མདོ་རྩ་བའི་སྤྱི་དོན་ཚིག་དོན་རབ་གསལ། ཀ༽

༄༅། །བིནཡསཱུཏྲམུལསྱསཱམཱནྱཱནྲསུབྷཱུཥིཏབྷཱསཔཱདཱརྠཱབྲབྷནམབིཧརཏིསྨ།།

༄༅། །འདུལ་བ་མདོ་རྩ་བའི་སྤྱི་དོན་ལེགས་བཤད་འོད་ཀྱི་སྣང་བ་ཚིག་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། འདུལ་བ་མདོ་རྩ་བའི་སྤྱི་དོན་ལེགས་བཤད་འོད་ཀྱི་སྣང་བ་ཚིག་དོན་རབ་གསལ་ཞེས་བྱ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་རྗེ། ཆོས་འདུལ་བ་ཐམས་ཅད་མཁྱེན་པ་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཤེས་བྱ་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །སྲིད་པའི་མཚོ་ལས་འགྲོ་བ་མ་ལུས་པ། །དོན་བཞིན་སྟོན་པས་རབ་ཏུ་འདྲེན་མཛད་པ། །ཀུན་མཁྱེན་ཤཱཀྱའི་གཙོ་ལ་ཕྱག་བགྱིའོ། །བསླབ་གསུམ་ཡོན་ཏན་དཀྱིལ་འཁོར་ཡོངས་གང་ཞིང་། །འདུལ་བ་འབུམ་སྡེའི་འོད་དཀར་རབ་སྤྲོས་པས། །འཆལ་ཚུལ་གདུང་བ་མ་ལུས་སེལ་མཛད་པ། །བཙུན་པ་ཡོན་ཏན་འོད་ཀྱིས་འགྲོ་འདི་སྐྱོངས། །རྣམ་དཔྱོད་བརྩོན་པའི་གྲུ་གཟིངས་ཆེར་ཞུགས་ནས། །ཆོས་འདུལ་རྒྱ་མཚོའི་ཕ་རོལ་མཐར་སོན་ཏེ། །ཚུལ་ཁྲིམས་རིན་ཆེན་དགའ་སྟོན་འགྱེད་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །བསྟན་པའི་རྩ་བ་སོ་སོ་ཐར་པ་ཡི། །ཐོག་མཐའ་བར་གྱི་རྣམ་གཞག་གསལ་བར་ནི། །རང་ཉིད་དྲན་པ་གསོ་དང་གཞན་དག་ལ། །ཕན་པར་བྱ་ཕྱིར་སྟོན་ལ་སྤྲོ་བ་སྐྱེས། །དེ་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་ནི་སེམས་ཅན་ཁོ་ནའི་ཆེད་དུ་ཡིན་པས་དེ་བརྙེས་ནས་སེམས་ཅན་གྱི་དོན་མཛད་དགོས་ལ། དེ་ཡང་གདུལ་བྱ་མྱང་འདས་སུ་ཁྲིད་པར་བྱེད་པའི་ལམ་རྣམ་དག་སྟོན་པར་བྱེད་པའི་སྒོ་ནས་ཡིན་གྱི། གཞན་གྱིས་མ་ཡིན་ཏེ། ལངྐར་གཤེགས་པ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གདུལ་བྱ་བསླབ་པ་གསུམ་ལ་འགོད་པ་ཉིད་ཡིན་ཏེ། ཉོན་མོངས་མ་སྤངས་པར་མྱང་འདས་མི་འཐོབ་ལ། ཉོན་མོངས་སྤོང་བ་ལ་ལྷག་པ་ཤེས་རབ་ཀྱི་བསླབ་པ་དགོས་ཤིང་དེའི་རྒྱུར་ཏིང་ངེ་འཛིན་སེམས་ཀྱི་བསླབ་པ་དགོས་ལ། དེའི་རྒྱུར་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་ལ་འགོད་དགོས་པའི་ཕྱིར་ཏེ། ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་སྐྱེ་ཞིང་། ཏིང་ངེ་འཛིན་དང་ལྡན་པའི་ཤེས་རབ་ནི་ཉོན་མོངས་སྤོང་བ་ལ་མཐུ་ཆེ་བས་སོ། །ཚུལ་ཁྲིམས་ཀྱི་བསླབ་པ་ལ་འགོད་པ་ལ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པའི་ཐབས་རྣམས་བསྟན་དགོས་པས། འདིར་དེ་དག་གི་རྣམ་གཞག་འཆད་པ་ལ་གསུམ་སྟེ། བཤད་བྱ་སྟོན་པའི་གསུང་རབ། འཆད་བྱེད་དགོངས་འགྲེལ་གྱི་བསྟན་བཅོས་དང་དེའི་འགྲེལ་པ་ཇི་ལྟར་བྱུང་ཚུལ། སྐབས་ཀྱི་བསྟན་བཅོས་ཀྱི་དོན་ལ་འཇུག་པའོ། །དང་པོ་ལ་གསུང་རབ་ངོས་གཟུང་བ་དང་། ལུང་གིས་སོ་ཐར་ཇི་ལྟར་འགྲེལ་པའི་ཚུལ་གཉིས། དང་པོ་ནི། རྩ་བའི་མདོ་སོ་སོར་ཐར་པ་རྣམ་པ་གཉིས་དང་། དེའི་འགྲེལ་པ་ལུང་གཞི་དང་། རྣམ་འབྱེད། ཕྲན་ཚེགས། གཞུང་དམ་པ་སྟེ་བཞིའོ། །འདི་ལ་ཁ་ཅིག་གདུལ་བྱ་དབང་པོ་རྣོན་པོའི་དབང་དུ་བྱས་ནས་སོ་སོ་ཐར་པ་རྣམ་པ་གཉིས། འབྲིང་གི་དབང་དུ་བྱས་ནས་གཞི་དང་རྣམ་འབྱེད་གཉིས། རྟུལ་པོའི་དབང་དུ་བྱས་ནས་ཕྲན་ཚེགས་དང་གཞུང་དམ་པ་གཉིས་གསུངས་ཞེས་ཟེར་བ་མི་འཐད་དེ། མཆོག་ཟུང་གཉིས་ལ་སོགས་པ་དབང་རྣོན་ལ་བརྟེན་ནས་ཀྱང་ལུང་སྡེ་བཞི་ཀའི་སྐབས་ཀྱི་བཅས་པ་གསུངས་པ་ཡོད་པའི་ཕྱིར། ཡང་ཕྲན་ཚེགས་ལ་གྲགས་པའི་ཕྲན་ཚེགས་དང་། མ་གྲགས་པའི་ཕྲན་ཚེགས་གཉིས་ཡོད་དེ། གཞུང་དམ་པ་ལ་ལུང་ཞུ་བ། འདུལ་བྱེད། གཅིག་ལས་འཕྲོས་པ། ལྔ་ཚན། བཅུ་དྲུག་པ། གླེང་གཞི། མ་མོ། བཀའ་ལུང་གཏམ་གྱི་གཞི་རྐྱང་པའམ། སིལ་བུ། བྲམ་ཟེའི་བུ་མོས་ཞུས་པ་སྟེ་ལེའུ་བཅུ་ཡོད་པ་ལས། དང་པོ་གཉིས་གཞུང་དམ་པ་དང་། ཕྱི་མ་བརྒྱད་མ་གྲགས་པའི་ཕྲན་ཚེགས་ཡིན་པའི་ཕྱིར་ཏེ། བརྒྱད་པོ་དེ་ཕྲན་ཚེགས་ཀྱི་ནང་དུ་བསྡུས་ནས་གསུངས་པའི་ཕྱིར་ཟེར་བ་མི་འཐད་དེ། ལུང་བདུན་པོ་ནི་གཞུང་དམ་པའི་ལེའུ་ཡིན་ལ། ལུང་སིལ་བུ་ནི་ལུང་སྡེ་བཞིས་མ་བསྡུས་པར་མཛོད་ཀྱི་འགྲེལ་བཤད་གཉིས་ལས་བཤད་པའི་ཕྱིར། གླེང་གཞི། མ་མོ། བྲམ་ཟེའི་བུ་མོས་ཞུས་པ་གསུམ་ཕྲན་ཚེགས་སུ་འདོད་པ་མི་འཐད་དེ། གླེང་གཞི་སོགས་སུ་གཏོགས་པའི་དབྱར་གྱི་གཞི་ཞེས་ཕྲན་ཚེགས་ཀྱི་མིང་གིས་མ་བསྟན་པར་གླེང་གཞི་རང་མིང་གིས་བསྟན་པའི་ཕྱིར་དང་། གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པ་ཞེས་པའི་སོགས་སྒྲས་ལུང་མ་མོ་ལ་སོགས་པ་བསྡུས་པའི་ཕྱིར། ལས་བྱེ་བའི་གཞི་ཞུ་བ་དང་བྲམ་ཟེའི་བུ་མོའི་སྐབས་སོ་ཞེས་བྲམ་ཟེའི་བུ་མོས་ཞུས་པ་ཞུ་བའི་ནང་དུ་བསྡུས་ན་སྡུད་པ་པོ་མི་མཁས་པར་འགྱུར་ཏེ། བརྒྱད་པོ་དེ་གཞུང་དམ་པ་མ་ཡིན་བཞིན་དུ་དེའི་ནང་དུ་བསྡུས་པའི་ཕྱིར་རོ། །ཞུ་བ་དང་འདུལ་བྱེད་ཀྱི་ཁྱད་པར་ནི། ཁ་ཅིག མཚན་ཉིད་ལ་དོགས་པ་གཅོད་པ་ཞུ་བ། བྱ་བ་ལ་དོགས་པ་གཅོད་པ་འདུལ་བྱེད་ཅེས་སྨྲ་མོད། རང་ལུགས་ནི། གང་ཟག་སྤྱིའི་དབང་དུ་བྱས་ནས་བྱ་བ་འདི་དང་འདི་བྱས་ན་ཅི་འགྱུར་ཞུས་པའི་ལན་དུ་གསུངས་པ་ཞུ་བ་དང་། གང་ཟག་སོ་སོའི་བྱ་བ་ལ་དོགས་གཅོད་ཞུས་པའི་ལན་དུ་གསུངས་པ་འདུལ་བྱེད་དུ་འཇོག་གོ །གཉིས་པ་ནི། ལུང་སྡེ་བཞིས་སོ་ཐར་གྱི་མདོའི་དགོངས་པ་འགྲེལ་ཚུལ་ཅི་ལྟ་བུ་ཞེ་ན། ལུང་རྣམ་འབྱེད་ཀྱིས་སོ་ཐར་གྱི་མདོའི་ཚིག་དོན་གཉིས་ཀ་རྒྱས་པར་འགྲེལ་པར་བྱེད་དེ། ཚིག་འགྲེལ་ཚུལ་ནི། རྩ་བར་དགེ་སློང་གང་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པ་ཞེས་པའི་ཚིག་འགྲེལ་པ་ལ། རྣམ་འབྱེད་དུ་དགེ་སློང་ནི་ལྔ་སྟེ། མིང་གི་དགེ་སློང་དང་། སློང་བའི་དགེ་སློང་དང་། ཁས་འཆེ་བའི་དགེ་སློང་དང་། དོན་དམ་པའི་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་སྟེ་ལྔའོ། །འདིར་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་གཟུང་ངོ་ཞེས་གསུངས་པ་ལྟ་བུའོ། །དོན་གྱི་ཆ་ཡང་རྒྱས་པར་འགྲེལ་ཏེ། རྣམ་འབྱེད་ལས། བསླབ་པ་འཆའ་བའི་རྒྱུ་གླེང་གཞི། བསླབ་པ་མ་བཅས་པའི་ཉེས་དམིགས། བཅས་པའི་ཕན་ཡོན། བཅས་པ་དང་འགལ་བའི་ལྟུང་བ། དམིགས་བསལ་ལྟུང་མེད། བསླབ་བྱ། ཕྱིར་བཅོས་པའི་ཚུལ་རྣམས་བསྟན་པའི་ཕྱིར་རོ། །ལུང་གཞིས་སོ་ཐར་གྱི་མདོའི་ཚིག་དོན་གཉིས་ཀའི་ཆ་ཡང་རྒྱས་པར་འགྲེལ་ཏེ། ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་མི་ཆགས་པར་གསུངས་པ་དེས་ལོ་ཉི་ཤུ་ལོན་པ་མཐུན་རྐྱེན་དང་། མ་ལོན་པ་འགལ་རྐྱེན་དུ་བསྟན་པས་དེས་མཚོན་ནས་རང་བྱུང་བསྙེན་རྫོགས་བསྒྲུབ་པའི་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་ཚང་བའི་རྣམ་གཞག་རྒྱས་པར་འགྲེལ་པ་ལ། རབ་བྱུང་གི་གཞི་དང་། གླེང་གཞི་གསོ་སྦྱོང་གི་གཞིས་འགྲེལ། བརྟད་བྱུང་གི་སྤང་བའི་སྐབས་སུ་སྟོན་ཟླ་ཐ་ཆུང་གི་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་ཅེས་གསུངས་པ་ནི་དབྱར་ཁས་བླངས་ནས་དགག་དབྱེ་བྱེད་པ་ལ་ཞག་བཅུ་མ་ཚང་བ་ཚུན་ཆད་ཅེས་པའི་དོན་ཡིན་ལ། དེས་ན་དབྱར་དང་དགག་དབྱེའི་རྣམ་གཞག་རྒྱས་པར་འགྲེལ་པ་ལ་དབྱར་གྱི་གཞི་དང་། དགག་དབྱེའི་གཞི་གཉིས། སྤང་ལྟུང་དང་པོ་གསུམ་གྱི་སྐབས་སུ་གོས་ཟིན་པ་སྲ་བརྐྱང་མ་བཏིང་པ་ཞེས་གསུངས་པའི་སྲ་བརྐྱང་གི་རྣམ་གཞག་རྒྱས་པར་སྟོན་པ་ལ་སྲ་བརྐྱང་གི་གཞི། ཟླ་འཇོག་གི་སྤང་བའི་སྐབས་སུ་གོས་རྙེད་པ་དེས་གོས་ལྡང་ན་གོས་བྱེད་པ་དང་། མ་ལྡང་ན་རེ་བ་དང་བཅས་ཏེ་འཇོག་པར་གསུངས་པའི་གོས་ཀྱི་རྣམ་གཞག་རྒྱས་པར་སྟོན་པ་ལ། སྤྱིར་བཏང་ལ་གོས་གཞི་དང་། དམིགས་བསལ་ལ་ཀོ་ལྤགས་ཀྱི་གཞི། བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་རྣམས་ལ་ཕན་པ་སོ་སོར་བསྟན་པར་བྱ་བའི་སྨན་གསུངས་པ་འདི་ལྟ་སྟེ་ཞེས་སོགས་གསུངས་པའི་སྨན་གྱི་རྣམ་གཞག་རྒྱས་པར་འགྲེལ་པ་ལ་སྨན་གཞི། བསྒོ་གྱུར་གྱི་ལས་ཞེས་སོགས་ལས་ཀྱི་རྣམ་གཞག་ཟུར་ཙམ་གསུངས་པ་དེ་རྒྱས་པར་འགྲེལ་པ་ལ་ལས་གཞི། རྩ་བར་དབྱུང་བ་དང་མགུ་བའི་རྣམ་གཞག་ཟུར་ཙམ་གསུངས་པ་དེ་རྒྱས་པར་འགྲེལ་པ་ལ་ཀཽ་ཤམྦཱི་དང་། དམར་སེར་ཅན་གྱི་དང་། སྤོ་བའི་དང་། གང་ཟག་གི་གཞི་སྟེ་བཞི་དང་། མ་ངེས་པ་གཉིས་ཀྱི་སྐབས་སུ་ལྟུང་བ་གླེང་དྲན་བྱ་བའི་ཚུལ་གསུངས་པ་དེ་ལ། ལྟུང་བ་གླེང་བ་དང་། གླེང་ནས་ཇི་ལྟར་བྱ་བའི་ཚུལ་རྒྱས་པར་འགྲེལ་པ་ལ་གསོ་སྦྱོང་གཞག་པའི་གཞི། དབྱེན་བྱེད་ལྷག་མའི་སྐབས་སུ་དགེ་འདུན་གྱི་དབྱེན་ཞེས་གསུངས་པའི་དབྱེན་ལ་ལས་བྱེ་བ་དང་འཁོར་ལོ་བྱེ་བ་གཉིས་ལས་དང་པོ་རྒྱས་པར་འགྲེལ་པ་ལ་ཀཽ་ཤམྦཱིའི་གཞི་དང་། གཉིས་པ་རྒྱས་པར་འགྲེལ་པ་ལ་དབྱེན་གྱི་གཞི་གཉིས། རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གསུངས་པ་དེ་རྒྱས་པར་འགྲེལ་པ་ལ་རྩོད་པའི་གཞི། གནས་མལ་གྱི་ལྟུང་བྱེད་ཀྱི་སྐབས་སུ་གནས་མལ་གྱི་རྣམ་གཞག་གསུངས་པ་དེ་རྒྱས་པར་འགྲེལ་པ་ལ་གནས་མལ་གྱི་གཞི་གསུངས་སོ། །དེ་ལྟར་འཐད་པའི་རྒྱུ་མཚན་ཡང་སོ་ཐར་གྱི་མདོའི་འགྲེལ་བྱེད་རྣམས་ཀྱིས་རྩ་བའི་མདོའི་དོན་དེ་དང་དེ་འཆད་པ་ན་ལུང་གཞིའི་དོན་དེ་དང་དེ་འཆད་པའི་ཕྱིར་རོ། །ཕྲན་ཚེགས་ཀྱིས་ནི་ལུང་གཞི་དང་རྣམ་འབྱེད་དུ་མ་ངེས་པའི་ཕྲན་ཚེགས་ཁ་བསྐངས་ནས་འགྲེལ་བར་བྱེད། གཞུང་དམ་པས་སྔར་བཤད་པ་རྣམས་ལ་དོགས་པ་གཅོད་པའི་སྒོ་ནས་འགྲེལ་བར་བྱེད་དོ། །ལུང་སྡེ་བཞི་པོ་སོ་སོའི་གཞུང་ཚད་ཇི་ཙམ་ཞེ་ན། ལུང་གཞི་ལ་བམ་པོ་བརྒྱ་དང་དགུ། རྣམ་འབྱེད་ལ་བརྒྱ་དང་བཅུ་གཅིག་ཡོད་ཅིང་། དེ་ཡང་ཕ་རྣམས་ལ་བརྒྱད་ཅུ་རྩ་གསུམ། མ་རྣམས་ལ་ཉི་ཤུ་རྩ་བརྒྱད་ཡོད་དོ། །ཕྲན་ཚེགས་ལ་ལྔ་བཅུ་རྩ་དྲུག གཞུང་དམ་པ་ལ་བཞི་བཅུ་རྩ་བརྒྱད་ཡོད་ལ། གཎྜིའི་མདོ་དང་འཁར་གསིལ་བསྟན་པ་དང་བཅང་བའི་མདོ་ནི་ཐེག་ཆེན་གྱི་མདོ་ཡིན་ནོ། །གཉིས་པ་ལ་དགོངས་འགྲེལ་གྱི་བསྟན་བཅོས། དེ་དག་གི་འགྲེལ་པ་བྱུང་ཚུལ། འདིར་ཁས་བླང་བར་བྱ་བ་གང་ཡིན་པ་དང་གསུམ། དང་པོ་ལ་སྡེ་ལྔ་ཆར་གྱི་བླང་དོར་བསྟན་པ་དང་། སོ་སོའི་བླང་དོར་བསྟན་པ་དང་། མདོ་ཉིད་ཀྱི་དཀའ་བའི་དོན་སྟོན་པའི་བསྟན་བཅོས་དང་གསུམ་ལས། དང་པོ་ནི། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་མདོ་རྩ་བ་དང་། ཀརྨ་ཤ་ཏཾ་གཉིས་སོ། །གཉིས་པ་ལ་དགེ་སློང་གི་བླང་དོར་སྟོན་པ་དང་། དགེ་ཚུལ་གྱི་ཐུན་མོང་གི་བླང་དོར་སྟོན་པའི་བསྟན་བཅོས་གཉིས་ལས། དང་པོ་ནི། དགྲ་བཅོམ་པ་ས་གའི་ལྷས་མཛད་པའི་འདུལ་བ་མེ་ཏོག་ཕྲེང་བརྒྱུད་དང་། སློབ་དཔོན་པདྨས་མཛད་པའི་དགེ་སློང་གི་ལོ་དྲི་བ་གཉིས་སོ། །གཉིས་པ་ནི། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བ་སུམ་བརྒྱ་པ་དང་། སློབ་དཔོན་དགེ་འདུན་བཟང་པོས་མཛད་པར་གྲགས་པའི་ཀཱ་རི་ཀ་ལྔ་བཅུ་པ་དང་། སློབ་དཔོན་པདྨས་མཛད་པའི་དགེ་ཚུལ་གྱི་ལོ་དྲི་བ་དང་གསུམ་མོ། །དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མའི་ཐུན་མོང་མ་ཡིན་པའི་བླང་དོར་སྟོན་པའི་བསྟན་བཅོས་བོད་དུ་འགྱུར་བ་མ་མངོན་ནོ། །གསུམ་པ་ནི། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་དྲི་བ་ཚིག་ལེའུར་བྱས་པའོ། །པཎྜི་ཏ་པུཎྱ་ཤྲཱིས་མཛད་པའི་དགེ་བསྙེན་གྱི་བསླབ་བྱ་སྟོན་པའི་སྡོམ་པ་བརྒྱད་པ་རྩ་འགྲེལ་ནི་ཐེག་ཆེན་གྱི་སྡེ་སྣོད་ཀྱི་ནང་དུ་གཏོགས་ཀྱི། ཐེག་དམན་གྱི་སྡེ་སྣོད་དང་མི་མཐུན་ནོ། །གཉིས་པ་ནི། ཕའི་སོ་ཐར་གྱི་འགྲེལ་པ་ལ་དགེ་སློང་ཆུ་འཐུང་ཞེས་བྱ་བས་མཛད་པའི་བམ་པོ་བརྒྱ་དང་བཅུ་ཡོད་པ་དང་། དྲི་མེད་བཤེས་གཉེན་གྱིས་མཛད་པའི་བམ་པོ་ལྔ་བཅུ་པ་