རྟེན་འབྲེལ་བཟང་པོ།

༄༅། །བླ་མ་དམ་པ་རོང་སྟོན་ཆོས་ཀྱི་རྗེའི་རྣམ་པར་ཐར་པ་ཕྲིན་ལས་རྒྱས་ཤིང་རྒྱུན་མི་ཆད་པའི་རྟེན་འབྲེལ་བཟང་པོ་ཞེས་བྱ་བ་བཞུགས་སོ།།

བླ་མ་དམ་པ་རོང་སྟོན་ཆོས་ཀྱི་རྗེའི་རྣམ་པར་ཐར་པ། ཕྲིན་ལས་རྒྱས་ཤིང་རྒྱུན་མི་ཆད་པའི་རྟེན་འབྲེལ་བཟང་པོ་ཞེས་བྱ་བ། བླ་མ་དམ་པ་བརྒྱུད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །བདག་ཅག་གི་འདྲེན་པ་དམ་པ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་རོང་སྟོན་པ་ཤེས་བྱ་ཀུན་རིག་ཅེས་གྲགས་ཤིང༌། མཁན་པོས་གསོལ་གྱི་མཚན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་ངེས་པའི་དོན་དུ་སྟོབས་བཅུ་ལ་སོགས་ཀྱི་གོ་འཕང་བརྙེས་ཀྱང་གདུལ་བྱ་སོ་སོའི་སྣང་བ་དང་མཐུན་པར་སེམས་ཅན་གྱི་དོན་མཛད་པའི་ཚུལ་ནི། དམ་པ་རྒྱ་གར་ལ་སོགས་གྲུབ་པ་ཐོབ་པ་དང༌། པཎྜི་ཏ་ལ་སོགས་པ་དཔག་ཏུ་མེད་པའི་སྐྱེ་བ་བཞེས་པའི་ཚུལ་བསྟན་ནས་རྒྱ་གར་ལ་སོགས་པར་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་བརླབས་པའི་གནས་བོད་ཁ་བ་ཅན་གྱི་ཞིང་ཁམས་འདིར་ཐུབ་པའི་བསྟན་པ་གསལ་བར་བྱེད་པ་དང༌། སྐལ་བ་དང་ལྡན་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྐྱེ་བ་བཞེས་པའི་ཚུལ་ནི། མདོ་ཁམས་ཀྱི་ཕྱོགས་སུ་རིགས་ཆེ་ཞིང་ཆེས་མཐོ་བར་མཐོ་རིས་ཀྱི་ཡོན་ཏན་དུ་མ་དང༌། དལ་འབྱོར་གྱི་རྒྱན་དུ་མས་མཛེས་པར་སྐུ་འཁྲུངས་ཤིང༌། ཚོགས་གཉིས་རླབས་པོ་ཆེ་དང༌། སྨོན་ལམ་རྣམ་པར་དག་པའི་མཐུས་བོད་ཀྱི་རྡོ་རྗེ་གདན་ཆོས་གྲྭ་ཆེན་པོ་དཔལ་ལྡན་གསང་ཕུ་ནེའུ་ཐོག་ཏུ་ཕྱགས་ཕེབས་ཏེ་ཀོང་སྟོན་བློ་གྲོས་དབང་ཕྱུག་ལ་སོགས་པ་རྣམས་ལ་ཐུགས་སྦྱོང་མཛད་པས། ཚེ་འདིར་ལན་རེ་ཟུང་རེ་ཐོས་པ་ཙམ་གྱིས། །གཞུང་ལུགས་ཀུན་ཤེས། ཞེས་པ་དང་ཚུལ་མཚུངས་པར་ཕར་ཚད་ལ་སོགས་པ་དཀའ་ཚེགས་མེད་པར་ལེགས་པར་མཁྱེན་ནས་དགུང་ལོ་ཉི་ཤུ་རྩ་གཉིས་བཞེས་པའི་དུས་སུ་ཚད་མ་རྣམ་ངེས་ཀྱི་ཊཱི་ཀ་མཛད། བློ་གསལ་མང་པོའི་ཡོངས་སུ་འཛིན་པ་ཆེན་པོར་གྱུར་ཏེ་ཆོས་བར་ལ་ཕྱོགས་ཕྱོགས་སུ་བྱོན་པའི་ཚེ་ཡར་ལུང་བྱ་སའི་གཙུག་ལག་ཁང་དུ་གཡག་མི་ཕམ་ཆོས་ཀྱི་རྗེ་ཕེབས་པ་གསན་པས་སྔོན་གྱི་བག་ཆགས་བཟང་བའི་སྟོབས་ཀྱིས་ཐུགས་ལ་དགའ་བ་དང་སྤྲོ་བ་ཁྱད་པར་ཅན་སྐྱེས་ཏེ་དེར་བྱོན་པས་ཡུམ་ལས་འདི་དག་གང་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཞེས་པའི་མདོ་དང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་པའི་ཆོས་མཚམས་སུ་ཕེབས། རྟེན་འབྲེལ་ལེགས་པར་འགྲིགས་ཏེ་མདོ་བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པའི་མཁྱེན་རབ་ལེགས་པར་རྒྱས། སྡེ་སྣོད་འཛིན་པ་མང་པོའི་འཁོར་གྱིས་བསྐོར་ཏེ། མཐའ་ཡས་ཡུལ་ཕྱོགས་ཆོས་ཀྱི་འཁོར་ལོ་བསྐོར། །ལུང་རིགས་སྨྲ་བའི་སློབ་མ་ཁྲི་ཕྲག་བཞི། །ཡོངས་སུ་སྨིན་པར་མཛད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་སྦྱིན་བདག་ལ་སོགས་པ་སོ་སོའི་བསམ་པ་དང་མཐུན་པར། མཐུན་རྐྱེན་དང་ཡོ་བྱད་གང་འཛོམས་པར་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དེའི་ཚེ་རྒྱས་པ་འབུམ་ལ་སོགས་པའི་རྣམ་བཤད་མང་དུ་མཛད་པ་དང༌། རྩོད་པ་སེང་གེའི་ང་རོས་ཕས་རྒོལ་གྱི་གླང་པོ་ཕམ་པར་མཛད་པ་ལ་སོགས་པ་ནི། མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པའི་རྣམ་ཐར་དུ་གསལ་ཞིང༌། དེ་ལྟར་དགུང་ལོ་བདུན་ཅུ་ལ་ཉེ་བའི་བར་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་གཡེང་བ་ཐམས་ཅད་སྤངས་ཏེ། འཆད་རྩོད་རྩོམ་པའི་བྱ་བ་ཡིས། །ཉིན་པར་དགེ་འདུན་ལེགས་བསྡུས་ནས། །མཚན་མོ་བརྩོན་པས་གྲོལ་བརྙེས་པ། །ཞེས་གསུངས་པ་ལྟར་རྩེ་གཅིག་ཏུ་མཛད་པས། གངས་ཅན་གྱི་བློ་གསལ་བ་དང༌། ཡིད་གཞུངས་པའི་སྡེ་སྣོད་འཛིན་པ་ཕལ་མོ་ཆེ་འཁོར་དུ་བསྡུས་ཤིང༌། ཁ་ཅིག་ནི་གྲུབ་པའི་ས་ལ་བཞག