མདོ་རྩ་བའི་སྤྱི་དོན་ཚིག་དོན་རབ་གསལ། ང༽

འདིས་ལོ་འགོ་མགོ་ཟླ་ནས་འཛིན་པ་ཡང་གྲུབ་བོ། །དུས་ཚིགས་དྲུག་པོ་དེ་ལ་གསོ་སྦྱོང་བཅུ་བཞི་པ་བྱ་བར་བཤད་པས། ལྷག་མ་བཅོ་བརྒྱད་པོ་དེ་གསོ་སྦྱོང་བཅོ་ལྔ་པ་ཡིན་པར་གྲུབ་སྟེ། གསོ་སྦྱོང་བྱའོ། །ཚེས་བཅོ་ལྔ་ལའོ། །ཞེས་གསུངས་པའི་ཕྱིར། གསོ་སྦྱོང་མི་ཐུབ་པ་དྲུག་པོ་དེ་ཚེས་བཅོ་ལྔ་ལ་བྱེད་པ་ཡིན་ཀྱང་། དེ་ལ་བཅུ་བཞི་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གསོ་སྦྱོང་སྔ་མ་བྱས་པའི་ཉིན་མོ་ནས་འདིའི་བར་ལ་ཉི་མ་གཅིག་ཆད་པས་ཞག་བཅུ་བཞི་ལས་མེད་པའི་ཕྱིར་རོ། །ཊཱི་ཀ་ལས་འདི་ལྟར་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཉི་མ་གང་ཡང་རུང་བ་ལས་ཉི་མ་གཅིག་ཆད་པས་སྤྱིར་ཞག་བཅུ་བཞི་ཡོད་པའི་ཕྱིར་འཇིག་རྟེན་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོ་ཐར་པའི་མདོ་ལས་གསོ་སྦྱོང་བཅུ་བཞི་པ་ཞེས་གསུངས་པར་ཟད་ཀྱི། དངོས་སུ་ན་ཟླ་བའི་ངོ་དེའི་ཚེས་གྲངས་གང་ལ་ཉི་མ་གཅིག་ཆད་པ་དེ་ཉིད་ས་སྟོང་དུ་དོར་བར་ཟད་ཀྱི། གསོ་སྦྱོང་ནི་ཉི་མ་འདི་ལ་ཆད་པ་མ་ཡིན་ལ། གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ་ཞེས་དང་། བམ་ལྔར་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་དེ། དེ་དག་ཚེས་གྲངས་ཀྱི་ཡང་དག་པ་ལ་ལྟོས་ནས་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལ་ལྟོས་ནས་ནི་དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར། ཁ་ཅིག་འདི་ལ་བརྟེན་ནས་གསོ་སྦྱོང་ཉི་ཤུ་རྩ་བཞི་པོ་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །ཞེས་ཟེར་བ་ནི་མི་རིགས་ཏེ། འོ་ན་གསོ་སྦྱོང་བཅུ་བཞི་པ་གཞི་མ་གྲུབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་གསུངས་པ་དང་འགལ་ལོ། །འོ་ན་ལོ་གཅིག་ལ་ཞག་མི་ཐུབ་དྲུག་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཚེས་ཞག་གིས་ཉིན་ཞག་གི་དོད་མ་ཐུབ་པའི་རྒྱུ་མཚན་གྱིས་ཡིན་ཏེ། ཉིན་ཞག་ནི་ཐམས་ཅད་དུ་ཡུད་ཙམ་སུམ་ཅུ་ཚང་བ་ཡིན་ལ། ཚེས་ཞག་ཡུད་ཙམ་ཕྱེད་དང་སུམ་ཅུ་ཙམ་རེ་ལ་འཇོག་པའི་ཕྱིར། འདི་ལ་སྤྱིར་ཞག་ནི་གསུམ་སྟེ་ཚེས་ཞག་ཉིན་ཞག་ཁྱིམ་ཞག་གོ །དང་པོ་ནི། ཟླ་བ་འཕེལ་འགྲིབ་ལ་ཆ་སུམ་ཅུར་བྱས་པའི་ཆ་གཅིག་དང་། གཉིས་པ་ནི། ཚེས་གཅིག་གི་ནམ་ལངས་པ་ནས་ཚེས་གཉིས་ཀྱི་ནམ་ལངས་ཁའི་བར་ལྟ་བུའོ། །གསུམ་པ་ནི། ལུག་གླང་འཁྲིག་པ་ཀར་ཀ་ཊ། །སེངྒེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པའམ་ཁྱིམ་རེ་རེ་ཉི་མ་ཅི་ཙམ་གནས་པའི་སུམ་ཅུ་ཆ་གཅིག་གོ །དེ་ཡང་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་དོན་གཅིག ཚེས་ཞག་སུམ་བརྒྱ་རེ་ལྔ། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་དོ། །དེས་ན་ཉིན་ཞག་པས་ཚེས་ཞག་ཡུད་ཙམ་ཕྱེད་ཕྱེད་ཀྱིས་མྱུར་བར་འདའ་བས་ཚེས་ཞག་དྲུག་ཅུ་ནས་ཉིན་ཞག་ང་དགུ་ཡིན་པས་ཞག་མི་ཐུབ་གཅིག་འབྱུང་ངོ་། །གསོ་སྦྱོང་བཅོ་ལྔ་པ་ལ་ཡར་ངོའི་གསོ་སྦྱོང་བཅུ་གཉིས་དང་། མར་ངོའི་གསོ་སྦྱོང་དྲུག་ཡོད་པ་དུས་གང་ལ་འབྱུང་བ་ནི་དཔྱད་པས་ཤེས་སོ། །གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་དང་། ཉིན་ཞག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ནའོ། །ཞེས་པའི་དོན་བཤད་ཟིན་ཏོ།།  །།གསུམ་པ་ནི་རབ་ཏུ་བྱུང་བའི་སྡེ་ལྔ་ཆར་རོ། །བཞི་པ་ལ་སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ལ་སྟན་ཐབས་ཉམས་པར་མི་བྱ་བ་དང་། ཆོས་བཤད་ཉན་ཉམས་སུ་མྱོང་བར་བྱ་བ་དང་། རང་གཞན་གྱི་ལྟུང་བ་ཕྱིར་བཅོས་པ་དང་གསུམ། དང་པོ་ནི། ཕྱག་དར་བྱ་བ་དང་། སྟན་འདིང་བ་དང་། གཎྜི་བརྡུངས་ཏེ་འདི་ཅིའི་ཕྱིར་ཞེས་འདྲི་བ་ལ། གསོ་སྦྱོང་གིའོ་ཞེས་ལན་བཏབ་པའོ། །གཉིས་པ་ནི། གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་དོན་དུ་མདོ་འདོན་པར་བསྐུལ་ནས། ལྷ་མི་ཀུན་ཆོས་ཉན་པ་ལ་བསྐུལ་བའི་ཕྱིར་དུ་ཆོས་བསྒྲགས་པའི་མདོ་ཚིགས་སུ་བཅད་པ་བཞི་པ་འདོན། དེ་ནས་ཐོག་མར་ཕྱག་འཚལ་བའི་རྒྱུད། བར་དུ་མདོ་འདོན་པའི་རྒྱུད། ཐ་མར་བསྔོ་བའི་རྒྱུད་གསུམ་གྱིས་ཚུལ་ཁྲིམས་རྣམ་པར་དག་པའི་མདོ་འདོན་པ་ཕྱག་ལེན་ལ་མཛད་དོ། །གསུམ་པ་ལ་གསུམ་སྟེ། རང་གི་དང་། གཞན་གྱི་དང་། གཉིས་ཀའི་ལྟུང་བ་ཕྱིར་བཅོས་པའོ། །དང་པོ་ནི། གསོ་སྦྱོང་སྔ་མ་འདས་ཚུན་ཆད་རང་ལ་ལྟུང་བ་བྱུང་མ་བྱུང་ལེགས་པར་བརྟགས་ལ། བྱུང་བར་ཤེས་ན་བསྡམ་བྱ་རྣམས་བསྡམས་ལ། བཤགས་པར་ནུས་པ་རྣམས་བཤགས། བཤགས་པར་མི་ནུས་པ་རྣམས་ཀྱི་ལྟུང་བ་རྣམས་བྱིན་གྱིས་བརླབས་ལ་ལས་གྲལ་དུ་འདུ། འདུས་ནས་དྲན་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་ལས་བྱེད་པས་དྲན་ན་ཡིད་ཀྱིས་བྱིན་གྱིས་བརླབ་བོ། །གཉིས་པ་ནི། དེའི་ཚེ་རང་གཅིག་པུ་ལྟུང་བ་དང་མི་ལྡན་པར་ཤེས་ན། གྲོགས་བཀའ་བློ་བདེ་ཞིང་ཤེས་པ་གཅིག་ལ་བསྐུལ་ལ། ཀུན་གྱིས་མཐོང་བར་ཕྱིར་བཅོས་བྱེད་དུ་གཞུག དེའི་ཐབས་ཀྱིས་གཞན་ལའང་བསྐུལ་མ་བྱའོ། །གསུམ་པ་ནི། དེའི་ཚེ་རང་གཞན་ཐམས་ཅད་ལྟུང་བ་མཐུན་པར་གྱུར་ན། དགེ་སློང་གཅིག་ནས་གཞན་དུ་ལྟུང་བ་ཕྱིར་བཅོས་སུ་བཏང་ལ། དེའི་མདུན་དུ་ཕྱིར་བཅོས་བྱ་མ་གྲུབ་ན་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ནི། གནས་བརྟན་གྱིས་སོ་སོ་ཐར་པའི་མདོ་འདོན་པར་བྱ་བ་ཡིན་ལ། འདིར་གདོན་པར་བྱ་བ་ནི་ལྔ་སྟེ། གླེང་གཞི་དང་། ཕམ་པ་དང་། ལྷག་མ་དང་། མ་ངེས་པ་དང་། ལྟུང་བྱེད་ཀྱི་སྡེ་ཚན་རྣམས་སུ་ཡོད་པ་ལས། ནུས་ན་རིལ་གྱིས་འདོན་པར་བྱ་བ་ཡིན་ལ། མ་ནུས་ན་གླེང་གཞི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བཏོན་ནས། ལྷག་མ་རྣམས་ཐོས་པར་བསྒྲགས་པས་ཀྱང་རུང་ངོ་། །དེ་བཞིན་དུ་མ་ངེས་པའི་སྡེ་ཚན་ཡན་ཆད་བཏོན་ནས། ལྷག་མ་ཐོས་པར་བསྒྲགས་པས་ཀྱང་རུང་ངོ་། །སྡེ་ཚན་བཞི་པ་སྤང་ལྟུང་ལ་རེག་ནས་རྫོགས་པར་འདོན་དགོས་ཏེ། ཕལ་ཆེར་བྱས་ནས་ལྷག་མ་བཞག་པ་ནི་མི་མཛེས་པའི་ཕྱིར། འདིར་བཞི་པ་ཞེས་པ་སོ་ཐར་གྱི་མདོ་འདོན་པ་ལྔའི་བཞི་པ་ཡང་མ་ཡིན། ལྟུང་བ་སྡེ་ལྔའི་བཞི་པ་ཡང་མིན་གྱི། སོ་ཐར་གྱི་མདོ་ལས་ཕམ་ལྷག མ་ངེས་པ། ལྟུང་བྱེད། སོར་བཤགས། བསླབ་བྱ་ཉེས་བྱས་ཀྱི་སྡེ་དང་དྲུག་གི་ནང་གི་བཞི་པ་ཡིན་པར་ཊཱི་ཀ་ལས་བཤད་དོ། །སོ་ཐར་གྱི་མདོ་འདོན་པ་ནི་གནས་བརྟན་གྱི་ལས་ཡིན་པས། དེས་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ལེགས་པར་འཐོན་པས་བཏོན་ལ། དེས་མ་ནུས་ན་གནས་བརྟན་གཉིས་པས་བཏོན། དེས་ཀྱང་མ་ནུས་ན་གསུམ་པ་སོགས་རེ་མོས་ཀྱིས་འདོན་པ་སོགས་བྱ་བ་ཡིན་ནོ། །དེ་ཡང་ཇི་ལྟར་འདོན་ན། གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་འཇུག་པར་སྔར་བྱས་ཏེ་རྣམ་པར་གཞག་པ་ནི། ཚེ་དང་ལྡན་པ་དག བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་འདོན་པ་འདོན་གྱི། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག ལྟུང་བ་མེད་ན་ཅང་མ་སྨྲ་ཞིག་ཅེས་སོགས་བརྗོད་པའོ། །དགེ་ཚུལ་སོགས་བསྙེན་པར་མ་རྫོགས་པ་ལ་ཡང་གསོ་སྦྱོང་ཡོད་དེ། སུམ་བརྒྱ་པ་ལས། གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །ཅེས་གསུངས་པས་སོ། །དེ་བྱེད་པར་འདོད་ན། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་བཏོན་ནས། དགེ་ཚུལ་རྣམས་དགེ་སློང་གི་མདུན་དུ་ཙོག་པུར་འདུག་སྟེ། གསོ་སྦྱོང་གི་ཚིག་ལན་གསུམ་ལས། ཐབས་ལེགས་བྱས་ནས་ཐོས་པའི་ཉེ་འཁོར་ལས་ལོགས་སུ་བཀར་ཏེ། དེ་ནས་དགེ་སློང་གིས་གསོ་སྦྱོང་བྱའོ། །དམིགས་བསལ་ལ། འགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ། །སྒྲ་མི་འདོད་ན་མདོར་བསྡུ་བས་སོ། །དེ་ཙམ་ཡང་མི་ནུས་ན་བྱིན་གྱིས་བརླབ་པར་བྱའོ། །ཞེས་པའི་དོན་ཡང་ངེས་པར་བྱའོ། །གསུམ་པ་མཇུག་ནི། བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །དེ་དག་གིས་ནི་ཚུལ་ཁྲིམས་གསོ་ཞིང་སྡིག་པ་སྦྱོང་བར་བྱེད་པས་ན་གསོ་སྦྱོང་སྟེ། ཇི་སྐད་དུ། དགེ་བ་མཐའ་དག་ཡང་དག་གསོ་བྱེད་ཅིང་། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དགེ་གསོ་ཕྱིར་དང་སྡིག་པ་རྣམ་སྦྱོང་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་གསུངས་སོ། །ཞེས་སོ། །གཉིས་པ་དབྱར་གྱི་སྒོ་ནས་བསླབ་པ་ཡོངས་སུ་སྦྱོང་བ་ནི། མདོར་དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་བགྱིའོ། །དབྱར་ཟླ་ཐ་ཆུང་གི་ཉའིའོ་ཞེས་གསུང་སྟེ། འདི་ལ་དྲུག་སྟེ། དགོས་པ། རྟེན། དུས། གནས། ཆོ་ག དམ་ཚིག་བསྲུང་བའི་ཚུལ་ལོ། །དང་པོ་ནི། འཕྱ་དང་སྲོག་ཆགས་གནོད་པ་དང་། །ལུས་སྲོག་གནོད་སྤོང་རལ་གྲུམ་འཆོས། །དོན་བྱ་ཉུང་དང་ཐོས་སོགས་འཕེལ། །དགག་དབྱེ་སྲ་བརྐྱང་འབྱུང་བའོ། །ཞེས་པ་ལྟར་རོ། །གཉིས་པ་ནི་རབ་ཏུ་བྱུང་བ་སྡེ་ལྔ་ཆར་རོ། །གསུམ་པ་ནི། དུས་ནམ་གྱི་ཚེ་ཁས་ལེན་ཞེ་ན། དབྱར་སྔ་མ་ནི་དབྱར་ཟླ་འབྲིང་པོའི་ཉ་ལ་སྦྱོར་བ་ཚུལ་འཇུག་བྱས་ནས་དེའི་ཚེས་བཅུ་དྲུག་ལ་དབྱར་ཁས་ལེན་བྱ་བ་ཡིན་ལ། དབྱར་ཕྱི་མ་ལ་དབྱར་ཟླ་ཐ་ཆུང་གི་ཉ་ལ་སྦྱོར་བ་བྱས་ནས། དེའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་ལ་དབྱར་ཁས་ལེན་བྱ་བ་ཡིན་ནོ། །ཡུན་ཇི་སྲིད་དུ་ཞེ་ན། ཟླ་བ་གསུམ་དུ་བྱ་བ་ཡིན་ཏེ་དུས་དེ་ཙམ་གྱིས་དགག་བྱ་ཁེགས་ཤིང་དགོས་པ་འགྲུབ་པའི་ཕྱིར་རོ། །ལུང་དུ་ཟླ་བ་བཞིར་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་དབྱར་སྔ་ཕྱི་དུས་བསྡོམས་པའི་དབང་དུ་བྱས་པའི་ཕྱིར་རོ། །ཚིག་ལེར། གྲོ་བཞིན་ཟླ་བའི་ཚེས་གཅིག་ནི། །སྔ་མའི་དབྱར་ཏེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ཞེས་ནི་ཕྱི་མར་གྲགས། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ་སྔར་བཤད་པ་ནི་ཡར་ངོ་སྔོན་འགྲོ་འཇིག་རྟེན་པའི་དབང་དུ་བྱས་པ་ཡིན་ལ། འདི་ནི་མར་ངོ་སྔོན་འགྲོ་བསྟན་བཅོས་ལས་གྲགས་པའི་དབང་དུ་བྱས་པའི་ཕྱིར་རོ། །བཞི་པ་ནི། མཚམས་གྱི་ནང་ཡིན་པ་དང་། བདེ་བར་གནས་པའི་རྐྱེན་ཡོད་ཅིང་མི་མཐུན་པའི་རྐྱེན་མེད་པ། གཙུག་ལག་ཁང་ལ་སོགས་པ་མཛེས་ཤིང་ཡིད་དུ་འོང་བ་གཡོགས་མ་དང་བཅས་པའོ། །ལྔ་པ་ལ་གཉིས་ཏེ། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ལ་གསུམ་སྟེ། གནས་བྱི་དོར་བྱ་བའི་ཚུལ། གནས་མལ་སྟ་གོན་བྱ་བའི་ཚུལ། བྱེད་པ་པོ་བསྐོ་ཞིང་དེ་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་ཁས་ལེན་འབྱུང་བར་འགྱུར་བའི་དུས་ཉིད་ན་གཙུག་ལག་ཁང་གི་རི་མོ་སོགས་དང་། རྒྱན་གདགས་པ་ལ་སོགས་པ་བྱི་དོར་བྱ་བའོ། །གཉིས་པ་ནི། དེའི་ཉི་མ་སྔ་མ་ཚེས་བཅོ་ལྔ་ལ་དགེ་འདུན་ལ་བསྟབ་རྒྱུ་གནས་མལ་ལ་སོགས་པ་སྟ་གོན་བྱ་བའོ། །གསུམ་པ་ལ་གསུམ་སྟེ་སྦྱོར་དངོས་མཇུག་གསུམ་མོ། །དང་པོ་ནི། གནས་མལ་སྟོབས་པ་པོ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །གང་ཟག་གཅིག་གིས་སྟོབ་མི་ནུས་ན་གཉིས་གསུམ་ལ་སོགས་པ་དུ་དགོས་པ་བསྐོ་བར་བྱའོ། །དེའི་བྱ་བའི་ལས་ནི་བསྐོས་པའི་དགེ་སློང་དེས་དྲི་དག་གིས་བསྐུས་པའི་ཚུལ་ཤིང་སྟ་གོན་བྱས་ནས། གཟེབ་ཀྱི་སྤྲོག་མར། རས་དཀར་པོ་བཏིང་པས་དཀྲིས་པ་དག་རྒན་རིམ་དུ་བཞག་ནས། ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དང་འདི་ཡོད་དོ། །ཞེས་སོགས་ཁྲིམས་སུ་བྱ་བ་བརྗོད་པར་བྱའོ། །གཉིས་པ་ནི། དེ་ནས་གཞན་གྱིས་ཚུལ་ཤིང་བླང་བ་དང་། དབྱར་ཁས་བླང་བའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་བྱས་ནས་ཚུལ་ཤིང་ལེགས་པར་འགྲིམ་པར་བྱའོ། །གསུམ་པ་མཇུག་ནི་ཚུལ་ཤིང་བགྲངས་ནས། གནས་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ། །དེ་བཞིན་དུ་གནས་མལ་བསྟབས་ཏེ་ལོངས་སྤྱོད་ཚུལ་ཡང་གོ་བར་བྱའོ། །གཉིས་པ་དངོས་གཞི་ནི། དགེ་སློང་གི་མདུན་དུ་འདུག་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། མཚམས་ཀྱི་ནང་དང་བཅས་པའི་གནས་འདིར། འདི་ལྟ་སྟེ། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་བགྱི་བ་དང་། བྲོ་གཡོག་པ་ཆེ་གོ་མོ་ཞེས་བགྱི་བ་ལ་བརྟེན་ནས། དབྱར་སྔ་མ་ཟླ་བ་གསུམ་དུ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །ཕྱི་མ་ལ་ཕྱི་མ་ཟླ་བ་གསུམ་དུ་ཞེས་འདོན་པ་བསྒྱུར་རོ། །ཡུལ་མེད་ན་བསམ་པས་འགྲུབ་ཅིང་། དམ་བཅས་པས་ཀྱང་གནས་པར་འགྱུར། བྱེད་པ་པོ་ལ་ཉེས་བྱས་ཙམ་བསྐྱེད་དོ། །དྲུག་པ་དམ་ཚིག་སྲུང་བའི་ཚུལ་ལ་གཉིས་ཏེ། དབྱར་རལ་བ་སྤང་བ་དང་། རལ་ཡང་ཉེས་པ་མེད་པའོ། །དང་པོ་ནི། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་བར་མི་བྱའོ་ཞེས་པའི་ཤུགས་ལ། ཆོས་ལྡན་གྱི་བྱ་བའི་དོན་དུ་དབྱར་བྱིན་གྱིས་བརླབས་ནས་འགྲོར་རུང་ཞེས་བསྟན་པ་ལ། འོ་ན་ཞག་ཇི་ཙམ་དུ་བྱིན་གྱིས་བརླབ་ཏུ་རུང་བ་ཡིན་ཞེ་ན། ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་དེ་ཡང་མཚམས་ནང་དུ་དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ་ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་དུ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་བགྱི་བ་ཞིག་གི་སླད་དུ་དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་སླར་མཆི་བར་བྱིན་གྱིས་རློབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །གལ་ཏེ་ཞག་བདུན་ཕན་ཆོད་བཞི་བཅུ་ཚུན་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་བྱུང་ན། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ཏེ། དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནང་བ་བྱིན་པས་ཞག་བཞི་བཅུར་བག་ཡངས་སུ་འགྱུར་རོ། །དབྱར་ཟླ་བ་གསུམ་དུ་གནས་པའི་ཐའི་ཞག་དྲུག་ལ་བྱིན་གྱིས་བརླབས་པ་མི་ཆགས་ཏེ་དུས་ཧ་ཅང་ཐུང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཟས་དང་། སྨན་དང་། ནད་གཡོག་དག་མེད་ལ། དེ་དག་མེད་པར་འཚོ་མི་ནུས་ན། དེ་ལས་འདའ་བར་བྱའོ། །དགེ་སྦྱོང་གི་ཚུལ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཡོད་ན་ཡང་ངོ་ཞེས་གསུང་བ་ལྟར་རོ། །རྐྱེན་དབང་གིས་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་དགག་དབྱེ་བྱར་རུང་བ་ཡོད་དེ། མདོར་གལ་ཏེ་གནས་པ་ཁས་བླངས་པ་དག་གིས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་བར་ཐོས་པར་གྱུར་ན། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དགག་དབྱེའི་སྒོ་ནས་བསླབ་པ་ཡོངས་སུ་སྦྱོང་བ་ནི། དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་། དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ། །ཞེས་སོགས་གསུངས་ཏེ། སྔར་དབྱར་གྱི་ནང་དུ་ལྟུང་བ་གླེང་བར་མི་བྱའོ་ཞེས་དགག་པ་ལས། འདིར་ལྟུང་བ་གླེངས་ཤིག་ཅེས་གླེང་པའི་སྐབས་དབྱེ་བས་ན་དགག་དབྱེ་ཞེས་བྱ་སྟེ། འདི་ལ་གཉིས་སྤྱིར་བཏང་དང་། དམིགས་བསལ་ལོ། །དང་པོ་ལ་ལྔ་སྟེ། གནས་དང་། དུས་དང་། གང་ཟག་དང་། ཆོ་ག་དང་། དགོས་པའོ། །དང་པོ་ནི། དབྱར་གང་དུ་ཁས་བླངས་པའི་གནས་དེ་ཉིད་དམ་གཞན་དུ་ཡང་རུང་ངོ་། །གཉིས་པ་ནི། དབྱར་སྔ་ཕྱིའི་བྱེ་བྲག་གིས་སྟོན་ཟླ་འབྲིང་པོའི་ཉའམ་སྟོན་ཟླ་ཐ་ཆུང་གྱི་ཉའོ། །གསུམ་པ་ནི། རབ་ཏུ་བྱུང་བ་སྡེ་ལྔ་པོ་དབྱར་རལ་བ་དང་མ་རལ་བ་ཐམས་ཅད་དོ། །བཞི་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དགག་དབྱེ་འབྱུང་བའི་ཞག་བདུན་ནས། ཟླ་བ་ཕྱེད་ཀྱི་བར་གང་རུང་ལ་ཞེ་འཁོན་ཡོད་ན་བཟོད་གསོལ་དང་། གཙུག་ལག་ཁ་བརྒྱན་པ་ལ་སོགས་པ་བྱས་ལ། ཉའི་ཉིན་པར་རྩྭ་དར་བྷ་སྟ་གོན་བྱ། དགེ་འདུན་ཐམས་ཅད་འདུས་ནས་ཕྱག་ཟིང་པོར་བྱས་ལ་འགྲེངས་ཏེ་འདུད་པ་དང་བཅས་པས། དབྱར་གྱི་ནང་དུ་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ཞེས་བྱས་ལ་འདུག་སྟེ། རྒྱུན་བཤགས་ནས་ཚུལ་ཁྲིམས་རྣམ་དག་གིས་མདོ་འདོན་པ་ཡན་ཆད་གསོ་སྦྱོང་བཞིན་བྱས་པའི་རྗེས་སུ་དགེ་ཚུལ་རྣམས་ལོགས་སུ་བཀར་ཏེ། འདུན་པ་དང་ཡོངས་དག་ལེན་དགོས་པ་ཡོད་ན་ལེན་པ་དང་ལྟུང་བ་བཤགས་བསྡམས་བྱིན་གྱིས་བརླབས་པ་དང་། ལས་མཚམས་གཅོད་པ་གྲུབ་ན་གསོ་སྦྱོང་གི་སྐབས་བཞིན་བྱས་ལ། གནས་ལ་བློ་མཐུན་བྱའོ། །གཉིས་པ་དངོས་གཞི་ནི། ལས་བྱེད་པས་དགེ་སློང་དགག་དབྱེ་བྱེད་པར་བསྐོ་བར་འོས་པ་ལ་སྤྲོ་བ་དྲིས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོའོ། །གཅིག་གིས་མི་ནུས་ན་དུ་མ་ཀོས་ཏེ་དགག་དབྱེ་བྱ་བའི་ཕྱིར་གསོལ་བའི་ལས་བྱས་པའི་རྗེས་ལ་བསྐོས་པའི་དགེ་སློང་གིས་རྒན་རིམ་གྱིས་ཙྭ་དར་བྷ་བྲིམ་མོ། །དེ་ནས་དགེ་སློང་གཞན་རྣམས་གསུམ་གསུམ་མན་ཆད་ཀྱིས་བསྐོས་པ་དེ་རྒན་ན་ཕྱག་བྱས་ཙོག་པུར་འདུག་སྟེ། ཡུལ་དང་བྱེད་པ་པོའི་ལག་པས་རྩྭ་དར་བྷ་བཟུང་རྐང་པས་ཀྱང་ཅུང་ཟད་མནན་ཏེ། དགག་དབྱེའི་ཆོ་ག་ལན་གསུམ་བརྗོད་པར་བྱའོ། །ནད་པ་ངལ་བ་ལ་སོགས་ཀྱི་གནོད་པ་བྱུང་དོགས་ཡོད་ན་གཉིས་སམ་གཅིག་བརྗོད་པས་ཀྱང་འགྲུབ་བོ། །བསྐོས་པས་བསྐོས་པ་གཞན་ཡོད་ན་ཕན་ཚུན་དགག་དབྱེ་བྱེད། མེད་ན་དེར་གནས་པའི་དགེ་སློང་གཞན་ལ་དགག་དབྱེ་གོ་བར་བྱའོ། །གསུམ་པ་མཇུག་ནི་དེ་ནས་རྩྭ་ཆུན་བགྲངས་ཏེ། གནས་འདིར་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་གོ་བར་བྱས་ནས། གཞན་རྣམས་ཀྱིས་ཀྱང་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བརྗོད་པར་བྱའོ། །དེ་ནས་རྫས་ཀྱི་དགག་དབྱེ་བྱ་སྟེ། བསྐོས་པའི་དགེ་སློང་དེ་དག་གི་རྫས་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱི་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ། རྫས་དེ་བླངས་ཏེ་ཚིག་གིས་གོ་བར་བྱ་སྟེ། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་ལ་དགག་དབྱེ་བགྱིད་རུང་ངོ་ཞེས་པའོ། །དགེ་སློང་གིས་དགག་དབྱེ་བྱས་པ་དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་གོ་བར་བྱའོ། །དེའི་འོག་ཏུ་དགེ་སློང་མ་སོགས་ལའོ། །ལྔ་པ་དགོས་པ་ནི། ལྟུང་བའི་དགག་དབྱེས་ཆོས་རྣམ་པར་དག་པ་དང་། རྫས་ཀྱི་དགག་དབྱེས་རྙེད་པའི་སྒོ་འདུ་བའི་དགོས་པ་འགྲུབ་པའོ། །གཉིས་པ་དམིགས་བསལ་ལ། དགག་དབྱེའི་དུས་ཚོགས་པའི་དམིགས་བསལ་དང་། བྱ་བའི་དངོས་པོའི་དམིགས་བསལ་གཉིས་ལས། དང་པོ་ནི། གནས་པར་མི་ནུས་པ་ཉིད་ཡིན་ན། སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེ་གོ་བར་བྱའོ། །དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ་ཞེས་པའོ། །གཉིས་པ་ནི། གཞིའམ་གང་ཟག་གམ་གཉིས་ཀ་བཞག་ནས་དགག་དབྱེ་བྱེད་པར་ཁས་བླང་བའོ། །དེ་ལ་གཞི་གཞག་པ་ནི། ལྟུང་བའི་གཞི་འདི་དང་འདི་མ་གཏོགས་པ་གཞན་གྱིས་གླེངས་ཤིག་ཅེས་པ་དང་། གང་ཟག་གཞག་པ་ནི། གང་ཟག་འདི་མ་གཏོགས་པ་གཞན་གྱིས་གླེངས་ཤིག་ཅེས་པ་ལྟ་བུའོ། །དེ་ཡང་རེག་པ་ལྟ་བུ་གང་ལས་བྱུང་བའི་ཡུལ་གྱི་གང་ཟག་ཡིན་གྱི། གླེང་བྱེད་ནི་མ་ཡིན་ནོ།།  ༈  །།གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པ་ལ་གཉིས་ཏེ། གོས་བསྟེན་པ་དང་། སྨན་བསྟེན་པའོ། །དང་པོ་ལ་གསུམ་སྟེ། གོས་ཐམས་ཅད་ཀྱི་གཏེར་ལྟ་བུ་སྲ་བརྐྱང་གི་གཞི། གོས་རུང་བ་ཕལ་ཆེ་བ་གོས་ཀྱི་གཞི། མི་རུང་བ་ཕལ་ཆེ་བ་ཀོ་ལྤགས་ཀྱི་གཞིའོ། །དང་པོ་ལ། གཞིའི་སྐབས་ནས་འབྱུང་བ་དང་། ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་གཉིས་ལས། དང་པོ་ལ་གསུམ་སྟེ། སྲ་བརྐྱང་གདིང་བའི་ཚུལ། བསྐྱང་བའི་ཚུལ། དབྱུང་བའི་ཚུལ་ལོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྲ་བརྐྱང་གདིང་བར་བྱའོ། །ཞེས་སོགས་ཏེ། སྲ་བརྐྱང་དང་གཏན་པ་ནི་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་ཆོས་གོས་གང་ལ་གདིང་བར་བྱ་བའི་པང་ལེབ་ལྟ་བུ་ལ་དངོས་སུ་འཇུག་ཅིང་། ཆོས་གོས་ལའང་སྲ་བརྐྱང་ངམ་གཏན་པའི་མིང་གིས་བཏགས་པ་ཡིན་ལ། དེ་ཆོས་གོས་གསུམ་ལ་འདོགས་པའི་རྒྱུ་མཚན་ནི་དེ་དང་འདྲ་བའི་ཕྱིར། དཔེར་ན་སྨན་བྱ་རོག་རྐང་ཞེས་པ་ལྟ་བུའོ། །བཏགས་པའི་དགོས་པ་ནི། འདྲ་བའི་ཆོས་བཞི་པོ་ཡོད་པ་དེ་གོ་བའི་ཆེད་དུའོ། །དེ་དག་གང་ཞེ་ན། གཏན་པའི་སྟེང་དུ་ཆོས་གོས་བཏིང་བས་ཁ་དོག་གཅིག་ཏུ་འགྱུར་བ་ལྟར་འདིས་ཀྱང་འདིང་བ་པོ་རྣམས་བློ་གཅིག་ཏུ་འདུས་པས་དབྱེར་མེད་པ་དང་། གཏན་པའི་སྟེང་དུ་སྣམ་ཕྲན་དང་གླེགས་བུ་དུ་མ་གནས་པ་ལྟར། འདི་ལའང་འདིང་བ་པོ་དུ་མའི་བྱིན་རླབས་གནས་པས་རོ་གཅིག་པ་དང་། གཏན་པས་ཆོས་གོས་མི་འཁུམས་པར་བྱེད་པ་ལྟར། འདིས་ཀྱང་འདིང་བ་པོ་བག་ཡངས་སུ་བྱེད་པས་མི་འཁུམས་པར་བྱ་བ་གཅིག་པ་དང་། གཏན་པས་ཆོས་གོས་དག་ལ་ཁྱབ་པ་ལྟར། འདིས་ཀྱང་འདིང་བ་པོ་དག་རྙེད་པ་དང་ཕན་ཡོན་འདྲ་བར་སྒྲུབ་པས་ཁྱབ་པར་འདྲ་བའོ། །དངོས་ལ་གནོད་བྱེད་ནི་གོས་འདིང་བའི་གཞིར་གྱུར་པའི་པང་ལེབ་མ་ཡིན་པའི་ཕྱིར་རོ། །དེས་ན་སྲ་བརྐྱང་དང་ཆོས་གོས་སྲ་བརྐྱང་གཅིག་དུ་མ་འཁྲུལ་བ་གལ་ཆེའོ། །དེས་ན་དགེ་འདུན་རྣམས་ཆོས་ཅན། ཆོས་གོས་སྲ་བརྐྱང་འདིང་བར་གནང་སྟེ། དེས་ཁྱད་པར་དུ་བྱས་པའི་དགོས་པ་མཐོང་བའི་ཕྱིར་རོ། །འདི་ནི་གནང་བའི་བསླབ་པའོ། །གཉིས་པ་ལ་བཞི་སྟེ་གང་གི་དོན་དུ་གདིང་བ་ཕན་ཡོན་གྱི་རྣམ་གཞག གང་གིས་གདིང་བ་གང་ཟག་གི་རྣམ་གཞག གང་གདིང་བ་དངོས་པོའི་རྣམ་གཞག ཇི་ལྟར་གདིང་བ་ཆོ་གའི་རྣམ་གཞག་གོ །དང་པོ་ནི། སྲ་བརྐྱང་བཏིང་ཆགས་དང་ལྡན་པའི་དགེ་སློང་དེ་ལ་འཆང་འབྲལ་འཇོག་པའི་ལྟུང་བ་གསུམ་པོ་དག་མི་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། སྲ་བརྐྱང་བཏིང་ན་ནི་ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། ཤོག་ཅིག་ཅེས་མ་སྨྲས་པར་གོས་ཐོབ་ཏུ་རེ་བའི་བསམ་པས་གྲོང་དུ་འགྲོ་བ་དང་། ཕྱིན་ནས་གོས་སློང་བ་ལ་ཡང་ཉེས་པ་མེད་ལ། སྲ་བརྐྱང་བཏིང་ཆགས་དང་ལྡན་པ་དེས་མཚམས་ཀྱི་ཕྱི་རོལ་ན་གནས་ཀྱང་ལྷག་མ་མཚམས་ནང་ན་གནས་པ་དག་དང་རྙེད་པ་ཐུན་མོང་དུ་དབང་བ་ཉིད་དུ་འགྱུར། མ་སྨྲས་པར་གྲོང་དུ་འགྲོ་བ་ཞེས་པས་སློང་བའི་སྦྱོར་ལྟུང་མེད་པར་བསྟན། གོས་སློང་བ་ལ་ཉེས་པ་མེད་ཅེས་པས་སློང་བའི་དངོས་གཞིའི་ལྟུང་བ་མེད་པ་བསྟན་ནོ། །གཉིས་པ་ནི། ཆོ་གའི་སྒོ་ནས་དབྱར་གནས་པར་ཁས་མ་བླངས་པ་དང་། ཁས་བླངས་ནས་དབྱར་རལ་བ་དང་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དང་། དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་མཚམས་འདིར་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་། །དེར་མ་ཟད་སྤོ་བ་སྤྱོད་པ་ལ་སོགས་པ་ས་གཞན་ན་གནས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་། །སྲ་བརྐྱང་གདིང་བའི་འོག་ཏུ་ས་གཞན་ན་གནས་པ་ཉིད་ཐོབ་པ་ཉིད་ཡིན་ན་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ་། །དེ་རྣམས་ལ་སྲ་བརྐྱང་གི་ཕན་ཡོན་ཡང་མི་འབྱུང་ངམ་ཞེ་ན། ཐ་མ་དབྱར་གནས་གཞན་དུ་ཁས་བླངས་པ་མ་གཏོགས་དབྱར་ཁས་མ་བླངས་པ་དང་། དབྱར་རལ་བ་དང་། དབྱར་ཕྱི་མར་ཁས་བླངས་པ་དང་། ས་གཞན་ན་གནས་པ་དག་དང་། དགེ་ཚུལ་ནི་དབྱར་གྱི་རྙེད་པ་དབང་ངོ་། །གནས་ནས་དབྱུང་བ་ནི་དབྱར་གྱི་རྙེད་པ་མི་དབང་སྟེ། ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་སྤངས་པའི་ཕྱིར། དགེ་འདུན་དང་འཁོར་ལོ་བྱེ་བ་ན་ཆོས་མིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི། གནས་དབྱུང་ནན་ཏུར་བྱས་པ་དེ་དང་རྙེད་པ་ཐོབ་ཚུལ་འདྲ་བས་རྙེད་པ་མི་དབང་ངོ་། །གསུམ་པ་ནི། དངོས་གཞི་སྟེ་དབྱར་སྔ་མའི་ཟླ་བ་གསུམ་གྱི་དགག་དབྱེའི་མཐའ་ཡན་ཆད་དུ་རྙེད་པ་དབྱར་བསྡུས་པའམ་སོ་སོའི་རྒྱུ་ལས་བྱུང་བ། སྲ་བརྐྱང་གདིང་བའི་ཉི་མ་ཡན་ཆད་དུ་ལག་ཏུ་གྲུབ་པ་གོས་ཀྱི་རྙེད་པར་བགྲང་བ་སྟེ། གོས་དངོས་སམ་གོས་ཀྱི་དོན་དུ་ཕུལ་བའི་རིན་པོ་ཆེ་ལྟ་བུས་སྒྲུབ་པའི་ཆོས་གོས་གཙོ་བོ་གསུམ་པོ་གདིང་ངོ་། །དེ་སྐད་དུ་ཡང་ལུང་ལས། བཙུན་པ་གང་ཟག་གི་ཆོས་གོས་གདིང་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །དགེ་འདུན་ལ་ཕུལ་ན་རུང་ངོ་། །བཙུན་པ་གང་ཟག་གི་བླ་གོས་གདིང་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །དགེ་འདུན་ལ་ཕུལ་ན་རུང་ངོ་། །བཙུན་པ་གང་ཟག་གི་མཐང་གོས་གདིང་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །དགེ་འདུན་ལ་ཕུལ་ན་རུང་ངོ་། །ཞེས་གསུངས་སོ། །མཚོ་་་་་་ཁ་ཅིག་གདིང་བའི་ཉིན་མོའི་མཐར་གྲུབ་པ་ཞེས་པའི་དོན། གཟོ་ཚེམས་ལེགས་པར་གྲུབ་པ་ཞེས་པ་ལ་འཆད་པ་མི་འཐད་དེ། དེ་ནི་ཟིན་པའོ་ཞེས་པས་བསྟན་པའི་ཕྱིར། སུ་དབང་བ་གདིང་ཞེ་ན་དགེ་འདུན་གྱི་དབང་བྱར་ཡོད་པའི་ཆོས་གོས་གདིང་ངོ་། །གོས་ཀྱི་ཁྱད་པར་ནི། སྣམ་བུ་ལྟར་སྤུ་བཤད་ཅིང་། དབྱུག་པས་གདབ་པར་མ་བྱས་པ་དང་། ཡ་ཡོ་སྟེ་ཁ་གླེང་པོར་མ་གྱུར་པ་དང་། སྲིལ་ལ་སོགས་པས་མ་རྨུགས་པ་དང་། ཁ་མ་ཟེགས་པ་དེ་གདིང་བར་བྱའོ། །རུང་བའི་ཚོན་གྱིས་ཁ་བསྒྱུར་བ་དང་། སྔར་དུས་ཚིགས་སུ་ཡོངས་སུ་མ་སྤྱད་པ་དེ་གདིང་བར་བྱའོ། །དུས་ཚིགས་སུ་མ་སྤྱད་ཀྱང་མི་སྲ་བ་དེ་མི་རུང་བས་སྲ་བ་དེ་གདིང་བར་བྱའོ། །སྲ་བ་ཡིན་ཀྱང་མཐུད་མ་ཅན་དང་། ལྷན་རིང་ཅན་དང་ལྷན་པ་ཅན་དང་། ཆོས་གོས་དག་གི་མཐའ་ཐོག་དག་ཏུ་སྐུད་པའི་ཚོམ་གྱི་ཆ་ག་རྟབས་པའི་ཆ་ག་ཅན་དང་། མཐའ་ཟེགས་པ་ལ་ཟུང་བཏབ་པའི་ཟུང་ཅན་མ་ཡིན་པ་དེ་གདིང་བར་བྱའོ། །སྤང་ལྟུང་ཕྱིར་བཅོས་བྱས་པའི་སྤངས་པ་དང་། རྒྱུ་མ་བརྟགས་པ་རྔ་བལ་ལ་སོགས་པ་དང་། བདག་པོ་སྔ་མ་དང་བྲལ་ཞིང་ཕྱི་མ་དང་ཕྲད་པ་མ་ཡིན་པ་དེ་གདིང་། མཚོན་གྱིས་དྲས་ཤིང་ཁབ་ཀྱིས་དྲུབ་པ་དེ་གདིང་། བཟོ་ཚེམས་ལེགས་པར་ཟིན་པ་དེ་གདིང་ངོ་། །སྲིད་དུ་ཁྲུ་ལྔ་ཞིང་དུ་ཁྲུ་གསུམ་ཡོད་པ་དེ་གདིང་ངོ་། །དེར་ངེས་སམ་ཞེ་ན། ཚད་ལྷག་པ་དང་སུམ་ཕྲུག་ལྷག་པ་གཉིས་ཀ་གདིང་ངོ་། །ལོ་སྔ་མར་མ་བཏིང་བ་གདིང་བར་བྱའོ། །ད་ལྟ་སྤྲོག་མ་འཇོང་མོར་གདིང་བ་དེ་གདིང་བར་བྱའོ། །སྤྲོག་མ་གཅིག་ཏུ་སུམ་ཕྲུག་དུ་མ་ཡང་གདིང་བར་བྱའོ། །གཅིག་ཁོ་ནས་གདིང་བར་བྱ་བ་ཡིན་ནམ་ཞེ་ན། སུམ་ཕྲུག་ཇི་སྙེད་ཡོད་པ་གདིང་བར་བྱེད་པ་ཡང་དེ་སྙེད་བསྐོ་བར་བྱའོ། །སྲ་བརྐྱང་གདིང་བའི་ཚེ་དགེ་འདུན་རྣམས་ཀྱིས་ཇི་ལྟར་འཇུག་ཅེ་ན། སྲ་བརྐྱང་གདིང་བ་དེ་ནི་རེ་རེ་བའི་ཆོས་གོས་ཀྱི་བྱིན་བརླབས་ལས། གཞན་དགེ་འདུན་གྱིས་བྱིན་གྱིས་བརླབས་པ་ཡིན་པ་རྒྱུ་མཚན་དེའི་ཕྱིར། གང་ཟག་གི་བྱིན་གྱིས་བརླབས་པ་དག་ཕྱུང་ནས་འཇུག་པར་བྱའོ། །བཞི་པ་ལ་གསུམ་སྟེ། སྦྱོར་བའི་ཆོ་ག་དང་། དངོས་གཞིའི་ཆོ་ག་དང་། མཇུག་གི་ཆོ་གའོ། །དང་པོ་ལ་གཉིས་ཏེ། དགེ་འདུན་གྱི་བྱ་བ་དང་། བརྐོས་པའི་གང་ཟག་གི་བྱ་བའོ། །དང་པོ་ནི། སྲ་བརྐྱང་གདིང་རྒྱུ་རྙེད་པའི་ཚེ་ཞག་མ་ལོན་པར་ཚོགས་པས་སྲ་བརྐྱང་གདིང་བར་བྱའོ་སྙམ་དུ་མོས་པ་བསྐྱེད་པར་བྱའོ། །མཚམས་ཀྱི་ནང་དུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་གདིང་བར་བློ་མཐུན་བྱའོ། །སྲ་བརྐྱང་གདིང་བ་བསྐོ་བ་དེ་ཡང་མཚམས་ཀྱི་ནང་ཁོ་ནར་བྱའོ། །གང་ཟག་ཇི་ལྟ་བུ་བསྐོ་ཞེ་ན། གང་ཟག་གང་ལ་སྲ་བརྐྱང་གདིང་བ་འབྱུང་བ་དབྱར་སྔ་མ་ཁས་བླངས་ཤིང་མ་རལ་བ་ལ་སོགས་པ་དེ་བསྐོ་བར་བྱའོ། །བསྐོས་པའི་གང་ཟག་དེ་ལ་དགེ་འདུན་གྱི་སྲ་བརྐྱང་གདིང་རྒྱུའི་དངོས་པོ་རྣམས་གཏད་པར་བྱའོ། །དེ་ཡང་གསོལ་བ་འབའ་ཞིག་པའི་ལས་བྱས་ནས་གཏད་པར་བྱའོ། །གཉིས་པ་ནི། །བསྐོས་པའི་གང་ཟག་དེས་སྲ་བརྐྱང་གདིང་བའི་སྔོན་དུ་སྲ་བརྐྱང་གདིང་རྒྱུ་དེ་ལ་བཀྲུ་བ་དང་། དྲུབ་པ་དང་། ཚོན་གྱིས་ཁ་སྒྱུར་བ་སོགས་ལ་འཇུག་པར་བྱའོ། །ལན་གཅིག་ཙམ་བྱ་བའམ་ཞེ་ན། བཀྲུ་བ་ལ་སོགས་པ་ལན་གཉིས་སམ་གསུམ་གྱི་བར་དུ་བསྒྲུབ་པར་བྱའོ། །ངེས་པར་བྱ་དགོས་སམ་ཞེ་ན། བཟོ་ཚེམས་ལེགས་པར་ཟིན་པ་ཞིག་རྙེད་ན་གདིང་བར་སྐོས་པ་པོ་རང་གིས་ཁབ་སྲུབ་གཉིས་སམ་གསུམ་བསྒྲུབ་པར་བྱའོ། །སེམས་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། སྲ་བརྐྱང་གི་རྒྱུའི་དངོས་པོ་དེ་མནོས་པའི་ཚེ་ན། འདི་ལ་སྲ་བརྐྱང་གདིང་བར་འགྱུར་རོ་སྙམ་པ་དང་། རང་གིས་འདིང་བར་བྱེད་པའི་ཚེ་གདིང་ངོ་སྙམ་པ་དང་། བཏིང་ཟིན་པའི་མཇུག་ཏུ་བཏིང་ངོ་སྙམ་པའི་སེམས་བསྐྱེད་པར་བྱའོ། །སེམས་བསྐྱེད་པ་ཉམས་ན་གདིང་བ་མི་འབྱུང་ངམ་སྙམ་ན། དང་པོ་གདིང་བར་འགྱུར་རོ་སྙམ་པའི་སེམས་བསྐྱེད་པ་ཉམས་ན་སྲ་བརྐྱང་གདིང་བ་མི་འབྱུང་བ་མ་ཡིན་ལ། གཉིས་པ་ཉམས་ན་མི་འབྱུང་ངོ་། །དེ་ནས་སྲ་བརྐྱང་འདིང་བར་བསྐོས་པ་དེས། ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་འདིང་བར་འགྱུར་གྱི། ཁྱེད་ཅག་གིས་རང་རང་གི་ཆོས་གོས་ཀྱི་བྱིན་བརླབས་དབྱུང་བར་བྱའོ། །ཞེས་དགེ་འདུན་ཚོགས་པ་ལ་བརྗོད་པར་བྱའོ། །བསྐོས་པའི་གང་ཟག་དེས་དགེ་འདུན་འདུ་བའི་ཐབས་གཎྜི་བརྡུང་བ་དང་། གནས་མལ་བཤམ་པ་སོགས་རྗེས་སུ་བསྒྲུབ་པར་བྱའོ། །གཉིས་པ་དངོས་གཞི་ནི། སྲ་བརྐྱང་ལ་དྲི་དང་མེ་ཏོག་གིས་མཆོད་ཅིང་། བདུག་སྤོས་དྲི་ཞིམ་པོས་བདུགས་པའི་སུམ་ཕྲུག་དུ་མ་བཟེབ་ཀྱི་སྤྲོག་མར་ལྷན་ཅིག་བཞག་པ་པང་པར་ཐོགས་ཏེ། དགེ་སློང་རྒན་རིམ་དུ་འདུག་པ་ལ། སྲ་བརྐྱང་གདིང་བ་བསྒྲུབ་པར་བྱའོ། །དུས་ནམ་གྱི་ཚེ་ཞེ་ན། ཚེས་བཅུ་དྲུག་གི་ནངས་པར་རོ། །ཟླ་བ་གང་གི་ཞེ་ན་སྟོན་ཟླ་འབྲིང་པོའོ། །ཅི་ཞིག་གིས་བསྒྲུབ་པར་བྱ་ཞེ་ན། ལན་གསུམ་བཟླས་པས་སོ། །ཅི་ཞིག་ལན་གསུམ་བཟླས་པས་ཞེ་ན། གདིང་ངོ་ཞེས་པའི་ཆོ་གས་སོ། །དེ་ཡང་ཇི་ལྟར་ཞེ་ན། རེ་ཞིག་དང་པོར་དགེ་འདུན་ཐམས་ཅད་ལ་གདིང་ངོ་ཞེས་པའི་སྔགས་ལན་གསུམ་བཟླས་པས་བསྒྲུབ་པར་བྱ་སྟེ། འདིའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིང་བར་བསྐོས་པ་ལགས་ཏེ། འདི་ལྟར་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་བདག་སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བས། ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་གདིང་བར་བགྱིའོ། །གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་པ་རྣམས་དང་ལྟ་ཅི་སྨོས་ཞེས་ལན་གསུམ་བཟླའོ། །གསུམ་པ་འཇུག་ནི། དེ་ནས་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ། དགེ་སློང་རེ་རེ་ལ་ཡང་གདིང་ངོ་ཞེས་བྱ་བའི་སྔགས་ལན་གསུམ་གསུམ་བཟླས་པས་བསྒྲུབ་པར་བྱའོ། །འདིའི་སྔགས་ནི། གནས་བརྟན་ནམ་བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིང་བར་བསྐོས་པ་ལགས་ཏེ། དེའི་སླད་དུ་འདི་ལྟར་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱོད་པའི་སླད་དུ་བདག་སྲ་བརྐྱང་འདིང་ན། དགེ་སློང་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་གདིང་ལགས་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བ་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན། གསར་པ་རྣམས་དང་ལྟ་ཅི་སྨོས་ཞེས་ལན་གསུམ་བཟླས་པས་སོ། །དེ་ནས་འདིང་བར་བྱེད་པ་ལས་གཞན་ཡུལ་དེས་ནི་ལེགས་པར་ཏེ་ཁ་ན་མ་ཐོ་བ་མེད་པར་བཏིང་ངོ་། །ཤིན་ཏུ་སྟེ་ཐེ་ཚོམ་མེད་པར་བཏིང་ངོ་། །སྲ་བརྐྱང་འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ་བརྗོད་པར་བྱའོ། །ཆོ་གས་གདིང་དགོས་པར་ངེས་སམ་ཞེ་ན། སྲ་བརྐྱང་གདིང་བ་འདི་ལ་རྗེས་སུ་ཡི་རང་བས་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་། །འདི་ལ་ཕན་ཡོན་དང་རྙེད་པ་གང་ཡོད་པ་དེ་བདག་གི་ཡིན་ནོ། །ཞེས་པ་དེ་ཉམས་སུ་མྱོང་ན་སྲ་བརྐྱང་བཏིང་བ་འབྱུང་ངོ་། །དེ་ཡང་སྲ་བརྐྱང་བཏིང་བའི་དགེ་འདུན་མངོན་སུམ་དུ་འདུས་པར་གྱུར་པས། དེ་ལྟར་མྱོང་ན་གདིང་བ་འབྱུང་གི་གཞན་དུ་ན་མ་ཡིན་ནོ། །སྲ་བརྐྱང་གི་ཕན་ཡོན་ལ་གནས་བསྡུ་བ་ཞེས་གསུངས་པ་ནི། འབྲས་བུ་སྲ་བརྐྱང་གི་ཕན་ཡོན་མཐོང་ནས་རྒྱུ་དབྱར་གནས་པ་ལ་གུས་པས་འཇུག་པའོ། །གཞན་གཉིས་ནི་གོ་བར་ཟད་དོ། །གཉིས་པ་བསྐྱང་བའི་ཚུལ་ནི། སྲ་བརྐྱང་དེ་ཕྱིས་དུས་དུས་སུ་སེར་བུ་ལ་བསྲང་བ་དང་། ཉི་མ་ལ་བསྲང་བ་དང་། རྡུལ་སྤྲུག་པར་བྱའོ། །ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་གཞག་པར་མི་བྱའོ། །རྒྱལ་པོའི་ཕོ་བྲང་དུ་གཞག་པར་མི་བྱ། སྲ་བརྐྱང་གདིང་བར་བསྐོས་པའི་དགེ་སློང་དེ་སྲ་བརྐྱང་དང་བྲལ་བར་མི་བྱ་ཞིང་། སྲ་བརྐྱང་དེ་ཁྱེར་ཏེ་གཞན་དུ་འགྲོ་བར་ཡང་མི་བྱ་སྟེ། སྲ་བརྐྱང་གི་བྱིན་བརླབས་འཇིག་པའི་དགག་བྱ་ཡོད་པའི་ཕྱིར། དེ་ཁྱེར་ནས་མི་གཙང་བའི་སྐྱབས་གཉིས་སུ་འཇུག་པར་མི་བྱ། དེ་ཁྱེར་ནས་བླ་གབ་མེད་པར་ཅུང་ཟད་ཀྱང་འདུག་པར་མི་བྱའོ། །གསུམ་པ་དབྱུང་བའི་ཚུལ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྲ་བརྐྱང་དབྱུང་བ་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། རང་འཇུག་བྲལ་གྱི་དབྱུང་བ་དང་། བཅོས་མའི་དབྱུང་བ་གཉིས་ཡོད་པའི་ཕྱིར། ལས་ལ་ལྟོས་མེད་དུ་སྲ་བརྐྱང་གི་བྱིན་བརླབས་མེད་པར་སོང་བ་ནི་རང་འཇུག་བྲལ་གྱི་དབྱུང་བ་ཡིན་ལ་ལས་ལ་ལྟོས་ནས་སྲ་བརྐྱང་གི་བྱིན་བརླབས་མེད་པར་སོང་བ་ནི་བཅོས་མའི་དབྱུང་བའོ། །གཉིས་པ་ལ་གཉིས་ལས། རང་འཇུག་བྲལ་གྱི་དབྱུང་བ་ནི། སྲ་བརྐྱང་གིས་སྲ་བརྐྱང་བཏིང་མཚམས་ལས་མཚམས་ཀྱི་ཕྱི་རོལ་དུ་ཕྱིན་པ་དང་། བྱིན་གྱིས་རློབ་པར་བྱེད་པ་མེད་པ་སྟེ་སྲ་བརྐྱང་སྲུང་བ་པོ་མེད་པར་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་དང་། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་རྣམས་ལའང་རང་འཇུག་པ་དང་བྲལ་བ་དེ་འགྲུབ་བོ། །དང་པོ་གཉིས་ཀྱིས་ནི་དགེ་འདུན་སྤྱིའི་རང་འཇུག་བྲལ་དང་། ཕྱི་མས་ནི་གང་ཟག་སོ་སོའི་རང་འཇུག་བྲལ་འགྲུབ་བོ། །འདིང་བར་བསྐོས་པ་དེས་སྲུང་བ་པོ་དགེ་སློང་གཞན་མེད་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་བར་གནས་ན། དེ་ལ་སྲ་བརྐྱང་དང་བྲལ་བའི་འབྲལ་སྤང་འབྱུང་ཞིང་སྲ་བརྐྱང་གི་བྱིན་བརླབས་མེད་པར་ཡང་འགྱུར་རོ། །དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་གང་ཟག་གང་ལ་འགྲུབ་ཅེ་ན། སྦྱོར་བས་འགྲོ་བ་ལ་སོགས་པའི་གང་ཟག་དེ་ལ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པར་ཆད་པར་དེར་འགྲུབ་བོ། །དེ་ལ་མ་དྲུག་སྟེ། སྦྱོར་བས་འགྲོ་བའི་མ། ངེས་པར་བྱེད་པའི་མ། མཐར་ཐུག་པའི་མ། བརྩམས་པ་ཞིག་པའི་མ། བསམ་པ་རྒྱུན་ཆད་པའི་མ། མཚམས་འདས་ཀྱི་མའོ། །དེའང་སྲ་བརྐྱང་གི་བྱིན་བརླབས་ལ་ཡང་མི་བརྟེན། སྲ་བརྐྱང་གི་ཕན་ཡོན་ལ་ཡང་མི་བརྟེན། མཚམས་ཀྱི་ནང་དུ་མི་འོང་སྙམ་པའི་བློ་སྐྱེས་པའམ། མཚམས་ཀྱི་ནང་དུ་འོང་ངམ་མི་འོང་ཐེ་ཚོམ་ཟ་བཞིན་དུ་མཚམས་ཀྱི་ནང་ནས་ཕྱི་རོལ་དུ་འདས་པ་ནི་སྦྱོར་བས་འགྲོ་བའི་མའོ། །མཚམས་ཀྱི་ཕྱི་རོལ་དུ་སྲ་བརྐྱང་འདི་ལ་མི་བརྟེན། མཚམས་ཀྱི་ནང་དུ་མི་འོང་སྙམ་པའི་བློ་སྐྱེས་པའི་བརྟེན་ནམ་མི་བརྟེན། འོང་ངམ་མི་འོང་སྙམ་པའི་ཐེ་ཚོམ་ཟ་བ་ནི་ངེས་འབྱེད་ཀྱི་མ། རང་གི་ཆོས་གོས་མ་གྲུབ་བར་དུ་སྲ་བརྐྱང་འདི་ལ་བརྟེན་ལ། རང་གི་ཆོས་གོས་གྲུབ་ནས་སྲ་བརྐྱང་ལ་མི་བརྟེན་སྙམ་པའི་བློ་སྐྱེས་པ་ན། རང་གི་ཆོས་གོས་ཀྱི་བཟོ་ལེགས་པར་ཟིན་པ་ནི་མཐར་ཐུག་པའི་མ། དེ་འདྲའི་བློ་སྐྱེས་པ་ན་ཆོས་གོས་བྱ་རྒྱུའི་དངོས་པོ་དེ་མེས་ཚིག་པའམ། ཆོམ་རྐུན་པ་སོགས་ཀྱིས་ཁྱེར་བ་ནི་བརྩོམས་པ་ཞིག་པའི་མ། དེ་འདྲའི་བློ་སྐྱེས་ཏེ་སྦྱིན་བདག་གི་ཡུལ་ལ་ཆོས་གོས་ཀྱི་རེ་བ་བྱས་པ་ན། སྦྱིན་བདག་དེ་ཤི་བ་ལྟ་བུ་ནི་བསམ་པ་རྒྱུན་ཆད་པའི་མ། སྲ་བརྐྱང་འདི་ལ་བརྟེན་ནམ་མི་རྟེན་སྙམ་པའི་ཐེ་ཚོམ་ཟ་བཞིན་དུ་མཚམས་ཀྱི་ཕྱི་རོལ་དུ་འདས་པ་ནི་མཚམས་འདས་ཀྱི་མའོ། །དེ་ཉིད་གཞུང་དོན་དུ་འཆད་པ་ལ། སྲ་བརྐྱང་བཏིང་མཚམས་ལས། མཚམས་ཀྱི་ཕྱི་རོལ་དུ་འདས་པ་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྲུབ། དེ་ཙམ་གྱིས་འགྲུབ་བམ་ཞེ་ན་མཚམས་ཀྱི་ནང་དུ་ཕྱིར་མི་འོང་སྙམས་པའི་སེམས་སྐྱེས་པའམ། འོང་མི་འོང་ཐེ་ཚོམ་ཟ་བའི་བློ་སྐྱེས་ཏེ་མཚམས་ལས་འདས་པ་ན་དེ་འགྲུབ་བོ། །དེ་ཡང་ཆོས་གོས་སྲ་བརྐྱང་ལ་ཆོས་གོས་བྱ་སྙམ་པའི་བསམ་པ་རྗེས་སུ་འབྲེལ་པ་མེད་ན་དེའི་ཚེ་འགྲུབ་སྟེ། འདིས་ནི་སྦྱོར་འགྲོའི་མ་དེ་བསྟན་ནོ། །མཚམས་ཀྱི་ཕྱི་རོལ་དུ་མཚམས་ནང་དུ་མི་འོང་སྙམ་པའི་བློ་སྐྱེས་ན་ཡང་ངོ་སྟེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པར་འཆད་པ་དེ་འགྲུབ། བསམ་པ་ཇི་ལྟ་བུས་འགྲུབ་ཅེ་ན། སྲ་བརྐྱང་འདི་ལ་ཆོས་གོས་བྱ་སྙམ་པའི་བསམ་པ་རྗེས་སུ་འབྲེལ་བ་མེད་ན་དེའི་ཚེ་འགྲུབ་སྟེ་འདིས་ནི་ངེས་འབྱེད་ཀྱི་མ་བསྟན་ནོ། །ཡོད་ན་མི་འགྲུབ་བམ་ཞེ་ན། གུད་དུ་རང་གི་ཆོས་གོས་མ་གྲུབ་ཀྱི་བར་སྲ་བརྐྱང་འདི་ལ་བརྟེན་སྙམ་པའི་བསམ་པ་རྗེས་སུ་འབྲེལ་བ་ཡོད་ན། མཚམས་ཀྱི་ཕྱི་རོལ་དུ་ཕྱིན་པ་ན་བྱེད་པར་འགྱུར་བ་ཉིད་ཆད་ན་རང་འཇུག་བྲལ་གྱི་དབྱུང་བ་དེ་འགྲུབ་བོ། །མཚམས་ནང་དུ་མི་འགྲུབ་བམ་ཅེ་ན། མཚམས་ཀྱི་ཕྱི་ནས་ནང་དུ་འོང་བའི་ཚེ་བྱེད་པར་འགྱུར་བ་ཆད་ན་ཡང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྲུབ་བོ། །བྱེད་པར་འགྱུར་བ་ཆད་པ་དེ་གང་ཞེ་ན། རང་གི་ཆོས་གོས་ཀྱི་བཟོ་ཚེམས་ལེགས་པར་ཟིན་པ་ན་བྱེད་པར་འགྱུར་བ་མཐར་ཐུག་པ་དང་། ཆོས་གོས་ཀྱི་རྒྱུ་དེ་མེས་ཚིག་པ་སོགས་ཀྱི་སྒོ་ནས་བརྩམས་པ་ཞིག་པ་དང་། ཆོས་གོས་དེ་གང་ལས་རེ་བའི་ཡོན་བདག་ལྟ་བུ་ཤི་ནས་རེ་བ་ཆད་པ་ལྟ་བུ་བསམ་པ་རྒྱུན་ཆད་པ་སྟེ། དེ་གསུམ་ལ་བྱེད་པར་འགྱུར་བ་ཆད་པ་སྟེ་གནས་སོ། །མཚམས་ཀྱི་ནང་དུ་སྲ་བརྐྱང་འདི་ལ་བརྟེན་ནམ་མི་བརྟེན། མཚམས་ནང་དུ་འོང་ངམ་མི་འོང་སྙམ་པའི་ཐེ་ཚོམ་ཟ་བཞིན་དུ་མཚམས་ལས་འདས་པ་དེ་ཆོས་ཅན། ཁྱོད་ལས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པར་ཆད་པ་འབྱུང་སྟེ། དེའི་རྒྱུ་ཚོགས་ཚང་བའི་ཕྱིར། དཔེར་ན་ཕྱིར་མི་འོང་ངོ་སྙམ་དུ་མཐའ་གཅིག་ཏུ་ངེས་པས་འབྱིན་པ་སྟེ། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པར་ཆད་པ་དང་འདྲའོ། །དེ་བཞིན་དུ་མཚམས་ཀྱི་ཕྱི་རོལ་ལ་ཡང་སྦྱར་རོ། །གཉིས་པ་བཅོས་མའི་དབྱུང་བ་ནི། རང་འཇུག་བྲལ་གྱི་དབྱུང་བ་དེ་བྱར་རུང་ངམ་ཞེ་ན། གསོལ་བཞིའི་ལས་ལས་གཞན་པའི་སྦྱོར་འགྲོ་ལ་སོགས་པས་སྲ་བརྐྱང་དབྱུང་བར་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱའོ། །དུས་ནམ་གྱི་ཚེ་དབྱུང་ཞེ་ན། སྲ་བརྐྱང་དེ་དབྱུང་བའི་དུས་ནི་དཔྱིད་ཟླ་རྭ་བའི་ཉ་ལའོ། །དེ་ཡང་ལོ་དེ་ཉིད་ཀྱི་མོད་ལ་འབྱུང་བ་ཉ་དེ་ཉིད་ལ་དབྱུང་ངོ་། །དེར་ངེས་སམ་ཞེ་ན། ཆོམ་རྐུན་པས་བཅོམ་པའི་དོན་ཉིད་དུ་ནི་དཔྱིད་ཟླ་རྭ་བའི་ཉའི་སྔར་ཡང་དབྱུང་དུ་རུང་ངོ་། །གསུམ་པ་ཞར་ལ་ཐོས་བྱུང་གི་མ་བཤད་པ་ནི། སྲ་བརྐྱང་དབྱུང་ཟིན་ནས་དེའི་ཕན་ཡོན་འབྱུང་བ་མེད་དམ་ཞེ་ན། སྲ་བརྐྱང་དུས་ཀྱི་སྔ་རོལ་དུ་ཕྱུང་བའི་དུས་དེར་སྲ་བརྐྱང་འདིང་བ་མཚམས་དེའི་ཕྱི་རོལ་ན་གནས་པ་དེ་མཚམས་ཀྱི་ནང་དུ་སྲ་བརྐྱང་ཕྱུང་བའི་གཏམ་མ་ཐོས་ཀྱི་བར་དུ་སྲ་བརྐྱང་གི་ཕན་ཡོན་རྗེས་སུ་འཇུག་གོ །གུད་དུ་ཆོས་གོས་མ་གྲུབ་ཀྱི་བར་དུ་སྲ་བརྐྱང་འདི་ལ་བརྟེན་སྙམ་པའི་བསམ་པ་རྗེས་སུ་འབྲེལ་བ་མེད་ན། མ་བྲོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ །དེ་འདྲའི་བསམ་པ་རྗེས་སུ་འབྲེལ་བ་ཡོད་ན་བྱེད་པར་འགྱུར་བ་མ་ཆད་ཅིང་མ་ཐོབ་ཀྱི་བར་དུ་ཕན་ཡོན་འཇུག་གོ །སྲ་བརྐྱང་གི་བྱིན་བརླབས་མ་ཕྱུང་བར་ཆོམ་རྐུན་པས་བཅོམ་པ་དང་། མ་བཅོས་པ་ཐམས་ཅད་ཀྱིས་སྲ་བརྐྱང་དེའི་དུས་ཀྱི་རྙེད་པ་བགོ་བར་མི་བྱའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་བཞི་སྟེ། གང་གི་ཚེ་གདིང་བ་དུས་ཀྱི་མཚན་ཉིད། གདིང་དབྱུང་ངོ་བོ་ཉིད་ཀྱི་མཚན་ཉིད། གང་དུ་གདིང་བ་གནས་ཀྱི་མཚན་ཉིད། ཁ་སྐོང་དང་ཕན་ཡོན་གྱི་མཚན་ཉིད་དོ། །དང་པོ་ནི། ལོ་དེ་ལ་སྟོན་ཟླ་འབྲིང་པོ་གཉིས་ཡོད་ན་སྲ་བརྐྱང་གང་ལ་གདིང་ཞེ་ན། དགག་དབྱེ་ཇི་ལྟར་བ་བཞིན་དུ་སྟེ། དབྱར་ཟླ་བ་གསུམ་དུ་ཁས་བླངས་ཏེ། སྟོན་ཟླ་འབྲིང་པོ་ལ་སྲ་བརྐྱང་གདིང་ངོ་། །དེས་མཚོན་ནས་འཐབ་ཀྲོལ་ཅན་གྱི་རྐྱེན་དབང་གིས་དགག་དབྱེ་དུས་ཀྱི་སྔ་རོལ་དང་། ཕྱིས་བྱེད་པ་ན་ཡང་དགག་དབྱེ་ཇི་ལྟ་བ་བཞིན་དུ་གདིང་ངོ་། །ཁ་ཅིག་སྟོན་ཟླ་འབྲིང་པོ་གཉིས་བྱུང་བ་ན་སྔ་མ་ཤོལ་ཟླར་བྱེད་ཟེར་བ་ཡང་མི་འཐད་དེ། འདིའི་སྐབས་ཀྱི་འགྲེལ་བར་སྟོན་ཟླ་འབྲིང་པོ་ངོ་གཉིས་སུ་གྱུར་པ་ན། ཚེས་བཅུ་དྲུག་ཅེས་བྱ་བའི་ཉི་མ་སྔ་མ་ལ་གདིང་བ་ཞེས་པ་དང་། འགྲེལ་ཆུང་ལས་ཀྱང་སྟོན་ཟླ་འབྲིང་པོ་གཉིས་དང་། ཚེས་གྲངས་མི་མཐུན་པ་ལ་ནི། དགག་དབྱེ་ཇི་ལྟ་བ་བཞིན་དུ་གདིང་ཞེས་གསུངས་པའི་ཕྱིར། དགག་དབྱེ་རྐྱེན་དབང་གིས་སྔ་ཕྱིར་བྱས་པའི་ཚེ། གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་སྲ་བརྐྱང་གདིང་དུ་རུང་ངམ་ཞེ་ན། གསོ་སྦྱོང་བྱས་པའི་མཐའ་མ་ཡིན་པ་ལ་སྲ་བརྐྱང་གདིང་བར་མི་བྱའོ། །སྲ་བརྐྱང་དབྱུང་བ་ལ་གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་བྱའོ། །ཆོམ་རྐུན་པས་བཅོམ་པའི་དབང་གིས་སྲ་བརྐྱང་དུས་ཀྱི་སྔ་རོལ་དུ་དབྱུང་བ་འདི་ནི་གསོ་སྦྱོང་བྱས་པའི་ཉི་མ་དེ་ཉིད་ཀྱི་མཐའ་ལ་བྱའོ། །རང་འཇུག་བྲལ་དང་བཅོས་མའི་དབྱུང་བ་མ་ཡིན་པའི་སྲ་བརྐྱང་དབྱུང་བ་གཞན་མེད་དམ་ཞེ་ན། སྲ་བརྐྱང་བཏིང་ཟིན་པའི་འོག་ཏུ་དགེ་སློང་གློ་བུར་བ་མང་པོ་ལྷགས་ནས་གསོ་སྦྱོང་བྱས་ན་སྲ་བརྐྱང་གི་བྱིན་བརླབས་ཕྱུང་བ་ཉིད་ཡིན་ཏེ། དེའི་ཚེ་སྲ་བརྐྱང་འདིང་བ་པོ་རྣམས་ལ་དུས་མ་ཡིན་པར་སྲ་བརྐྱང་གདིང་ངོ་སྙམ་པའི་བློ་སྐྱེ་བའི་ཕྱིར། གཉིས་པ་ནི། སྲ་བརྐྱང་བཏིང་བའི་འོག་ཏུ་དགེ་འདུན་ཕྱོགས་གཉིས་སུ་བྱེ་བ་ན་སྲ་བརྐྱང་ལྷན་ཅིག་བཏིང་བ་ཡིན་པས་ལྷན་ཅིག་དབྱུང་དགོས་སམ་སྙམ་ན། སྲ་བརྐྱང་བཏིང་ནས་དགེ་འདུན་ཆོས་ཕྱོགས་པ་དང་། ཆོས་མིན་ཕྱོགས་པ་གཉིས་སུ་བྱེ་བ་དག་ལ་ནི་སྲ་བརྐྱང་དབྱུང་བ་དེ་ཐ་དད་པར་གྲུབ་པས་ཐ་དད་དུ་དབྱུང་བར་བྱ། སྲ་བརྐྱང་མ་བཏིང་བར་ཕྱོགས་གཉིས་སུ་བྱེ་བ་ན་སྲ་བརྐྱང་བཏིང་བ་དེ་སུས་བྱ་ཞེ་ན། དེའི་ཚེ་ན་ཆོས་སྨྲ་བ་དག་ཡོད་པས་ཆོས་ཕྱོགས་པས་གདིང་བར་བྱ་སྟེ། ཆོས་ཕྱོགས་པས་བྱས་ན་ལེགས་པར་བྱས་པའི་ཕྱིར། ཆོས་མིན་ཕྱོགས་པས་སྲ་བརྐྱང་བཏིང་བའི་ཚེ་དབྱར་གྱི་རྙེད་པ་དེ་སུ་དབང་ཞེ་ན། མཚམས་ནང་དུ་ཆོས་ཕྱོགས་པ་ལས་གཞན་ཆོས་མ་ཡིན་པ་དག་གིས་སྲ་བརྐྱང་བཏིང་ཀྱང་དབྱར་རྙེད་པའི་རྙེད་པ་ནི་ཆོས་ཕྱོགས་པ་ལ་འོས་པ་ཡིན་ལ། སྲ་བརྐྱང་གི་རྙེད་པ་ནི་ཐུན་མོང་དུ་དབང་བ་ཡིན་ནོ། །ཕལ་ཆེར་ལྷན་ཅིག་ཏུ་གནས་ནས་དེའི་འོག་ཏུ་བྱེ་བ་ན་ཆོས་མ་ཡིན་པའང་དབྱར་རྙེད་དབང་སྟེ། དབྱར་ཕལ་ཆེར་གནས་ནས་དེའི་འོག་ཏུ་ཤི་བ་དང་བབ་པའང་དབྱར་རྙེད་དབང་བའི་ཕྱིར། འོ་ན་ཆོས་མིན་ཕྱོགས་པ་དང་གནས་དབྱུང་ནན་ཏུར་བྱས་པ་གཉིས་སྤངས་པར་མཚུངས་པས་ཆོས་མ་ཡིན་པ་ཉི་ཚེས་སྲ་བརྐྱང་བཏིང་ན། གཏིང་བའི་གོ་ཆོད་པ་བཞིན་དུ་གནས་དབྱུང་ནན་ཏུར་བྱས་པ་ཉི་ཚེས་སྲ་བརྐྱང་བཏིང་ན་ཡང་བཏིང་བའི་གོ་ཆོད་དམ་ཞེ་ན། རང་བཞིན་དུ་གནས་པས་སྤངས་པ་གནས་དབྱུང་ནན་ཏུར་བྱས་པ་ཉི་ཚེ་ལ་སྲ་བརྐྱང་གདིང་བར་མི་འགྱུར་ཏེ། གནས་དབྱུང་ནན་ཏུར་བྱས་པ་ཉི་ཚེས་ལས་བྱས་པས་ལས་མི་འཆགས་པའི་ཕྱིར། བསམ་པ་ཇི་ལྟ་བུས་སྲ་བརྐྱང་གདིང་བ་འགྲུབ་ཅེ་ན། སྲ་བརྐྱང་འདི་ལ་རྙེད་པ་དང་ཕན་ཡོན་འགྲུབ་སྙམ་པའི་བསམ་པ་གནས་པ་ནི་སྲ་བརྐྱང་བཏིང་བ་འཆགས་པ་ཡིན་ནོ། །གདིང་དབྱུང་ལྷན་ཅིག་ཏུ་བྱ་བ་ལ་འདུན་པ་ཕུལ་བའི་དབང་གི་ལྷག་མ་རྣམས་ཀྱིས་གདིང་དབྱུང་གི་བྱ་བ་བྱས་ན། འདུན་པ་ཕུལ་བ་དེས་ཀྱང་དེ་བྱས་པ་ཉིད་ཡིན་ནོ། །བསམ་པ་ཇི་ལྟ་བུ་ཡོད་ན་སྲ་བརྐྱང་ཕྱུང་བར་འགྱུར་སྙམ་ན། སྲ་བརྐྱང་འདི་ལ་རྙེད་པ་