པའང་གསུམ་དུ་འདུས་ཏེ། ཉོན་མོངས་པའི་རྟོག་པས་འཁོར་བར་འཕེན། མི་དགེ་བའི་རྟོག་པས་ངན་སོང་དུ་འཕེན། ལུང་མ་བསྟན་གྱི་རྟོག་པས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པས། རྟོག་པ་རིགས་གསུམ་པོ་འདི་འཇོམས་དགོས་སོ། །འདི་འཇོམས་པ་ལ་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་དགོས་སོ། །དེ་ཇི་ལྟར་འཇོམས་ཤེ་ན། འདོད་ཆགས་སྐྱེས་ན་དེ་མ་ཐག་ཏུ་ངོ་ཤེས་པར་བྱས་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེའི་ངོ་བོ་ལ་རྟོག་པར་བྱའོ། །ཇི་ལྟར་རྟོག་ན། དང་པོ་རྒྱུ་གང་ནས་བྱུང༌། བར་དུ་དབྱིབས་དང་ཁ་དོག་ཇི་ལྟར་གནས་བརྟག་གོ །སེམས་ལ་སེམས་ཀྱིས་བལྟས་པས། ངོ་བོ་ཅི་ཡང་མ་རྙེད་པའི་དོན་ལ་འདྲིས་པའམ་གོམས་པར་བྱའོ། །ཞེ་སྡང་སྐྱེས་ན། དང་པོ་རྒྱུ་ཇི་ལྟར་བྱུང༌། བར་དུ་དབྱིབས་དང་ཁ་དོག་ཇི་ལྟར་འདུག ཐ་མར་གང་དུ་འགྲོ་བ་བལྟས་པས་ཅི་ཡང་མ་རྙེད་པའི་དོན་ལ་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་གོ །ཞི་གནས་ཀྱིས་ནི་ངོ་བོ་ཅི་ཡང་མ་རྙེད་པའི་དོན་ལེགས་པར་བཟུང་ནས་ཡང་དང་ཡང་དུ་འདྲིས་པར་བྱའོ། །ཡང་སྐབས་སྐབས་སུ་སྟོང་ཉིད་ཀྱི་རྣམ་པ་དེ་ཉིད་ཀྱི་ཁོར་ཡུག་དུ་བསྐོར་ནས། མཚན་མ་མེད་པ་ནམ་མཁའི་དཀྱིལ་ལྟ་བུར་ཡང་དང་ཡང་དུ་ཡིད་ལ་བྱའོ། །རང་རེའི་ཏིང་ངེ་འཛིན་སྒོམ་བྱེད་ཀྱི་ལུས་ཀྱང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ནས་ནམ་མཁའི་དཀྱིལ་དུ་མཉམ་པར་བཞག་པར་བྱའོ། །རྗེས་དགེ་བ་ཇི་ལྟར་བསགས་པ་བསྔོ་བས་ཟིན་པར་བྱ་ཞིང༌། བསྔོ་བས་རྒྱས་འདེབས་པ་ཤིན་ཏུ་གལ་ཆེ། ཧྲིལ་གྱིས་དྲིལ་ན་ཉམས་ལེན་གྱི་རིམ་པ་འདི་ཡིན་ཏེ། དང་པོར་སྐྱབས་སུ་འགྲོ་བ་དང༌། བྱམས་སྙིང་རྗེ་བསྒོམ་པ་དང༌། དེ་ནས་སེམས་བསྐྱེད་པར་བྱ་སྟེ། འདི་གསུམ་ནི་ཉམས་ལེན་གྱི་རྩ་བ་རྩིག་པའི་རྨང་རྡོ་ལྟ་བུ་ཡིན་པས་འདི་ལ་འབད་པར་བྱའོ། །དངོས་གཞིའི་དུས་སུ་རང་གི་སེམས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས། མ་རྙེད་པའི་དོན་ལ་ཡང་དང་ཡང་དུ་བཞག་པར་བྱའོ། །རང་གི་སེམས་ནི་སྣང་ཆའོ། །མ་རྙེད་པའི་དོན་ནི་སྟོང་པ་ཉིད་དོ། །དེ་གཉིས་དབྱེར་མེད་དུ་བསྒོམ་པ་ནི་སྣང་སྟོང་དབྱེར་མེད་དུ་བསྒོམ་པའོ། །སེམས་ནི་སྣང་བཞིན་