དཀར་མཛེས་སྡེ་མགོན་ཁང་གི་ལོ་རྒྱུས།

དཀར་མཛེས་ཧོར་སྡེ་མགོན་ཁང་དུ་གྲགས་པའི་རྟེན་དང་བརྟེན་པའི་བྱུང་རིམ་མདོར་བསྡུས་སུ་བཀོད་པ་ཡིད་ཀྱི་པདྨོ་འཛུམ་པའི་ཉི་མ་གཞོན་ནུ་ཞེས་བྱ་བ་བཞུགས་སོ།།

 

ཐོག་མར་ས་འདིར་ཆགས་པའི་་་ཏྲེ་་་ཚིག་གྲོགས་དང་བཅས་པའི་དོན་བསྡུས་ཏེ་བཤད་ན།

བོད་མིའུ་གདུང་དྲུག་གི་ཡ་གྱལ་འབྲུ་ལས་མཆེད་པའི་ཏྲེ་ཞེས་པ་ནི།  སྟག་ཚང་དཔལ་འབྱོར་བཟང་པོས།   ཁྲི་ཟམ་འབྲུ་ཡི་ཆེ་དྲུག་དེ།   །ཤར་ན་གྱི་དང་རོང་པོ་གཉིས།   །ལྷོ་ན་བྷེ་དང་ཐོ་རི་གཉིས།   །སྨད་ན་འབྲོམ་དང་ངོ་ཀྲོ་གཉིས།   །ཆེ་དྲུག་བཙན་གྱི་བཙུན་དྲུག་དེ།   །སྦས་དང་སྤོས་དང་ཚ་ཕྲོམ་གསུམ།   །ཞུག་པ་སྟོང་ཉེ་ཉེ་སྒ་གསུམ།   །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན།   །ཞེས་ཨ་ལྕགས་འབྲུ་ཡི་གདུང་རབས་དེ་དག་གི་ནང་ནས་འབྲུ་རྗེ་ལྷ་བུ་ཐོད་དཀར།  འབྲུ་སྟག་རྒོད།  འབྲུ་ཉི་མ་དཀར་ནག་ཁྲ་གསུམ་སོགས་དཔའ་མཛངས་ལྡན་པ་ཤ་སྟག་བྱུང་བར་བཤད།   འབྲུ་རྗེ་ཉི་མ་དཀར་པོ་ལས་འབྲུ་ཡི་རྒྱལ་རབས་དགུ་བཅུ་གོ་བརྒྱད་བྱུང་ཞེས་ཏྲེ་རབས་ལས་གུངས་པར་བཀོད་འདུག  །༼ ཏྲེ་རབས་མཇལ་མྱོང་མེད་ཀྱང་གཞན་གྱིས་དྲངས་པ་འགོད་པ ༽ཏྲེ་རབས་ལས།   རྒྱལ་རབས་དགུ་བཅུ་གོ་བརྒྱད་བྱུང་།  །ཕྱེད་དེ་ལྷ་ཡི་གདུང་རྒྱུད་ཡིན།   །ཞེས་རིམ་བཞིན་དུ་འབྲུ་རྗེ་ཉི་མ་དཀར་པོའི་གདུང་རྒྱུད་ལས་ཏྲེ་རབས་གདུང་རྒྱུད་མཆེད་པ་ཡིན་པར་གསུངས།   དེས་ན་དེང་གི་དུས་འདིར་ཏྲེ་ཧོར་ཞེས་པའི་མིང་འདི་རུས་ལ་བརྟེན་ཏེ་བཏགས་པ་ཡིན་པ་སྟེ།  ཧོར་སོག་གིས་ས་གནས་འདི་དབང་བསྒྱུར་བ་ནས་བཟུང་འདི་ལ་ཧོར་ཞེས་པའི་མིང་ཟུར་པ་ཞིག་ཐོགས་སོང་བ་འདྲ།   ཡང་ན།  ཆུང་བའི་རིགས་ལས་ཏྲེ་བོ་བྱུང་་་ཞེས་པ་ལྟར་ཏྲེ་ནི་རུས་དང་བོ་ནི་ཚིག་གྲོགས་ཤིག་སྟེ་དེས་ན་ཏྲེ་བོ་ཞེས་འབོད་ན་འགྲིག་པར་སྣང་།

ཡང་ཤོད་ཚུལ་གཞན་པ་ཞིག་ལ།   ཏྲེ་ཤོད་ཀྱང་ཟེར་བ་ཡིན།   དེ་ནི་ཏྲེ་ཡི་གདུང་རྒྱུད་ལས་མཆེད་པ་ཡིན་ཐོག་ས་ཡི་ཁད་བབས་ལ་བརྟེན་ནས་བཏགས་པ་ཞིག་སྟེ།   ཕུ་དང་ཤོད་གཉིས་ལས་ཤོད་ཀྱིས་རྒྱ་ཆེ་བ།  ཡུལ་གྱི་སྒང་གཤོང་འབུར་ལེབ་ཕུ་ཤོད་སོགས་ཀྱི་ནང་གི་ཤོད་དེ།   ༼  རྒྱ་ཤོད།   དཔའ་ཤོད།  རྟ་ཤོད།   རྔོད་ཤོད།   ཡག་ཤོད།  ནགས་ཤོད།   ཏྲེ་ཤོད།   རྨེ་ཤོད།  དེ་ཤོད།   རྒྱངས་ཤོད།   ༽ཡོངས་ལ་གྲགས་པའི་ཤོད་བཅུའི་ནང་གི་ཏྲེ་ཤོད་ཅེས་པ་དེ་ཡིན།   དེ་ལྟ་བུའི་སའི་གནས་བབས་དང་ཡུལ་གྱི་ཐ་གྲུ་སོགས་གང་ཅིའི་ཐད་རབ་མཛེས་དྭངས་ཤེལ་མེ་ལོང་གཡའ་ཡིས་མ་གོས་པ་ལྟ་བུའི་རྣམ་པ་མངོན་དུ་གསལ་བའི་ཡུལ།  ག་བུར་བཅུད་ཀྱི་དྭངས་མས་འགྲོ་ཀུན་ཚ་བའི་གདུང་བ་ལ་སོགས་མཛེ་ནད་ཡོངས་རྫོགས་སེལ་བའི་དཔྱིད་སྙན་རྣ་བའི་བུ་མོའི་མགུལ་པར་ཕྱོགས་ཕྱོགས་སུ་འཐོར་བའི་གནས་མཆོག  །དེང་གི་དུས་འདིར་ཁམས་ཀྱི་བྱང་རྒྱུད་རོང་པ་ཚ་ནས་ཁམས་རྟའུ་བར་གྱི་ཡུལ་སྤྱི་ལ་ཏྲེ་ཞེས་གྲགས་པའི་ས་ཁོངས་རྒྱ་ཆེན་གྱི་དབུས།   དེང་དཀར་མཛེས་རྫོང་གྲོང་གི་ཡུལ་དབུས་ཆགས་པའི་ཏྲེ་ཧོར་སྡེ་མགོན་ཁང་ཞེས་པ་འདིའི་ལོ་རྒྱུས་བྱུང་རིམ་བསྡུས་ཙམ་ཞིག་ཕྱོགས་མེད་འཛིན་མའི་ཁྱོན་ལ་རབ་ཏུ་རྒྱུ་བའི་སྐྱེ་བོའི་སྒྲ་འཛིན་ཕོ་གསར་གཞོན་ནུའི་ཕང་བར་བསྐྱིལ་བ་ལ།

དེ་ཡང་སྔོན་དྲི་མེད་ཀོ་ཤའི་མཚོ་གླིང་དུ་ཙནྡན་ལས་མགོན་པོའི་སྐུ་བརྙན་འདི་ཉིད་རང་བྱོན་དུ་བྱུང་།  དེ་ཉིད་གུ་རུ་ཨོ་རྒྱན་ཆེན་པོས་གདན་དྲངས་ཏེ་པཎྚི་ཏ་དྷརྨཱ་པ་ལ་ལ་གནང་།   དྷརྨཱ་པ་ལས་བོད་ཀྱི་གངས་ཏི་སེ་དང་།    མཚོ་མ་ཕམ་སོགས་ལ་གཟིགས་པར་བྱོན་པའི་དུས་སུ་ལོ་ཆེན་རིན་ཆེན་བཟང་པོ་ལ་ཙནྡན་གྱི་མགོན་པོ་རང་བྱོན་འདིས་གཙོས་པའི་རྟེན་གཙོ་བྱིན་རླབས་ཅན་མང་པོ་གནང་བ།   རིམ་བཞིན་བརྒྱུད་ནས་སྟོད་མངའ་རིས་བྲག་སྟེང་པ་ཆེན་པོ་ཡོན་ཏན་ཚུལ་ཁྲིམས་ལ་གནང་།   དེས་སྐད་གཉིས་སྨྲ་བའི་མཁས་པ་ཆེན་པོ་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་པ་ལ་གནང་།   དེ་ནས་རིམ་བཞིན་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་གནང་།   མ་ཟད་མགོན་པོ་འདིའི་རྗེས་གནང་དང་སྒྲུབ་སྐོར་ཡོངས་རྫོགས།  སྐུའི་གདུང་རྟེན་དུ་བསེ་འབག་ནག་པོ་འཕུར་ཤེས་སུ་གྲགས་པ་དང་།   ཙནྡན་གྱི་མགོན་པོའི་སྐུ་རང་བྱོན།  བྲམ་ཟེར་མཆོག་སྲེད་ཀྱི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ།  དར་ནག་ཁ་གང་དང་བཅས་པ་གནང་བ་རྣམས་རིམ་བཞིན་ས་ཆེན་ཀུན་དགའ་སྙིང་པོ་དང་།   སློབ་དཔོན་བསོད་ནམས་རྩེ་མོ།   རྗེ་བཙུན་གྲགས་པ་རྒྱལ་མཚན།   ཆོས་རྗེ་འཇམ་དབྱངས་བླ་མ་ས་སྐྱ་པཎྚི་ཏ་རྣམས་ལས་བརྒྱུད་དེ་དེ་དག་གིས་ཐུགས་དམ་གྱི་རྟེན་མཛད་དེ་དཔལ་ལྡན་ས་སྐྱར་བཞུགས།  དེ་ཡང་རྗེ་བཙུན་གྲགས་པ་ཞལ་བཞུགས་དུས་ཆོས་རྗེ་ལ་འདི་སྐད་དུ།   