ལ་ལ་ནི་མཁས་པའི་གོ་འཕང་ལ་བཀོད། གཞན་དག་ནི་ཆོས་སྡེ་ཆེན་པོ་ལ་སོགས་པའི་མཁན་པོ་དང་སློབ་དཔོན་དུ་གྱུར་ཏེ་ཆེས་ཆེ་བའི་གོ་འཕང་ལ་བཀོད། ཁྱད་པར་དུ་སྔོན་གྱི་ལས་དང༌། སྨོན་ལམ་རྣམ་དག་གི་སྟོབས་ཀྱིས་ཤེལ་གྲོང་པ་དྲུང་རྡོར་བ་ཁུ་དབོན་གྱིས་ཉེ་བར་མཁོ་བའི་སྦྱིན་བདག་མཛད། ༧གོང་མ་གྲགས་པ་རྒྱལ་མཚན་པས་གཞིས་ཀ་གོང་དཀར་ནས་ས་ཕྱོགས་དང་ཡུལ་ཕྱོགས་གང་དུ་བཞུགས་ཀྱང༌། དཔོན་སློབ་ཉི་ཤུའི་ཕོགས་གཟབ་མ་དུས་རྒྱུན་དུ་འབུལ་བ་ལ་སོགས་པའི་སྦྱིན་བདག་མཛད་པ་ལ་བརྟེན་ནས་གྲུབ་ཐོབ་ཆེན་པོ་གྱེར་སྒོམ་ཞིག་པོས་བྱིན་གྱིས་བརླབས་པའི་གནས་སྙི་ཕུ་ཤུག་བསེ་བ་དང༌། མངའ་བདག་ཁྲི་རལ་པ་ཅན་གྱི་ཕོ་བྲང་འུ་ཤང་དོ་དང༌། སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་བརླབས་པའི་གནས་རི་བོ་རྩེ་ལྔ་ལ་སོགས་པ་དེ་རྣམས་འཇིག་རྟེན་ལ་ལྟོས་མེད་ཀྱི་ཆོས་པ་རྣམ་དག་བཞུགས་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་ཉུང་བར་གཟིགས་ནས་ཕལ་ཆེར་བཞུགས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་སྟག་ལོའི་སྟེ་གཟར་གྱི་སྟོབས་ཀྱིས་ས་ཕྱོགས་དེ་རྣམས་འཁྲུག་ལོང་མང་ཞིང་མི་བདེ་བར་གྱུར་པ་དང༌། སྔོན་གྱི་ཚོགས་གཉིས་རླབས་པོ་ཆེས་བསྐྲུན་པའི་མཐུ་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་རྟེན་འབྲེལ་བསྒྲིགས་པ་ཡིན་ནམ་སྙམ་སྟེ། དཔལ་གྲོ་སའི་མཁན་པོ་ཆེན་པོ་འོད་ཟེར་རྒྱལ་པོ་བས་གཙོ་མཛད། དཔོན་སློབ་ཐམས་ཅད་ཞལ་མཐུན་པར་འཕན་ཡུལ་ཕྱོགས་ལ་སྤྱན་དྲངས། གྲོ་ས་དགོན་པར་ཟླ་བ་གཉིས་བཞུགས། སྡེ་སྣོད་འཛིན་པ་དང༌། མི་ཆེན་དང༌། དད་པ་ཅན་མང་དུ་འདུས། བསྙེན་བཀུར་དང་ཞབས་ཏོག་ཕུན་སུམ་ཚོགས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེ་རྗེས་སྤྱན་སྔ་རིན་པོ་ཆེ་ཕུན་ཚོགས་དཔལ་བཟང་པོས་དབུ་མཛད་རྒྱལ་ལྷ་ཁང་བ་རྣམས་ཀྱིས་སྤྱན་དྲངས། ཟླ་བ་གཅིག་བཞུགས་ཆོས་ཀྱི་འཁོར་ལོ་བསྐོར། ཞབས་ཏོག་ཕུན་སུམ་ཚོགས། དེ་རྗེས་ཉན་པོ་དགོན་པར། རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པ་དཔོན་སློབ་ཀྱིས་སྤྱན་དྲངས། ཟླ་བ་གཅིག་བཞུགས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཞབས་ཏོག་ཕུན་སུམ་ཚོགས། དེ་ནས་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་གོང་ལ་ཕེབས་པའི་དུས། ཆོས་རྗེ་སྒོ་ལ་ལ་འབྱོན་པའི་བསུ་བ་ལ་གྲོ་ས་ཚོགས་པས་བྱོན་པའི་ཚེ། དགོན་པ་འདིར་ཚོགས་པས་བཞུགས་ཤིང༌། གཟིམ་ཁང་མཛད་པ་འདིར་གཟིམ་ཐེར་ཕུབ། ཆོས་རྗེས་བཞུགས། ཞེས་ཆོས་རྗེ་རིན་པོ་ཆེ་རྒྱམ་རིན་པ་གསུང་ཞིང༌། དེ་དུས་གཞི་བདག་གིས་དགོན་པ་ཕུལ་ཞིང་རྟེན་འབྲེལ་བསྒྲིགས་པ་ཡིན་ནམ་སྙམ། གཞན་ཡང་སྐྱིད་སྨད་རི་བོ་རྩེ་ལྔར་བཞུགས་དུས་དགོན་པ་མནལ་ལམ་དུ་ཤར་བ་སོགས་བསམ་གྱིས་མི་ཁྱབ་པར་འདུག་ནའང་འཕྲལ་གསུང་ཚུལ་དང་སྣང་ཚུལ་དང་བསྟུན་ན། མི་སྡེ་དང་ལྷ་སྡེ་ཐམས་ཅད་སྦྱིན་བདག་དང་གྲྭ་བུ་སློབ་ཏུ་གྱུར་པ་དང༌། བསྟན་པའི་རྒྱུན་ལ་ཡང་ཕན་པ་དང༌། ས་ཕྱོགས་འདི་འདོད་ཡོན་ཚང་བ་སོགས་གང་ས་ནས་ལེགས་པ་ལ་དགོངས་ནས་དགོན་པ་གཅིག་མཛད་པར་བཞེད་དེ་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་བ་ལ་སོགས་པ་རྣམས་ཀྱིས་དགོན་པ་གཟིགས་པ་ལ་བྱོན་པས་འདི་ཉིད་དུ་རྟེན་འབྲེལ་འགྲིགས་ཤིང༌། ནང་སོ་མཁར་རྩེ་ནས་དགོན་པ་དང་ས་ཞིང་ཕུལ་ཞིང༌། གཟིམ་ཁང་གཙང་མར་བརྩིགས་ནས་ཕུལ་བ་སོགས་མཛད། སྤྱན་སྔ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་པས་ཀྱང་དཔལ་ལྡན་ས་སྐྱའི་དགོན་པ་འདེབས་པ་ལ་ངེད་ཀྱིས་གྲོགས་བྱེད་གསུང༌། མཁར་རྩེར་བཀའ་ལུང་སྙན་བསྐུལ་ཡང་དག་མཛད། ཡོས་ལོའི་མཇུག་དེ་ཉིད་ལ་གཟིམ་ཁང་གི་རྨང་བཏིང༌། དགོན་པ་བཏབ་པའི་ཚེ་ངོ་མཚར་བའི་ལྟས་མང་དུ་བྱུང་བ་དང༌། ཆོས་རྗེས་རྟེན་འབྲེལ་བསྒྲིགས་པའི་ཚུལ་ལ་སོགས་པ་ནི་མཁས་པ་ཆེན་པོས་མཛད་པའི་རྣམ་ཐར་དུ་གསལ། ཡོས་ལོའི་ནང་དེ་ཉིད་དུ་གཟིམ་ཁང་དང༌། རྒྱལ་རོང་པ་པར་རྒོལ་བའི་སྤྱི་ཁང་གི་ཐད་འདིར་ཁང་ཆུང་གཅིག