ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་མན་ངག་པདྨ་དཀར་པོ།

༄༅། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་མན་ངག་པདྨ་དཀར་པོ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་ལྟར་གསལ་བར་བསྒོམ་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་གཅིག་བསྒོམ། ཧྲཱིཿདེ་ཡོངས་སུ་གྱུར་པ་ལས་ཐུགས་རྗེ་ཆེན་པོ་ཚོན་གང་པ་ཞལ་གཅིག་ཕྱག་གཉིས་པ་ཞིག་བསྒོམ། དེའི་ཐུགས་ཀར་ཧྲཱིཿ དཀར་པོ་ལ་ཨོཾ་ཧྲཱིཿསྭཱཧཱ་ཞེས་པའི་ཡི་གེས་བསྐོར་བ་བསྒོམ་མོ། །རང་དམ་ཚིག་སེམས་དཔར་བསྒོམ་པའི་སྤྱི་བོར་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པར་བསྒོམ། རང་གི་སྙིང་ཁའི་ཧྲཱིཿལས་འོད་ཟེར་ཡར་སོང་སྟེ། བླ་མའི་ཐུགས་ཀར་ཕོག བླ་མས་ཐུགས་ཀའི་ཐུགས་རྗེ་ཆེན་པོ་ཡོད་པར་མཁྱེན། ཐུགས་རྗེ་ཆེན་པོས་ཀྱང་སྤྱི་བོའི་བླ་མ་ཡོད་པར་མཁྱེན། བླ་མའི་ཐུགས་ཁའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་སྤྱན་དྲངས་ནས་དེ་ལ་ཐིམ་པར་བསྒོམ། བླ་མ་གཅིག་བསྒོམས་པས་བླ་མ་ཐམས་ཅད་བསྒོམ་པར་འགྱུར་བའི་མན་ངག་བྱ་བ་ཡིན་གསུངས། ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཡི་དམ་གྱི་ལྷ་ཐམས་ཅད་ལ་ཕོག ཡིད་དམ་ཐམས་ཅད་སྤྱན་དྲངས་ནས། ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལ་ཐིམ་པར་བསྒོམས་པས། ཡི་དམ་གཅིག་བསྒོམས་པས་ཡི་དམ་ཐམས་ཅད་བསྒོམ་པ་ཡིན་གསུངས་སོ། །དེ་ནས་བླ་མའི་ལུས་ཐམས་ཅད་བདུད་རྩིས་གང་ནས་སྤྱི་གཙུག་ནས་མར་ཞུགས་པས་སྡིག་སྒྲིབ་ཐམས་ཅད་འོག་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སངས་ཐོན་པར་བསམ་མོ། །ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལས་ཀྱང་འོད་ཟེར་འཕྲོས། རང་གི་ལུས་ཕྱི་ནང་ཐམས་ཅད་ཁེངས་པས་སྡིག་པ་དག་ནས་ལུས་ལ་གནས་པའི་སེམས་ཅན་རྣམས་ཀྱང་ཐུགས་རྗེ་ཆེན་པོར་གྱུར་པར་བསྒོམ། ཡང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས། ཕྱི་གཞལ་ཡས་ཁང༌། ནང་ཐུགས་རྗེ་ཆེན་པོར་གྱུར། སྒྲ་ཐམས་ཅད་ཁ་སར་པ་ཎིའི་སྔགས་ཨོཾ་ཧྲཱིཿསྭཱཧཱ། ཞེས་པ་དི་རི་རི་བསྒོམ། དེ་དག་ཐམས་ཅད་ཀྱི་སྒྲ་གྲག་སྟོང༌། སེམས་གསལ་སྟོང་དུ་ཤེས་པར་བྱའོ། །འདི་ནི་སྙིང་པོ་གཅིག་བགྲངས་པས་ཡི་དམ་གྱི་སྙིང་པོ་ཐམས་ཅད་བགྲངས་པར་འགྱུར་པའི་མན་ངག་བྱ་བ་ཡིན་གསུངས། རྗེས་དགེ་བའི་རྩ་བ་བསྔོ། །བསྐྱེད་རིམ་བསྒོམ་པའོ། །གཉིས་པ་རྫོགས་རིམ་བསྒོམ་པ་ལ་མཚན་བཅས་ཀྱི་རྫོགས་རིམ་དང༌། མཚན་མེད་ཀྱི་རྫོགས་རིམ་གཉིས་ལས། དང་པོ་མཚན་བཅས་ནི། རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམ་པའང་འཇའ་ཚོན་ལྟར་སྣང་བ་ཙམ་དུ་ཟད་ཀྱི་ངོ་བོའམ་རང་བཞིན་མེད་དོ། །བློ་ལ་གང་ཤར་གང་སྣང་ཐམས་ཅད་སྣང་ལ་རང་བཞིན་མེད་པར་བསྒོམ་པར་བྱའོ། །ཚུལ་འདིས་སྣང་སྟོང་དབྱེར་མེད་དུ་བསྒོམ་པར་བྱའོ། །ནང་རིག་སྟོང་དབྱེར་མེད་དུ་བསྒོམ་པ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྟོག་པ་དང༌། ལུང་མ་བསྟན་གྱི་རྟོག་པ་དང༌། དགེ་བའི་རྟོག་པ་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས། དང་པོར་གང་ནས་བྱུང་བ་དང༌། ད་ལྟ་ཕྱི་ནང་གང་དུ་གནས་པ་དང༌། དབྱིབས་དང་ཁ་དོག་ཇི་ལྟར་འདུག་པར་བལྟས་པས་མ་རྙེད་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །འདིས་རིག་སྟོང་དབྱེར་མེད་དུ་རྟོགས་པར་བྱའོ། །ཕྱི་སྣང་སྟོང༌། ནང་རིག་སྟོང་དབྱེར་དུ་བསྒོམ་པ་འདི་ནི་གནད་ཀྱི་མན་ངག་གོ །གཉིད་ཀྱི་རྣལ་འབྱོར་ནི། གཉིད་ལོག་པའི་དུས་སུ་སྤྱི་བོའི་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་བརྒྱུད་པ་དང་བཅས་པ་རྣམས་སྤྱན་དྲངས་ཏེ་དེ་ལ་ཐིམ། སྤྱི་བོའི་བླ་མ་འོད་དུ་ཞུ་ནས་རྩ་དབུ་མའི་ནང་དུ་ཞུགས་ནས་སྙིང་གའི་ཐུགས་རྗེ་ཆེན་པོ་ལ་ཐིམ། ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལས་ཀྱང་འོད་ཟེར་འཕྲོས་པས། ཡི་དམ་ཐམས་ཅད་སྤྱན་དྲངས་ཏེ་ཐུགས་རྗེ་ཆེན་པོ་ལ་ཐིམ་ནས། བླ་མ་ཡི་དམ་དབྱེར་མེད་དུ་གྱུར་པར་བསྒོམས། གཉིད་ལོག་ཁར་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱས་ནས་གཉིད་ལོག་གོ །རྨི་ལམ་ཟིན་ན་ཡི་དམ་གྱི་ལྷ་གསལ་འདེབས་པར་བྱའོ། །འཆི་ཁ་བར་དོའི་རྣལ་འབྱོར་ནི། དང་པོ་སྦྱང་བ་དང༌། ཐ་མར་ལས་ལ་སྦྱར་བ་གཉིས་ལས། དང་པོ་ནི། རང་ཐུགས་རྗེ་ཆེན་པོར་བསྒོམ་པའི་ཐུགས་ཀར་ཐུགས་རྗེ་ཆེན་པོ་ཚོན་གང་པ་ཞིག་བསྒོམས། སྤྱི་བོར་ཡང་ཐུགས་རྗེ་ཆེན་པོ་ཚོན་གང་པ་ཞིག་བསྒོམས། རྩ་དབུ་མ་གསལ་བཏབ། འོག་སྒོ་བསྡམས། ཡན་ལག་བསྐུམས། ཕོ་བ་རྒལ་ཚིགས་ལ་སྦྱར། ཧིག་ཀ་ཞེས་བའི་སྒྲ་དྲངས་ནས་ལྟེ་བའི་འོག་དུ་སེམས་ཀྱི་ངོ་བོ་ཧཱུྃ་སྔོན་པོ་རྩ་དབུ་མའི་ནང་དུ་སོང་ནས་སྙིང་གའི་ཐུགས་རྗེ་ཆེན་པོ་ལ་ཐིམ། སྙིང་གའི་ཐུགས་རྗེ་ཆེན་པོ་ཧཱུྃ་དང་བཅས་པ་སྤྱི་གཙུག་གི་ཐུགས་རྗེ་ཆེན་པོ་ལ་ཐིམ། ཞག་རེ་ཐུན་རེ་བྱས་པའི་ཞག་ལྔ་ཙམ་སྦྱང་ངོ༌། །འབྱོངས་པའི་ཚད་ལ། རབ་སྤྱིའི་གཙུག་འབུར་བ། འབྲིང་ཆུ་སེར་རྡོལ་བ། ཐ་མ་ཟ་བ་ལ་སོགས་པ་འབྱུང་ངོ༌། །སྦྱང་བ་བསྟན་ཟིན་ནས། གཉིས་པ་ལས་ལ་སྦྱར་བ་ནི། ལུས་གནད་སྔར་བཞིན་བྱས་ལ། ཐུགས་རྗེ་ཆེན་པོ་རྩ་དབུ་མའི་ནང་གི་ཧཱུྃ་ལ་ཐིམ། ཧཱུྃ་ཧིག་ཀའི་སྒྲས་རྩ་དབུ་མའི་ནང་ནས་དྲངས། སྤྱི་བོའི་ཐུགས་རྗེ་ཆེན་པོ་ལ་ཐིམ། ཐུགས་རྗེ་ཆེན་པོ་ཧཱུྃ་དང་བཅས་པ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ་གཤེགས་པར་བྱའོ། །བར་དོའི་དུས་སུ་ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། ཡིད་ཐུགས་ཀྱི་དཀྱིལ་འཁོར། ལུས་ལྷ་སྐུ། ངག་ཡི་དམ་གྱི་ངག ཡིད་སྐུ་གསུང་ཐུགས་གསུམ་ཀ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །རབ་ཆོས་སྐུའི་འཕོ་བ། འབྲིང་ལོངས་སྐུའི་འཕོ་བ། ཐ་མ་སྤྲུལ་སྐུའི་འཕོ་བའོ། །གནས་སྐབས་གཞན་དུ་ཉམས་སུ་ལེན་ཚུལ་ལ། མཚན་བཅས་ཀྱི་རྣལ་འབྱོར་ནི་བསྐྱེད་རིམ་བཞིན་ནོ། །མཚན་མེད་ཀྱི་རྣལ་འབྱོར་ནི། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བཏབ་ནས། ཐུགས་རྗེ་ཆེན་པོའང་ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལ་ཐིམ། དེའང་ཧྲཱིཿལ་ཐིམ། ཧྲཱིཿའང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ནས། ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱིས་ངང་ལ་བཞག་པར་བྱའོ། །འདི་ནི་སྣང་སྟོང་དབྱེར་མེད་དུ་བསྒོམ་པའི་ཚུལ་ལོ། །རིག་སྟོང་དབྱེར་མེད་དུ་བསྒོམ་པ་ནི། རང་གི་རྒྱུད་ལ་འདོད་ཆགས་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་གང་སྐྱེས། བྱ་ར་བའི་ཚུལ་གྱིས་རིག་པར་བྱས་ནས་ནམ་སྐྱེས་པའི་དུས་སུ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པས་མ་རྙེད་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །ལུང་མ་བསྟན་གྱི་རྟོག་པ་དང་དགེ་བའི་རྟོག་པ་གང་སྐྱེས་པ་ལའང་ཚུལ་དེ་བཞིན་དུ་རིག་པར་བྱའོ། །འདི་ནི་རིག་སྟོང་དབྱེར་དུ་བསྒོམ་པའི་ཚུལ་ལོ། །གནས་སྐབས་གཞན་ཐམས་ཅད་འདི་གཉིས་ཉམས་སུ་བླང་བར་བྱའོ། །བྱང་སེམས་ཟླ་བ་རྒྱལ་མཚན་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་མན་ངག་འདི་ནི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*