དང་ཕན་ཡོན་འགྲུབ་སྙམ་པའི་བསམ་པ་དང་བྲལ་བས་དེ་མི་འགྲུབ་སྙམ་ན་སྲ་བརྐྱང་ཕྱུང་བ་ཡིན་ནོ། །བསམ་པ་གནས་པ་ནི་བཏིང་བ་ཡིན་ལ། དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པ་དེའི་ཕྱིར། གདིང་དབྱུང་ལ་འདུན་པ་མ་ཕུལ་བ་ནི་གྲལ་དུ་འདུག་ཏུ་ཟིན་ཀྱང་། གཉིད་ལོག་གམ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན། གདིང་དབྱུང་གི་གཏམ་མ་ཐོས་ཀྱི་བར་དུ་སྲ་བརྐྱང་བཏིང་བ་དང་། ཕྱུང་བ་མི་འབྱུང་ངོ་། །བཏིང་བ་ལ་ནི་རྗེས་སུ་ཡི་རང་ཉམས་སུ་མྱོང་དགོས་པར་གོང་དུ་བསྟན་ཟིན་ཏོ། །གསུམ་པ་ནི། སྲ་བརྐྱང་བཏིང་བ་གཅིག་ལ་བཏིང་བའི་གནས་དེ་ཁོ་ན་ཉིད་དུ་གནས་པ་གཅིག་དགོས་སམ་ཞེ་ན། སྲ་བརྐྱང་གདིང་བའི་ཚེ་མཚམས་གཅིག་པ་ཉིད་ཡིན་ན། དབྱར་གྱི་དུས་དེར་གནས་གཞན་དུ་སྟེ་མཚམས་ཐ་དད་པར་གནས་པ་རྣམས་ཀྱང་སྲ་བརྐྱང་བཏིང་བའི་ཕྱིར་གནས་གཅིག་པ་ཉིད་ཡིན་ནོ། །སྲ་བརྐྱང་བཏིང་བའི་འོག་ཏུ་མཚམས་གཅིག་པ་ཉིད་ཡིན་ན། སྲ་བརྐྱང་གཏིང་བ་གནས་གཅིག་པ་གྲུབ་བམ་ཞེ་ན། གནས་གཞན་དུ་གནས་པ་རྣམས་ཀྱང་བཏིང་བའི་ཕྱིར། གནས་གཅིག་པ་ཡིན་པ་དེ་ནི་བཏིང་བའི་ཚེ་མཚམས་དེ་ན་གནས་པ་དེ་ཉིད་ཡིན་ནོ། །བཏིང་ནས་མཚམས་ཐ་དད་པར་སོང་ནས། སྲ་བརྐྱང་དེ་དང་པོ་བཏིང་བའི་གནས་དེ་ཁོ་ནར་འཇོག་དགོས་སམ་ཞེ་ན། སྲ་བརྐྱང་བཏིང་ཟིན་ནས་མཚམས་ཐ་དད་པར་བྱས་ན་མཚམས་དེའི་ནང་གི་གནས་གང་ཡང་རུང་བ་དེ་སྲ་བརྐྱང་གི་ལས་དེའི་གནས་ཡིན་པས་གང་འདོད་པ་གཅིག་ཏུ་གཞག་པར་བྱ་སྟེ། བཏིང་མཚམས་ལས་ཐ་དད་པར་ཕྱིན་པ་མེད་པའི་ཕྱིར། གདིང་བའི་མཚམས་གཅིག་ལ་བཏིང་ཟིན་ནས་མཚམས་ཐ་དད་པར་བྱས་ན་བཏིང་བའི་ཚེ་མཚམས་གཅིག་པས་དབྱུང་བ་ཡང་ལྷན་གཅིག་ཏུ་བྱའམ་ཞེ་ན། སྲ་བརྐྱང་བཏིང་ནས་མཚམས་ཐ་དད་པར་བྱས་པ་ཉིད་ཡིན་ན་གནས་སོ་སོར་སྲ་བརྐྱང་དེ་དབྱུང་ངོ་། །གནས་གཅིག་པ་ཉིད་ཡིན་ན་ལྷན་ཅིག་ཏུ་དབྱུང་ངམ་ཞེ་ན། བཏིང་ཟིན་པའི་འོག་ཏུ་དགེ་འདུན་ལས་དང་འཁོར་ལོ་བྱེ་བ་ཉིད་ན་གནས་གཅིག་ཀྱང་ཕྱོགས་སོ་སོར་དབྱུང་ངོ་། །འདི་ནི་གནས་གཅིག་པའི་གཞི་ལ་དོགས་པ་དཔྱད། བཏིང་ནས་ཕྱེ་བ་ཞེས་སོགས་ཀྱིས་ལྷན་ཅིག་ཏུ་བཏིང་བའི་གཞི་ལ་དོགས་པ་དཔྱད་པ་ཡིན་ནོ། །བཞི་པ་ནི། སྲ་བརྐྱང་མ་བཏིང་བས་སྲ་བརྐྱང་ཕྱུང་བ་ནི་སྲ་བརྐྱང་མ་ཕྱུང་བ་མ་ཡིན་ཏེ་ཕྱུང་བ་ཡིན་ནོ། །སྲ་བརྐྱང་དབྱུང་བའི་ཁ་སྐོང་དུ་འོས་པ་ལ་སྲ་བརྐྱང་གདིང་བ་འབྱུང་བ་གཅིག་དགོས་སམ་ཞེ་ན། སྲ་བརྐྱང་གདིང་བ་མི་འབྱུང་བ་ཉིད་ཀྱིས་སྲ་བརྐྱང་དབྱུང་བ་ཁ་སྐོང་དུ་མི་རུང་བ་ཉིད་མ་ཡིན་ནོ། །མ་བཏིང་བ་ཉིད་ཀྱིས་ཕྱུང་ན་ཕྱུང་བའི་གོ་ཆོད་མོད། དབྱུང་བར་མི་རུང་ངམ་ཞེ་ན། སྲ་བརྐྱང་མ་བཏིང་བ་ཉིད་ཀྱིས་སྲ་བརྐྱང་དབྱུང་བར་མི་རུང་བ་ཉིད་མིན་ཏེ་རུང་ངོ་། །སྲ་བརྐྱང་བཏིང་བའི་ཕན་ཡོན་སྔར་བཤད་པ་དེ་ཙམ་དུ་ཟད་དམ་ཞེ་ན། སྲ་བརྐྱང་བཏིང་ན་ནི་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་དང་། ལ་སོགས་པ་གྲོང་ཆེར་དུ་འཇུག་པ་དང་། ལམ་གྱི་སུམ་མདོ་དང་། བཞི་མདོ་ལ་སོགས་པ་ཚུན་ཆད་དུ་འདུག་པ་ལ་ཡང་ཉེས་པ་མེད་དོ། །སྣམ་སྦྱར་དང་བྲལ་བའི་འབྲལ་སྤང་མི་འབྱུང་བར་གོང་དུ་བསྟན་ལ། འདིས་སྣམ་སྦྱར་ཁྱེར་བའི་དཀའ་ཚེགས་མེད་པར་བསྟན་ནོ། །སྟོད་གཡོགས་དང་སྨད་གཡོགས་མེད་པར་གྲོང་དུ་འགྲོར་རུང་ངམ་ཞེ་ན། སྟོད་ཀྱི་གོས་གཅིག་དང་སྨད་ཀྱི་གོས་གཅིག་མེད་པར་གྲོང་དུ་ཕྱིན་ན་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཉེས་པ་ཡོད་ལ་འབྲལ་བའི་ཉེས་པ་མེད་དོ། །དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཁས་བླངས་ན། དེ་ལ་སྲ་བརྐྱང་གདིང་བ་འབྱུང་བར་གསུངས་པ་སྒྲ་ཇི་བཞིན་དུ་ཁས་བླངས་ན་དབྱར་ཕྱི་མར་ཁས་བླངས་པ་དང་ཞེས་པ་ལ་དབྱར་སྔ་མ་ཁས་བླངས་པ་དང་ཞེས་དང་། དངོས་གཞིའི་དུས་ཀྱི་ཞེས་པ་ལ་དབྱར་ཕྱི་མའི་དུས་ཀྱི་ཞེས་པ་དང་། སྟོན་ཟླ་འབྲིང་པོ་ཞེས་པ་ལ་སྟོན་ཟླ་ཐ་ཆུང་ཞེས་པ་དང་། དཔྱིད་ཟླ་རྭ་བ་ཞེས་པ་ལ་དཔྱིད་ཟླ་འབྲིང་པོ་ཞེས་སྦྱར་རོ། །དགེ་སློང་མ་ལ་ཆོས་གོས་གསུམ་ཞེས་པའི་དོད་དུ་ཆོས་གོས་ལྔ་ཞེས་སྦྱར་རོ། །སྤྱི་དོན་རགས་པ་ཙམ་གྱིས་སྲ་བརྐྱང་གི །རྣམ་གཞག་བདེ་བླག་རྟོགས་པ་མེད་མཐོང་ནས། །གཞུང་དོན་ཞིབ་ཏུ་བཀོད་པའི་ལེགས་བཤད་འདི། །དོན་གཉེར་བློ་གསལ་ཚོགས་རྣམས་གུས་པས་ལོངས།།  ༈  །།གཉིས་པ་གོས་ཀྱི་གཞི་ལ་བཅུ་སྟེ། གོས་སྒྲུབ་པའི་ཚུལ། དབྱེ་བ། སོ་སོའི་མཚན་ཉིད། བྱིན་རླབས་ཀྱི་ཆོ་ག བྱིན་རླབས་འཇིག་པའི་རྒྱུ། བཅང་བའི་བསམ་པ། ལོངས་སྤྱོད་པའི་གང་ཟག ལོངས་སྤྱོད་པའི་ཆོ་ག དགོས་པ། མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ། དྲ་བ་དང་། དྲུབ་པ་དང་། ཁ་སྒྱུར་བའི་ཚུལ་རྣམས་གཞུང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དབྱེ་བ་ལ་འཚོ་བའི་ཡོ་བྱད། མཁོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད་དང་གསུམ་མོ། །དང་པོ་ལ། འཚོ་བའི་ཡོ་བྱད་དངོས་དང་། ཡོ་བྱད་ཀྱི་གོས་གཉིས་ཀྱི། དང་པོ་ལ་བཅུ་གསུམ་སྟེ། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། སྐྲ་བཟེད། གདིང་བ། དབྱར་གྱི་རས་ཆེན་ནོ། །གཉིས་པ་ཡོ་བྱད་ཀྱི་གོས་ནི་སྟན་ལ་སོགས་པའོ། །གསུམ་པ་སོ་སོའི་མཚན་ཉིད་ལ་གསུམ་ལས། དང་པོ་འཚོ་བའི་ཡོ་བྱད་ནི། རྒྱུ་རུང་བ་རྔ་བལ་ལ་སོགས་པ་ཧ་ཅང་རྒྱུ་ངན་པ་མ་ཡིན་པ། དཔག་བསམ་གྱི་ཤིང་ལས་བྱུང་བ་སོགས་ཧ་ཅང་རྒྱུ་བཟང་བ་མ་ཡིན་པ། སྲིན་བལ་དང་དར་སོགས་རྒྱུ་རུང་བ་བདུན་པོ་རྣམས་ལས་གྲུབ་པ། ཁ་དོག་ངུར་སྨྲིག་དང་སྔོན་པོ་དང་། ཙག་གིས་བསྒྱུར་བ། དབྱིབས་སྤུ་ཅན་དང་། ལུག་རུ་འཁྱིལ་བ་ལྟ་བུ་སོགས་མ་ཡིན་པ་མ་བཀག་ཅིང་གནང་བའོ། །ཚད་ལ་ཆོས་གོས་གསུམ་དང་ཤམ་ཐབས་ཀྱི་ཚད་འབྲལ་སྤང་གི་སྐབས་སུ་བཤད་ཟིན། ཤམ་ཐབས་ཀྱི་གཟན་ནི་ཤམ་ཐབས་དང་མཉམ་པ། གདོང་ཕྱིས་ཁྲུ་གང་པ། རྣག་གཟན་བླ་གོས་དང་མཉམ་པ། གཡན་པ་དགབ་པ་སྲིད་དུ་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ་མོ། །སྐྲ་བཟེད་ཞེང་དུ་ཁྲུ་ཕྱེད་དང་གཉིས་སྲིད་དུ་ཁྲུ་གསུམ་ཡིན་ནོ། །རྔུལ་གཟན་དང་རྔུལ་གཟན་གྱི་གཟན་བླ་གོས་དང་མཉམ་ལ། གདིང་བ་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་སོར་དྲུག རས་ཆེན་སྲིད་དུ་ཁྲུ་དགུ་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །འཚོ་བའི་ཡོ་བྱད་ནི་རེ་རེ་གནང་གི་གཉིས་མ་གནང་ཞིང་། སོ་སོ་རང་མིང་གིས་བྱིན་གྱིས་རླབས་དགོས་པའོ། །གཉིས་པ་མཁོ་བའི་ཡོ་བྱད་ནི། ཚད་ཁྲུ་གང་ཡན་ཆད་ཡིན་པ་དང་། ཡ་མཐའ་མ་ངེས་པ་དང་རང་གཞན་ཐུན་མོང་གི་མིང་གིས་བྱིན་གྱིས་རླབས་དགོས་པའོ། །གསུམ་པ་ལྷག་པའི་ཡོ་བྱད་ནི། བྱིན་གྱིས་རླབས་བྱ་གཉིས་ལས། ལྷག་པ་གཞན་ཁོ་ནའི་མིང་གིས་བྱིན་གྱིས་རླབས་དགོས་པའམ། གཞན་ལ་ཡིད་གཏད་དེ་བཅང་བར་བྱ་བའོ། །བཞི་པ་བྱིན་གྱིས་རླབས་པའི་ཆོ་ག་ལ་གསུམ་ལས་དང་པོ་འཚོ་བའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་ལྔ་ལྡན་གྱི་མདུན་དུ་ལྷྭམ་ཕུད་བསླབ་པ་རྒན་ན་ཕྱག་བྱས་ལ་འགྲེང་སྟེ་གཉིས་ཀའི་ལག་པས་སྣམ་སྦྱར་བཟུང་སྟེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །རྐྱེན་དབང་གིས་བྱིན་གྱིས་བརླབ་ན། དགོངས་གསོལ་འདྲ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་པ་ལན་གསུམ་དང་ཐབས་ལེགས་བྱའོ། །བླ་གོས་སོགས་འཚོ་བའི་ཡོ་བྱད་གཞན་རྣམས་ཀྱང་བྱིན་རླབས་དེ་གཉིས་ཀ་ལ་སྣམ་སྦྱར་ཞེས་པའི་ཐད་དུ་བླ་གོས་སོགས་འདོན་པ་བསྒྱུར་རོ། །རྒྱུའི་བྱིན་རླབས་བྱེད་ན། གཉིས་ཀས་སྣམ་སྦྱར་གྱི་རྒྱུ་བཟུང་སྟེ་དགོངས་གསོལ་སྔར་བཞིན། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བསྐྱང་ངོ་། །དྲའོ། །བརྡེབ་བོ། །ཟུང་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །ཞེས་ལན་གསུམ་འདས་ཐབས་ལེགས་བྱའོ། །ཆོས་གོས་གཞན་གཉིས་ཀྱི་རྒྱུའི་བྱིན་བརླབས་བྱེད་ན། བླ་གོས་ལ་སྣམ་ཕྲན་བདུན་པ་གླེགས་བུ་ཕྱེད་དང་གསུམ་པ་ཞེས། མཐང་གོས་ལ་སྣམ་ཕྲན་ལྔ་པ་གླེགས་བུ་ཕྱེད་དང་གཉིས་པ་ལ་སོགས་པ་ཞེས་སྦྱར་གཞན་རྣམས་སྣམ་སྦྱར་དང་འདྲའོ། །ཡོ་བྱད་ཀྱི་གོས་སྟན་ལ་སོགས་པ་བྱིན་གྱིས་བརླབ་ན་དགོངས་གསོལ་སྔར་བཞིན། བདག་མིང་འདི་ཞེས་བགྱི་བའི་ཡོ་བྱད་ཀྱི་གོས་འདི་སྟན་དུ་བྱིན་གྱིས་བརླབ་བོ། །ཞེས་བརྗོད། སྐ་རགས་སོགས་ལ་འདོན་པ་བསྒྱུར་རོ། །ཡང་ན་སྦྱིན་བདག་སོགས་ལ་ཡིད་གཏད་དེ་བཅང་བར་བྱའོ། །གཉིས་པ་མཁོ་བའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། དགོངས་གསོལ་སྔར་བཞིན། གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པའི་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་པ་གསུམ་དང་ཐབས་ལེགས་བྱའོ། །གསུམ་པ་ལྷག་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ཆོས་གོས་ལྷག་པོ་ཡོད་ན། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བ་བགྱིད་པ། རུང་བ་བགྱིད་པར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །ཞེས་སོགས་བྱའོ། །ཡང་ན་དགེ་སློང་ཆོས་གསུམ་ལྡན་ལ་ཡིད་བརྟེན་པར་བྱའོ། །ལྔ་པ་བྱིན་བརླབས་འཇིག་པའི་རྒྱུ་ནི། དགེ་སློང་ལས་ཉམས་པ་དང་། སྤངས་པ་དང་། བསྔོས་པ་དང་། ཕྲོགས་པ་དང་། བརླག་པ་དང་། ཕྱུང་བ་དང་། ཡིད་བརྟེན་པ་ནི་ཤི་བ་ལ་ཤི་བར་ཤེས་པས་འཇིག་གོ །དྲུག་པ་བཅང་བའི་བསམ་པ་ནི། སྣམ་སྦྱར་ནི་མུ་སྟེགས་དང་བསྙེན་པར་མ་རྫོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཅང་བསམ་པ་དང་། བླ་གོས་མཐང་གོས་ནི་སྟོད་སྨད་གཅེར་བ་སྤངས་སྙམ་པའི་བསམ་པ་དང་། ཡོ་བྱད་ཐམས་ཅད་མི་རྟག་པས་ཉེན་པའི་བསམ་པས་བཅང་བར་བྱའོ། །མཁོ་བའི་ཡོ་བྱད་ནི་དཀོན་མཆོག་མཆོད་པའམ། ཆོས་ཕྱིར་དུ་ལུས་གསོ་བའི་དོན་དུ་བཅང་སྙམ་པ་དང་། ལྷག་པའི་ཡོ་བྱད་ནི། གོས་གཉིས་པ་ལྟ་བུ་མཁན་པོ་སོགས་གཞན་གྱི་ཡིན་སྙམ་པའི་བསམས་པས་བཅང་ངོ་། །ཁྲུ་གང་དུ་མ་ལོངས་པའི་ཕྲན་ཚེགས་ཐམས་ཅད་ལ་སེམས་ཀྱིས་བརྟག་པར་བྱའོ། །བདུན་པ་ལོངས་སྤྱོད་པའི་གང་ཟག་ནི་སྤྱིར་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པས་བཅང་ཞིང་། ཁྱད་པར་སྣམ་སྦྱར་ནི་དགེ་སློང་གིས་བཅང་བར་བྱའོ། །བརྒྱད་པ་ལོངས་སྤྱོད་པའི་ཆོ་ག་ནི། ཆུད་ཟ་བ་དང་། མ་གུས་པ་དང་། སྟོད་གཡོགས་སྨད་དུ་བགོ་བ་ལ་སོགས་པ་དང་། རྟགས་གཞན་དུ་བསྒྱུར་བ་ལ་སོགས་པ་སྤང་སྟེ་བཅང་བར་བྱའོ། །དགུ་པ་བྱིན་གྱིས་བརླབ་པའི་དགོས་པ་ནི། དངོས་སུ་གོས་ལྷག་པོ་བཅང་བའི་ལྟུང་བ་མི་འབྱུང་ཞིང་། བརྒྱུད་ནས་མངོན་ཞེན་དང་འབྲལ་བའི་ཕན་ཡོན་འབྱུང་བའོ། །བཅུ་པ་མཇུག་ཏུ་ཇི་ལྟར་གྲུབ་པ་ནི། རྙིངས་ཤིང་ཟད་ན་ལྷན་པས་གླན་པ་དང་། ཟུང་གདབ་པ་དང་རལ་ན་བཙེམས་པ་ལ་སོགས་པས་བཅོས་པར་བྱ་ཞིང་། བཅོས་སུ་མི་རུང་བར་གྱུར་ན་སྦྱིན་བདག་གིས་བསོད་ནམས་སྤེལ་བ་ལ་སོགས་པའི་ཆེད་དུ་ས་དང་ལྕི་བ་ལ་སོགས་པ་དང་བསྲེ་ནས་གཙུག་ལག་ཁང་ངམ་མཆོད་རྟེན་གྱི་སེར་ཁ་ལ་གླན་པ་སོགས་བྱའོ།།  ༈  །།གསུམ་པ་ཀོ་ལྤགས་ཀྱི་གཞི་ལ་གཉིས་ཏེ། ཡུལ་དབུས་དང་མཐའ་འཁོབ་ཀྱི་བྱེ་བྲག་བསྟན་པ། མཐའ་འཁོབ་ཏུ་ཀོ་ལྤགས་བསྟན་པའི་ཚུལ་ལོ། །དང་པོ་ནི། མདོར་ཤར་དུ་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱ་བའོ། །ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱ་བའོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་སོ། །བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱའོ་ཞེས་གསུང་སྟེ། དེ་དག་གི་ཡུལ་དབུས་མ་ག་དྷ་ལ་ལྟོས་པའི་ནང་གི་ཕྱོགས་ཀྱི་ཆ་རྣམས་ནི་ཡུལ་དབུས་ཡིན་ལ། དེ་དག་གི་ཕྱི་རོལ་གྱི་དོན་ཕྱོགས་ཆ་ཕན་ཆད་ནི་མཐའ་འཁོབ་ཡིན་ནོ། །གཉིས་པ་ནི་ཡུལ་མཐའ་འཁོབ་ཏུ་མཆིལ་ལྷྭམ་དང་ཀོ་ལྤགས་བསྟན་དུ་རུང་ཞིང་དེའི་ཁྱད་པར་ནི་ཁ་དོག་ཁྲ་བོ་དང་། དབྱིབས་གསེར་སོགས་ཀྱིས་སྤྲས་པ་དང་། སྒྲ་ཀྲོག་ཀྲོག་ཟེར་བ་སོགས་ཀྱི་མཆིལ་ལྷྭམ་མི་རུང་ཞིང་། གླང་པོ་ཆེ་དང་རྟ་བོང་སོགས་ཀྱི་ཀོ་ལྤགས་མི་རུང་ལ་ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་ནི་ཞྭ་དང་ལྷྭམ་སྒྲོག་གུ་ཅན་ཡང་གནང་བ་ཡིན་ནོ།།  །།གཉིས་པ་བདེ་བར་གནས་པའི་རྐྱེན་སྨན་བསྟེན་པའི་གཞི་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་དོན་ལ་དོགས་པ་གཅོད་པའོ། །དང་པོ་ལ། དགོས་དོན་དང་བསྡུས་དོན་གཉིས་ལས། དང་པོ་ནི། སྨན་བསྟེན་པ་ལ་དགོས་པ་ཡོད་དེ། ཚེ་རིང་ཞིང་དགེ་བའི་བྱ་བ་ཡུན་རིང་དུ་འཕེལ་བར་འགྱུར་བའི་ཕྱིར་ཏེ། དེ་ལས་ནད་ཞི་ཞིང་བདེ་བར་འཚོ་བར་འགྱུར་བའི་ཕྱིར། གཞན་ཡང་སྦྱིན་པ་པོའི་བསོད་ནམས་མངོན་པར་སྤེལ་བ་དང་། སངས་རྒྱས་ཀྱི་བཅས་པ་བསྲུང་བའི་དགོས་པ་ཡང་ཡོད་དོ། །གཉིས་པ་ལ་དྲུག་སྟེ། རྒྱུ། དབྱེ་བ། མཚན་ཉིད། བྱིན་གྱིས་བརླབ་པའི་ཚུལ། བཙོ་ཞིང་གཞག་པའི་གནས་རུང་བའི་ཁང་པར་བློ་མཐུན་བྱ་བ། ལོངས་སྤྱོད་པའི་ཚུལ་ལོ། །དང་པོ་ནི། ལོག་འཚོ་དང་བྲལ་ཞིང་ཡང་དག་པའི་འཚོ་བ་དང་ལྡན་པའི་གཞི་ལས་སྨན་དེ་སྒྲུབ་པར་བྱའོ། །གཉིས་པ་ནི། སྨན་ལ་མཚན་ཉིད་ཐ་དད་པའི་སྒོ་ནས་དབྱེ་ན། དུས་རུང་། ཐུན་ཚོད་དུ་རུང་བ། ཞག་བདུན་པ། འཚོ་བཅང་གི་སྨན་དང་བཞི། བཞི་པོ་དེར་གྲངས་ངེས་པའི་རྒྱུ་མཚན་ནི། བཅོམ་ལྡན་འདས་ཀྱི་སྨན་བཞིར་གསུངས་ཀྱི། དེ་ལས་གཞན་མ་གསུངས་པའི་ཕྱིར་དང་། དེར་མ་འདུས་པའི་སྨན་ཡང་མེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། སྤྱིའི་མཚན་ཉིད་དང་། སོ་སོའི་མཚན་ཉིད་དོ། །དང་པོ་ནི། དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་འདུས་ཀྱི་ཟས་དེ་སྨན་གྱི་མཚན་ཉིད། གཉིས་པ་ལ་སྨན་གང་ཞིག་བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་གྱུར་པ་དེ་དང་པོའི་མཚན་ཉིད། དེ་གང་ཞིག་སྐོམ་པའི་ནད་སེལ་བ་ལ་གཙོ་བོར་གྱུར་པ་བཏུང་བ་ཆོས་གསུམ་ལྡན་དེ་གཉིས་པའི་མཚན་ཉིད། ཆོས་གསུམ་ནི། རྒྱུ་སྨན་གསུམ་པོ་གང་རུང་ལས་སྦྱར་བ། ངོ་བོ་བཏུང་བ་ཡིན་པ། ཤིན་ཏུ་སླ་བའོ། །དེ་གང་ཞིག་བཀྲེས་འདུས་གཉིས་ཀའི་ནད་སེལ་བ་ལ་གཙོ་བོར་གྱུར་པ་དེ་གསུམ་པའི་མཚན་ཉིད། དེ་གང་ཞིག་འདུས་པའི་ནད་སེལ་བ་ལ་གཙོ་བོར་གྱུར་པ་དེ་བཞི་པའི་མཚན་ཉིད་དོ། །བཞི་པ་བྱིན་གྱིས་བརླབ་པའི་ཚུལ་ལ་གཉིས་ཏེ། དགོས་དོན་དང་། བསྡུས་དོན་ནོ། །དང་པོ་ནི། སྨན་བྱིན་གྱིས་བརླབ་པ་ལ་དགོས་པ་ཡོད་དེ། བདེ་བ་ལ་རེག་པར་གནས་པ་དང་། གསོག་འཇོག་མི་འབྱུང་བ་དང་། བཅས་པའི་མཚམས་ཟིན་པའི་དགོས་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྨན་བྱིན་གྱིས་བརླབས་ནས་བཅང་པ་ཡང་ནས་ཡང་དུ་བྱིན་ལེན་མི་དགོས་པ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱིན་གྱིས་རླབས་པ་ལ་གསོག་འཇོག་མི་འབྱུང་ངོ་ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། བྱིན་གྱིས་བརླབས་པས་འདི་ཚུན་ཆད་དུ་ལོངས་སྤྱོད་དུ་རུང་ལ། དེ་ཕན་ཆད་དུ་ལོངས་སྤྱོད་དུ་མི་རུང་ངོ་ཞེས་མཚམས་ཟིན་པར་འགྱུར་བའི་ཕྱིར། གཉིས་པ་བསྡུས་དོན་ལ་བདུན་ཏེ། ཡུལ་གང་གི་དྲུང་དུ། དངོས་པོ་གང་། རྟེན་གང་གིས། དུས་ནམ་གྱི་ཚེ། ཡུན་ཇི་སྲིད། ཆོ་ག་གང་གིས་རློབ། བྱིན་རླབས་ཀྱི་འཇིག་རྒྱུའོ། །དང་པོ་ནི། བསྙེན་པར་རྫོགས་པའི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་པར་གནས་པ། ས་རང་བཞིན་དུ་གནས་པ། མཚམས་ཀྱི་ནང་ན་གནས་པ་སྟེ། ཆོས་བདུན་ལྡན་གྱི་དྲུང་དུ་བྱིན་གྱིས་བརླབ་བོ། །གཉིས་པ་ནི། དུས་རུང་ལས་གཞན་ཡིན་པ། རུང་བ་ཡིན་པ། ཚད་དང་ལྡན་པ། རང་གི་ཡིན་པ། བྱིན་ལེན་བྱས་ནས་ཆགས་པ། སྔར་བྱིན་གྱིས་བརླབས་པ་དང་མ་འབྲེལ་བ། ཆོ་ག་རྫོགས་པ་དེ་བྱིན་གྱིས་བརླབ་བོ། །དང་པོ་དགོས་ཏེ། ཕྱི་དྲོ་ལོངས་སྤྱོད་ཕྱིར་དུ་བྱིན་གྱིས་རློབ་པ་ཡིན་ལ། དུས་རུང་ཕྱི་དྲོར་ལོངས་སྤྱད་དུ་མི་རུང་བའི་ཕྱིར། གཉིས་པ་དགོས་ཏེ། ལོངས་སྤྱོད་དུ་མི་རུང་བ་ལ། བྱིན་རླབས་མི་ཆགས་པའི་ཕྱིར། གསུམ་པ་དགོས་ཏེ། ཤིན་ཏུ་ཆུང་བ་ལ་སྨན་གྱི་མངོན་ཞེན་མི་རྫོགས་པའི་ཕྱིར། བཞི་པ་དགོས་ཏེ། གཞན་གྱི་ཟས་རང་གིས་བྱིན་གྱིས་བརླབ་པ་དོན་མེད་པའི་ཕྱིར། ལྔ་པ་དགོས་ཏེ། བྱིན་རླབས་ཀྱི་རྟེན་མེད་པར་བྱིན་རླབས་མི་ཆགས་པའི་ཕྱིར། དྲུག་པ་དགོས་ཏེ། བྱིན་གྱིས་བརླབས་ཟིན་པ་ལ་བྱིན་གྱིས་བརླབ་པ་གཉིས་པ་མི་ཆགས་པའི་ཕྱིར། བདུན་པ་ཆོ་ག་རྫོགས་པ་ལ། སྤྱིར་ཆོ་ག་རུང་ཆུ་བཏབ་པ་དགོས་ཏེ། རུང་ཆུ་མ་བཏབ་པ་ཕྱི་དྲོ་ལོངས་སྤྱད་དུ་མི་རུང་བའི་ཕྱིར། བཏུང་བ་རྣམས་ཚགས་ཀྱིས་བཙགས་པ་དགོས་ཏེ། མ་བཙགས་ན་དུས་རུང་སོགས་དང་འདྲེས་པར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར། གསུམ་པ་རྟེན་གང་གིས་རློབ་ན། བསྙེན་རྫོགས་དང་དགེ་སློབ་མའི་སྡོམ་པ་གསོ་རུང་མན་ཆད་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ་དེས་བརླབ་བོ། །ཁ་ཅིག་གནས་དབྱུང་མ་བྱས་པ་དགོས་ཟེར་བ་མི་འཐད་དེ། གནས་དབྱུང་ནད་པ་དགེ་སློང་རྣམས་ཀྱིས་བསྐྱང་དགོས་པར་གསུངས་པའི་ཕྱིར། ཁ་ཅིག་ནད་པ་ཡིན་པ་དགོས་ཏེ། དང་པོ་མ་ཡིན་པ་དག་ནི་ནད་པའི་ཕྱིར་རོ། །ཞེས་དང་། ནད་པའི་ཆེད་དུ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། ཞེས་དང་། ཁ་ཅིག་ཐུན་ཚོད་དུ་རུང་བ་དང་འཚོ་བཅང་གཉིས་ནད་པ་ཁོ་ནས་བྱིན་གྱིས་རློབ་ལ། ཞག་བདུན་པ་ནི་གང་ཟག་ལྔ་ཆར་གྱིས་བྱིན་གྱིས་རློབ་ཏུ་རུང་སྟེ། ཁྱིམ་བདག་ལུག་སྐྱེས་ཀྱི་གཏམ་རྒྱུད་ལས་ལམ་ཞུགས་ཀྱི་དབང་དུ་བྱས་ཏེ། བུ་རམ་ཞག་བདུན་པར་བྱིན་གྱིས་རླབས་ཏེ་བསྐུར་བར་བྱའོ། །ཞེས་གསུངས་པའི་ཕྱིར་ཞེས་ཟེར། དེ་ལ་གཞན་དག་ན་རེ། དེ་ནི་བུ་རམ་ཞག་བདུན་པར་བྱིན་ལེན་བྱས་ཏེ་བསྐུར་ཞེས་པའི་དོན་ཡིན་པས་བྱིན་ལེན་ལ་བྱིན་རླབས་ཀྱི་སྒྲས་བསྟན་པ་ཡིན་ཏེ། དཔེར་ན་ལྷུང་བཟེད་བྱིན་གྱིས་བརླབས་ཏེ་ལག་པ་དག་མཉལ་དུ་བཅུག་ནས་ཞེས་ཟེར་རོ། །དེའི་དོན་མི་འཐད་དེ། ལུག་སྐྱེས་ཀྱི་གཏམ་རྒྱུད་དུ་བྱིན་གྱིས་རློབ་པའི་ཆོ་ག་ཡང་གསུངས་པའི་ཕྱིར། དཔེ་ཡང་མི་འཐད་དེ། དེ་ལྟར་ན་གཞུང་སྔ་ཕྱིར་འབྲེལ་མེད་དུ་འགྱུར་བའི་ཕྱིར་རོ། །དེས་ན་མིན་པས་ཞག་བདུན་པའི་སྨན་བྱིན་གྱིས་རློབ་ཏུ་རུང་སྟེ། ཞག་བདུན་པའི་ལག་རྒྱགས་འབའ་ཞིག་ལ་བརྟེན་ནས་ཞག་དུ་མར་བགྲོད་པའི་དགེ་སློང་ལྟུང་མེད་སྒྲུབ་པའི་ཐབས་ཡོད་པའི་ཕྱིར། བཞི་པ་དུས་ནམ་གྱི་ཚེ་བརླབ་པ་ནི་སྔ་དྲོ་བརླབ་སྟེ། ཟས་སྔ་མའི་ཚེ་ཞེས་གསུངས་པའི་ཕྱིར། ལྔ་པ་ཡུན་ཇི་སྲིད་དུ་བྱིན་གྱིས་བརླབ་པ་ལ། ཐུན་ཚོད་དུ་རུང་བ་ནི་མཚན་མོའི་མཐུན་དང་པོ་ཚུན་ཆད་དང་། ཞག་བདུན་པ་ནི་ཞག་བདུན་གྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབ་ཅིང་། འཚོ་བཅང་ནི་ཇི་སྲིད་མཚོའི་བར་དུ་བྱིན་གྱིས་བརླབ་བོ། །དེ་ཡང་ཞག་བདུན་ཞེས་པ་ཞག་བདུན་པའི་སྨན་གྱི་རིང་མཐའ་གཟུང་བ་ཡིན་གྱིས། ལྔ་པའམ་དྲུག་པར་བྱིན་གྱིས་བརླབ་ཏུ་མི་རུང་བ་ནི་མ་ཡིན་ཏེ། ཊཱི་ཀར་བུ་རམ་དེ་ཞག་བདུན་པ་ལ་སོགས་པར་བྱིན་གྱིས་བརླབས་ཏེ་ཞེས་གསུངས་པའི་ཕྱིར། དེས་མཚོན་ནས་འཚོ་བཅང་གི་སྨན་དེ་ཟླ་བ་ཕྱེད་ལ་སོགས་པར་བྱིན་གྱིས་བརླབ་ཏུ་རུང་ངམ་སྙམ་སྟེ་ཤེས་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །ཁ་ཅིག་འཚོ་བཅང་ཞེས་པ་ནད་ཇི་སྲིད་འཚོ་བར་ཡིན་གྱི། ཇི་སྲིད་འཚོའི་བར་དུ་མ་ཡིན་ཞེས་པ་མི་འཐད་དེ། དེ་ལ་ཤེས་བྱེད་མེད་པའི་ཕྱིར་དང་། སུམ་བརྒྱ་པ་ལས། དེ་དག་མ་ཤི་བར་བཅང་སྨན་དུ་གསུངས། །ཞེས་དང་། འགྲེལ་ཆུང་ལས། ཚེ་གཅིག་པའི་སྔགས་ཀྱིས་བརྟགས་ཏེ་ཞེས་གསུངས་པའི་ཕྱིར། དྲུག་པ་བྱིན་གྱིས་རླབས་ཀྱི་ཆོ་ག་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། མཆིལ་ལྷྭམ་ཕུད། བསླབས་པ་རྒན་ན་ཕྱག་བྱ། ཐུགས་གཏད་པར་ཞུ་ཞེས་གསོལ་ནས་འགྲེང་བའི་སྤྱོད་ལམ་བསྟན་ནོ། །དངོས་གཞིའི་སྐབས་སུ་སྔགས་ཚིག་ལན་གསུམ་བརྗོད། མཇུག་ཏུ་ཐབས་ལེགས་བྱའོ། །བདུན་པ་བྱིན་བརླབས་ཀྱི་འཇིག་རྒྱུ་ནི། བྱིན་ལེན་གྱི་འཇིག་རྒྱུ་ཐམས་ཅད་ཀྱིས་འཇིག་ལ་ལག་ཉ་སོགས་མི་རུང་བ་དང་འདྲེས་པ་དང་། རོ་སླ་གྱུར་པ་དང་དུས་ཀྱི་འཕན་པ་ཟད་པས་ཀྱང་འཇིག་གོ །ལྔ་པ་རུང་ཁང་གཅོད་ཚུལ་ལ་གཉིས་ཏེ། དགོས་དོན་དང་། བསྡུས་དོན་ནོ། །དང་པོ་ལ་དེ་ལ་དགོས་པ་ཡོད་དེ། ཞག་ལོན་དང་མཚམས་བཅོས་མི་འབྱུང་བའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་བདུན་ཏེ། གནས་གང་དུ། རྟེན་གང་གིས། དུས་ནམ་གྱི་ཚེ། ཆོ་ག་གང་གིས་གཅད། རུང་ཁང་གི་བྱེད་ལས། སྒྲ་བཤད། འཇིག་རྒྱུའོ། །དང་པོ་ལ་ཁ་ཅིག་རང་བཞིན་གྱི་མཚམས་ཡིན་པ་གཅིག་དགོས་ཏེ། ཊཱི་ཀར་མཚམས་ཞེས་པ་གནས་ཀྱི་གཞི་བརྗོད་དེ། གསོལ་བ་ལ་སོགས་པ་ལས་ཀྱིས་གཅད་པ་ཉི་ཚེ་མི་གཟུང་ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་ཏེ། གལ་ཏེ་དཀོན་མཆོག་ལ་མ་གུས་པ་འགོག་པ་ཡིན་པས། དཀོན་མཆོག་གི་ཕོ་བྲང་ཡོད་པའི་གནས་སུ་རུང་ཁང་མ་བཅད་པ་ལ་ཉེས་པ་ཡོད་ཀྱི། ལས་མཚམས་ཙམ་དུ་རུང་ཁང་མ་བཅད་པ་ལ་ཉེས་པ་མེད་པའི་ཕྱིར་ཟེར་རོ། །རུང་ཁང་དེ་རང་བཞིན་གྱིས་མཚམས་ཡིན་པ་ཁོ་ནར་གཅོད་དགོས་པ་མི་འཐད་དེ། བམ་ལྔ་ལས་མཚམས་ཀྱི་ནང་དུ་བཙོས་པ་དང་། མཚམས་ཀྱི་ནང་དུ་ཞག་ལོན་པ་ཞེས་དེ་གཉིས་ཀའི་སྐབས་སུ་མཚམས་སྨོས་པ་སྤྱིར་འདྲ་སྟེ། ཀུན་དགའ་རྭ་བའི་ནང་དུ་དགེ་འདུན་གྱི་མཚམས་གསོལ་བ་ལ་སོགས་པའི་ལས་ཀྱིས་བཅད་པ་དང་། རྩིག་པ་ལ་སོགས་པའི་རང་མཚམས་དང་། དགེ་སློང་གི་གནས་དང་། དེ་དག་གི་གནས་ཉེ་འཁོར་དང་བཅས་པ་སྟེ། ཇི་སྐད་དུ། ཆོས་གོས་མཚམས་བསྟན་པ་དེ་དག་ལས་རུང་བའི་ཁང་པ་དང་། རུང་བའི་ས་གཞིར་མ་བྱས་པ་གང་ཡང་རུང་བ་དེ་དག་ཐམས་ཅད་སྤྱིར་གཟུང་ངོ་ཞེས་གསུངས་པའི་ཕྱིར། དེས་ན་ཉི་ཚེ་མི་བཟུང་ཞེས་པས་ལས་མཚམས་དང་རང་བཞིན་གྱི་གནས་གཉིས་ཀར་རུང་ཁང་གཅོད་པར་གྲུབ་ཅིང་། རུང་ཁང་གཅོད་པའི་གནས་ལ་སྟེང་གཡོག་དང་བཅས་པ་དགོས་ཏེ། བླ་གབ་མེད་པར་རུང་ཁང་གཅད་པ་བཀག་པའི་ཕྱིར། རང་ངམ་རང་དང་འདྲ་བའི་གང་ཟག་གི་གནས་སྐབས་དབང་བྱར་ཡོད་པར་དགོས་ཏེ། མུ་སྟེགས་ཅན་གྱི་གནས་དང་། དགེ་སློང་མའི་གནས་སུ་རུང་ཁང་གཅོད་པ་བཀག་པའི་ཕྱིར། དགེ་ཚུལ་འབྱུང་འཇུག་བྱར་ཡོད་པའི་དགེ་ཚུལ་དབང་བའི་གནས་སུ་རུང་ཁང་གཅད་དུ་མི་རུང་སྟེ། ཊཱི་ཀར་དགེ་ཚུལ་གྱི་གང་ཟག་གམ་དགེ་ཚུལ་གྱི་ཚོགས་སྤྱིར་དབང་བའི་གནས་ནི་དགེ་སློང་གི་གནས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱིམ་པའི་གྲོང་ན་དགེ་འདུན་དབང་བའི་མཛོད་ཡོད་པར་ཡང་རུང་ཁང་གཅོད་དུ་མི་རུང་སྟེ། ཁྱིམ་བདག་གི་གཞིར་ཡང་ཞེས་གསུངས་པའི་ཕྱིར། བཙོག་པོ་མ་ཡིན་པ་དགོས་ཏེ། ཤིང་དྲུང་དང་། གླང་པོ་ཆེའི་རྭ་བར་རུང་ཁང་གཅོད་པ་བཀག་པའི་ཕྱིར་རོ། །ཀུན་ལ་མཁོ་བའི་གནས་མ་ཡིན་པ་དགོས་ཏེ། བང་རིམ་དང་སྒོ་ཁང་དུ་དེ་གཅོད་པ་བཀག་པའི་ཕྱིར། དཀོན་མཆོག་གི་གནས་དང་མཆོད་རྟེན་གྱི་གཞི་མ་ཡིན་པ་དགོས་ཏེ། དེ་གཉིས་དགེ་འདུན་གྱི་གནས་ཡིན་པའི་ཕྱིར་དང་། དེར་རུང་ཁང་བཅད་ན་དཀོན་མཆོག་ལ་མ་གུས་པར་འགྱུར་བའི་ཕྱིར། སྔར་རུང་ཁང་བཅད་ཟིན་མ་ཡིན་པ་དགོས་ཏེ། བཅད་ཟིན་ལ་གཉིས་པ་མི་འཆགས་པའི་ཕྱིར། གཉིས་པ་རྟེན་གང་གིས་གཅད་པ་ལ། ཁ་ཅིག་ན་རེ་རྡོ་བ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་ནི། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། མཚམས་ཀྱི་ནང་ན་གནས་པ། ལག་གི་གླར་གྱུར་པ་དེས་གཅོད་ཟེར་བ་མི་འཐད་དེ། བསླབ་པ་བྱིན་ཆགས་སྤྱོད་བཞིན་པའི་དགེ་སློང་ལ་ཞག་ལོན་དང་མཚམས་བཙོས་ཀྱི་ཉེས་པ་འབྱུང་བ་ཡོད་པས་དེ་འགོག་པའི་ཐབས་བསྟན་དགོས་པའི་ཕྱིར། དེས་ན་སྤྱིར་དགེ་འདུན་ཆོས་སུམ་ལྡན་གྱིས་གཅོད་ལ། ཁྱད་པར་དུ་རྡོ་བ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་ནི། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། ས་རང་བཞིན་དུ་གནས་པ་མ་གཏོགས་གཞན་སྔར་དང་འདྲ་བ་དེས་གཅོད་དོ། །སེམས་བསྡུས་པ་ལས་བྱུང་བའི་རུང་ཁང་ནི། ཆོས་དེ་ལྡན་གྱི་དགེ་སློང་ལག་གི་གླར་གྱུར་མ་གྱུར་ཐམས་ཅད་ཀྱིས་གཅོད་ཅིང་། འཕྲལ་ལས་བྱུང་བའི་རུང་ཁང་ནི། གནས་དེར་ཕྱིན་པའི་དགེ་སློང་ཇི་སྙེད་ཡོད་པ་དེས་གཅོད་དོ། །གསུམ་པ་དུས་ནི། རྡོ་བཏེག་རུང་ཁང་ནི། སོ་ཕག་དང་པོར་འཇོག་པའི་ཚེ་གཅོད། སེམས་བསྡུས་རུང་ཁང་ནི་སོ་ཕག་འགྲེམས་པ་ནས་མཁར་ལས་མ་ཟིན་གྱི་བར་དེར་གཅོད་ཅིང་། འཕྲལ་བྱུང་རུང་ཁང་ནི་གནས་དེར་ཕྱིན་ནས་བྱ་བ་གཞན་མ་བརྩམས་གོང་དེར་གཅོད་དོ། །བཞི་པ་ཆོ་ག་ནི། སྤྱིར་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གཅོད་ལ། ཁྱད་པར་རྡོ་བཏེགས་རུང་ཁང་ནི་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་ཞེས་ཆོ་ག་ལན་གསུམ་བརྗོད་པས་གཅོད་པ་དང་། སེམས་བསྡུས་རུང་ཁང་ནི་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་བསྡུས་ཤིག་ཅེས་པའི་ཆོ་ག་ལན་གསུམ་བརྗོད་པས་གཅོད་ལ། འཕྲལ་བྱུང་རུང་ཁང་ནི་དེར་འདུས་ཀྱི་དགེ་འདུན་ཐམས་ཅད་ཀྱིས་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་ཞེས་ཆོ་ག་ཅིག་ཆར་བརྗོད་པས་གཅོད་དོ། །སོ་ཐར་གྱི་འགྲེལ་པ་འདུལ་བ་བསྡུས་པ་ལས། ཤེས་པ་ཆུང་ངུའི་རུང་ཁང་དང་འཇུག་པ་ཞན་པའི་རུང་ཁང་གཉིས་ཀྱང་གསུངས་སོ། །ལྔ་པ་བྱེད་ལས་ནི། མཚམས་གཅིག་གི་ནང་དུ་རུང་ཁང་གཅིག་བཅད་པས། མཚམས་དེར་གཏོགས་པའི་གཙུག་ལག་ཁང་དུ་མ་ཡང་རུང་ཁང་དང་ལྡན་པར་འགྱུར་སྟེ། གཅིག་གི་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་དོ། །དེ་ནི་ཐ་དད་པར་གྱུར་པའི་རུང་བ་ཉིད་དུ་མ་རྟེན་ཏོ་ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་སྒྲ་བཤད་པ་ནི། མཚམས་ནང་ཡིན་ཡང་ཟས་ཞག་ཏུ་བཞག་རུང་བ་དང་། རྗེན་པ་བཙོར་རུང་བས་རུང་ཁང་ཞེས་བྱའོ། །བདུན་པ་འཇིག་རྒྱུ་ནི། མཚམས་ཀྱི་འཇིག་རྒྱུ་ཐམས་ཅད་ཀྱིས་འཇིག་ལ། ལས་ཀྱི་འཇིག་པ་ཡང་ཡོད་དོ། །དྲུག་པ་སྨན་ལོངས་སྤྱོད་པའི་ཚུལ་ལ་ལྔ་སྟེ། རྟེན། དངོས་པོ། དུས། སྣོད། ལོངས་སྤྱོད་པའི་ཆོ་ག་དངོས་སོ། །དང་པོ་ནི། རང་གི་ཟས་ལ་སྤྱོད་པ་ལ། གོས་གཅིག་པ་ལ་སོགས་པ་དང་བྲལ་བས་སྤྱོད་ཅིང་། དགེ་འདུན་གྱི་ནང་དུ་ཞུགས་ཏེ་ཟས་ལ་སྤྱོད་པ་དང་། གང་གིས་གོས་སྟོང་ཕྲག་བརྒྱ་པ། ཟས་རོ་བརྒྱ་པ། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ལ་སྤྱོད་པ་ནི་སྡེ་ལྔའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། མྱ་ངན་ལས་འདས་པའི་བསམ་པ་རྣམ་པར་དག་པ་དང་ལྡན་པ། དགེ་བའི་བྱ་བ་ལ་བརྩོན་པ། གོས་གཅིག་པ་སོགས་དང་བྲལ་བ་དེས་སྤྱོད་དོ། །ཁ་ཅིག་གནས་དབྱུང་མ་བྱས་པ་དགོས་ཟེར་བ་མི་འཐད་དེ། གནས་དབྱུང་ནད་པ་གྲོགས་རྣམས་ཀྱིས་བསྐྱང་བར་གསུངས་པའི་ཕྱིར། གཉིས་པ་དངོས་པོ་ནི། ངོ་བོ་གནས་སྐབས་ཆོ་གའི་སྒོ་ནས་རུང་བའོ། །དེའི་ལྡོག་ཕྱོགས་མི་རུང་བ་ལ་ངོ་བོའི་སྒོ་ནས་མི་རུང་བ་ནི། ཆང་དང་སྒོག་པ་དང་རྨིག་པ་གཅིག་པའི་ཤ་ལྟ་བུའོ། །གནས་སྐབས་ཀྱི་སྒོ་ནས་མི་རུང་བ་ནི། ཤ་རློན་པ་མ་བཙོས་པ་དང་། ཨ་སྨྲ་རུས་པ་མ་ཆག་པ་ལྟ་བུ། ཆོ་གའི་སྒོ་ནས་མི་རུང་བ་ནི། ཞག་ལོན་དང་མཚམས་བཙོས་སུ་གྱུར་པའི་ཟས་ལྟ་བུའོ། །གསུམ་པ་དུས་ནི། དུས་རུང་རྣམས་ནི་རྐྱེན་དང་མི་ལྡན་པའི་གང་ཟག་གིས་སྐྱ་རེངས་ཤར་ནས་གུང་མ་ཡོལ་གྱི་བར་དུ་སྤྱོད་ལ། སྨན་ཕྱི་མ་གསུམ་བྱིན་གྱིས་བརླབ་པ་ནི། རང་རང་གི་བྱིན་བརླབས་ཀྱི་མཐའ་ཚུན་ཆད་དུ་སྤྱད་དུ་རུང་ཞིང་། མ་བརླབས་པ་ནི་སྔ་དྲོ་ཕྱི་དྲོ་གཉིས་ཀར་ན་མི་ན་ཐམས་ཅད་ཀྱིས་སྤྱད་པར་བྱ་བ་དང་། སྨན་ཕྱི་མ་གསུམ་བྱིན་བརླབས་བྱས་པ་ནི་ཕྱི་མ་ཕྱི་མ་སྔ་མ་དང་བསྲེས་སྟེ་ལོངས་སྤྱོད་པར་མི་བྱའོ། །བཞི་པ་སྣོད་ནི། རིན་པོ་ཆེའི་སྣོད་ལས་གཞན་ཡིན་པ་དང་། གཙང་བ། སོ་སོ་བ་ཡིན་པ། ཀོ་ལྤགས་ཀྱི་སྣོད་མ་ཡིན་པ་དེར་སྤྱོད་པར་བྱའོ། །ལྔ་པ་ལོངས་སྤྱོད་པའི་ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་གསུམ། དང་པོ་ནི། ལུས་ཀྱིས་ལེགས་པར་འདུག་པ་དང་ཆོས་གོས་ལེགས་པར་བགོ་བ་སོགས་བྱ། ངག་གི་འདི་དང་འདི་ལས་སྦྱིན་ཞེས་པ་ལྟ་བུ་ཀླག་ཅོར་དང་བྲལ་བར་བྱ། ཡིད་ཀྱིས་བདག་ནི་ལེན་པ་པོའོ། །འདི་ནི་སྦྱིན་པ་པོའོ། །སྙམ་དུ་བྱིན་ལེན་གྱི་སེམས་ཀྱིས་བླང་བར་བྱའོ། །གཉིས་པ་ནི། ལུས་ཀྱིས་ཁམ་ཆེ་ཆུང་སོགས་དང་བྲལ་བ་དང་། ངག་གིས་སྒྲ་ཅག་ཅག་སོགས་དང་བྲལ་བ་དང་། ཡིད་ཀྱིས་རྒྱགས་པའི་གཉེན་པོར་བདག་ལ་ནད་པ་དང་། ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་གཞག ཟས་ལ་ཆགས་པའི་གཉེན་པོར་འདུ་ཤེས་བཅུ་བསྟེན། ལྟུང་བའི་གཉེན་པོར་བསླབ་པའི་གནས་དྲན་པ་དང་ཤེས་བཞིན་གྱིས་ཟིན་བཞིན་དུ་བཟའ་བར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། ཟས་ཟོས་ཟིན་པའི་རྗེས་སུ་ཁ་དང་ལག་པ་སོགས་བཀྲུ་བ་དང་གཙུག་ལག་གི་ཚིགས་སུ་བཅད་པ་གཉིས་ཡན་ཆད་འདོན་ཞིང་བསྔོ་བ་ཡང་བྱའོ། །གཉིས་པ་གཞུང་དོན་ལ་དོགས་པ་བཅད་པ་དེ་ལ་ལུང་གི་བྱེ་བྲག་གི་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གསུམ་སྟེ། སྨན་བསྟན་པའི་ཚུལ། རུང་ཁང་བློ་མཐུན་བྱ་བ། འཕངས་པའི་ཚེའི་དམིགས་བསལ་ལོ། །དང་པོ་ལ་གསུམ་སྟེ། སྨན་བསྟེན་ཚུལ་དངོས། བྱིན་གྱིས་རླབས་པའི་ཆོ་ག སྨན་གྱི་མཚོན་དོན་ནོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཁ་ཅིག་སྨན་བསྟེན་པར་བྱའོ། །ཞེས་པས་རབ་བྱུང་ཐམས་ཅད་ཀྱིས་བཟའ་ཞིང་བཏུང་བའི་ཕྱིར་སྨན་བསྟེན་པ་སྤྱིར་བསྟན་གསུང་བ་མི་འཐད་དེ། གཞུང་དེས་རབ་བྱུང་ནད་པ་འབའ་ཞིག་གིས་སྨན་བསྟེན་པར་བསྟན་པའི་ཕྱིར་ཏེ། ལུང་ལས་དགེ་སློང་ནད་པ་རྣམས་ལ་ཕན་པ་སོ་སོ་བསྟན་པའི་སྨན་གསུངས་པ་གང་དག་ཡིན་པ་དེ་དག་འདི་ལྟ་སྟེ། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དག་གོ་ཞེས་དང་། འདིར་ཡང་དང་པོ་མ་ཡིན་པ་ཉིད་དག་ནི་ནད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འོ་ན་སྨན་དེ་ལ་དུ་ཡོད་ཅེ་ན། སྨན་ཆོས་ཅན། རྣམ་པ་བཞིར་ཡོད་དེ། སྐྱ་རེངས་ཤར་ནས་ཉི་མ་གུང་གི་བར་བྱེ་བྲག་མེད་པར་ལོངས་སྤྱོད་དུ་རུང་བ་དུས་སུ་རུང་བ་དང་། ཐུན་ཚོད་ཀྱི་མཐའི་བར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་དུ་རུང་བ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་གྱི་བར་དུ་ལོངས་སྤྱོད་དུ་རུང་བའི་ཞག་བདུན་པར་བྱིན་གྱིས་བརླབས་པའི་སྨན་དང་། ཇི་སྲིད་འཚོའི་བར་དུ་ལོངས་སྤྱོད་དུ་རུང་བ་ཇི་སྲིད་འཚོའི་བར་བྱིན་གྱིས་བརླབས་པའི་སྨན་རྣམས་སུ་ཡོད་པའི་ཕྱིར། ནད་པ་འབའ་ཞིག་གིས་བསྟེན་བྱ་ཡིན་པ་འདིས་གྲུབ་སྟེ། སྨན་ཕྱི་མ་གསུམ་བྱིན་གྱིས་བརླབས་པ་ཅན་ལ་བཤད་པའི་ཕྱིར་ཏེ། ཊཱི་ཀར་ཐུན་ཚོད་དུ་རུང་བ་ཞེས་བྱ་བ་ནི་ཐུན་ཚོད་ཀྱི་མཐའི་དུས་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ། །ཞག་བདུན་པ་ཞེས་བྱ་བ་ནི་ཞག་བདུན་གྱི་མཐའ་ཚུན་ཆད་དུ་མཚན་མོ་དང་ཉིན་མོའི་ངོ་བོ་ཉིད་ཀྱི་དུས་སུ་རང་གི་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ། །འཚོ་བའི་བར་དུ་བཅང་བ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་དུས་ཀྱི་མཐའ་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་གང་ཡིན་པའོ་ཞེས་གསུངས་པའི་ཕྱིར། དང་པོ་དུས་རུང་མ་ཡིན་པ་སྨན་ཕྱི་མ་གསུམ་བྱིན་གྱིས་བརླབས་པ་ཉིད་དག་ནི་ནད་པའི་ཕྱིར་ཏེ་ནད་པ་འབའ་ཞིག་གིས་ལོངས་སྤྱོད་པར་བྱ་བ་ཡིན་གྱི། མི་ན་བས་ལོངས་སྤྱོད་དུ་མི་རུང་ངོ་། །སྨན་ཕྱི་མ་གསུམ་བྱིན་གྱིས་བསླབས་ནས་ནད་པ་འབའ་ཞིག་གིས་ལོངས་སྤྱོད་བྱར་གཞུང་འདིས་བསྟན་ཏེ། འདིའི་མདོ་སྦྱོར་དུ། ལུང་ལས་བཙུན་པ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་འཚོའི་བར་དུ་བཅང་བའི་སྨན་བྱིན་ལེན་བགྱིས་པ་དང་། བྱིན་གྱིས་བརླབས་པ་གང་དག་ལགས་པ་དེ་དག་བྲོ་མ་འཚལ་བས་ཡོངས་སུ་སྤྱད་དུ་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །བྱིན་ལེན་བགྱིས་པ་དང་བྱིན་གྱིས་རླབས་པ་དེ་དག་བྲོ་འཚལ་བས་ཡོངས་སུ་སྤྱད་དུ་རུང་ངམ། ཉེ་བ་འཁོར་རུང་ངོ་ཞེས་གསུངས་པའི་ཕྱིར། དང་པོ་མ་ཡིན་པ་ན་མི་ན་གཉིས་ཀས་ལོངས་སྤྱོད་དུ་རུང་བ་དེ་གང་ཞེ་ན། རྩོ་རྩ་སྟེ་ཀུ་ཤུ་དང་། ཆུ་ཤིང་གི་འབྲས་བུ་དང་། རྒྱ་ཤུག་དང་། ཨ་ཤྭཏྛྀ་དང་། ཨུ་དུམ་ཝ་དང་། རྩུ་པ་རུ་ཤ་ག་དང་། རྒུན་འབྲུམ་གྱི་ཆུ་དང་། ཤིང་ཐོག་འབྲ་གོ་ལས་སྦྱར་བའི་བཏུང་བ་སོགས་འཚགས་ཀྱིས་བཙགས་པ་རུང་བའི་ཆུས་བཏབ་པ་ནི་ན་མི་ན་གཉིས་ཀས་དུས་སྔ་དྲོ་ཕྱི་དྲོར་ལོངས་སྤྱོད་དུ་རུང་ངོ་། །དེར་མ་ཟད་བཅོས་པའི་ཆང་ཚྭར་གྱུར་པ་དང་། འབྲུའི་ཆང་ཚྭར་གྱུར་པ་དང་། ཞོ་ཁ་ཆུ་ཞོའི་དྭངས་མ་དང་། དར་བའི་དྭངས་མ་ཆུར་ཁུ་དང་། འབྲུ་སོགས་ཕབས་མེད་པར་མནན་པའི་རྩབས་མོ་སྐྱུར་བག་དང་ལྡན་པ་ཚགས་ཀྱིས་བཙགས་པ་རུང་བའི་ཆུས་བཏབ་པ་ཤིན་ཏུ་སླ་བ་གཞན་སྣང་བ་འདམ་བུའི་ཉག་མའི་མདོ་ལྟ་བུ་ཁ་དོག་ཅུང་ཟད་སེར་བ་དག་ཀྱང་དེ་དང་འདྲ་བར་ན་མི་ན་གཉིས་ཀས་དུས་ཐམས་ཅད་དུ་ལོངས་སྤྱོད་དུ་རུང་ངོ་། །དུས་རུང་ལས་སྦྱར་བའི་བཏུང་བ་སྦྱར་བཙགས་བྱས་ཏེ་ལོངས་སྤྱོད་པའི་ཕྱིར་སྦྱར་བཙགས་མ་བྱས་པ་དེ་དགེ་སློང་རང་ཉིད་ཀྱི་བྱིན་ལེན་བྱེད་དུ་རུང་ངམ་ཞེ་ན། དུས་རུང་ལས་སྦྱར་བའི་བཏུང་བ་ཚགས་ཀྱིས་བཙགས་པ་རུང་བའི་ཆུས་བཏབ་པ། ཤན་དང་བྱེ་བ་དེ་ལྟ་བུ་ཉིད་ཀྱི་མདུན་རོལ་དུ་སྟེ། སྦྱར་བཙགས་མ་བྱས་པ་དེ་ལ་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་པ་སྟེ་བྱིན་ལེན་བྱེད་དུ་མི་རུང་སྟེ། དགོས་པ་མེད་ཅིང་དགག་བྱ་དང་ལྡན་པའི་ཕྱིར། དང་པོ་གྲུབ་སྟེ། སྦྱར་བཙགས་བྱས་པ་ན་བྱིན་ལེན་ཞིག་པའི་ཕྱིར། གཉིས་པ་གྲུབ་སྟེ། ལག་ཉར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར། དེར་མ་ཟད་ཨ་རུ་ར་དང་། སྐྱུ་རུ་ར་སོགས་འབྲས་བུ་ལྔ་བྱིན་གྱིས་མ་བརླབས་པ་དེ་ཡང་ན་མི་ན་གཉིས་ཀས་དུས་ཐམས་ཅད་དུ་ལོངས་སྤྱོད་དུ་རུང་ངོ་། །དེས་འཚོ་བཅང་གི་རྩ་བ་སྡོང་བུ། འབྲས་བུ། མེ་ཏོག འདབ་མ་ལ་སོགས་པ་ཡང་མཚོན་ནོ། །བུ་རམ་བྱིན་གྱིས་མ་བརླབས་པ་དེ་ཡང་ན་མི་ན་གང་ཟག་གཉིས་ཀས་དུས་ཐམས་ཅད་དུ་ལོངས་སྤྱོད་དུ་རུང་ངོ་། །དེས་ཞག་བདུན་པ་གཞན་ཡང་མཚོན་ནོ། །སྨན་བྱིན་གྱིས་བརླབས་པ་དེ་མི་ན་བས་ལོངས་སྤྱད་དུ་མི་རུང་བར་ངེས་སམ་ཞེ་ན། དམིགས་བསལ་གྱི་བུ་རམ་བྱིན་གྱིས་བརླབས་པ་དེ་གཟའ་བ་ལ་ལམ་དཔག་ཚད་དུ་ཞུགས་པ་དང་། དགེ་བསྐོས་དང་ལག་གི་གླ་རྣམས་ནི་ནད་པ་དང་འདྲ་བར་ལོངས་སྤྱད་དུ་རུང་བ་ཉིད་དོ། །དེར་མ་ཟད་ཟན་ཆད་པའི་དགེ་སློང་གིས་ཀྱང་བུ་རམ་བྱིན་གྱིས་བརླབས་པ་དེ་བཟར་རུང་ངོ་། །གཞན་དུས་སུ་རུང་བ་མ་ཡིན་པ་སྟེ། དུས་མ་ཡིན་པར་རུང་བ་མར་དང་འབྲུ་མར་དུས་སུ་ཡང་བཟར་རུང་སྟེ། རང་འགྲེལ་ལས། ནད་པ་ཉིད་ཀྱི་སོགས་ཞེས་གསུངས་ཏེ། ནད་པ་དང་འདྲ་བའི་ཕྱིར་ཞེས་པའི་དོན་ནོ། །དེས་ན་གང་ཟག་བཞི་པོ་དེ་བུ་རམ་བྱིན་གྱིས་བརླབས་པ་དང་མར་དང་འབྲུ་མར་བྱིན་གྱིས་བརླབས་པ་དེ་དུས་མ་ཡིན་པར་བཟར་རུང་བར་མ་ཟད་དུས་སུ་ཡང་བཟར་རུང་ངོ་། །གཉིས་པ་རྒྱས་བཤད་ལ་ལྔ་སྟེ། ཐུན་ཚད་དུ་རུང་བ། ཞག་བདུན་པ། འཚོ་བཅང་གི་སྨན། དུས་རུང་དུས་མ་ཡིན་པ་ལ་བརྟེན་པའི་ཚུལ། འདྲེས་པ་ལ་ཆོ་ག་སྔ་མས་འཇུག་པའོ། །དུས་རུང་མ་སྨོས་པར་ཕྱི་མ་གསུམ་སྨོས་པ་ནི་ལོངས་སྤྱོད་པའི་དུས་ཀྱི་ཁྱད་པར་མི་འདྲ་བ་ཡོད་པས་སོ། །དང་པོ་ཐུན་ཚོད་རུང་བའི་སྨན་ནི་ངོ་བོ་བཏུང་བ་དགོས། དེ་ཡང་ཤིན་ཏུ་སླ་བའོ། །རྒྱུ་དུས་རུང་ལས་སྦྱར་བའི་བཏུང་བ་དེའི་སྦྱར་བཙགས་སུས་བྱེད་ཅེ་ན། བཏུང་བ་དེའི་རྫས་སམ་རྒྱུ་བཏུང་བ་དེ་ཉིད་མིན་པའི་ཕྱིར། གལ་ཏེ་དུས་སུ་རུང་བ་ཡིན་ན་བསྙེན་པར་མ་རྫོགས་པས་བསྐོལ་བ་ལ་སོགས་པས་སྦྱར་ཞིང་འཚགས་ཀྱིས་ཀྱང་བཙགས་པར་བྱའོ། །བསྙེན་པར་རྫོགས་པས་སྦྱར་བཙགས་བྱེད་མི་རུང་སྟེ། སྦྱར་བཙགས་བྱས་པ་ན་བྱིན་ལེན་འཇིག་པའི་ཕྱིར་ཏེ། བཏུང་བའི་ངོ་བོར་གྱུར་པའི་ཕྱིར་ཏེ། དུས་རུང་དུས་མི་རུང་དུ་སོང་བའི་ཕྱིར། དེའི་ཤུགས་ལ་དུས་མི་རུང་ལས་སྦྱར་བའི་ལྟུང་བའི་སྦྱར་བཙགས་བསྙེན་པར་རྫོགས་པས་བྱེད་དུ་རུང་བར་བསྟན་ནོ། །བསྐོལ་དུ་མི་རུང་སྟེ། དགེ་སློང་གིས་བཙོས་པར་འགྱུར་བའི་ཕྱིར། ལུང་ལས་འབྲས་བུ་བརྒྱུད་ལས་སྦྱར་བའི་བཏུང་བ་ཐུན་ཚོད་དུ་བཏུང་བར་བཤད་པ་དེ་ངེས་གཟུང་ཡིན་ནམ་མཚོན་དོན་ཡིན་ཞེ་ན། མཚོན་དོན་ཡིན་ནོ་ཞེས་སྟོན་པ་ནི་ཐུན་ཚོད་དུ་རུང་བའི་བཏུང་བ་དེ་དག་ཏུ་འབྲས་བུ་བརྒྱུད་ལ་སྦྱར་བའི་བཏུང་བ་ལས། གཞན་བལ་པོ་སེའུ་ལ་སོགས་པ་སྟེ་དུས་རུང་གི་ཙ་བ་སྡོང་བུ་འདབ་མ་ལ་སོགས་པ་ལས་སྦྱར་བའི་བཏུང་བ་དེ་ཡང་ཐུན་ཚོད་དུ་རུང་བའི་རྫས་ཡིན་ནོ། །འདིས་ནི་བལ་པོ་སེའུ་སོགས་དུས་རུང་ཡིན་པར་གྲུབ་བོ། །ལུང་ལས་དགེ་སློང་དག་གིས་བུ་རམ་ཟོས་པ་དང་། དེ་དག་ལ་སྐོམ་པའི་གནོད་པ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་ཆུར་བྱས་སྟེ་བཏུང་བར་བྱའོ་ཞེས་གསུངས་ཏེ། དེས་མཚོན་ནས་ཇི་སྲིད་འཚོ་བཅང་ལས་སྦྱར་བའི་བཏུང་བ་ཤིན་ཏུ་སླ་བ་ཡང་བསྙེན་པར་རྫོགས་པས་བཏུང་དུ་རུང་བར་གྲུབ་བོ། །དེ་རྣམས་ཀྱིས་ལོངས་སྤྱོད་ཀྱི་མཐའ་གང་ཞེ་ན། བཏུང་བ་དེའི་རྒྱུ་དུས་རུང་ལས་སྦྱར་བ་ཡིན་ན་ཐུན་ཚོད་གྱི་མཐའ་སྟེ་ལོངས་སྤྱོད་གྱི་མཐའ་ཡིན་ནོ། །ཐུན་ཚོད་ཀྱི་མཐའ་དེ་གང་ཞེ་ན། ཁ་ཅིག་མཚན་མོའི་ཐུན་དང་པོའི་སྐད་ཅིག་མ་དང་པོ་ལ་བྱེད་པ་དང་ལ་ལ་མཚན་ཐུན་དང་པོ་ལ་བྱེད་པ་དང་། གཞན་དག་མཚན་ཐུན་ཐ་མ་ལ་འདོད་པ་དང་། སྲོད་ཐུན་ཐ་མ་ལ་འདོད་པ་སོགས་དུ་མ་སྣང་ཡང་ལུང་རིགས་དང་འགལ་བས་མི་འཐད་དོ། །རང་ལུགས་ནི། སྲོད་ཐུན་དང་པོ་ལ་བྱེད་ལ་དེ་ཡང་འོད་དམར་འཆར་བ་ལ་བྱེད་པ་ཡིན་ཏེ། ཊཱི་ཀར་མཚན་མོའི་ཐུན་ཚོད་ཀྱི་ཆའི་ཚད་ཀྱི་མཐའ་གང་ཡིན་པ་དེ་ཞེས་དང་། འགྲེལ་ཆུང་ལས་ཞག་བདུན་པ་དང་ཚེས་གཅིག་གི་སྔགས་ཀྱིས་བཏང་བ་ལས་སྐོམ་དུ་བྱས་ཏེ་བཏུང་ན་དམར་ཐག་ཆོད་ཀྱི་བར་དུའོ་ཞེས་གསུངས་པའི་ཕྱིར། བཏུང་བ་དེ་རྒྱུ་དུས་རུང་ལས་དུས་མི་རུང་ལས་སྦྱོར་བ་ཡིན་ན་བཏུང་བ་དེའི་རྒྱུ་དེའི་ལོངས་སྤྱོད་ཀྱི་མཐའ་གང་ཡིན་པ་བཏུང་བ་དེའི་ལོངས་སྤྱོད་ཀྱི་མཐའ་ཡིན་ནོ། །དེས་ན་བུ་རམ་ལ་སྦྱར་བའི་བཏུང་བའི་ལོངས་སྤྱོད་ཀྱི་མཐའ་ཞག་བདུན་པ་དང་། ཨ་རུ་ར་ལ་སྦྱར་བའི་ལོངས་སྤྱོད་ཀྱི་མཐའ་ཇི་སྲིད་འཚོའི་བར་ཡིན་ཏེ། བུ་རམ་ཞག་བདུན་པ་ཡིན་པ་གང་ཞིག ཨ་རུ་ར་ཇི་སྲིད་འཚོའི་སྨན་ཡིན་པའི་ཕྱིར། དེས་ན་སྨན་ཕྱི་མ་གསུམ་མི་འགལ་སྟེ། ཐུན་ཚོད་ཀྱི་མཐའ་དང་ལྷན་ཅིག་འགལ་བ་མེད་དོ་ཞེས་གསུངས་པའི་ཕྱིར། གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ་ཞེས་པ་ལ། རྒྱ་གར་བ་ཁ་ཅིག་ན་རེ་བཏུང་བའི་རོ་སླ་བར་མ་གྱུར་ན་གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ་ཞེས་པ་ལྟར་ཡིན་གྱི། རོ་སླར་གྱུར་ན་རོ་སླར་ནམ་གྱུར་གྱི་སྐད་ཅིག་དང་པོ་ཚུན་ཆད་ལྟུང་བ་དེའི་ལོངས་སྤྱོད་ཀྱི་མཐའ་ཡིན་ཞེས་ཟེར་རོ། །དེ་འགོག་པ་ནི། ཞག་ལྔ་ན་རོ་སླ་བར་གྱུར་པའི་བུར་ཁུ་དེའི་ལོངས་སྤྱོད་ཀྱི་མཐའ་དེ་ཞག་ལྔ་པ་ཡིན་པ་དེ་ནི་འཐད་པ་མ་ཡིན་ཏེ། དེ་ཞག་བདུན་བར་བྱིན་གྱིས་བརླབ་རུང་གི་བཏུང་བ་གང་ཞིག་བཏུང་བ་དེ་ལོངས་སྤྱོད་པའི་དུས་ལས་ལྷག་པ་ལ་བསྟེན་པ་དེ། དེ་གཞིར་བཟུང་ནས་བྱིན་རླབས་བྱས་པ་བྱིན་རླབས་མི་ཆགས་པའི་ཕྱིར་རོ། །བྱིན་གྱིས་བརླབས་པ་ནི་ལོངས་སྤྱོད་རུང་སྤྱོད་མི་རུང་དུ་མི་འགྱུར་བའི་ཕྱིར་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར། གལ་ཏེ་ཞག་ལྔ་པར་བྱིན་གྱིས་རློབ་བོ་སྙམ་ན། མངོན་ཤེས་མེད་པའི་དགེ་སློང་རྣམས་ཀྱིས་བུར་ཁུ་དེ་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པར་འགྱུར་ཏེ། མངོན་ཤེས་མེད་པའི་དགེ་སློང་ཕལ་པ་རྣམས་ཀྱིས་བུར་ཁུ་དེ་ཇི་ཙམ་ན་རོ་སླ་བར་འགྱུར་བ་དེ་བགྲོད་ཅིང་ཁོང་དུ་ཚུད་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་སོ། །ལྷག་མ་རྣམས་ནི་གཞུང་དོན་ལས་ཤེས་པར་བྱའོ།།  ༈  །།གསུམ་པ་བྱ་བའི་ཐབས་ལས་ཀྱི་གཞི་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བར་ཆད་འདྲི་བའི་གསོལ་བ་འབའ་ཞིག་པ་དང་། བསྙེན་རྫོགས་སུ་བསྒྲུབ་པའི་གསོལ་བཞིའི་ལས་སོགས་དུ་མ་བཤད་ན། ལས་དེ་རྣམས་རྒྱུ་གང་ལ་བརྟེན་ནས་འགྲུབ་ཅེ་ན་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་སོགས་གསུངས་ཏེ། རྒྱུ་ཆོ་ག་ལས་འདས་ཤིང་མ་ཚང་ན་འབྲས་བུ་ལས་གཏན་མི་འཆགས་པའམ། ཉེས་མེད་ཕུན་ཚོགས་མི་འཆགས་སོ། །འོ་ན་ཆོ་ག་ནི་གང་། ལས་ནི་གང་ཞེ་ན། ད་ལྟར་གྱི་ཆོ་གའི་སྐབས་འདིར་ལས་རང་རང་གི་སྐབས་སུ་དགེ་འདུན་གྲངས་ཚང་བ་དང་། ལས་ལྷག་ཆད་ནོར་གསུམ་མེད་པར་གསལ་བར་བརྗོད་པ་དང་། ལས་བྱེད་པ་པོ་བསྙེན་པར་རྫོགས་པ་ཚུལ་ཁྲིམས་རྣམ་དག་དང་ལྡན་པ་ནི་ཆོ་ག་ཉིད་དོ། །ལས་དང་བརྗོད་པ་གང་ཞེ་ན། གསོལ་བ་འབའ་ཞིག་པ་དང་། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གསོལ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་གསོལ་བ་སྟེ་གསོལ་བ་གསུམ་དང་། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བརྗོད་པ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བརྗོད་པ་སྟེ་བརྗོད་པ་གཉིས་དང་། སོ་སོར་ཐར་པའི་མདོ་འདོན་པ་ལྔ་དང་། དགེ་འདུན་ལ་དགག་དབྱེ་ལན་གསུམ་དུ་གོ་བའི་སྔགས་རྣམས་ནི་ལས་ཏེ། དང་པོ་གཉིས་ལས་མཚན་ཉིད་པ་ཡིན་ལ། ཕྱི་མ་གཉིས་ལས་བཏགས་པ་བ་ཡིན་ནོ། །ལས་དང་བརྗོད་པའི་ཁྱད་པར་གང་ཞེ་ན། གསོལ་བ་ལ་སོགས་པ་ངག་ཏུ་བརྗོད་པའི་སྒྲ་རང་མཚན་པ་ནི་བརྗོད་པ་ཡིན་ལ། བརྗོད་པ་དེ་ལ་བསྟན་ནས་ཡིད་ཀྱི་བློ་ལ་མིང་ཚིག་ཡི་གེར་སྣང་བའི་སྒྲ་སྤྱི་ནི་ལས་སོ། །ལས་ཐོས་པར་བྱ་བ་མ་ཡིན་པ་དགེ་ཚུལ་ལ་སོགས་པས་ཐོས་པས་ནི་ལས་དེ་མི་འཆགས་པར་མི་འགྱུར་རོ། །དགེ་འདུན་གྱིས་མི་ཆགས་པའི་ལས་མི་བྱ་སྟེ། ལྟུང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ་མི་འཆག་པ་སོ་སོར་ཕྱེ་སྟེ་བཤད་པ། བྱེད་པ་པོ་དགེ་འདུན་གྱི་རྣམ་གཞག དེས་བྱ་བའི་ལས་ཀྱི་དབྱེ་བའོ། །དང་པོ་ནི། མི་འཆགས་པས་མི་བྱ་བ་གང་ཞེ་ན། ཆོས་མ་ཡིན་པ་སྟེ། སྦྱིན་ལས་ལ་གསོལ་བ་མ་བཏབ་པ། བསྐོ་ལས་ལ་སྤྲོ་བ་མ་དྲིས་པ། ཆད་ལས་ལ་གླེང་དྲན་མ་བྱས་པ་སོགས་ཆོ་ག་མ་ཚང་བ་ལ་ལས་མི་བྱའོ། །ཆོ་ག་ཚང་ཡང་བྱེད་པ་པོ་དགེ་འདུན་མི་མཐུན་པ་གཉིས་དང་ལྡན་པས་ལས་མི་བྱའོ། །ཡུལ་གང་ལ་བྱ་ཞེ་ན། ཚོགས་ཀྱི་མི་བྱའོ་ཞེས་གསུངས་ཏེ། ཡུལ་བཞིར་མ་ལོངས་པ་ལ་བྱ་བ་ཡིན་གྱི། ཚོགས་ལོངས་ཀྱི་ཡུལ་ལ་ལས་མི་བྱ་སྟེ། མི་འཆགས་པའི་ཕྱིར། འོན་ཀྱང་རྣམ་གཞག་གི་ལས་ལ་ནི་ཆགས་པ་ཡོད་དོ་ཞེས་གསུངས་མོད་དཔྱད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། དགེ་འདུན་གྱི་གྲངས་དང་། ཁ་སྐོང་གི་རྣམ་གཞག་གོ །དང་པོ་ནི། དགེ་འདུན་དུ་མ་གྱུར་པ་དག་གིས་མི་བྱའོ་ཞེས་བཤད་ན། ཇི་ཙམ་གྱིས་དགེ་འདུན་དུ་ལོངས་པ་ཡིན་ཞེ་ན། དགེ་སློང་དང་དགེ་སློང་མ་རྣམས་ཀྱི་དབྱུང་བའི་ལས་ལ་ནི་དགེ་སློང་ཉི་ཤུ་ལ་སོགས་པ་ཡན་ཆད་དགེ་སློང་གི་དགེ་འདུན་ཉིད་དོ། །ཡུལ་དབུས་སུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་ནི་དགེ་སློང་བཅུ་ལ་སོགས་པ་ཡན་ཆད་དགེ་སློང་གི་དགེ་འདུན་ཉིད་དོ། །ཐམས་ཅད་དུ་བཅུ་ངེས་པར་དགོས་སམ་ཞེ་ན། ཡུལ་མཐའ་འཁོབ་དག་ཏུ་དགེ་སློང་བཅུ་བསག་ཏུ་མེད་ན་འདུལ་བ་འཛིན་པ་སྟེ། ལས་བྱེད་པ་པོ་དང་བཅས་པའི་ལྔ་ལ་སོགས་པ་ཡན་ཆད་དོ། །དབྱུང་བ་དང་བསྙེན་པར་རྫོགས་པའི་ལྷག་མར་གྱུར་པའི་དགེ་སློང་གི་ལས་རྣམས་ལ་དགེ་སློང་བཞི་ལ་སོགས་པ་ཡན་ཆད་དགེ་སློང་གི་དགེ་འདུན་ནོ། །སྤྱིར་དགེ་འདུན་གྲངས་ཚང་བ་ལ་བཅུ་གཅིག་ཡོད་དེ། དགེ་སློང་མའི་དབྱུང་བའི་ལས་ལ་དགེ་སློང་ཕ་ཉི་ཤུ། མ་ཉི་ཤུ་སྟེ་བཞི་བཅུ། ཡུལ་དབུས་སུ་བུད་མེད་བསྙེན་པར་རྫོགས་པ་ལ་ཕ་བཅུ། མ་བཅུ་གཉིས་ཏེ་ཉེར་གཉིས། ཕའི་དབྱུང་བའི་ལས་ལ་དགེ་སློང་ཉི་ཤུ། ཡུལ་དབུས་སུ་སྔོན་རོལ་གྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་པོའི་གནང་བ་བྱིན་པའི་ལས་ལ་དགེ་སློང་མ་བཅུ་གཉིས། མཐའ་འཁོབ་ཏུ་བུད་མེད་བསྙེན་པར་རྫོགས་པ་ལ་ཕ་ལྔ་དང་། མ་དྲུག་སྟེ་བཅུ་གཅིག ཡུལ་དབུས་སུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་དགེ་སློང་བཅུ། དགེ་འདུན་གྱི་དབྱེན་ལ་རང་ཕྱོགས་བཞི། གཞན་ཕྱོགས་བཞི། འབྱེད་པ་པོ་རང་དང་བཅས་པའི་དགུ། མའི་དགག་དབྱེ་དང་། མའི་མགུ་བ་སྤྱོད་པའི་ལས་ལ་ཕ་མ་བཞི་བཞི་སྟེ་བརྒྱད། མཐའ་འཁོབ་ཏུ་སྔོན་རོལ་གྱི་སྡོམ་པ་གཉིས་སྦྱིན་པ་ལ་མ་དྲུག ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་བཤགས་པའི་ཡུལ་ལ་ཕ་དྲུག་སྟེ། འདི་གཉིས་སྡེ་ཚན་གཅིག་ཏུ་བྱའོ། །མཐའ་འཁོབ་ཏུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་ཕ་ལྔ། དབྱུང་བ་དང་བསྙེན་རྫོགས་ཀྱི་ལྷག་མའི་ལས་ལ་ཕ་བཞི་གྲངས་ཚང་རྣམས་སུ་ཡོད་པས་སོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། འཁྲུལ་བཅས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གོང་དུ་དགེ་འདུན་གྲངས་ཚང་བ་ཞེས་བཤད་ན། དེ་ལ་དགེ་སློང་ཇི་ལྟ་བུ་ཚང་དགོས་ཞེ་ན། མི་འདུག་པར་འགྲེང་བ་ནི་ལས་དེའི་ཁ་སྐོང་དུ་འོས་པ་མ་ཡིན་ཏེ། དགེ་འདུན་དང་སྤྱོད་ལམ་མི་མཐུན་པའི་ཕྱིར། དེར་མ་ཟད་གང་ཟག་གང་ལ་སྦྱིན་ལས། ཆད་ལས། བསྐོ་ལས་བྱ་བའི་ཡུལ་དེ་ཡང་ལས་དེའི་ཁ་སྐོང་དུ་འོས་པ་མ་ཡིན་ནོ། །དེའི་དམིགས་བསལ་ནི། གསོ་སྦྱོང་སོགས་རྣམ་གཞག་གི་ལས་ལ་ནི་རུང་ངོ་། །འདུན་པ་དང་ཡོངས་དག་ཕུལ་བས་དགེ་འདུན་དང་མཐུན་པ་འགྲུབ་པས་དེ་ལས་དེའི་ཁ་སྐོང་དུ་རུང་ངམ་སྙམ་ན། ལས་དེའི་ཕྱིར་དུ་འདུན་པ་དང་ཡོངས་སུ་དག་པ་ཕུལ་བའི་ཆོ་ག་ལས་དགེ་སློང་དེ་ལས་དེ་ལ་དངོས་སུ་མ་འདུས་པར་ལས་ཀྱི་ཁ་སྐོང་དུ་འོས་པ་མ་ཡིན་པ་ཉིད་དོ། །ནད་པ་དང་ཚངས་སྤྱོད་ལ་བར་དུ་གཅོད་པའི་རྐྱེན་དང་ལྡན་པ་ལས་གཞན་གྱིས་འདུན་པ་དང་ཡོངས་དག་དེ་གཉིས་འབུལ་བར་བྱ་བ་ཉིད་མ་ཡིན་ཏེ། ངེས་པར་ལས་ལ་འཇུག་དགོས་པའི་ཕྱིར། ལྷག་མ་ནི་བཞི་ལ་སོགས་པའོ་ཞེས་བཤད་ན་དགེ་སློང་བཞིས་དགག་དབྱེ་བྱར་རུང་ངམ་སྙམ་ན། གནས་དེ་ན་དགེ་སློང་བཞི་ལས་མེད་ན་གསུམ་གྱིས་གཅིག་དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོ་སྟེ། དགག་དབྱེ་གོ་བར་བྱ་བའི་ཡུལ་དེ་ལ་དགེ་འདུན་ཚང་དགོས་པའི་ཕྱིར། དེར་མ་ཟད་དགེ་ཚུལ་ལ་སོགས་པ་བསྙེན་པར་མ་རྫོགས་པ་དང་། ཕམ་པས་ཉམས་པ་དང་། མཚམས་མེད་བྱས་པ་དང་། མདོ་སྡེ་ཚངས་པའི་དྲྭ་བ་ནས་གསུངས་པའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ལས་གང་ཡང་རུང་བ་ཀུན་ཏུ་སྤྱོད་པའི་སྡིག་པའི་ལྟ་བ་ཅན་དང་། ས་གཞན་ན་གནས་པ་ཉི་ཤུ་རྩ་ལྔ་དང་། ཆོས་མ་ཡིན་པའི་ཕྱོགས་ལས་ཐ་དད་དུ་གནས་པ་ཆོས་ཕྱོགས་པ་རྣམས་ཀྱང་ཁ་སྐོང་བ་ཉིད་མ་ཡིན་ནོ། །དེ་ཡང་སྡིག་པའི་ལྟ་བ་ཅན་ནི་ཆོས་ཕྱོགས་པའི་ལས་ཀྱི་ཁ་སྐོང་དུ་མི་འོས་པ་ཡིན་གྱི། ཆོས་མ་ཡིན་པའི་ཕྱོགས་ཀྱི་ལས་ཀྱི་ཁ་སྐོང་དུ་རུང་ལ། ཆོས་ཕྱོགས་པ་ནི་ཆོས་མིན་པའི་ལས་ཀྱི་ཁ་སྐོང་དུ་མི་རུང་བ་ཡིན་གྱི། ཆོས་ཕྱོགས་པའི་ལས་ཀྱི་ཁ་སྐོང་དུ་རུང་ངོ་། །ཤ་མཚོ་་་་་་ཁ་ཅིག་ཐ་དད་པ་ཆོས་ཕྱོགས་པ་ལ་བྱེད་པ་མི་རིགས་ཏེ། ཆོས་མིན་པའི་ལས་ཀྱི་ཁ་སྐོང་དཔྱོད་པའི་སྐབས་མིན་པའི་ཕྱིར། ཞེས་སྒྲུབ་བྱེད་དང་བཅས་ཏེ་གསུངས་པ་མི་འཐད་དེ། རང་ཊཱིཀ་ལས་དེ་ལས་ཐ་དད་པ་ཆོས་ཕྱོགས་པ་ལ་གཟུང་ཞེས་བཤད་པའི་ཕྱིར། གཉིས་པ་ནི། བསླབ་པ་འཁྲུལ་པ་དང་བཅས་པས་ཀྱང་ལས་ཀྱི་ཁ་སྐོང་བ་མ་ཡིན་ནོ། །འོ་ན་གང་གིས་འཁྲུལ་བཅས་སུ་འགྱུར་ཞེ་ན། བསྡམ་བྱའི་ཉེས་བྱས་ཀྱིས་ཀྱང་འཁྲུལ་པ་དང་བཅས་པ་ཡིན་གྱི། བཤགས་བྱའི་ལྟུང་བ་འབའ་ཞིག་གིས་འཁྲུལ་པ་དང་བཅས་པ་ཡིན་པར་མ་ཟད་དོ། །འདི་ལ་རྒྱ་གར་བ་ཁ་ཅིག་ཕམ་པ་གང་ཡང་རུང་བ་བྱུང་བས་བསླབ་པ་འཁྲུལ་བཅས་ཡིན་པས་ཁ་སྐོང་བར་འོས་པ་ཉིད་མ་ཡིན་གྱི། ལྟུང་བ་གཞན་བྱུང་བས་ཁ་སྐོང་དུ་མི་འོས་པ་མ་ཡིན་ནོ། །དེ་ཡང་ལུང་ལས་བཙུན་པ་ཇི་ཙམ་གྱིས་དགེ་སློང་མཚན་ཉིད་གཙང་བར་གྱུར་པ་ལགས། བཀའ་སྩལ་པ་ཉེ་བར་འཁོར་ཕམ་པར་འགྱུར་བ་བཞི་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་པའི་ཕྱིར། ལྟུང་བ་གཞན་བྱུང་བས་འཁྲུལ་བཅས་སུ་འགྱུར་ན། ད་ལྟར་གྱི་གནས་སྐབས་སུ་སོ་སོར་ཐར་པའི་སྡོམ་པ་དྲུང་ཕྱུང་བ་ཡིན་པར་ཐལ། བསྡམ་བྱའི་ཉེས་བྱས་ཙམ་གྱིས་ཀྱང་བསླབ་པ་འཁྲུལ་བཅས་སུ་འགྱུར་ཞིང་། འཁྲུལ་བཅས་ཡིན་ན་ལས་ཀྱི་ཁ་སྐོང་དུ་མི་རུང་བས་ཁྱབ་པ་གང་ཞིག བསྡམ་བྱའི་ཉེས་བྱས་ཙམ་གྱིས་མ་གོས་པའི་དགེ་སློང་ཤ་སྟག་གི་ཁ་སྐོང་ཚང་བ་ད་ལྟ་མི་སྲིད་པའི་ཕྱིར། རྟགས་དང་པོ་ཁས་བླངས་སོ་ཞེ་ན། བསླབ་པ་འཁྲུལ་བཅས་སུ་འགྱུར་བ་ལ་ཕམ་པ་བྱུང་མི་དགོས་ཏེ། ལུང་སིལ་བུ་ལས་ཇི་ཙམ་གྱིས་རང་བཞིན་དུ་གནས་པ་མ་ལགས་པར་འགྱུར། བཀའ་སྩལ་པ་ཉེ་བར་འཁོར་ཇི་ཙམ་གྱིས་ལྷག་པར་བྱ་བ་མ་ཡིན་པ་ལྷག་པར་སྤྱོད་ཅིང་དགེ་སློང་གི་བསླབ་པ་ལ་མི་སློབ་པ་སྟེ། ཉེ་བར་འཁོར་དེ་ཙམ་གྱིས་རང་བཞིན་དུ་གནས་པ་མ་ཡིན་པར་འགྱུར་ཞེས་དང་། དགག་དབྱེའི་གཞི་ཞུ་བ་ལས་གལ་ཏེ་བསྡམ་པར་བྱ་བ་ཤེས་ན་བསྡམ་པར་བྱས་ལ་དགག་དབྱེ་བྱ། གལ་ཏེ་བཤགས་པར་བྱ་བར་ཤེས་ན་བཤགས་ཏེ་དགག་དབྱེ་བྱའོ་ཞེས་གསུངས་པའི་ཕྱིར། ལྟུང་བ་གཞན་བྱུང་བས་བསླབ་པ་འཁྲུལ་བཅས་སུ་འགྱུར་ཏེ། ངོ་ཚ་མེད་པ་ལས་ཐ་དད་དུ་རང་བཞིན་དུ་གནས་པ་མ་ཡིན་པའི་དགེ་སློང་དེས་འདུན་པ་ཕྱིར་བཟློག་གི་མི་མཐུན་པ་མི་འཆགས་པར་གསུངས་པ་ནི། ལས་ཀྱི་ཁ་སྐོང་དུ་མི་འོས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། ལུང་ལས་བཙུན་པ་གང་དག་གིས་སླར་བཟློག་པ་མི་འཆགས། ཉེ་བར་འཁོར་བཅུ་གཉིས་ཀྱིས་ཏེ། བྱིས་པ་དང་། རྨོངས་པ་དང་། ཞེས་པ་ནས། རང་བཞིན་དུ་གནས་པ་མ་ཡིན་པ་དང་། བསླབ་པ་བྱིན་པའོ་ཞེས་གསུངས་པའི་ཕྱིར། དེས་ན་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་གསུངས་པའི་ལྟུང་བ་ཐམས་ཅད་ཀྱིས་ཡོངས་སུ་དག་པ་ཡིན་གྱི། ཕམ་པ་ཉི་ཚེས་དག་པ་ནི་མ་ཡིན་ནོ། །འཁྲུལ་བཅས་སུ་འགྱུར་བའི་ལྟུང་བ་ཕྱིར་བཅོས་བྱས་ནས་ལས་ལ་འཇུག་དགོས་སམ་ཞེ་ན། ལྟུང་བ་བྱིན་གྱིས་བརླབས་པས་ལས་ལ་སྒྲིབ་པའི་ཆ་དེ་དག་པ་ཉིད་དུ་འགྱུར་རོ། །ལྟུང་བ་ཐམས་ཅད་བྱིན་གྱིས་བརླབས་པས་འདག་གམ་ཞེ་ན། ཉི་མ་དེ་ཉིད་ལ་ཕྱིར་བཅོས་ནུས་པ་ཉིད་ཡིན་ན་དག་པར་མི་འགྱུར་རོ། །ནུས་པ་དེ་གང་ཞེ་ན། ལས་བྱེད་པའི་ཉི་མ་དེའི་ཚེ་བཤགས་པ་དེ་ལེན་པ་སྟེ་བཤགས་ཡུལ་ཡོད་ན་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དང་། སོ་སོར་བཤགས་པར་བྱ་བ་དང་། འཕྲལ་ལ་བཤགས་པ་ཙམ་གྱིས་འདག་པའི་ཉེས་པ་རྣམས་ཉི་མ་དེ་ཉིད་ལ་ཕྱིར་བཅོས་བྱས་པས་འདག་པའི་ལྟུང་བ་ཡིན་ཏེ། བཤགས་ཡུལ་ཁྱད་པར་ཅན་ཡོད་ཅིང་དེའི་དྲུང་དུ་མིང་རིགས་ཀྱི་སྒོ་ནས་བཤགས་པ་བྱས་པས་འདག་པའི་ལྟུང་བའི་རིགས་སུ་གནས་པ་ཡིན་པའི་ཕྱིར། ཞིབ་ཏུ་གཞུང་གི་སྟེང་དུ་རྟོགས་པར་བྱའོ། །གསུམ་པ་ནི། བཟློག་པའི་ཕྱིར་བསྒོ་བ་དང་། ཞེས་པའི་སྐབས་སུ། གསོལ་བཞིའི་ལས་སུམ་ཅུ་གསུངས་ལ། སྤྱིར་ལས་བརྒྱ་རྩ་གཅིག་ཏུ་གསུངས་ཏེ། གཏམ་གྱི་གཞི་ལས་བཙུན་པ་ལས་དུ་དག་ཏུ་མཆིས། ཉེ་བར་འཁོར་བརྒྱ་རྩ་གཅིག་གོ །བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བར་འཁོར་གསུམ་གྱིས་ཏེ། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་ཀྱིས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་པོ་གང་དག་ལགས་པ་དེ་དག་ལ་གསོལ་བའི་ལས་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་ནི་དུ། གསོལ་བ་དང་བཞིའི་ལས་དག་ནི་དུ་མཆིས། བཀའ་སྩལ་པ་ཉེ་བར་འཁོར། གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ་ཞེས་གསུང་ལ། རྒྱ་ཆེར་འགྲེལ་དུ་དེ་དག་སྡོམ་གྱི་ཚིགས་སུ་བཅད་པས་གསུངས་པ་ནི། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་དེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླང་ཉིད་དང་ནི། །འཆི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དག་དང་། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང་། །ལྷུང་བཟེད་ཁ་དབུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གསུམ་པོ་དག །མི་འབྲལ་སྨྱོས་དང་དགག་དབྱེ་དང་། །གནས་མལ་སྟོབ་པར་བྱེད་པ་དང་། །རུང་བའི་ས་གཞི་བརྐོ་བ་དང་། །སྲ་བརྐྱང་དང་ནི་དེ་འདིང་དང་། །སྤོང་དང་ལག་གི་གླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམས་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམས་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །འཁར་བ་དྲྭ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་འགྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང་། །བརྒྱད་དང་དྲན་དང་མ་མྱོས་དང་། །དེ་ཉིད་འཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་བྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་གསུང་སྟེ། འདི་དག་གི་ནང་གསེས་ཀྱི་དབྱེ་དུ་དང་མཚན་ཉིད་ནི་འགྲེལ་པ་ལས་ཤེས་པར་བྱའོ།།  ༈  །།བཞི་པ་གསོ་བ་ཕྱིར་བཅོས་ཀྱི་གཞི་ལ་གཉིས་ཏེ། ལྟུང་བ་ཕྱིར་བཅོས་དང་། རྩོད་པ་ཕྱིར་བཅོས་གཉིས། དང་པོ་ནི། ཕྱིར་བཅོས་ཀྱི་གཞི། དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི། ས་གཞན་ལ་གནས་པ་སྤྱོད་པའི་གཞི། ཡོངས་སུ་སྦྱོང་བའི་གཞི་སྟེ་བཞིས་འཆད་ལ། འདི་ལ་ཡང་རང་ཉིད་མི་སྤྲོ་བ་ནན་ཏུར་གྱིས་ཕྱིར་བཅོས་པ་དང་། རང་ཉིད་སྤྲོ་བ་མཐོལ་བཤགས་ཀྱིས་ཕྱིར་བཅོས་པ་གཉིས། དང་པོ་ལ་སྤྱིའི་རྣམ་གཞག་དང་། སོ་སོའི་དོན་ཞིབ་ཏུ་བཤད་པ་གཉིས་ལས། དང་པོ་ལ། བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པ་དང་། ལྟུང་བ་ཕྱིར་བཅོས་སུ་གཞུག་པ་གཉིས། དང་པོ་ལ། ཚུལ་ཁྲིམས་དང་འགལ་བའི་སྒོ་ནས་ཁྱིམ་པ་སུན་འབྱིན་པར་བྱེད་པ་ལ་བསྐྲད་པ་ནན་ཏུར། དགེ་འདུན་ལ་འཐབ་ཀྲོལ་རྒྱུན་མ་ཆད་པར་བྱེད་པ་ལ་བསྡིག་པ་ནན་ཏུར། དགེ་འདུན་ལྷག་མའི་ལྟུང་བ་རིགས་འདྲ་བཞི་བཏུད་དེ་བྱེད་པ་ལ་སྨད་པ་ནན་ཏུར། ཁྱིམ་པ་ལ་བརྙས་འཐབ་བྱེད་པ་ལ་ཕྱིར་འགྱེད་ནན་ཏུར་དང་བཞི་སྟེ། དེ་རྣམས་སྡེ་སྣོད་འཛིན་པ་ལ་སོགས་པའི་དམིགས་བསལ་ཅན་མ་གཏོགས་པ་ལ་དགེ་འདུན་གྱིས་ལྟུང་བ་གླེང་བའི་གང་ཟག་བསྐོ་ཞིང་། དེས་ལྟུང་བ་གླེང་བ་ན་སྐབས་མི་འབྱེད་དམ། ཕྱེ་ནས་མི་མཉན་ནམ། ཚོགས་སུ་འདུ་བ་མི་སྟེར་རམ། ལྟུང་བ་མ་མཐོང་ངོ་ཞེས་ཟེར་རམ། ཁས་བླངས་ནས་ཕྱིར་མི་འཆོས་པ་གང་ཡིན་ཡང་རུང་སྟེ། བཞམ་བསྒོ་སྔོན་དུ་འགྲོ་བས་གསོལ་བཞིའི་ལས་ཀྱིས་གཞི་གང་ཡིན་གྱི་ནན་ཏུར་བྱ་སྟེ། གཞན་གྱིས་དགོས་པ་མི་འགྲུབ་པའི་ཕྱིར། དེ་ལ་བསྐྲད་པ་ནན་ཏུར་ནི། སུན་འབྱིན་པའི་གནས་དེ་གནས་སུ་མི་གཞུག་གོ །བསྡིག་པ་ནན་ཏུར་ནི་འཐབ་ཀྲོལ་རྒྱུན་མི་གཅོད་ན་གནས་ནས་འབྱིན་ནོ་ཞེས་བསྡིག་པའོ། །སྨད་པ་ནན་ཏུར་ནི། ཉེས་པ་དེ་ལས་སླར་མ་ལོག་བར་དུ་གཞན་ལ་གནས་འཆའ་ཞིང་འདུག་ཅིག་ཅེས་པའོ། །ཕྱིར་འགྱེད་ནན་ཏུར་ནི། ཁྱོད་ཁྱིམ་པ་ལ་བཟོད་པ་མི་གསོལ་ན། ངེད་ཀྱང་ཁྱོད་ལས་ཕྱིར་འགྱེད་པར་བྱའོ་ཞེས་པའོ། །དེ་དག་ནན་ཏུར་བྱས་པས་བཟོད་པར་གསོལ་ན། གསོལ་བཞིའི་ལས་ཀྱིས་བཟོད་པ་བླང་ངོ་། །དེ་དག་ཕྱིར་མི་འཆོས་ཤིང་བཟོད་པ་གསོལ་དུ་མ་འདོད་ན་གནས་དབྱུང་བྱ་སྟེ། འཐབ་ཀྲོལ་ལ་འབད་པ་མ་ལོག་ན་གནས་ནས་དབྱུང་བར་གསུངས་པ་དེ་གཞན་ལ་ཡང་རིགས་པ་མཚུངས་པའི་ཕྱིར། གཉིས་པ་ནི། གང་ཟག་དམན་པ་ལྟུང་བ་བྱས་ནས། རང་ཉིད་ཕྱིར་མི་འཆོས་པ་ལ་གང་ཟག་གཞན་གྱིས་ཕྱིར་འཆོས་སུ་གཞུག་པའི་ཕྱིར་དུ། གླེང་བྱེད་མཚན་ཉིད་དང་ལྡན་པས། བརྟག་རྣམ་པར་བརྟགས། དཔྱད་རྣམ་པར་དཔྱད་ནས་དང་པོར་སྐབས་འབྱེད་དུ་གཞུག སྐབས་མི་འབྱེད་ན། ཁྱེད་ལ་བརྗོད་རྒྱུ་ཞིག་ཡོད་པས། གཞན་དུ་མ་འགྲོ་ཞིག་ཅེས་བརྗོད་བཅས་བྱ། བྱས་ཀྱང་སྐབས་འབྱེད་དུ་མ་འདོད་ན། དེ་ལ་གདམས་ངག་མི་སྦྱིན། གཏམ་མི་བྱ། དེས་ཀྱང་འབྱེད་དུ་མི་འདོད་ན། གསོལ་བཞིའི་ལས་ཀྱིས་གསོ་སྦྱོང་གཞག དེས་ཀྱང་འབྱེད་པར་མ་འདོད་ན་དགག་དབྱེ་གཞག དེས་ཀྱང་འབྱེད་དུ་མ་འདོད་ན་བཀའ་བློ་མི་བདེ་བ་ཡིན་པས་བཟློག་པའི་ཕྱིར་བསྒོ་བའི་ལས་བྱ། དེས་ཀྱང་གཏང་དུ་མ་འདོད་ན་དགེ་འདུན་ལྷག་མར་འགྱུར་རོ། །སྐབས་ཕྱེ་ནས་མཉན་པར་མི་བྱེད་ན། རྟ་དམུ་རྒོད་ཕུར་པས་བཏགས་པ་བཞིན། ཁྱོད་ལ་ལྟུང་བ་འདི་བྱུང་ངོ་ཞེས་ལྟུང་བ་བཀལ་ཏེ་གཏང་བ་ཕུར་བཅས་བྱའོ། །སྐབས་ཕྱེ་ནས་ལྟུང་བ་བྱུང་མ་བྱུང་ལ་མ་འཆམས་ན་དཔང་པོ་ཡོད་ན་དཔང་པོ་ལ་དྲི། དཔང་པོ་བདེན་པ་མཐོང་བའམ། ཡོན་ཏན་ཆེར་མཆོག་ཏུ་གྱུར་པས་གླེང་བྱ་བདེན་པར་བཅད་ན་གླེང་བྱ་ལ་དག་པ་སྦྱིན། ད་དུང་གླེང་ན་གླིང་བྱེད་ལ་ཕྱིར་འགྱེད་ནན་ཏུར་བྱ། གླེང་བྱེད་བདེན་པར་བཅད་ནས་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན། མ་མཐོང་བ་གནས་དབྱུང་བྱ། ལྟུང་བ་དེ་འདྲས་ཐར་པ་ལ་མི་སྒྲིབ་ཟེར་ན། སྡིག་ལྟ་ལས་བཟློག་པའི་ཕྱིར་བསྒོ་བའི་ལས་བྱ། དེས་མ་བཏང་ན་སྡིག་ལྟ་ཅན་གནས་ནས་དབྱུང་བར་བྱ། ལྟུང་བ་ཡོད་པར་ཁས་བླངས་ནས་བཤགས་བྱ་ཡན་ཆད་ཕྱིར་མི་འཆོས་ན་ཕྱིར་མི་འཆོས་པ་གནས་ནས་དབྱུང་བར་བྱ། ཁས་བླངས་ནས་བརྗོད་པས་ཁྱད་དུ་གསོད་ན་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན། ཁས་བླངས་ནས་ཕྱིར་འཆོས་ནས་ལྟུང་བ་གང་ཡིན་པ་དེའི་ཕྱིར་བཅོས་བྱེད་དུ་གཞུག འཐབ་ཀྲོལ་བྱེད་པ་ལ་བསྡིག་པ་ལ་སོགས་པས་བཟློག་ཀྱང་མ་ལོག་ན་གནས་ནས་དབྱུང་། རྩོད་པ་རྣམ་པར་གཏན་ལ་དབབ་པས་མ་ཞི་ན་གནས་ནས་དབྱུང་། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་གནས་ནས་དབྱུང་། དགེ་སློང་མ་དང་འདྲེ་ཞིང་གནས་པ་གནས་ནས་དབྱུང་སྟེ། འདི་བཞི་བྱ་བ་དམན་པ་འཕྲོ་གཅོད་དུ་འཇུག་པའི་ནན་ཏུར་རོ། །དེར་གནས་ནས་ཕྱུང་བ་དེ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་དུ་བྱས་ན་ལས་བྱེ་བ་ཡིན་པས། དེ་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བའི་དགེ་འདུན་གཟུ་བོར་རྣམས་ཀྱིས་ཕྱག་དང་མངོན་ལྡང་སོགས་ཀྱི་གུས་པ་དང་གཏམ་མི་བྱ། དགེ་སློང་མས་མངོན་ལྡང་ཙམ་དང་དགེ་བསྙེན་གྱིས་བསོད་སྙོམས་སྟེར་བ་ཙམ་མ་གཏོགས། ཕྱག་དང་གཏམ་སྨྲ་བ་སོགས་མི་བྱ་བར་ཚར་གཅད་དོ། །གལ་ཏེ་བཟོད་པར་གསོལ་ན། གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བླངས་ཏེ། མཐུན་པ་དང་མཐུན་པའི་གསོ་སྦྱོང་བྱིན་ནས་གསོ་སྦྱོང་ལྷན་ཅིག་བྱས་པས་རང་བཞིན་དུ་གནས་པ་ཐོབ་བོ། །དེ་རྣམས་ལ་བརྟེན་ནས་རྩོད་པར་གྱུར་ན་རྩོད་པ་ཞི་བྱེད་ཀྱིས་ཞི་བར་བྱ་སྟེ། དཔེར་ན་ཆང་འཐུང་བ་ལྟུང་བ་ཡིན་མིན་རྩོད་ན། འགྱེད་ཕྱིར་རྩོད་པ་ཡིན་པས་མངོན་སུམ་དང་གང་མང་གིས་ཞི་བར་བྱའོ། །དེ་ལ་ནན་ཏུར་བྱས་པས་རིགས་མི་རིགས་ལ་རྩོད་པ་བྱུང་ན། མངོན་སུམ་དང་དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བ་སྦྱིན། ཆང་འཐུང་མ་འཐུངས་ལ་བརྟེན་ནས་རྩོད་པ་བྱུང་ན། ལྟུང་ཕྱིར་གྱི་རྩོད་པ་ཞི་བྱེད་ཀྱིས་ཕྱིར་བཅོས་ཏེ། རྒོལ་ཕྱི་རྒོལ་གཉིས་ལས་གཞན་དུ་མ་འཕྲོས་ན་ཁས་བླངས་པས་ཕྱིར་བཅོས། འཕྲོས་ན་བཅས་པའི་ཉི་ཚེ་བ་ལ་མངོན་སུམ་གྱིས་ཕྱིར་བཅོས། དགེ་འདུན་མཐའ་དག་དང་འབྲེལ་ན་རྩྭ་བཀྲམ་པ་ལྟ་བུ་ཕན་ཚུན་གཅིག་གིས་གཅིག་ལ་བཤགས་པའི་ཕྱིར་བཅོས་པ་བྱའོ། །སྡེ་སྣོད་འཛིན་པ་ལ་སོགས་པའི་གང་ཟག་བདུན་ལ་ནན་ཏུར་མི་བྱ་སྟེ། ས་གའི་ལྷས། མདོ་སྡེ་འདུལ་བ་མངོན་པ་རྣམས། །མཁས་ཤིང་གྲགས་དང་ལྡན་པ་དང་། །བསོད་ནམས་ལྡན་པ་ལ་སོགས་ནི། །བསྐྲད་ཅིང་བཀར་བར་འོས་པ་མིན། །གང་ཕྱིར་འདི་དག་མུ་སྟེགས་ཀྱི། །རིག་དྭགས་སྐྲག་བྱེད་སེངྒེའི་བུ། །འདི་དག་ཁྱིམ་པར་གྱུར་ན་ཡང་། །སྟོན་པའི་བློ་ཡིས་རབ་དྭངས་བསྐྱེད། །འདི་དག་རྣམས་ཀྱིས་གཙུག་ལག་ཁང་། །མཛེས་བྱེད་ཁྱུ་མཆོག་སྒྲ་སྒྲོགས་བཞིན། །དེ་བས་འདི་དག་སྨད་ན་ནི། །རང་གི་བསྟན་པ་སྨད་པ་ཡིན། །ཞེས་གསུངས་པ་ནི་བུ་སྟོན་གྱི་ལེགས་བཤད་དོ། །གཉིས་པ་སོ་སོའི་དོན་ཞིབ་ཏུ་བཤད་པ་ལ་དོན་བརྒྱད་དེ། དབྱེ་བ། བསྡུ་བ། མཚན་ཉིད། སྔོན་འགྲོའི་ཆོས། མཇུག་གི་ཆོ་ག ནན་ཏུར་གང་བྱ་བའི་རྒྱུར་འགྲོ་བ། སྒྲ་བཤད་ལ། ནན་ཏུར་བྱ་བའི་ཚུལ་ལོ། །དང་པོ་ལ། ཁ་ཅིག་ནན་ཏུར་ལ་དབྱེ་ན་བཅོ་ལྔ་སྟེ། བསྡིག་པ་ལ་སོགས་པ་བཞི། གནས་དབྱུང་བདུན། ལྷུང་བཟེད་ཁ་དབུབ། དགེ་ཚུལ་བསྙིལ་བ། གསོ་སྦྱོང་གཞག་པ། དགག་དབྱེ་གཞག་པའོ་ཞེས་གསུངས་པ་མི་འཐད་དེ། ལྷུང་བཟེད་ཁ་དབུབ་དང་དགེ་ཚུལ་བསྙིལ་བ་ནི་ནན་ཏུར་དུ་མི་འཐད་པའི་ཕྱིར་ཏེ། ཊཱི་ཀར་འདི་དག་ནི་ཡང་དག་པར་བསྡམ་པར་བྱ་བ་ཙམ་ཡིན་གྱི། གཞན་ལ་བཅོལ་བར་བྱ་བ་ཉིད་མ་ཡིན་པས་མངོན་སུམ་དུ་མ་གྱུར་པར་བྱའོ་ཞེས་སོ། །གཞན་ཡང་དགེ་ཚུལ་བསྙིལ་བའི་ལས་དེ་གནས་དབྱུང་དུ་ཐལ། ཆོས་དང་ཟང་ཟིང་གཉིས་ཀས་སྤང་འོས་ཀྱི་ནན་ཏུར་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དགེ་ཚུལ་བསྙིལ་བའི་གང་ཟག་དེ་བསྟན་པ་ལ་ཞུགས་རྫོགས་ཀྱི་གང་ཟག་ཏུ་ཐལ། གནས་དབྱུང་ནན་ཏུར་བྱས་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་ལྷུང་བཟེད་ཁ་དབུབ་དེ་ནན་ཏུར་མིན་པར་ཐལ། དེ་ཁྱིམ་པ་ལ་བྱེད་དགོས་པ་གང་ཞིག་ཁྱིམ་པ་ལ་ནན་ཏུར་བྱ་བ་བཀག་པའི་ཕྱིར་ཏེ། ཁྱིམ་པ་ལ་མི་བྱའོ་ཞེས་གསུངས་པའི་ཕྱིར། གཉིས་པ་བསྡུ་བ་ལ། ཁ་ཅིག རྟེན་གྱི་སྒོ་ནས་བསྡུ་ན་ཁྱིམ་པ་ལ་བྱ་བ་དང་རབ་བྱུང་ལ་བྱ་བ་གཉིས། ངོ་བོའི་སྒོ་ནས་བསྡུ་ན། བསྐྲད་པ་ནན་ཏུར། རྣམ་དག་ནན་ཏུར། སྨད་པ་ནན་ཏུར་གསུམ། ཆོ་གའི་སྒོ་ནས་བསྡུ་ན་གསོལ་བཞིས་བསྒྲུབ་པ་དང་། གསོལ་བ་འབའ་ཞིག་པས་བསྒྲུབ་པ་གཉིས་ཞེས་གསུངས་སོ། །གསུམ་པ་མཚན་ཉིད་ནི། རང་མི་འདོད་བཞིན་དུ་ལས་ཀྱི་ཆད་པས་བཅད་ལ། མཇུག་ཏུ་བཟོད་པར་གསོལ་དགོས་སུ་འདུག་པའོ། །དེ་ཡང་རང་མི་འདོད་བཞིན་དུ་ཞེས་པས་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པ་བསལ་ཏེ། དེ་འདོད་བཞིན་དུ་བྱ་བའི་ཕྱིར། ལས་ཀྱིས་ཞེས་པས་ནི་གནས་བླ་མས་སློབ་མ་ཆད་པས་གཅོད་པ་བསལ་ཏེ། དེ་ལས་ལ་མ་ལྟོས་པར་ཆད་པས་གཅོད་པའི་ཕྱིར། ཆད་པས་བཅད་པ་ཞེས་པས་དམན་པའི་གནས་སུ་བགྲང་བ་བསལ་ཞེས་གསུངས། མཇུག་བཟོད་པར་གསོལ་དགོས་སུ་འདུག་པ་ཞེས་པ་ནི། ནན་ཏུར་ཕྱིས་བྱས་པའི་སྟོབས་ཀྱིས་སྔར་བྱས་འཇིག་པའི་ནན་ཏུར་དེ་ནན་ཏུར་ཡིན་པར་བསྡུ་བའི་དོན་ནོ་ཞེས་གསུངས་སོ། །བཞི་པ་སྔོན་འགྲོའི་ཆོས་ལ་ཁ་ཅིག་ན་རེ། ཕྱིར་མི་འཆོས་གནས་དབྱུང་ལ་གླེང་དྲན་དང་ཁས་བླངས་པ་སྔོན་དུ་འགྲོ་དགོས་ལ། སྡིག་ལྟ་མི་གཏོང་བ་གནས་དབྱུང་ལ་བཞམས་བསྒོ་དང་། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་ལ་བསྡིག་པ་ནན་ཏུར་དང་། རྣམ་པར་གཏན་ལ་འབབ་པ་ལས་གྱུར་པའི་གནས་དབྱུང་ལ། མངོན་སུམ་བརྒྱད་སྔོན་དུ་འགྲོ་དགོས་པར་གསུངས་པས་དེ་ལས་གཞན་པའི་ནན་ཏུར་ལ་ཡང་སྔོན་འགྲོའི་ཆོས་ཤིག་དགོས་པས་དེ་ལ་བཞམས་བསྒོ་སྔོན་དུ་གཏོང་དགོས་པར་གྲུབ་པ་ཡིན་ཏེ། སྡིག་ལྟ་མི་གཏོང་པ་དང་དགེ་ཚུལ་བསྙིལ་བ་གཉིས་ལ་དེ་སྔོན་དུ་འགྲོ་དགོས་པར་གསུངས་པས་རྒྱུ་མཚན་མཚུངས་པའི་ཕྱིར་དང་། རྩ་བ་ལས་ཀྱང་། གནས་ནས་ཕྱུང་བ་ཡང་དེ་བཞིན་ནོ། །ཞེས་གནས་དབྱུང་སྤྱི་ལ་བཤད་པའི་ཕྱིར་ཞེས་གསུངས། ཤ་་་་་་ཁ་ཅིག་དགེ་སློང་མ་དང་འདྲེ་ཞིང་གནས་པའི་རྒྱུར་གནས་ནས་དབྱུང་བ་ལ་ཡང་སྨད་པ་ནན་ཏུར་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་བྱེད་པ་ལ་སྨད་པ་ནན་ཏུར་བྱེད་རིགས་པ་གང་ཞིག དེ་གཉིས་རྒྱུ་ངོ་བོ་ཆོ་ག་དོད་ཐུབ་པ་ཡིན་པའི་ཕྱིར། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་ལ་ཡང་བསྡིག་པ་ནན་ཏུར་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་གནས་ནས་དབྱུང་བ་ལ་བསྡིག་པ་ནན་ཏུར་སྔོན་དུ་འགྲོ་དགོས་པ་གང་ཞིག དེ་གཉིས་རྒྱུ་ངོ་བོ་ཆོ་ག་དོད་ཐུབ་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །ལྔ་པ་མཇུག་གི་ཆོས་ལ། ཁ་ཅིག་ན་རེ་སྨད་པ་བསྐྲད་པ་ཕྱིར་འགྱེད་ནན་ཏུར་བྱས་ནས་དེའི་མཐའ་ལ་མི་གཏོང་ན་གནས་དབྱུང་བྱ་བ་ཡིན་ཏེ། བསྡིག་པ་ནན་ཏུར་བྱས་ནས་དེའི་མཐའ་ལ་མི་གཏོང་ན་གནས་དབྱུང་བྱ་བ་གང་ཞིག