དབུ་མའི་ལྟ་བའི་ཁྲིད་ཡིག་ཟབ་དོན་གནད་ཀྱི་ཟླ་ཟེར།

༄༅། །དབུ་མའི་ལྟ་བའི་ཁྲིད་ཡིག་ཟབ་དོན་གནད་ཀྱི་ཟླ་ཟེར་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཡེ་ཤེས་ཕུང་པོའི་དཀྱིལ་འཁོར་ཅན། །ཕྲིན་ལས་འོད་ཀྱིས་ཁམས་གསུམ་མུན་སེལ་བ། །འགྲོ་བ་མ་ལུས་ཡོངས་སུ་སྐྱོབ་པའི་དབང༌། །ཐུབ་པའི་དབང་པོ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་མཁྱེན་པ་མ་ལུས་པ། །གཅིག་ཏུ་བསྡུས་པའི་མཁྱེན་པ་རབ་རྒྱས་ཤིང༌། །དབུ་མའི་རིང་ལུགས་མཆོག་ཏུ་གསལ་མཛད་པ། །མཁས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །ཟབ་མོ་ལྟ་བའི་གནད་ཀྱི་མན་ངག་རྣམས། །དབུ་མ་རིག་པའི་ཚོགས་ལ་སོགས་པའི་དོན། །རྣལ་འབྱོར་དམ་པ་རྣམས་ཀྱི་འཇུག་ངོགས་ཆེ། །ངེས་དོན་སྙིང་པོ་རབ་ཏུ་གསལ་བར་བྱ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱི་ཉམས་སུ་བླང་བར་བྱ་བ། དབུ་མ་ལྟ་བའི་ཁྲིད་ཅེས་བྱ་བ་འདི་ལ་འཇུག་པར་འདོད་པ་རྣམས་ཀྱི་ལམ་གྱི་རིམ་པའི་ཚུལ་ནི། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ནང་པའི་གྲལ་དུ་ཚུད་ལ། ལམ་ཉམས་སུ་ལེན་པའི་དུས་སུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ལམ་གྱི་བར་ཆད་སེལ། བསླབ་པ་ལེན་པའི་དུས་སུའང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ་སྟེ། བསླབ་པའི་གཞི་འཛིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་སུའང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། ཐེག་ཆེན་གྱི་བློ་སྦྱོང༌། ངན་འགྲོའི་འཇིགས་པ་ལས་ཐར་བར་འདོད་པ་དང༌། སྡིག་པ་སེལ་བ་དང༌། དག་བ་སྤེལ་བ་ལ་འདི་མེད་པའི་ཐབས་མེད་དོ། །སྐྱབས་སུ་འགྲོ་བར་བྱས་པས་རིག་སད་དེ། དགེ་བའི་ས་བོན་བརྟས་པར་འགྱུར་རོ། །དེ་ནས་སྙིང་རྗེ་ཚད་མེད་པ་བསྒོམ་པར་བྱ་སྟེ། བསྒོམ་པའི་ཚུལ་ནི། རིགས་དྲུག་གི་སྡུག་བསྔལ་ལ་དམིགས་ཏེ། དེ་དག་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་བློ་བསྐྱེད་པར་བྱའོ། །སྙིང་རྗེ་སྐྱེས་པ་ན། གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་ལ་རྟོག་པར་བྱེད་དོ། །མདོ་ལས། ཐུབ་པས་སྡིག་རྣམས་ཆུ་ཡིས་མི་བཀྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བའང་མིན། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་སྡུག་བསྔལ་སེལ་བའི་ཐབས་དམ་པར་རྟོགས་ཤིང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་དགོས་པར་གོ་ནས། གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱེད་དོ། །དེས་ན་ཐོག་མར་སྐྱབས་འགྲོ་དང༌། དེ་ནས་སྙིང་རྗེ་དང༌། དེ་ནས་སེམས་བསྐྱེད་བསྒོམ་པའི་རིམ་པ་འདི་ནི་རྩིག་པའི་རྨང་དང་འདྲ་བས། ཐོག་མར་འདི་ལ་བློ་སྦྱོང་བ་གལ་ཆེ། ལྟ་བ་བསྒོམ་པའི་རིམ་པ་དངོས་ལ། ཐོག་མར་ཡང་དག་པའི་ལྟ་བས་སྤྲོས་པ་མཐའ་དག་བཅད་ནས་བསྒོམ་དགོས་པ་ཡིན་པས། སྤྲོས་པ་གཅོད་པའི་རིམ་པ་ལ་གཉིས་ཏེ། རིགས་པས་སྒྲོ་འདོགས་གཅོད་པ་དང༌། མན་ངག་གིས་སྤྲོས་པ་གཅོད་པའོ། །དང་པོ་ལ་གཉིས་ཏེ། རྟག་པའི་མཐའ་སེལ་བ་དང༌། མཐའ་གཉིས་ཀའི་སྤྲོས་པ་གཅོད་པའོ། །དང་པོ་ལ། སཱ་ལུ་ལྗང་པའི་མདོ་ལས་གསུངས་པའི་རྡོ་རྗེ་ཟེགས་མའི་རིགས་པ་དང་གཅིག ལང་ཀར་གཤེགས་པའི་མདོ་ལས་གསུངས་པའི་གཅིག་དུ་བྲལ་གྱི་རིགས་པ་དང་གཉིས། ཡོད་མེད་སྐྱེ་འགོག་གི་རིགས་པ་དང་གསུམ། ཐུན་མོང་དུ་ཀུན་ནས་གསུངས་པའི་མུ་བཞི་སྐྱེ་བྲལ་གྱི་རིགས་པ་དང་བཞིའོ། །རིགས་པ་བཞི་པོ་འདིས། དངོས་སྨྲ་བས་རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་སེལ་བས། ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་ལོ། །གཉིས་པ་ཡོད་མེད་གཉིས་ཀའི་མཐའ་གཅོད་པའི་རིགས་པ་ནི། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་གསུངས་པ་སྟེ། རྟེན་འབྲེལ་གྱི་རིགས་པའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། ཐ་སྙད་དུ་མེད་པ་མ་ཡིན་པས་ཆད་པའི་མཐའ་སྤངས་ལ། རང་རྒྱུ་དང་རྐྱེན་གཞན་ལ་རགས་ལས་པས། རྟག་པར་ངོ་བོ་ཉིད་ཀྱི་དོན་མི་གནས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། ངོ་བོ་ཉིད་ཀྱིས་གྲུབ་པའི་དོན་འགལ་བས། རྟེན་འབྲེལ་ཡིན་པ་རང་བཞིན་མེད་པར་གྲུབ་པས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་ལོ། །འདི་ནི་རིགས་པ་གཞན་ལས་རྨད་དུ་བྱུང་བར་བཤད་དེ། རྟག་ཆད་གཉིས་ཀའི་གཉེན་པོ་བྱེད་པའི་ཕྱིར་རོ། །རིགས་པ་དྲུག་ཅུ་པའི་མཆོད་བརྗོད་དུ། གང་ཞིག་སྐྱེ་དང་འཇིག་པ་དག །འདི་ཡིས་ཚུལ་གྱི་སྤངས་གྱུར་པ། །རྟེན་ཅིང་འབྲེལ་འབྱུང་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། །རྩོད་བཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་བ། །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ཟླ་བ་གྲགས་པས་ཀྱང༌། དོན་འདི་ཚད་མར་བྱས་ནས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་སོ། །དབུ་མ་རྩ་བ་ལས་ཀྱང༌། རྟེན་ཅིང་འབྲེལ་པར་འབྱུང་བ་གཞིར་བྱས་ནས། དེས་སྤྲོས་བྲལ་དུ་གཏན་ལ་ཕབ་བོ། །འདི་དག་ནི་རིགས་པས་གཏན་ལ་དབབ་པའི་ཚུལ་ལོ། །རིགས་པ་གཞན་གྱིས་གོ་དཀའ་བས། མན་ངག་གི་སྒོ་ནས་གཏན་ལ་དབབ་པ་ནི་དཔེའི་སྒོ་ནས། སྣང་སྟོང་དབྱེར་མེད་དུ་གཏན་ལ་ཕབ་སྟེ། རྨི་ལམ་གྱི་དཔེས་གཏན་ལ་དབབ་པའི་ཚུལ་ལ། དཔེ་རྨི་ལམ་དང་སྦྱར་ཏེ་བཤད་པ་ནི། རྨི་ལམ་གྱི་གནས་སྐབས་སུ་ཁང་པ་བཟང་པོའི་ནང་དུ་ཕྱིན་པ་དང༌། གྲོགས་བཟང་པོ་དང་འཕྲད་པ་དང༌། ནོར་བཟང་པོ་རྙེད་པ་རྨིས་པའི་དུས་སུ། ད་ལྟར་གྱི་སྣང་བ་དང་ཁྱད་མེད་པར་འབྱུང་ལ། སྣང་བཞིན་པའི་དུས་ན་ཡོད་པ་མ་ཡིན་ཏེ། ཡོད་ན་སད་པའི་དུས་སུའང་དམིགས་པར་རིགས་པ་ལས་མ་དམིགས་པའི་ཕྱིར། བློ་ལ་སྣང་བ་ཙམ་དུ་ཟད་ཀྱི། ཡུལ་གྱི་སྡོད་ཚུལ་ལ་མེད་པར་ངེས་སོ། །དཔེ་དེ་ཉིད་ངེས་པར་བྱས་ནས། ད་ལྟར་གྱི་སྣང་བ་ཐམས་ཅད་དང་སྦྱར་ཏེ་ཤེས་པར་བྱའོ། །སྡུག་བསྔལ་རྨི་ལམ་དང་སྦྱར་ཏེ་བཤད་པ་ནི། རྨི་ལམ་གྱི་དུས་སུ་གཡང་དུ་མཆོང་བ་དང༌། དགྲ་དང་འཕྲད་པ་དང༌། མིས་བསད་པ་ལ་སོགས་པ་རྨིས་པའི་ཚེ་ན། ད་ལྟར་གྱི་སྣང་བ་དང་ཁྱད་མེད་པ་འབྱུང་ངོ༌། །བློ་ལ་སྣང་བཞིན་པའི་དུས་སུ་སྣང་བ་ཙམ་དུ་ཟད་ཀྱི། ཡུལ་གྱི་སྡོད་ཚུལ་ལ་མེད་པར་ངེས་སོ། །བཏང་སྙོམས་ཀྱི་རྨི་ལམ་དང་སྦྱར་ཏེ་བཤད་པ་ནི། རྨི་ལམ་གྱི་དུས་སུ་འགྲོ་འོང་དང༌། གནས་སྐབས་ཀྱི་བྱ་བ་བྱེད་པ་ལ་སོགས་པ་སྣང་བའི་ཚེ། སྣང་བ་ཙམ་དུ་ཟད་ཀྱི་ཡུལ་གྱི་སྡོད་ཚུལ་ལ་མེད་པར་ངེས་སོ། །དཔེ་དེ་བཞིན་དུ་ད་ལྟར་གྱི་སྣང་བ་དང་སྦྱར་ཏེ་ཤེས་པར་བྱའོ། །ཆུ་ཟླའི་དཔེས་བསྟན་པ་ནི། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བའི་ཚེ་ན་སྙོན་དུ་མེད་པར་ཐམས་ཅད་ལ་ཟླ་བར་སྣང་ལ། ཟླ་བར་སྣང་བཞིན་པའི་དུས་ན་ཟླ་བའི་ངོ་བོའམ་མཚན་ཉིད་ཅུང་ཟད་ཀྱང་མེད་པས། སྣང་ལ་རང་བཞིན་མེད་པ་ཞེས་བྱའོ། །དཔེ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་བའི་དུས་སུ་རང་བཞིན་མེད་པའོ། །སྣང་ལ་རང་བཞིན་མེད་ཅེས་པའི་དོན་ཡང་འདི་ལ་ཤེས་པར་བྱའོ། །འཇའ་ཚོན་གྱི་དཔེས་གཏན་ལ་དབབ་པ་ནི། འཇའ་ཚོན་ཤིན་ཏུ་བཀྲ་བ་བཟུང་རྒྱུ་ཡོད་པ་ལྟར་སྣང་ཡང༌། ཅུང་ཟད་ཀྱང་བཟུང་དུ་མེད་དོ། །དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་ཀྱང་ཤེས་པར་བྱའོ། །གཟུགས་བརྙན་གྱི་དཔེས་བསྟན་པ་ནི། མེ་ལོང་ནང་དུ་མིའི་གཟུགས་ཇི་ལྟ་བ་བཞིན་སྣང་ཡང་དེར་ཡོད་པ་མ་ཡིན་ནོ། །དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་ཀྱང་ཤེས་པར་བྱའོ། །སྨིག་སྒྱུའི་དཔེས་བསྟན་པ་ནི། སོས་ཀའི་དུས་སུ་ཐང་ཆེན་པོ་ལ་ཕྱིན་པ་ན། སྨིག་སྒྱུ་ལ་ཆུ་ཇི་ལྟ་བ་བཞིན་དུ་སྣང་ཡང་ཆུ་ཐིགས་པ་ཙམ་ཡང་མེད་དོ། །དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་ཤེས་པར་བྱའོ། །སྒྱུ་མའི་རྟ་གླང་གི་དཔེས་བསྟན་པ་ནི། སྒྱུ་མ་མཁན་གྱི་སྔགས་དང་རྫས་ལ་བརྟེན་ནས་རྟ་གླང་སྤྲུལ་པར་བྱས་པའི་ཚེ། རྟ་གླང་དུ་སྣང་བཞིན་པའི་དུས་ན་རྟ་གླང་དུ་གདོད་མ་ནས་གྲུབ་པ་མེད། དཔེ་དེ་བཞིན་དུ་དམྱལ་བ་ནས་འོག་མིན་གྱི་མཐར་ཐུག་པའི་བར་དང༌། ད་ལྟ་འོ་སྐོལ་ལ་སྣ་ཚོགས་སུ་སྣང་བ་ཐམས་ཅད་དཔེ་དེ་བཞིན་དུ་ཤེས་པར་བྱའོ། །མདོ་དང་བསྟན་བཅོས་ལས། སྒྱུ་མའི་དཔེ་བཀོད་པ་ཐམས་ཅད་ལ། སྒྱུ་མའི་དཔེ་ལེན་ཚུལ་མ་ནོར་བར་བྱའོ། །དཔེ་ལེན་ཚུལ་མ་ཤེས་ན་དོན་ལོག་པར་འགྱུར་རོ། །ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་སྟེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །ཇི་བཞིན་སྣང་ཡང་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭང་བའི་མཚོར་སྣང་ཡང༌། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། ཞེས་པ་དང༌། སྐྱེས་བུ་སྐོམ་པ་ཆུ་ཡིས་གདུང་བ་ལ། །སྨིག་སྒྱུ་དག་ལ་ཆུ་ཡི་ཕུང་པོར་སྣང༌། །ཇི་བཞིན་སྣང་ཡང་སྣང་བ་གང་ན་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དཔེ་དེ་བཞིན་དུ་གཞན་ལ་སྦྱར་བའི་ཚུལ་ཡང་གསུངས་མོད། སྔ་མ་དག་གིས་གོ་བས་འདིར་མ་བཀོད་དོ། །དཔེ་འདི་དག་ལས་སྣང་སྟོང་དབྱེར་མེད་དུ་ཤེས་པར་གྱིས་ཤིག །མངོན་རྟོགས་རྒྱན་གྱི་ཕྲིན་ལས་ཀྱི་སྐབས་སུ། འདུས་བྱས་འདུས་མ་བྱས་པ་ལས། །ཐ་དད་ཡོངས་སུ་མི་འཛིན་དང༌། །ཞེས་འབྱུང་ངོ༌། །ཤེས་རབ་སྙིང་པོ་ལས་ཀྱང༌། གཟུགས་སྟོང་པའོ་ཞེས་པས། ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ། སྟོང་པ་ཉིད་གཟུགས་སོ་ཞེས་པས། མེད་པ་སྐུར་འདེབས་ཀྱི་མཐའ་སེལ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པས་ནི། བདེན་གཉིས་དབྱེར་མེད་དུ་བསྟན་ནོ། །སྣང་སྟོང་གཏན་ལ་དབབ་པ་བསྟན་ཟིན་ཏོ། །རིག་སྟོང་དབྱེར་མེད་དུ་བསྟན་པ་ནི། རང་གི་རྒྱུད་ལ་འདོད་ཆགས་དང་ཞེ་སྡང་སོགས་གང་སྐྱེས་རེ་རེ་ནས། བྱ་ར་བའི་ཚུལ་གྱིས་གང་སྐྱེས་རིག་པར་བྱས་ནས། དང་པོར་གང་ནས་བྱུང་བ་དང༌། ཕྱི་དང་ནང་གང་ན་ཡོད་པ་དང༌། དབྱིབས་དང་ཁ་དོག་གང་དུ་གྲུབ་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཁོར་ཡུག་ཏུ་བཙལ་བས་མ་རྙེད་པ་ནི། འདོད་ཆག་སོགས་དེ་དང་དེའི་གནས་ཚུལ་ལོ། །བརྟགས་ན་མི་རྙེད་ཅིང་མ་བརྟགས་པ་ན་སྣང་བས་རིག་སྟོང་དབྱེར་མེད་དོ། །དེ་བཞིན་དུ་དགེ་བའི་རྟོག་པ་དང༌། མི་དགེ་བའི་རྟོག་པ་དང༌། ལུང་མ་བསྟན་གྱི་རྟོག་པ་ལའང་བྱ་ར་བའི་ཚུལ་གྱིས་སོ་སོར་རིག་པར་བྱས་ནས་སྔ་མ་བཞིན་དུ་བྱའོ། །རྟོག་པ་གང་སྐྱེས་སོ་སོར་རིག་པ་འདི་གནད་དུ་ཆེའོ། །ལྟ་བས་སྤྲོས་པ་གཅོད་པའི་ཚུལ་བསྟན་ཟིན་ཏོ། །སྒོམ་པས་དོན་ཉམས་སུ་བླངས་པ་ལ། ལྟ་བས་སྤྲོས་པ་གཅོད་པ་སྔོན་དུ་བཏང་ནས། ཞི་གནས་དང༌། ལྷག་མཐོང་གཉིས་ལས། ཐོག་མར་ཞི་གནས་སྦྱང་དགོས་པར་བཤད་དེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ཏེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་འབྱུང་ངོ༌། །གོ་རིམ་འདི་བཞིན་བྱས་ན་ལེགས་སོ་ཞེས་བྱ་བའི་དོན་ཡིན་གྱི། མངོན་པ་ཀུན་ལས་བཏུས་ལས། གོ་རིམ་ངེས་པ་མེད་པར་བཤད་དོ། །ཞི་གནས་བསྒོམ་པའི་ཚུལ་ནི། འཕགས་པ་ཐོག་མེད་ཀྱིས་མཛད་པའི་བསམ་གཏན་གྱི་སྒྲོན་མེའི་འགྲེལ་པར་རྒྱས་པར་བསྟན་ཟིན་པས། དེར་ཁོང་དུ་ཆུད་པར་བྱའོ། །འདིར་ནི་ལྷག་མཐོང་གཙོ་བོར་བསྟན་གྱི། ཞི་གནས་གཙོ་བོར་མ་བསྟན་ནོ། །དེ་ཡང་ལྷག་མཐོང་གི་རྒྱུད་གང་ཞེ་ན། མང་དུ་ཐོས་པ་བཙལ་བའོ། །ཞེས་དགོངས་འགྲེལ་ལས་གསུངས་སོ། །ལྷག་མཐོང་གི་ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ། མདོ་སྡེ་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རྣམས་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་འདོད། །ཅེས་སོ། །དབྱེ་ན་ཡུལ་ཇི་སྙེད་པས་རྣམ་པར་འབྱེད་པ་དང༌། ཇི་ལྟ་བས་རྣམ་པར་འབྱེད་པའོ། །དང་པོ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོ་སོར་རྣམ་པར་འབྱེད་པའོ། །གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་དབྱེ་བ་གཉིས་སོ། །ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་རྟོག་པ་དང༌། དཔྱོད་པའོ། །རྟོག་ཚུལ་ནི་དགོངས་པ་ངེས་པར་འགྲེལ་པ་ལས། རབ་ཏུ་རྟོག་པ་དང༌། ངེས་པར་རྟོག་པ་དང༌། རབ་ཏུ་འཇལ་བ་དང༌། ཉེ་བར་འཇལ་བའོ། །ཞེས་གསུངས་སོ། །སྦྱོར་བ་དང་དངོས་གཞིའི་དབྱེ་བ་གཉིས་ཏེ། སྦྱོར་བའི་སྐབས་སུ་སོ་སོར་རྟོག་པའི་ལྷག་མཐོང་དང༌། དངོས་གཞིའི་སྐབས་སུ་རྣམ་པར་མི་གཡོ་བའི་ལྷག་མཐོང་ངོ༌། །ཞེས་བྱ་བའོ། །ལྷག་མཐོང་རྒྱུད་ལ་བསྐྱེད་པའི་ཚུལ་ནི། ཐོག་མར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོ་ལ་དམིགས་དགོས་ཏེ། ཁྱད་གཞི་མ་བཟུང་བར་ཁྱད་ཆོས་ལ་སྒྲོ་འདོགས་མི་ཆོད་པའི་ཕྱིར་རོ། །ཐོག་མར་སྒྲོ་འདོགས་བཅད་ནས་བྱ་བའི་ཡུལ་གསལ་བཏབ་ནས་དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ཏེ། སྣང་ལ་རང་བཞིན་མེད་པར་གཏན་ལ་ཕབ་བོ། །ཏིང་ངེ་འཛིན་གྱི་ཡུལ་དེ་ལ་མ་ཡེངས་པར་བཟུང་བར་བྱའོ། །ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་བའི་ཡུལ་དེ་ཉིད། སྣང་ལ་རང་བཞིན་མེད་པར་རྟོགས་པར་བྱའོ། །དེས་ན་ཏིང་ངེ་འཛིན་དང་ཤེས་རབ་དམིགས་པ་གཅིག་ཏུ་དྲིལ་ཏེ་ཟུང་འཇུག་ཏུ་བྱའོ། །མངོན་པ་ལས། ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་པའི་དོན་ནོ། །ཐོག་མར་འདི་ལ་གོམས་པ་བསྐྱེད་པར་བྱའོ། །འདི་ནི་གཟུང་བ་མི་དམིགས་པའི་རྣལ་འབྱོར་རོ། །དེ་ནས་སྣང་བ་ཙམ་ཡང་མི་དམིགས་པར་ནམ་མཁའི་དཀྱིལ་ལྟ་བུ་བསྒོམ་པར་བྱའོ། །ཀ་མ་ལ་ཤཱི་ལས། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཁུངས་སུ་བྱས་ནས། མཉམ་བཞག་གིས་ནི་ནམ་མཁའི་དཀྱིལ་ལྟར་མཁྱེན་ནོ། །རྗེས་ཐོབ་ཀྱིས་ནི་སྒྱུ་མ་ལྟ་བུར་གཟིགས་སོ། །ཞེས་འབྱུང་ངོ༌། །དབུ་མ་སྣང་བཅས་པས་ནི། སྒྱུ་མ་ལྟ་བུར་སྒོམ་པའི་ཚུལ་ལ་འཇུག་གོ །དབུ་མ་སྣང་མེད་པས་ནི། ནམ་མཁའི་དཀྱིལ་ལྟར་དུ་བསྒོམ་པ་ལ་འཇུག་གོ །འོན་ཀྱང་གཉིས་ཀ་ལ་སྦྱང་དགོས་པར་བསྟན་ནོ། །ནང་རིག་སྟོང་དབྱེར་མེད་དུ་བསྒོམ་པ་ནི། ཞེ་སྡང་ལྟ་བུ་ནི་གཅིག་རྒྱུད་ལ་སྐྱེས་པ་ན། དེ་ལ་གསལ་བཏབ་ནས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དང་པོར་གང་ནས་བྱུང་བའི་རྒྱུ་ལ་བརྟག