དུས་ནམ་ཞིག་གི་ཚེ།   སྐད་རིགས་མི་གཅིག་པ།   ཞྭ་ཁྲ་འདྲ་བ།   ལྷམ་ཕག་འདྲ་བ་གྱོན་མཁན་གྱི་ཡུལ་ནས་ཁྱོད་འབོད་མཁན་འོང་བར་འགྱུར།  དེ་དུས་ཡུལ་དེར་སོང་དང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འགྱུར་རོ་ཞེས་ལུང་བསྟན་པར་ལྟར།     ཆོས་རྗེ་འཇམ་དབྱངས་བླ་མ་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་མཆོག་དགུང་གྲངས་རེ་གསུམ་༼སྤྱི་ལོ་༡༢༤༤ཤིང་ཕོ་འབྲུག་གི་ལོར ༽དུ་སོན་པར་ཧོར་དུ་གོ་དན་རྒྱལ་པོའི་ཆེད་ཞུས་ལྟར་བོད་ཧོར་གཉིས་ཕན་གྱི་ཆེད་དུ་སྐུ་ངལ་ལ་མ་ལྟོས་པར་ཕེབས།   སྐབས་དེར་ཙནྡན་གྱི་མགོན་པོའི་སྐུ་བརྙན་རང་བྱོན་སོགས་རྟེན་ཆ་རྣམས་ཀྱང་གདན་དྲངས་ནས་བྱོན།     ཧོར་ཡུལ་དུ་ས་པཎ་ཉིད་གཞན་དོན་དུ་སྐུ་གཤེགས་པའི་ཚེ།    རྟེན་ཆ་རྣམས་རྒྱལ་པོའི་བང་མཛོད་དུ་བཞུགས་སུ་གསོལ།  རྗེས་མར་འགྲོ་མགོན་འཕགས་པ་སེ་ཆེན་གོང་མའི་མཆོད་གནས་རྩ་བའི་བླ་མ་དམ་པར་གྱུར་པ་ན།  ཆོས་རྒྱལ་འཕགས་པས་ཙནྡན་གྱི་སྐུ་རང་བྱོན་དེས་ནང་རྟེན་བྱས་ཏེ་མགོན་ཁང་ཞིག་བཞེངས་དགོས་པར་དགོངས་ཏེ།   རྒྱལ་པོ་ལ།  ངའི་བླ་མ་གོང་མའི་རྟེན་ཆ་རྣམས་ང་རང་ལ་ཕུལ་ན་དེ་དག་གིས་ནང་རྟེན་བྱས་ནས་གཙུག་ལག་ཁང་ཞིག་བཞེངས་དགོས།  དེའི་ཡོན་བདག་གི་མཐུན་རྐྱེན་ཡང་ཁྱེད་ཀྱིས་མཛད་དགོས་ཚུལ་གསུངས་ནས་ཙནྡན་སྐུ་རྟེན་གྱིས་གཙོས་པའི་ནང་རྟེན་རྣམས་དྲེལ་དཀར་པོ་ཞིག་ལ་བཀལ་ཏེ་སྒ་ཨ་གཉན་པཀྵིའམ་སྒ་ཨ་གཉེན་དམ་པ་ཀུན་དགའ་གྲགས་༼  ལོ་རྒྱུས་ཀྱི་ཡི་གེ་རྣམས་སུ  ༡པཀྵི། ༢པཀྴི། ༣པག་ཤི་ཞེས་པའི་མིང་འདི་ཡི་གེའི་འགྲོས་མི་འདྲ་བ་གསུམ་དུ་འདུག་ཀྱང་བོད་རང་གི་ཡུལ་ལུང་མི་གཅིག་པའི་སྐད་གདངས་མི་འདྲ་བའི་སྒོ་ནས་བཀླགས་པ་ཙམ་སྟེ་འདི་ནི་སོག་པོས་བོད་ཀྱི་བླ་མ་ལ་ཆོས་འཆད་པོའི་སློབ་དཔོན་ཞེས་མིང་དུ་བཏགས་པའི་ཆེ་མཚན་ཞིག་ཡིན།༽ལ་གཏད་དེ་དྲེའུ་འདི་གང་དུ་ཉལ་བའི་ས་ཆར་རྟེན་ཆ་འདི་དག་གིས་ནང་བཞུགས་བྱས་ཏེ་གུར་གྱི་མགོན་པོའི་སྐུ་བརྙན་ཞིག་བཞེངས་དགོས་ཞེས་པའི་བསླབ་སྟོན་གནང་།    དེ་ནས་ད་ལྟར་གཙུག་ལག་ཁང་བཞེངས་པའི་ས་གནས་འདིར་སླེབས་པ་ན་མཚོ་ཆུང་ཆུང་ཟངས་ཁ་ཙམ་ཡོད་པའི་ནང་དུ་དྲེའུ་དེས་རྔ་མ་བཙུད་དེ་ཉལ་བར།    ཇི་ལྟར་ཡར་བསླངས་ཀྱང་མ་ལངས་པར་ལུས།  དེ་ནས་སྔོན་འགྲོ་མགོན་འཕགས་པས་ལུང་བསྟན་པའི་གནད་ལ་ཁེལ་བར་རྟོགས་ཏེ་ཤིང་(སྤྱི་ལོ༡༢༧༢)ཕོ་སྤྲེལ་ལོར་སྦྱིན་བདག་ཧོར་ཆེ་ཆེན་ཧང་གིས་མཛད།   བཟོ་བོ་ཨ་གཉན་པཀྵི་རང་གིས་མཛད་དེ་རྨང་བཏིང་(མཚན་ཡོངས་རྫོགས་ལ་སྒ་ཨ་གཉན་དམ་པ་ཀུན་དགའ་གྲགས་ཞེས་པ་གུར་གྱི་མགོན་པོ་རང་འགྲུབ་ཏུ་བྱུང་བ་ཁམས་ཀྱི་མགོན་པོ་རྣམ་གསུམ་བཞེངས་མཁན།  མ་ཟད་ཁམས་ཕྱོགས་སུ་ས་སྐྱའི་དགོན་པ་བརྒྱ་དང་བརྒྱད་ཙམ་བཞེངས་པ་སོགས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སློབ་མ་གྲགས་པ་ཆེ་ཤོས་དང་མཛད་འཕྲིན་ཆེ་ཤོས་སུ་གྱུར་པ་ཞིག་ཡིན།  མ་ཟད་ཁོང་ཉིད་རྒྱ་ནག་རྒྱལ་པོའི་དབུ་བླ་རུ་གྱུར་ཏེ་རྒྱ་ནག་གོང་མས་རྡོ་རྗེ་སློབ་དཔོན་དམ་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་མཚན་དང་ཏི་ཤྲཱིའི་ཐམ་ག་ཕུལ།པཀྵི་ཞེས་ཆོས་འཆད་པོའི་མཚན་གནས་ཀྱི་གོ་བབས་ཕུལ་བས་དེང་ཡང་ཨ་གཉན་པཀྵི་ཞེས་གྲགས་བཞིན་པ་འདི་ལྟར་ཡིན)ཀྱིས་གཙོ་བོར་བྱས་ཏེ་(སྤྱི་ལོ་༡༢༧༤ )ལེགས་པར་བཞེངས།   མགོནན་ཁང་རྟེན་དང་བརྟེན་པ་ཡོངས་སུ་གྲུབ་ནས་ད་ལྟའི་བར་དུ་བསྟན་པའི་རྒྱན་དང་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བཞུགས་བཞིན་པ་འདི་ལགས་སོ།   །

འདིའི་ནང་རྟེན་དུ་བཞུགས་སུ་གསོལ་བའི་རྟེན་གཙོ་ཆེ་དག་ནི།

དབུ་སྐྲའི་ཐོར་ཅོག་ནང་དུ་པཎྚི་ཏ་ག་ཡ་དྷ་རས་རྒྱ་གར་ནས་གདན་དྲངས་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ།   སངས་རྒྱས་རབས་བདུན་གྱི་རིང་བསྲེལ།   བྱང་ཆུབ་ཤིང་ལས་གྲུབ་པའི་མི་བསྐྱོད་པའི་སྐུ།  འཕགས་པ་རིན་པོ་ཆེའི་དབུ་སྐྲའི་བུབས་རྣམས་བཞུགས།  སྤྱན་དབུས་མའི་ནང་དུ་སངས་རྒྱས་ཀྱི་རིང་བསྲེལ་བདུན།   སྤྱན་གཡས་པའི་ནང་དུ་ཤྭ་རིའི་བུའི་རིང་བསྲེལ་བདུན།  སྤྱན་གཡོན་མའི་ནང་དུ་མོའུ་འགལ་གྱི་བུའི་རིང་བསྲེལ་བདུན།   དབུའི་ནང་དུ་ནཱ་རོ་པའི་དབུ་ཐོད་དུམ་བུ།   ཤངས་ཀྱི་ནང་དུ་སངས་རྒྱས་འོད་སྲུང་གི་ཚེམས།  མགྲིན་པའི་ནང་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས།   ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་གཙོ་བོར་གོང་དུ་ལོ་རྒྱུས་རྒྱས་པར་བཤད་པའི་ཙནྡན་གྱི་མགོན་པོའི་སྐུ་རང་བྱོན་དང་།   མ་གཅིག་ལབ་ཀྱི་སྒྲོན་མའི་ཤངས་མཚལ་གྱིས་བྲིས་པའི་གུར་མགོན་གྱི་སྐུ།   བསིལ་བ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་གུར་མགོན་གྱི་སྐུ།  རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞུན་ཐིགས་ལས་བྱོན་པའི་ཞལ་བཞི་པའི་སྐུ།  འཇམ་དབྱངས་ས་པཎ་གྱི་ཐུགས་དམ་གྱི་རྟེན་ཀྱེ་རྡོ་རྗེའི་སྐུ།  གསེར་ལས་གྲུབ་པའི་ཕྱག་ན་རྡོ་རྗེ་འབྱུང་འདུལ་གྱི་སྐུ།  ཆུ་ཤེལ་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་རྣམས་དང་།   ལྟོ་བའི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པ་གསོལ་ལྷུང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་རྣམས་བཞུགས་ཤིང་།   གཞན་ཡང་འཕགས་པ་རིན་པོ་ཆེའི་ཕྱག་ཕྲེང་།   ཤྭ་རིའི་བུའི་སྐུ་ཆིངས།   ཇོ་བོ་ཨ་ཏི་ཤའི་གདུང་རུས།   པཎ་ཆེན་ཤཱཀྱ་ཤྲཱིའི་སྣམ་སྦྱར།  པནྚི་ཏ་དྷརྨཱ་ཕ་ལའི་གདུང་རུས།  རྒྱ་གར་རྡོ་རྗེ་གདན་གྱི་རྟེན་མ་ཧཱ་བོ་དྷིའི་ཞལ་ཕྱིས།   དམ་པ་སངས་རྒྱས་ཀྱི་དབུ་སྐྲ།   རྒྱ་གར་ཕྱག་ན་རྡོ་རྗེའི་སྒོམ་ཐག   །པཎྚི་ཏ་ཀཱ་མ་ལ་ཤཱི་ལའི་གདུང་རུས།   གྲུབ་ཆེན་ཤ་བ་རི་པའི་སྐུ་ཤ   །པཎྚི་ཏ་ག་ཡ་དྷ་རའི་གདུང་རུས།   པཎྚི་ཏ་ཀ་ལིངྒ་པའི་དབུ་སྐྲ།   བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ   །བལ་པོ་པཎ་ཆེན་མ་ཧཱ་བོ་དྷིའི་དབུ་སྐྲ།   དཔལ་ཆེན་རྒྭ་ལོའི་དབུ་ཞྭ།   འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་གདུང་ཐལ་དང་སྣམ་སྦྱར།   ལོ་ཆེན་རིན་ཆེན་བཟང་པོའི་ཤངས་མཚལ།   ཁྲོ་ཕུ་ལོ་ཙཱ་བའི་དབུ་སྐྲ།   འབྲོམ་སྟོན་པའི་དབུ་སྐྲ།   བཤེས་གཉེན་པོ་ཏོ་བའི་གདུང་རུས།  བཤེས་གཉེན་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་གདུང་རུས།   ས་ཆེན་ཀུན་དགའ་སྙིང་པོའི་གདུང་རུས།   རྗེ་བཙུན་བསོད་ནམས་རྩེ་མོའི་གདུང་རུས།   རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གདུང་རུས།   འཇམ་དབྱངས་ས་པཎ་གྱི་གདུང་ཙྪ།  ལྷོ་བྲག་མར་པའི་དབུ་ཐོད་དུམ་བུ་དང་དབུ་སྐྲ།   མི་ལ་རས་པའི་ན་བཟའ།    དྭགས་པོ་ལྷ་རྗེའི་གདུང་རུས།   ཕག་མོ་གྲུབ་པའི་གདུང་རུས།   ཨུ་རྒྱན་རིན་པོ་ཆེའི་དབུ་སྐྲ།   འབྲི་གུང་འཇིག་རྟེན་མགོན་པོའི་སྒོམ་ཐག   །རྒྱལ་བ་རྒོད་ཚང་པའི་གདུང་རུས།   ཞང་གཡུ་བྲག་པའི་ན་བཟའ།   མ་གཅིག་རེ་མའི་སྐུ་ཤ  །གྲུབ་ཆེན་ཨུ་རྒྱན་པའི་གདུང་རུས་སོགས་རྒྱ་བོད་ཀྱི་མཁས་གྲུབ་ལོ་པཎ་ཕལ་ཆེར་གྱི་གདུང་རུས།   རིང་བསྲེལ།  