བློ་སྦྱོང་སྤྱི་སྤུངས་དོན་གྱི་མན་ངག

༄༅། །བློ་སྦྱོང་སྤྱི་སྤུངས་དོན་གྱི་མན་ངག་ཅེས་བྱ་བ་བཞུགས་སོ།།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཆེན་པོ་དམ་པ་རྒྱ་གར་གྱིས་གསུངས་པའི་བློ་སྦྱོང་སྤྱི་སྤུངས་ཞེས་བྱ་བའི་དོན་གྱི་མན་ངག རྒྱལ་བའི་སྲས་པོ་མི་ལྡོག་ས་ཐོབ་ཅིང༌། །ཆོས་ཉིད་བདེན་པ་མངོན་སུམ་གཟིགས་གྱུར་པ། །བརྩེ་བའི་བདག་ཉིད་གཞན་དོན་ལྷུར་ལེན་པའི། །དམ་པ་རྒྱ་གར་ཞབས་པད་སྤྱི་བོས་མཆོད། །བློ་སྦྱོང་སྤྱི་སྤུངས་ཞེས་བྱ་བ་འདི་ལ་དོན་ལྔ་སྟེ། སྙིང་རྗེ་གསུམ་གྱི་གཞི་འདིངས། འཇུག་ལྡོག་ལག་ལེན་གསུམ་གྱིས་ལམ་གྱི་དངོས་གཞི་ལ་འཇུག་ཚུལ། ཀུན་རྫོབ་ཀུན་ཀྱི་ཆ་སྒོམ་པའི་ཚུལ། སྟོང་ཉིད་ཀྱི་ལྟ་བས་རྒྱས་གདབ་པ། རྗེས་བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེའོ། །དང་པོ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྒོམ་ཚུལ་ལའང་དམིགས་པ་དང༌། རྣམ་པ་གཉིས་ལས། དང་པོ་དམིགས་པ་ནི། རིགས་དྲུག་གི་སེམས་ཅན་གྱི་སྡུག་བསྔལ་ཏེ། དམྱལ་བའི་སེམས་ཅན་ལ། ཚ་བའི་དམྱལ་བ་ན། ཡང་སོས། ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པའི་དམྱལ་བ་ན་སྡུག་བསྔལ་མཐའ་ཡས་པས་ཡོངས་སུ་གདུང་བར་བྱེད་ལ། གྲང་བའི་དམྱལ་བ་ན། ཨ་ཆུ་ཟེར་བ་དང༌། ཀྱེ་ཧུད་ཟེར་བ་དང༌། སོ་ཐམ་ཐམ་པ་དང༌། ཆུ་བུར་ཅན་དང༌། ཆུ་བུར་བརྡོལ་བ་ཅན་དང༌། པདྨ་ལྟར་གས་པ་དང༌། པདྨ་ལྟར་ཆེར་གས་པ་དང༌། ཨུཏྤལ་ལྟར་གས་པ་སྟེ། གྲང་བས་ཉེན་པས་ཤིན་ཏུ་སྡུག་བསྔལ་ལོ། །ཡི་དྭགས་རྣམས་ལ། ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་དང༌། ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན་ཏེ། ཟས་སྐོམ་མི་མཐོང་བ་དང༌། ཟོས་ནས་མེ་ལྕེར་གྱུར་ནས་ལུས་འཚིག་པ་དང༌། ཕྱི་ནང་གཉིས་ཀའི་གནོད་པས་ཤིན་ཏུ་སྡུག་བསྔལ་ལོ། །དུད་འགྲོ་རྣམས་ནི་གཏི་མུག་པས་བླང་དོར་མི་ཤེས་པ་དང༌། གཅིག་གིས་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ལོ། །མི་རྣམས་ནི། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་ལ་སོགས་པས་སྡུག་བསྔལ་ལོ། །ལྷ་མ་ཡིན་རྣམས་ལ་འཐབ་རྩོད་དང༌། ལྷ་རྣམས་ཀྱང་འཆི་ལྟས་དང༌། གནས་འོག་མར་ལྷུང་བ་སོགས་ཀྱི་སྡུག་བསྔལ་ལོ། །འདི་དག་གིས་ནི་སྙིང་རྗེའི་དམིགས་པ་བསྟན་ཏོ། །གཉིས་པ་རྣམ་པ་ནི། འདི་དག་སྡུག་བསྔལ་དང་བྲལ་བར་འདོད་པའོ། །འདི་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་ནི། སེམས་ཅན་འདི་དག་སྐད་ཅིག་རེ་རེ་བཞིན་འཇིག་པའི་ངང་ཚུལ་ཅན་ཡིན་ཡང༌། དེ་མ་རྟོགས་པར་རྟག་པར་འཛིན་པའི་ཁྱད་པར་དམིགས་ཡུལ་དུ་བྱས་ནས། དེ་སྡུག་བསྔལ་དང་བྲལ་བར་འདོད་པའོ། །གསུམ་པ་དམིགས་པ་མེད་པའི་སྙེང་རྗེ་ནི། འདི་དག་རང་བཞིན་གྱིས་སྟོང་པ་ཡིན་ཡང༌། བདེན་པར་འཛིན་པར་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའོ། །དང་པོ་ནི་སོ་སྐྱེ་དང༌། གཉིས་པ་ནི་ཉན་རང་འཕགས་པ་དང༌། གསུམ་པ་ནི་བྱང་སེམས་འཕགས་པ་རྣམས་ལ་གཙོ་བོར་ལྡན་ནོ། །ལམ་ཉམས་སུ་ལེན་པ་ལ་རྩ་བ་སྙིང་རྗེ་གསུམ་གལ་ཆེ། དབུ་མ་འཇུག་པ་ལས་ཀྱང༌། ཐོག་མར་སྙིང་རྗེ་ལ་བསྟོད་པའི་གནད་ཀྱང་འདི་ཡིན་ནོ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་ཡིན། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་པ་ཡང་སྙིང་རྗེ་ཆེན་པོའི་མཐུ་ཡིན། ཐ་མར་སངས་རྒྱས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའང་སྙིང་རྗེ་ཆེན་པོའི་མཐུ་ཡིན་པའི་ཕྱིར་རོ། །སྙིང་རྗེ་སྦྱོང་བའི་ཚུལ་ནི། དང་པོ་ཉེ་བ་དང༌། དེ་ནས་བར་པ་དང༌། ཐ་མ་དགྲ་ལ་དམིགས་ཏེ་བསྒོམ་མོ། །འབྱོང་བའི་ཚད་ནི། སེམས་ཅན་གང་མཐོང་དང༌། དགྲ་ལའང་སྙིང་རྗེ་རྩོལ་མེད་དུ་སྐྱེ་ན་འབྱོང་བའི་ཚད་དོ། །སྙིང་རྗེ་གསུམ་གྱིས་གཞི་འདིངས་པ་བསྟན་ཟིན་ཏོ། །གཉིས་པ་འཇུག་ལྡོག་ལག་ལེན་གསུམ་གྱིས་འཇུག་པ་ལ། དང་པོ་སྟོང་པ་ཉིད་ལ་འཇུག་པ་དང༌། དངོས་པོར་འཛིན་ལ་ལྡོག་པ་དང༌། ཏིང་ངེ་འཛིན་གྱི་རྒྱུད་ལ་སྦྱོར་ཞིང་དེ་ལ་མཉམ་པར་བཞག་པའོ། །དང་པོ་སྟོང་པ་ཉིད་ལ་འཇུག་ཚུལ་ལ། ཕྱི་སྟོང་པ་ཉིད་དང༌། ནང་སྟོང་པ་ཉིད་དང༌། ཕྱི་ནང་གཉིས་ཀ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་ནི་འཇུག་ཡུལ་ལོ། །དང་པོ་གསུམ་བསྒོམ་པས་ནི་ཆོས་ཅན་ལ་སྒྲོ་འདོགས་གཅོད་ཅིང༌། ཐ་མས་ནི་ཆོས་ཉིད་ཀྱི་དོན་ལ་བདེན་འཛིན་གཅོད་པའི་ཕྱིར། ཆོས་ཅན་དང་ཆོས་ཉིད་ལ་བདེན་འཛིན་ཆོད་པས་བདེན་འཛིན་མཐའ་དག་ཆོད་པ་ཡིན་ཏེ། ཆོས་ཅན་དང་ཆོས་ཉིད་གཉིས་པོ་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པའི་རབ་ཏུ་ཞི། །ཞེས་སོ། །ཕྱི་སྟོང་པ་ཉིད་བསྒོམ་ཚུལ་ནི། ཕྱི་ཡུལ་དུ་གང་སྣང་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། འཇའ་ཚོན་ལྟ་བུར་སྣང་ཙམ་ཉིད་ནས་བློ་ལ་སྣང་བ་ཙམ་དུ་ཟད་ཀྱི། ངོ་བོའམ་རང་བཞིན་ཅུང་ཟད་མེད་པར་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ནང་སྟོང་པ་ཉིད་བསྒོམ་ཚུལ་ནི། ནང་ལུས་སུ་རྟོགས་པའི་ཆོས་རྣམས་ཀྱང༌། དེ་བཞིན་དུ་བསྒོམ་པར་བྱའོ། །འདི་ནི་སྣང་སྟོང་དབྱེར་མེད་དུ་བསྒོམ་པའི་ཚུལ་ལོ། །ནང་ཉོན་མོངས་པའི་རྣམ་རྟོག་དང༌། ལུང་མ་བསྟན་གྱི་རྣམ་རྟོག་དང༌། དགེ་བའི་རྣམ་རྟོག་གང་སྐྱེས་ཐམས་ཅད་བྱ་ར་བའི་ཚུལ་གྱིས་རིག་པར་བྱས་ནས། རྟོག་པ་གང་སྐྱེས་ཀྱང༌། དང་པོར་གང་ནས་བྱུང༌། ད་ལྟ་གང་ན་གནས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་མི་དམིགས་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །འདི་ནི་རིག་སྟོང་དབྱེར་མེད་དུ་བསྒོམ་པའི་ཚུལ་ལོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བསྟན་པ་ན། སྟོང་པ་ཉིད་དུ་བདེན་ནོ་སྙམ་པའི་རྟོགས་པ་སྐྱེས་ན་དེའང་གཞོམ་པར་བྱ་སྟེ། ཀླུ་སྒྲུབ་ཀྱིས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ལ་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱི་སྨད་པར་མཛད། །ཅེས་པ་དང༌། མདོ་ལས་ཀྱང༌། འོད་སྲུངས་གང་ཟག་གི་བདག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། གང་དག་སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་དེ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སོ། །དེའི་དོན་རྩ་བ་ཤེས་རབ་ལས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་དུ་མེད་པར་གསུངས། །ཞེས་སོ། །བདེན་པ་འགོག་པའི་རིག་པ་ནི། རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །ཞེས་པ་སྟེ། ཆོས་ཅན་མེད་ན་དེ་ལ་བརྟེན་པའི་ཆོས་ཉིད་ཡོད་པར་ག་ལ་འགྱུར། ཞེས་པའོ། །གཞན་ཡང་ཆོས་ཉིད་ཤེས་བྱ་ཡིན་ནམ་མིན། །དང་པོ་ལྟར་ན། ཤེས་བྱེད་མེད་པའི་ཤེས་བྱ་མི་འཐད་པས། །ཤེས་བྱེད་ལ་ལྟོས་དགོས་ལ། ཆོས་གཞན་ལ་ལྟོས་ནས་འཇོག་དགོས་པ་ནི། ངོ་བོ་ཉིད་ཀྱིས་གྲུབ་པའི་དོན་མེད་པས་རང་བཞིན་མེད་པར་གྲུབ་བོ། །བསྟོད་ཚོགས་ལས། མ་ཤེས་པས་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་མེད་པ། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