དེ་དག་རྒྱུ་ངོ་བོ་ཆོ་ག་དོད་ཐུབ་ཡིན་པའི་ཕྱིར་ཞེས་གསུངས་མོད། དཔྱད་པར་བྱའོ། །དྲུག་པ་ནན་ཏུར་གང་ལྟུང་བའི་རྒྱུར་འགྲོ་བ་ལ་ཁ་ཅིག་ན་རེ། བསྡིག་པ་སྨད་པ་ཕྱིར་འགྱེད་ནན་ཏུར་བྱས་ནས་དགེ་འདུན་ལ་སྐུར་འདེབས་བྱེད་ན་བཞམས་བསྒོ་ལ་སོགས་པ་ལྔ་བྱས་པ་དེའི་མཐའ་ལ་མི་གཏོང་ན་ལྷག་མར་འགྱུར་ཏེ། བསྐྲད་པ་ནན་ཏུར་བྱས་པའི་དགེ་སློང་གིས་དགེ་འདུན་ལ་སྐུར་འདེབས་བྱེད་པ་ལ་བཞམས་བསྒོ་སོགས་བྱས་ནས་དེའི་མཐའ་ལ་མ་བཏང་བ་ལ་ལྷག་མ་བསྐྱེད་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། འོ་ན་ལྷག་མ་བཅུ་གསུམ་དུ་མ་ངེས་པར་ཐལ། ཞེས་པ་ལ་དངོས་བཅས་དང་རུང་མཐུན་གཉིས་ཀའི་དབང་དུ་བྱས་ན་འདོད་ལ། དངོས་བཅས་ཀྱི་དབང་དུ་བྱས་ན་ཁྱབ་པ་མེད་ཅེས་གསུངས་སོ། །ཁ་ཅིག་གསོ་སྦྱོང་དང་དགག་དབྱེ་གཞག་པའི་གང་ཟག་དགེ་འདུན་ལ་སྐུར་འདེབས་བྱེད་པ་ལ་ཡང་བཞམས་བསྒོ་སོགས་ལྔ་བྱས་པའི་མཐའ་ལ་མི་གཏང་བ་ལ་ལྷག་མར་འགྱུར་ཏེ། དེ་གཞན་དང་རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་པ་ཡང་མི་འཐད་དེ། ཧ་ཅང་ཐལ་བའི་ཕྱིར་དང་གཏན་ཚིགས་ཀྱང་མ་གྲུབ་པའི་ཕྱིར་རོ། །བདུན་པ་སྒྲ་བཤད་པ་ནི། འོག་ཏུ་འཇུག་ཅིང་ལྟུང་བའི་དོན་གྱིས་ན་ནན་ཏུར་ཞེས་བྱའོ། །བརྒྱད་པ་བྱ་བའི་ཚུལ་ལ། དགོས་དོན་བསྡུས་དོན་གཉིས་ལས། དང་པོ་ནི། ཉེས་སྤྱོད་ལ་མ་ཞུགས་པ་རྣམས་མི་འཇུག་པ་དང་། ཞུགས་ཟིན་པ་རྣམས་བཟློག་པ་དང་། ཁྱིམ་པ་རྣམས་མ་དད་པ་སྤོང་བའི་དགོས་པ་ཡང་ཡོད་དོ། །གཉིས་པ་ལ་དྲུག་སྟེ། ཡུལ་གང་ལ། རྟེན་གང་གིས་དུས་ནམ་གྱི་ཚེ། ཆོ་ག་གང་གིས། ནན་ཏུར་བྱས་པའི་བསླབ་བྱ། གྲོལ་རྒྱུའོ། །དང་པོ་ནི། སྡེ་ལྔའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ་ལྟ་བ་དང་སྤྱོད་པ་ཆོས་མིན་པའི་ཕྱོགས་སུ་མ་སོང་བ་ཡིན་པ། གནས་དབྱུང་མ་ཡིན་པ། ཚོགས་ལོངས་མིན་པ། ནད་པ་མིན་པ། འབྱེད་ནུས་པ་མིན་པ། གླེང་དྲན་སྔོན་དུ་སོང་བ་ཡིན་པ། རང་རང་གི་གཞི་ལེགས་པ་དང་ལྡན་པ་སྟེ་ཆོས་དགུ་ལྡན་གཅིག་ལ་བྱའོ། །དཔེར་ན་ཕྱིར་མི་འཆོས་གནས་དབྱུང་བྱེད་པ་ལ། དེ་ལ་ལྟུང་བ་དེ་གླེང་ཞིང་ཁས་བླངས་ནས་ཕྱིར་མི་འཆོས་པར་རང་དགར་འཇོག་པ་ལ་བྱ་བར་གསུངས་པ་ལྟ་བུའོ། །གཉིས་པ་རྟེན་གང་གིས་བྱ་བ་ནི། ནན་ཏུར་བྱེད་དགོས་དང་ལྡན་ཞིང་གྲངས་ཚང་བ། ཁ་སྐོང་བར་འོས་པ་མི་མཐུན་པ་གཉིས་དང་བྲལ་བའི་དགེ་འདུན་གྱིས་སོ། །གསུམ་པ་དུས་ནམ་གྱི་ཚེ་བྱ་བ་ནི། ཕ་རོལ་པོས་སེམས་གཏད་པར་མི་ནུས་པ་དང་། དབྱར་ཁས་བླངས་པའི་དུས་མ་ཡིན་པར་བྱའོ། །བཞི་པ་ཆོ་ག་གང་གིས་བྱ་བ་ལ། སྦྱོར་བ་དང་། དངོས་གཞི། མཇུག་རྣམས་སོ། །དང་པོ་ནི། སྟན་བཏིང་བ་ལ་སོགས་པ་འདུ་བའི་སྐབས་རྗེས་སུ་སྒྲུབ་པའོ། །གཉིས་པ་ནི། གསོལ་བ་དང་བཞིའི་ལས་བྱ་བའོ། །གསུམ་པ་ནི། མཇུག་བསྡུ་བརྗོད་པ་དང་། འདི་ཉིད་དུ་ལྟུང་བ་འདི་ཕྱིར་བཅོས་པར་གྱིས་ཤིག དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ལྔ་པ་ནན་ཏུར་བྱས་པའི་བསླབ་བྱ་ནི། སྡིག་སྨད་བསྐྲད་ཕྱིར་འགྱེད་ནན་ཏུར་བྱས་པའི་གང་ཟག་རྣམས་ཀྱིས་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་ཞིང་། འགྲོགས་ཤེས་དགེ་སློང་ལ་བརྟེན་ནས་གནས་པར་བྱའོ། །ཁྱད་པར་བསྐྲད་པ་ནན་ཏུར་བྱས་པའི་གང་ཟག་གིས་ནི་གང་དུ་ཁྱིམ་པ་སུན་ཕྱུང་བའི་གནས་ཉེ་འཁོར་དང་བཅས་པ་ཉིད་དུ་མི་འདུག་པར་བསླབ་པར་བྱའོ། །དྲུག་པ་གྲོལ་རྒྱུ་ལ་ཐུན་མོང་བ་དང་། བྱེ་བྲག་པ་དང་། ཞར་ལ་བཟོད་པར་གསོལ་བའི་ཚུལ་དང་གསུམ། དང་པོ་ནི། བཟོད་པར་གསོལ་བ་དང་། དགྲ་བཅོམ་པ་ཐོབ་པ་གཉིས་ཏེ། དེ་ཡང་ཁྱིམ་སུན་འབྱིན་པའི་གང་ཟག་དེས་ཁྱིམ་པ་དེ་ཉིད་ལ་བཟོད་གསོལ་བྱས་པས། དེ་ཉིད་ལས་གྲོལ་བ་ཡིན་གྱི། ལས་ཀྱིས་བཟོད་པ་གསོལ་བ་ལ་ལྟོས་པ་ནི་མ་ཡིན་ཏེ། ཊཱི་ཀར་ཁྱིམ་པས་བཟོད་པ་དེ་ནི་བཟོད་པ་ཡིན་ཞེས་གསུངས་པའི་ཕྱིར། གཉིས་པ་བྱེ་བྲག་གི་གྲོལ་རྒྱུ་ནི། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པའི་ནན་ཏུར་ནི། གང་གིས་འཇོག་པར་བྱེད་པའི་དགེ་འདུན་ནམ། དེས་བསྐོས་པའི་དགེ་སློང་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་། དགག་དབྱེ་བྱས་ན་དེ་ལས་གྲོལ་བ་ཉིད་དུ་འགྱུར་རོ། །བསྡིག་སྨད་བསྐྲད་ཕྱིར་འགྱེད་པ་རྣམས་ནི་ཕྱིར་བཅོས་བྱས་པའི་སྟོབས་ཀྱིས་ཀྱང་གྲོལ་བ་ཉིད་དུ་འགྱུར་རོ། །ཁ་ཅིག་གནས་དབྱུང་བྱས་པའི་གང་ཟག་ལ་ནན་ཏུར་གཞན་བྱས་ན་ཡང་གྲོལ་བར་འགྱུར་རོ་ཞེས་པ་མི་འཐད་དེ་གནས་དབྱུང་དེ་ཆད་ལས་ཀྱི་མཐའ་ཡིན་པས་དེའི་སྟེང་དུ་ནན་ཏུར་གཉིས་པ་མི་འཆགས་པའི་ཕྱིར། གསུམ་པ་ཞར་ལ་བཟོད་པར་གསོལ་ཚུལ་ལ་དགོས་དོན་དང་། བསྡུས་དོན་གཉིས་ལས། དང་པོ་ནི། བྱེད་པ་པོ་ཆད་ལས་ལས་གྲོལ་བ་དང་། རང་ཉིད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྡུད་པའི་དགོས་པ་ཡོད་དོ། །གཉིས་པ་ལ་གསུམ་སྟེ། ཡུལ་གང་ལས། རྟེན་གང་གིས། ཆོ་ག་གང་གིས་བཟོད་པ་བླང་བའོ། །དང་པོ་ནི། ལོག་པ་སྤངས་ཤིང་ཡང་དག་པའི་བསམ་པ་དང་ལྡན་པ་ཞིག་དགོས་ཏེ། གཤེ་བ་ཞེས་སོགས་གསུངས་པའི་ཕྱིར། ལོག་པའི་རྟེན་སྤངས་ཤིང་ཡང་དག་པའི་རྟེན་ལ་བརྟེན་པ་ཞིག་དགོས་ཏེ། བླའི་གྲྭ་ཞེས་སོགས་གསུངས་པའི་ཕྱིར་རབ་བྱུང་གི་རྟགས་དང་ལྡན་ཞིང་ཁྱིམ་པའི་རྟགས་དང་མི་ལྡན་པ་ཞིག་དགོས་ཏེ། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལ་མི་བརྟེན་ཞེས་གསུངས་པའི་ཕྱིར། སྤང་བྱ་རྣམས་སྤོང་ཞིང་བླང་བྱ་ལེན་པ་ཞིག་དགོས་ཏེ། ཆོས་མ་ཡིན་པ་དང་། དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་ཅེས་འབྱུང་བའི་ཕྱིར། དམའ་དབབ་པའི་ཚུལ་ཞིག་དགོས་པ་ཡིན་ཏེ། སྐྲ་འགྲེང་བར་གྱུར་པ་དང་ཞེས་སོགས་འབྱུང་བའི་ཕྱིར། ང་རྒྱལ་དང་གྱང་གྱིང་སྤངས་པ་ཞིག་དགོས་ཏེ། དགེ་འདུན་ལ་སྤུ་བསྙོལ་བར་བྱེད་པ་ཞེས་འབྱུང་བའི་ཕྱིར། ལུས་ངག་ཡིད་གསུམ་གུས་པས་འཇུག་པ་ཞིག་དགོས་ཏེ། མཚུངས་པ་ཉེ་བར་སྟོན་པ་ཞེས་འབྱུང་བའི་ཕྱིར། ནན་ཏུར་གྱི་རྒྱུ་ལས་ལོག་པ་ཞིག་དགོས་ཏེ། རྒྱུ་ལས་བཟློག་པ་ཞེས་འབྱུང་བའི་ཕྱིར། གསོལ་བ་ལན་གསུམ་གྱི་བར་དུ་འདེབས་པ་ཞིག་དགོས་ཏེ། བཟོད་པར་གསོལ་བའོ་ཞེས་འབྱུང་བའི་ཕྱིར། ཚོགས་ལོངས་མིན་པ་ཞིག་དགོས་ཏེ། ཚོགས་ཀྱིས་མ་ཡིན་ཞེས་འབྱུང་བའི་ཕྱིར། ནན་ཏུར་བྱས་པ་ཞིག་དགོས་ཏེ། དེ་མེད་ན་གཞི་མེད་པར་འགྱུར་བའི་ཕྱིར། གཉིས་པ་རྟེན་གང་གིས་བླང་བ་ནི། བཟོད་པ་ལེན་དགོས་དང་ལྡན་ཞིང་གྲངས་ཚང་བ། ཁ་སྐོང་བར་འོས་པ། མི་མཐུན་པ་གཉིས་དང་བྲལ་བ། ནན་ཏུར་བྱེད་པའི་དགེ་འདུན་ནམ་དེས་བསྐོས་པའི་དགེ་སློང་གིས་བླང་ངོ་། །གསུམ་པ་ཆོ་ག་གང་གིས་བླང་བའི་ཚུལ་ནི། སྦྱོར་དངོས་རྗེས་གསུམ་རིམ་པ་ལྟར་གསོལ་བ་ལན་གསུམ་འདེབས་པ། གསོལ་བཞིའི་ལས་བྱ་བ། ཐབས་ལེགས་བརྗོད་པའོ། །གཉིས་པ་རང་སྤྲོ་བ་བཤགས་པ་ལ་སོགས་པའི་སྒོ་ནས་ཕྱིར་བཅོས་པའི་ཚུལ་ལ། དགོས་དོན་དང་བསྡུས་དོན་གཉིས་ལས། དང་པོ་ནི། ལྟུང་བ་དག་པར་འགྱུར་བ་སྟེ། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་ལྡང་ངོ་ཞེས་དང་། སོ་ཐར་ལས་ཀྱང་མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་ཞེས་དང་། བམ་ལྔ་ལས་མཐོལ་ཞིང་བཤགས་ན་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་བཅུ་ཐོབ་ཅིང་། མངོན་མཐོ་དང་ངེས་པར་ལེགས་པའི་བདེ་བ་ཡང་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། དག་པའི་ཚུལ་ཡང་འགའ་ཞིག་ཕྱིར་བཅོས་བྱས་པས་ལྟུང་བའི་ངོ་བོ་མི་འདག་སྟེ། སྒོམ་སྤང་ཡིན་པའི་ཕྱིར་དང་། ལུང་ལས་ངག་སྨྲས་ཀྱིས་ལྟུང་བ་ཕྱིར་བཅོས་བྱས་ཀྱང་གཏུན་ལྟ་བུའི་སེམས་ཅན་དམྱལ་བར་སྐྱེ་བར་གསུངས་པའི་ཕྱིར་དང་། ངག་སྨྲས་ཀྱིས་ཕྱིར་བཅོས་བྱས་ཀྱང་སྐྱེ་བ་ལྔ་བརྒྱར་བ་གླང་དུ་སྐྱེ་བར་གསུངས་པའི་ཕྱིར་དང་། ཕྱིར་བཅོས་བྱས་པ་དགོས་པ་མེད་པ་ཡང་མིན་ཏེ། འཕེལ་བ་རྒྱུན་གཅོད་པའི་དགོས་པ་ཡོད་པའི་ཕྱིར་ཞེས་གསུངས་པ་ཡང་མི་འཐད་དེ། ལྟུང་བའི་འཕེལ་བ་རྒྱུན་གཅོད་པ་ཙམ་གྱི་ཕྱིར་དུ་ཕྱིར་བཅོས་བྱེད་པ་མི་འཐད་དེ། མཐོལ་བ་བྱས་པས་ཀྱང་འཕེལ་བ་རྒྱུན་གཅོད་ནུས་པའི་ཕྱིར། དེས་ན་ལྟུང་བ་ཕྱིར་བཅོས་བྱས་པས་ལྟུང་བ་འདག་པ་ཡིན་ཏེ། ཕྱིར་བཅོས་མ་བྱས་ན་ངན་འགྲོར་སྐྱེ་བར་གསུངས་པའི་ཕྱིར། ཕྱིར་བཅོས་བྱས་ན་བདེ་འགྲོར་སྐྱེ་བར་གསུངས་པའི་ཕྱིར། ཡང་ཁ་ཅིག་ལྟུང་བ་ཕྱིར་བཅོས་བྱས་པས་མངོན་གྱུར་བྱེད་པ་དང་བཅས་པ་འདག་ཅིང་། བག་ཆགས་ས་བོན་དང་བཅས་པ་མི་འདག་སྟེ། གདུག་པ་རྣམས་སེལ་སྨན་འདི་ཡིན། །ཞེས་པའི་བམ་ལྔར་གདུག་པ་ནི་ལྟུང་བ་དེ་སྦྲུལ་དང་འདྲ་བ་དེ་སེལ་བའི་སྨན་ཞེས་རྣམ་པར་གསོན་པ་སྟེ་ཀུན་ཏུ་གཅོད་པ་སེལ་བའོ། །ཞེས་བཤད་པའི་ཕྱིར་ཞེས་དང་། ཁ་ཅིག་ལས་མྱོང་ངེས་མ་ཡིན་པའི་སྡིག་པ་དང་ངོ་བོ་གཅིག་ཏུ་གྱུར་པའི་ལྟུང་བ་རྣམས་ནི་མངོན་གྱུར་བྱེད་པ་དང་བཅས་པ་འདག་ཅིང་། ལས་མྱོང་ངེས་དང་ངོ་བོ་གཅིག་ཏུ་གྱུར་པའི་ལྟུང་བ་རྣམས་ནི་མངོན་གྱུར་པ་མགོ་གནོན་པ་ཙམ་ཡིན་གྱི། གཏན་དག་པ་ནི་མ་ཡིན་ཏེ། གཞན་དུ་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་ལྟུང་བ་སྦོམ་པོ་ཕྱིར་བཅོས་བྱས་པ་ན་དེའི་མཚམས་མེད་ཀྱང་དག་པར་ཐལ་བའི་ཕྱིར། ཞེས་གསུང་བ་ཡང་མི་འཐད་དེ་སྡིག་ལྟུང་ངོ་བོ་གཅིག་མ་ཡིན་པའི་ཕྱིར་དང་། ལུང་ལས་བཤད་པ་ལྟར་གྱི་ཕྱིར་བཅོས་བྱས་ཀྱང་ལྟུང་བ་དག་པར་མ་ངེས་ན། ལུང་ལ་ཡིད་བརྟན་མི་རུང་བར་འགྱུར་བས་སོ། །དེས་ན་ལྟུང་བ་ནི་ཇི་ལྟར་བཤད་པ་ལྟར་གྱི་ཕྱིར་བཅོས་བྱས་ན་འདག་ལ། ལྟུང་བ་དེའི་སྟོབས་ཀྱིས་བཞག་པའི་སྡིག་པ་ནི་འདག་པར་མ་ངེས་ཏེ། དག་བྱེད་ཀྱི་རྒྱུ་དེ་ལ་མིང་རིགས་བརྗོད་པའི་སྟོབས་ཀྱིས་དག་པ། མཐར་བཙལ་བས་རྐྱེན་མ་འབྱོར་བས་དག་པ། མཚན་གྱུར་པས་དག་པ། དགྲ་བཅོམ་པ་ཐོབ་པས་དག་པ། སྟོང་ཉིད་བསྒོམས་པས་དག་པ་རྣམས་སུ་ཡོད་པའི་ཕྱིར། དེ་ལས་དང་པོ་གཉིས་དག་བྱེད་མཚན་ཉིད་པ་ཡིན་ཏེ། མིང་རིགས་བརྗོད་པས་ལྡང་ཞེས་དང་། མཐར་བཙལ་བས་རྐྱེན་མ་འབྱོར་བ་ཞེས་སོགས་གསུངས་པའི་ཕྱིར། མཚན་གྱུར་པས་ལྟུང་བ་དག་པར་གསུངས་པ་ནི། མངོན་གྱུར་བྱེད་ལས་ཙམ་མེད་པ་ལ་དགོངས་ནས་ལྟུང་བ་དག་ཅེས་གསུངས་པ་ཡིན་གྱི། ལྟུང་བ་དག་པ་མཚན་ཉིད་པ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ལྟུང་བ་བྱུང་བ་མཚན་གྱུར་པ་དེ་ཡང་མཚན་གྱུར་པ་ན་ལྟུང་བ་དེ་སོ་ན་གནས་པར་གསུངས་པའི་ཕྱིར། དགྲ་བཅོམ་པ་ཐོབ་པ་ན་ལྟུང་བ་དག་པར་གསུངས་པ་ནི། ཁ་ཅིག་དག་བྱེད་ཀྱི་རྒྱུ་ཙམ་ཡིན་ཟེར་བ་ནི་མི་རིགས་ཏེ། ལྟུང་བ་མ་དག་པར་དགྲ་བཅོམ་ཐོབ་པ་མི་སྲིད་པའི་ཕྱིར། དེས་ན་དག་པའི་ངོ་བོ་ཡིན་ནོ། །སྟོང་ཉིད་བསྒོམས་པས་དག་པ་ནི། མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ཞེས་པའི་འགྲེལ་པར་ཆོས་ཀྱི་སྡོམ་ལ་ཡང་དག་པར་ཇི་ལྟ་བ་བཞིན་སོ་སོར་རྟོག་པས་ལྟུང་བ་ཕྲ་མོ་ལས་ལྡང་བར་གསུངས་པ་ལྟ་བུའོ། །གཉིས་པ་བསྡུས་པའི་དོན་ལ། བསམ་པ་དག་པས་དང་། སྦྱོར་བ་དག་པས་ཕྱིར་བཅོས་གཉིས་ལས། དང་པོ་ནི། སྔར་བྱས་པ་ལ་འགྱོད་སེམས། ཕྱིན་ཆད་སྡོམ་སེམས། ཕྱིར་བཅོས་འདོད། ངེས་འབྱུང་གི་བསམ་པ་སྟེ་བཞི་དང་ལྡན་པའོ། །དང་པོ་གཉིས་དགོས་ཏེ། ལུང་ལས། ཉེས་པ་མཐོང་སྡོམ་འདྲི་བར་གསུངས་པའི་ཕྱིར། ཕྱིར་བཅོས་འདོད་དགོས་ཏེ། བཞད་གད་ཀྱི་དངོས་པོས་ནི་གང་གི་ཡང་མི་འགྱུར་རོ་ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་གཉིས་ངེས་པར་དགོས་ཏེ། ཊཱི་ཀར་སྡོམ་པ་མེད་ན་བཤགས་པ་ཅི་ཡང་མི་འགྱུར་ཏེ། གཞན་དུ་ན་བརྫུན་འབའ་ཞིག་ཏུ་འགྱུར་རོ་ཞེས་གསུངས་ཞིང་། ཕྱིར་བཅོས་འདོད་མེད་ན་ཕྱིར་བཅོས་ཀྱི་ཆོ་ག་མི་འཆགས་པའི་ཕྱིར། ངེས་འབྱུང་གི་བསམ་པ་དགོས་ཏེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་པའི་ཕྱིར། གཉིས་པ་སྦྱོར་བ་དག་པས་ཕྱིར་བཅོས་པའི་ཐབས་ལ་གཉིས་ཏེ། འཆབ་ཉེས་མི་འབྱུང་བར་བྱ་བའི་ཕྱིར་མཐོལ་བས་ཕྱིར་བཅོས་པ་དང་། ཉེས་པ་དངོས་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ལ་དགོས་དོན་དང་བསྡུས་དོན་གཉིས། དང་པོ་ནི། འཆབ་ཉེས་མ་བྱུང་བ་རྣམས་མི་འབྱུང་བར་བྱ་བའི་ཕྱིར་དང་། བྱུང་བ་རྣམས་རྒྱུན་གཅོད་པའི་ཆེད་དུ་ཡིན་ཏེ། གཞི་འགྲེལ་ལས། བཅབས་ན་ཉེས་པ་ཆར་བཞིན་འབབ། །མ་བཅབས་ཆར་བཞིན་དེ་མི་འབབ། །ཅེས་སོ། །གཉིས་པ་བསྡུས་དོན་ལ། ཡུལ་གང་ལ། རྟེན་གང་གིས། དངོས་པོ་གང་། ཆོ་ག་གང་གིས་མཐོལ་བ་དང་བཞི་ལས་དང་པོ་ནི། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་པར་གནས་པ། ཤེས་པ་རང་བཞིན་དུ་གནས་པ། མཚམས་ཀྱི་ནང་ན་གནས་པ་སྟེ་ཆོས་བདུན་ལྡན་ལའོ། །གཉིས་པ་ནི། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་ནས་ཕྱུང་བ་མ་ཡིན་པ་དེ་བཞི་ལྡན་གྱིས་སོ། །གསུམ་པ་ནི། བསྡམ་བྱའི་ཉེས་བྱས་ལས་གཞན་པའི་ལྟུང་བ་ཡིན་པ། རང་རྒྱུད་ལ་བྱུང་བ། ངོ་བོ་དྲན་པའམ་ཡིད་གཉིས་ཟ་བ་ཡིན་པ། སྔར་བཤགས་ཟིན་མ་ཡིན་པའོ། །བཞི་པ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། མཆིལ་ལྷྭམ་གཉིས་ཕུད། ཕྱག་འཚལ་བའི་འོས་ཡིན་ན་ཕྱག་འཚལ། ཐལ་མོ་སྦྱར་བ་སོགས་བྱའོ། །གཉིས་པ་ནི། སྔགས་ཚིག་ལན་གསུམ་གྱི་བར་དུ་བརྗོད། གསུམ་པ་ནི། མཐོང་སྡོམ་དྲི་བ་སོགས་བྱའོ། །བསྒོ་གྱུར་དངོས་གཞིའི་ལྟུང་བ་མཐོལ་བ་ནི། མཚམས་དེར་གཏོགས་པའི་ཐམས་ཅད་ལ་མཐོལ་ལོ། །སོར་བཤགས་ནི། གནས་དེར་འདུས་ཀྱི་དགེ་འདུན་ཐམས་ཅད་ལ་བྱ་ལ་སྔགས་ཚིག་ནི་གཅིག་གིས་ཆོག་གོ །དེ་ཉིད་ལ་འདི་དང་འོག་མ་དང་བཅས་ཏེ། ཞེས་པའི་སྐབས་སུ་བསྙེན་པར་མ་རྫོགས་པའི་མཐོལ་བཤགས་བསྟན་པས། འདི་ལ་གཉིས་ལས་དང་པོ་དགོས་དོན་ནི། ལྟུང་བ་དག་པ་དང་། ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་བཅུ་ཐོབ་པའོ། །བསྡུས་དོན་ལ་བཞི་ལས་ཡུལ་གང་ལ་མཐོལ་བ་ནི། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་ལ་སོགས་པའི་ཆོས་བདུན་གྱི་སྟེང་དུ། ཁ་ན་མ་ཐོ་བ་མི་མཐུན་པ་དང་ལྡན་པའི་ཡུལ་ལའོ། །རྟེན་གང་གིས་མཐོལ་བ་ནི། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པའི་སྡོམ་པ་གསུམ་པོ་གསོ་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དང་། ལུས་ཐ་མལ་དུ་གནས་པ། དགེ་ཚུལ་བསྙིལ་བ་མ་ཡིན་པས་སོ། །དངོས་པོ་གང་མཐོལ་ན། ཕམ་འདྲའི་ཉེས་བྱས་ལས་གཞན་རང་གི་རྒྱུད་ལ་འབྲེལ་བར་འབྱུང་བ། ངོ་བོ་དྲན་ནམ་ཡིད་གཉིས་ཟ་བ། སྔར་མཐོལ་མ་ཟིན་པའོ། །ཆོ་ག་གང་གིས་མཐོལ་བ་ནི་སྔ་མ་བཞིན་ནོ། །གཞན་ལ་ནི་དེ་དང་བཅས་པའི་བཤགས་པས་སོ། །ཞེས་པའི་སྐབས་སུ་དགེ་སློང་གི་ལྟུང་བ་དངོས་དང་། འཆབ་ཉེས་ཕྱིར་བཅོས་པའི་ཐབས་གཉིས་བསྟན་པ་ལ། འཆབ་ཉེས་ཕྱིར་བཅོས་པའི་ཚུལ་ལ། འཆབ་པ་མི་འབྱུང་བར་བྱ་བའི་ཕྱིར་མཐོལ་བ་དང་། འཆབ་ཉེས་དངོས་ཕྱིར་བཅོས་པའི་ཐབས་གཉིས་ལས། དང་པོ་ལ་གཉིས་ལས་དགོས་དོན་ནི་འཆབ་ཉེས་མི་འབྱུང་བར་བྱ་བའི་ཕྱིར་དང་། བཅབས་ཉེས་དངོས་ཕྱིར་བཅོས་པའི་ཐབས་སྣོད་རུང་དུ་སྒྲུབ་པའི་ཆེད་ཡིན་ནོ། །བསྡུས་དོན་ལ་ཡང་བཞི་ལས། གང་ལ་མཐོལ་བའི་ཡུལ་ནི། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་ཆོས་བདུན་ལྡན་གྱི་ཡུལ་ལའོ། །རྟེན་གང་གིས་མཐོལ་བ་ནི། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ། བསམ་པ་རང་བཞིན་དང་། ལུས་ཐ་མལ་དུ་གནས་པ། གནས་དབྱུང་མ་ཡིན་པ་དེས་སོ། །གང་མཐོལ་བའི་དངོས་པོ་ནི། བསྡམ་བྱའི་ཉེས་བྱས་ལས་གཞན་ཡིན་པ། རང་རྒྱུད་ལ་བྱུང་བ། དྲན་ནམ་ཡིད་གཉིས་ཟ་བ། སྔར་མཐོལ་མ་ཟིན་པའོ། །ཆོ་ག་གང་གིས་མཐོལ་བ་ནི་སྔར་བཞིན་ནོ། །གཉིས་པ་བཅབས་ཉེས་དངོས་ཕྱིར་བཅོས་པའི་ཚུལ་ལ་གཉིས་ལས། དགོས་དོན་ནི་བཅབས་ཉེས་དག་པ་དང་། ལྟུང་བ་དངོས་ཕྱིར་བཅོས་པའི་སྣོད་རུང་དུ་བསྒྲུབ་པའི་ཆེད་ཡིན་ནོ། །བསྡུས་དོན་ལ་བཞི། ཡུལ་གང་ལ་བཤགས་པ་ནི། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་ལ་སོགས་པའི་ཆོས་བདུན་ལྡན་གྱི་སྟེང་དུ་ལྟུང་བ་ནང་རིགས་མི་མཐུན་པའི་ཡུལ་ལ་བཤགས་དགོས་ཏེ་ཁ་ན་མ་ཐོ་བ་མི་མཐུན་པའོ། །སྡེ་ཚན་ལས་ཞེས་འབྱུང་བའི་ཕྱིར། རྟེན་གང་གིས་བཤགས་ན། བསྙེན་རྫོགས་གསོ་རུང་སོགས་ཆོས་བདུན་དང་ལྡན་པ། དེའི་སྟེང་དུ་གནས་ནས་ཕྱུང་བ་མ་ཡིན་པ་དགོས་ཏེ། གནས་དབྱུང་བྱས་པའི་བཤགས་ཡུལ་མེད་པའི་ཕྱིར། ངོ་བོ་གང་བཤགས་ན་བསྡམ་བྱའི་ཉེས་བྱས་དང་། ཕམ་ལྷག་བཅབས་པའི་ཉེས་པ་ལས་གཞན་ཡིན་པ། ངོ་བོ་དྲན་རྣམ་ཡིད་གཉིས་ཟ་བ། བཤགས་ཟིན་མ་ཡིན་པ་དེ་བསྡམ་བྱའི་ཉེས་བྱས་བཅབས་པའི་ཉེས་པ་ནི་བསྡམས་པས་འདག ཕམ་པ་བཅབས་པའི་ཉེས་པ་ཕྱིར་བཅོས་སུ་མེད། ལྷག་མའི་བཅབས་ཉེས་འདག་པ་ལ་སྤོ་བ་སྤྱད་དགོས་པའི་ཕྱིར། ཆོ་ག་གང་གིས་བཤགས་པ་ནི། སྦྱོར་དངོས་མཇུག་གསུམ་ནི་སྔ་མ་བཞིན་ནོ། །མི་འདྲ་བའི་ཁྱད་པར་ནི། ལྟུང་བ་དངོས་དེ་ལ་གཅིག་བྱུང་བ། གཉིས་བྱུང་བ། ཚད་མེད་བྱུང་བ་ཞེས་དང་། བཅབས་པ་དེ་ལ་ཡང་ཞག་གཅིག་བཅབས་པ། གཉིས་བཅབས་པ། གསུམ་ནས་གྲངས་ཤེས་པའི་བར་བཅབས་པ། དཔག་ཏུ་མེད་པ་བཅབས་སོ་ཞེས་བཤགས་སོ། །ལྟུང་བ་གཅིག་ཕྱིར་བཅོས་བྱེད་པའི་ཚེ། ལྟུང་བ་དེ་བྱུང་ནས་ཞག་གཅིག་ལོན་ན་ཞག་གཅིག་བཅབས་ཞེས་པ་དང་། ཟླ་བ་ཕྱེད་ལོན་ན་ཟླ་བ་ཕྱེད་བཅབས་ཞེས་དང་། གྲངས་མི་ཤེས་པའི་བར་དུ་བཅབས་ན་དཔག་ཏུ་མེད་པ་བཅབས་སོ་ཞེས་སོ། །དེ་བཞིན་དུ་གཉིས་བྱུང་བ་དང་། ཚད་མེད་པ་བྱུང་བ་དང་། དཔག་ཏུ་མེད་པ་བྱུང་བ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། བཤགས་པས་འདག་པ་བཅུ་དྲུག་གོ །ཁ་ཅིག་ལྟུང་བ་གཅིག་བྱུང་ན་ལྟུང་བ་བྱུང་ཞེས་པ་དང་། གཉིས་བྱུང་ན་ལྟུང་བ་དག་བྱུང་ཞེས་པ་དང་། གསུམ་བྱུང་ན་ལྟུང་བ་མང་པོ་བྱུང་ཞེས་པ་དང་། བཞི་ནས་གྲངས་ཤེས་པའི་བར་དུ་བྱུང་ན་ཚད་མེད་པ་བྱུང་ཞེས་པ་དང་། གྲངས་མི་ཤེས་པ་བྱུང་ན་ལྟུང་བ་དཔག་ཏུ་མེད་པ་བྱུང་ཞེས་བརྗོད་པར་བྱ་ཞེས་གསུངས་པ་མི་འཐད་དེ། མང་པོ་ལ་ཚད་ཤིན་ཏུ་མང་པོ་ཞེས་གསུངས་ཀྱི། ཚད་ཤིན་ཏུ་མང་པོ་ལས་ལོགས་སུ་མང་པོ་ཞེས་མ་གསུངས་པའི་ཕྱིར། གཉིས་པ་ལྟུང་བ་དངོས་ཀྱི་ཕྱིར་བཅོས་ལ་གཉིས་ལས། དགོས་དོན་ནི། ལྟུང་བ་དག་པར་བྱ་བའི་ཕྱིར་དུའོ། །བསྡུས་དོན་ལ་བཞི་ལས། ཡུལ་ནི་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་དག་ལ་སོགས་པ་ཆོས་བདུན་ལྡན་གྱི་སྟེང་དུ་ལྟུང་བ་མི་མཐུན་པ་ལའོ། །དེ་ཡང་མཚམས་ནང་དུ་བཤགས་ན་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་ནི་དགེ་སློང་དྲུག་ཡན་ཆད། ཡང་བ་ནི་བཞི་ཡན་ཆད་གུད་དུ་མ་ཆད་པ་དང་། ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་ནི་དགེ་སློང་ལྔ་ཡན་ཆད་གུད་དུ་མ་ཆད་པ་དེའི་ཡུལ་ལ་བཤགས། མཚམས་ཀྱི་ཕྱི་རོལ་དུ་བཞི་དང་ལྔ་དང་དྲུག་གུད་དུ་བཅད་པའི་ཡུལ་ཉིད་ལ་བཤགས་ཀྱང་རུང་ངོ་། །དེ་ལས་གཞན་པའི་བཤགས་བྱའི་ལྟུང་བ་ཐམས་ཅད་དགེ་སློང་གཅིག་གིས་མདུན་དུ་བཤགས་པས་ཀྱང་འདག་གོ །རྟེན་ནི་བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་དབྱུང་མ་ཡིན་པའོ། །དངོས་པོ་ནི་སྦོམ་པོ་ལྕི་ཡང་། སྤང་བའི་ལྟུང་བྱེད། ལྟུང་བྱེད་འབའ་ཞིག་པ། སོར་བཤགས། ལྷག་མ་བཅབས་ཉེས་ལས་གཞན་པའི་ཉེས་པ་སོགས་གང་རུང་ཡིན་པ། ངོ་བོ་ཤེས་སམ་དྲན་པར་ནུས་པ། བཤགས་ཟིན་མ་ཡིན་པའོ། །ཆོ་ག་ནི་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི་སྤང་བའི་ལྟུང་བ་ཕྱིར་བཅོས་པའི་ཚེ་ཞག་གཅིག་སྤང་བྲལ་སྔོན་དུ་གཏང་བ་དང་། ཡུལ་འོས་པ་ལ་ཕྱག་འཚལ། ཙོག་བུར་འདུག ཐལ་མོ་སྦྱར་བ་སོགས་དང་། དངོས་གཞི་སྔགས་ཚིག་ལན་གསུམ་དུ་བརྗོད་པ་སོགས་བྱའོ། །གང་ཟག་ཁྱད་པར་ཅན་ལྔ་པོ་དེའི་ལྷག་མ་ཡང་གཅིག་གི་མདུན་དུ་བཤགས་པས་འདག དེའི་སྤང་ལྟུང་ཡང་ཞག་གཅིག་གི་སྤང་བྲལ་སྔོན་དུ་གཏང་མི་དགོས་ཤིང་། སྦོམ་པོ་ལྕི་ཡང་རྣམས་ཀྱང་གཅིག་གི་མདུན་དུ་བཤགས་པས་འདག སྔགས་ཚིག་ཀྱང་ལྟུང་བ་གཅིག་བྱུང་ངོ་ཞེས་དང་། གཉིས་བྱུང་ན་གཉིས་བྱུང་ངོ་ཞེས་དང་། གསུམ་ནས་གྲངས་ཤེས་པའི་བར་བྱུང་ན་ཚད་མེད་པ་བྱུང་ངོ་ཞེས་བརྗོད་པར་བྱའོ། །དགེ་འདུན་ལྷག་མ་ལ་ནི་དུས་འདི་སྲིད་ཅིག་བཅབས་པ་དང་། མ་བཅབས་པ་གཅིག་ཤེས་པས་ལྷག་མ་དངོས་དང་། བཅབས་ཉེས་ཕྱིར་བཅོས་པའི་ཚུལ་བསྟན་པས། འདི་ལ་གསུམ་སྟེ། ལྷག་མའི་བཅབས་ཉེས་ཕྱིར་བཅོས་པའི་ཚུལ་དང་། འཆབ་ཉེས་མི་འབྱུང་བར་བྱ་བའི་ཕྱིར་མཐོལ་བ། ཉེས་པ་དངོས་ཕྱིར་བཅོས་པའི་ཚུལ་ལོ། །གཉིས་པ་ནི། མཐོལ་བའི་རྣམ་གཞག་སྤྱིར་བསྟན་པ་ཤེས་པར་བྱའོ། །ལྷག་མའི་བཅབས་ཉེས་ཕྱིར་བཅོས་པའི་ཚུལ་ལ་གཉིས་ལས། དགོས་དོན་ནི། བཅབས་ཉེས་དག་པས་ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་བཅུ་ཐོབ་པར་འགྱུར་བའོ། །བསྡུས་དོན་ལ། སྤོ་བ་ནོད་པའི་ཚུལ་དང་། སྤྱད་པའི་ཚུལ་གཉིས། དང་པོ་ལ་དྲུག་ལས། ཡུལ་གང་ལས་ནོད་པ་ནི། དགེ་སློང་བཞི་ཡན་ཆད་གྲངས་ཚང་བ། ཁ་སྐོང་བར་འོས་པ། མི་མཐུན་པ་གཉིས་དང་བྲལ་བ། ཆོ་ག་ཤེས་པ་དང་ལྡན་པའི་ཆོས་བཞི་ཚང་བ་ལའོ། །རྟེན་ནི། ཕམ་པ་མ་བྱུང་བའི་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། གཞན་ཕྱོགས་སུ་མ་སོང་བ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། མཚམས་ནང་དུ་གནས་པ་ཚོགས་ལོངས་མིན་པ། སྤོ་བ་མནོས་ཤིང་ཆགས་ལ་མ་ཞིག་པ་དང་ལྡན་པ་མ་ཡིན་པ། གནས་དབྱུང་མ་ཡིན་པ་སྟེ། ཆོས་བཅུ་ལྡན་དེས་སོ། །ཁ་ཅིག་ཕམ་པའི་སྡོམ་པ་གསོ་རུང་དང་ལྡན་པ་ཞེས་གསུངས་པ་མི་འཐད་དེ། ལྷག་མ་འཆབ་བཅས་རྒྱུད་ལྡན་གྱི་ཕམ་པ་འཆབ་མེད་བྱུང་བའི་གང་ཟག་དེ་ལ་དང་པོ་ནས་བསླབ་པ་སྦྱིན་པར་བྱའི། སྤོ་བ་སྦྱིན་དགོས་པ་མ་ཡིན་པའི་ཕྱིར། ཁ་ཅིག་གང་ཟག་ཁྱད་པར་ཅན་མ་ཡིན་པ་ཞེས་པའང་མི་རིགས་ཏེ། གང་ཟག་ཁྱད་པར་ཅན་དེས་སྤོ་བ་སྤྱད་མི་དགོས་པར་བསྟན་པ་ཡིན་གྱི། སྤྱོད་དུ་མི་རུང་བ་བསྟན་པ་མིན་པའི་ཕྱིར། ལྟུང་བ་གང་གི་དོན་དུ་ནོད་པ་ནི། ལྷག་མ་བཅབས་པའི་ཉེས་པ་ཡིན་པ། རང་རྒྱུད་ལ་བྱུང་བ། ངོ་ཤེས་ཤིང་དྲན་པར་ནུས་པ། བཤགས་ཟིན་མ་ཡིན་པ་དེའི་དོན་དུ་ནོད་པའོ། །ཡུན་ཇི་སྲིད་ནོད་པ་ནི། ལྷག་མ་ཡུན་ཇི་སྲིད་དུ་སྤྱད་པ་དེ་སྲིད་དུ་ནོད་པར་བྱའོ། །ཆོ་ག་གང་གིས་ནོད་པའི་ཚུལ་ལ་སྦྱོར་དངོས་མཇུག་གསུམ་རིམ་པ་ལྟར། དགེ་འདུན་སྡུད་པ་སོགས་དང་། གསོལ་བཞིའི་ལས་བྱ་བ་དང་། མཇུག་སྡུད་བརྗོད་པ་སོགས་སོ། །སྒྲ་བཤད་ནི། རང་བཞིན་དུ་གནས་པའི་ས་ནས་ས་གཞན་དུ་སྤོ་བར་བྱེད་པ་ན་སྤོ་བ་ཞེས་བྱའོ། །གཉིས་པ་སྤོ་བ་སྤྱོད་པའི་ཚུལ་ལ་དྲུག་སྟེ། ཡུལ་གང་ལ། གནས་གང་དུ། རྟེན་གང་གིས། ལྟུང་བ་གང་གི་དོན་དུ། ཡུན་ཇི་སྲིད་ཅིག