བར་དུ་ཕྱི་ནང་གང་ལ་གནས་པ་དང༌། ངོ་བོ་དབྱིབས་དང་ཁ་དོག་སོགས་གང་དུ་འདུག་བརྟགས་པས། གང་དུའང་མ་རྙེད་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །ཚུལ་འདི་ནི་རྩ་ཉོན་དྲུག་གང་སྐྱེས་ལ་སྦྱར་རོ། །ལུང་མ་བསྟན་གྱི་རྟོག་པ་ལ་སོགས་རྟོག་པ་གང་སྐྱེས་རིག་པར་བྱས་ནས་ཚུལ་དེ་བཞིན་དུ་བསྒོམ་པར་བྱའོ། །ཕྱི་སྣང་སྟོང་དབྱེར་མེད་དང༌། ནང་རིག་སྟོང་དབྱེར་མེད་དུ་བསྒོམ་པ་གཉིས་ཀའི་གནས་སྐབས་ནའང་དམིགས་པ་མི་གསལ་ན་བྱིང་བ་ཡིན་པས་གསལ་གདབ་པར་བྱའོ། །གང་བསྒོམ་པར་འདོད་པའི་ཡུལ་ལ་སེམས་མི་གསལ་བར་གཞན་དུ་འཕྲོས་ན་རྒོད་པ་ཡིན་པས། སེམས་བཀུག་ནས་དམིགས་པ་དེ་ཉིད་ལ་སེམས་གཏོད་པར་བྱའོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་ལས། སེམས་ཀྱི་གླང་པོ་ཡན་པ་འདི། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ལྕགས་ཀྱུས་རིང་དབང་བྱ། །ཞེས་སོ། །སྒོམ་པའི་དགྲ་བྱིང་རྒོད་གཉིས་ཞེས་འབྱུང་བས། ཤེས་བཞིན་གྱི་བྱ་ར་བས་བྱུང་མ་བྱུང་བརྟགས་ཏེ། ནམ་བྱུང་བའི་དུས་སུ་བསལ་བར་བྱའོ། །ཉོན་མོངས་པ་གང་སྐྱེས་དང༌། རྟོག་པ་གང་སྐྱེས་ལ་སྦྱར་ནས་བསྒོམ་ན། རྟོག་པ་འཕྲོ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། འདི་ཡི་གནས་སྐབས་སུ་ཉམས་གསུམ་འབྱུང་བར་བཤད་དེ། ཆུ་ཟངས་སུ་ཐིགས་པ་བབ་པ་ལྟ་བུ་དང༌། རུས་སྦལ་འཁར་གཞོང་དུ་བཞག་པ་ལྟ་བུ་དང༌། ཆུའི་གཏིང་དུ་ཉ་ཞུགས་པ་ལྟ་བུའོ། །དང་པོ་ནི། གང་ལ་འཕྲོས་པའི་ཡུལ་དེ་ཉིད་སྟོང་པ་ཉིད་དུ་ཝལ་ཝལ་གྱི་འཆར་ན། རྟོག་པ་འཕྲོ་འཕྲོ་འདྲའང་ཆོས་ཉིད་ཀྱི་ངང་ནས་མི་གཡོ་བའོ། །དཔེར་ན་ཆུ་ཟངས་སུ་ཐིགས་པ་བབ་ན། ཁ་ན་གཡོ་ལྟར་སྣང་ཡང་གཏིང་ནས་མི་གཡོ་བ་ལྟ་བུའོ། །གཉིས་པ་རུས་སྦལ་འཁར་གཞོང་དུ་བཞག་པ་ན། སྡེར་མོ་གྱོང་བས་བཟུང་ས་མ་རྙེད་པས་དཀྱིལ་དུ་ལྷན་ནེར་སྡོད་པ་ལྟར། ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་བདེན་པར་གཟུང་བའི་ཡུལ་མ་རྙེད་པས། ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་ལྷན་ནེར་སྡོད་པའོ། །གསུམ་པ་ནི། ཆུ་གཏིང་དུ་ཉ་ཞུགས་པ་ན་སྟེང་མི་གཡོ་བ་ལྟར་སྣང་ཡང་གཏིང་འཁྲུག་པ་ལྟར་རྟོག་པ་འོག་འགྱུར་སོང་བ་མ་ཚོར་བའོ། །སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་ན། རྟོག་པ་ཅི་ཙམ་སྐྱེས་ཀྱང་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བས་སྐྱོན་དུ་མི་ལྟ་སྟེ། མདོ་ལས། ཉོན་མོངས་རྣམ་རྟོག་བུད་ཤིང་གིས། །ཡེ་ཤེས་མེ་ལྕེ་འཕེལ་བར་བྱེད། །ཅེས་པ་དང༌། ཇི་ལྟར་གྲོང་ཁྱེར་སྲང་གི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་གི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་སོ། །དཀོན་མཆོག་བརྩེགས་པ་ལས་ཀྱང༌། བརྟགས་པ་མཐའ་བཟུང་སྟེ། མེ་དང་རྩྭ་ཤིང་འཐབ་པར་བརྩམས་པ་ན། འགའ་ཞིག་མེའི་གམ་དུ་ཕྱིན་ཏེ། རྩྭ་ཤིང་གི་དཔུང་བསྡུས་པས། ཁྱོད་ཅིའི་ཕྱིར་དཔུང་མི་བསྡུད་ཅེས་བྱས་པ་ན། མེས་སྨྲས་པ། རྩྭ་ཤིང་གི་དཔུང་ཇི་ཙམ་ཆེ་བ་དེ་བདག་ཉིད་ཀྱི་དཔུང་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །དེས་ན་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཇི་ཙམ་སྐྱེས་ཀྱང་རེ་རེ་ནས་སྟོང་ཉིད་རྟོགས་པའི་ལྟ་བས་བཅོམ་ནས་ཡེ་ཤེས་སྐྱེ་བའི་གྲོགས་སུ་འགྱུར་རོ། །གཞི་ལམ་འབྲས་བུ་གསུམ་ཡང་འདི་ལ་ཚང་སྟེ། སྒྲོ་འདོགས་གཅད་པར་བྱ་བའི་ཡུལ་ནི་གཞིའོ། །སྟོང་ཉིད་རྟོགས་པའི་ལྟ་བས་སྒྲོ་འདོགས་གཅོད་པར་བྱེད་པ་ནི་ལམ་མོ། །སྒྲོ་འདོགས་བཅད་ནས་སྤྲོས་པ་ཞི་བ་ནི་འབྲས་བུའོ། །བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ། །ཡང་དག་ལྟ་བ་ཟབ་མོ་བསྒོམ་པའི་ཚུལ། །ཚུལ་བཞིན་མ་ནོར་གསལ་བར་བཤད་པ་འདི། །དད་ལྡན་དོན་གཉེར་རྣམས་ཀྱི་དོན་དུ་བཤད། །འདི་ལས་དགེ་བ་གང་ཞིག་ཐོབ་པ་དེས། །དངོས་འཛིན་མུན་པ་མ་ལུས་རྣམ་བསལ་ནས། །ཡང་དག་ལྟ་བའི་སྣང་བ་རབ་རྒྱས་ཏེ། །སྤྲོས་པ་ཉེར་ཞི་ཆོས་སྐུ་ཐོབ་པར་ཤོག །སྒོམ་དོན་འདི་ལས་བཤད་པ་ཇི་བཞིན་དུ། །ཚུལ་བཞིན་སྒོམ་པར་བྱེད་པའི་རྣལ་འབྱོར་པ། །སྒོམ་གྱི་གོལ་ས་དམིགས་པར་ག་ལ་འགྱུར། །སངས་རྒྱས་གསུང་རབ་དཔང་པོར་གནས་པ་ཡིན། །རིང་དུ་བརྟགས་ཀྱང་རྟོགས་པར་དཀའ་བའི་དོན། །རིང་ནས་སྦྱངས་པའི་བློ་གྲོས་ཕུལ་བྱུང་གིས། །ལེགས་པར་རྟོགས་པ་ཚུལ་བཞིན་བཤད་པ་འདིས། །འགྲོ་བ་མ་ལུས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བླ་མ་དམ་པ་རྣམས་ཀྱི་ཞལ་ནས་ལེགས་པར་རྙེད་པའི་དབུ་མ་ལྟ་བའི་ཁྲིད་ཀྱི་མན་ངག་ཟབ་མོ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*