དུ་བརྟགས་ན་མི་རྙེད། དོན་དམ་པར་མ་རྙེད་ཀྱང༌། ཀུན་རྫོབ་ཏུ་དྲན་རིག་གསལ་པོར་སྣང་བས་རིག་སྟོང་དབྱེར་མེད་དུ་བསྒོམ་པའི་ཚུལ་འདི་ནི་ནང་སྟོང་པ་ཉིད་ལ་བསླབ་པའི་ཚུལ་ལོ། །ཕྱི་སྟོང་པ་ཉིད་བསྒོམ་པའི་ཚུལ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་བློ་ཡུལ་དུ་གང་སྣང་ཡང༌། ཆུ་ཟླའི་དཔེ་དང༌། རྨི་ལམ་དང༌། སྒྱུ་མ་དང༌། དྲི་ཟའི་གྲོང་ཁྱེར་དང༌། འཇའ་ཚོན་ལྟར་སྣང་བའི་དུས་ནས་རང་བཞིན་མེད་པར་ཤེས་རབ་ཀྱིས་བལྟ་བར་བྱའོ། །དཔེར་ན། ཆུ་ནང་དུ་ཟླ་བ་སྣང་ཡང༌། ཟླ་བའི་ངོ་བོ་ཅུང་ཟད་ཀྱང་གནས་ཚུལ་ལམ་འདོད་ཚུལ་ལ་མེད་པ་དང༌། རྨི་ལམ་དང་སྒྱུ་མའི་རྟ་གླང་དུ་སྣང་བ་ཡང་ཇི་ལྟ་བ་བཞིན་ཡོད་པར་སྣང་ཡང༌། གནས་ཚུལ་དེ་ལ་མེད་པ་དང༌། འཇའ་ཚོན་ཁ་དོག་བཀྲ་བར་སྣང་ཡང༌། སྣང་བ་ལྟར་མེད་པ་དང༌། རེག་ཏུ་ཡོད་པ་དང༌། གཟུང་དུ་ཡོད་པ་ལྟར་སྣང་ཡང༌། གཟུང་དུ་མེད་པ་དང༌། རེག་ཏུ་མེད་པ་ལྟར་ངེས་ཤེས་བརྟན་པོས་ཁོང་དུ་ཆུད་པར་བྱས་ནས། དོན་བློ་ཡུལ་དུ་གང་སྣང་ལ་སྦྱར་ཏེ། སྣང་བའི་དུས་ན་ཐམས་ཅད་མེད་པར་ངེས་པར་བྱའོ། །འདི་ནི་འགྲོ་བ་དང༌། འདུག་པ་དང༌། ཉལ་བ་དང༌། འཆག་པ་ལ་སོགས་པའི་གནས་སྐབས་གང་དུའང་མི་བརྗེད་པར་དྲན་པར་བྱས་ནས། ཡང་ཡང་འདྲིས་པར་བྱ་བ་ནི་མཉམ་བཞག་གི་བོགས་འདོན་ནོ། །རྗེས་དགེ་བ་བླ་མེད་དུ་བསྔོ་བ་ནི་གནད་ཀྱི་མན་ངག་གོ །ཕྱི་རོལ་ནི་སྣང་སྟོང་དབྱེར་མེད་དུ་བསྒོམ་པར་བྱ་བ་ཡིན་ནོ། །ནང་རིག་སྟོང་དབྱེར་མེད་དུ་བསྒོམ་པ་དང༌། ཕྱི་སྣང་སྟོང་དབྱེར་མེད་དུ་བསྒོམ་པ་ནི་ལམ་གྱི་དངོས་གཞིའོ། །རྗེས་ཀྱི་བསྔོ་བ་ནི། དགེ་བ་མི་ཟད་པར་བྱ་བའི་ཕྱིར་དང༌། དགེ་བ་བྱང་ཆུབ་ཀྱི་རྒྱུར་སྒྱུར་བར་བྱེད་པ་ནི་འདི་ལ་རག་ལས་སོ། །གསུང་རབ་ཀུན་གྱི་སྙིང་པོའི་བཅུད་བསྡུས་ནས། །ཉམས་སུ་ལེན་པའི་རིམ་པའི་ཚུལ་འདི་ལ། །དད་ལྡན་རྣམས་ཀྱིས་གུས་པས་འཇུག་པར་རིགས། །གཞན་གྱི་སྤྲོས་པ་ཐམས་ཅད་དོན་མེད་ཡིན། །འདི་ལྟར་བཤད་པའི་དགེ་བ་འདི་ཡིས་ནི། །ཀུན་གྱིས་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །དད་ལྡན་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར། །གཞན་ལ་ཕན་པར་བྱ་ཕྱིར་ལེགས་པར་བཤད། །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*