རྣལ་འབྱོར་བཞིའི་རིམ་པའི་མན་ངག་གནད་ཀྱི་སྙིང་པོ།

༄༅། །རྣལ་འབྱོར་བཞིའི་རིམ་པའི་མན་ངག་གནད་ཀྱི་སྙིང་པོ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཐུབ་དབང་ཉི་མ་འགྲོ་བའི་གཉེན་གྱུར་པ། །འདྲེན་པ་མཆོག་གྱུར་དེ་ལ་ཕྱག་འཚལ་ནས། །འགྲོ་ཀུན་འཆིང་བ་མ་ལུས་གཅོད་མཛད་པ། །རྣལ་འབྱོར་བཞི་ཡི་རིམ་པ་གསལ་བར་བྱ། །བདག་མེད་གཉིས་སྒོམ་པའི་རིམ་པས་འགྲོ་བ་ཀུན་གྱི་འཆིང་བ་མ་ལུས་པ་བཅད་ནས། ཐར་པ་བླ་ན་མེད་པའི་གནས་སུ་བགྲོད་པར་བྱེད་པའི་མན་ངག་གི་རིམ་པ་བསྟན་པ་ལ། ཐོག་མར་བདག་མེད་སྒོམ་པའི་རིམ་པ་ནི། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པས། དེ་སྤོང་བའི་དོན་དུ་བདག་མེད་བསྒོམ་དགོས་ལ། ལྷན་སྐྱེས་ཀྱི་ངར་འཛིན་ནི། འཇིག་ཚོགས་ལ་ལྟ་བ་ཡིན་པར་གསུངས་པས། དེ་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པ་ནི། ཆོས་ཀྱི་གྲགས་པས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །ཞེས་པ་དང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་སོ། །དེས་ན་ལྷན་སྐྱེས་ཀྱི་ངར་འཛིན་གྱིས་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་བདག་ཏུ་འཛིན་པས། ཡུལ་ཕུང་པོ་ལྔ་བདག་མེད་དུ་གཏན་ལ་དབབ་དགོས་ཏེ། འདི་ཡུལ་སུན་འབྱིན་མེད་པར་ནི། །དེ་བློ་སྤོང་བར་ནུས་མ་ཡིན། །ཞེས་པ་ལྟར་རོ། །ཡུལ་ཕུང་པོ་ལྔ་བདག་མེད་དུ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་བསྒོམས་པས། བདག་འཛིན་བཟློག་པར་འགྱུར་རོ། །ཇི་ལྟར་ཕུང་པོ་ལྔ་བདག་མེད་པར་གྲུབ་ཅེ་ན། བདག་དང་ཕུང་པོ་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། བདག་ནི་ལྷན་སྐྱེས་ཀྱི་ངར་འཛིན་གྱིས་རྟག་པ་དང༌། གཅིག་པུ་དང༌། རང་དབང་ཅན་དུ་འཛིན་པའི་ཕྱིར། བདག་ཡོད་པར་འདོད་ཀྱང༌། ཕུང་པོ་ནི་མི་རྟག་པ་དང༌། དུ་མ་དང༌། གཞན་དབང་ཅན་ཡིན་པའི་ཕྱིར། འཐད་པ་འདི་ལ་བརྟེན་ནས་ཕུང་པོ་བདག་མ་ཡིན་པར་གྲུབ་པས། ཕུང་པོ་ལ་བདག་ཏུ་འཛིན་པ་འཁྲུལ་པར་ཤེས་ནས་བདག་མེད་བསྒོམ་པ་ལ་འཇུག་གོ །བདག་མེད་ཐོས་བསམ་གྱིས་གཏན་ལ་དབབ་ནས་རྟོགས་པའི་ལྟ་བ་ཞི་གནས་ཀྱི་ཟིན་པར་བྱས་ནས། གུས་སྦྱོར་དང༌། རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་ལེགས་པར་སྦྱངས་པས། བདག་མེད་ཀྱི་དོན་ལ་གོམས་པ་ཐོབ་ནས་བདག་འཛིན་བཟློག་པར་འགྱུར་རོ། །བདག་འཛིན་བཟློག་པས་བདག་གིར་འཛིན་པའང་བཟློག་སྟེ། བདག་འཛིན་མེད་པར་བདག་གིས་འཛིན་པ་མི་འབྱུང་བའི་ཕྱིར་རོ། །བདག་དང་བདག་གིར་འཛིན་པ་གཉིས་པོ་བཟློག་པས་ཉོན་མོངས་པ་བཟློག་གོ །ཉོན་མོངས་པ་བཟློག་པས་ལས་གསོག་པར་བྱེད་པ་པོ་མེད་པའི་ཕྱིར། ཉོན་མོངས་པའི་རྟེན་ཅན་གྱི་ལས་ཀྱང་མེད་ལ། དེ་ཉིད་མེད་པས། ཉོན་མོངས་པའི་ཀུན་འབྱུང་དང་ལས་ཀྱི་ཀུན་འབྱུང་གཉིས་ཀ་བཟློག་གོ །གཉིས་པོ་མེད་པའི་ཕྱིར། ཀུན་འབྱུང་མེད་པའི་སྡུག་བསྔལ་འབྱུང་བར་ག་ལ་འགྱུར། དེས་ན་བདག་མེད་རྟོགས་པའི་ཤེས་རབ་ཐར་པའི་རྒྱུའི་རྩ་བ་ཡིན་པས། བདག་མེད་རྟོགས་པའི་རྣལ་འབྱོར་བསྒོམ་དགོས་པར་བསྟན་ནོ། །བདག་མེད་བསྒོམ་པར་འདོད་པས། འདི་ནས་བཤད་པའི་དོན་ལ་འཇུག་དགོས་པར་བསྟན་ནོ། །གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་པ་ལ་གཟུང་བ་ཆོས་ཀྱི་བདག་མེད་བསྒོམ་པའི་རྣལ་འབྱོར་དང༌། འཛིན་པ་ཆོས་ཀྱི་བདག་མེད་བསྒོམ་པའི་རྣལ་འབྱོར་དང༌། གཟུང་འཛིན་གཉིས་མེད་བསྒོམ་པའི་རྣལ་འབྱོར་རོ། །དང་པོ་ནི། ཕྱི་རོལ་དུ་དོན་དུ་སྣང་བ་འདི་ལ་བདེན་པར་འཛིན་པས་ཀྱང༌། གནས་ལུགས་ཀྱི་དོན་རྟོགས་པའི་གེགས་ཡིན་ལ། གནས་ཚུལ་གྱི་དོན་མ་རྟོགས་པར་ཐེག་ཆེན་གྱི་ཐར་པ་མི་ཐོབ་པས། དོན་དུ་སྣང་བ་ལ་ཡང་བདེན་འཛིན་གྱི་སྒྲོ་འདོགས་གཅོད་དགོས་སོ། །གཅོད་པའི་ཚུལ་ནི། དོན་དུ་སྣང་བ་འདི་དག་རྨི་ལམ་དུ་སྣང་བ་བཞིན། རང་གི་སེམས་ཀྱི་སྣང་བ་ཙམ་དུ་ཟད་ཀྱི། ཤེས་པ་ལས་ལོགས་སུ་གྲུབ་པ་མེད་དེ། ཡུལ་ཅན་གྱི་བློ་དང་ལྷན་ཅིག་དམིགས་ངེས་པའི་ཕྱིར། མིག་ཤེས་འཁྲུལ་པ་ལ་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ། །མིག་ཤེས་ལ་ཐ་དད་པ་གཉིས་སུ་སྣང་ཡང་ཐ་དད་པ་གཉིས་སུ་མེད་པ་བཞིན་ནོ། །འཐད་པ་འདི་ལ་བརྟེན་ནས་དོན་དུ་སྣང་བ་འདི་ལ་བདེན་འཛིན་གྱི་སྒྲོ་འདོགས་བཅད་ནས། གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་གཉིས་ཀྱི་སྒོ་ནས་བསྒོམས་པས། གཟུང་བ་ཆོས་ཀྱི་བདག་མེད་ལེགས་པར་རྟོགས་པའི་ཕྱིར། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་གཟུགས་བརྙན་མཐོང་དེས་ན། །དོན་གྱི་འདུ་ཤེས་བཟློག་པར་འགྱུར། །ཞེས་སོ། །གཉིས་པ་དེའི་འོག་ཏུ་གཟུང་བ་བདེན་པར་མེད་པའི་རིགས་པས་དེ་འཛིན་གྱི་ཤེས་པ་ཡང་བདེན་མེད་དུ་འགྲུབ་པས། གཟུང་བ་མེད་པའི་རིགས་པས་འཛིན་པའང་མེད་པར་རྟོགས་པའི་དོན་ལེགས་པར་བསྒོམས་པས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་སོ། །ཇི་སྐད་དུའང༌། དེ་ཡི་འོག་ཏུ་འཛིན་པ་མེད་པར། །ཞེས་སོ། །གསུམ་པ་ནི་དེ་ནས་གཟུང་བ་དང་འཛིན་པའང་བདེན་མེད་དུ་བསྒོམས་པས། གཟུང་འཛིན་གཉིས་མེད་མངོན་སུམ་དུ་རྟོགས་ནས། གཟུང་འཛིན་གཉིས་མེད་ཀྱི་སྣང་བ་ནུབ་པའི་ཡེ་ཤེས་ཐོབ་བོ། །དེ་ནས་དམིགས་མེད་རིག་པར་བྱ། །ཞེས་སོ། །མདོ་སྡེ་རྒྱན་ལས། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་སོ། །རྣལ་འབྱོར་གྱི་རིམ་པ་དང་པོས་ནི་ཉོན་མོངས་པའི་སྒྲིབ་པ་འཇོམས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གཅོད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རིམ་པ་ཕྱི་མ་གསུམ་པོས་ནི། རིམ་པ་བཞིན་དུ་ཤེས་སྒྲིབ་གཟུང་རྟོག་དང༌། འཛིན་རྟོག་གཉིས་ཀྱི་ས་བོན་རྩ་བ་ནས་འཇོམས་པར་བྱེད་དོ། །ཞི་གནས་དང་ལྷག་མཐོང་གཉིས་ལས་ལྷ་མཐོང་བསྒོམ་པའི་རིམ་པ་ནི། འདི་ཉིད་ཡིན་པར་ཀ་མ་ལ་ཤཱི་ལས་གསུངས་སོ། །མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །སོ་སོར་དེ་བརྟགས་མྱ་ངན་འདས་ཐོབ་རྒྱུ། །རྒྱུ་གཞན་གྱིས་ནི་སྡུག་བསྔལ་ཞི་མི་འགྱུར། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གསུངས་སོ། །མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར། །ཞི་གནས་མན་ངག་རྩོམ་པ་མང་ན་ཡང༌། །ལྷག་མཐོང་ཁྲིད་ཚུལ་མན་ངག་མི་སྣང་བས། །ལྷག་མཐོང་མན་ངག་སྔོན་མེད་འདི་བཤད་དོ། དགེ་བ་གང་ཞིག་ཐོབ་པ་གང་འདི་ཡིས། །སྒྲིབ་གཉིས་མུན་པ་མ་ལུས་རྣམ་བསལ་ཞིང༌། །ཡེ་ཤེས་སྣང་བ་ཀུན་ཏུ་རབ་རྒྱས་ཏེ། །སྒྲིབ་གཉིས་སྤྲིན་བྲལ་ཆོས་སྐུ་ཐོབ་པར་ཤོག །ཅེས་རྣལ་འབྱོར་བཞིའི་མན་ངག་རིམ་པ་གསལ་བ་གནད་ཀྱི་སྙིང་པོ་ཞེས་བྱ་བ་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*