རོང་པ་ཚ་འཕྲང་པའི་སྤྱི་ཁང་གི་ཐད་འདིར་ཁང་ཆུང་གཅིག་དང་གསུམ་གྱི་ཐོག་ཕུབ། གཞན་རྨང་མང་དུ་བཏིང༌། དེ་རྗེས་འཕན་ཡུལ་མདར་ཆོས་རྗེ་བ་གཞོན་ནུ་ལེགས་གྲུབ་པས་དབུ་མཛད་དཔོན་སློབ་རྣམས་ཀྱིས་སྲས་ཁང་དུ་སྤྱན་དྲངས་ཏེ་ཟླ་བ་གཅིག་གི་ཕོགས་ཕུལ། དེ་རྗེས་དེའུ་གོང་ནས་ཟླ་བ་གཅིག་གི་ཕོགས་ཕུལ། ཟླ་བ་གཉིས་བཞུགས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། རྙེད་པ་དང་བཀུར་སྟིའི་ཞབས་ཏོག་ཕུན་སུམ་ཚོགས། དེ་རྗེས་ཕར་ཕྱིན་རང་ལས་མཁས་པ་ལོ་པ་ཚུལ་དར་ཞེས་གྲགས་པའི་མཁས་པ་ཆེན་པོ་དེས་ལོ་དགོན་པར་སྤྱན་དྲངས་ཏེ་ཕོགས་ཕུལ། ཟླ་བ་གཅིག་བཞུགས། བདག་ཅག་ཕྱགས་ཕྱིར་ཡོད་པའི་དྲག་ཞན་ཐམས་ཅད་ཀྱིས་ཆོས་རྗེ་ལོ་པ་ལ་བྱམས་ཆོས་ལྔའི་ལུང་ཞུས། འབྲུག་ལོའི་འགོ་ལ་འདི་ཉིད་དུ་ཕེབས་ཏེ་རྗེ་རིན་པོ་ཆེ་རིན་སྡིངས་སུ་བཞུགས། མཁར་རྩེ་བས་གཟིམ་ཁང་བརྩིགས་པ་ལ་སོགས་པ་ཐམས་ཅད་ཀྱིས་མཁར་ལས་ལ་འབད། འབྲུག་ལོ་ཟླ་བ་བཅུ་པའི་འགོ་ལ་གཟིམ་ཁང་ཀ་བརྒྱད་མའི་ཉིས་ཐོག་ལེགས་པར་གྲུབ། གཞན་ཡང་མང་དུ་གྲུབ། ཚེས་གསུམ་མཆོད་པ་གཅིག་དང་བསྟུན་ནས་གཟིམ་ཁང་ནས་མང་ཇ་དང་ཚ་ར་གཟབ་པ་གཅིག་གནང༌། ཆོས་རྗེ་ས་སྐྱ་པཎྜི་ཏའི་སྐུ་ཞིག་དང༌། དཔལ་གུར་གྱི་མགོན་པོའི་སྐུ་ཞིག་དང་གཉིས་ནང་སོ་ནས་བཞེངས་པ་ལ་རབ་གནས་མཛད། དེ་ནས་ཆོས་རྗེ་རིན་པོ་ཆེ་དང༌། སློབ་དཔོན་བཟོད་ཆེན་པས་གཙོ་མཛད་དཔོན་སློབ་རྣམས་ཀྱིས་དགུན་ཆོས་ཤིན་ཏུ་དམར་བར་མཛད། དཔྱིད་ཆོས་དེ་ལ་ཤེལ་གྲོང་དུ་གདན་དྲངས། ཟླ་བ་གཅིག་བཞུགས། ཧོར་ཟངས་སྤུག་མོ་གཅིག་དང༌། ལྡིར་མོ་དང༌། ཕྱི་སྒོ་དབུས་འབྱེད་འདི་ལ་སོགས་པ་ཉེ་བར་མཁོ་བ་མང་དུ་ཕུལ། ཐུགས་ཤིན་ཏུ་མཉེས། ཀུན་དགའ་རྭ་བ་ལ་སོགས་པ་བརྩིགས་པའི་ཚུལ་ནི། ལོ་ནས་ཕེབས་པའི་མོད་དེ་ཉིད་ལ་བླ་མ་ཐུགས་རྗེ་ཆེ་བ་དང་གྲྭ་བུ་སློབ་རྒྱ་ཆེ་བའི་སྟོབས་ཀྱིས་ཆུང་ན་མི་ཤོང་དགོངས་ནས་ཀ་བ་བརྒྱ་ཉི་ཤུ་ཙམ་གྱི་རྨང་བཏིང༌། བྱང་ཕྱོགས་ཉན་པོ་བས་བརྩིགས། ནུབ་ཕྱོགས་གྲོ་ས་ཚོགས་པས་བྱོན་ནས་བརྩིགས། ཤར་ཕྱོགས་ཁྲི་དཔོན་མཚོ་སྐྱེས་པ་ཚོང་འདུས་ན་བཞུགས་དུས་ཚོང་འདུས་པས་བརྩིགས། ལྷོ་ཕྱོགས་ཞོལ་ཆར་རྗེ་བས་བརྩིགས། གཙང་ཁང་བར་སྐོར་དང་བཅས་པ་རྒྱལ་མོ་རོང་པ་དགེ་བཤེས་ཤེས་རིན་ཞེས་བྱ་བ་བླ་མ་ལ་དད་པ་ཆེ་ཞིང༌། སྤྱི་སེམས་ཆེ་བ་ཞིག་ཡོད་པ་དེས་དོ་དམ་བྱས་བླ་བྲང་ནས་ཞལ་བཞུགས་ཐོག་ཏུ་ལེགས་པར་གྲུབ། ཕྱིས་ལྷ་མོ་ཆེ་བཞེངས་དུས་གཙང་ཁང་གི་ཐོག་དཔངས་གཏོད། གླང་ཐང་ཚོགས་པས་མཛོ་མོ་ར་བ་ཡོད་པའི་ཐད་འདིར་ཚོགས་པ་ཉིས་བརྒྱ་ཤོང་པའི་ཁང་པ་བརྩིགས་ནས་ཕུལ། ལྷ་ཁང་ནས་གོས་ཆེན་སྐབས་མང་ལེགས་པ་ཞིག་ཕུལ། གཞན་ཡང་སྲས་ཁང༌། ཐང་སག ལོ་དགོན་པ་སོགས་ནས་ཇི་ལྟར་འོས་པའི་ཡོ་བྱད་ཕུལ་ཏེ་སྤྱི་ལ་དགོས་པ་ཐམས་ཅད་གཟིམ་ཁང་ནས་ཐུགས་ཁུར་མཛད་པས་བླ་མའི་ཐུགས་རྗེས་འབད་མེད་ལྷུན་གྲུབ་ཏུ་བྱུང་བ་ཡིན་ནོ། །རྗེ་བཙུན་བླ་མ་དམ་པ་འདིའི་རྣམ་ཐར་རྒྱས་པ་ནི། མཁས་པ་ཆེན་པོ་གཞན་དག་གིས་མཛད་པ་ལས་ཤེས་ཤིང༌། བདག་གིས་ཅུང་ཟད་ཐོས་པ་ནི། སྐྱེ་འཆི་ལ་དབང་ཐོབ་པར་ཞལ་གྱིས་བཞེས་ཏེ་བདེ་བར་གཤེགས་པའི་ལོ་དེར་བདག་ཆོས་མགོ་ལ་བསྙེན་རྫོགས་བྱེད་པར་འདོད་ཀྱང་རེ་ཞིག་འགྱངས་པ་ལ་དགེ་བཤེས་བསོད་ནམས་དཔལ་འཕེལ་ཞེས་པ་ཞིག་བདག་གི་རྩར་མངག་གནང་ནས་བསྙེན་རྫོགས་བྱེད་ན་རན་ནས་ཡོད། མྱུར་བར་ཤོག་གསུངས་ཏེ་བདག་གིས་ཚེས་བརྒྱད་ལ་འདིར་འོངས་ནས་བསྙེན་རྫོགས་བྱས། བཅུ་བཞི་ལ་བདེ་བར་གཤེགས། ཆོས་ཁྲི་སྟེང་དུ་ཆོས་གསུང་བའི་ཚེ་བཞེངས་ནས་ད་ནི་འདི་འདྲ་ཡང་ཡང་མི་ཡོང་ངོ་ཞེས་ཡང་དང་ཡང་དུ་གསུངས་པ་དང༌། ཆོས་བར་ལ་བྱོན་པ་རྣམས་ལ་བཅུ་བཞིའི་བར་སྡོད། མང་ཇ་མང་པོ་འོང་གསུངས་པ་སོགས་ནི་རྣམ་ཐར་རྒྱས་པར་གསལ། གཞན་ཡང་དེང་སང་གྲོག་པོའི་ནུབ་ན་མྱང་རལ་དུ་སོང་བའི་སློབ་དཔོན་ལེགས་རྒྱམ་པའི་ཁང་པ་རྙིང་པ་དེར། གྲྭ་པ་ཞིག་གིས་ཚ་བཞེས་ལ་གདན་དྲངས། གྲལ་དེར་ཡར་ལུང་ལ་སོགས་པར་ལྟས་ངན་བྱུང་བའི་ལོ་རྒྱུས་གླེང་བས་ལྟས་ངན་གྱིས་ལུང་པ་ཁེངས་ཀྱང་ང་ནི་ལོ་བརྒྱད་ཅུ་གྱ་ལྔ་སྡོད། དེ་ནས་བལྟས་ནས་བྱེད་གསུང༌། བལྟས་ནས་བྱེད་ཅེས་པ་དེ་ཆོས་རྗེ་གཟད་པ་བློ་རྒྱམ་པས་གྱ་བདུན་བཞུགས་པར་ཞལ་གྱིས་བཞེས་ཞེས་གསུངས་པ་ལྟར་ན་དགོས་པ་ཁྱད་པར་ཅན་དང་གསོལ་བ་དྲག་ཏུ་བཏབ་ན་གྱ་བདུན་བཞུགས་པ་ཡིན་ནམ་སྙམ། དམ་པ་རྒྱ་གར་གྱི་སྤྲུལ་པ་ཡིན་པ་ནི། དིང་རི་གླང་འཁོར་དུ་བྱོན་པའི་ཚེ། སྒྲུབ་པོ་མཚམས་ལ་ཡོད་པ་ཞིག་ཉམས་འུར་ནས། དམ་པ་རྒྱ་གར་ཚེས་བརྒྱད་ལ་འབྱོན་པར་ཡོད་བསུ་བ་ལ་སོགས་པའི་གྲབས་མི་བྱེད་པ་ཨེ་ཡིན་གསུངས། ཚེས་བརྒྱད་ལ་ཆོས་རྗེ་བྱོན་པ་ཡིན་པར་འདུག་ཅེས་པ་ཆོས་ཀྱི་རྗེ་རྡོ་རྗེ་འཆང་གི་གསུང་ལས་ཐོས་ཤིང་དྲུང་ཆེན་དཔལ་འབྱོར་བས་གསུང་གི་འདུག་པ་ཡང་དྲན། ཆོས་རྗེ་བློ་རྒྱམ་པས་མཛད་པའི་བསྟོད་པ་ན། ལྷོ་བྲག་ཕྱག་རྡོར་གྲུབ་ཆེན་རྣམས་ཀྱིས་ནི། །མ་འོངས་སེམས་ཅན་ཀུན་གྱི་དོན་སླད་དུ། །དམ་པ་རྒྱ་གར་སྐུ་སྐྱེར་ལུང་བསྟན་པ། །ཞེས་པ་དང་མཐུན། ཡང་རོང་ངུར་སྨྲིག་ཏུ། བྱང་ཆུབ་སེམས་འགྲེལ་གསུངས་པའི་ཚེ། ཁ་ཆེ་པཎ་ཆེན་གྱིས་ཞབས་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས་པའི་སྣང་བ་བྱུང་ཞེས་རྗེ་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཊཱི་ཀའི་མཆན་ལ་བྲིས་འདུག་པ་བཀའ་འབུམ་ཐོར་བུའི་ཞུ་དག་བདག་གིས་སྙན་དུ་འབུལ་བའི་ཚེ་འདི་འདྲ་ཞིག་འདུག་ཞུས་པས་དེ་འདྲ་ཞིག་བྱུང་གསུངས། སངས་རྒྱས་འོད་སྲུངས་དུས་ཀྱི་དགེ་སློང་ཡིན་ཟེར་བའི་དགེ་སློང་དབུ་དཀར་བ་ཞིག་དང་རྣམ་པ་གཉིས་ཀྱིས་གཙུག་ལག་ཁང་ཆེན་པོ་ཞིག་ན་གསུང་རབ་མང་པོ་བཞུགས་འདུག་པའི་འཁྲུགས་པ་རྣམས་བསྒྲིགས་པའི་སྣང་བ་བྱུང་གསུངས། མངོན་ཤེས་གསུངས་པ་ནི་མང་དུ་ཡོད། གཞན་ཡང་ཆོས་རྗེ་ལྷ་འབྲིས་བདག་ལ་གྲུབ་རྟགས་ཤིག་བསྟན་དུ་གསོལ་ཞེས་ཞུས་པས། སེམས་ཅན་གསོན་པོ་གཅིག་དང་རོ་གཅིག་འཁྱེར་ཤོག་གསུངས། ཕྱེ་མ་ལེབ་ཀྱི་རོ་གཅིག་དང༌། བྱི་བ་གསོན་པོ་གཅིག་ཕུལ་བས་དམིགས་པ་ཞིག་མཛད་པས། ཕྱེ་མ་ལེབ་འཕུར། བྱི་བ་ཤི། ཡང་དམིགས་པ་གཅིག་མཛད་པས་སྔར་བཞིན་དུ་གྱུར། ཡང་ཞབས་པུས་ཀྱི་འོག་ཏུ་འཇུག་པའི་ཁྱིའི་ཕྲུ་གུ་གཅིག་ཡོད་པ། ཐུགས་འུར་ཏེ་ཕྱག་འཁར་བསྣུན་པས་རེ་ཞིག་ཤི། གསུང་ཆོས་ཐོན་པ་ན་ལོངས་གསུངས་པས་ལངས་སོ། །གཞན་ཡང་དུས་འཁོར་རྒྱུད་འགྲེལ་ལས། རྣལ་འབྱོར་པ་རྣམས་ཀྱི་རུས་པ་ནི་མུ་ཏིག་ཏུ་འགྱུར་རོ་ཞེས་པ་ལྟར། ཞབས་སེན་མུ་ཏིག་གི་མདོག་ཅན་ཉ་ཕྱིས་སུ་གྱུར་པ་ལ་རིང་བསྲེལ་དུ་མའི་ཕྲེང་བས་མཛེས་ཤིང༌། སྐུ་གདུང་རིན་པོ་ཆེར་གྱུར་ཏེ་མི་མང་པོས་ཀྱང་ཐེག་པར་དཀའ་བ་དང༌། ཐོག་གཉིས་རིམ་པ་དིབ་པའི་ཚེ་དངུལ་གདུང་ལ་གནོད་པ་གང་ཡང་མེད་པར་གྱུར་པ་ནི། རྭ་སྒྲེང་གི་རྟེན་མེ་ཐུབ་ཅན་རྣམས་དང༌། ར་མོ་ཆེའི་ཇོ་བོ་ལ་མེས་མ་གནོད་པ་དང༌། སྲིན་པོ་རིའི་ཐོག་དིབ་པའི་ཚེ་བདེ་མཆོག་གི་སྐུ་ལ་གནོད་པ་མེད་པར་གྱུར་པ་དང་ཚུལ་མཚུངས་ཏེ་ཤིན་ཏུ་ངོ་མཚར་བའི་རྣམ་པར་ཐར་པ་ཡིན་ནོ། །ཡི་དམ་གྱི་ལྷ་ཞལ་གཟིགས་པའི་ཚུལ་ནི། རྣམ་ཐར་རྒྱས་པ་ན་གསལ་ཞིང༌། མངོན་པ་རང་ལས་མཁས་པ་གཟད་པ་བློ་རྒྱམ་དུ་གྲགས་པ་དེས་ལོ་གསུམ་གསོལ་ཇ། གསོལ་ཐུག་སྐོལ་བ་ལ་སོགས་པའི་ཕྱག་ཕྱིར་བཞུགས། དེས་མཛད་པའི་བསྟོད་པ་ལས། ཡི་དམ་ལྷ་ཡིས་དངོས་སུ་བྱིན་གྱིས་བརླབས། །ཞེས་པས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། དགའ་ལྡན་གནས་སུ་མི་ཕམ་བྱམས་པ་ཡིས། །ཐུགས་ཀྱིས་རྗེས་བཟུང་ཡང་དག་དོན་སྟོན་པའི། །ཞེས་དང༌། བཅོམ་ལྡན་མི་གཡོའི་སྒྲུབ་པ་མཛད་པའི་ཚེ། །ལྷག་པའི་ལྷ་དང་རྒྱལ་བ་སྲས་བཅས་ཀྱིས། །དངོས་སུ་བྱོན་ནས་ཡང་དང་ཡང་དུ་གཟིགས། །ཞེས་དང༌། གཞོན་ནུ་ཉིད་ནས་དཔའ་བོ་མཁའ་འགྲོ་དང༌། །གུར་གྱི་མགོན་དང་བསྟན་སྲུང་རྣམས་ཀྱིས་ནི། །རྗེས་སུ་བཟུང་ནས་ཡང་དག་དོན་སྟོན་པའི། །ཞེས་དང༌། རི་བོ་རྩེ་ལྔར་བཅོམ་ལྡན་སྒྲོལ་མ་དང༌། །རིགས་གསུམ་མགོན་དང་ཡེ་ཤེས་ཅན་ཟུང་གིས། །དངོས་སུ་བྱོན་ནས་བསྟན་པའི་སྒྲོན་མེར་བསྟན། །ཞེས་པ་རྣམས་ལས་ཤེས་སོ། །སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་པ་དང༌། སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ལྟས་ནི། ཆོས་རྗེ་བློ་རྒྱམ་པའི་མནལ་ལམ་དུ། ཆོས་རྗེ་རིན་པོ་ཆེ་ནམ་མཁའ་ལ་འཕགས་ནས་འཁོར་མང་པོ་ལ་ཆོས་སྟོན་པའི་རྨི་ལམ་བྱུང་ཞུས་པས་དེ་བས་ལྷག་པར་རང་གི་རྨི་ལམ་དུ། རི་རབ་ཀྱི་བང་རིམ་གྱི་སྟེང་ནས་སྐོར་བ་བྱས་ཏེ་གླིང་བཞིའི་སེམས་ཅན་ལ་ཆོས་སྟོན་པ་བྱུང་གསུང་བ་དང༌། རྒྱ་ནག་རྒྱལ་པོས་མཆོད་གནས་སུ་སྤྱན་དྲངས་པའི་ཚེ། དབུས་གཙང་དུ་བཞུགས་ནས་བཤད་སྙན་མཛད་ན་ཇི་ལྟར་འགྱུར་དགོངས་ནས་མནལ་ལམ་བརྟག་པ་མཛད་པས་མཆོད་རྟེན་ཆེན་པོ་གཅིག་གི་སྲོག་ཤིང་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་པ་བྱུང་གསུངས། དེ་རྣམས་ནི་དགུང་ལོ་ཉི་ཤུ་རྩ་གཉིས་ལ་རྣམ་ངེས་ཀྱི་ཊཱི་ཀ་མཛད་པ་ནས་བཟུང་སྟེ་དགུང་ལོ་བརྒྱད་ཅུ་གྱ་ལྔའི་བར་འདུལ་བ་མེ་ཏོག་འཕྲེང་རྒྱུད་ཀྱི་ཊཱི་ཀ་ཚིག་དོན་རབ་གསལ་གྱི་གཤམ་ན། བདག་གིས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། །སྡོམ་གསུམ་མིག་འབྲས་བཞིན་དུ་གཅེས་པར་བསྲུངས། །སྒོ་གསུམ་བྱ་བས་ཐུབ་པའི་བསྟན་པ་སྤེལ། །དུས་གསུམ་རྒྱལ་བ་སྲས་བཅས་དགྱེས་པར་མཛོད། །ཅེས་པའི་ཚུལ་དུ་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ཅིང༌། ཆོས་གྲྭ་ཆེན་པོ་འདི་ཉིད་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་བཞུགས་པ་ལ་སོགས་པའི་སྟོབས་ཀྱིས་སང་རྒྱས་ཀྱི་བསྟན་པ་རྒྱུན་མི་ཆད་པར་ཡུན་རིང་དུ་གནས་པའི་རྟེན་འབྲེལ་ཡིན་ནོ། །དགོན་པ་བཏབ་ནས་ལོ་བརྒྱད་ཙམ་སོང་བའི་ཁྱི་ལོ་དེ་ལ་འཕགས་པ་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང༌། མཁས་པ་དང་གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྗེ་རིན་པོ་ཆེ་བཀྲ་ཤིས་རྣམ་པར་རྒྱལ་བ་གདན་སར་བསྐོས་ཏེ་ལོ་བཅུ་བདུན་བཞུགས། ལྷ་མོ་ཆེ་དང་དངུལ་གདུང་བཞེངས་པ་སོགས་བཀའ་དྲིན་ཆེ། རྗེ་འདི་པ་གདན་སར་ཕེབས་དུས་ཆོས་རྒྱལ་གྲགས་པ་འབྱུང་གནས་པས་སྔར་ཞུ་རྟེན་ཕུལ་བའི་ཞལ་བཞེས་གཅིག་ཡོད་པས་དབྱར་གྱི་རྩམ་ཚུལ་ལ་པ་ཚབ་ནས་བོགས་ཁལ་ཉིས་བརྒྱ་དང༌། གཟིམ་ཁང་གོང་འོག་གཉིས་ལ་ལྔ་བཅུ་ལྔ་བཅུ་རེ། ལྷག་གང་ཡོད་གོང་མ་ངག་དབང་པས་ཆོས་རྗེ་ལ་ཆོས་ཞུ་བའི་ཡོན་དུ་ཕུལ་བ་ཡིན། དེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱིས་བྱིན་གྱིས་བརླབས་པས་མཐུ་སྟོབས་ཀྱི་དབང་ཕྱུག་ཏུ་གྱུར་པ། རིགས་པར་སྨྲ་མ་རྣམས་ཀྱི་གཙུག་གི་རྒྱན་ཆོས་རྗེ་དགེ་བ་རྒྱལ་མཚན་པས་ཡོས་ལོ་ལ་གདན་སར་ཕེབས། རྟ་ལོ་ལ་ཞི་བར་གཤེགས། དེ་རྗེས་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དྲི་མ་མེད་པ་བདག་ཆེན་རྒྱ་གར་བས་རྟ་ལོ་ལ་གདན་སར་ཕེབས། བྱ་ལོ་ལ་གཙང་ལ་ཐེགས། དེ་རྗེས་ཆོས་ཀྱི་རྗེ་ཀུན་དགའ་རྡོ་རྗེའི་ཞལ་སྔ་ནས་བྱ་ལོའི་མཇུག་ལ་འདིར་ཕེབས། བཅུ་བཞི་མཆོད་པའི་ཟླ་མཆོད་མ་ཆག་པར་འཛིན་པ་དང༌། གསུང་ངག་དབྱར་ཆོས་དགུན་ཆོས་ལ་གསུང་བ་སོགས་ཐུགས་རྗེ་ཆེན་པོས་ཁྱབ་པར་མཛད་པས་གྲྭ་པ་ཐམས་ཅད་ཤིན་ཏུ་དད་ཅིང་འདུན་ཏེ་གདན་སར་བཞུགས་པར་གསོལ་བ་བཏབ། སྐྱེས་བུ་ཆེན་པོ་འདི་ནི་སྐུ་བསོད་ཀྱི་ཚོགས་གཞན་ལས་ཕུལ་དུ་ཕྱིན་པ་ཞིག་སྟེ་རྒྱལ་བུ་དོན་གྲུབ་སྐུ་བལྟམས་པ་ན། བང་མཛོད་འཕེལ་བ་དང༌། གཏེར་ཁ་བྱེ་བ་ལ་སོགས་པ་དགེ་མཚན་གྱི་རྟགས་མང་པོ་བྱུང་བ་དང་ཆ་འདྲ་བར་སྐུ་བལྟམས་པའི་ཚེ་གསོལ་མར་ཞོ་ཁྲུ་བ་གང་དཀྲོགས་པ་ན་མར་ཁྲུ་བ་གང་དུ་གྱུར་པ་ལ་སོགས་པ་མང་དུ་བྱུང་ཞེས་གྲགས་སོ། །དེ་ནས་ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཁྱོད་དགོན་པ་གསུམ་གྱི་གདན་ས་བྱེད་དགོས་སོ་ཞེས་ལུང་བསྟན་པ་ལྟར་ཁྱི་ལོ་ཟླ་བ་བདུན་པའི་ཚེས་གསུམ་ལ་གདན་སར་མངའ་གསོལ་ཏེ་སྟག་ལོ་ཟླ་བ་བཅུ་གཉིས་པའི་བར་ལོ་ལྔ་བཞུགས། དེའི་བར་ལ་དང་པོ་ཀུན་དགའ་རྭ་བ་ལ་ཝ་བད་དང༌། དེ་རྗེས་གཙུག་ལག་ཁང་ལ་ཐིགས་ཁང་སྤེན་བད་སོགས་རྒྱ་ཆེ་ཞིང་དཔངས་མཐོ་བ་མཛད། དེ་རྗེས་ཡབ་ཡུམ་བདེ་བར་གཤེགས་པའི་རྗེས་སུ། དང་པོར་གསེར་དངུལ་ཇ་གོས་དར་སོགས་ལེགས་པར་བཏང་ཞིང༌། དེ་རྗེས་ན་བཟའ་བེར་ཐུལ་ལྔ་ཡོད་པ་བཏང༌། དེ་རྗེས་དངུལ་གྱི་མཆོད་ཆས་མ་གཏོགས་པ་ཕལ་ཆེར་བཏང་ཟིན་ཀྱང༌། དངུལ་གྱི་མཆོད་ཆས་སོགས་ཐམས་ཅད་བཤིག་དགོས་པ་བྱུང་ཡང༌། དངུལ་གདུང་འདིའི་ཞབས་ཏོག་གཅིག་མི་སྒྲུབ་པའི་ཐབས་མེད་དགོངས་ཏེ་ཐུགས་སྟོབས་བསྐྱེད་པས། སྐུ་ཆེ་བ་དང་ཐུགས་ཉེ་བ་རྣམས་ཀྱི་ཐུགས་ཡུལ་དུ་མི་ཤོང་བ་ལྟ་བུ་བྱུང་ཡང༌། བྱུང་ཚད་གཏོང་བའི་ལོངས་སྤྱོད་དེ་འཛད་འཛད་འདྲ་ཡང་མི་འཛད་དོ་ཞེས་གསུངས་པ་ལྟར། བཟོ་རིག་པའི་ཞབས་ཏོག་རྒྱུ་གསེར་དངུལ་ལ་སོགས་པ་ཟས་ནོར་གྱི་ཕུང་པོ་ཆེན་པོ་དགོས་པ་འདུག་ནའང༌། ཆེས་ལྷག་པ་དང་བཅས་པ་གྲུབ། གཞན་ཡང་དུས་ཆེན་གྱི་སྒྲུབ་མཆོད་ཞག་ལྔ་གསར་དུ་བཙུགས་པ་སོགས་བཀའ་དྲིན་ཤིན་ཏུ་ཆེ། དེའི་རྗེས་དབུར་སྟོད་སོགས་ཀྱི་སྡེ་དགོན་ཚོར་གསུང་ངག་སོགས་ཀྱིས་བསྟན་པ་སྤེལ། གདན་སའི་ཁུར་གཞན་ལ་གཏད་དགོས་དགོངས་ནས་འོས་བཙལ་བ་ན། ཆོས་རྗེ་གུང་རུ་བ། ཆོས་རྗེ་རྡོ་རྗེ་འཆང་དང༌། ཆོས་རྗེ་ཐམས་ཅད་མཁྱེན་པ་ལ་སྔགས་དང་མཚན་ཉིད་ལེགས་པར་སྦྱངས་པའི་སྟོབས་ཀྱིས་འོས་པ་ཡིན་ནའང༌། བཅུ་བཞི་མཆོད་པའི་ཟླ་ཇ་ནང་སོ་ནས་འཛིན་དགོས་པ་སོགས་ཁུར་ཆེས་པས་ཐུགས་སུ་མ་ཆུད་པ་ལ་ཟླ་ཇ་ལས་ཚན་ཁ་དགུ་དང༌། ནང་སོ་མཁར་རྩེ་བ་རྣམས་ལ་འགྲེམས་པ་སོགས་མཛད་ནས་ཆོས་རྗེ་གུང་རུ་ཡོས་ལོ་ཟླ་བ་བདུན་པ་ལ་གདན་སར་བསྐོས་ཏེ་དགུན་ཆོས་ཀྱི་ལམ་འབྲས་དང་དུས་ཆེན་གཏོང་བ་སོགས་མཛད། ནམ་ཟླ་དྲོས་ནས་ཆོས་རྗེ་གུང་རུ་བ་གནས་གང་སྤྲོར་གསུང་ཆོས་གསུང་བ་སོགས་ཇི་ལྟར་འོས་པ་མཛད། ཆོས་རྗེ་རིན་པོ་ཆེ་ཀུན་དགའ་རྡོ་རྗེས་དབྱར་ཆོས་ཀྱི་ལམ་འབྲས་གསུངས། གསུང་ངག་ཐོན་པ་དང་ལྷ་ཁང་སོགས་གང་འོས་སུ་ཐུགས་དམ་མཛད། ཆོས་རྗེ་གུང་རུ་བ་ཕེབས་ནས་འབུལ་བ་བཞག སྒྲུབ་མཆོད་དང་དུས་མཆོད་གཏོང་བ་སོགས་ཐུགས་མཐུན་ཞིང༌། གསུང་ཆོས་འཕེལ་བ་བྱུང་ནའང༌། ལུག་ལོ་ཟླ་བ་དྲུག་པའི་ཚེས་གསུམ་ལ་བདེ་བར་གཤེགས། དེ་རྗེས་བྱི་བ་ལོའི་བར་ལོ་བདུན་ཙམ་བླ་བྲང་ན་གདན་ས་བ་མེད། འོན་ཀྱང་གྲྭ་པ་གཞན་ལས་ཕུལ་དུ་ཕྱིན་པ་དང༌། བླ་མ་ཐུགས་རྗེ་ཆེ་བས་ཆོས་ཀྱི་སྲོལ་ཉམས་པ་ནི་མེད་དེ། གྲྭ་ཚང་སོ་སོའི་སློབ་དཔོན་རྣམས་ཀྱིས་རང་རང་གི་ཁུར་འཁུར་ཞིང༌། ཆོས་རྫོང་ནས་ཆོས་ཀྱི་རྗེ་རིན་པོ་ཆེ་བློ་གྲོས་པས་གསུང་ངག་ལ་སོགས་པ་གསུངས། སློབ་དཔོན་ནམ་མཁའ་སྙིང་པོ་བ་དང༌། སློབ་དཔོན་འདུལ་བ་བཟང་པོ་བ་ལ་སོགས་པས་གསུང་ངག་ལ་སོགས་པ་ཇི་ལྟར་འོས་པའི་ཆོས་དང༌། རབ་འབྱམས་པ་རིན་ཆེན་རྒྱལ་མཚན་པས་རྒྱུད་གསུམ་གྱི་བཤད་པ། ལག་ལེན། སྒྲིག་ལ་སོགས་པ་རྗེ་བཙུན་གོང་མའི་གསུང་རབ་དང་ཕྱག་ལེན་བཞིན་གང་ལ་གང་འདོད་ཀྱིས་རེ་བ་སྐོང་བར་མཛད། ཆོས་རྗེ་གུང་རུ་བ་བདེ་བར་གཤེགས་ནས་ཆོས་རྗེ་ཀུན་དགའ་རྡོ་རྗེ་བ་ཆོས་རྫོང་དུ་བཞུགས་ནས་ཆོས་འཇིག་རྟེན་གཉིས་ཀྱི་སྒོ་ནས་གདན་ས་ལ་བཞུགས་པ་དང་ཁྱད་མེད་པ་མཛད་ནའང༌། སྤྲེལ་ལོའི་མཇུག་བྱ་ལོའི་མགོ་ལ་བདེ་བར་གཤེགས། བྱ་ལོའི་དགུན་ཆོས་ནས་ཆོས་རྗེ་བློ་གྲོས་པ་ཆོས་རྫོང་དུ་ཕྱག་ཕེབས་ཏེ་ཆོས་རྗེ་ཀུན་དགའ་རྡོ་རྗེ་བས་ཇི་ལྟར་མཛད་པ་ལྟར་མཛད་པས་གྲྭ་པ་རྣམས་དད་ཅིང་འདུན་པར་གྱུར་ཅིང༌། ནང་སོ་རིན་སྤུངས་པ་དབུས་ཕྱོགས་ལ་ཕེབས་པ་དང་སྟབས་འགྲིགས་ཏེ། གླང་ལོ་ལ་དྲུང་དོན་ཡོད་པ་འདིར་ཕེབས་ནས་ཆོས་རྗེ་བློ་གྲོས་པ་གདན་སར་མངའ་གསོལ་ཏེ་དགའ་སྟོན་ལ་སོགས་པ་ཕུན་སུམ་ཚོགས་པར་མཛད། ཆོས་རྗེ་ཉིད་ཀྱང་སྤྱིར་བསྟན་པའི་ཁུར་དང་བླ་མ་ལ་དད་གུས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་རྗེ་རིན་པོ་ཆེའི་ཆོས་ཁྲིའི་སྟེང་ནས་དབྱར་ཆོས་དགུན་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུན་མ་ཆད་པར་གསུང་བ་དང༌། གསུང་ངག་ལམ་འབྲས་དང༌། རྡོ་རྗེ་ཕྲེང་བ་ལ་སོགས་པ་གདུལ་བྱ་རྣམས་ཀྱི་བློའི་རིམ་པ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་གཟིམ་ཁང་གི་མཁར་ལས། སྐུ་འདྲ་རིན་པོ་ཆེའི་ཞབས་ཏོག