ཇི་ལྟར་སྤྱོད་པའི་ཚུལ་ལོ། །དང་པོ་ནི། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། མཚམས་ཀྱི་ནང་ན་གནས་པ་བཞི་ཡན་ཆད་ཀྱི་དགེ་སློང་གི་དགེ་འདུན་དུ་ལོངས་པ། མང་པོའི་ནང་ནས་གུད་དུ་བཅད་པ་མ་ཡིན་པ་དེའི་ཡུལ་ལ་སྤྱོད་པར་བྱའོ། །གནས་གང་དུ་སྤྱོད་པ་ནི་གནས་བརྟན་དང་བཅས་སོ་སོ་ཐར་པའི་མདོ་འདོན་ནུས་པ་དང་བཅས། ཕྱིར་བཅོས་བྱེད་པའི་ཟླ་བོ་མིང་མཐུན་པ་གསུམ་དུ་མ་ལོངས་པ་ཡིན་པ། སྤོ་བ་མནོས་པའི་གནས་གང་ཡིན་པ་དེར་རོ། །རྟེན་ནི་སྤོ་བ་མནོས་པ་ལ་མ་ཞིག་པའི་རྟེན་དེས་སོ། །ལྟུང་བ་གང་གི་དོན་དུ་སྤྱོད་ན། ལྷག་མ་བཅབས་པའི་ཉེས་པ་འདག་པའི་ཕྱིར་དུའོ། །ཡུན་ཇི་སྲིད་དུ་སྤྱོད་ན། ལྷག་མ་ཇི་ཙམ་བཅབས་པ་དེ་ཙམ་ཞིག་སྤྱོད་དོ། །ཚུལ་ཇི་ལྟར་སྤྱོད་ན། ཁྱད་པར་ཅན་གྱི་སྤྱོད་པ་སྤོང་བ་དང་། དམན་སྤྱོད་དང་དུ་ལེན་པ་དང་། སྤོ་བའི་འདས་པ་དང་འབྱུང་འགྱུར་བརྗོད་པ་དང་། འཐབ་ཀྲོལ་ཅན་གྱི་རྐྱེན་དབང་གིས་བཏང་ཞིང་བྲལ་ན་ཡང་བླང་བའི་ཚུལ་དུ་བསླབ་པར་བྱའོ། །ཁྱད་པར་ཅན་གྱི་སྤྱོད་པ་ལ་རང་བཞིན་དུ་གནས་པའི་ཡུལ་ལ། གུས་པའི་སྤྱོད་པ་སྤོང་བ་དང་། ལྷག་པའི་སྤྱོད་པ་དང་། བླ་མའི་གནས་སྤོང་བ་སོགས་པ་ལ་བསླབ་པར་བྱའོ། །གཉིས་པ་ལྷག་མ་དངོས་ཀྱི་ཕྱིར་བཅོས་དབྱུང་བར་བྱ་བ་ལ་གཉིས་ལས། དགོས་དོན་ནི། ལྷག་མ་དངོས་འདག་པ་དང་། དམན་པའི་གནས་ནས་འདོན་པའི་དོན་དུ་ཡིན་ནོ། །བསྡུས་དོན་ལ་བཞི་ལས། ཡུལ་གང་ལ་བྱ་བ་ནི། བསྙེན་རྫོགས་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། ཤེས་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ། གནས་ནས་མ་ཕྱུང་བ། མཚན་མཐུན་པ། ཚོགས་ལོངས་མ་ཡིན་པ། གསོལ་བ་ལན་གསུམ་དུ་འདེབས་པ་ཡིན་པ། མགུ་བ་གསུམ་ལས་གང་རུང་སྤྱོད་ཟིན་པ་ཡིན་པ་དེ་ལའོ། །དགེ་སློང་མའི་དབྱུང་བ་ལ་ནི་མཚན་མཐུན་པ་ཡན་ལག་དུ་མི་དགོས་ཏེ། ཕ་མ་གཉིས་ཀའི་དགེ་འདུན་གྱིས་དབྱུང་བ་བྱེད་དགོས་པའི་ཕྱིར། རྟེན་གང་གིས་བྱ་ན། དགེ་སློང་ཉི་ཤུའམ་བཞི་བཅུ་ཡན་ཆད་གྲངས་ཚང་བ། ཁ་སྐོང་བར་འོས་པ། མི་མཐུན་པ་གཉིས་དང་བྲལ་བ། ལས་ཀྱི་ཆོ་ག་ཤེས་པ་དེས་སོ། །ལྟུང་བ་གང་གི་དོན་དུ་བྱ་ན། ལྷག་མ་ཡིན་པ། ངོ་བོ་དྲན་ནམ་ཡིད་གཉིས་ཟ་བ། རང་རྒྱུད་ལ་འབྲེལ་པར་འབྱུང་བ། ལྷག་མའི་བཅབས་ཉེས་དང་མི་ལྡན་པ་དེའི་དོན་དུའོ། །ཆོ་ག་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྔར་དང་འདྲ། དངོས་གཞིའི་སྐབས་སུ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གསོལ་བ་དང་བརྗོད་པ་དང་པོའི་བར་དུ་སྨད་པར་བྱ། བརྗོད་པ་གསུམ་པ་བྱས་མ་ཐག་ཏུ་ཟེངས་བསྟོད་པར་བྱའོ། །མཇུག་ནི། མཇུག་སྡུད་བྱ་བའོ། །ལྷུང་བཟེད་ཁ་དབུབ་དང་སྲང་བ་གཉིས་ལས། དང་པོ་ལ། དགོས་དོན་ནི། ཉེས་སྤྱོད་ལ་མ་ཞུགས་པ་མི་འཇུག་པའི་ཕྱིར་དང་། ཞུགས་ཟིན་བཟློག་པའི་ཕྱིར་དུའོ། །བསྡུས་དོན་ལ་བཞི་ལས། ཡུལ་གང་ལ་བྱ་བ་ནི། ཁྱིམ་པ་ཡིན་པ། ཤེས་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། རབ་ཏུ་བྱུང་བ་ལ་སྤྱོ་བ་དང་གཤེ་བ་དང་། སྐུར་པ་འདེབས་པར་བྱེད་པ་ཡིན་པ། རང་ཕྱོགས་དང་མཐུན་པ། ཚོགས་ལོངས་མ་ཡིན་པ། སྔར་ལྷུང་བཟེད་ཁ་དབུབ་བྱས་པ་དང་མ་འབྲེལ་བ་ཡིན་པ་དེ་ལའོ། །རྟེན་གང་གིས་བྱ་ན། གྲངས་ཚང་བ། ཁ་སྐོང་བར་འོས་པ། མི་མཐུན་པ་གཉིས་དང་བྲལ་བ། ལས་བྱེད་པའི་ཆོ་ག་ཤེས་པ་སྟེ་མཚན་ཉིད་བཞི་ལྡན་གྱིས་སོ། །ཆོ་ག་གང་གིས་བྱ་བ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི་དགེ་འདུན་བསྡུ་བ་དང་། སྟན་བཤམ་པ་སོགས་བྱ། གཉིས་པ་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱའོ། །མཇུག་ནི། དེ་ལྟར་བྱས་པ་དེ་གཞན་ལ་ཡང་གོ་བར་བྱའོ། །བསླབ་བྱ་ནི། ཁྱིམ་དེར་མི་འགྲོ་བ་ལ་སོགས་པའོ། །ལྷུང་བཟེད་ཁ་སྲང་བ་ལ་གཉིས་ཏེ། དང་པོ་དགོས་དོན་ནི། རབ་ཏུ་བྱུང་བ་རྣམས་འཚོ་བས་མི་ཕོངས་པར་བྱ་བའི་ཕྱིར་དང་། ཁྱིམ་པ་དེ་ཡང་བསོད་ནམས་འཕེལ་བར་བྱ་བའི་དོན་དུ་ཡིན་ནོ། །བསྡུས་དོན་ལ་གསུམ་ལས། ཡུལ་ནི་ལྷུང་བཟེད་ཁ་བུབ་བྱས་པ་དང་འབྲེལ་བ་ཡིན་པ། གང་ལ་མི་རིགས་པ་བསྒྲུབ་པའི་ཡུལ་ལ་བཟོད་པར་གསོལ་ཟིན་ཅིང་། དགེ་འདུན་ལ་ཡང་བཟོད་པའི་ཕྱིར་གསོལ་བ་ལན་གསུམ་འདེབས་པ་དེ་ལའོ། །རྟེན་ནི། སྔར་གྱི་སྟེང་དུ་ལྷུང་བཟེད་ཁ་འབུབ་བྱེད་པ་པོའི་དགེ་འདུན་ནམ། དེས་སྐོས་པའི་དགེ་སློང་ངོ་། །ཆོ་ག་སྦྱོར་དངོས་མཇུག་གསུམ་ལས། དང་པོ་གཉིས་སྔར་བཞིན་མཇུག་ཁས་བླངས་པ་དགེ་འདུན་གཞན་ལ་གོ་བར་བྱའོ། །བཅབས་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་ཞེས་པའི་སྐབས་སུ། བསླབ་པ་སྦྱིན་པའི་རང་བཞིན། སྦྱིན་པའི་ཚུལ། སྤྱོད་པའི་ཚུལ་དང་གསུམ་ལས། དང་པོ་ལ། མདོ་སྡེ་པ་ལྟར་ན་འཆབ་སེམས་མ་གཏོགས་པའི་ཕམ་པའི་ཡན་ལག་ཀུན་ཚང་གིས་བསྐྱེད་པའི་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་འདག་པའི་ཕྱིར་དུ་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དམན་སྤྱོད་དང་དུ་ལེན་པའི་བར་མ་དགེ་བའི་རང་བཞིན་སྦྱིན་པ་ཉིད་དོ་ཞེས་འདོད། སྔ་རབས་པ་རྣམས་ནི། ཕམ་པ་བྱུང་བའི་ཚེ་སྡོམ་པ་གཏོང་བས་ཡང་སྡོམ་པ་བླངས་ལ་སྔར་གྱི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་འདག་ཕྱིར་དུ་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་། དམན་སྤྱོད་དང་དུ་ལེན་པའི་བར་མ་དགེ་བའི་རང་བཞིན་སྦྱིན་པར་བྱའོ་ཞེས་བཞེད། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཕམ་པ་འཆབ་བཅས་དང་། འཆབ་མེད་གང་བྱུང་ཡང་སྡོམ་པ་མི་གཏོང་ལ། འཆབ་བཅས་བྱུང་ན་ཕྱིར་བཅོས་སུ་མེད་ཅིང་ཕམ་པ་འཆབ་མེད་བྱུང་བ་ལ་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་། དམན་སྤྱོད་དང་དུ་ལེན་པའི་བར་མ་དགེ་བའི་རང་བཞིན་སྦྱིན་པར་བྱའོ། །སྦྱིན་པའི་ཚུལ་ལ་དྲུག་ལས། ཡུལ་ནི་བསྙེན་པར་རྫོགས་པའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། མཚམས་ནང་ན་གནས་པ། ཚོགས་ལོངས་མ་ཡིན་པ། གནས་དབྱུང་མ་ཡིན་པ། ལྟུང་བ་དེ་དག་ཕྱིར་བསླབ་པ་དེ་བྱིན་པ་དང་མ་འབྲེལ་བ་སྟེ་བཅུ་ལྡན་དེ་ལའོ། །རྟེན་ནི། གྲངས་ཚང་བ། ཁ་སྐོང་བར་འོས་པ། མི་མཐུན་པ་གཉིས་དང་བྲལ་བ། ལས་ཀྱི་ཆོ་ག་ཤེས་པ་སྟེ་བཞི་ལྡན་དེས་སོ། །ལྟུང་བ་གང་གི་དོན་དུ་བྱ་བ་ནི། ཕམ་པ་འཆབ་མེད་དམ་ཕམ་འདྲའི་ཉེས་བྱས་འཆབ་མེད་གང་རུང་ཡིན་པ། བདག་རྒྱུད་ལ་འབྲེལ་བར་འབྱུང་བ། ངོ་བོ་དྲན་ནམ་ཡིད་གཉིས་ཟ་བ་དེའི་དོན་དུའོ། །ཡུན་ནི་ཇི་སྲིད་འཚོའི་བར་དུ་སྦྱིན་ནོ། །ཆོ་ག་ནི་སྦྱོར་དངོས་མཇུག་གསུམ་གྱི། དང་པོ་ནི། གཎྜི་བརྡུང་། སྟན་བཤམ་པར་བྱ་བ་དང་། གསོལ་བ་ལན་གསུམ་གྱི་བར་དུ་འདེབས། དངོས་གཞི་ནི་གསོལ་བ་དང་བཞིའི་ལས་བྱའོ། །མཇུག་ནི། མཇུག་སྡུད་བརྗོད་པ་དང་། ཁྱད་པར་ཅན་གྱི་སྤྱོད་པ་སྤང་བ་སོགས་ཀྱི་བསླབ་བྱ་བརྗོད་པར་བྱའོ། །གསུམ་པ་ནི། ཁྱད་པར་ཅན་གྱི་སྤྱོད་པ་སྤོང་བ་སོགས་སོ། །ས་གཞན་ན་གནས་པའི་སྤྱིའི་དོན་ལ་དྲུག་སྟེ། དབྱེ་བ། བསྡུ་བ། མཚན་ཉིད། བསླབ་བྱ། སྒྲ་བཤད་པ། གྲོལ་རྒྱུའོ། །དང་པོ་ལ་དབྱེ་གཞི་དང་། དབྱེ་ངོ་གཉིས། དང་པོ་ནི། ལུང་ལས་གསུངས་པའི་ས་གཞན་ན་གནས་པ་ཙམ་མོ། །གཉིས་པ་ལ་རགས་པའི་དབྱེ་བ་དང་། ཞིབ་ཏུ་དབྱེ་བ་གཉིས། དང་པོ་ལ་སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ། བསྡིག་པ་སོགས་བཞི། གནས་དབྱུང་བདུན། བསླབ་པ་སྦྱིན་པ། ངོ་བོ་ཉིད་འཚོལ་བ་དང་མཐུན་པར་སྦྱིན་པ་སྟེ་ཉི་ཤུ་རྩ་ལྔའོ། །ཁ་ཅིག་དགེ་ཚུལ་བསྙིལ་བ་དང་རྩ་དྲུག་ཏུ་འདོད་དོ། །ཞིབ་ཏུ་དབྱེ་བ་ལ་ཁ་ཅིག་སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ། གཞི་མགུ་སྤྱོད་པ། ཡང་མགུ་སྤྱོད་པ་གསུམ། གཞི་སྤོ་སྤྱད་ནས་མགུ་བ་སྤྱོད་པ་སོགས་གསུམ། གླེང་བྱེད་དེས་བསམ་པར་འོས་པ་རྣམས་བསམ། བརྟག་པར་འོས་པ་རྣམས་བརྟག ཡང་སྤོ་སྤྱོད་ནས་མགུ་བ་སྤྱོད་པ་སོགས་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ། སྤོ་བ་སྤྱད་པའི་གཞི་ལས་མགུ་ལྡན་གཞི་ལྡན་ཡང་ལྡན་གསུམ། གཞི་སྤོ་སྤྱད་པའི་གཞི་ལས། མགུ་ལྡན་གཞི་ལྡན་ཡང་ལྡན་གསུམ། ཡང་སྤོ་སྤྱད་པའི་གཞི་ལས། མགུ་ལྡན་གཞི་ལྡན་ཡང་ལྡན་གསུམ་སྟེ་བསྡོམས་པས་སུམ་ཅུ། དེའི་སྟེང་དུ་བསྡིག་པ་སོགས་བཞི། གནས་དབྱུང་བདུན། བསླབ་སྦྱིན། ངོ་བོ་ཉིད་འཚོལ་བ་དང་མཐུན་པར་སྦྱིན་པ་སྟེ་བཞི་བཅུ་ཞེ་གསུམ་མོ་ཞེས་གསུངས་པ་མི་འཐད་དེ། སྤོ་བ་སྤྱོད་པའི་གཞི་ལ་མགུ་བ་སྤྱོད་པ་སོགས་གསུམ། གཞི་སྤོ་སྤྱོད་པའི་གཞི་ལས་མགུ་སྤྱོད་སོགས་གསུམ། ཡང་སྤོ་སྤྱོད་པའི་གཞི་ལས་མགུ་སྤྱོད་སོགས་གསུམ་བགྲངས་ནས་དེ་ལས་ལོགས་སུ་གྱུར་པའི་མགུ་སྤྱོད་སོགས་གསུམ་བགྲང་རྒྱུ་མེད་པའི་ཕྱིར་དང་། ཡང་མགུ་སྤྱད་པའི་གཞི་ལས་མགུ་ལྡན་སོགས་གསུམ། ཡང་སྤོ་སྤྱད་པའི་གཞི་ལས་མགུ་ལྡན་སོགས་གསུམ་བགྲངས་ནས་དེ་ལས་ལོགས་སུ་གྱུར་པའི་མགུ་ལྡན་གསུམ་བགྲང་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་བསྡུ་བ་ལ། ངོ་བོའི་སྒོ་ནས་བསྡུ་ན། སྤངས་པ་ས་གཞན་ན་གནས་པ། སྨད་པ་ས་གཞན་ན་གནས་པ། དག་བྱེད་ས་གཞན་ན་གནས་པ་དང་གསུམ་མོ། །རྣམ་གྲངས་ཀྱི་སྒོ་ནས་བསྡུ་ན། ས་གཞན་ན་གནས་པ་ནན་ཏུར་བྱས་པ་དང་མ་བྱས་པ་གཉིས་སུ་འདུས་ཏེ། ནན་ཏུར་བཅུ་གཅིག་པོ་བྱས་པ་ནི་ས་གཞན་ན་གནས་པ་ནན་ཏུར་བྱས་པ་ཡིན་ལ། དེ་ལས་གཞན་པའི་ས་གཞན་ན་གནས་པ་རྣམས་ནི་ནན་ཏུར་མ་བྱས་པ་དེ་ཡིན་པའི་ཕྱིར། བསླབ་བྱའི་སྒོ་ནས་བསྡུ་ན་ས་གཞན་ན་གནས་པ་ཆེན་པོ་དང་ཆུང་ངུ་གཉིས་ཏེ། དང་པོ་ནི། སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། བསླབ་སྦྱིན། ངོ་བོ་ཉིད་འཚོལ་བ་དང་མཐུན་པར་སྦྱིན་པ་རྣམས་ཡིན་ལ། གཉིས་པ་ནི། དེ་ལས་གཞན་པའི་ས་གཞན་ན་གནས་པ་རྣམས་སོ། །གསུམ་པ་མཚན་ཉིད་ནི། སྨད་པ་བྱེད་པའི་ཆོ་གའི་སྒོ་ནས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བའི་བདག་ཉིད་དོ། །བཞི་པ་བསླབ་བྱ་ནི་བསྙིལ་བ་དང་ནན་ཏུར་བྱས་པའི་གང་ཟག་རྣམས་ཀྱིས་བཟོད་པར་གསོལ་བར་བྱ། ཁྱད་པར་བསྡིག་པ་ལ་སོགས་པ་བཞི་ནི་འགྲོགས་བཤེས་དགེ་སློང་ལ་བརྟེན་ནས་གནས་པ་སོགས་བྱའོ། །སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། བསླབ་སྦྱིན། ངོ་བོ་ཉིད་འཚོལ་བ་དང་མཐུན་པར་སྦྱིན་པ་སོགས་ཀྱིས་ནི་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་བ་དང་། དམན་སྤྱོད་དང་དུ་ལེན་པར་བྱ་ཞིང་། དེ་ལས་གཞན་པ་རྣམས་ཀྱིས་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་བ་ལ་བསླབ་པར་བྱའོ། །ལྔ་པ་སྒྲ་བཤད་ནི། རང་བཞིན་དུ་གནས་པའི་ས་ལས་གཞན་ན་གནས་པས་ས་གཞན་ན་གནས་པ་ཞེས་བྱའོ། །དྲུག་པ་གྲོལ་རྒྱུ་ལ། བསྙིལ་བ་དང་ནན་ཏུར་བྱས་པ་དང་ངོ་བོ་ཉིད་འཚོལ་བ་དང་མཐུན་པར་སྦྱིན་པ་རྣམས་ནི་བཟོད་པར་གསོལ་བ་ནས་རང་བཞིན་དུ་གནས་པ་ཐོབ་བོ། །ཕྱིར་འགྱེད་ནན་ཏུར་བྱས་པའི་གང་ཟག་ནི་བཟོད་པར་གསོལ་བའི་ཕྱིར་དགེ་འདུན་ལ་གསོལ་ནས་གང་ལ་བརྙས་པར་བྱས་པའི་ཡུལ་དེ་ལ་བཟོད་གསོལ་བྱས་ཤིང་། དེས་བཟོད་པ་ན་རང་བཞིན་དུ་གནས་པ་ཡིན་ཏེ། རྩ་བ་ལས་འདི་བཟོད་པར་གསོལ་བའི་ལས་ཀྱི་གནས་སུ་དེ་ལ་བཟོད་པ་གསོལ་དུ་གཞུག་གོ་ཞེས་དང་། རང་ཊཱིཀ་ལས་ཁྱིམ་པ་ལ་བཟོད་པར་གསོལ་བར་བྱ་བ་ཡིན་གྱི། འདིར་ལས་ཀྱིས་ནི་མི་བྱ་ཞེས་གསུངས་པའི་ཕྱིར། འོ་ན་ཀརྨ་ཤ་ཏམ་ལས་འདི་ལ་ལས་བྱེད་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ་དེ་ལྟར་གསུངས་པ་དེ་རྩ་འགྲེལ་དང་མི་མཐུན་པས་ཁས་མི་ལེན་པའི་ཕྱིར་རོ། །སྤོ་སྤྱོད་མགུ་སྤྱོད་རྣམས་ཀྱིས་ནི་རང་རང་གི་ཉེས་པའི་གཞི་ལས་གྲོལ་བས་ན་རང་བཞིན་དུ་གནས་པ་ཐོབ། སྤོ་ལྡན་རྣམས་ཀྱིས་ནི་མགུ་བ་མནོད་པ་དང་། མགུ་ལྡན་རྣམས་ཀྱིས་ནི་དབྱུང་བ་བྱས་པས་རང་བཞིན་དུ་གནས་པ་ཐོབ་བོ། །བསླབ་བྱིན་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ན་རང་བཞིན་དུ་གནས་པ་ཐོབ་ལ། གཞན་རྣམས་ཀྱིས་ཀྱང་དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་ན་རང་བཞིན་དུ་གནས་པ་ཐོབ་སྟེ། བསླབ་བྱིན་ལ་རྩ་བས་དངོས་སུ་གསུངས་ཤིང་། སྤོ་སྤྱོད་དང་མགུ་སྤྱོད་རྣམས་ལ་འགྲེལ་བས་དངོས་སུ་གསུངས་པའི་ཕྱིར་རོ།།  ༈  །།བསྡུས་འབྱུང་གི་གཞིའི་སྐབས་སུ། འཆབ་པའི་རྣམ་གཞག་ལ་བཞི་སྟེ། གཞི། བསམ་པ། སྦྱོར་བ། མཐར་ཐུག་རྣམས་སོ། །དང་པོ་ལ་གང་དུ་འཆབ་པའི་གནས་དང་། གང་འཆབ་པའི་ལྟུང་བ་གཉིས། དང་པོ་ནི་མཐོལ་ཡུལ་དུ་འོས་པའི་དགེ་སློང་སྤོང་བའི་གནས་ཡིན་པ། མཚམས་ནང་ཡིན་པ་ཞིག་དགོས་ཏེ། གནས་གཞན་དུ་འཆབ་པ་མི་འབྱུང་བའི་ཕྱིར། གང་འཆབ་པའི་ངོ་བོ་ནི། དགེ་འདུན་ལྷག་མ་ཡིན་པ་རང་རྒྱུད་ལས་བྱུང་བ། ངོ་བོ་དྲན་ནམ་ཡིད་གཉིས་ཟ་བའོ། །རང་རྒྱུད་ལ་བྱུང་བ་ཞིག་དགོས་ཏེ། གཞན་རྒྱུད་ཀྱི་ལྷག་མ་བཅབས་པས་ལྟུང་བྱེད་དུ་གསུངས་པའི་ཕྱིར། བསམ་པ་ལ་འདུ་ཤེས་དང་ཀུན་སློང་གཉིས་ལས། དང་པོ་ནི་གཞི་དེ་ལ་མ་འཁྲུལ་བ་ཞིག་དགོས་ལ། ཀུན་སློང་ནི་ལྷག་མ་འཆབ་འདོད་དང་ལྡན་པའམ། མཐོལ་བའི་སེམས་མེད་པ་ཡན་ལག་ཏུ་རུང་སྟེ། མཐོལ་སེམས་མེད་པ་ཡང་འཆབ་སེམས་དང་འདྲ་སྟེ། འཆབ་པའི་སེམས་མ་བཏང་བ་ནི་དེའི་སེམས་ཉིད་ཡིན་ཞེས་གསུངས་པའི་ཕྱིར། སྦྱོར་བ་ནི་འཆབ་པར་རྩོམ་པའོ། །འདིར་ལུས་ངག་ཏུ་ཐོན་པ་ནི་མི་དགོས་ཏེ། བྱ་རྒྱུ་མ་བྱས་པའི་ལྟུང་བ་ཡིན་པའི་ཕྱིར། མཐར་ཐུག་ནི་ཉིན་ཞག་ཕྱི་མའི་སྐྱ་རེངས་ཤར་བ་སྟེ། སྐྱ་རེངས་མ་ཤར་བར་བཅབས་ཀྱང་ལྷག་མ་བཅབས་པའི་ཉེས་པ་སྤོ་བ་སྤྱོད་དགོས་མི་འབྱུང་བའི་ཕྱིར། བསླབ་པ་ཡོངས་སུ་སྦྱང་བའི་སྐབས་སུ་ལྟུང་བ་གླེང་བའི་སྤྱིའི་དོན་ལ་གཉིས་ལས་དགོས་དོན་ནི། ལྟུང་བ་དྲན་པ་དང་། དེ་ལ་བརྟེན་ནས་ཕྱིར་བཅོས་འབྱུང་བ་དང་། དེ་ལས་ལྟུང་བ་དག་པ་དང་། ཚུལ་ཁྲིམས་བསྲུངས་པའི་ཕན་ཡོན་བཅུ་ཐོབ་པའི་དགོས་པ་ཡོད་དོ། །བསྡུས་དོན་ལ་བདུན་ལས། དང་པོ་ཡུལ་གང་ལ་གླེང་བ་ནི། སྡེ་ལྔའི་སྡོམ་པ་གསོ་རུང་དང་ལྡན་པ། ཤེས་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་དབྱུང་མ་ཡིན་པ། ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ། ནད་པ་མ་ཡིན་པ། འབྱེད་ནུས་མ་ཡིན་པ་སྟེ་བདུན་ལྡན་པའོ། །རྟེན་ནི། བསྙེན་རྫོགས་ཀྱི་སྒོམ་པ་རྣམ་པར་དག་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ས་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། ནད་པའམ་དེས་བསྐོས་པ་མ་ཡིན་པ། ཡུལ་དེ་ལ་ལྟུང་བ་བྱུང་བ་ལེགས་པར་ཤེས་པ་སྟེ་བརྒྱད་ལྡན་གྱིས་སོ། །གནས་ནི། སྤྱིར་བཏང་ལ་དབེན་པའི་ཕྱོགས་སུ་གླེང་བར་བྱ་བ་ཡིན་ཏེ། མཐའ་མ་ཡིན་པ་ལ་མི་བྱའོ། །ཞེས་གསུངས་པའི་ཕྱིར། འོ་ན་ལུང་ལས་ཆོས་བཞིན་ལྟུང་བ་གང་གིས་གླེང་བར་བགྱི། ཉེ་བར་འཁོར་དགེ་འདུན་གྱི་ནང་དུའོ། །ཞེས་དང་། ཆོས་བཞིན་ལྟུང་བ་དེ་གང་དུ་དྲན་པར་བགྱི། ཉེ་བར་འཁོར་དགེ་འདུན་གྱི་ནང་དུའོ། །ཞེས་པ་དང་། གླེང་བ་པོ་ཉིད་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ནན་ཏུར་བྱེད་པ་དང་མ་འབྲེལ་བའི་ལྟུང་བ་རྣམས་དབེན་པར་གླེང་། ནན་ཏུར་བྱེད་པ་དང་འབྲེལ་བའི་ལྟུང་བ་རྣམས་དགེ་འདུན་གྱི་ནང་དུ་གླེང་ཞེས་པའི་དོན་ཡིན་པའི་ཕྱིར། དུས་ནམ་གྱི་ཚེ་གླེང་བ་ནི། དབྱར་གནས་པའི་དུས་མ་ཡིན་པ་སེམས་གཏད་བཟོད་པའི་དུས་སུ་བྱའོ། །ཇི་ལྟར་བྱ་བའི་ཚུལ་ནི། གླེང་བྱེད་དེས་བསམ་པར་འོས་པ་རྣམས་བསམས། བརྟགས་པར་འོས་པ་རྣམས་བརྟགས། དྲན་པ་དང་ཤེས་བཞིན་སྔོན་དུ་གཏང་། བྱམས་པ་དང་སྙིང་རྗེའི་སེམས་ཀྱིས་གླེང་བར་བྱའོ། །དེ་ལ་བསམ་པར་འོས་པ་རྣམས་བསམས་ཞེས་པའི་དོན་ནི། རང་ཉིད་ཚུལ་དང་མཐུན་པར་གླེང་མི་གླེང་བརྟག་པའོ། །བརྟག་པར་འོས་པ་བརྟགས་ཅེས་པ་ནི། གང་ཟག་དེ་ལ་གླེང་རིགས་མི་རིགས། དུས་དེར་གླེང་རིགས་མི་རིགས། གནས་དེར་གླེང་རིགས་མི་རིགས་བརྟག་པའོ། །དེའི་དུས་སུ་གླེང་བྱ་དེས་ཀྱང་གླེང་བྱེད་དེ་ཚུལ་དང་མཐུན་པར་གླེང་མི་གླེང་བརྟགས་ནས་ཚུལ་དང་མཐུན་པར་གླེང་ན་གླེང་བ་པོ་འདི་བདག་གིས་ལེགས་པར་རྙེད་དོ་སྙམ་པའི་བསམ་པས་གླེང་བ་དེ་ཁས་བླང་བར་བྱའོ། །གླེང་ནས་ཇི་ལྟར་བྱ་བའི་ཚུལ་ལ་ཁ་ཅིག་ན་རེ། གླེང་བའི་སྐབས་འབྱེད་མི་འབྱེད་གཉིས་ལས། སྐབས་མི་འབྱེད་པ་དེ་ལ། མཐའ་དག་ལ་སྐབས་མི་འབྱེད་པ་དང་། ཕྱོགས་འགའ་ལ་སྐབས་མི་འབྱེད་པ་གཉིས། དང་པོ་ལ་བཞམས་བསྒོ་སོགས་བཟློག་པ་ལྔ་བྱེད། དེས་མ་བཏང་ན་བཀའ་བློ་མི་བདེ་བའི་ལྷག་མར་འགྱུར་རོ། །ལྷག་མ་བཞི་བཏུད་བྱེད་པའི་དགེ་སློང་ལ་སྨད་པ་ནན་ཏུར་བྱེད། དེས་མ་བཏང་ན་གནས་དབྱུང་བྱེད་དེ། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་ལ་གནས་དབྱུང་བྱེད་པའི་འདུལ་བ་མདོར་བསྡུས་སྦྱར། ཕྱོགས་འགའ་ལ་སྐབས་མི་འབྱེད་ན་དང་པོ་བརྗོད་བཅས་བྱེད། དེའི་རྗེས་ལ་གདམས་ངག་གཞག དེའི་མཐའ་ལ་མ་བཏང་ན་གསོ་སྦྱོང་གཞག དེ་ནས་དགག་དབྱེ་གཞག་པར་བྱེད། དེས་ཀྱང་མ་བཏང་ན་དགེ་འདུན་ལ་བརྙས་པ་ཡིན་པས་ཕྱིར་འགྱེད་ནན་ཏུར་བྱེད། དེས་མ་བཏང་ན་གནས་དབྱུང་བྱེད་དེ། བསྡིག་པ་ནན་ཏུར་བྱས་ནས་མ་བཏང་བ་ལ་གནས་དབྱུང་བྱེད་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། སྐབས་ཕྱེ་བ་དེ་ལ་མཉན་པ་དང་མི་མཉན་པ་གཉིས། མི་མཉན་པ་དེ་ལ་དང་པོར་ཕུར་བཅས་བྱེད། དེ་ལ་མ་བཏང་ན་གདམས་ངག་གཞག་པ། གསོ་སྦྱོང་གཞག་པ། དགག་དབྱེ་གཞག་པ་བྱེད་ཅེས་གསུངས། བམ་ལྔ་ལས་ནི། ཕྱོགས་འགའ་དང་ཐ་དད་གང་ལ་སྐབས་མ་ཕྱེ་ཡང་དང་པོར་གདམས་ངག་གཞག དེས་མ་བཏང་ན་གསོ་སྦྱོང་གཞག དེས་མ་བཏང་ན་དགག་དབྱེ། དེས་ཀྱང་སྐབས་མི་འབྱེད་ན། བཞམས་བསྒོ་སོགས་བཟློག་པ་ལྔ་བྱ་སྟེ། དེའི་མཐའ་ལ་མི་གཏོང་ན་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་རྩོད་པ་ཞི་བྱེད་ལ་གསུམ་ལས། ལས་བྱེད་པའི་དབྱེན་ནི། མཛོད་ལས། ལས་ཀྱི་དབྱེན་ནི་གླེང་གསུམ་ན། །དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ཞེས་ཏེ། གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་བཞི་ལས། དང་པོ་ལ། གང་དུ་དབྱེ་བའི་གནས་ནི། གླིང་གསུམ་པོ་གང་རུང་ཡིན་པ་མཚམས་ནང་ཡིན་པ་ཞིག་དགོས་ཏེ། ལས་ཀྱི་དབྱེན་ནི་གླིང་གསུམ་ན། །ཞེས་དང་། ཊཱི་ཀར་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུའོ། །ཞེས་གསུངས་པའི་ཕྱིར། གང་དབྱེ་བའི་ཡུལ་ནི། ཆོས་ཕྱོགས་པ་བཞི་ཡན་ཆད་གྲངས་ཚང་བ། ཆོས་མིན་ཕྱོགས་ལ་རང་ཉིད་མ་གཏོགས་པའི་བཞི་ཡན་ཆད་གྲངས་ཚང་བའོ། །གཉིས་ཀ་ཡང་ཁ་སྐོང་དུ་འོས་པ་ཞིག་དགོས་ཏེ། ཁ་སྐོང་དུ་མི་འོས་པས་ལས་བྱས་ཀྱང་མི་འཆགས་པའི་ཕྱིར། གང་གིས་དབྱེ་བའི་གང་ཟག་ནི་ཆོས་མིན་པ་སྟེ། ཆོས་ཕྱོགས་པའི་གང་ཟག་གིས་ལས་བྱས་ན་ལེགས་པར་བྱས་པ་ཡིན་པའི་ཕྱིར། བསམས་པ་ལ་འདུ་ཤེས་དང་། ཀུན་སློང་གཉིས་ལས། དང་པོ་ནི། གཞི་དེ་ལ་མ་འཁྲུལ་བ་ཡིན་ལ། ཀུན་སློང་ནི་ཆོས་དང་འདུལ་བ་ལ་དེ་དང་མི་མཐུན་པར་ཤེས་བཞིན་དུ་ཆོས་མ་ཡིན་པ་ལ་མངོན་པར་ཞེན་ཅིང་། འབྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི། ལས་འབྱེད་པར་བརྩོན་པ། མཐར་ཐུག་ནི་ལས་བརྒྱ་རྩ་གཅིག་ལས་གང་ཡང་རུང་བ་བྱས་པའོ། །གཉིས་པ་འཁོར་ལོའི་དབྱེན་ལ་གསུམ་སྟེ། རང་གཞན་ངོས་གཟུང་ཞིང་གང་དང་ལྡན་པ། ཇི་ལྟར་འབྱེད་པའི་ཚུལ། དེ་མི་འབྱུང་བའི་དུས་སོ། །དང་པོ་ནི་མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་ཁ་ན་མ་ཐོ་བརྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །བསྐལ་པར་མནར་མེད་པར་སྨིན་འགྱུར། །ཞེས་ཏེ། དགེ་འདུན་གྱི་དབྱེན་ནི་དགེ་འདུན་སྡེ་གཉིས་ཐུགས་རྩེ་མི་འཕྲོད་པའི་རང་བཞིན་ལྡན་པ་མ་ཡིན་པའི་འདུ་བྱེད་མ་བསྒྲིབས་ལུང་མ་བསྟན་ཡིན་གྱི། དགེ་མི་དགེ་གང་རུང་མ་ཡིན་ལ་དེ་དང་ཕྱོགས་གཉིས་ཀྱི་དགེ་འདུན་ཡང་དག་པར་ལྡན། དགེ་འདུན་གྱི་དབྱེན་དེའི་ཁ་ན་མ་ཐོ་བའི་བརྫུན་དེ་དང་འབྱེད་པ་པོ་ལྷས་བྱིན་ལྟ་བུ་དང་ཡང་དག་པར་ལྡན། དེའི་རྣམ་སྨིན་ནི་བར་གྱི་བསྐལ་པར་མནར་མེད་སྨིན་པར་འགྱུར་བའོ། །སྔ་མ་ལ། དབྱེན་ལྡན་དང་། ཕྱི་མ་ལ་བརྫུན་ལྡན་ཞེས་བྱའོ། །གཉིས་པ་ནི། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་གཞན་དུའོ་བྱིས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །འཛམ་བུའི་གླིང་ནའོ་དགུ་སོགས་ཀྱིས། །ཞེས་ཏེ། གང་ཟག་གང་གིས་འབྱེད་ན། དགེ་སློང་ཉིད་ཀྱིས་འབྱེད་ཀྱི། དགེ་སློང་མ་སོགས་ཀྱིས་མིན་ཏེ། དེས་འབྱེད་མི་ནུས་པའི་ཕྱིར། དེ་ལྟ་བ་སྤྱད་པས་ཡིན་གྱི། སྲེད་པ་སྤྱད་པས་མ་ཡིན་ཏེ། བསམ་པ་གཡོ་བས་མི་བརྟན་པའི་ཕྱིར། དེ་ཡང་ཚུལ་ཁྲིམས་དང་ལྡན་པས་ཡིན་གྱི། མི་ལྡན་པས་མ་ཡིན་ཏེ། དེའི་ཚིག་མི་བཙན་པའི་ཕྱིར། གནས་གང་དུ་འབྱེད་ན། སྟོན་པ་མངོན་སུམ་བཞུགས་པའི་གནས་ལས་གཞན་དུ་སྟེ། སྟོན་པ་ནི་གཟི་བྱིན་ཆེ་བས་སོ། །གང་འབྱེད་ན་བྱིས་པ་རྣམས་འབྱེད་ཀྱི་ཆོས་མངོན་སུམ་དུ་མཐོང་བའི་འཕགས་པ་དང་། དེ་དང་འདྲ་བའི་སོ་སྐྱེ་མཁས་པ་རྣམས་ནི་མ་ཡིན་ནོ། །ཅི་ཙམ་གྱིས་དབྱེ་བ་ཡིན་ཞེ་ན། ལྷས་བྱིན་ལྟ་བུ་སྟོན་པ་གཞན་དང་དེས་བསྟན་པའི་ལམ་གཞན་བརྟུལ་ཞུགས་ལྔ་པོ་ལ་བཟོད་པ་སྟེ་འདོད་པས་ཁས་ལེན་པའམ། ཚུལ་ཤིང་བླངས་པའི་ཚེ་ན་དབྱེ་བའོ། །འཁོར་ལོའི་དབྱེན་འདི་ཉིད་ཉིན་ཞག་གི་བར་དུ་མི་གནས་ཏེ། དེའི་གོང་དུ་མཆོག་ཟུང་གིས་ངེས་པར་འདུམས་པའི་ཕྱིར་རོ། །སྒྲ་དོན་ནི། ཅིའི་ཕྱིར་འཁོར་ལོའི་དབྱེན་ཞེས་བྱ་ཞེ་ན། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་གསུངས་པ་ལྟར། མཐོང་ལམ་ནི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པས་ན། ཆོས་ཀྱི་འཁོར་ལོ་ཞེས་བྱ་ལ། དེ་སྐྱེ་བ་ལ་གེགས་བྱེད་པས་ན་འཁོར་ལོའི་དབྱེན་ཞེས་བྱ་སྟེ། ལུང་མ་མོ་ལས་འཕགས་པའི་ལམ་ལས་ཐ་དད་དུ་འབྱེད་པས། དེ་སྤངས་ནས་ལམ་གཞན་དུ་འཇོག་པ་ནི་འཁོར་ལོའི་དབྱེན་ནོ་ཞེས་གསུངས་པའི་ཕྱིར། ཡུལ་གང་དུ་འབྱུང་ན་འཛམ་བུའི་གླིང་ཁོ་ན་ན་འབྱུང་ངོ་། །གྲངས་དུ་ཞིག་འབྱེད་ཞེ་ན། ཆོས་ཕྱོགས་པ་བཞི་དང་། རང་མ་གཏོགས་པའི་ཆོས་མིན་ཕྱོགས་པ་བཞི་སྟེ། དགུ་ཡན་ཆད་ཀྱིས་འབྱེད་པར་བྱེད་དོ། །གསུམ་པ་ནི། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་རྩོད་པ་ཞི་བྱེད་དངོས་ལ། དགོས་བསྡུས་གཉིས་ལས། དང་པོ་ནི། རྩོད་པ་དང་རྩོད་པ་ཞི་བྱེད་བསྟན་པ་ལ་དགོས་པ་ཡོད་དེ། ཇི་སྐད་བཤད་པ་ལྟར་གྱི་རྩོད་པ་ཞི་བྱེད་ཀྱིས་དགེ་འདུན་མཐུན་པར་འགྱུར་ལ། དེ་ལ་བརྟེན་ནས་དགེ་བའི་ཕྱོགས་འཕེལ་བར་འགྱུར་བའི་ཕྱིར་རོ། །བསྡུས་དོན་ལ་བདུན་ཏེ། རྩོད་པའི་རྒྱུ། རྩོད་པའི་ངོ་བོ། རྩོད་པའི་དབྱེ་བ། རྩོད་པའི་ཞི་བྱེད། རྩོད་པ་འཕྲུལ་མ། ཞི་བྱེད་འཕྲུལ་མ། རྩོད་པ་མཐར་སྐྱེལ་བའོ། །དང་པོ་ལ་ནང་གི་རྒྱུ་དང་། ཕྱིའི་རྒྱུ་གཉིས། དང་པོ་ནི། འདོད་ཆགས་ཁོང་ཁྲོ་སོགས་རྩ་བའི་ཉོན་མོངས་པ་རྣམས་ཡིན་ལ། དེའི་གཙོ་བོ་ཡང་བདག་འཛིན་ཡིན་ནོ། །ཚོར་འདུ་གཉིས་ཀྱང་རྩོད་པའི་རྒྱུ་ཡིན་ཏེ། མཛོད་ལས། རྩོད་པའི་རྩ་བར་གྱུར་ཕྱིར་དང་། །ཞེས་གསུངས་པའི་ཕྱིར། ཕྱིའི་རྒྱུ་ནི། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་སོགས་བཞི་ཀ་ཡོད་དོ། །དངོས་པོའི་དོན་ནི། སྒྲ་མི་རྟག་པ་ཡིན་པ་ལ་སྒྲ་རྟག་གོ་ཞེས་པ་ལྟ་བུ་དང་། ཆོས་ཐམས་ཅད་བདག་མེད་པ་ཡིན་པ་ལ། ཉེར་ལེན་གྱི་ཕུང་པོ་བདག་དང་བཅས་པ་ཡིན་ནོ་ཞེས་རྩོད་པ་ལྟ་བུའོ། །གདམས་ངག་སོགས་གཞག་པའི་དོན་ནི། བམ་ལྔ་ལས་གདམས་ངག་གཞག་པ་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པའི་རིམ་གྱིས་ལྟུང་བ་འབྱིན་པ་པོའི་གང་ཟག་གཞག་སྟེ། དགེ་འདུན་རང་བཞིན་དུ་གནས་པ་ལས་ལོགས་སུ་སྤང་བའོ་ཞེས་བཤད་དོ། །ལྟུང་བ་བཅས་པའི་རྩོད་པ་ནི། སྡོམ་པ་གསོ་བའི་ལྷག་མ་ཡོད་པའི་ལྟུང་བ་དེ་ཉིད་རྩོད་གཞི་ཉིད་དུ་རུང་གི ཕམ་པ་བཅབ་པ་ནི་རྩོད་གཞིར་མི་རུང་སྟེ། ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་དེ་རྩོད་ཟླ་ཉིད་དུ་མི་རུང་བའི་ཕྱིར་ཏེ། ཊཱི་ཀར་སྤངས་པ་ཉིད་ནས་གཞན་གྱི་ཕྱོགས་ཉིད་ཀྱི་བར་དུ་གྱུར་ན་ཡང་ཞེས་དང་། བམ་ལྔར་ལྟུང་བ་དང་བཅས་པ་ནི་ལྟུང་བ་སྡེ་ལྔའི་ལྷག་མ་དག་ལས་ལྷག་མར་གྱུར་པའི་ལྟུང་བའོ། །ཞེས་གསུངས་པའི་ཕྱིར། ལས་ལ་མི་མཐུན་པའི་རྩོད་པ་ནི། ལས་ལ་འདུ་བ་མི་སྟེར་བའམ་འདུས་ཀྱང་འདི་ལྟ་བུའི་ལས་མ་བྱེད་ཅིག་ཅེས་ཟློག་པར་བྱེད་པའོ། །གཉིས་པ་རྩོད་པའི་ངོ་བོ་ནི། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བས་ལན་འདེབས་པར་འདོད་པས་རྒྱུད་འཁྲུག་པ་དང་བཅས་པའི་ཀུན་སློང་ངོ་། །ཁ་ཅིག་ལུང་ལས་དེ་ལ་བརྟེན་ནས་འདིར་འཐབ་པ་དང་། རྩོད་པ་དང་། མཚང་འབྲུ་བ་དང་། འགྱེད་པ་གང་ཡིན་པ་ཉིད་འགྱེད་པའི་ཕྱིར་རྩོད་པའོ། །ཞེས་པ་དང་འགལ་བར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། རྩོད་པའི་འབྲས་བུ་ལ་རྩོད་པར་བཏགས་པའི་ཕྱིར་རོ། །ཡང་ལུང་ལས། འགྱེད་པའི་ཕྱིར་རྩོད་པ་གང་ཡིན་པ་དེ་ནི་མི་དགེ་བ་དང་བཅས་ལུང་མ་བསྟན་དང་བཅས་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རྒྱུ་ལ་དགོངས་པའི་ཕྱིར་ཞེས་གསུངས་སོ། །གསུམ་པ་དབྱེ་བ་ལ། རགས་པའི་དབྱེ་བ་དང་། ཞིབ་ཏུ་དབྱེ་བ་གཉིས། དང་པོ་ལ་བཞི་སྟེ། འགྱེད་ཕྱིར་གྱི་རྩོད་པ། མི་གདམས་ཕྱིར་གྱི་རྩོད་པ། ལྟུང་ཕྱིར་གྱི་རྩོད་པ། བྱ་ཕྱིར་གྱི་རྩོད་པའོ། །གཉིས་པ་ནི་བཅུ་གཅིག་ཏུ་ཡོད་དེ། འགྱེད་ཕྱིར་གྱི་རྩོད་པ་གཅིག མི་གདམས་ཕྱིར་གྱི་རྩོད་པ་ལྔ། ལྟུང་ཕྱིར་གྱི་རྩོད་པ་བཞི། བྱ་ཕྱིར་གྱི་རྩོད་པ་གཅིག་རྣམས་སུ་ཡོད་པའི་ཕྱིར་རོ། །མི་གདམས་ཕྱིར་གྱི་རྩོད་པ་ལྔར་འགྱུར་བའི་རྒྱུ་མཚན་ནི། དེ་ལ་རྒྱུ་བཅས་དང་རྒྱུ་མེད་གཉིས། དང་པོ་ནི། གང་གིས་གླེང་བའི་ལྟུང་བ་དེ་ཡོད་པའོ། །རྒྱུ་མེད་ནི་གང་གིས་གླེང་བའི་ལྟུང་བ་དེ་ཉིད་མེད་པའོ། །དེ་ལ་བཞི་སྟེ། གཞི་མེད་པ་དང་། གཞི་རྗེས་སུ་སྒྲུབ་པའི་དབང་ཉིད་དང་། ཕྱིར་བཅོས་པ་ལ་མི་ལྟོས་པ་དང་། སྨྱོས་པས་བྱས་པ་རྣམས་སོ། །ལྟུང་ཕྱིར་གྱི་རྩོད་པ་བཞི་ནི། འདི་ལ་ཉེས་པ་རང་གི་ངོ་བོ་མི་ཤེས་པ་དང་། ཤེས་པ་གཉིས་ལས། ཤེས་པ་ལ་གསུམ་སྟེ། ཕྱིར་མ་འཕྲོས་པ་དང་། ཉི་ཚེ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་པས་སོ། །ཞི་བྱེད་གང་རྩོད་པ་ཐམས་ཅད་ཀྱི་ཞི་བྱེད་དུ་འགྱུར་བ། རྩོད་པ་གང་ཞི་བྱེད་ཐམས་ཅད་འཇུག་པའི་གཞིར་གྱུར་པ། རྩོད་པ་སོ་སོ་ལ་ཞི་བྱེད་སོ་སོར་བསྟན་པའོ། །དང་པོ་ནི། བབས་པ་དང་ཤི་བ་ལྟ་བུ་སྟེ། དེས་རྩོད་པ་རང་ཞིར་འགྱུར་བའི་ཕྱིར། གཉིས་པ་ནི། བྱ་ཕྱིར་རྩོད་པ་ཡིན་ཏེ། ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་འཇུག་ཅེས་གསུངས་པའི་ཕྱིར། གསུམ་པ་ལ་སྡོམ་ནི། མངོན་སུམ་དྲན་པ་མ་མྱོས་དང་། །གང་མང་དང་ནི་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། །ཁས་བླངས་པ་ནི་བྱ་བའོ། །ཞེས་པ་ལྟར་བདུན་ལས། འགྱེད་ཕྱིར་རྩོད་པ་ལ་མངོན་སུམ་གྱི་ཞི་བྱེད། གང་མང་གི་ཞི་བྱེད་གཉིས་འཇུག་ལ། དང་པོ་ལ་བརྒྱད་དེ། རྒོལ་དང་གཟུ་དང་དགེ་འདུན་གཞི་པོ་དང་། །གསལ་བ་དང་ནི་གསལ་བའི་གསལ་བ་དང་། །དགེ་འདུན་གཞན་དང་སྡེ་སྣོད་འཛིན་པ་དང་། །གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་མོ། །ཞེས་པ་ལྟར། ཚོགས་པར་དབྱུང་བའི་མངོན་སུམ། གཟུ་བོའི་མངོན་སུམ། དགེ་འདུན་གཞི་པོའི་མངོན་སུམ། གསལ་བའི་མངོན་སུམ། གསལ་བའི་གསལ་བའི་མངོན་སུམ། དགེ་འདུན་གྱི་སྡེ་གཞན་གྱི་མངོན་སུམ། སྡེ་སྣོད་འཛིན་པའི་མངོན་སུམ། གནས་བརྟན་མཐུ་ལྡན་གྱི་མངོན་སུམ་རྣམས་ཏེ་སྔ་མ་སྔ་མས་མ་ཞི་ན་ཕྱི་མ་ཕྱི་མས་ཞི་བར་བྱེད་དོ། །གང་མང་གི་ཞི་བྱེད་ནི། མངོན་སུམ་གྱིས་ཞི་བར་མ་ནུས་ན། དགེ་འདུན་གཞི་པོས་ཕྱོགས་གཉིས་ཀ་ལ་ཚུལ་ཤིང་བྲིམས་ནས་ཚུལ་ཤིང་བགྲངས་ཏེ་གང་མང་བྱ་བ་གསུངས་སོ། །མི་གདམས་པའི་རྩོད་པ་ལ་རྒྱུ་བཅས་རྒྱུ་མེད་གཉིས་ལས། རྒྱུ་བཅས་ནི་གླེང་བྱེད་དང་རྟོགས་པ་གཅིག་ཏུ་བྱས་པའི་སྒོ་ནས་རྩོད་པ་དེ་ཞི་བར་བྱེད། རྒྱུ་མེད་ཡིན་ན། གླེང་བྱ་ལ་དག་པ་བྱིན་པའི་སྒོ་ནས་ཞི་བར་བྱེད་དེ། དེ་ཡང་རྒྱུ་མེད་ཀྱི་དང་པོ་གསུམ་ལ་གང་ཟག་འདི་ནི་དྲན་པ་དང་ལྡན་པ་ཡིན་པས། འདི་ལ་ལྟུང་བ་བྱུང་བ་མ་དྲན་པས་འདི་ལ་ལྟུང་བ་མེད་དོ་ཞེས་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་དག་པར་སྟེར་བ་དང་། བཞི་པ་སྨྱོས་པས་བྱས་པ་ལ། གང་ཟག་འདི་མ་སྨྱོས་པའི་དུས་སུ་ཉེས་པ་མ་བྱས་པས་སྨྱོས་པ་འདི་ལ་ལྟུང་བ་མེད་དོ་ཞེས་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་དག་པ་སྟེར་བའོ། །ལྟུང་ཕྱིར་རྩོད་པ་ཞི་བྱེད་ལ་གཉིས་ཡོད་པའི་ཉེས་པ་རང་གི་ངོ་བོ་ཤེས་པའི་རྩོད་པ་ཞི་བྱེད་ལ་གསུམ་ལས། དང་པོ་ཕྱིར་འཕྲོས་པ་མེད་པའི་རྩོད་པ་ཞི་བྱེད་ལ་ཡང་ལྟུང་བ་ཁས་མི་ལེན་ཞིང་ཕྱིར་མི་བཅོས་པས་རྩོད་པ་ནི། ལྟུང་བ་ཁས་བླངས་པ་དང་། ལྟུང་བ་ཕྱིར་བཅོས་བྱ་བས་རྩོད་པ་དེ་ཞི་བར་བྱེད་དོ། །ལྟུང་བ་ཁས་མི་ལེན་པ་ཁོ་ནའི་རྩོད་པ་ནི། གླེང་བྱེད་ལ་ཁས་བླངས་པས་ཞི་བར་བྱེད་དོ། །གཉིས་པ་ཕྱིར་འཕྲོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་རྩོད་པ་ནི་མངོན་སུམ་གྱིས་འདུལ་བས་སོ། །གསུམ་པ་དགེ་འདུན་མཐའ་དག་དང་འབྲེལ་བའི་རྩོད་པ་ནི། རྩྭ་བཀྲམ་པ་ལྟར་ཕྱོགས་གཉིས་པོ་ཕན་ཚུན་འདུད་ཅིང་བཤགས་པའི་སྒོ་ནས་ཞི་བར་བྱའོ། །ཡང་ན་ལྟུང་ཕྱིར་རྩོད་པ་ལ་གཉིས་ལས། ཉེས་པ་རང་གི་ངོ་བོ་མི་ཤེས་པ་ལ་ངོ་བོ་ཉིད་འཚོལ་བ་དང་མཐུན་པར་བྱིན་པར་ཁས་བླངས་པའི་སྒོ་ནས་ཞི་བར་བྱེད། གཉིས་པ་ནི་ཕྱིར་བཅོས་པར་ཁས་བླངས་པའི་སྒོ་ནས་ཞི་བར་བྱེད། བྱ་ཕྱིར་རྩོད་པ་ནི་ལས་ལ་མཐུན་པ་སྦྱིན་པའི་སྒོ་ནས་སམ་ཞི་བྱེད་གཞན་ཡང་འཇུག་གོ །ལྔ་པ་རྩོད་པ་འཕྲུལ་མ་ལ་ཁ་ཅིག་ན་རེ། ལྟུང་ཕྱིར་རྩོད་པ་ལ་ཕྱིར་འཕྲོས་པ་མེད་པ་དང་། འཕྲོས་པ་དང་བཅས་པ་གཉིས་པོ་ཉི་ཚེ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་བ་གསུམ་ཡོད་པ་བཞིན་དུ་མི་གདམས་པའི་ཕྱིར་རྩོད་པ་ལ་ཡང་དེ་གསུམ་ཡོད་དེ། རྒྱུ་མཚན་མཚུངས་པའི་ཕྱིར། མི་གདམས་པའི་ཕྱིར་རྩོད་པ་ལ། གཞི་མེད་པ་དང་། གཞན་རྗེས་སུ་སྒྲུབ་པའི་དབང་ཉིད་དང་། ཕྱིར་བཅོས་ལ་མི་ལྟོས་པ་དང་། སྨྱོས་པས་བྱས་པ་བཞི་ཡོད་པ་ལྟར་ལྟུང་ཕྱིར་རྩོད་པ་ལ་ཡང་བཞི་ཡོད་དེ། རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་གསུངས་པ་མི་འཐད་དེ། ལྟུང་ཕྱིར་རྩོད་པ་གང་གིས་གླེང་བའི་ལྟུང་བ་དེ་ཡོད་དགོས་པའི་ཕྱིར། དྲུག་པ་ཞི་བྱེད་འཕྲུལ་མ་ལ་ཁ་ཅིག ཕྱིར་འཕྲོས་པ་མེད་པའི་རྩོད་པ་ལ་ཕྱིར་བཅོས་བྱེད་པར་ཁས་བླངས་པས་ཞི་བ་བཞིན་མངོན་སུམ་གྱིས་ཀྱང་ཞི་བྱེད་འཇུག་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར། ཕྱིར་འཕྲོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་རྩོད་པ་དེ་ལ། མངོན་སུམ་གྱི་ཞི་བྱེད་འཇུག་པ་བཞིན་དུ་ཕྱིར་བཅོས་པར་ཁས་བླངས་པའི་སྒོ་ནས་ཀྱང་ཞི་བྱེད་འཇུག་སྟེ་རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་གསུངས་སོ། །བདུན་པ་རྩོད་པ་མཐར་བསྐྱལ་བ་ནི་འགྱེད་ཕྱིར་རྩོད་པ་ལ་མངོན་སུམ་དང་གང་མང་གིས་མ་ཞི་ན་གནས་དབྱུང་བྱེད་པ་བཞིན་དུ། ཞི་བྱེད་གཞན་རྣམས་ཀྱིས་མ་ཞི་ན་ཡང་གནས་དབྱུང་བྱེད་དེ། རྒྱུ་མཚན་མཚུངས་པའི་ཕྱིར། ལྟུང་ཕྱིར་གྱི་རྩོད་པའི་གཞི་ལ་བརྟེན་ནས་འཐབ་པ་དང་མཚང་འབྲུ་བ་སོགས་ཀྱི་རྩོད་པ་བྱུང་ན་དེ་ཞི་བར་བྱ་བའི་ཕྱིར་བསྡིགས་པ་ནན་ཏུར་བྱེད། དེས་མ་ཞི་ན་གནས་དབྱུང་བྱེད་དོ། །དགེ་འདུན་གྱིས་རྩོད་པ་ཞི་བྱེད་ལ་ཞུགས་པ་དེའི་ཚེ་གང་ཟག་འགའ་ཞིག་ཆེད་དུ་བྱས་ནས་ཞི་བྱེད་ལ་མ་འདུས་ན་ཕྱིར་འགྱེད་ནན་ཏུར་བྱ། དེས་ཀྱང་མ་འདུས་ན་གནས་དབྱུང་བྱ་ཞེས་གསུངས་སོ། །ལྔ་པ་དེ་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞི་ལ། ཕྱག་བྱ་བ་དང་མི་བྱ་བའི་རིམ་པ་མཚན་ནས་བརྗོད་པའི་ཚུལ། གནས་མལ་བསྟེན་པ་དངོས། འདུལ་བ་མདོར་བསྡུས་ཏེ་བསྟན་པ་དང་གསུམ་ལས། དང་པོ་གཉིས་ནི་གཞུང་ལས་ཤེས་པར་བྱའོ། །གསུམ་པ་འདུལ་བ་མདོར་བསྡུ་བ་བསྟན་པ་ནི། མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མིན་པར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ། །ཞེས་པའི་སྐབས་སུ། མཁས་པ་གཞན་གྱི་ལུགས་འགོད་པ་དང་། བླ་མའི་བཞེད་པ་བསྟན་པ་གཉིས་ལས། དང་པོ་ལ་ཁ་ཅིག་ན་རེ། འདི་ལ་བཞི་སྟེ། གཞི་གང་ལ་རུང་མཐུན་བཅས་པ། རུང་མཐུན་རང་གི་ངོ་བོ། རུང་མཐུན་བཅས་པའི་དགོས་པ། རུང་མཐུན་སྦྱར་བ་ལས་དངོས་གཞི་དང་ན་སྨད་པ་ཇི་ལྟར་འགྱུར་བའི་ཚུལ་ལོ། །དང་པོ་ནི། ཁ་ཅིག་ལུང་ལས་གནང་མེད་བཀག་མེད་ལ་རུང་མཐུན་བྱ་བར་གསུངས་པའི་ཕྱིར་དེ་ལ་བྱའོ་ཞེས་ཟེར་ཏེ། དེ་ནི་མི་འཐད་དེ། དེ་འདྲའི་གཞི་མི་སྲིད་ཅིང་། སྟོན་པས་གནང་བཀག་མ་བྱས་ཀྱང་གནང་བཀག་གི་བསླབ་པ་འཆའ་ན་ཁྱེད་སངས་རྒྱས་སུ་ཐལ་ལོ། །དེས་ན་ལུང་གི་དགོངས་པ་ནི། རུང་མཐུན་བཅའ་བའི་གོང་ཡན་ཆད་དུ་གནང་མེད་བཀག་མེད་ལ་དགོངས་པ་ཡིན་གྱི། རུང་མཐུན་བཅས་ནས་མི་རུང་བ་ཐམས་ཅད་བཀག་ཚར་བ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་རུང་མཐུན་མ་གསུང་གོང་དུའང་གནང་བཀག་གི་རྒྱུ་མཚན་དང་ལྡན་པ་ལ་གནང་བཀག་བཅས་པས་ཁྱབ་སྟེ། དགོན་པ་བ་ཕམ་པར་གྱུར་ཟིན་ཞེས་དང་། ངས་གནང་བ་གང་ཡིན་པ་ཁྱོད་ཀྱིས་ཤེས་སོ་ཞེས་སོགས་གསུངས་པའི་ཕྱིར། དེས་ན་ས་བརྐོ་བ་བཀག་པས་དགག་བྱ་དང་ལྡན་པའི་བྱེ་མ་བརྐོ་བ་བཀག་ཟིན་པ་ཡིན་ནོ་ཞེ་ན། ལུང་གི་དགོངས་པ་སྔར་བཤད་ཚར་རོ། །རྒྱུ་མཚན་མཚུངས་པ་ཐམས་ཅད་གཅིག་བཀག་པས་ཐམས་ཅད་དགག་པར་འགྱུར་ན། དུད་འགྲོ་གསོད་པ་སོགས་བཀག་པས་འདེབས་སྤྱོད་ཡང་དགག་པར་འགྱུར་ལ། བརྫུན་བཀག་པས་བཞི་མེད་དང་། བག་ཙམ་གྱི་སྐུར་འདེབས་དང་། བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱང་དགག་པར་འགྱུར་ལ། འདོད་ན། དེ་དག་ལ་ལས་དང་པོ་པ་མི་སྲིད་པར་ཐལ་ཞིང་། རུང་མཐུན་བཅས་པའང་དགོས་པ་མེད་པར་འགྱུར་རོ། །དེས་ན་རུང་མཐུན་གསུངས་པའི་གོང་ཡན་ཆད་དུ་རུང་ངོ་ཞེས་དངོས་སུ་གནང་བ་ཡང་མེད། མི་རུང་བས་མི་བྱའོ་ཞེས་དངོས་སུ་བཀག་པ་ཡང་མེད་པ་དོན་ལ་གནང་བཀག་གི་རྒྱུ་མཚན་ཡོད་པའི་གཞི་དེ་ལ་བརྩིའོ། །རུང་མཐུན་བཅས་རྟིང་མི་རུང་བ་ཐམས་ཅད་རུང་མཐུན་གྱིས་བཀག རུང་བ་ཐམས་ཅད་རུང་མཐུན་གྱིས་གནང་བ་ཡིན་པས་དེའི་གཞི་དེ་ལ་བྱའོ། །གཉིས་པ་རུང་མཐུན་རང་གི་ངོ་བོ་ནི། སྔར་སྒྲུབ་པའི་བསླབ་པ་འཆའ་བའི་རྒྱུ་མཚན་ཡོད། དགག་པའི་བསླབ་པ་འཆའ་བའི་རྒྱུ་མཚན་མེད་ན་རུང་བར་བསྒྲུབ་བཟློག་ན་མི་རུང་བར་བསྒྲུབ་སྟེ། དཔེར་ན་མིག་སྨན་མིག་ལ་ཕན་པའི་ཕྱིར་དུ་བསྟེན། སྒེག་རྫས་སུ་མི་བསྟེན་ཞེས་གསུངས་པས། སྔར་ཏམ་བུ་ལ་རུང་བས་ཟོ་ཞིག མི་རུང་བས་མ་ཟ་གཅིག་ཅེས་གང་ཡང་མ་གསུངས་ཀྱང་སྨན་རྣམས་ཁ་ཤོལ་བའི་དོན་དུ་རུང་ལ། སྒེག་རྫས་སུ་མི་རུང་བར་སྒྲུབ་པ་དང་། སྔར་འགྲེང་ཏེ་བཤང་བ་མི་བྱའོ་ཞེས་མི་རུང་བར་བསྟན་པས་ཉལ་ཏེ་བཤང་གཅི་བྱེད་པའང་མི་རུང་བར་བསྒྲུབ་པ་དང་། སྔར་རྡོའི་ཡོལ་གོར་དུ་ཟས་ཟ་བ་གནང་བས་ཁམ་ཕོར་དུའང་ཟས་ཟ་བ་གནང་བར་སྒྲུབ་པ་སྟེ། མདོར་ན་ཆོས་ཅན་རུང་མཐུན་མ་བཅས་གོང་གི་གནང་མེད་བཀག་མེད་དེ་ལ། རྟགས་དགོས་པ་ཡོད་པས་རུང་བ་དང་མཐུན། དགག་བྱ་མེད་པས་མི་རུང་བ་དང་འགལ་བ་རྟགས་སུ་བཀོད་ནས་རུང་བར་བསྒྲུབ། ཡང་དགག་བྱ་ཡོད་པས་མི་རུང་བ་དང་མཐུན་དགོས་པ་མེད་པས་རུང་བ་དང་འགལ་བ་རྟགས་སུ་བཀོད་ནས་མི་རུང་བར་བསྒྲུབ་པ་ཡིན་ལ། སྟོན་པས་རུང་མཐུན་བཅས་པས་ཆོས་ཅན་དེའི་སྟེང་དུ་རྟགས་དེས་བསྒྲུབ་བྱའི་ཆོས་དེ་སྒྲུབས་ཤིག་ཅེས་གསུངས་པས། རྟགས་དེ་ལ་ཆོས་ཀྱིས་ཁྱབ་པར་སྟོན་པས་བཅས་པ་ཡིན་ལ། ཕྱིས་རུང་མཐུན་སྦྱོར་བ་པོས་རྟགས་དེས་ཆོས་ཅན་དེ་ལ་བསྒྲུབ་བྱའི་ཆོས་དེ་བསྒྲུབས་ནས་འཇུག་ཟློག་བྱེད་པ་ཡིན་ནོ། །གསུམ་པ་རུང་མཐུན་བཅས་པའི་དགོས་པ་ནི། སྔར་དགག་དགོས་དང་ལྡན་ཡང་། དགག་སྒྲུབ་ཀྱི་བསླབ་པ་དངོས་སུ་མ་བཅས་པ་རྣམས་ལ། ཕྱི་རབས་ཀྱི་སྐྱེ་བོས་བཅས་པ་ནི་མེད་སྙམ་ནས་དགག་བྱ་དང་ལྡན་པ་ལ་ཞུགས། དགོས་པ་དང་ལྡན་པ་ལས་ལོག་པས་ཉེས་དམིགས་ཆེན་པོ་འབྱུང་བས་དེ་དགག་པའི་ཕྱིར་དུ་མྱ་ངན་ལས་འདས་པའི་གེགས་སུ་གྱུར་པ་རྣམས་ནི་དགག་དགོས། གྲོགས་སུ་གྱུར་པ་རྣམས་ནི་སྒྲུབ་དགོས་པས་དགག་དགོས་དང་ལྡན་པ་ལ་བཅས་པས་ཁྱབ་པར་མཛད་པ་ཡིན་ལ། རྗེས་འཇུག་གིས་ཀྱང་དེ་ལྟར་འཇུག་ཟློག་བྱས་པས་མྱ་ངན་ལས་འདས་པའི་གེགས་སུ་གྱུར་པ་སྤངས་ཤིང་གྲོགས་སུ་གྱུར་པ་བསྟེན་པས་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་སུ་འགྱུར་བའི་ཕྱིར་རོ། །བཞི་པ་རུང་མཐུན་སྦྱར་བ་ལ་དངོས་གཞི་དང་ན་སྨད་དུ་ཇི་ལྟར་འགྱུར་ཚུལ་ནི། གཞི་ལ་སོགས་པའི་ཡན་ལག་ཐམས་ཅད་མཉམ་ན་མཉམ་པར་འགྱུར་ཏེ་ལུག་བལ་དཀོན་ཞིང་རིན་ཆེ་བར་དེའི་སྟན་བྱས་ན་ལྟུང་བ་དངོས་བཞིར་འགྱུར་བ་བཞིན་ནོ། །ཆུ་ལ་རྩེ་བའི་ལྟུང་བ་ཆུ་མ་ཡིན་པ་ལ་རྩེས་ན་ན་སྨད་པའམ། རང་གིས་བྱ་དགོས་པའི་ལྟུང་བ་གཞན་ལ་བཅོལ་ན་ན་སྨད་པ་ལྟར། གཞིའི་ཡན་ལག་ལ་སོགས་པའི་སྒོ་ནས་ན་སྨད་ན་ལྟུང་བའང་ན་སྨད་དེ། བོན་པོའི་འདུག་གནས་སུ་ཟ་བ་དང་། བོན་པོ་ལ་ཟས་བྱིན་པའམ་ན་སྨད་པར་འགྱུར་བར་ཤེས་པར་བྱའོ། །དེའི་རྗེས་སུ་འབྲངས་ནས་ཕྱིར་བཅོས་པའི་ཚུལ་ཡང་ཤེས་པར་བྱའོ། །ཞེས་གསུངས་སོ།།  ༈  །།གཉིས་པ་ནི། འདུལ་བ་མདོར་བསྡུས་ལ་གཉིས་ཏེ། སྤྱིའི་དོན་དང་ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། བཤད་བྱའི་མདོ་དགོད་པ། གོ་རིམ་ལ་སྐྱོན་ཆགས་པ་སྤོང་བ། བསྡུས་པ་རྒྱས་པར་བཤད་པའོ། །དང་པོ་ནི། འདུལ་བ་འོད་ལྡན་དུ་ཕྲན་ཚེགས་དྲངས་པ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་དེའི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་ཁྱེད་ལ་འདུལ་བར་རྒྱ་ཆེར་ནི་བསྟན་གྱི། མདོར་བསྡུས་པ་མ་བསྟན་པས་འོན་ཀྱང་མདོར་བསྡུས་པ་ཡང་ཉོན་ཅིག དགེ་སློང་དག་ངས་ཁྱེད་ལ་གང་ཞིག་གནང་བ་ཡང་མེད་ལ། བཀག་པ་ཡང་མེད་ལ། རུང་བ་དང་ཉེ་ཞིང་བྱ་བ་མ་ཡིན་པ་ཟློག་པར་བྱེད་པ་ནི་བྱ་བ་ཡིན་པར་གཟུང་བར་བྱའོ། །མི་རུང་བ་དང་ཉེ་ཞིང་། རུང་བ་དང་འགལ་བ་ནི་བྱ་བ་མ་ཡིན་པས་སྤྱད་པར་མི་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། ཁ་ཅིག་ན་རེ་དངོས་བཅས་སྔར་བསྟན་ནས། རུང་མཐུན་ཕྱིས་སྟོན་པ་འདི་གོ་རིམ་ལ་སྐྱོན་ཆགས་པ་ཡིན་ཏེ། དངོས་བཅས་རྒྱས་བཤད་དང་། རུང་མཐུན་མདོར་བསྟན་ལྟ་བུ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲའི་བསྟན་བཅོས་ལས། དང་པོ་གཉིས་ལས་མཆོད་འོས་སམ། །ཡང་ན་ཡི་གེ་རབ་ཉུང་བ། །ཞེས་བཤད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ལུང་ལས་དངོས་བཅས་སྔར་བསྟན། རུང་མཐུན་ཕྱིས་བསྟན་པ་ལྟར་འདིར་ཡང་དེ་དང་མཐུན་པར་བསྟན་པ་དང་། དངོས་བཅས་ལ་བརྟེན་ནས། མདོར་བསྡུས་ཀྱི་སྤང་བླང་ལ་འཇུག་དགོས་པའི་ཕྱིར། གསུམ་པ་ལ་ལྔ་སྟེ། དབྱེ་བ། ངོ་བོ། མཚན་ཉིད། ངེས་ཚིག་སྦྱོར་བའི་ཚུལ། རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། རྒྱུ་མཚན་གྱི་སྒོ་ནས། ངོ་བོའི་སྒོ་ནས། གནས་སྐབས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་གསུམ་སྟེ། དགག་པའི། སྒྲུབ་པའི། གནང་བའི་འདུལ་བ་མདོར་བསྡུས་པའོ། །དང་པོ་ནི། བྱེ་མ་འཐས་པར་གནས་པའི་སྲོག་ཆགས་དང་བཅས་པ་བརྐོས་པ་བཀག་པ་ལྟ་བུའོ། །གཉིས་པ་ནི། དགེ་ཚུལ་གྱིས་གསོ་སྦྱོང་བྱེད་དགོས་པ་ལྟ་བུ་སྟེ། སུམ་བརྒྱ་པར། གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །དགག་དབྱེ་དག་པ་གོ་བར་བྱ་ཕྱིར་ཏེ། །དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཞེས་པ་ལྟར་རོ། །གསུམ་པ་ནི། ཁམ་ཕོར་དུ་ཟས་ཟ་བ་གནང་བ་ལྟ་བུའོ། །གཉིས་པ་ངོ་བོའི་སྒོ་ནས་འདུལ་བ་མདོར་བསྡུས་ལ་གཉིས་ཏེ། རྒྱུ་ཚོགས་དང་བཅས་པའི་འདུལ་བ་མདོར་བསྡུས་དང་། བཅས་པ་ངོ་བོ་ཡན་ལག་གི་འདུལ་བ་མདོར་བསྡུས་སོ། །དང་པོ་ནི་སྲོག་ཆགས་དང་བཅས་པའི་བྱེ་མ་བརྐོ་བ་བཀག་པ་ལྟ་བུའོ། །གཉིས་པ་ནི། འཁྲིག་ཚིག་སྨྲ་བའི་ལྷག་མ་བསྐྱེད་པ་ལ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དགོས་པ་བཞིན་དུ་བསྙེན་བསྐུར་བསྔགས་པའི་ལྷག་མ་བསྐྱེད་པ་ལ་ཡང་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དགོས་པ་ལྟ་བུའོ། །གསུམ་པ་གནས་སྐབས་ཀྱི་སྒོ་ནས་དབྱེ་ན། ངོ་བོ་ཉིད་ཀྱི་མདོར་བསྡུས་དང་། བྱེད་པའི་མདོར་བསྡུས་གཉིས་སོ། །གཉིས་པ་ངོ་བོ་ནི། གསལ་ཁ་མ་དོད་པ་སྟེ། འདུལ་བའི་བསླབ་པ་རྣམ་པར་གཞག་པའི་བདག་ཉིད་བྱ་བ་དང་སྦྱར་ནས་གསལ་ཁ་མ་དོད་པའོ། །གསུམ་པ་མཚན་ཉིད་ནི། འདུལ་བའི་བསླབ་པ་རྣམ་པར་གཞག་པའི་བདག་ཉིད་གང་ཞིག་བྱ་བ་དང་སྦྱར་ནས་གསལ་ཁ་མ་དོད་པའོ། །བཞི་པ་ངེས་ཚིག་ནི། ཚུལ་ཁྲིམས་སྟོན་པར་བྱེད་པས་འདུལ་བ། དགག་དགོས་ཀྱི་རྒྱུ་མཚན་ལ་བརྟེན་ནས་གཞི་དང་མ་སྦྱར་བར་བླང་དོར་མདོར་བསྡུས་ཏེ་སྟོན་པར་བྱེད་པས་མདོར་བསྡུས་ཞེས་བྱའོ། །གང་ལ་སྦྱར་བའི་ཚུལ་ནི། སྤྱིར་གནང་བཀག་མཛད་ལ་གསལ་ཁ་དོད་པའི་སྒོ་ནས་གནང་བཀག་མ་མཛད་པ་དེ་ལ་བྱའོ། །འདུལ་བ་མདོར་བསྡུས་ཞེས་པའི་ཐ་སྙད་ནི་རྒྱ་ཆེར་འགྲེལ། རང་འགྲེལ། བམ་ལྔ། འགྲེལ་ཆུང་། འགྲེལ་པ་བར་མ། སུམ་བརྒྱ་པ་རྩ་འགྲེལ་རྣམས་ལས་བཤད་དེ། སུམ་བརྒྱ་པ་ལས། འདུལ་བ་མདོར་བསྡུས་ཞེས་བྱ་སྒྲོན་མ་དང་། །འདྲ་བ་གཞན་ནི་བདེ་བར་གཤེགས་པའི་གསུང་། །ཞེས་སོ། །ལྔ་པ་རྒྱུ་མཚན་ལ་གསུམ་སྟེ། དགག་པའི་རྒྱུ་མཚན། སྒྲུབ་པའི་རྒྱུ་མཚན། གནང་བའི་རྒྱུ་མཚན་ནོ། །ཁ་ཅིག་འདུལ་བ་མདོར་བསྡུས་ལ་རྒྱུ་ཚོགས་དང་བཅས་པ་དང་། ཡན་ལག་གི་འདུལ་བ་མདོར་བསྡུས་དང་། ངོ་བོ་ཉིད་ཀྱི་འདུལ་བ་མདོར་བསྡུས་དང་། བྱེད་པའི་འདུལ་བ་མདོར་བསྡུས་བཞིར་དབྱེ་བ་མི་འཐད་དེ། འདུལ་བ་མདོར་བསྡུས་ཀྱི་བསྟན་དོན་འདུལ་བ་མདོར་བསྡུས་མ་ཡིན་པའི་ཕྱིར་ཏེ། འདུལ་བ་མདོར་བསྡུས་དང་རྒྱས་པ་གཉིས་ཀ་ཡང་འདུལ་བའི་གསུང་རབ་ལ་བྱེད་དགོས་པའི་ཕྱིར་རོ། །ཁ་ཅིག་འདུལ་བ་མདོར་བསྡུས་ཡིན་ན་འདུལ་བ་རུང་མཐུན་ཡིན་དགོས་ཟེར་བ་ཡང་མི་འཐད་དེ། འདུལ་བ་མདོར་བསྡུས་དེ་ལ་རུང་མཐུན་དང་མི་རུང་མཐུན་གཉིས་ཡོད་པའི་ཕྱིར་ཏེ། མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུ། ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡན་ལག་གི་དོན་ནི། སྤྱི་དོན་རྒྱས་པར་བཤད་པ་ཉིད་ཀྱིས་ལེགས་པར་གྲུབ་པ་ཡིན་ནོ། །ཡོན་ཏན་ཀུན་གྱི་རྩ་བ་ངེས་འབྱུང་གི །ཚུལ་ཁྲིམས་ཡིན་པ་དམ་པ་རྣམས་ཀྱིས་གསུངས། །དེ་ཕྱིར་དེ་ཉིད་མ་ཐོབ་ཐོབ་པ་དང་། །ཐོབ་པ་བསྲུང་དང་ཉམས་ན་ཕྱིར་བཅོས་པའི། །ཚུལ་འདི་བླ་མའི་གསུང་བཞིན་བདག་དང་ནི། །གཞན་ལ་ཕན་ཕྱིར་ཚིག་དོན་རབ་གསལ་བར། །རང་བཟོ་སྤངས་ཏེ་གཟུ་བོའི་བློ་ཡིས་བསྒྲུབས། །བདག་བློ་རྣམ་དཔྱོད་སྦྱངས་པ་ཞན་པ་དང་། །བརྗོད་བྱ་ཟབ་རྒྱས་རྟོགས་པར་དཀའ་བའི་ཕྱིར། །ནོངས་པ་མཆིས་གང་འཕགས་དང་མཁས་པ་ཡིས། །བཟོད་མཛོད་སླར་ཡང་བློ་གྲོས་སྩལ་དུ་གསོལ། །འདི་ལས་སྐྱེས་པའི་རྣམ་དཀར་དགེ་བ་གང་། །ལྷག་བསམ་སྐལ་ལྡན་ཤིང་རྟ་ལ་བཅིབས་ནས། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འདྲེས་གྱུར་ཏེ། །བགྲང་ཡས་ལུས་ཅན་ཚིམ་པའི་རྒྱུ་རུ་བསྔོ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཡོན་ཏན་གཞི་ལྡན་ཚུལ་ཁྲིམས་ལྷག་བསམ་ཅན། །འདུལ་བ་རྒྱ་མཚོའི་ཚིག་དོན་ཀུན་རྟོགས་ནས། །ཐར་འདོད་འགྲོ་ལ་རྟག་ཏུ་སྟོན་པར་ཤོག །འདུལ་བ་མདོ་རྩ་བའི་སྤྱིའི་རྣམ་པར་གཞག་པ་བདག་གཞན་རབ་ཕན་ཚིག་དོན་རབ་གསལ་ཞེས་བྱ་བ་འདི་ནི། ཐོག་མར་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དྲི་མ་མེད་པར་སྐུ་འཁྲུངས་ཤིང་། མཁྱེན་རབས་དང་ཐུགས་རྗེ་ཚད་མེད་པ་དང་ལྡན་པ། སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཀས་བསྐུལ་ཞིང་། གཞན་ཡང་བློ་གསལ་ཞིང་ཡིད་གཞུངས་པའི་སྡེ་སྣོད་འཛིན་པ་དུ་མས་ཡང་ཡང་བསྐུལ་བའི་ངོར། ཤར་ཀོང་པོའི་ཆོས་སྨྲ་བའི་དགེ་སློང་དབང་ཕྱུག་གྲུབ་པ་དཔལ་བཟང་པོས། དངོས་པོ་ཞེས་བྱ་བ་ཤིང་ཕོ་ཁྱིའི་ལོ། ཧོར་ཟླ་བཅུ་གཅིག་པ། མགོ་ཡིས་ཉ་བའི་ཡར་ཚེས་ལྔ་ལ་ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་གྲྭ་ཆེན་པོར་ལེགས་པར་གྲུབ་པའི་ཡི་གེ་པ་ནི། ལྷན་སྐྱེས་ཀྱི་བློ་གྲོས་མི་དམན་པ་དཀོན་མཆོག་དཔལ་གྱིས་བགྱིས་སོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  ༈  །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*