དང་། དཔའ་བོས་མཛད་པའི་འདུལ་བའི་གཞུང་འགྲེལ་བམ་པོ་ཉེར་བདུན་པ། དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་བམ་པོ་ཉེར་ལྔ་པ། ཁྱད་པར་བཤེས་གཉེན་གྱིས་མཛད་པའི་འདུལ་བ་བསྡུས་པ་བམ་པོ་བཅུ་བདུན་པ། སྦྲང་བུའི་རྐང་ཅན་གྱིས་མཛད་པའི་འགྲེལ་པ་བམ་པོ་བརྒྱད་མ་དང་། ཚིག་གི་བརྗེད་བྱང་སྟེ་འགྲེལ་པ་བདུན་ཡོད་དོ། །མའི་སོ་ཐར་ལ་དགེ་ལེགས་བཤེས་གཉེན་གྱིས་མཛད་པར་གྲགས་པའི་འགྲེལ་པ་གཅིག་སྣང་བ་འདི་བོད་ཀྱི་ཡིན་པར་མངོན་ཏེ། དེ་ན་འདས་ཞེས་བྱ་བའི་ཚིག་བླ་དྭགས་སུ་བསྣན་པའོ་ཞེས་སོགས་བོད་ཚིག་མང་དུ་སྣང་བའི་ཕྱིར་རོ། །ལུང་གཞི་ལ་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་ཡོད་ཅིང་། དེ་ལས་རབ་བྱུང་དང་གསོ་སྦྱོང་དང་དགག་དབྱེའི་གཞིའི་འགྲེལ་པ་ཕལ་ཆེར་བོད་དུ་འགྱུར་རོ། །རྣམ་འབྱེད་ལ་དུལ་བ་ལྷས་མཛད་པའི་འགྲེལ་པ། ཕྲན་ཚེགས་ལ་ཆོས་མཆོག་གི་སློབ་མ་ཚུལ་ཁྲིམས་སྐྱོང་གིས་མཛད་པའི་འགྲེལ་པ། གཞུང་དམ་པའི་ལེའུ་ཉེ་བ་འཁོར་གྱིས་ཞུས་པ་ལ། མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་ཡོད། གཞུང་དམ་པ་རིལ་པོའི་འགྲེལ་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་ཡོད་པར་ནི་དྲི་བའི་ཚིག་ལེའུར་བྱས་པ་ལས་བཤད་མོད་བོད་དུ་མ་འགྱུར་རོ། །བསྟན་བཅོས་ཀྱི་འགྲེལ་པའི་དབང་དུ་བྱས་ན། མདོ་རྩ་ལ། ཆོས་བཤེས་ཀྱིས་མཛད་པའི་རྒྱ་ཆེར་འགྲེལ་དང་། ཚུལ་ཁྲིམས་འབྱུང་གནས་ཀྱིས་བསྒྱུར་བའི་རང་འགྲེལ་དུ་གྲགས་པ་དང་། ཤེས་རབ་བྱེད་ཀྱིས་མཛད་པའི་འགྲེལ་པ་དང་། འགྲེལ་ཆུང་བི་མ་ལ་མི་ཏྲ་རྣམས་ཡོད། ཀརྨ་ཤ་ཏཾ། མེ་ཏོག་ཕྲེང་བརྒྱུད། དགེ་སློང་དང་དགེ་ཚུལ་གྱི་ལོ་དྲི་བ་རྣམས་ལ་འགྲེལ་པ་བོད་དུ་འགྱུར་བ་མེད་དོ། །སུམ་བརྒྱ་པ་ལ་རང་འགྲེལ་འོད་ལྡན་དང་། དུལ་བ་ལྷས་མཛད་པའི་སློབ་ཕན་གཉིས་ཡོད་ལ། སློབ་ཕན་ལྟར་ན་འོད་ལྡན་རང་འགྲེལ་མིན་པར་འདོད་དོ། །ཀཱ་རི་ཀ་ལྔ་བཅུ་པ་ལ་ཀ་མ་ལ་ཤཱི་ལས་མཛད་པར་གྲགས་པའི་དོན་བརྒྱད་མ་བྱ་བ་ཡོད་དོ། །བམ་པོ་ལྔ་བཅུ་པ་འདི་སོ་ཐར་གྱི་འགྲེལ་པ་ཡིན་ཀྱང་མདོ་རྩ་བའི་ཚིག་དོན་གཉིས་ཀ་རྒྱས་པར་འགྲེལ་པས་མདོ་རྩ་བའི་འགྲེལ་པ་གལ་ཆེ་ཤོས་ཅིག་ཏུ་སྣང་ངོ་། །གསུམ་པ་ནི། འོ་ན་མདོ་འགྲེལ་དེ་དག་གི་ནང་ནས་སྐབས་འདིར་གང་ཁས་བླང་བར་བྱ་ཞེ་ན། མདོ་རྣམས་ཀྱི་ནང་ནས་སོ་ཐར་དང་། འགྲེལ་བ་རྣམས་ཀྱི་ནང་ནས་གཞི་འགྲེལ་དང་རྒྱ་ཆེར་འགྲེལ་གཉིས་སྒྲ་ཇི་བཞིན་དུ་ཁས་བླང་བར་བྱ་བ་ཡིན་གྱི་གཞན་རྣམས་ནི་མ་ཡིན་ཏེ། གཞན་རྣམས་ན་མདོ་རྩ་ནས་བཤད་པ་དང་མི་མཐུན་པ་དུ་མ་སྣང་བའི་ཕྱིར། དེས་ན་བོད་དུ་འགྱུར་བའི་ཀརྨ་ཤ་ཏཾ་ནི་སྐབས་འདིར་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་སྟེ་རྒྱུ་མཚན་སྔར་བཞིན་ནོ།།  ༈  །།གསུམ་པ་སྐབས་ཀྱི་བསྟན་བཅོས་ཀྱི་དོན་ལ་འཇུག་པ་ལ་འདིར་བཤད་པར་བྱ་བ་ནི་འདུལ་བ་མདོ་རྩ་བ་སྟེ། འདི་ལ་སྤྱིའི་ཁོག་བསྒྲིག་པ་དང་། གཞུང་སོ་སོའི་དོན་ལ་དཔྱད་པ་གཉིས། དང་པོ་ནི། རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ་དགོས་འབྲེལ་སྔོན་དུ་བཏང་ནས་བསྟན་བཅོས་དངོས་ལ་འཇུག་པ་ལ་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱ་བའི་ཚུལ། དེ་དག་གཞི་གང་ལ་གནས་ནས་བྱ་བ་དང་གསུམ་ལས། དང་པོ་རབ་བྱུང་གི་གཞི་དང་། གསུམ་པ་གནས་མལ་གྱི་གཞིས་བསྟན། གཉིས་པ་ལ་ལྟུང་བས་མི་གོས་པར་བྱ་བའི་ཕྱིར་མི་མཐུན་ཕྱོགས་ལྟུང་བ་ངོས་གཟུང་བ་དང་། ངོས་ཟིན་ནས་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་པའི་ཚུལ་གཉིས་ལས། དང་པོ་ནི། རྣམ་འབྱེད་གཉིས་སྤྱིར་བསྟན་དང་བཅས་པས་བསྟན་ལ། དེ་ཡང་རྣམ་འབྱེད་གཉིས་ཀྱིས་ལྟུང་བ་སོ་སོ་སྟོན་ཅིང་སྤྱིར་བསྟན་གྱིས་ཐུན་མོང་དུ་བསྟན་ནོ། །གཉིས་པ་ལ་དགེ་འདུན་མཐུན་པ་ལས་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་བས་དག་བྱེད་ཀྱི་ཐབས་དང་། མི་མཐུན་པ་ལ་ཚུལ་ཁྲིམས་དག་པར་མི་འགྱུར་བས་མི་མཐུན་པ་ཞི་བར་བྱེད་པའི་ཐབས་གཉིས། དང་པོ་ལ་ལྟུང་བ་སྔར་མ་བྱུང་བ་མི་འབྱུང་ཞིང་བྱུང་ཟིན་གཞན་གྱིས་བཤགས་སུ་གཞུག་པའི་སྒོ་ནས་དག་པའི་ཐབས་དང་། རྣམ་པ་ཐམས་ཅད་དུ་རྐྱེན་ཁྱད་པར་ཅན་བསྟེན་པའི་སྒོ་ནས་དག་པའི་ཐབས་དང་། ལྟུང་བ་བྱུང་ཟིན་ཕྱིར་བཅོས་པའི་སྒོ་ནས་དག་པའི་ཐབས་དང་གསུམ། དང་པོ་ལ་ལྟུང་བ་མི་འབྱུང་བར་གསོ་སྦྱོང་གིས་བྱེད་པས་དེའི་རྣམ་གཞག་གསོ་སྦྱོང་གི་གཞིས་བསྟན། བྱུང་ཟིན་གཞན་གྱིས་བཤགས་སུ་གཞུག་པའི་སྒོ་ནས་ཚུལ་ཁྲིམས་དག་པར་དགག་དབྱེས་བྱེད་ཅིང་། དེའི་རྒྱུར་དབྱར་ཁས་བླངས་དགོས་པས་དེ་གཉིས་ཀྱི་རྣམ་གཞག་དབྱར་གྱི་གཞི་དང་དགག་དབྱེའི་གཞི་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་ཡང་ཟང་ཟིང་གི་རྐྱེན་བསྟེན་པ་དང་། ཆོས་ཀྱི་རྐྱེན་བསྟེན་པའི་སྒོ་ནས་ཚུལ་ཁྲིམས་དག་པའི་ཐབས་གཉིས་ལས། དང་པོ་གོས་གཞི་ལེའུ་གསུམ་དང་སྨན་གཞིས་བསྟན་ནོ། །གཉིས་པ་ནི། མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པའི་ཐབས་རྣམས་ཡིན་ལ། དེ་ཐམས་ཅད་ལས་ཀྱི་བྱེད་དགོས་པས་དེའི་རྣམ་གཞག་ལས་གཞི་བསྟན་ནོ། །གསུམ་པ་ལ་ལུས་ལྟ་བུ་ཕྱིར་བཅོས་དངོས་དང་། དེའི་ཡན་ལག་གཉིས་ལས། དང་པོ་ཕྱིར་བཅོས་ཀྱི་གཞིས་སྟོན་ལ། གཉིས་པ་ལ་འཆབ་ཉེས་གང་ལ་འབྱུང་བ་དང་། ལྟུང་བ་ལས་ལྡང་བ་དང་ལྡང་བ་མ་ཡིན་པའི་དུས་ཤེས་དགོས་པས་དེའི་རྣམ་གཞག་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞིས་བསྟན། ཡང་ཕྱིར་བཅོས་སྐབས་སུ་སྤོ་མགུ་སྤྱོད་པ་སོགས་བྱ་དགོས་པས་དེའི་རྣམ་གཞག་ས་གཞན་ན་གནས་པ་སྤྱོད་པའི་གཞིས་སྟོན། སྡིག་པ་ནན་ཏུར་སོགས་ཀྱི་སྐབས་སུ་ལྟུང་བ་གླེང་དྲན་བྱེད་དགོས་པས་ལྟུང་བ་དེ་དག་གླེང་བ་དང་། གླེང་ནས་ཇི་ལྟར་བསྒྲུབ་པའི་ཚུལ་རྣམས་བསླབ་པ་ཡོངས་སུ་སྦྱང་བའི་གཞིས་བསྟན། གཉིས་པ་ལ་མི་མཐུན་པ་ངོས་གཟུང་བ་དང་། དེའི་རྒྱུ་ངོས་གཟུང་ནས་དེ་ཞི་བྱེད་དང་སྦྱར་ནས་བཤད་པ་གཉིས། དང་པོ་ལ་ལས་བྱེ་བ་དང་། འཁོར་ལོ་བྱེ་བ་གཉིས་ལས། དེ་གཉིས་རིམ་བཞིན་ལས་བྱེ་བ་དང་འཁོར་ལོ་བྱེ་བའི་གཞིས་བསྟན་ནོ། །གཉིས་པ་ནི། རྩོད་གཞིས་བསྟན་ནོ། །ཁ་ཅིག་གཞུང་གི་བསྡུ་ཚོམས་འདི་ལྟར་འཆད་དེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། ཉམས་ན་ཕྱིར་བཅོས་པའི་ཚུལ་གསུམ་ལས། དང་པོ་ནི། རབ་བྱུང་གི་གཞིས་བསྟན། གཉིས་པ་ལ་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་བསྟེན་པའི་སྒོ་ནས་དང་། མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་དང་། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་དང་། ནང་གི་ཉེར་ལེན་བསམ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས་བསྲུང་བ་དང་ལྔ་ལས། དང་པོ་ནི། གནས་དང་གནས་པའི་ཚུལ་ཁྲིམས་དང་གནས་དང་གནས་པའི་མཚན་ཉིད་སོགས་ཀྱིས་སྟོན་པས་རབ་བྱུང་གི་གཞིས་འཆད་དོ། །གཉིས་པ་རྣམ་འབྱེད་གཉིས་སྤྱིར་བསྟན་དང་བཅས་པས་འཆད་དོ། །གསུམ་པ་ལ་རང་སྟོབས་ཀྱིས་སྦྱོང་བ་ནི་གསོ་སྦྱོང་གི་གཞི་དང་། གཞན་སྟོབས་ཀྱིས་སྦྱོང་བ་ནི་དབྱར་དང་དགག་དབྱེའི་གཞིས་འཆད། བཞི་པ་ལ་བདེ་བར་གནས་པའི་རྐྱེན་གོས་དང་། སྨན་དང་། གནས་མལ་དང་། སྣོད་སྤྱད་བསྟེན་པ་བཞི་ལས། དང་པོ་གོས་གཞི་ལེའུ་གསུམ་དང་། གཉིས་པ་སྨན་གཞིས་འཆད། དེ་ཡང་གོས་ཡོ་བྱད་ཀྱི་གཙོ་བོ་ཡིན་པས་དང་པོར་བསྟན། སྨན་ཕལ་པ་ཡིན་པས་དེའི་རྗེས་སུ་བསྟན་ནོ། །གསུམ་པ་ནི། གནས་མལ་གྱི་གཞི་དང་། བཞི་པ་ནི། རབ་བྱུང་གི་གཞི་དང་རྣམ་འབྱེད་གཉིས་ཀྱི་ཞར་ལ་འཆད། ལྔ་པ་ནི། ངོ་ཚ་ཁྲེལ་ཡོད་དང་དྲན་ཤེས་བཞིན་སོགས་ཀྱི་སྒོ་ནས་བསྲུང་བ་སྟེ་དེ་ཡང་རབ་བྱུང་གི་གཞིའི་ཞར་ལ་འཆད་དོ། །གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་ལ་ལྟུང་བ་ཕྱིར་བཅོས་པ་དང་། རྩོད་པ་ཕྱིར་བཅོས་པ་གཉིས་ལས། དང་པོ་ཕྱིར་བཅོས་ཀྱི་གཞི་ལེའུ་བཞིས་འཆད། གཉིས་པ་རྩོད་གཞིས་འཆད་དེ་ཐམས་ཅད་ལས་ལ་རག་ལས་པས། ལས་ཀྱི་རྣམ་གཞག་ནི་ལས་གཞིས་འཆད་པ་ཡིན་ནོ་ཞེས་གསུང་ངོ་།།  ༈  །།གཉིས་པ་གཞུང་སོ་སོའི་དོན་ལ་དཔྱད་པ་ལ་གཉིས་ཏེ། འཇུག་པའི་ཡན་ལག་དགོས་འབྲེལ་དང་། དགོས་པ་ཅན་གྱི་བསྟན་བཅོས་ཀྱི་ལུས་དངོས་སོ། །དང་པོ་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་པ་སྟེ། འདི་ལ་དགོས་དོན། བསྡུས་དོན། ཚིག་དོན། བརྒལ་ལན་དང་བཞི་ལས། དང་པོ་ནི། བསྟན་བཅོས་ཀྱི་ཐོག་མར་དགོས་འབྲེལ་གྱི་ངག་དགོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྣམ་བཅད་ལ་བསྟན་བཅོས་འདི་ལ་དགོས་སོགས་ཆོས་བཞི་མེད་པར་དོགས་པ་བསལ་ནས། ཡོངས་གཅོད་ལ་དགོས་སོགས་ཆོས་བཞི་ཡོད་པར་ངེས་པའམ་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་གྱི་སྒོ་ནས་རྒོལ་བ་རྟོག་ལྡན་བསྟན་བཅོས་ལ་འཇུག་པར་བྱ་བའི་དོན་དུ་ཡིན་ཏེ། ཊཱི་ཀར་མདོ་དང་པོ་འདིས་ནི་འདུལ་བའི་མདོ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་བརྗོད་དེ། འདི་ལྟར་རྟོག་པ་སྔོན་དུ་བཏང་བ་དག་ནི་འབྲེལ་བ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་། དགོས་པ་མེད་པའི་ཚིག་ཀྱང་ཁས་མི་ལེན་ན། བསྟན་བཅོས་ལ་སོགས་པ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ་ཞེས་གསུངས་པས་སོ། །གཉིས་པ་ནི། བརྗོད་བྱ། དགོས་པ། ཉིང་དགོས། འབྲེལ་པ་དང་བཞི་ལས། འདི་ལ་སྤྱིར་ངག་ཙམ་ལ་ཡོད་པ་དང་། དགོས་འབྲེལ་གྱི་ངག་ལ་ཡོད་པ་དང་། བསྟན་བཅོས་ལུས་ལ་ཡོད་པ་གསུམ་ལས། དང་པོ་ནི། ངག་དོན་མཐུན་ཐམས་ཅད་ལ་ཆོས་བཞི་ཚང་སྟེ། དཔེར་ན་བུམ་པར་ཆུ་འོན་ཅིག་ཅེས་པ་ལྟ་བུ་ལ་མཚོན་ན་བུམ་པར་ཆུ་ལེན་པ་ནི་ངག་དེའི་བརྗོད་བྱ། ལེན་པར་གོ་བ་ནི་ངག་དེའི་དགོས་པ། ཆུ་བླངས་ནས་ཁྲུས་དང་བཏུང་བ་སོགས་ཀྱི་སྐྱེས་བུ་ཚིམ་པར་བྱས་པ་ནི་ཉིང་དགོས། ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་ངག་ལ་རག་ལས་པ་ནི་འབྲེལ་པའོ། །གཉིས་པ་ནི། བསྟན་བཅོས་འདིའི་བརྗོད་བྱ་སོགས་བཞི་ནི་དགོས་འབྲེལ་ངག་གི་བརྗོད་བྱ། དགོས་འབྲེལ་ངག་ལ་བརྟེན་ནས་བསྟན་བཅོས་འདིའི་བརྗོད་བྱ་སོགས་བཞི་རྟོགས་པ་ནི་དགོས་པ། དེ་ལ་བརྟེན་ནས་བསྟན་བཅོས་འདི་ལ་རྟོག་ལྡན་འཇུག་པ་ནི་ཉིང་དགོས། ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་རག་ལས་པ་ནི་འབྲེལ་པའོ། །གསུམ་པ་ནི། སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ནི་བསྟན་བཅོས་འདིའི་བརྗོད་བྱ། བསྟན་བཅོས་འདི་ལ་བརྟེན་ནས་དེ་རྟོགས་པ་ནི་དེའི་དགོས་པ། བསྟན་བཅོས་འདིས་བསྟན་པའི་ཚུལ་ཁྲིམས་ཉམས་སུ་བླངས་པ་ལ་བརྟེན་ནས་ལྷག་མེད་ཀྱི་མྱང་འདས་ཐོབ་པ་ནི་དེའི་ཉིང་དགོས། ཉིང་དགོས་དགོས་པ་ལ་རག་ལས། དགོས་པ་བསྟན་བཅོས་ལ་རག་ལས་པ་ནི་འབྲེལ་པའོ། །ཡང་ན་མདོ་འདི་ནི་ཚུལ་ཁྲིམས་སོགས་རྗོད་བྱེད་ཡིན་པས་ཐབས་དང་། ཚུལ་ཁྲིམས་སོགས་རྟོགས་པ་ནི་མདོ་འདི་ལས་བྱུང་བ་ཡིན་པས་ཐབས་ལས་བྱུང་བ་ཡིན་པས་ན། ཐབས་དང་ཐབས་ལས་བྱུང་བའི་ཚུལ་གྱིས་འབྲེལ་བ་སྟེ། ཊཱི་ཀར་དེ་བས་ན་མདོ་འདི་ནི་ཐབས་ཡིན་ལ། ཚུལ་ཁྲིམས་བསྟན་པ་ནི་ཐབས་ལས་བྱུང་བ་ཡིན་ཏེ། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་བ་ཡིན་ནོ་ཞེས་སོ། །དེ་ལ་ཇི་ལྟར་བསྟན་ན། ཉིང་དགོས་དང་བརྗོད་བྱ་དངོས་སུ་བསྟན་ཏེ། ངེས་པར་འབྱུང་བ་ཞེས་པས་ཉིང་དགོས་དང་། ཚུལ་ཁྲིམས་ཞེས་པས་བརྗོད་བྱ་དངོས་སུ་བསྟན་པའི་ཕྱིར། དགོས་པ་དང་འབྲེལ་པ་ཤུགས་ལས་བསྟན་ཏེ། ཚུལ་ཁྲིམས་བསྟན་པའི་དོན་དུ་མདོ་བརྩམས་ཞེས་དམ་བཅས་པ་ཡིན་པའི་ཕྱིར། ཊཱི་ཀར་དེ་ལྟ་བས་ན་བརྗོད་པར་བྱ་བ་དང་དགོས་པའི་ཡང་དགོས་པ་ལ་ནི་ཚུལ་ཁྲིམས་དང་ངེས་པར་འབྱུང་བའི་སྒྲ་གཉིས་ཀྱིས་གོ་རིམ་བཞིན་དུ་མངོན་སུམ་དུ་བསྟན་ལ། འབྲེལ་པ་དང་དགོས་པ་ནི་ཤུགས་ཀྱིས་བསྟན་ཏེ། ཚུལ་ཁྲིམས་བསྟན་པའི་དོན་དུ་མདོ་རྩོམ་པའི་ཕྱིར་རོ་ཞེས་དང་། ཁ་ཅིག་ནི་མངོན་སུམ་དུའོ། །ཁ་ཅིག་ནི་བརྒྱུད་པས་སོ་ཞེས་སོ། །གལ་ཏེ་ཚུལ་ཁྲིམས་ལ་བརྟེན་ནས་ཉོན་མོངས་སྤངས་པའི་མྱང་འདས་ཐོབ་ན་ཟག་མེད་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་སྤོང་བར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྤོང་བ་བདུན་པའི་མཚན་ཉིད་ཅན་གྱི་ཚུལ་ཁྲིམས་ལ་བརྟེན་ནས་ཟག་མེད་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་སྤོང་བར་འགྱུར་བའི་ཕྱིར། འདི་ལ་དགོངས་ནས་མདོ་ལས། ཚུལ་ཁྲིམས་ལ་གནས་ཚུལ་ཁྲིམས་ལ་བརྟེན་ནས་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་ནི། ངེས་པར་འབྱུང་བ་ཞེས་པ་ལ། ངེས་པ་ནི་གདོན་མི་ཟ་བ། འབྱུང་བའི་སྒྲ་རྐང་པ་དང་གཞོན་པ་དང་ཐོབ་པ་ལ་འཇུག་པ་ལས། འདིར་ནི་ཐོབ་པ་ཁོ་ན་ལ་འཇུག་སྟེ། ངེས་པར་ཞེས་པའི་ཚིག་སྨོས་པའི་ཕྱིར་རོ། །དེས་ན་གདོན་མི་ཟ་བར་ཐོབ་པར་བྱ་བ་ནི་ལྷག་མེད་ཀྱི་མྱང་འདས་ཏེ་ཉིང་དགོས་མཐར་ཐུག་གོ །ལམ་བདེན་དང་ལྷག་བཅས་མྱང་འདས་ནི་གནས་སྐབས་ཀྱི་ཉིང་དགོས་ཙམ་ཡིན་ཀྱང་ཉིང་དགོས་མཐར་ཐུག་མ་ཡིན་ཏེ། ལྷག་བཅས་ནི་གདོན་མི་ཟ་བར་ཐོབ་པར་བྱ་བ་མ་ཡིན་པའི་ཕྱིར་དང་། ལམ་ནི་མྱང་འདས་དེ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། ངེས་པར་འབྱུང་བ་མྱང་འདས་དེ་ཐོབ་པའི་ཐབས་སུ་གྱུར་པའི་ཚུལ་ཁྲིམས་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཏེ། སྤོང་བདུན་འཁོར་དང་བཅས་པའོ། །དེ་ཡང་ལུས་ཀྱི་མི་ཚངས་སྤྱོད་མ་བྱིན་ལེན་སྲོག་གཅོད་སྤོང་བ་སྟེ་གསུམ་དང་། ངག་གི་བརྫུན་ཕྲ་མ་ཚིག་རྩུབ་ངག་རྐྱལ་སྤོང་བ་བཞི་སྟེ་སྤོང་བ་བདུན་ཡིན་ལ། འཁོར་དང་བཅས་པ་ནི་ཆང་སྤོང་བ་ལ་སོགས་པའོ། །དབང་དུ་བྱས་ཏེ་ཞེས་པའི་སྐད་དོད་ལ་ཨ་ཐ་ཞེས་འབྱུང་ལ། དེ་ཡང་བཀྲ་ཤིས་པ་དང་དེ་ནས་ཞེས་པའི་ཚིག་ཕྲད་དང་དེ་མ་ཐག་པ་དང་། དབང་དུ་བྱ་བ་ལ་འཇུག་པ་ལས། འདིར་ནི་ཐ་མ་ཁོ་ན་ཡིན་ཏེ། འདི་ནས་བཟུང་ཏེ་མདོ་ཡོངས་སུ་རྫོགས་པའི་བར་ཐམས་ཅད་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་བསྟན་པར་བྱའོ་ཞེས་རྩོམ་པར་དམ་བཅའ་བ་ཡང་བསྟན་པ་ཡིན་ནོ། །བཞི་པ་ནི། ཁོ་ན་རེ། སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་རྟོགས་པའི་ཕྱིར་དུ་བསྟན་བཅོས་འདི་རྩོམ་པ་མི་རིགས་ཏེ། ལུང་སྡེ་བཞིར་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་བསྟན་ཟིན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། གཞུང་རྒྱས་པ་ཉན་པས་འཇིགས་ནས་དེ་ལ་འཇུག་མི་ནུས་པའི་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་དང་། ལུང་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་། ལུང་དོན་ཕྱིན་ཅི་ལོག་ཏུ་འཆད་པ་བསལ་བའི་དགོས་པ་ཡོད་པའི་ཕྱིར་རོ། །དང་པོ་ནི་གོ་བར་སླ་ལ། གཉིས་པ་གྲུབ་སྟེ། སྟོན་པས་གཞི་གཅིག་ལ་སྦྱར་ནས་གསུངས་པ་དེ་སློབ་དཔོན་གྱིས་གཞི་དུ་མ་ལ་སྦྱར་ནས་གསུངས་པས་སོ། །དཔེར་ན་ལུང་ལས་ཕམ་པ་དང་པོའི་སྐབས་སུ། དགེ་སློང་གང་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕམ་པར་འགྱུར་གྱི་ཞེས་གསུངས་པ་ལ། འདིར་སློབ་དཔོན་གྱིས་ལྟུང་བ་སྡེ་ལྔ་སྤྱོད་པའི་རྟེན་གྱི་ཡན་ལག་ལ་བསླབ་པ་མ་ཕུལ་བ་བསླབ་པ་ཉམས་པར་མ་བྱས་པ་དགོས་པར་བསྟན་པ་ལྟ་བུའོ། །གསུམ་པ་གྲུབ་སྟེ། ཁ་ཅིག་རྫས་སྦྱིངས་ཏེ་བརྐུས་པ་ཕྱིས་ལེན་པ་དེ་བརྐུས་ཟིན་བླང་བའི་བློ་མ་ཡིན་པར་མ་བརྐུས་པ་རྐུ་བའི་བློ་ཡིན་ནོ་ཞེས་ཟེར་བ་དེ་འགོག་པར་བྱེད་པ་ལ། དེ་ཕྱིས་དབྱུང་ངོ་སྙམ་པའི་བློས་གང་ཡིན་པ་བཀུར་བའི་འོ་ཞེས་པ་དང་། ཡང་ཁ་ཅིག་གིས་བུར་ཁུ་བྱིན་རླབས་ཅན་རོ་སླར་གྱུར་ན་ལོངས་སྤྱོད་དུ་མི་རུང་བ་དེ་བཞིན་དུ། བྱིན་གྱིས་མ་བརླབས་པའི་བུར་ཁུ་རོ་སླར་གྱུར་པ་ལོངས་སྤྱོད་དུ་མི་རུང་ཞེས་ཟེར་བ་འགོག་པ་ལ། དེ་ནི་མ་ཡིན་ཏེ་ཞེས་སོགས་གསུངས་པ་དང་། ཡང་ཁ་ཅིག་ངོ་བོ་ཉིད་ཚོལ་བ་དང་མཐུན་པར་སྦྱིན་པ་ནན་ཏུར་གྱི་ཚུལ་དུ་བསྟན་པ་ཡིན་ཏེ། མི་འདོད་བཞིན་དུ་སྦྱིན་པ་བྱ་བ་ཡིན་པའི་ཕྱིར་ཟེར་བ་ལ། སློབ་དཔོན་གྱིས་དགེ་འདུན་ལ་གསོལ་བ་བྱ་དགོས་པས་ནན་ཏུར་དུ་མི་འཐད་ཅེས་འགོག་པ་ནི་དེ་ནི་མི་བཟང་སྟེ་ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་ཊཱི་ཀར་འདིར་དགོས་པ་ནི་ཚུལ་ཁྲིམས་བསྟན་པའོ་ཞེས་སྨྲས་ན། འོ་ན་རྣམ་པར་འབྱེད་པ་ལ་སོགས་པའི་གཞུང་གིས་ཚུལ་ཁྲིམས་དེ་བསྟན་ཟིན་པས་དེའི་ཕྱིར་མདོ་འདི་བརྩམ་པར་མི་བྱ་བ་ཁོ་ནའོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་གཞུང་གཞན་གྱིས་དེ་བསྟན་མོད་ཀྱི། འོན་ཀྱང་གཞུང་རྒྱས་པ་ཉན་པས་འཇིགས་པ་རྣམས་ཀྱི་དོན་དང་། རྣམ་པར་འབྱེད་པ་ལ་སོགས་པ་དེ་དག་ཉིད་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དང་། ལོག་པར་རྣམ་པར་འཆད་པ་བསལ་བའི་དོན་དུ་སློབ་དཔོན་གྱིས་བརྩམས་སོ་ཞེས་གསུངས་སོ།།  ༈  །།གཉིས་པ་དགོས་པ་ཅན་གྱི་བསྟན་བཅོས་ཀྱི་ལུས་དངོས་ལ་གཉིས་ཏེ། སློབ་པ་པོ་རྟེན་གྱི་གང་ཟག་གི་མཚན་ཉིད་དང་། དེས་བསླབ་པར་བྱ་བའི་མཚན་ཉིད་དོ། །དང་པོ་ལ་ལུང་གཞི་དང་། ཕྲན་ཚེགས་དང་། ཞུ་བའི་སྐབས་གསུམ་ལས། དང་པོ་ལ་སྔོན་གྱི་ཆོ་ག་དང་། ད་ལྟར་གྱི་ཆོ་ག་གཉིས། དང་པོ་ལ་ཚིག་གི་དོན་དང་། དོགས་པ་གཅོད་པ་གཉིས། དང་པོ་ལ་སྐྱེ་བ་རྒྱུའི་ཁྱད་པར། སྐྱེ་ཚུལ་གྱི་ཁྱད་པར། ཆོ་ག་གཞན་ཡིན་པར་བསྟན་པ་དང་གསུམ་ལས། དང་པོ་ནི། སྔོན་བཅོམ་ལྡན་འདས་ཀྱིས་ཚུར་ཤོག་གི་སྒོ་ནས་ཕལ་ཆེར་བསྙེན་པར་རྫོགས་པར་མཛད་པས་དགེ་སློང་ཞིག་གི་དྲུང་དུ་རབ་ཏུ་བྱུང་བའི་ཕྱིར་དུ་འོངས་པ་ཚུར་ཤོག་དོན་དུ་གཉེར་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བཏང་བ་བར་སྐབས་སུ་སྲོག་གི་བར་ཆད་དུ་གྱུར་པ་ལ་བརྟེན་ནས་དགེ་འདུན་འདུས་པས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་གསུངས་པ་ཡིན་ལ། དེ་ཚུལ་ཇི་ལྟར་བྱ་ན། མཚམས་ནང་དེར་གཏོགས་པའི་དགེ་འདུན་ཐམས་ཅད་འདུས་པ་ན་བསྒྲུབ་བྱ་དེ་སྐྲ་དང་ཁ་སྤུ་བྲེགས། ཆོས་གོས་གསུམ་བགོས་པའི་རབ་ཏུ་བྱུང་བའི་ཆ་ལུགས་འདི་བཞིན་དུ་རྫོགས་པར་བྱས་ཏེ། ལུས་ཀྱི་སྤྱོད་ལམ་དགེ་འདུན་རྒན་རིམ་ལ་ཡན་ལག་ལྔས་ཕྱག་འཚལ། ཐལ་མོ་སྦྱར། སྟན་མེད་པར་ཙོག་ཙོག་པུར་འདུག་སྟེ། དགེ་འདུན་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པར་གྱུར་པ་ལན་གསུམ་དང་། ཆོ་ག་གོ་བར་བྱེད་པའི་གསོལ་བ་གཅིག་དང་བརྗོད་པ་གསུམ་སྟེ་བཞིའི་ལས་ཀྱི་ཉེ་བར་བསྒྲུབ་པའོ། །གཉིས་པ་སྐྱེ་ཚུལ་ནི་དུས་ཅིག་ཆར་དུ་བར་མ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་ཉེ་བར་བསྒྲུབས་པར་གྱུར་པ་དེ་ཐོབ་པར་བྱས་པའོ། །སྐབས་འདིའི་རབ་ཏུ་བྱུང་བ་ནི་བར་མ་རབ་བྱུང་ཡིན་ཏེ། གཞི་ཊཱིཀ་ལས། རབ་ཏུ་བྱུང་བ་ཞེས་བྱ་བ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཐོབ་པར་མཛད་པའོ། །རྫོགས་པར་བསྙེན་པ་ནི་སྡིག་པ་ཐམས་ཅད་སྤོང་བའི་མཚན་ཉིད་དགེ་སློང་གི་དངོས་པོ་ལ་རྣམ་པར་གཞག་པར་མཛད་པའོ་ཞེས་གསུངས་པའི་ཕྱིར། དགེ་ཚུལ་ལ་བྱེད་པ་མ་ཡིན་ཏེ། དགེ་ཚུལ་ནི་བསྟན་པ་ལ་རིམ་གྱིས་སློབ་པའི་དོན་དུ་བསྟན་པ་ཡིན་ལ། འདིར་བསྟན་པ་ལ་རིམ་གྱིས་སློབ་མི་དགོས་པའི་ཕྱིར་རོ། །གསུམ་པ་ཆོ་ག་གཞན་ཡིན་པར་བསྟན་པ་ནི། རྣམ་པ་དེ་ལྟ་བུ་ནི་སྟེ་ཁོ་ན་ད་ལྟར་གྱི་ཆོ་ག་ལས་གཞན་སྔོན་གྱི་ཆོ་ག་ཡིན་ཞེས་པའི་དོན་ཏེ། ཊཱི་ཀར། ལྟ་བུ་ནི་ཞེས་བྱ་བའི་སྒྲ་ནི་རྣམ་པའི་ཚིག་ཡིན་ཏེ། སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱའི། རྣམ་པར་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས། དང་པོ་ནི། ཁ་ཅིག་སྔོན་ཆོ་ག་ལ་བཅུ་ཡོད་པ་ཡིན་ཏེ། ལུང་མ་མོར། དེ་བཞིན་གཤེགས་པ་རང་བྱུང་དང་། རང་སངས་རྒྱས་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་། ལྔ་པོ་རྣམས་ཡེ་ཤེས་ཁོང་དུ་ཆུད་པས་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང་། ཚེ་དང་ལྡན་པ་ལེགས་སྦྱིན་དྲིས་ནས་ལུང་བསྟན་པས་དང་། དགེ་སློང་ཚུར་ཤོག་ཅེས་གསུངས་པས་དང་། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་དང་། ཡུལ་མཐའ་འཁོབ་ན་འདུལ་བ་འཛིན་པ་ལྔའི་དགེ་འདུན་ལས་དང་། ཡུལ་དབུས་སུ་བཅུ་འདུས་པའམ་དེ་ལས་ལྷག་པ་ལས་དང་། བླ་མའི་ཆོས་ཁས་བླངས་པ་ལས་དང་། ཕོ་ཉས་དང་། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པའོ་ཞེས་དང་། མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བའི་འདུལ་བ་པ་རྣམས་ན་རེ། རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་ཟེར་བ་བསྡུ་བའི་ཕྱིར་སོགས་པའི་སྒྲ་སྨོས་ཏེ། རང་བྱུང་གིས་ནི་སངས་རྒྱས་དང་རང་སངས་རྒྱས་གཉིས་སོ། །ངེས་པ་ལ་ཞུགས་པ་ནི་རྟེན་ལྔ་པོ་རྣམས་སོ། །དགེ་སློང་ཚུར་ཤོག་ཅེས་བྱ་བས་ནི་གྲགས་པ་ལ་སོགས་པ་རྣམས་སོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུང་ཆེན་པོའོ། །དྲི་བས་མཉེས་པ་ནི་ལེགས་སྦྱིན། བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུའི་བདག་མོ་ཆེན་མོའོ། །ཕོ་ཉས་ནི་མཆོད་སྦྱིན་ནོ། །འདུལ་བ་འཛིན་པར་གཏོགས་པ་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་སོ། །བཅུའི་ཚོགས་ཀྱིས་ནི་དབུས་ཀྱི་མི་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་ནི་བཟང་སྡེ་དྲུག་ཅུའི་ཚོགས་ཀྱི་བསྙེན་པར་རྫོགས་པར་བྱས་པ་རྣམས་ཏེ། དེ་དག་གི་སོ་སོ་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་པ་མ་ཡིན་ནོ་ཞེས་དང་། འདུལ་བ་ཚིག་ལེའུར་བྱས་པ་ལས། འདྲེན་པ་རང་རྒྱལ་རབ་བྱུང་གིའོ། །འཕགས་པ་ཀོའུ་ཌི་ཎྱ་སོགས། །ལྔ་སྡེ་རྣམས་ནི་ངེས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་མཆོད་སྦྱིན་མ། །ཚུར་ཤོག་དགེ་སློང་ཞེས་བྱས་ཀྱང་། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བས་མཉེས་པ་ཉིད་ཀྱིས་ནི། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་པ་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་བས་ལྷག་པས་ཀྱང་ནི་རུང་། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གོའུ་ཏ་མ་ལྕི་ཆོས་ཀྱིས། །ཞེས་གསུངས་པའི་དོན་དུ་བསམས་ནས། སྟོན་པ་སངས་རྒྱས་རང་བྱུང་གི་བསྙེན་རྫོགས་དང་། རང་སངས་རྒྱས་མཁན་སློབ་མེད་པར་དང་། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་དུ་ཆུད་པས་དང་། གྲགས་པ་སོགས་ཚུར་ཤོག་གིས་དང་། བཟང་སྡེའི་ཚོགས་དྲུག་ཅུ་སྐྱབས་སུ་འགྲོ་བར་ཁས་བླངས་པས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང་། ལེགས་སྦྱིན་དྲི་བས་དང་། སྐྱེ་དགུའི་བདག་མོ་སོགས་ཤཱཀྱ་མོ་ལྔ་བརྒྱ་ལྕི་བའི་ཆོས་ཁས་བླངས་པས་དང་། མཆོད་སྦྱིན་མོ་འཕྲིན་གྱིས་དང་། ལྷོ་ལམ་པ་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་སྟེ་སྔོན་ཆོག་བཅུའོ་ཞེས་གསུང་ངོ་། །དེ་ལ་མཚོ་སྣ་བ་ན་རེ། མཛོད་འགྲེལ་ལས། རང་བྱུང་གི་ནི་སངས་རྒྱས་དང་རང་སངས་རྒྱས་གཉིས་སོ་ཞེས་གསུངས་པས་སྟོན་པ་དང་རང་སངས་རྒྱས་གཉིས་ཀ་རང་བྱུང་གི་བསྙེན་རྫོགས་ཡིན་ལ། མཆོད་སྦྱིན་མ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པ་ཡིན་པས་སྔོན་ཆོག་བརྒྱད་ཅེས་བཞེད་དོ། །དེ་རྣམས་ཀྱང་བསྡུ་ན། ཡུལ་དགེ་འདུན་ལ་བརྟེན་པ་དང་མ་བརྟེན་པ་གཉིས་སམ། ལས་ལ་བརྟེན་པ་དང་མ་བརྟེན་པ་གཉིས་སུ་ཡང་འདུ་ཞིང་། རྟེན་སྐྱེས་པ་ཁོ་ན་ལ་བརྟེན་པ་དང་། བུད་མེད་ཁོ་ན་ལ་བརྟེན་པ་དང་། གཉིས་ཀ་ལ་བརྟེན་པ་གསུམ་དུ་ཡང་འདུའོ། །དེ་ཡང་ལྕི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ་ནི་བུད་མེད་ཁོ་ན་ལ་བརྟེན་པ་དང་། གསོལ་བཞིའི་བསྙེན་པར་རྫོགས་པ་དང་འཕྲིན་གྱི་བསྙེན་རྫོགས་ནི་གཉིས་ཀ་ལ་བརྟེན་པ་ཡིན་ལ། གཞན་རྣམས་ནི་སྐྱེས་པ་ཁོ་ན་ལ་བརྟེན་ནོ། །ཁ་ཅིག་ཚུར་ཤོག་བུད་མེད་ལ་ཡང་གནང་ངོ་ཞེས་འདོད་དོ། །དེའི་མཚན་ཉིད་ནི། མཁན་སློབ་མེད་པར་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་ཅིག་ཅར་དུ་ཐོབ་པར་བྱེད་པའི་ཐབས་སོ། །དེ་གང་ལ་གནང་ན་དབང་པོ་དང་། རྒྱུད་དང་། དགེ་རྩ་གསུམ་སྨིན་པ་ཤས་ཆེ་ཞིང་། ཉོན་མོངས་པ་དང་། ལས་དང་། རྣམ་སྨིན་གྱི་སྒྲིབ་པ་གསུམ་ཤས་ཆུང་བའི་གང་ཟག་ལ་གནང་ལ། ཁྱད་པར་དུ་རང་བྱུང་དང་མཁན་སློབ་མེད་པ་ནི་སངས་རྒྱས་དང་རང་སངས་རྒྱས་ཁོ་ན་ལ་གནང་། ལྕི་ཆོས་ཁས་བླང་པ་ནི་ཤཱཀྱའི་བུ་མོ་ལྔ་བརྒྱ་པོ་ཁོ་ན་ལ་གནང་། གསོལ་བཞི་དང་འཕྲིན་གྱི་བསྙེན་རྫོགས་ནི་གང་ཟག་སྤྱི་ལ་གནང་། གཞན་རྣམས་རང་རང་ལ་གནང་ངོ་། །དེ་རྣམས་དུས་ནམ་གྱི་ཚེ་བྱུང་ཞེ་ན། རང་བྱུང་གི་བསྙེན་རྫོགས་ནི་སྟོན་པ་སངས་མ་རྒྱས་གོང་དུ་བྱུང་། ཚུར་ཤོག་ནི་སྟོན་པ་སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་བྱུང་། གཞན་རྣམས་སྟོན་པ་སངས་རྒྱས་ནས་ལོ་བཅུ་གཉིས་ཀྱི་བར་དུ་བྱུང་ངོ་། །འོ་ན་སྔོན་ཆོག་མང་པོར་གཞག་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེའི་དགོས་པ་ནི། གདུལ་བྱ་རྣམས་ཀྱི་སྨོན་ལམ་གྱི་དབང་གིས་སྟོན་པས་གདུལ་བྱ་འདུལ་བའི་ཐབས་མང་བར་བསྟན་པའི་ཕྱིར་ཡིན་ནོ། །འོ་ན་སྐབས་འདིར་གསོལ་བཞིའི་སྔོན་ཆོག་གཅིག་པུ་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྔོན་གྱི་གསོལ་བཞིའི་ལས་ད་ལྟ་ཡང་རུང་ངམ་སྙམ་པའི་དོགས་པ་ཤས་ཆེ་བས་དེ་བཟློག་པའི་ཕྱིར་དུ་ཡིན་ནོ། །ཅིའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་ཞེ་ན། མཁན་སློབ་དང་བཅས་པའི་ད་ལྟར་གྱི་ཆོ་གའི་སྔ་རོལ་གྱི་ཆོ་གའི་རིགས་ཡིན་པས་སྔོན་ཆོག་གོ །འོ་ན་སྔོན་ཆོག་དང་ད་ལྟར་གྱི་ཆོ་ག་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔོན་གྱི་གདུལ་བྱ་རྣམས་སྨིན་པ་ཤས་ཆེ་སྒྲིབ་པ་ཤས་ཆུང་བས་ཚེ་དེ་ལ་མཐོང་ལམ་དངོས་སུ་སྐྱེ་བར་ངེས་པ་དགེ་རྩ་རླབས་པོ་ཆེ་བསགས་པས་བར་ཆད་མེད་པར་ཤས་ཆེ་བས་བར་ཆད་འདྲི་བའི་སྐབས་རྣམས་མེད། སྟོན་པའི་བཀའ་རྫོགས་པར་ནུས་ཤིང་ནད་ཀྱང་ཤས་ཆུང་བས་ན་མཁན་པོ་དང་སློབ་དཔོན་གྱི་སྐོར་རྣམས་མེད། རང་ཤུགས་ཀྱིས་བྱ་བ་རིགས་པ་ལ་འཇུག་པས་རྣམ་འབྱེད་གཉིས་ཀྱི་སྐོར་རྣམས་མེད། སྨན་དང་གོས་མཐའ་གཉིས་དང་བྲལ་བ་ལ་ཤུགས་ཀྱིས་འཇུག་པས་གོས་གཞི་དང་སྨན་གཞིའི་སྐོར་རྣམས་མེད་ལ། ད་ལྟར་གྱི་གདུལ་བྱ་རྣམས་རྒྱུ་མཚན་དེ་རྣམས་ལས་བཟློག་པས་བར་ཆད་འདྲི་བ་སོགས་ཡོད་ཅེས་བཞེད་དོ། །གཉིས་པ་དེ་དགག་པ་ནི། སྔོན་ཆོག་བཅུ་དང་བརྒྱད་དུ་དབྱེ་བ་མི་འཐད་དེ། དེ་ལྟར་ལུང་ཁུངས་ཐུབ་ལས་མ་གསུངས་པའི་ཕྱིར་རོ། །འོ་ན་ལུང་མ་མོ་སོགས་ལས་བསྙེན་རྫོགས་བཅུར་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད་དེ་ནི་སྔོན་ཆོག་གི་དབྱེ་བ་མ་ཡིན་གྱི། བསྙེན་པར་རྫོགས་ཚུལ་གྱི་དབྱེ་བ་ཡིན་པའི་ཕྱིར་དང་། ཡུལ་དབུས་སུ་བཅུའི་ཚོགས་དང་། མཐའ་འཁོབ་ཏུ་ལྔ་ཚོགས་གསུངས་པ་ནི་ད་ལྟར་གྱི་ཆོ་ག་ལ་ཡང་ཡོད་པའི་ཕྱིར་དང་ད་ལྟར་གྱི་ཆོ་ག་གནང་བའི་རྗེས་ལ་ལྕི་ཆོས་དང་ལྔ་ཚོགས་བྱུང་བས་ན་སྔོན་ཆོག་ཡིན་པ་ཡང་མི་འཐད་ལ། རང་བྱུང་དང་ཡེ་ཤེས་ཁོང་ཆུད་ལ་རིག་བྱེད་ཀྱང་མི་དགོས་པས་ཆོ་ག་ཡིན་པ་ཡང་མི་འཐད་པའི་ཕྱིར་རོ། །མཚོ་སྣ་བ་ན་རེ། སྔོན་ཆོག་བརྒྱད་དུ་དབྱེ་བ་འཐད་དེ། རང་འགྲེལ་དུ་གྲགས་པ་ལས། སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་དེ་ལྟ་བུའི་རབ་ཏུ་དབྱེ་བ་ཅན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་གའོ་ཞེས་གསུངས་པའི་ཕྱིར་ཞེས་གསུང་བ་ཡང་མི་འཐད་དེ། རབ་ཏུ་དབྱེ་བ་ཅན་ཞེས་པའི་དོན་དེ་ལྟ་བུའི་ཁྱད་པར་ཅན་ཞེས་པའི་དོན་ཡིན་གྱི། གཞན་དུ་ན་དེ་དབྱེ་གཞིར་བྱེད་དགོས་པར་འགྱུར་ལ། འདོད་ན་སྔོན་ཆོག་ཏུ་འདོད་པ་གཞན་རྣམས་གསོལ་བཞིའི་སྔོན་ཆོག་གི་དབྱེ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། འདིར་བཤད་པའི་གསོལ་བཞིའི་སྔོན་ཆོག་འདི་ཉིད་ཁོ་ན་སྔོན་ཆོག་ཡིན་ཏེ། ལུང་གཞི་སོགས་ལས་ཚུར་ཤོག་ལ་སོགས་པ་གསུང་ཀྱང་། དེ་དག་ལ་སྔོན་ཆོག་གི་ཐ་སྙད་མ་གསུངས་པར་འདི་ཁོ་ན་ལ་སྔོན་ཆོག་གི་ཐ་སྙད་གསུངས་པའི་ཕྱིར་དང་། ཊཱི་ཀར་ལྟ་བུ་ནི་ཞེས་བྱ་བའི་སྒྲ་ནི་རྣམ་པའི་ཚིག་ཡིན་ཏེ། སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱའི། རྣམ་པ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར་རོ། །དུས་ཇི་ཙམ་ན་བྱུང་ཞེ་ན། སྟོན་པ་སངས་རྒྱས་ནས་ལོ་བཅུ་གཉིས་ཕན་དུ་སྔོན་ཆོག་བྱུང་ལ། བཅུ་གསུམ་པ་ནས་ད་ལྟར་གྱི་ཆོ་ག་བྱུང་སྟེ། འགྲེལ་ཆུང་ལས། སྔོན་གྱི་ཆོ་ག་ཞེས་པ་ནི་བཅོམ་ལྡན་འདས་ཞལ་བཞུགས་པའི་ཚེ་ཀོའུ་ཌི་ཎྱ་ལ་སོགས་པའི་ཨ་ཤི་ཕལ་མོ་ཆེ་ཞུགས་ནས་ཝཱ་ར་ཎ་སཱིར་འཁོར་ལོ་བསྐོར་བ་ཚུན་ཆད་ལོ་བཅུ་གཉིས་ཀྱི་བར་དུ་གསོལ་བ་གཅིག་དང་བརྗོད་པ་གསུམ་སྟེ་བཞིའི་ལས་ཀྱི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཁོ་ན་རེ་རང་བྱུང་གི་བསྙེན་རྫོགས་ལ་སོགས་པ་དེ་དག་སྔོན་ཆོག་མིན་ན། སྡོམ་གསུམ་ལས། དེ་བས་དགེ་སློང་བྱེད་པ་ལ། །རང་བྱུང་གི་ནི་བསྙེན་རྫོགས་དང་། །ཞེས་པ་ནས། འདི་རྣམས་སྔོན་གྱི་ཆོ་གར་བཤད། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྔོན་གྱི་འདུལ་འཛིན་རྣམས་ལ་སྔོན་ཆོག་བཅུ་གྲགས་ཆེ་བས་དེ་དག་གི་བཞེད་པ་དང་སྒོ་བསྟུན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ད་ལྟར་གྱི་ཆོ་ག་ལ་གསུམ་སྟེ། མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། འགལ་རྐྱེན་བར་ཆད་ཀྱི་མཚན་ཉིད་དོ། །དང་པོ་ལ་ཚིགས་སྔ་མ་དགེ་ཚུལ་དུ་སྒྲུབ་པ་དང་། ཚིགས་ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པ་གཉིས། དང་པོ་ལ། སྔོན་ཆོག་ལ་མེད་ཅིང་ད་ལྟར་གྱི་ཆོ་ག་ལ་ཡོད་པའི་ཁྱད་པར་ལ། མཁན་པོ་ལ་བརྟེན་པ་དང་། བར་ཆད་དྲི་བ་དང་། བསྟན་པ་ལ་རིམ་གྱིས་སློབ་པ་གསུམ་ཡོད་པས་དེ་གསུམ་རིམ་བཞིན་སྟོན་པ་ནི། རབ་ཏུ་བྱུང་བ་དང་ཞེས་པ་དང་། དང་པོའི་མཁན་པོ་ཉིད་ཀྱིས་ཞེས་པ་དང་། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིདདང་། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ་ཞེས་གསུངས་པ་འདིའི་སྐབས་སུ་དགོས་དོན་དང་བསྡུས་དོན་གཉིས་ལས། དང་པོ་ནི། དགེ་བསྙེན་ལ་སོགས་པའི་སྡོམ་པ་གསུམ་རིམ་གྱིས་སྦྱིན་པ་ལ་དགོས་པ་ཡོད་དེ། སྡོམ་པ་བརྟན་པ་དང་། བསྟན་པ་རིམ་གྱིས་མི་སྤོང་བ་དང་། རབ་བྱུང་བསྙེན་རྫོགས་བྱེད་པ་པོ་ལ་ཚིག་འདས་ཀྱི་ལྟུང་བ་མི་འབྱུང་བའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། མེད་ན་མི་འབྱུང་བའི་རྒྱུ་དང་རྣམ་གཞག་གི་རྒྱུ་གང་ཡིན་དཔྱད་པ། སྔ་མ་སྔ་མའི་འཇུག་ཐོག་ཏུ་ཕྱི་མ་ཕྱི་མ་རུང་མི་རུང་དཔྱད་པ། སོ་སོའི་དོན་ནོ། །དང་པོ་ནི། སྡོམ་པ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་མེད་ན་མི་འབྱུང་གི་རྒྱུ་དང་བཅས་པ་རྣམ་གཞག་ཡིན་ཞེ་ན། ཁ་ཅིག་མེད་ན་མི་འབྱུང་གི་རྒྱུ་ཡིན་ཏེ། བར་མ་རབ་བྱུང་གི་སྡོམ་པ་མེད་པར་དགེ་ཚུལ་དང་དགེ་ཚུལ་གྱི་སྡོམ་པ་མེད་པར་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བའི་ཕྱིར། བར་མ་རབ་བྱུང་མེད་པར་དགེ་ཚུལ་གྱི་སྡོམ་པ་མི་སྐྱེ་སྟེ་ལུང་ལས། ཁྱིམ་པ་རབ་ཏུ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བྱེད་ན། རྫོགས་ཞེས་བགྱིའམ། རྫོགས་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་དང་། ཊཱི་ཀར་དགེ་ཚུལ་ནི་རབ་ཏུ་བྱུང་བ་ཁོ་ན་ལ་བྱའོ་ཞེས་གསུངས་པའི་ཕྱིར། རིགས་པ་ནི། ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་མེད་པར་དགེ་སློང་མའི་སྡོམ་པ་སྐྱེ་བར་ཐལ། བར་མ་མེད་པར་དགེ་ཚུལ་གྱི་སྡོམ་པ་སྐྱེ་བའི་ཕྱིར་ཞེས་ཟེར་རོ། །བར་མ་མེད་པར་དགེ་ཚུལ་གྱི་སྡོམ་པ་དང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བར་ཐལ། ལུང་བར་སྡོམ་ལས། རབ་ཏུ་མ་བྱུང་བསྙེན་རྫོགས་དང་། །ཞེས་གསུངས་ཤིང་། ལུང་ལས་ཀྱང་། ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བྱེད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་རྫོགས་ཞེས་བྱ་ལ། རྫོགས་པར་བྱེད་པ་པོ་དག་ལ་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་དང་། ཊཱི་ཀར་ཡང་། དེ་ནི་རྣམ་པར་གཞག་པ་བསྟན་པ་ཡིན་གྱི། འབྱུང་བའི་རྒྱུ་བསྟན་པ་མིན་ཏེ། འདི་ལྟར་དགེ་བསྙེན་གྱི་སྡོམ་པ་མེད་པར་ཡང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཉིད་ཡིན་ལ། དེ་བཞིན་དུ་དགེ་ཚུལ་གྱི་སྡོམ་པ་མེད་པར་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་ན་རུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གོ་རིམ་འདིས་ནི་སྡོམ་པ་ཐམས་ཅད་ཀྱི་ཡང་དག་པར་བླང་བ་བསྟན་པ་ཡིན་ཏེ། འདི་ལྟར་བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་རྫོགས་པར་བསྙེན་པར་བགྱིད་ན། རྫོགས་པར་བསྙེན་ཞེས་བགྱིའམ་རྫོགས་པར་མ་བསྙེན་ཞེས་བགྱི། ཉེ་བ་འཁོར་རྫོགས་པར་བསྙེན་ཞེས་བགྱིའོ་ཞེས་གསུངས་པའི་ཕྱིར། ཁ་ཅིག་ཚངས་སྤྱོད་ལ་ཉེར་གནས་མེད་པར་དགེ་སློང་མའི་སྡོམ་པ་སྐྱེ་བའི་ཤེས་བྱེད་དུ་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ལས་གཞན་མ་ཡིན་ཞེས་པ་འདྲེན་པ་ཡང་མ་འབྲེལ་བ་ཡིན་ནོ། །གཉིས་པ་ལ་སྔ་མ་སྔ་མའི་འཇུག་ཐོག་ཏུ་ཕྱི་མ་ཕྱི་མ་བྱར་རུང་སྟེ། གཞུང་ལས། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བླངས་ནས་དུས་གོ་མ་བརྗོད་པར་བསླབ་པ་བརྗོད་པར་གསུངས་པའི་ཕྱིར། ཁོ་ན་རེ་དུས་གོ་བརྗོད་ནས་བསླབ་པ་བརྗོད་པའི་དབང་དུ་བྱས་པའི་ཕྱིར་ཞེ་ན་མི་འཐད་དེ། ཊཱི་ཀར། དགེ་བསྙེན་དང་དགེ་ཚུལ་དུ་ཁས་བླངས་པའི་དེ་མ་ཐག་ཅེས་གསུངས་པའི་ཕྱིར་རོ།།  ༈  །།གསུམ་པ་སོ་སོའི་དོན་ལ་གསུམ་ལས། དགེ་བསྙེན་ལ་མཚན་ཉིད། ངེས་ཚིག དབྱེ་བ་དང་གསུམ་ལས། དང་པོ་ནི། རབ་ཏུ་མ་བྱུང་བའི་གང་ཟག་གང་ཞིག སྤང་བྱ་ལྔ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་འཆེ་བའོ། །གཉིས་པ་ནི། ཁ་ཅིག་དགེ་འདུན་ལ་བསྙེན་བཀུར་ཚུལ་བཞིན་དུ་བྱེད་པས་ན་དགེ་བསྙེན་ཞེས་ཟེར་རོ། །རང་ལུགས་ནི། དགེ་བསྙེན་གྱི་སྐད་དོད་དུ་ཨུ་པ་སི་ཀ་ཞེས་འབྱུང་ལ། ཨུ་པ་ནི་ཉེ་བ། སི་ཀ་ནི་དགེ་བ་སྟེ་དོན་དམ་པའི་དགེ་བ་མྱ་ངན་ལས་འདས་པ་དང་ཉེ་བར་གནས་པས་ན་དགེ་བསྙེན་ཞེས་བྱ་སྟེ། ཕྲན་ཚེགས་འགྲེལ་པ་ལས། དགེ་བསྙེན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། གཞུང་གཞན་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན། སྣ་གཅིག་སྤྱོད་པ། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས། ཚངས་སྤྱོད། གོ་མིའི་དགེ་བསྙེན་དང་བདུན་དུ་གསུངས་མོད་འདིར་ནི་ཡོངས་རྫོགས་དང་ཚངས་སྤྱོད་ཀྱི་དགེ་བསྙེན་གཉིས་སོ། །དགེ་ཚུལ་ལ་གསུམ་ལས། དང་པོ་མཚན་ཉིད་ནི། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པའི་གང་ཟག་གང་ཞིག སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་འཆེ་བའོ། །ངེས་ཚིག་ནི། དགེ་ཚུལ་གྱི་སྐད་དོད་དུ་ཤྲ་མ་ཎྱ་ར་ཞེས་འབྱུང་ལ། དེ་ངལ་བར་བྱེད་པ་ལ་འཇུག་པས་ན། བླ་མའམ་དགེ་འདུན་གྱི་བྱ་བ་ལ་ངལ་བར་བྱེད་པས་ན་དགེ་ཚུལ་ཞེས་བྱའོ། །ཁ་ཅིག་དགེ་སྦྱོང་གི་ཆོས་བཞི་སྒྲུབ་པའི་ངང་ཚུལ་ཅན་ཡིན་པས་དགེ་ཚུལ་ཞེས་ཀྱང་ཟེར་རོ། །དབྱེ་ན་ཕ་མ་གཉིས་སུ་ཡོད་དེ། དགེ་ཚུལ་གཉིས་ཀྱང་ངོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དགེ་སློང་ལ་མཚན་ཉིད་ནི། བསྟན་པ་ལ་ཞུགས་ལ་རྫོགས་པའི་གང་ཟག་གང་ཞིག ལུས་ངག་གི་ཁ་ན་མ་ཐོ་བ་མཐའ་དག་སྤོང་བར་ཁས་འཆེ་བའོ། །ངེས་ཚིག་ནི། དགེ་སློང་གི་སྐད་དོད་དུ་བྷིཀྵུ་ཞེས་འབྱུང་ལ། དེ་སློང་བ་ལ་འཇུག་པས་ན་སློང་བས་ན་དགེ་སློང་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོར། སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་། །དགེ་བ་སློང་དང་ཟས་སློང་དང་། །ཉེ་བར་ཞི་དང་ལམ་ཞུགས་དང་། །ལེགས་པར་འཚོ་དང་ཆགས་སྤངས་དང་། །ཡིད་འོང་ཕྱིར་ན་དགེ་སློང་ཞེས་སོ། །དབྱེ་ན་ཕ་མ་གཉིས་སོ། །དང་པོ་གཉིས་ཀྱི་སྡོམ་པ་ནོད་པའི་ཚུལ་ནི། སྐྱབས་སུ་འགྲོ་བ་ཁས་བླང་བའི་ཚིག་རྩོམ་པ་དང་ཞེས་པའི་སྐབས་སུ་དགེ་བསྙེན་གྱི་སྡོམ་པ་ནོད་པའི་ཚུལ་དང་། དོགས་པ་གཅད་པ་གཉིས་ལས། དང་པོ་ནི། རབ་བྱུང་དོན་དུ་གཉེར་བའི་བསྒྲུབ་བྱ་དེ་མཁན་པོ་ཉིད་དུ་འོས་པའི་དགེ་སློང་དེའི་དྲུང་དུ་ཙོག་ཙོག་པུར་འདུག་སྟེ་གུས་པའི་སྤྱོད་ལམ་བསྙེན་པ་ལ་དགེ་སློང་དེས་བར་ཆད་ལེགས་པར་དྲིས་ཏེ་བར་ཆད་མེད་པར་ཤེས་པ་ན་ཁོ་བོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྐབས་ཕྱེ་སྟེ། དེ་ནས་སྟོན་པ་དང་དགེ་སློང་རང་ལ་ཕྱག་གསུམ་འཚལ་དུ་བཅུག་སྟེ་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་ཁས་ལེན་ལན་གསུམ་གྱིས་སྒོ་ནས་འབོགས་པར་བྱའོ། །དེ་ཡང་བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་རྐང་གཉིས་རྣམས་ཀྱི་མཆོག་ཅེས་པ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་བཟུང་དུ་གསོལ་ཞེས་པའི་རྗེས་ཟློས་ལན་གསུམ་བྱ་སྟེ། རྣམ་གྲངས་ཐ་མ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། །སྐབས་འདིའི་དཀོན་མཆོག་གསུམ་གྱི་མཚན་གཞི་གང་ཞེ་ན། སངས་རྒྱས་དཀོན་མཆོག་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པའི་ལམ་གྱི་བདེན་པ། ཆོས་དཀོན་མཆོག་ནི་མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག དགེ་འདུན་དཀོན་མཆོག་ནི་དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པའི་ལམ་གྱི་བདེན་པ་སྟེ། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །གཉིས་པ་ནི། ཁ་ཅིག་འདིར། སྐྱབས་འགྲོ་ལན་གསུམ་སྔོན་དུ་བརྗོད་ནས་དེའི་འོག་ཏུ་དགེ་བསྙེན་དང་དགེ་ཚུལ་དུ་ཁས་བླངས་པའི་ཚིག་བརྗོད་པ་ནི་མི་འཐད་དེ། སྐྱབས་འགྲོ་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་བྱེད་ཡིན་ལ། དེ་ཡང་སྐྱབས་འགྲོ་དང་ཁས་ལེན་གྱི་ཚིག་རེ་རེ་ནས་སྤེལ་ནས་བརྗོད་ན་སྐྱེ་སླ་བའི་ཕྱིར། དང་པོ་གྲུབ་སྟེ། ཊཱི་ཀར་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་སྐྱབས་སུ་འགྲོ་བས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་དེ། ཇི་ལྟར་ཞེ་ན། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ལམ་ཉེ་བར་སྟོན་པར་མཛད་པ་ལ་ཡང་དག་པར་བརྟེན་པར་བྱེད། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཡང་དག་པར་བརྟེན་པར་བྱེད། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ཟླ་གྲོགས་ལ་ཡང་དག་པར་བརྟེན་པར་བྱེད་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སུ་ཡང་སྐྱབས་སུ་འགྲོ་བ་བསྒྲུབ་པར་མི་བྱེད་དོ་ཞེས་གསུངས་པའི་ཕྱིར། འོ་ན་བསྙེན་རྫོགས་ཀྱི་སྐབས་སུ་སྐྱབས་འགྲོ་མེད་པས་ངེས་འབྱུང་གི་བསམ་པ་གང་གིས་བསྒྲུབ་ཞེ་ན། བསྙེན་པར་རྫོགས་ཞེས་པའི་ཚིག་དེ་ཉིད་ཀྱིས་ངེས་འབྱུང་གི་བསམ་པ་རྟོགས་པར་བྱེད་དེ། བསྙེན་པར་རྫོགས་ཞེས་པའི་རྫོགས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། བསྙེན་པ་ནི་ཉེ་བའི་དོན་ཡིན་པའི་ཕྱིར། ཊཱི་ཀར་རྫོགས་པར་བསྙེན་པའི་དུས་ན་ནི་རྫོགས་པར་བསྙེན་ཞེས་པའི་སྒྲ་ཁོ་ན་ལས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོར་རྟོགས་པར་བྱ་སྟེ། འདི་ལྟར་རྫོགས་པར་བསྙེན་པ་ཞེས་བྱ་བ་ལ་རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ལ་བྱ་སྟེ། མྱ་ངན་ལས་འདས་པ་ཡང་དེ་ལྟ་བུའི་རང་བཞིན་ཡིན་ནོ། །བསྙེན་པ་ཞེས་བྱ་བ་ནི་ཉེ་བའི་ཚིག་ཡིན་ཏེ། དེའི་ཕྱིར་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་རྫོགས་པར་བསྙེན་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འདུལ་འཛིན་ཁ་ཅིག་ན་རེ་སོ་ཐར་གྱི་སྡོམ་པ་སྐྱེ་བ་ལ་ངེས་འབྱུང་གི་བསམ་པ་མི་དགོས་ཏེ། འཆར་ཀ་དང་གཅུང་མཛེས་དགའ་བོ་གཉིས་སྟོན་པའི་ངོ་མ་ཆོག་པར་རབ་ཏུ་བྱུང་ལ་ཀུན་དགའ་བོའི་དབོན་པོ་གཉིས་ལྟོ་ཕྱིར་དུ་རབ་ཏུ་བྱུང་བའི་ཕྱིར་དང་། སོ་ཐར་གྱི་སྡོམ་པ་ལེན་པའི་སྔ་རོལ་ཏུ་འཁོར་བ་ལས་ཡིད་འབྱུང་བའི་ལམ་གྱི་རིམ་པའང་མ་གསུངས་པའི་ཕྱིར་དང་། ད་ལྟའི་རབ་བྱུང་ཕལ་ཆེ་བ་ལ་སོ་ཐར་གྱི་སྡོམ་པ་མ་སྐྱེས་པར་ཐལ། ལེན་པའི་སྔ་རོལ་དུ་ངེས་འབྱུང་གིས་བསམ་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། སོ་ཐར་གྱི་སྡོམ་པའི་ཉམས་ལེན་བྱེད་མི་དགོས་པར་ཐལ་ལོ་ཞེས་ཟེར་རོ། །དང་པོ་མི་འཐད་དེ། གང་ཟག་དེ་རྣམས་སྲིད་པ་ཐ་མ་པ་ཡིན་པས་ཐར་པ་ཆ་མཐུན་གྱི་དགེ་རྩ་དང་ལྡན་པས་ངེས་འབྱུང་གི་བསམ་པ་མེད་པར་མི་འགྲུབ་པའི་ཕྱིར་དང་། ཕྱོགས་སྔ་གཉིས་པ་ལྟར་ན། འདུལ་བ་མདོ་རྩས་དངོས་སུ་བསྟན་པའི་སོ་ཐར་གྱི་སྡོམ་པ་སྐྱེ་བ་ལ་ངེས་འབྱུང་གི་བསམ་པ་མི་དགོས་པར་ཐལ། དེ་ལེན་པའི་སྔ་རོལ་དུ་འཁོར་བ་ལ་ཡིད་འབྱུང་བའི་ལམ་གྱི་རིམ་པ་མ་གསུངས་པའི་ཕྱིར། འཁོར་གསུམ། གསུམ་པ་ལ། ད་ལྟའི་རབ་བྱུང་སྒྲུབ་པའི་དུས་སུ་མཁན་པོས་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་བཤད་པ་དོན་མེད་པར་ཐལ། མཁན་པོས་དེ་ལྟར་བཤད་ཀྱང་བསྒྲུབ་བྱ་རྣམས་ཀྱི་རྒྱུད་ལ་ངེས་འབྱུང་གི་བསམ་པ་མི་སྐྱེ་བའི་ཕྱིར། རྟགས་ཁས་བླངས། སོ་ཐར་གྱི་སྡོམ་པ་མ་སྐྱེས་ན་ཉམས་ལེན་མི་དགོས་པར་ཐལ། ཞེས་པ་ཡང་མ་ངེས་པ་ཡིན་ཏེ། མ་སྐྱེས་པ་ལྟུང་བ་ལ་སྦྱར་ན་ཉེས་བྱས་སུ་གསུངས་པའི་ཕྱིར། སྐྱབས་འགྲོ་མ་བྱས་པར་དགེ་ཚུལ་གྱི་སྡོམ་པ་སྐྱེ་བར་ཐལ། མྱང་འདས་ཀྱི་བསམ་པ་མེད་པར་དགེ་ཚུལ་གྱི་སྡོམ་པ་སྐྱེ་བའི་ཕྱིར། རྟགས་ཁས་བླངས། ཁྱབ་སྟེ། ཊཱི་ཀར་སྐྱབས་སུ་འགྲོ་བ་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་ཅེས་གསུངས་པའི་ཕྱིར། རང་ལུགས་ནི་སོ་ཐར་གྱི་སྡོམ་པ་སྐྱེ་བ་ལ་ངེས་འབྱུང་གི་བསམ་པ་དགོས་ཏེ། ཊཱི་ཀར་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་ཞེས་གསུངས་ཞིང་། གཞི་འགྲེལ་ལས་ཀྱང་དེ་དང་མཐུན་པར་བཤད་ལ། ཕྲན་ཚེགས་འགྲེལ་པ་ལས་ཐར་པའི་བསམ་པ་མེད་པར་སྡོམ་པ་མི་སྐྱེ་ཞེས་གསུངས་པའི་ཕྱིར་དང་། མཛོད་འགྲེལ་ལས། ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར། གཏན་ཏུ་སྡིག་པ་ལས་སོ་སོར་ཐར་པ་བྱེད་པ་མ་ཡིན་ནོ་ཞེས་གསུང་ངོ་། །དེང་སང་ཁ་ཅིག་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གསུམ་ཀ་ལ་འཇིགས་སྐྱོབ། ལེགས་སྨོན། ངེས་འབྱུང་གི་ཚུལ་ཁྲིམས་གསུམ་གསུམ་ཡོད་མོད་ཀྱི། སྔར་གྱི་ལུང་དེ་དག་དང་མི་འགལ་ཏེ། རྒྱུ་དུས་ཀྱི་ཀུན་སློང་གི་སྒོ་ནས་འཇིགས་སྐྱོབ་སོགས་གསུམ་དུ་ཕྱེ་ཡང་དེ་དུས་ཀྱི་ཀུན་སློང་ལ་ངེས་འབྱུང་གི་བསམ་པ་ངེས་པར་དགོས་པའི་ཕྱིར་ཞེས་གསུངས་པ་ནི་མི་འཐད་དེ། འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཀྱི་མཚན་གཞི་དེ་ཆོས་ཅན། འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་མ་ཡིན་པར་ཐལ། ངེས་འབྱུང་གི་ཚུལ་ཁྲིམས་ཡིན་པའི་ཕྱིར། གཏན་ཚིགས་ཁས་བླངས་ཏེ། མྱང་འདས་ཀྱི་བསམ་པ་བརྟན་པོས་ཀུན་ནས་བསླངས་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར། གཞན་ཡང་དགེ་ཚུལ་དང་དགེ་སློང་གི་སྡོམ་པའི་དེ་དུས་ཀྱི་ཀུན་སློང་ཡིན་ན་དགེ་བ་ཡིན་པས་ཁྱབ་སྟེ། མཛོད་ལས། དགེ་བ་བཅུ་ཡི་བར་དག་དང་། །སེམས་པ་ཅིག་ཆར་ལྷན་ཅིག་འབྱུང་། །ཞེས་དང་། དེའི་རང་འགྲེལ་དུ། མི་དགེ་བ་དང་ལུང་མ་བསྟན་གྱི་སེམས་ལ་གནས་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལེན་པར་བཤད་པའི་ཕྱིར་དང་། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །ཞེས་རྒྱུ་དུས་དང་དེ་དུས་ཀྱི་ཀུན་སློང་ལ་མུ་དགུ་གསུངས་པའི་ཕྱིར་དང་། དགེ་ཚུལ་གྱི་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཚང་ནས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་དགེ་ཚུལ་གྱི་སྡོམ་པ་གཟུགས་ཅན་སྐྱེ་བ་ལ་མི་དགེ་བ་དང་ལུང་མ་བསྟན་གྱི་སེམས་གང་གིས་ཀྱང་གེགས་བྱེད་མི་ནུས་པའི་ཕྱིར་ཏེ། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་བྱེད། །ཅེས་གསུངས་པ་ལྟར་རོ། །རྗེ་བླ་མའི་ཞལ་སྔ་ནས། སྤྱིར་རིགས་བདུན་ཀ་ལ་འཇིགས་སྐྱོབ་ལ་སོགས་པ་གསུམ་གསུམ་ཡོད་མོད་ཀྱི། དང་པོ་གཉིས། སོ་ཐར་གྱི་སྡོམ་པ་མ་ཡིན་ཏེ། མྱང་འདས་ཀྱི་བསམ་པས་མ་ཟིན་པའི་ཕྱིར། མདོ་རྩ་ནས་དངོས་སུ་བསྟན་པའི་དགེ་བསྙེན་གྱི་སྡོམ་པ་སོགས་ཀྱང་མ་ཡིན་ཏེ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་མ་ཟིན་པའི་ཕྱིར། ཁྱབ་པ་ཡོད་དེ། མདོ་རྩ་ནས་དངོས་སུ་བསྟན་པའི་སྡོམ་པ་ཐམས་ཅད་ངེས་འབྱུང་གི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་པའི་ཕྱིར། སྔར་གྱི་ལུང་འདི་དག་བྱ་བ་འདིའི་དབང་དུ་བྱས་པ་ཡིན་ནོ། །འཇིགས་སྐྱོབ་དང་ལེགས་སྨོན་གཉིས་ཀྱང་ནམ་ཞིག་མྱང་འདས་ཀྱི་བསམ་པས་ཟིན་པའི་ཚེ། སོ་ཐར་དང་ངེས་འབྱུང་གི་ཚུལ་ཁྲིམས་སུ་གནས་འགྱུར་བ་ཡིན་ནོ་ཞེས་གསུངས་པ་ནི། རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་དགོངས་པ་དཔྱིས་ཕྱིན་པའོ། །དགེ་བསྙེན་བསྒྲུབས་ནས་དེའི་འོག་ཏུ་བསླབ་པ་བརྗོད་པར་བྱའོ། །དགེ་ཚུལ་དུ་སྒྲུབ་པ་ལ་དགོས་དོན་དང་བསྡུས་དོན་གཉིས་ལས། དང་པོ་ནི། དེ་ལ་དགོས་པ་ཡོད་དེ། དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་དང་། བསྙེན་རྫོགས་ཀྱི་སྣོད་རུང་དུ་འགྱུར་བ་དང་། མཐར་མྱང་འདས་ཐོབ་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་བཞི་ཏེ། ཡུལ་གང་ལ། རྟེན་གང་གིས། དངོས་པོ་གང་། ཚུལ་ཇི་ལྟར་སྦྱིན་པའོ། །དང་པོ་ནི། ཕུན་སུམ་ཚོགས་པ་གསུམ་དང་ལྡན་པའི་བསྒྲུབ་བྱ་ལ་སྟེ། དེ་ཡང་ལུས་ཕུན་སུམ་ཚོགས་པ་ནི་ལོ་བདུན་ལོན་ཞིང་བྱ་རོག་སྐྲོད་ནུས་པའམ་བསམ་པའི་སྒོ་ནས་ལོ་བདུན་ལོན་པར་འདུ་ཤེས་པའོ། །རྟགས་ཕུན་སུམ་ཚོགས་