བཅུ་བཞི་མཆོད་པའི་དུས་མཆོད། སྒྲུབ་མཆོད་སོགས་ཕུན་སུམ་ཚོགས་པའི་སྒོ་ནས་བཀའ་དྲིན་ཆེ་བར་ཡོད་ནའང༌། སྤྲེལ་ལོ་ཟླ་བ་དགུ་པའི་ཚེས་བཅུ་ལ་བདེ་བར་གཤེགས། བར་སྐབས་དེར་བསྟན་པ་སྤྱི་སྒོས་ཀྱི་ཆག་སྒོ་ལ་བརྟེན་ནས་གཙུག་ལག་ཁང་ལ་ཞིག་རལ། བླ་མ་སློབ་དཔོན་རྣམས་སྐུ་གཤེགས་པ་སོགས་ཅི་བྱ་གཏོལ་མེད་པ་ལྟ་བུ་བྱུང་ནའང་རྗེ་བཙུན་བླ་མ་དམ་པ་དེའི་ཐུགས་རྗེ་དང༌། བཀའ་སྲུང་ཆོས་སྐྱོང་གཞན་ལས་ཁྱད་པར་དུ་འཕགས་པས་གཙུག་ལག་ཁང་དང༌། ལྷ་ཆེན་གྱི་ཞིག་གསོས་ལ་སོགས་པ་ལེགས་པར་གྲུབ། དེའི་ཐད་དུ་བདག་ཉིད་ཀྱིས་ཀྱང་འཁོས་ཁ་གང་ཡོད་ཀྱིས་ཁུར་འཁུར། མི་སྣ་ཆོས་ཁྲིམས་ལ་སོགས་པ་སོ་སོས་ཀྱང་ཐུགས་བསམ་རྣམ་དག་གི་སྒོ་ནས་དགེ་བསྐུལ་འབུལ་སྡུད་ལ་སོགས་པ་ལ་འབད་པ་ཆེར་མཛད་པས་ནང་སོ་ཡར་མར་ནས་ཀ་གདུང་གི་ཤིང་ཁྱད་པར་ཅན་འབུལ་བ་སོགས་ཀྱི་སྦྱིན་བདག་དང༌། གྲྭ་བུ་སློབ་རྣམས་ཀྱིས་ཀྱང་རེ་བ་བཞིན་ཐམས་ཅད་ཀྱིས་མཛད་པས་དུས་ཆེན་སྒྲུབ་མཆོད་སོགས་དགོན་པའི་སྲོལ་མ་ཉམས་པ་བྱུང་ངོ༌། །དེ་རྗེས་ཡོན་མཆོད་ཐམས་ཅད་བཀའ་བགྲོས་ཏེ། བདག་ཆེན་ཆོས་ཀྱི་རྗེ་སྤྱན་འདྲེན་པའི་རྩོམ་པ་བྱས་པས་གེགས་དང་བར་ཆད་གང་གི་ཡང་དབང་དུ་མ་ཤོར་བར་ལེགས་པར་སྤྱན་འདྲོངས་ཏེ་ལྷ་མོ་ཆེས་ཐོག་དྲངས་རྟེན་རྣམས་ཞིག་གསོས་བྱས་པས་སྔར་ལས་ཕུལ་དུ་བྱུང་བ་གྲུབ་པ་དང༌། ལོགས་བྲིས་གསར་དུ་གྲུབ་པ་རྣམས་ལ་རབ་གནས་ལེགས་པར་གྲུབ། གསུང་ངག་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། སྡེ་སྣོད་འཛིན་པ་དང་མི་ཆེ་དགུ་མང་དུ་འདུས། བཀྲ་ཤིས་དང་དགེ་མཚན་གྱིས་ནམ་མཁའ་གང་བ་ལྟ་བུ་བྱུང༌། དེ་ནས་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་ཤིང༌། ལུང་དང་རྟོགས་པའི་ཡོན་ཏན་དུ་མའི་དཔལ་གྱིས་མངོན་པར་མཐོ་བའི་ཆོས་ཀྱི་རྗེ་རིན་པོ་ཆེ་མཁྱེན་རབ་མཆོག་གྲུབ་དཔལ་བཟང་པོ་ལ་བདག་ཆེན་ཆོས་ཀྱི་རྗེས་ཐུགས་དམ་བརྟག་པ་ལན་གསུམ་གྱི་རབ་དུ་མཛད་པས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཀྱང་ལུང་བསྟན་ཏེ་ཕག་ལོ་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ཉིན་གདན་སར་མངའ་གསོལ་ལོ། །གདན་སར་བྱོན་པ་ལ་གྲྭ་པ་སྦྱིན་བདག་འདུན་པ་དང༌། བསུ་བ་སེར་ཕྲེང་གདུགས་རྒྱལ་མཚན་རོལ་མོ་ལ་སོགས་པའི་བཀོད་པ་འདི་བས་ཕུལ་དུ་བྱུང་བ་སྔར་མ་བྱུང་ཞེས་གྲགས་སོ། །མདོར་ན་ཆོས་གྲྭ་ཆེན་པོ་འདིའི་རྨང་བཏིང་ནས་བཟུང་སྟེ་ཆོས་ཀྱི་རྗེ་རིན་པོ་མཁྱེན་རབ་མཆོག་གྲུབ་དཔལ་བཟང་པོ་གདན་ས་ལ་ཕེབས་པའི་ཕག་ལོ་འདིའི་བར་ལ་ལོ་ལྔ་བཅུ་རྩ་བདུན་སོང༌། དེའི་བར་ལ་གདན་ས་བ་བདུན། རྗེ་རིན་པོ་ཆེ་ཉིད་དང་བླ་མའི་གཙོ་བོ་བརྒྱད། དེ་ལ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ནི། དགུང་ལོ་བརྒྱད་ཅུ་གྱ་ལྔ་བཞུགས། ཅུང་ཟད་ཞལ་མི་མཐུན་པ་ནི། དགག་དགོས་ཀྱིས་དགུང་སྙིང་གསང་བ་ཡིན་གྱི་དོན་ལ་གྱ་ལྔ་ཡིན་པར་སྐྱེས་བུ་ཆེན་པོ་ཆོས་ཀྱི་རྗེ་གཞོན་ནུ་སེང་གེ་བ་དང༌། ཆོས་རྗེ་གཞོན་ནུ་ལེགས་གྲུབ་པ་གཉིས་ཀྱི་གསུང་ལས་འཐད་པ་དང་བཅས་ཏེ་ལེགས་པར་ཐོས། ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་བ་ནི་ཡོས་ལོ་པ་སྟག་གི་ལོ་དྲུག་ཅུ་ཐམ་པའི་སྟེང་དུ་བདེ་བར་གཤེགས། ཆོས་རྗེ་དགེ་བ་རྒྱལ་མཚན་པ་ནི་ཡོས་ལོ་པ་རྟ་ལོ་ལ་བདུན་ཅུ་དོན་དྲུག་གི་སྟེང་དུ་བདེ་བར་གཤེགས། བདག་ཆེན་རྒྱ་གར་བ་ནི་ད་ལྟ་ཡང་བཞུགས། ཆོས་ཀྱི་རྗེ་ཀུན་དགའ་རྡོ་རྗེ་བ་ནི་འབྲུག་ལོ་པ་འདུལ་བ་པའི་ལུགས་ཀྱི་བྱ་ལོ་ལ་ལྔ་བཅུ་རྩ་བཞིའི་སྟེང་དུ་བདེ་བར་གཤེགས། ཆོས་ཀྱི་རྗེ་གུང་རུ་བ་ནི་ཡོས་ལོ་པ་ལུག་གི་ལོ་ལ་དྲུག་ཅུ་རེ་ལྔའི་སྟེང་དུ་བདེ་བར་གཤེགས། ཆོས་རྗེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི་བྱི་བ་ལོ་པ་སྤྲེལ་ལོ་ལྔ་བཅུ་ང་བདུན་གྱི་སྟེང་དུ་བདེ་བར་གཤེགས། ཆོས་ཀྱི་རྗེ་རིན་པོ་ཆེ་མཁྱེན་རབ་མཆོག་གྲུབ་དཔལ་བཟང་པོ་ནི། རོང་སྟོན་ཐམས་ཅད་མཁྱེན་པ་དང་ཚུལ་མཚུངས་པར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། སྒོས་ཆོས་གྲྭ་ཆེན་པོ་འདིའི་འཛིན་སྐྱོང་སྤེལ་གསུམ་གྱི་སླད་དུ་བརྒྱད་ཅུ་གྱ་ལྔའི་བར་དུ་བཞུགས་པར་གསོལ་བ་འདེབས། སྤྱིར་ཆོས་གྲྭ་ཆེན་པོ་ཤྲཱི་ན་ལེནྡྲ་འདི་བཏབ་པས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་དུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་དར་ཞིང་རྒྱས་པ་དང༌། ཡུན་རིང་དུ་གནས་པ་ལ་ཕན་པ་སྔར་ཡང་བྱུང་ཞིང༌། ད་དུང་ཡང་འབྱུང་བར་སྨོན་ལམ་འདེབས། ཁྱད་པར་ཡུལ་ཕྱོགས་འདི་ཉིད་དུ་ཡང་སྔགས་འདོད་པ་རྣམས་ལ་སྔགས། མཚན་ཉིད་འདོད་པ་རྣམས་ལ་མཚན་ཉིད། ཐོས་བསམ་འདོད་པ་རྣམས་ལ་ཐོས་བསམ། སྒོམ་འདོད་པ་རྣམས་ལ་སྒོམ། དབང་བསྐུར་འདོད་པ་རྣམས་ལ་དབང་བསྐུར། རྗེས་གནང་འདོད་པ་རྣམས་ལ་རྗེས་གནང༌། ལུང་འདོད་པ་རྣམས་ལ་ལུང་ལ་སོགས་པ་ཐམས་ཅད་དཔལ་ལྡན་ས་སྐྱ་པའི་ཆོས་ལུགས་གཙོ་བོར་གྱུར་ཅིང༌། གཞན་ཡང་བརྒྱུད་པ་རྣམ་པར་དག་པ་ཇོ་བོ་རྗེ་ནས་བརྒྱུད་པའི་བཀའ་གདམས་པའི་ཆོས་སྐོར། རྗེ་བཙུན་མར་པ་ནས་བརྒྱུད་པ་དྭགས་པོ་བཀའ་བརྒྱུད་པའི་ཆོས་སྐོར། ཁྱུང་པོ་རྣལ་འབྱོར་ནས་བརྒྱུད་པ་ཤངས་པའི་ཆོས་སྐོར། ཕ་དམ་པ་ནས་བརྒྱུད་པ་ཞི་བྱེད་ཀྱི་ཆོས་སྐོར་ལ་སོགས་པ་ཆོས་འདོད་པ་རྣམས་ལ་ཆོས་འབྱུང་ཞིང༌། རྒྱ་མཚོ་ཆེན་པོ་ལ་ཆུ་ཕྲན་ཐམས་ཅད་ངང་གིས་འདུ་བ་བཞིན་དུ་སྡེ་སྣོད་འཛིན་པ་ཐམས་ཅད་དང༌། ཕྱོགས་རིགས་ཀྱི་མི་ཆེན་ཐམས་ཅད་དང༌། དད་པ་དང་ལྡན་པ་དང༌། འབྱོར་པ་དང་ལྡན་པ་དང༌། བློ་གྲོས་དང་ལྡན་པ་ཕྱོགས་མཐའ་དག་ནས་འདུ་བས་འཇིག་རྟེན་གྱི་ཟས་ནོར་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་དང༌། ཇ་གོས་དར་རྟ་ཕྱུགས་ལ་སོགས་པ་ཐམས་ཅད། དཔག་བསམ་གྱི་ཤིང་ལས་འདོད་དགུ་ཐམས་ཅད་འབྱུང་བའམ། གཏེར་ཆེན་པོའི་བུམ་པ་ལས་འདོད་དགུ་ཐམས་ཅད་འབྱུང་བའམ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཅི་འདོད་པ་ཐམས་ཅད་འབྱུང་བ་བཞིན་ནོ། །ཞེས་པ་འདི་ནི་རྗེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པ། ས་སྐྱའི་དགེ་སློང་ནམ་མཁའ་དཔལ་བཟང་གིས་དགེ་བཤེས་ལེགས་པའི་བློ་གྲོས་ཀྱིས་བསྐུལ་བ་དང་རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང༌། གྲྭ་པ་འདི་ལ་ཐུགས་ཞེན་ཆེ་བ་རྣམས་ལ་ཕན་པའི་ལྷག་བསམ་རྣམ་པར་དག་པས་སྒྲོ་བཀུར་མེད་པར་བྲིས་པའོ།།  «༈ །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཏེར། །དཔལ་ལྡན་བླ་མ་རྗེ་བཙུན་ཐུགས་རྗེ་ཅན། །དེང་ནས་སངས་རྒྱས་གོ་འཕང་མ་ཐོབ་བར། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ། །གང་གི་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །ཆོས་གྲྭ་ཆེན་པོ་དཔལ་ལྡན་ནཱ་ལེནྡྲའི། །དམ་ཆོས་པད་ཚལ་རྒྱས་པར་མཛད་པ་དང༌། །གང་ཐུགས་ཡིད་བཞིན་ནོར་བུ་ཆེན་པོ་ཡིས། །གདུལ་བྱའི་རེ་འདོད་སྐོང་བར་མཛད་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་ཐར་པདྨོའི་ཚལ། །བློ་གྲོས་ཉིན་མོའི་ཟེར་གྱིས་མཛེས་བྱས་པས། །མི་ཟད་པར་དུ་སྒྲུབ་པའི་བརྐོས་བྱེད་ནི། །སློབ་དཔོན་འཇམ་དཔལ་སེང་གེའི་ཤེས་བྱ་ལགས། །ཡི་གེ་པ་ནི་བློ་གསལ་བཟོ་རིག་མཁན། །དཔོན་ཡིག་སྲི་བསམ་ཞེས་བྱ་དད་པས་བསྒྲུབས། །པར་ཤིང་འཇམ་གཉེན་ལེགས་པའི་དཔེ་ལོ་འདི། །བཤེས་གཉེན་དགེ་བའི་བཤེས་དེའི་འབད་པས་སོང༌། །སྐྱོན་བྲལ་ཞུས་དག་སྒྱུ་མའི་ཟློས་གར་འདི། །ས་སྐྱའི་དགེ་སློང་ཡེ་གྲུབ་བདག་གིས་བགྱིས། །དེ་ལྟར་སྒྲུབ་པའི་རྒྱུ་སྦྱོར་སྦྱིན་བདག་ནི། །མཁས་གྲུབ་འགྲོ་བའི་བླ་མ་ནམ་མཁའི་མཚན། །ཡོངས་འཛིན་གང་དེའི་དྲི་མེད་བཀས་བསྐུལ་ནས། །དད་ལྡན་རྣམས་ཀྱིས་གུས་པའི་བློ་ཡིས་བསྒྲུབས། །འདི་བགྱིས་ལས་འབྱུང་རྣམ་མང་དགེ་བའི་ཚོགས། །རབ་དཀར་སྟོན་ཀའི་ཟླ་ཟེར་ལྟ་བུ་དེ། །མཐའ་ཡས་འགྲོ་བ་ཀུན་ཀྱང་དུས་ཀུན་ཏུ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུར་བསྔོ་འོ། །གསུང་རབ་རྒྱ་མཚོའི་ཕ་རོལ་མཐར་སོན་ཅིང༌། །ཞེས་སོགས་ཆོས་སྤྱོད་ནང་ལྟར་སྨོན་ལམ་འདོན་ནོ།།  །།་་་་་དཔེ་བསྡུར་མའོ།། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།»

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*