དབུ་སྐྲ།   ན་བཟའ་སོགས་བྱིན་རླབས་ཀྱི་རྟེན་རྣམས་དང་།   སྟོན་པ་སངས་རྒྱས་ཀྱི་ཆོས་ཁྲིའི་ས།    བྱང་ཆུབ་ཤིང་གི་ལོ་འདབ་དང་འབྲས་བུ།   གནས་མཆོག་རྡོ་རྗེ་གདན་དང་།   བྱ་རྒོད་སྤུངས་རི།   ཤྲཱི་ན་ལེནྡྲ།    བལ་ཡུལ་འཕགས་པ་ཤིང་ཀུན།   ཨོ་རྒྱན།  ཤམྦྷ་ལ།   རི་བོ་རྩེ་ལྔ།   གངས་ཏི་སེ།  ལྷ་ས་བསམ་ཡས་ཁྲ་འབྲུག་སོགས་གཙུག་ལག་ཁང་རྣམས་ཀྱི་ས་སྣ་དང་།  ཆུ་བོ་གངྒཱ་སོགས་ཆུ་བོ་ཆེན་པོ་བཞིའི་ཆུ་སྣ།   རིན་པོ་ཆེའི་བྱེ་མ།   རྒྱ་མཚོའི་གླིང་གི་འཇག་མ་སོགས།   མདོར་ན་རྒྱ་གར།   རྒྱ་ནག  །བལ་པོ།   ལི་ཡུལ།   བོད་ཡུལ་རྣམས་ཀྱི་གཙུག་ལག་ཁང་།   མཆོད་རྟེན།  གནས་ཆེན།   གངས་བྲག   །མཚོ་ཆེན།  དུར་ཁྲོད་ཀྱི་ས་སྣ།   རྡོ་སྣ།  ཆུ་སྣ།  ཤིང་སྣ།  ལྷ་རྟེན་རྣམས་ཀྱི་བག་རྡུལ་དང་།  ན་བཟའ།  གཞན་ཡང་པཎྚི་ཏ་སངས་རྒྱས་གསང་བ་རྐང་མགྱོགས་ཀྱི་དངོས་གྲུབ་བརྙེས་ནས།   ཡུལ་ཉི་ཤུ་རྩ་བཞི།   གནས་སུམ་ཅུ་སོ་གཉིས།   དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་གླིང་བཞི་གླིང་ཕྲན་བརྒྱད་ནས་བསྡུས་པའི་ས་སྣ་རྡོ་སྣ་ཆུ་སྣ་ཤིང་སྣ་ཁྱད་པར་ཅན་རྣམས་དང་།  མཐིང་ཤོག་ལ་གསེར་གྱིས་བྲིས་པའི་རྒྱུད་སྡེ་བཞིའི་ལྷ་རྣམས་ཀྱི་སྙིང་པོ།    ལྷག་པར་དུ་མགོན་པོ་རང་གི་སྲོག་སྔགས་ཀྱི་ཤོག་དྲིལ།  ཞབས་འོག་ཏུ་གནོད་སྦྱིན་ཕོ་མོའི་འཁོར་ལོ་སོགས་གཟུངས་བཞུགས་ཀྱི་རིམ་པ་ཡང་གྲངས་ལས་འདས་པ་བཞུགས་ཤིང་།  ལྷ་མོ་དང་སྟག་ཞོན་སོགས་འཁོར་རྣམས་ཀྱི་ནང་དུ་ཡང་གོང་དུ་བཤད་པའི་བྱིན་རླབས་ཀྱི་རྟེན་རྣམམས་དང་།   ས་སྣ།  རྡོ་སྣ།   ཆུ་སྣ།   ཤིང་སྣ་རྣམས་ཆ་ཚང་རེ་བཞུགས་ཤིང་།   ལྷག་ཏུ་དཔལ་ལྡན་ལྷ་མོའི་ནང་རྟེན་ལ།  རྗེ་ནཱ་རོ་པའི་ཤངས་མཚལ་གྱིས་བྲིས་པའི་རྗེ་བཙུན་སྒྲོལ་མའི་སྐུ་དང་།  ཀླུ་སྒྲུབ་ཀྱི་ཤངས་མཚལ་ལས་བྱོན་པའི་གསང་འདུས་འཇམ་པའི་རྡོ་རྗེ།  ཨཱ་ཙརྱ་དམར་པོའི་ཤངས་མཚལ་གྱིས་བྲིས་པའི་དཔལ་ལྡན་ལྷ་མོའི་སྐུ།   རྒྱལ་པོའི་ནོར་བུ་ལ་ཁྲུས་གསོལ་བའི་མི་ནོར་ཟས་གསུམ་འཕེལ་བའི་གཏེར་རྣམས་བཞུགས།   དཔལ་མགོན་སྟག་ཞོན་གྱི་ནང་དུ་སྡེ་བརྒྱད་ཀྱི་སྲོག་སྙིང་།   ཨ་གཉན་པཀྵི་རང་གི་དབུ་སྐྲ།   ན་བཟའ།  ཕྱག་ཕྲེང་རྣམས་དང་།   དམག་དཔོན་ཞབས་འོག་ཏུ་མགུལ་ལྷ་བཅུ་གསུམ་དང་།   བརྟན་མ་བཅུ་གཉིས་བླ་རྡོ་དང་སྲོག་སྙིང་།  