ཚད་མ་རྣམ་འགྲེལ་གྱི་ལམ་རིམ་ངོ་མཚར་སྣང་བ།

༄༅། །ཨོཾ་སྭསྟི། ཚད་མ་རྣམ་འགྲེལ་གྱི་ལམ་རིམ་ངོ་མཚར་སྣང་བ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་ཤིང༌། །ཕྲིན་ལས་འོད་དཀར་ཕྱོགས་བཅུར་རབ་རྒྱས་ཏེ། །འགྲོ་བའི་མ་རིག་མུན་པ་ཀུན་སེལ་བ། །ཐུབ་དབང་སྐྱོབ་པའི་དབང་པོ་ལ་ཕྱག་འཚལ། །ཤེས་རབ་མཆོག་ཏུ་གྱུར་པར་རབ་བསྔགས་ཤིང༌། །ལེགས་པར་སྦྱངས་པའི་བློ་གྲོས་ཆུ་འཛིན་ལས། །ཡང་དག་རིག་པའི་གློག་འོད་རབ་འཁྱུག་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །རིག་པའི་སྟོབས་ཀྱིས་ཕས་ཀྱི་རྒོལ་བ་བཟློག །ཡང་དག་རིག་པས་མི་རིགས་ཚར་གཅོད་ཅིང༌། །ཆོས་མིན་སྨྲ་བ་རིང་དུ་སྤོང་མཛད་པ། །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །རིང་དུ་བརྟགས་ཀྱང་རྟོག་པར་དཀའ་བའི་དོན། །ཚད་མའི་རིང་ལུགས་མན་ངག་གནད་བསྡུས་པའི། །ཡང་དག་རིག་ལམ་ངོ་མཚར་ཕུལ་བྱུང་བ། །སྐྱོན་བྲལ་ངག་གི་རྣམ་པར་བཤད་པར་བྱ། །འདིར་སྐལ་བ་དང་ལྡན་པ་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ལམ་གྱི་རིམ་པ་ཚང་ལ་མ་ནོར་བ་འདི་ལྟ་སྟེ། སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་ལམ་གྱི་གཞི་བཟུང༌། ལམ་གྱི་དངོས་གཞི་ཐབས་ཤེས་གཉིས་བསྒོམ་པའི་ཚུལ། དེ་ལས་ཐོབ་པའི་འབྲས་བུ་བསྟན་པའོ། །དང་པོ་ལ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་གསུངས་པས། སྐྱབས་སུ་འགྲོ་བའི་ཡུལ་དང༌། སྐྱབས་འགྲོ་དངོས་བསྟན་ལ། འགྲོ་ལ་ཕན་བཞེད་པ་ཞེས་པས་སེམས་བསྐྱེད་བསྟན། སྟོན་པ་དང༌། བདེ་གཤེགས་དང༌། སྐྱོབ་པ་གསུམ་གྱིས་ལམ་གྱི་འབྲས་བུ་བསྟན་པ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་ལམ་གྱི་དངོས་གཞི་རྒྱས་པ་ནི། བརྒྱད་སྟོང་དོན་བསྡུ་བར་བསྟན་ལ། ཇི་སྙེད་པའི་ཆ་ནི་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མེར་བསྟན་ནོ། །དཔལ་ལྡན་ཆོས་ཀྱི་གྲགས་པའི་བཞེད་ཚུལ་ནི། རྟོག་པའི་དྲྭ་བ་རྣམས་བསལ་ཞིང༌། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་སྐྱབས་འགྲོ་བསྟན་ལ། སྒྲུབ་བྱེད་ཐུགས་རྗེ་གོམས་ལས། །ཞེས་པས་སེམས་བསྐྱེད་བསྟན་ནོ། །གཉིས་པ་ལམ་གྱི་དངོས་གཞི་ཐབས་ཤེས་གཉིས་བསྒོམ་ཚུལ་ལ། ཐབས་ནི། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་གསུངས་པས། ཐབས་ཀྱི་ཁྱད་པར་དུ་མ་བསྟན། འོ་ན་ལས་སྒྲིབ་དག་པའི་ཐབས་སུ་གཟུངས་སྒྲུབ་དང༌། བསྙུང་གནས་དང༌། སྦྱིན་སྲེག་དང༌། དཀའ་ཐུབ་ལ་སོགས་བྱས་པས། སྡིག་སྒྲིབ་རྩ་བ་ནས་འདག་གམ་སྙམ་པའི་ལོག་རྟོག་སེལ་བའི་ཕྱིར་དུ། ལས་ཟད་དུབ་པ་དོན་མེད་ཡིན། །ཞེས་གསུངས་སོ། །འོ་ན་ཐབས་ཀྱི་ཆར་གྱུར་པའི་བྱམས་སོགས་ཚད་མེད་བཞི་བསྒོམས་པས་ཉོན་མོངས་ཀྱི་ས་བོན་རྩ་བ་ནས་གཅོད་ནུས་སམ་སྙམ་པའི་ལོག་རྟོག་སེལ་བའི་ཕྱིར་དུ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །ཞེས་སོགས་གསུངས་སོ། །འོ་ན་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་པོ་གང་རུང་རེ་བསྒོམས་པས་ཉོན་མོངས་ཀྱི་ས་བོན་རྩ་བ་ནས་གཅོད་ནུས་སམ་སྙམ་པའི་ལོག་རྟོག་སེལ་བ་ལ། དངོས་ཀྱི་གཉེན་པོ་སྟོང་ཉིད་རྟོགས་པའི་ལྟ་བ་དང༌། དེའི་ཡན་ལག་ཙམ་དུ་ཐབས་ཀྱི་ཆ་དགོས་པའི་ཚུལ་ནི། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མེད་དེའི་དོན་ཡིན། །ཞེས་གསུངས་སོ། །འོ་ན་སྟོང་ཉིད་རྟོགས་པའི་ལྟ་བ་རྒྱུད་ལ་ཇི་ལྟར་བསྐྱེད་སྙམ་ན། དང་པོར་གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་བསྒོམ་དགོས་ལ། དེ་ལ་ཡང་ཐོག་མར་བདག་འཛིན་གྱི་ཡུལ་བདག་མེད་པར་ཐོས་བསམ་གྱིས་གཏན་ལ་ཕབ་དགོས་ཏེ། འདིའི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་སོ། །ཅིའི་ཕྱིར་ཐོག་མར་གང་ཟག་གི་བདག་མེད་བསྒོམ་དགོས་སྙམ་ན། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་ཏེ། ཉེས་པ་རྣམ་པ་ཐམས་ཅད་དག །འཇིགས་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དང་དེ་ལ་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང༌། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་གསུངས་སོ། །ཅིའི་ཕྱིར་བདག་འཛིན་གྱི་དངོས་ཀྱི་གཉེན་པོར་བདག་མེད་རྟོགས་པའི་ལྟ་བ་བསྒོམ་དགོས་སྙམ་ན། བདག་མེད་བདག་དང་འགལ་བས་ན། །བདག་མེད་རྟོགས་པས་དེ་སུན་འབྱིན། །ཞེས་གསུངས་སོ། །འོ་ན་གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་བསྒོམ་པ་འབའ་ཞིག་གིས་ཆོག་གམ་སྙམ་ན། ཆོས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་ཀྱང་བསྒོམ་དགོས་པར་བསྟན་པ་ནི། ཇི་ལྟ་ཇི་ལྟར་དོན་བསམ་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་གསུངས་སོ། །དེའི་དོན་ལ་དཔྱོད་པར་བྱེད་པའི་རིག་པ་ནི། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གསུངས་པས་བསྟན་ནོ། །དེ་ལ་རྩོད་པ་སྤོང་བ་ནི། གཟུང་འཛིན་ཐ་དད་དུ་དངོས་སུ་སྣང་བ་དང་འགལ་ལོ་སྙམ་ན། བློ་དག་རྣམ་པར་དབྱེར་མེད་ཀྱང༌། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་དང་འཛིན་པ་མྱོང་བ་དག །ཐ་དད་ལྡན་ཞིང་རྟོགས་པར་འགྱུར། །དཔེར་ན་དབང་པོ་སྔགས་སོགས་ཀྱིས། །བསླད་པ་རྣམས་ལ་འཇིམ་དུམ་སོགས། །དེ་ཡི་གཟུགས་དང་བྲལ་བ་ཡང༌། །རྣམ་པ་གཞན་དུ་སྣང་བ་བཞིན། །དེ་དག་མ་བསླད་མིག་ཅན་གྱིས། །དེ་ལྟར་མཐོང་བ་མེད་ཕྱིར་རོ། །ཞེས་གསུངས་པ་འདིས་གཟུང་འཛིན་ཐ་དད་དུ་སྣང་བ་དེ་ཕྱིན་ཅི་ལོག་ཏུ་སྣང་བ་དཔེས་བསྟན་པས། གཟུང་འཛིན་གཉིས་མེད་དུ་བསྒོམ་དགོས་པར་བསྟན་ནོ། །གལ་ཏེ་གཟུང་འཛིན་གཉིས་མེད་དུ་བསྒོམས་ཀྱང༌། ཐོག་མ་མེད་པ་ནས་གཉིས་སྣང་གི་བག་ཆགས་གོམས་པས། །རྟོག་པ་སླར་ལོག་གོ་སྙམ་ན་མི་བཟློག་སྟེ། འབད་དུ་ཟིན་ཀྱང་མི་བཟློག་སྟེ། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དེ་ལས་ཐོབ་པའི་འབྲས་བུ་ནི། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་གསུངས་ཤིང༌། རྣམ་ངེས་ལས་ཀྱང༌། འཁྲུལ་པ་དབེན་ཞིང་དྲི་མ་དང་བྲལ་བ་ལས་བཟློག་པ་མེད་པར་དོན་དམ་པའི་ཚད་མ་མངོན་དུ་བྱེད་དོ་ཞེས་གསུངས་པ་ལྟར་གྱི་དོན་ལ་རྩེ་གཅིག་ཏུ་འབད་པར་བྱའོ། །ཡང་དག་རིག་པས་ཐར་ལམ་གསལ་མཛད་པ། །མདོ་དང་རྣམ་འགྲེལ་མཛད་པའི་དགོངས་པ་བཞིན། །ཚད་མའི་ལམ་རིམ་ངོ་མཚར་ཕུལ་བྱུང་བ། །རོང་སྟོན་བསྟན་པའི་ཉི་མས་གསལ་བར་བྱས། །རྣམ་དཀར་དགེ་བ་འོད་སྟོང་ལྡན་པ་དེས། །ཕན་བདེའི་པད་ཚལ་ཀུན་ནས་རབ་རྒྱས་ཤིང༌། །འགྲོ་བའི་བློ་མུན་མཐའ་དག་རབ་བསལ་ཏེ། །ཚད་མེད་ཐར་པའི་གླིང་དེར་མྱུར་བགྲོད་ཤོག །ཅེས་ཚད་མ་ལམ་རིམ་གྱི་ངོ་མཚར་སྣང་བ་ཞེས་བྱ་བ་འདི་རོང་སྟོན་ཆེན་པོས་མེ་མོ་ཡོས་ཀྱི་ལོ་ལ་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*