་སོ། །འཇུག་ལྡོག་ལག་ལེན་གསུམ་གྱི་ལམ་གྱི་དངོས་གཞི་ལ་འཇུག་ཚུལ་བསྟན་ཟིན་ཏོ། །གསུམ་པ་ཀུན་རྫོབ་ཐབས་ཀྱི་ཆ་བསྒོམ་པའི་ཚུལ་ལ། རང་གི་དབུགས་ཕར་འགྲོ་བའི་དུས་སུ། རང་གི་བདེ་སྐྱིད་དང་དགེ་བ་ཐམས་ཅད་སེམས་ཅན་ལ་ཐིམ་པར་བསམ། དབུགས་ཚུར་རྔུབ་པའི་དུས་སུ་གཞན་གྱི་སྡུག་བསྔལ་རྣམས་རང་ལ་ཐིམ་པར་བསམ་མོ། །འདི་གཉིས་སྤེལ་མར་སྦྱང་བ་གཅེས་སོ། །རིན་ཆེན་ཕྲེང་བ་ལས། བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པ་དང༌། ཕྱིར་མི་ལྡོག་གི་རྟགས་ཀྱི་སྐབས་སུ། བདག་དང་གཞན་དུ་བརྗེ་བ་ཉིད་ཀྱིས་གཞན་གྱི་ཡུལ་ལ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པ་དང༌། ཞེས་སོ། །བཞི་པ་སྟོང་པ་ཉིད་ཀྱི་ལྟ་བས་རྒྱས་གདབ་པ་ནི། གཏོང་ལེན་གཉིས་ལ་སྤེལ་མར་སྦྱངས་པའི་རྗེས་སུ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་པས། མ་རྙེད་པའི་དོན་ལ་ཡང་དང་ཡང་དུ་མཉམ་པར་འཇོག་པར་བྱའོ། །སྤེལ་མར་བསྒོམ་པས་ནི། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་ལ། རྗེས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ནི། ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་དོ། །ཚོགས་གཉིས་རྫོགས་པས་སངས་རྒྱས་འགྲུབ་བོ། །ལྔ་པ་རྗེས་བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་ནི། ཚོགས་གཉིས་ཀྱི་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་ཟིན་པར་བྱེད་པ་གལ་ཆེ་བས། དགེ་སྦྱོར་གྱི་ཐུན་རེ་རེའི་རྗེས་སུའང་བསྔོ་བ་འདི་ཤིན་ཏུ་གནད་ཆེའོ། །དམ་པ་རྒྱ་གར་གྱི་མན་ངག་འདི་གཞན་ལ་མེད་པའི་ཁྱད་ཆོས་སོ། །དམ་པའི་ཞལ་ནས་ལེགས་འོངས་མན་ངག་རིན་ཆེན་གཏེར། །མངོན་པར་བརྩོན་པའི་སྦྱོར་བས་ལེགས་བསྒྲུབས་འཁོར་བ་རུ། །སྐྱེ་བ་གསུམ་ལས་ལྷག་པར་མི་སྡོད་དམ་པས་གསུངས། །དེ་ཕྱིར་འདི་ལ་རབ་ཏུ་འབད་པས་འཇུག་པར་རིགས། །འདི་སྦྱར་ལས་བྱུང་དགེ་བ་དྲི་མེད་དེས། །མཐའ་ཡས་སེམས་ཅན་ཕ་མ་དང་བཅས་པའི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རབ་རྫོགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་རྗེ་བཙུན་དམ་པ་རྒྱ་གར་ནས་བརྒྱུད་པའི་བློ་སྦྱོང་སྤྱི་སྤུངས་ཀྱི་མན་ངག་འདི་ནི་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*