སྔགས་པའི་ནང་དུ་ཀླུ་ཆེན་བརྒྱད་ཀྱི་སྲོག་འཁོར་དང་།   རིན་པོ་ཆེ་སྣ་ལྔ་ལ་སོགས་པའི་ཀླུ་གཏེར་མང་དུ་བཞུགས་ཤིང་།   ཡུམ་ཆེན་མོ་གནོད་སྦྱིན་ཡབ་ཡུམ།   པུ་ཏྲ་མིང་སྲིང་། རུ་འདྲེན་གྱི་ནང་ཚན་དགེ་སློང་དང་བུད་མེད་བཅས་འདི་རྣམས་ལ་གཟུངས་གཞུག་གི་དམིགས་བསལ་མ་མཆིས་རུང་།  སྐུ་རྟེན་ཐམས་ཅད་དུས་གཅིག་ཏུ་བཞེངས་འདུག་པས་གཟུངས་གཞུག་ལ་དབྱེ་བ་ཆེར་མེད་པར་འདྲ།   དེ་ལ་སོགས་པའི་ནང་རྟེན་དང་གཟུངས་གཞུག་ཕུན་སུམ་ཚོགས་པའི་དངོས་པོ་མང་པོ་ཞིག་ཡོད་པ་ནི་སྨྲོས་མ་དགོས།   རྗེས་སུ་མགོན་ཁང་འདི་ཉིད་བཞེངས་གྲུབ་དུས་འཕགས་པ་རིན་པོ་ཆེ་མཆོག་གིས་རྒྱ་ནག་ནས་རབ་གནས་མཛད་པར་མགོན་པོའི་སྐུའི་མདུན་དུ་འབྲས་ཀྱི་ཁ་བས་ས་སྐྱ་བ་ཙམ་བབས་འདུག་པ་དང་།   ཡང་དུས་ཤིག་ལ་ཉག་ལེ་འབུམ་བཅུའི་དམག་གིས་ལྷ་ཁང་འདིའི་སྒོ་ལ་སྟ་རེ་བརྒྱབ་པར།  སྟ་རེ་གཡུག་མཁན་དེ་མ་ཉིད་དུ་ཁ་ནས་ཁྲག་སྐྱུགས་ཏེ་ཤི་སོང་བ་སོགས་ཡེ་ཤེས་པ་དངོས་སུ་ཞུགས་པའི་རྟགས་མཚན་ཅི་རིགས་བྱུང་བར་བཤད།   ད་ལྟར་ཡང་མཛེ་ནད་ལ་སོགས་པའི་ནད་རིགས་རིམ་གྲོ་དང་སྨན་དཔྱད་ཀྱིས་མ་ཐུབ་པ་རྣམས་ཀྱང་།   གཙུག་ལག་ཁང་དེ་ཉིད་ལ་ཕྱག་མཆོད་སྐོར་བ་བྱས་པའི་མོད་ལ་ནད་ལས་གྲོལ་བ་སོགས་ནི་གནའ་དེང་གི་མི་མང་རྣམས་ཀྱི་ངག་རྒྱུན་དང་དངོས་བྱུང་གཉིས་ཀ་མཆིས་ཞེས་ཟེར།    དེ་ལྟར་བྱིན་རླབས་ཀྱི་ཟེགས་མ་སྒོ་བརྒྱ་བྱེ་བའི་གཙུག་ལག་ཁང་ཆེན་པོ་དེ་ཉིད་ལ་སྲི་ཞུ་དང་རིམ་གྲོ་པ་བགྱིད་མཁན་རིམ་པར་བྱུང་ཚུལ་མདོར་བསྡུས་ནི།   འཕགས་པ་རང་གི་སྤྲུལ་པར་གྲགས་པའི་དྲུང་དངོས་གྲུབ་བཟང་པོས་མགོན་ཁང་གི་སྐོར་དང་།   སྟེང་འོག་གི་ལྷ་ཁང་རྣམས་ལ་ཞིག་གསོས་མཛད་འདུག་ཅིང་།   ས་སྐྱའི་བདག་ཆེན་ཀུན་དགའ་ལེགས་པ་དང་།   མཐུ་སྟོབས་པ།    བྱང་བདག་བཀྲ་ཤིས་སྟོབས་རྒྱས།   རིག་འཛིན་ངག་གི་དབང་པོ།   ཆོས་རྗེ་ཞྭ་དམར་པ།   སེམས་དཔའ་ཆེན་པོ།  སྟོང་སྐོར་ཞབས་དྲུང་རྣམས་ཀྱིས་ཀྱང་སྤྱན་རས་གཟིགས།   སྙན་དར་གསོལ་མཆོད་སོགས་རྒྱས་པར་མཛད།   ཧོར་བཀའ་བཅུ་ནམ་མཁའ་འོད་ཟེར་གྱི་དུས་སུ་ལོ་རེ་བཞིན་དུ་ཟླ་བ་བཅུ་གཅིག་པའི་ནང་དུ་དགུ་གཏོར་གྱི་གཏོར་རྒྱག་པའི་སྲོལ་བཙུགས།    ཧོར་དཔོན་ནམ་བློ་བཟང་གིས་སངས་རྒྱས་རབས་བདུན་ཁང་གི་བྲིས་འབུར་རྣམས་ལ་ཞིག་གསོ་མཛད།  སྐུ་མདུན་བློ་བཟང་ངག་གི་དབང་པོས་དངུལ་གྱི་མཎྜལ་དང་།    འཕན་བླ་བྲེ།   སྙན་དར་སོགས་མང་དུ་ཕུལ།   ཧོར་བཀའ་བཅུ་ནམ་མཁའ་རྒྱལ་མཚོ་དང་།  དབོན་འབུམ་དགེ་རྒྱལ་གཉིས་ཀྱིས་ཕྱིའི་ཁྱམས་ཀྱི་འདུ་ཁང་གསར་རྒྱག་མཛད་ནས།  ལོགས་བྲིས་དང་ནང་གི་ལྷ་རྣམས་ཀྱི་གདན་ཁྲི་ཞིག་གསོ།   ཚེ་འབར་གྱི་རྒྱུན་བཙུགས།   དཔོན་ནམ་མཁའ་རྒྱལ་མཚན་གྱིས་ལོ་རེ་བཞིན་དུ་ཆོ་འཕྲུལ་ཆེན་མོའི་སྨོན་ལམ་གྱི་རྒྱུན་བཙུགས་པ་དང་།  གཞན་ཡང་མཆོད་འབུལ་སོགས་རྒྱས་པར་མཛད་པ་རྣམས་ཀྱང་།   དུས་དབང་གིས་ཞིག་རལ་ཆེར་སོང་ནས་འཇིག་ཏུ་ཉེ་བ་ན།  ཏྲེ་ཧོར་ཡུལ་གྱི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་གསོག་པའི་རྟེན་དམ་པར་གྱུར་པའི་གཙུག་ལག་ཁང་འདི་ཉིད་ཞིག་གསོ་བྱས་ན་ཡུལ་ཁམས་འདི་ཉིད་ཀྱི་བཅུད་དུ་གྱུར་ནས་སྐྱེ་འགྲོ་རྣམས་ལ་ཕན་བདེ་རྒྱ་ཆེན་པོར་འབྱུང་བའི་གཞིར་དམིགས་ཏེ།   ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ས་ཕོ་སྤྲེལ་གྱི་ལོ་ལ་སངས་རྒྱས་རབས་བདུན་གྱི་དབུ་ཐོག་གི་རྒྱ་ཕིབས་སྟེང་ཤོད།   བར་སྐོར་སྟེང་འོག  །འདུ་ཁང་ཕྱི་ཁྱམས་དང་བཅས་པའི་ཤིང་ཆ་རྣམས་གསར་བརྗེ་དང་།   སྟེང་འོག་བར་གསུམ་གྱི་ལོགས་བྲིས་ཚང་མ་གསར་བཀོད་ཤིང་དྲྭ་དང་བཅས་པ།   སྟེང་འོག་གི་འབུར་སྐུ་རྣམས་ཆག་གྲུམ་སོང་བ་ཞིག་གསོ་དང་།   ཞལ་བཞི་གཙོ་འཁོར་ལྔའི་སྐུ་གསར་བཞེངས།   སྟེང་དུ་གཉྫི་ར་དང་།   ནང་དུ་དྲིལ་གདང་འཕན་པ།   སྙན་དར།  གོ་ཁྲབ་སོགས་སྤྱན་གཟིགས་ཀྱི་ཚོགས་དང་།  ཟླ་བ་ཡོད་དོ་ཅོག་གི་ཚེས་བཅོ་ལྔ་བྱུང་རིང་མར་མེ་དང་ཞལ་ཟས་བརྒྱ་ཚར་རེ།   ཉིན་རེ་བཞིན་དུ་ཞལ་ཟས་བདུན་ཚར་རེ་འབུལ་རྒྱུའི་རྒྱུན་བཙུགས་པ་སོགས་རྣམ་དཀར་དགེ་བའི་རྩ་བ་འདི་ཡང་སྤྱི་བྱེའི་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་བདེ་སྐྱིད་འབྱུང་བ་དང་།   བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་དབྱར་གྱི་མཚོ་ཆེན་ལྟར་བརྡོལ་བའི་ཆེད་དུ་བསྔོ་བར་བྱས་པ་སོགས་དགེ་ལེགས་ཆེན་པོ་བྱུང་ཡོད།    དེང་སང་ནི་ཁམས་དཀར་མཛེས་དགོན་པས་ལྟ་སྐྱོང་བྱེད་བཞིན་ཡོད།

 ཅེས་པ་འདི་ནི་དཔྱད་གཞི་དང་ཚད་ཐུབ་ཀྱི་ཡིག་ཆ་ཁ་ཤས་ལ་གཞིར་བྱས་ཏེ་སྡེ་དགེ་བ་འཁྱམ་པོ་ཉི་མ་དཔལ་བཟང་གིས་གྲང་ངར་ལྷ་ལྷུབ་ཏུ་གཡོ་བའི་ཡུལ་ཞིག་ནས་༢༠༡༧ཟླ༡༡ ཚེས༡༢ཉིན་བྲིས་ཏེ་ཕུལ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*