པ་ནི་སྐྲ་དང་ཁ་སྤུ་བྲེགས་པ་སོགས་ཁྱིམ་པའི་རྟགས་སྤངས་ཤིང་རབ་ཏུ་བྱུང་བའི་རྟགས་དང་ལྡན་པའོ། །བསམ་པ་ཕུན་སུམ་ཚོགས་པ་ནི་སྡོམ་པ་ལེན་འདོད་དང་ཐོབ་ཤེས་དང་ངེས་འབྱུང་གི་བསམས་པ་དང་ལྡན་པའོ། །སྡོམ་པ་སྐྱེ་བ་ལ་བསམ་པ་དེ་གསུམ་དགོས་ཏེ། བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་རོ་ཞེས་གསུངས་པའི་ཕྱིར་དང་། སྡོམ་པ་ཐོབ་པར་ཤེས་པའི་ཡུལ་ལ་ལེན་འདོད་སྐྱེ་བར་ལྟར་མི་ཐོབ་པར་ཤེས་པའི་ཡུལ་ལས་དེ་མི་སྐྱེ་བ་ཡིན་པའི་ཕྱིར་དང་། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། བསྙེན་པར་རྫོགས་པའི་སྡོམ་པ་རྣམ་དག་དང་ལྡན་པ། ལྟ་བ་དང་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། མཚམས་ནང་ན་གནས་པ། དགེ་ཚུལ་གྱི་སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་པའོ། །གསུམ་པ་ནི་དགེ་ཚུལ་གྱི་སྡོམ་པའོ། །བཞི་པ་ལ་གསུམ་ལས། སྦྱོར་བ་ནི། བར་ཆད་དྲི་བ་དང་། དགེ་བསྙེན་དུ་བསྒྲུབ་པ་དང་། བར་མ་རབ་བྱུང་དུ་བསྒྲུབ་པའོ། །དངོས་གཞི་ནི། སྐྱབས་སུ་འགྲོ་བའི་ཚིག་རྩོམ་པ་དང་། དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་བྱའོ་ཞེས་པ་སྟེ་དགེ་བསྙེན་གྱི་སྐབས་དང་འདྲའོ། །མཇུག་ནི་དུས་གོ་དང་བསླབ་པ་བརྗོད་པ་གཉིས་ལས། དང་པོ་ལ་ཡང་དགོས་དོན་དང་། བསྡུས་དོན་གཉིས། དང་པོ་ནི། དེ་ལ་དགོས་པ་ཡོད་དེ། སྡོམ་པ་ཐོབ་དུས་རྟོགས་ནས་རྒན་གཞོན་གྱི་བསྙེན་བཀུར་ཚུལ་བཞིན་དུ་བྱེད་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཡུལ་གང་ལ། རྟེན་གང་གིས། དངོས་པོ་གང་། ཚུལ་ཇི་ལྟར་བརྗོད་པའོ། །དང་པོ་ནི། དགེ་ཚུལ་གྱི་སྡོམ་པ་ཐོབ་མ་ཐག་པ་དེ་ལའོ། །འོ་ན་དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླངས་པའི་ཚུལ་གྱིས་བྱའོ་ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ལྟར་གསུངས་པ་དེ་ནི་སྡོམ་པ་གསུམ་སྔ་མ་སྔ་མའི་མཇུག་ཐོག་དེ་མ་ཐག་ཏུ་ཕྱི་མ་ཕྱི་མ་ལེན་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར། གཉིས་པ་ནི། དགེ་ཚུལ་གྱི་སློབ་དཔོན་ལས་གཞན་པའི་དགེ་སློང་ཞིག་གིས་བརྗོད་པར་བྱ་སྟེ། བསླབ་པ་བརྗོད་པའི་སྔར་གྲིབ་ཚོད་འཇལ་པའི་ཆེད་དུ་སྟན་ལས་ལྡང་དུ་མི་རུང་བའི་ཕྱིར། གསུམ་པ་ནི། གསུང་རབ་ལས་གྲིབ་ཚོད་དང་། ཉིན་མཚན་གྱི་ཆ་དང་། ཚེས་གྲངས་དང་། ཟླ་བའི་ངོ་དང་། དུས་ཚོད་རྣམས་བརྗོད་པར་བཤད་ལ། ད་ལྟའི་ཕྱག་ལེན་པ་ཁ་ཅིག་ཟླ་བ་དངོས་རབ་འབྲིང་ཐ་མ་ལོ་རྣམས་བརྗོད་དགོས་ཏེ། ལོ་བརྗོད་པ་དགེ་ཚུལ་གྱི་ལོ་དྲི་བ་ལས་བཤད་ཅེས་གསུངས་ཀྱང་མི་འཐད་དེ། ཟླ་བ་དངོས་མ་བརྗོད་ཀྱང་གསུང་རབ་ལས་བཤད་པ་ལྟར་བརྗོད་པས་ཀྱང་བསླབ་པ་རྒན་གཞོན་རྟོགས་པར་འགྱུར་བའི་ཕྱིར་དང་། དགེ་ཚུལ་གྱིས་ལོ་དྲི་བ་ལས། ལོ་རྒན་གཞོན་བརྩི་བའི་ཚུལ་ཙམ་བཤད་ཀྱི། དུས་གོའི་རྣམ་གཞག་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར། བཞི་པ་ནི། ཁ་ཅིག་འདུལ་བའི་མདོ་དང་ཀརྨ་ཤ་ཏཾ་ལས་ཕྲ་རིམ་ནས་བརྗོད་པར་གསུངས་ཀྱང་རགས་རིམ་ནས་བརྗོད་དགོས་ཏེ། གཞི་འགྲེལ་ལས་དེ་ལྟར་གསུངས་པའི་ཕྱིར་དང་། རགས་རིམ་ནས་བརྗོད་ན་འཆད་ཉན་སླ་བའི་ཕྱིར་ཟེར་བ་མི་འཐད་དེ། ལུང་ལས་ཕྲ་རིམ་ནས་བརྗོད་པར་གསུངས་པའི་ཕྱིར་ན་གསུང་བ་པོ་མི་མཁས་པའི་སྐྱོན་ཡོད་པའི་ཕྱིར། རང་ལུགས་ནི། ལུང་ལས་གསུངས་པ་ལྟར་ཕྲ་རིམ་ནས་བརྗོད་དགོས་སོ། །གཞི་འགྲེལ་ལས་གསུངས་པ་ནི་བརྗོད་བྱའི་དངོས་པོ་བསྟན་པ་ཡིན་གྱི་བརྗོད་ཚུལ་བསྟན་པ་ནི་མ་ཡིན་ནོ་ཞེས་གསུང་ངོ་། །གཉིས་པ་བསླབ་པ་བརྗོད་པ་ནི་གོ་སླའོ། །དེ་ནི་སློབ་དཔོན་ཡིན་ནོ་ཞེས་སོགས་ཀྱི་སྐབས་སུ། བླ་མའི་རྣམ་གཞག་ལ་གསུམ་སྟེ། བླ་མ་རྣམས་ཀྱི་དབྱེ་བ། བླ་མར་གྱུར་པའི་དུས། མཚན་ནས་སྨོས་པའི་རིམ་པའོ། །དང་པོ་ནི། སློབ་དཔོན་ལ་ལྔ་ཡོད་དེ། དགེ་ཚུལ་གྱི་སྡོམ་པ་སྦྱིན་པའི་སློབ་དཔོན། གསང་སྟེ་སྟོན་པའི་སློབ་དཔོན། ལས་ཀྱི་སློབ་དཔོན། གནས་སྦྱིན་པའི་སློབ་དཔོན། ཀློག་པའི་སློབ་དཔོན་ནོ། །དེ་ཡང་གཞུང་གི་འབྲུ་དང་སྦྱར་ན། བསྒྲུབ་བྱ་ལ་ཆོ་གའི་སྒོ་ནས་དགེ་ཚུལ་གི་སྡོམ་པ་སྦྱིན་པར་བྱེད་པའི་དགེ་སློང་དེ་ནི་བསྒྲུབ་བྱ་དེའི་དགེ་ཚུལ་གྱི་སློབ་དཔོན་ཡིན་ནོ། །བསྒྲུབ་བྱའི་བར་ཆད་ཀྱི་ཆོས་རྣམས་ལྐོག་ཏུ་གསང་སྟེ་དྲི་བར་བྱེད་པའི་དགེ་སློང་དེ་ནི་བསྒྲུབ་བྱ་དེའི་གསང་སྟེ་སྟོན་པའི་སློབ་དཔོན་དང་། དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པའི་གསོལ་བཞིའི་ལས་བྱེད་པའི་དགེ་སློང་དེ་ནི་དེའི་ལས་ཀྱི་སློབ་དཔོན་དང་། བསྒྲུབ་བྱའི་གནས་མེད་ཀྱི་ཉེས་པ་འགོག་པར་བྱེད་པའི་དགེ་སློང་དེ་ནི་དེའི་གནས་སྦྱིན་པའི་སློབ་དཔོན་དང་། བསྒྲུབ་བྱ་ལ་བདེ་བར་གཤེགས་པའི་བཀའ་ཀློག་པར་བྱེད་པའི་དགེ་སློང་དེ་ནི་དེའི་ཀློག་པའི་སློབ་དཔོན་ཡིན་ནོ། །ཅིའི་ཕྱིར་སློབ་དཔོན་ལྔར་བཤད་ཅེ་ན། སྡོམ་པ་ཐོབ་པར་བྱེད་པ་དང་། མི་ཉམས་པར་བསྲུང་བར་བྱེད་པ་དང་། ཆོས་ཤེས་པར་བྱེད་པ་དང་གསུམ་གྱི་དབང་དུ་བྱས་ནས་ལྔར་གཞག་པ་ཡིན་ཏེ། དང་པོ་ནི། དགེ་ཚུལ་གྱི་སྡོམ་པ་ཐོབ་པར་བྱེད་པ་དང་། གསང་སྟོན་ནི་བསྙེན་རྫོགས་ཀྱི་སྡོམ་པ་བརྒྱུད་ནས་ཐོབ་པར་བྱེད་ཅིང་། ལས་སློབ་ནི་བསྙེན་རྫོགས་ཀྱི་སྡོམ་པ་དངོས་སུ་ཐོབ་པར་བྱེད་པ་དང་། གནས་སྦྱིན་པ་ནི་མི་ཉམས་པར་སྲུང་བར་བྱེད་པ་དང་། ཀློག་པའི་སློབ་དཔོན་ནི་ཆོས་ཤེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་པ་སྟེ། སློབ་མའི་དགོས་པ་གང་གིས་སློབ་དཔོན་དུ་འགྱུར་བའི་དོན་ཏེ་དགོས་པ་གྲུབ་ཅིང་རྫོགས་པ་ན་སློབ་དཔོན་དུ་གྱུར་པ་ཉིད་ཡིན་ཏེ། དེར་འགྱུར་བའི་རྒྱུ་མཐར་ཐུག་པ་ཡིན་པའི་ཕྱིར། དཔེར་ན་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ན་དེའི་སློབ་དཔོན་དུ་འགྱུར་བ་བཞིན་ནོ། །ཁ་ཅིག་བསྒྲུབ་བྱའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་པ་ན་དེའི་གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་བ་ཡིན་ཏེ། མ་ཐོབ་པ་ཐོབ་པར་བྱེད་པའི་སློབ་དཔོན་ཡིན་པའི་ཕྱིར་ཏེ། ཊཱི་ཀར་གལ་ཏེ་གསང་སྟེ་སྟོན་པའི་དགོས་པ་ཡོངས་སུ་རྫོགས་པ་ན། གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་པ་མི་འཐད་དེ། གསང་སྟོན་གྱིས་བསྒྲུབ་བྱ་ལ་བར་ཆད་དྲིས་ནས་བར་ཆད་མེད་པར་རྟོགས་པ་དེ་དགོས་པ་ཡིན་ལ། དེ་ལ་བརྟེན་ནས་སྡོམ་པ་སྐྱེས་པ་དེ་དགོས་པའི་ཡང་དགོས་པ་ཡིན་པས། དགོས་པ་དང་དགོས་པའི་དགོས་པ་མ་ཕྱེད་པའི་སྐྱོན་ནོ། །རང་ལུགས་ནི། གསང་སྟེ་སྟོན་པའི་དགེ་སློང་དེས་བསྒྲུབ་བྱ་ལ་བར་ཆད་དྲིས་ནས་བར་ཆད་ཀྱིས་དག་པར་རྟོགས་པ་ན་བསྒྲུབ་བྱ་དེའི་གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་བ་ཡིན་ཏེ། སྔར་གྱི་ཊཱི་ཀའི་ལུང་དེ་ཉིད་དང་། འགྲེལ་ཆུང་ལས། གསང་སྟེ་སྟོན་པ་ནི་བར་ཆད་དྲིས་ནས་འགྱུར་ཞེས་དང་། ཤེས་རབ་བྱེད་པར་གསང་སྟེ་སྟོན་པའི་སློབ་དཔོན་ནི་བར་ཆད་དྲི་བའི་ལས་བྱས་ཟིན་ནས་གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་འོང་བ་ཞུས་པ་ན་འགྱུར་རོ་ཞེས་གསུངས་ཏེ། འདི་དང་ཁྱད་ཆེར་མི་སྣང་ངོ་། །གསང་སྟོན་ལ་རྒྱས་བཤད་མེད་པས་འདིར་སྨོས་པ་ཡིན་ནོ། །འོ་ན་སློབ་དཔོན་དུ་འགྱུར་བའི་དོན་གྲུབ་ན་སློབ་དཔོན་དེ་དང་དེར་འགྱུར་བ་ཡིན་ན། མཁན་པོར་འགྱུར་བའི་དུས་ཡང་དེ་དང་འདྲའམ་ཞེ་ན་མི་འདྲ་སྟེ། མཁན་པོར་གསོལ་བ་ལན་གསུམ་བཏབ་ནས། མཁན་པོར་ཁས་བླངས་པ་ན་མཁན་པོ་དེར་གྱུར་པ་ཡིན་ནོ། །དེ་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐོབ་པར་བྱེད་པའི་བླ་མར་འགྱུར་བའི་དུས་དང་། མི་ཉམས་པར་བསྲུང་བའི་དང་། ཆོས་ཤེས་པར་བྱེད་པའི་བླ་མར་འགྱུར་བའི་དུས་སོ། །དང་པོ་ལ་གཉིས་ལས། དང་པོ་སློབ་དཔོན་དུ་འགྱུར་བའི་དུས་ནི། དགེ་ཚུལ་དུ་སྒྲུབ་པ་ལ་བརྗོད་པ་གསུམ་ཡོད་པའི་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ལས་དགེ་ཚུལ་གྱི་སློབ་དཔོན་དུ་འགྱུར་བའི་དོན་གྲུབ་པ་དང་། དགེ་སློང་དུ་སྒྲུབ་པའི་ཚེ་བརྗོད་པ་གསུམ་གྱི་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་དགེ་སློང་གི་སྡོམ་པ་སྐྱེས་པས་ལས་ཀྱི་སློབ་དཔོན་དུ་འགྱུར་བའི་དོན་གྲུབ་པ་སྟེ། དཔེར་ན་དགེ་ཚུལ་དུ་བསྒྲུབ་པ་ན་གཞན་བརྗོད་པའི་དུས་སུ་དགེ་ཚུལ་གྱི་སྡོམ་པ་སྐྱེས་པས་དགེ་ཚུལ་དུ་གྱུར་པ་བཞིན་ནོ། །དགེ་ཚུལ་གྱི་ཆོ་ག་ལ་ཆ་གསུམ་ནི། སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་པ་དང་གསུམ་ཡིན་ལ། བསྙེན་རྫོགས་ཀྱི་སྐབས་སུ་ཆ་གསུམ་ནི། ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པ་གསུམ་སྟེ་ལས་ཆོག་ལས་ཤེས་པར་བྱའོ། །གཉིས་པ་མཁན་པོར་འགྱུར་བའི་དུས་ནི་གཞན་བརྗོད་པའི་དུས་འདིར་མཁན་པོར་འགྱུར་བའི་དོན་གྲུབ་པ་ཡིན་ནོ། །གང་གི་གཞན་བརྗོད་པ་ཡིན་ཞེ་ན། ཆ་ཐ་མའི་གཞན་བརྗོད་པ་སྟེ། མཁན་པོ་མཛད་དུ་གསོལ་ཞེས་པའི་ཚིག་རྫོགས་ནས། མཁན་པོ་མཁན་པོས་ཞེས་པའི་དུས་སུ་མཁན་པོར་འགྱུར་བའི་དོན་གྲུབ་པ་ཡིན་ནོ། །དེས་ན་རྣམ་གྲངས་ཐ་མ་ལ་གཞན་བརྗོད་པ་ན། བཙུན་པ་མཁན་པོས་ཞེས་པ་དང་། སློབ་དཔོན་མཁན་པོས་ཞེས་མི་བརྗོད་པར། མཁན་པོ་མཁན་པོས་ཞེས་བརྗོད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཉིས་པ་ནི། གནས་སྦྱིན་པའི་སློབ་དཔོན་ནི། དུས་ཞག་གཅིག ཆེད་དུ་བྱ་བ་གནས་ཀྱི་སློབ་དཔོན་དུ་འཛིན་པ་ཉིད་ཀྱི་ཕྱིར། མཚམས་ནང་གཅིག་ཏུ་ཉེ་བར་གནས་པ་མཐར་ཐུག་པ་སྟེ་ཞག་ཕྱི་མའི་སྐྱ་རེངས་ཤར་བ་ན་དེར་འགྱུར་རོ། །གསུམ་པ་ནི། ཀློག་པའི་སློབ་དཔོན་ནི་དངོས་པོ་སངས་རྒྱས་ཀྱི་བཀའ་ཚིགས་སུ་བཅད་པ་གཅིག་གམ་དེའི་ཚད་ཀྱི་རྐྱང་པ་གང་ཡང་རུང་བ། ཀུན་སློང་དཔོན་སློབ་ཀྱི་འདུ་ཤེས་ཉེ་བར་གཞག་པའི་སྒོ་ནས། བྱ་བ་སློབ་དཔོན་གྱིས་བརྗོད་པའི་རྗེས་སུ་སློབ་མས་ལན་གསུམ་བཟླས་ན་ཀློག་པ་མཐར་ཐུག་པས་ཀློག་པའི་སློབ་དཔོན་དུ་འགྱུར་རོ། །གསུམ་པ་མཚན་ནས་སྨོས་པའི་རིམ་པ་ནི། མཁན་སློབ་དེ་གཉིས་ལ་མཁན་པོ་དང་སློབ་དཔོན་ཞེས་པ་ལས་གཞན་བཙུན་པ་ཞེས་སོགས་ཉེ་བར་མི་བརྗོད་དོ། །མཁན་པོ་དང་སློབ་དཔོན་དེ་ལས་གཞན་པའི་གང་ཟག་ལ་མཁན་པོ་དང་སློབ་དཔོན་ཞེས་པའི་མིང་གིས་བརྗོད་པར་མི་བྱའོ། །མཁན་པོའི་མཚན་བརྗོད་པའི་ཚེ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་དང་བཅས་པ་མ་སྨྲས་པར་མཁན་པོའི་མིང་འབའ་ཞིག་མི་གཟུང་ངོ་། །གཞན་ཡང་རྒན་པ་ལ་བཙུན་པ་དང་། གནས་བརྟན་དང་། ཚེ་དང་ལྡན་པ་ཞེས་པའི་ཉེ་ཚིག་གི་བརྗོད་པར་བྱ། བཙུན་པ་ཞེས་པ་ནི་སངས་རྒྱས་ཀྱི་ཉེ་ཚིག་ཏུ་ཡང་རུང་ལ། གནས་བརྟན་དང་ཚེ་དང་ལྡན་པ་ནི་མཉམ་པ་དང་གཞོན་པ་ལ་ཡང་རུང་ཞིང་། ཚེ་དང་ལྡན་པ་ནི་ཁྱིམ་པ་ལ་ཡང་རུང་ངོ་། །གཞན་ཡང་དགེ་བའི་བཤེས་གཉེན་ལ་སོགས་པ་ཉེ་ཚིག་གིས་བརྗོད་པ་ཡང་ཆོས་དང་མཐུན་ནོ།།  ༈  །།གཉིས་པ་ཚིག་ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པ་ནི། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ་ཞེས་པའི་སྐབས་སུ། དགོས་དོན་དང་། བསྡུས་དོན་གཉིས་ལས། དང་པོ་ནི། བསྙེན་རྫོགས་ཀྱི་ཆོ་ག་བྱས་པ་ལ་དགོས་པ་ཡོད་དེ། བསྒྲུབ་བྱ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་དང་། མཆོག་ཏུ་དགའ་བའི་ཆོས་ཐོབ་པ་ལ་སོགས་པ་ཕན་ཡོན་བཅུ་ཐོབ་པ་ལ་སོགས་ཀྱི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཡུལ་གང་ལས། རྟེན་གང་གིས། དངོས་པོ་གང་ཞིག ཆོ་ག་གང་གིས་ནོད་པའོ། །དང་པོ་ནི། ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་མཁན་པོར་འོས་པ་དང་། སློབ་དཔོན་དུ་འོས་པ་གཉིས་དང་། དགེ་འདུན་ཆོས་གསུམ་ལྡན་ལས་ཐོབ་དགོས་ལ། མཁན་པོ་དང་གསང་སྟོན་མེད་པར་མི་སྐྱེ་བ་ནི་མ་ཡིན་ཏེ། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་ཞེས་དང་། མཁན་པོར་མ་གསོལ་བར་ཡང་ངོ་ཞེས་དང་། བར་ཆད་མ་དྲིས་པར་ཡང་ངོ་ཞེས་གསུངས་པའི་ཕྱིར། དགེ་འདུན་ཆོས་གསུམ་ལྡན་ནི། གྲངས་ཚང་བ། ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བའོ། །གཉིས་པ་རྟེན་ནི་ལུས་ཕུན་ཚོགས། བསམ་པ་ཕུན་ཚོགས། རྟགས་ཕུན་ཚོགས་གསུམ་དང་ལྡན་པ་སྟེ། དང་པོ་ནི། སྐྱེས་ནས་ལོ་ཉི་ཤུ་ལོན་པའམ། ལོན་པར་འདུ་ཤེས་པ་བར་ཆད་དང་བྲལ་བའོ། །གཉིས་པ་ནི། ལེན་པར་འདོད། ཐོབ་པར་ཤེས། མྱང་འདས་ཀྱི་བསམ་པ་དང་ལྡན་པའོ། །གསུམ་པ་ནི། ལུས་བྱི་བྱད་ཀྱི་རྟགས། གོས་ཀྱི་རྟགས། སྣོད་སྤྱད་ཀྱི་རྟགས་གསུམ་ཚང་བའོ། །གསུམ་པ་དངོས་པོ་ནི་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པའོ། །བཞི་པ་ཆོ་ག་ལ་སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་ཆོ་ག་གསུམ་ལས། དང་པོ་ནི། བསྙེན་པར་རྫོགས་པའི་ལས་གྲལ་དུ་འདུ་བར་འོས་པའི་དགེ་འདུན་རྣམས་ལས་གྲལ་ལ་མ་འདུས་པའི་གོང་དུ་ཟླ་བ་ཕྱེད་ཚུན་ཆད་ཀྱི་རང་གི་རྒྱུད་ལ་ལེགས་པར་བརྟགས་ཏེ། ལྟུང་བ་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ་དག་པར་བྱས་ནས་ལས་གྲལ་དུ་འདུས་པ་ན་མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པའི་དགེ་སློང་དེས། ལས་བྱེད་པ་དང་གསང་སྟེ་སྟོན་པར་འོས་པའི་དགེ་སློང་ལ་གསོལ་བ་བཏབ། དེ་ནས་བསྒྲུབ་བྱས་མཁན་པོར་གསོལ་བ་ལན་གསུམ་དུ་བཏབ་ནས། མཁན་པོ་དེས་ཆོས་གོས་གསུམ་བྱིན་གྱིས་བརླབས་ནས་བསྒྲུབ་བྱ་ལ་བཀོན། ལྷུང་བཟེད་ཀྱང་དགེ་འདུན་ལ་བསྟན་ནས་བྱིན་གྱིས་བརླབས་ཏེ་བྱིན། དེ་ནས་བསྒྲུབ་བྱ་ཐོས་པའི་ཉེ་འཁོར་ལས་བཀར། མཐོང་བའི་ཉེ་འཁོར་དུ་ལངས་ནས་ཚོགས་ལ་ཐལ་མོ་སྦྱར་ནས་གུས་པའི་སྤྱོད་ལམ་དང་ལྡན་པར་གཞག་སྟེ། དེ་ནས་ལས་ཀྱི་སློབ་དཔོན་དུ་འོས་པ་དེས་དྲི་བས་སྤྲོ་བར་བྱས་ནས་གསང་སྟོན་དུ་བསྐོ་བའི་ཆེད་དུ་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་བྱ། དེ་ནས་གསང་སྟོན་དུ་བསྐོས་པ་དེས་བསྒྲུབ་བྱའི་གན་དུ་སོང་སྟེ། ལྐོག་ཏུ་བར་ཆད་དྲིས་ནས་དགེ་འདུན་ལ་ཡོངས་སུ་དག་པ་གོ་བར་བྱས་ཏེ་འོང་བ་ཞུ་བར་བྱའོ། །དེ་ནས་བསྒྲུབ་བྱ་དེ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་ཙོག་ཙོག་པུར་འདུག་ཏུ་བཅུག་སྟེ། དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བ་ལན་གསུམ་འདེབས་སུ་གཞུག་གོ །དེ་ནས་ལས་བྱེད་པས་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་བྱས་ནས་བར་ཆད་དྲི་བར་བྱ་བའོ། །དངོས་གཞི་ནི། ལས་སློབ་ཏུ་འོས་པ་དེས་གསོལ་བ་དང་བཞིའི་ལས་ཚིག་ཕྱེད་ཀྱང་མ་འཁྲུགས་པར་སྟོན་པའི་སྒོ་ནས་བསྒྲུབ་བྱ་དེ་བསྙེན་པར་རྫོགས་པར་ཉེ་བར་བསྒྲུབ་པར་བྱ་བའོ།།  ༈  །།གསུམ་པ་མཇུག་གི་ཆོ་ག་ལ་དུས་གོ་བརྗོད་པ་དང་། གདམས་ངག་བརྗོད་པ་གཉིས་ལས། དང་པོ་ལ་དགོས་དོན་བསྡུས་དོན་གཉིས་ལས། དང་པོ་ནི། དེ་ལ་དགོས་པ་ཡོད་དེ། དེས་སྡོམ་པ་ཐོབ་པའི་དུས་ཤེས་ནས་རྒན་གཞོན་བར་མའི་ཚུལ་དང་བཀུར་སྟི་བྱེད་ཚུལ་ཤེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ལོ་འགོ་ངོས་བཟུང་བ་དང་། དངོས་པོ་གང་བརྗོད་པ་དང་། ཚུལ་ཇི་ལྟར་བརྗོད་པའོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ཀྱི། དང་པོ་ནི། དྲོ་ཁ་ཅིག་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པར་རིགས་ཏེ། མཛོད་ལས། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་བཟློག །ཅེས་གསུངས་ཤིང་། ཧོར་ཟླ་བཅུ་གཉིས་པ་ལ་ཉི་མ་ལྡོག་པའི་ཕྱིར་རོ། །ཁྱབ་སྟེ། མཛོད་ཀྱི་འགྲེལ་བཤད་དུ། སངས་རྒྱས་པའི་དུས་ཀྱི་དང་པོ་དགུན་གྱི་དུས་སོ་ཞེས་གསུངས་པའི་ཕྱིར་ཞེས་དང་། སམ་་་་་་ཁ་ཅིག་དམ་བཅའ་དེ་ཉིད་རིགས་པ་ཡིན་ཏེ། གདགས་པ་ལས་ལོ་གཅིག་ལ་མཚན་མོ་ཡུད་ཙམ་བཅོ་བརྒྱད་ཉིན་མོ་ཡུད་ཙམ་བཅུ་གཉིས་པའི་དུས་ཡོད་དེ། དེ་གང་ཞེ་ན། དགུན་ཟླ་ཐ་ཆུང་གི་ཡར་གྱི་ངོའི་ཚེས་བརྒྱད་ལ་མཚན་མོ་ཡུད་ཙམ་བཅོ་བརྒྱད་ཉིན་མོ་ཡུད་ཙམ་བཅུ་གཉིས་ཡོད་དོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར། ཡང་བུ་ཁ་ཅིག་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པ་རིགས་ཏེ། ཉ་ཚེས་དབྱུག་པ་གང་ཡིན་པ། །སྟོན་ཟླ་ཐ་ཆུང་བྱ་བར་བརྗོད། །ཅེས་རྟེན་འབྲེལ་མདོ་འགྲེལ་ལས་བཤད་པའི་ཕྱིར་ཞེས་གསུང་ངོ་། །གཉིས་པ་ནི། ཧོར་ཟླ་བརྒྱད་པ་ནས་ལོ་འགོ་འཛིན་པ་མི་འཐད་དེ། གདགས་པའི་ལུང་མདོ་འགྲེལ་དུ་དྲངས་པ་ལས། རྟ་རྣམས་ནི་སོས་ཀ་འཁྲིག བ་གླང་རྣམས་ནི་དབྱར་གྱི་དུས་སུ་འཁྲིག ཁྱི་རྣམས་ནི་སྟོན་གྱི་དུས་སུ་འཁྲིག་ཅེས་བཤད་པ་དང་མི་འགྲིག་ཅིང་། འགྲེལ་བཤད་རྒྱལ་སྲས་ལས། སྟོན་ནི་ཆར་འབབ་པར་འདྲ་བའི་ཕྱིར་དབྱར་དུ་བྱས། དགུན་སྟོད་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བྱས། སོས་ཀ་ནི་ཚ་བར་འདྲ་བའི་ཕྱིར་དཔྱིད་དུ་བྱས་ཞེས་གསུངས་པ་དང་མི་འགྲིག་པའི་ཕྱིར་རོ། །བརྒྱད་པ་ནས་འཛིན་པའི་སྒྲུབ་བྱེད་ཕྱི་མ་ཡང་མི་འཐད་དེ། མཛོད་ལས་དགུན་ཟླ་བཞི་པ་ལ་ཉི་མ་བཟློག་པར་བཤད་ཟེར་བ་དང་། གདགས་པ་ལས། དགུན་ཟླ་གསུམ་པ་ལ་ཉི་མ་ལྡོག་པར་བཤད་པ་མཐུན་པ་ཁས་ལེན་ན་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་རོ། །མཛོད་ལས། དགུན་རྣམས་ཀྱི་ནི་ཞེས་སོགས་ཀྱི་དོན་ནི། མཚན་མོ་ཐུང་དུ་འགྱུར་བ་ལས་གོ་བཟློག་ནས་ཉིན་མོ་རིང་དུ་འགྲོ་བ་ལ་བྱ་ཡི། འཇིག་རྟེན་ན་གྲགས་པ་ལྟར་གྱི་ཉི་མ་ལྡོག་པ་ནི་མ་ཡིན་ནོ། །དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་ཟློག །ཅེས་གསུངས་པའི་དོན་ལ། སྤང་ལོ་ཆེན་པོས། དབྱར་གྱི་ཟླ་བ་གཉིས་པ་ནི་ཁྲུམས་ཀྱི་ཟླ་བ་ཡིན་ལ། དེ་ལ་མར་ངོ་དང་ཡར་ངོ་གཉིས་ཡོད་པའི་ཐ་མ་ཡར་ངོའི་ཚེས་བརྒྱད་ལ་ཉིན་མཚན་མཉམ་པ་ལས་ཚེས་དགུ་ནས་མཚན་མོ་རིང་དུ་འགྱུར་ཞིང་ཉིན་མོ་དེ་ལས་གོ་བཟློག་སྟེ་ཐུང་དུ་འགྱུར་ལ། དགུན་རྣམས་ཀྱི་ནི་བཞི་པ་ནི་དབོའི་ཟླ་བ་ཡིན་ལ། དེ་ལ་མར་ངོ་དང་ཡར་ངོ་གཉིས་ཡོད་པའི་ཐ་མ་ཡར་ངོའི་ཚེས་བརྒྱད་ལ་ཉིན་མཚན་མཉམ་པ་ལས། ཚེས་དགུ་ནས་མཚན་མོ་ཐུང་དུ་འགྱུར་ཞིང་ཉིན་མོ་དེ་ལས་གོ་བཟློག་སྟེ་རིང་དུ་འགྱུར་ཞེས་པའི་དོན་སྟེ། གཞུང་འདིས་སྟོན་ཉིན་མཉམ་མཚན་མཉམ་དང་། དཔྱིད་ཉིན་མཉམ་མཚན་མཉམ་དངོས་སུ་བསྟན་ནས། དབྱར་ཉི་དང་དགུན་ཉི་ལྡོག་ཚུལ་ཤུགས་ལ་བསྟན་པ་ཡིན་ནོ་ཞེས་གསུངས་པ་ནི་ལེགས་བཤད་དོ། །གདགས་པ་ལས། དགུན་ཟླ་ཐ་ཆུང་ཞེས་པ་ནི་འགྱུར་གྱི་སྐྱོན་ཡིན་གྱི། གཞན་དུ་ན་ནང་འགལ་བར་འགྱུར་རོ། །གཉིས་པ་ཡང་མི་འཐད་དེ། མདོ་ཉི་མའི་སྙིང་པོ་ལས་སྨིན་དྲུག་ཟླ་བ་སྟོན་ཟླ་ཐ་ཆུང་དུ་གསུངས་པའི་ཕྱིར་ཏེ། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེས་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བར། །འདིར་ནི་རབ་ཏུ་གྲགས་པ་ཡིན། །ཞེས་གསུངས་པའི་ཕྱིར། ཧོར་ཟླ་བཅུ་པའི་གནམ་སྟོང་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་རིགས་པར་ཐལ། དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་གསུངས་པ་གང་ཞིག ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་རིགས་པའི་ཕྱིར། འདོད་ན། ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་གསུངས་པ་དང་འགལ་ལོ། །ཉ་ཚེས་དབྱུག་པ་གང་ཡིན་པ། །ཞེས་པའི་གཞུང་འདི་རྟེན་འབྲེལ་མདོ་འགྲེལ་ལ་སོགས་པའི་གཞུང་ཚད་ལྡན་གང་ལས་ཀྱང་བཤད་པ་མ་མཐོང་ངོ་། །གཉིས་པ་ནི། ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པར་རིགས་ཏེ། འགོའི་ཟླ་བའི་མར་ངོའི་ཚེས་གཅིག་ནས་ལོ་འགོ་འཛིན་དགོས་པའི་ཕྱིར་ཏེ། མེ་ཏོག་ཕྲེང་རྒྱུད་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནི། །སྔ་མའི་དབྱར་ཏེ་གཙོ་བོ་ཡིན། །ཞེས་གསུངས་ཤིང་། གྲོ་བཞིན་ཟླ་བ་ནི་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་བདུན་པའི་ཚེས་བཅོ་ལྔའི་བར་ལ་བྱ་དགོས་པའི་ཕྱིར་དང་། མདོ་ཉི་མའི་སྙིང་པོ་ལས། ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས། བཅུ་པའི་ཚེས་བཅོ་ལྔའི་བར་ལ་སྨིན་དྲུག་གི་ཟླ་བ་སྟོན་ཟླ་ཐ་ཆུང་དུ་གསུངས་པའི་ཕྱིར་དང་། ལོ་དྲི་བ་ལས། གསོ་སྦྱོང་བཅུ་བཞི་པའི་ཐོག་མ་རྒྱལ་གྱི་ཟླ་བའི་བཅུ་བཞི་པ་སྨོས་པའི་ཕྱིར། གལ་ཏེ་ལོ་འགོ་དེ་ལྟར་འཛིན་ན། ཊཱི་ཀར་དབྱར་དགུན་འབྲིང་ཐུབ་སྟོན་དཔྱིད་འབྲིང་མི་ཐུབ་པར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། འདིར་ཡར་ངོ་སྔོན་འགྲོའི་དབང་དུ་བྱས་པ་ཡིན་པའི་ཕྱིར། སྤྱིར་བསྟན་བཅོས་ཀྱི་ལུགས་ལ་མར་ངོ་སྔོན་འགྲོ་ཡིན་ཏེ། རྒྱལ་སྲས་ལས། ཟླ་བ་ཐམས་ཅད་མར་གྱི་ངོ་སྔའོ་ཞེས་གསུངས་པའི་ཕྱིར། སྐབས་འགའ་ཞིག་ཏུ་ཡར་ངོ་སྔོན་འགྲོ་བཤད་པ་ནི། རྒྱལ་པོའམ་འཇིག་རྟེན་པ་དང་སྒོ་བསྟུན་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་དངོས་པོ་གང་བརྗོད་པ་ནི། གྲིབ་ཚོད་དང་། ཉིན་མཚན་གྱི་ཆ་དང་། ཚེས་གྲངས་དང་། ཟླ་བའི་ངོ་དང་། དུས་ཚོད་དེ་ལྔ་བརྗོད་པར་བྱའོ། །ཁ་ཅིག་རབ་འབྲིང་ཐ་ཆུང་གི་རྣམ་གཞག་བརྗོད་དགོས་ཞེས་པ་མི་འཐད་དེ། གཞུང་ཚད་ལྡན་ལས་མ་བཤད་ཅིང་། གཞན་ལྔ་པོ་ཇི་ལྟ་བ་བཞིན་བརྗོད་ན་མི་རྟོགས་པའི་གནས་མེད་པའི་ཕྱིར་རོ། །ཁ་ཅིག་དགེ་ཚུལ་གྱི་ལོ་དྲི་བ་ལས། ལོ་ཡང་བརྗོད་དགོས་པར་གསུངས་ཞེས་གསུངས་པ་ཡང་མི་འཐད་དེ། དེ་ལས་དུས་གོ་བརྗོད་པར་མ་བཤད་པའི་ཕྱིར། ཇི་ལྟར་བརྗོད་པའི་ཚུལ་ནི། བསྙེན་པར་རྫོགས་པའི་དེ་མ་ཐག་ཏུ་ལས་བྱེད་པ་ལས་གཞན་པའི་དགེ་སློང་ཞིག་གིས་དུས་གོ་བརྗོད་པར་བྱ་སྟེ། དེ་ཡང་ཐོག་མར་གྲིབ་ཚོད་རིག་པར་བྱ་སྟེ། དེ་ཡང་ཤིང་བུ་ལ་སོགས་པ་ཐུར་མ་སོར་བཞི་པས་འཇལ་ན་བཟང་སྟེ། རྟོགས་པར་སླ་བའི་ཕྱིར་ཐུར་མ་སོར་བཞི་པ་དེ་ལ་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱ་ལ། དེའི་གྲིབ་མ་ས་ལ་ཕོག་པའི་སོར་རེ་ལ་རྐང་པ་ཞེས་པའི་ཐ་སྙད་བྱའོ། །ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ནི། སྔ་དྲོ། གུང་། གུང་ཚིགས་མ་ཡོལ་བ། ཕྱི་དྲོ། ཉི་མ་བཞི་ཆ་ལུས་པ། ཉི་མ་བརྒྱད་ཆ་ལུས་པ། ཉི་མ་མ་ནུབ་པ། ཉི་མ་ནུབ་པ། རྒྱུ་སྐར་རྣམས་མ་ཤར་བ། རྒྱུ་སྐར་རྣམས་ཤར་བ། ཐུན་དང་པོ། ཐུན་དང་པོའི་ཕྱེད། ཐུན་བར་པ། ཐུན་བར་པའི་ཕྱེད། ཐུན་ཐ་མ། ཐུན་ཐ་མའི་ཕྱེད། སྐྱ་རེངས་མ་ཤར་བ། སྐྱ་རེངས་ཤར་བ། ཉི་མ་མ་ཤར་བ། ཉི་མ་ཤར་བ། ཉི་མའི་བརྒྱད་ཆ་ཤར་བ། ཉི་མའི་བཞི་ཆ་ཤར་བར་རྣམས་སོ། །དུས་ཚོད་ནི་ལྔ་སྟེ། གྲང་བ་དགུན་གྱི་དུས་དང་། ཚ་བ་དཔྱིད་ཀྱི་དུས་དང་། ཆར་བབས་པ་དབྱར་གྱི་དུས་དང་། དུས་ཐུང་ངུར་གནས་པ་དབྱར་ཐུང་ངུའི་དུས་དང་། དབྱར་ཡང་ཡིན་ལ་རིང་པོ་ཡང་ཡིན་པས་དབྱར་རིང་པོའི་དུས་རྣམས་སོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞི་སྟེ། མགོའི་ཟླ་བའི་མར་ངོའི་ཚེས་གཅིག་ནས་ལོ་འགོ་གཟུང་བའི་དགུན་ཟླ་རྭ་བ་དང་། འབྲིང་པོ་དང་། ཐ་ཆུང་དང་། དཔྱིད་ཟླ་རྭ་བ་དང་བཞི་ནི་དགུན་གྱི་དུས། དེའི་ཉ་ནས་དཔྱིད་ཟླ་འབྲིང་པོ་དང་། ཐ་ཆུང་དང་། དབྱར་ཟླ་རྭ་བ་དང་། འབྲིང་པོ་བཞི་ནི་དཔྱིད་ཀྱི་དུས་སོ། །དབྱར་གྱི་དུས་ནི་ཟླ་བ་གཅིག་སྟེ། དབྱར་ཟླ་ཐ་ཆུང་ངོ་། །དབྱར་ཐུང་ངུའི་དུས་ནི་ཉིན་ཞག་གཅིག་སྟེ། ཡར་ངོའི་སྔོན་འགྲོ་ལྟར་ན། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ཡིན་ལ། མར་ངོ་སྔོན་འགྲོ་ལྟར་ན་གྲོ་བཞིན་ཟླ་བའི་ཚེས་གཅིག་གོ །དབྱར་རིང་པོ་ནི་ཟླ་བ་གསུམ་དུ་ཉིན་ཞག་གཅིག་པོ་དེས་མ་ཆོག་པ་སྟེ། སྟོན་ཟླ་རྭ་བའི་མར་ངོ་ཚེས་གཉིས་ནས་བཟུང་སྟེ། སྟོན་ཟླ་རྭ་བ་ཞག་ཉི་ཤུ་རྩ་དགུ་དང་། འབྲིང་པོ་དང་། ཐ་ཆུང་རྣམས་སོ། །གསུམ་པ་ཇི་ལྟར་བརྗོད་པ་ནི། བུ་ཁ་ཅིག་ཕྲ་རིམ་ནས་གསུངས་ཀྱང་རགས་རིམ་ནས་བརྗོད་དགོས་ཏེ། ལོ་དྲི་བ་དང་གཞི་འགྲེལ་ལས་རགས་རིམ་ནས་བརྗོད་པར་གསུངས་ཤིང་། རགས་རིམ་ནས་བརྗོད་ན་འཆད་པ་པོ་འཆད་སླ་བ་དང་། ཉན་པ་པོ་ཉན་སླ་བའི་དགོས་པ་ཡོད་པའི་ཕྱིར་ཞེས་གསུངས་པ་མི་འཐད་དེ། ལོ་དྲི་བ་ལས་དུས་གོ་བརྗོད་པ་མ་བཤད་ཅིང་། གཞི་འགྲེལ་གྱིས་ནི་ལུང་ནས་ཕྲ་རིམ་ནས་བཤད་པའི་དོན་བསྡུས་པ་ཡིན་གྱི་གོ་རིམ་བསྒྱུར་བའི་བརྗོད་ཚུལ་བཤད་པ་མ་ཡིན་ནོ། །གཞན་དུ་ན། སྟོན་པ་ཤཱཀྱ་ཐུབ་པ་དང་སློབ་དཔོན་ཡོན་ཏན་འོད་ཀྱི་དུས་གོ་བརྗོད་ཚུལ་ལ་སྐྱོན་ཆགས་པར་ཐལ། རགས་རིམ་དང་ཕྲ་རིམ་གང་ནས་བརྗོད་ཀྱང་རུང་བ་གང་ཞིག རགས་རིམ་ནས་བརྗོད་ན་དགོས་པ་ཆེ་ཞིང་། ཕྲ་རིམ་ནས་བརྗོད་ན་དགག་བྱ་ཆེ་ལ། དེ་གཉིས་ཀྱིས་ཕྲ་རིམ་ནས་གསུངས་པའི་ཕྱིར་ཞེས་གསུང་མོད། འོན་ཀྱང་ལོ་མ་བརྗོད་ན་ལོ་འདི་ལ་བསྙེན་པར་རྫོགས་སོ་ཞེས་པའི་དུས་མི་ཤེས་པའི་སྐྱོན་བྱུང་གི་དོགས་ཤིང་། ཕྲ་རིམ་ནས་བཙལ་ནས་རགས་རིམ་ནས་བརྗོད་ན་འཇུག་པ་བདེ་བ་ནི་མྱོང་བས་ཀྱང་གྲུབ་པར་སེམས་སོ། །དུས་ཚིགས་ཀྱི་རྣམ་གཞག་རྒྱས་པ་ནི་འོག་ནས་འབྱུང་ངོ་། །གཉིས་པ་གདམས་ངག་བརྗོད་པ་ལ་དགོས་དོན་དང་། བསྡུས་དོན་གཉིས་ལས། དང་པོ་ནི། དེ་ལ་དགོས་པ་ཡོད་དེ། སྡོམ་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་ལྔ་སྟེ། ཡུལ་གང་ལ། རྟེན་གང་གིས། དངོས་པོ་གང་། དུས་ནམ་གྱི་ཚེ། ཚུལ་ཇི་ལྟར་བརྗོད་པའོ། །དང་པོ་ནི། བསྙེན་པར་རྫོགས་མ་ཐག་པའི་དགེ་སློང་དེ་ལའོ། །གཉིས་པ་ནི། ལས་སློབ་ཀྱིས་བརྗོད་དེ། གདམས་ངག་བརྗོད་པ་ནི་དེའི་ལས་ཡིན་པའི་ཕྱིར། གསུམ་པ་ནི་གདམས་ངག་གོ །བཞི་པ་ནི། དུས་གོ་བརྗོད་པའི་དེ་མ་ཐག་ཏུའོ། །ལྔ་པ་ལ་དབྱེ་བ། བསྡུ་བ། གྲངས་ངེས། གོ་རིམ་ངེས་པ། འདི་རྣམས་ཁོ་ན་བརྗོད་པའི་འཐད་པ་དང་ལྔ། དང་པོ་ནི། གདམས་ངག་ཆེ་ལོང་ཙམ་དུ་བརྗོད་ན་བཅུ་གཅིག་དང་། ཞིབ་ཏུ་ཕྱེ་ན་དང་པོ་གསུམ་ལ་བཞི་བཞིར་ཕྱེ་བས་ཉི་ཤུའོ། །གཉིས་པ་ནི། ཉི་ཤུ་པོ་དེ་ཡང་སྤང་བྱ་སྤོང་བ་ལ་གདམས་པ་དང་། བླང་བྱ་ལེན་པ་ལ་གདམས་པ་གཉིས་སོ། །གསུམ་པ་ནི། གདམས་ངག་ལ་བཅུ་གཅིག་ཏུ་གྲངས་ངེས་ཏེ། ཚུལ་ཁྲིམས་ཀྱི་བསླབ་པ་རྫོགས་པའི་དབང་དུ་བྱས་ནས་གདམས་ངག་བརྗོད་པ་གང་ཞིག བཅུ་གཅིག་པོ་དེ་ཙམ་བརྗོད་པས་ཚུལ་ཁྲིམས་ཀྱི་བསླབ་པ་དག་པའི་ཐབས་རྫོགས་པར་འགྲུབ་པའི་ཕྱིར། བཞི་པ་ནི། ཁ་ཅིག་སྤང་བྱ་ཡུལ་ལ་གདམས་པ་དང་། སྤོང་བྱེད་གཉེན་པོ་ལ་གདམས་པ་གཉིས་དེ་ཡང་སྤང་བྱ་ལས་གཉིས་པོ་འབྱུང་བས་དང་པོ་སྔར་བསྟན། གཉིས་པ་ཕྱིས་བསྟན་ནོ། །དང་པོ་ལ་རང་མ་སྨིན་པ་སྨིན་པར་བྱེད་པའི་གདམས་པ་དང་། གཞན་སྨིན་ཟིན་རྗེས་སུ་གཟུང་བའི་གདམས་པ་ཞེས་སོགས་སྨྲ་བ་ནི་མི་འཐད་དེ། གཞུང་དང་མི་འགྲིག་པའི་ཕྱིར། རང་ལུགས་ནི། སྡོམ་པ་ཐོབ་ནས་བསྲུང་བ་ལ་སྲུང་ཚུལ་ཤེས་དགོས་པས། དང་པོ་འཚོ་བ་རྣམ་དག་ལ་བརྟེན་ནས་སྲུང་དགོས་སོ་ཞེས་གདམས་པ་ནི། གནས་རྣམས་བརྗོད་པར་བྱའོ་ཞེས་ཏེ། ཚངས་པར་སྤྱོད་པའི་གནས་ཡིན་པས་ན་གནས་ཞེས་བྱ་སྟེ། ཟས་བསོད་སྙོམས་པ་དང་། གོས་ཕྱག་དར་ཁྲོད་པ་དང་། གནས་ཤིང་དྲུང་པ་དང་། སྨན་བཀུས་ཏེ་བོར་བའོ། །ཕམ་པས་གོས་ན་སྡོམ་པ་མ་བླངས་པ་དང་འདྲ་བར་འགྱུར་བས། དེའི་འོག་ཏུ་ཕམ་པས་མ་གོས་པར་གྱིས་ཤིག་ཅེས་གདམས་པ་ནི། ལྟུང་བར་འགྱུར་བའི་ཆོས་རྣམས་ཞེས་སོ། །དེ་ཡང་དགེ་སྦྱོང་གི་ཆོས་བཞི་ལ་གནས་ན། སྲོག་གཅོད་པའི་ཕམ་པ་ལ་སོགས་པ་སྤོང་སླ་བས་དེའི་འོག་ཏུ་དགེ་སྦྱོང་དུ་བྱེད་པའི་ཆོས་ཁྲོ་ཡང་སླར་མི་ཁྲོ་བ་ལ་སོགས་པ་བཞི་ལ་གདམས་པ་ནི། དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་ཀྱང་ངོ་ཞེས་པས་བསྟན་ནོ། །འོ་ན་འཚོ་བ་བྱ་དཀའ་བ་དགེ་སྦྱོང་གི་ཆོས་བཞི་ལ་གནས་པ་སོགས་ཀྱི་སྒོ་ནས་ཚུལ་ཁྲིམས་བསྲུང་བ་དེ་བདག་གིས་བྱ་མི་ནུས་སོ་སྙམ་ན། ཁྱེད་རང་འདོད་པ་ལྟར་བསྒྲུབ་པ་ཡིན་གྱི་ངེད་ཀྱིས་དབང་མེད་དུ་སྒྲུབ་ཏུ་བཅུག་པ་མ་ཡིན་པས་དེ་ལྟར་སྒྲུབ་དགོས་སོ་ཞེས་གདམས་པ་ནི། མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་ནས་ཞེས་སོ། །བདག་བསྙེན་པ་རྫོགས་མ་ཐག་པ་ཡིན་པས་དེ་ལྟར་མི་དགོས་སོ་སྙམ་པ་ལ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་ཚུལ་ཁྲིམས་མཉམ་པས་དེ་དང་མཚུངས་པར་བསླབ་དགོས་སོ་ཞེས་འདོམས་པ་ནི། ཚུལ་ཁྲིམས་མཉམ་པར་ཞེས་སོགས་སོ། །འོ་ན་བདག་ཁྱིམ་ན་གནས་པའི་ཚེ་ཕ་མ་སོགས་ཀྱིས་ནད་གཡོག་དང་མི་རིགས་པ་ལས་བཟློག རིགས་པ་ལ་སྦྱོར་བར་བྱེད་ན། རབ་ཏུ་བྱུང་ནས་དེ་དག་སུས་བྱེད་སྙམ་ན། མཁན་པོ་དང་མཁན་བུ་གཉིས་ཕ་བུའི་འདུ་ཤེས་འཇུག་པར་བྱའོ་ཞེས་འདོམས་པ་ནི། ཚུལ་དང་འབྲེལ་བའི་གཟུགས་བརྙན་དང་ཞེས་སོ། །འོ་ན་མཁན་པོ་ཁོ་ན་ལ་གུས་པར་བྱའམ་སྙམ་ན། རབ་ཏུ་བྱུང་བ་ཐམས་ཅད་ལ་གུས་པར་བྱ་ཞེས་འདོམས་པ་ནི། དུལ་བར་གནས་པ་ཉིད་དང་ཞེས་སོ། །འོ་ན་ཚུལ་ཁྲིམས་ཁོ་ནའི་འཇུག་ལྡོག་ལ་བསླབ་པར་བྱའམ་སྙམ་ན། བསླབ་པ་གསུམ་ཀ་རྫོགས་པར་བྱ་དགོས་པས་དེ་གསུམ་བརྗོད་པའི་ལུང་ལ་ཁ་ཏོན་བྱེད་པ་དང་བསྒོམ་པ་ལ་སོགས་ལ་འཇུག་པར་བྱ་དགོས་ཞེས་འདོམས་པ་ནི། དགོས་པ་རྗེས་སུ་སྒྲུབ་པ་ལ་ཡང་ངོ་ཞེས་སོ། །དགེ་སློང་གི་སྤང་བྱ་དེ་ཙམ་དུ་ཟད་དམ་སྙམ་ན། འདིར་བརྗོད་པ་དེ་རྣམས་ཆེ་ལོང་ཙམ་ཡིན་གྱི་བསླབ་པའི་གཞི་ཕྲ་མོ་རྣམས་གསོ་སྦྱོང་གི་དུས་སུ་མཁན་སློབ་དང་འགྲོགས་བཤེས་ལ་བརྟེན་ནས་ཤེས་པར་འགྱུར་བས་དེ་རྣམས་ཤེས་དགོས་སོ་ཞེས་འདོམས་པ་ནི། མ་བརྗོད་པར་ཡང་དག་པར་བླངས་པ་ཞེས་སོ། །ཚུལ་ཁྲིམས་རྣམ་དག་དེ་རྒྱུ་གང་ལ་བརྟེན་ནས་བསྒྲུབ་སྙམ་ན། ཁྱད་དུ་གསོད་པའི་གཉེན་པོར་གུས་པ་ལ་སྦྱར་བ་དང་། བསྒྲུབ་པར་བྱ་བའི་ཐབས་སྦྱོར་བ་བག་ཡོད་ལ་སྦྱོར་བ་གཉིས་ཀྱི་དང་པོ་ནི། ཐོབ་པར་དཀའ་བའི་དལ་འབྱོར་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་པས་གུས་པས་སྦྱོར་བའི་བརྩོན་འགྲུས་ཀྱིས་རྗེས་སུ་བསྒྲུབ་པ་ལྷུར་ལོངས་ཤིག་ཅེས་འདོམས་པ་ནི། གུས་པ་ལ་ཡང་ངེས་པར་སྦྱར་བར་བྱའོ་ཞེས་སོ། །གཉིས་པ་ནི། བག་ཡོད་པ་ལ་བརྟེན་ནས་བསྒྲུབ་པས་བག་ཡོད་པར་གྱིས་ཤིག་ཅེས་འདོམས་པ་ནི། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ཡང་ངོ་ཞེས་གསུངས་སོ། །ལྔ་པ་ནི། བཅུ་གཅིག་པོ་འདི་ཙམ་ཞིག་འདིར་སྨོས་པ་ལ་རྒྱུ་མཚན་ཡོད་དེ། འདི་ཙམ་གྱིས་འདུལ་བ་རྒྱས་པའི་དོན་མདོར་བསྡུས་བརྗོད་པ་དེ་འགྲུབ་པའི་ཕྱིར་རོ།།  ༈  །།གཉིས་པ་མི་ཉམས་པར་བསྲུང་བའི་ཐབས་ལ་གཉིས་ཏེ། གནས་དང་གནས་པའི་ཚུལ་ཁྲིམས་དང་། གནས་དང་གནས་པའི་མཚན་ཉིད་དོ། །དང་པོ་ནི། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་སོགས་སོ། །གཉིས་པ་ལ། བཅས་པའི་སྐབས་ནས་འབྱུང་བ་དང་། རྗེས་བཅས་ཀྱི་སྐབས་ནས་འབྱུང་བ་གཉིས། དང་པོ་ལ་གཉིས་ཏེ། གཞུང་གི་དོན་དང་། དཀའ་བའི་གནས་ལ་དཔྱད་པའོ། །དང་པོ་ལ། ལྔ་ཕྲུགས་ཉི་ཤུ་རྩ་གཅིག་སྟེ། ལུང་བར་སྡོམས་ལས། ལོ་བཅུ་ལོན་དང་འཛིན་དང་མཁས། །རིགས་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་པ་གཉིས། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་གསུངས་ཏེ། བསྡུ་ན་གཉིས་ཏེ། བཙུན་པ་བརྟན་པའི་ཡན་ལག་དང་། མཁས་ཤིང་ཕན་འདོགས་པའི་ཡན་ལག་གོ །དང་པོ་ནི། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བཤད་ན། གནས་དང་གནས་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་འཆད་ཅེས་པའམ། ཡང་ན་དེ་ལྟར་བཤད་ན་བསྙེན་པར་རྫོགས་ནས་ལོ་ཇི་ཙམ་ནས་གཞན་གྱི་མཁན་པོ་སོགས་གསུམ་བྱར་རུང་ཞེ་ན། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་མ་ལོན་པར་གཞན་གྱི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་མཁན་པོ་ཉིད་དང་། གཞན་གྱི་གནས་མེད་ཀྱི་ཉེས་པ་འགོག་པའི་གནས་ཀྱི་བླ་མ་ཉིད་དང་། རང་ཉིད་ཀྱང་གནས་ཀྱི་བླ་ལ་མ་བརྟེན་པར་འདུག་པར་མི་བྱ་སྟེ། དེ་གསུམ་བྱེད་དུ་རུང་བའི་བཙུན་པ་བརྟན་པའི་ཡན་ལག་མ་ཚང་བ་ཡིན་པའི་ཕྱིར། དེས་ན་གསུམ་པོ་དེ་ནུས་པ་ལ་བརྟན་པའི་ཡན་ལག་ཏུ་ལོ་བཅུ་ལོན་པ་དགོས་ལ། མ་ལོན་པ་ནི་གནས་པའི་རིགས་ཡིན་པར་དོན་གྱིས་བསྟན་ནོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། འོ་ན་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ཙམ་གྱིས་མཁན་སོགས་གསུམ་པོ་བྱར་རུང་ངམ་ཞེ་ན། ལོ་བཅུ་ལོན་ཀྱང་འོག་ནས་འབྱུང་བའི་ལྔ་ཚན་ལྷན་ཅིག་ཏུ་སྦྱར་བ་ཉི་ཤུ་རྩ་གཅིག་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་གཞན་གྱི་མཁན་སོགས་གསུམ་པོ་བྱར་རུང་བ་མ་ཡིན་ཏེ། དེ་གསུམ་བྱར་རུང་བའི་མཁས་པའི་ཡན་ལག་མ་ཚང་བའི་ཕྱིར། གཉིས་པ་ལ་བཞི་སྟེ། སྡེ་སྣོད་གཉིས་ཤེས་པའི་ཡོན་ཏན་དང་། སྡེ་སྣོད་གསུམ་ཤེས་པའི་དང་། དགེ་སྦྱོང་ཚུལ་གྱིས་དང་། འདུལ་བའི་སྡེ་སྣོད་ཤེས་པའི་ཡོན་ཏན་ནོ། །དང་པོ་ནི། ལྷན་ཅིག་སྦྱར་བ་དེ་རྣམས་གང་ཡིན་ཞེ་ན། ནད་གཡོག་རང་གི་བྱེད་དམ་གཞན་བྱེད་དུ་འཇུག་ནུས་པ། འགྱོད་པ་བསལ་བ་རང་གིས་བྱེད་དམ་བྱེད་དུ་འཇུག་ནུས་པ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་རང་གིས་བྱེད་དམ་བྱེད་དུ་འཇུག་ནུས་པ། གནས་མངོན་པར་མི་དགའ་བ་འདོར་བ་རང་གིས་བྱེད་དམ་བྱེད་དུ་འཇུག་ནུས་པ་སྟེ། བཞི་པོ་དེའི་སྟེང་དུ་ལོ་བཅུ་ལོན་པ་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་དང་པོའོ། །དེ་ཡང་འབྲས་བུ་ལ་གཞག་ན། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་ལྡན་པའི་སྒོ་ནས་ནད་གཡོག་རང་གི་བྱེད་དམ་བྱེད་དུ་འཇུག་ནུས་པ། འདུལ་བ་ཤེས་པའི་སྒོ་ནས་ལྟུང་བ་བྱུང་བ་ཡིད་ལ་གཅགས་པའི་འགྱོད་པ་བསལ་བ་རང་གིས་བྱེད་དམ་བྱེད་དུ་འཇུག་ནུས་པ། མངོན་པར་ཤེས་པའི་སྒོ་ནས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་རང་གིས་བྱེད་དམ་བྱེད་དུ་འཇུག་ནུས་པ། བསམ་པ་ཤེས་པའི་སྒོ་ནས་སློབ་མ་དེ་གནས་སམ་ཡུལ་མངོན་པར་མི་དགའ་བ་འདོར་བ་དག་ལ་རང་གི་བྱེད་དམ་གཞན་བྱེད་དུ་འཇུག་ནུས་པའོ། །གཉིས་པ་ལ་གཉིས་ཏེ། ཡན་ལག་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ནི། ལྔ་པ་ལྷག་མ་རྣམས་ཀྱི་ཡན་ལག་གང་ཞེ་ན། སློབ་པ་ཉིད་ཅེས་པ་ཡན་ཆད་དངོས་སུ་ལྔ་པ་ཚང་བ་མ་ཡིན་པ་རྣམས་ལ་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་། མང་དུ་ཐོས་པ་ཉིད་ཡན་ལག་ཏུ་སྦྱར་རོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པ་ནི་བསམ་བཞིན་དུ་ཉེས་བྱས་ཙམ་ཡང་མི་བྱེད་པ་ཡིན་ལ། མང་དུ་ཐོས་པ་ནི་ལྔ་པ་དེའི་གཞི་འདིང་ལ་ནང་པའི་སྡེ་སྣོད་མང་དུ་ཐོས་པ་ཡོད་པ་ཡིན་ན། ཕྱི་རོལ་པའི་བསྟན་བཅོས་མང་དུ་ཐོས་པ་ལ་བྱེད་ལ། ནང་པའི་སྡེ་སྣོད་མང་དུ་ཐོས་པ་ཡོད་པ་མ་ཡིན་ན། ནང་པའི་སྡེ་སྣོད་མང་དུ་ཐོས་པ་ཉིད་ལ་བྱེད་དོ། །གཉིས་པ་ལ་གཉིས་ཏེ། ཚིག་དོན་གཉིས་ཀ་ཤེས་པའི་དང་། དོན་ཤེས་པའི་ཡོན་ཏན་ནོ། །དང་པོ་ལ་རང་འཛིན་པ་དང་། གཞན་འཛིན་དུ་འཇུག་པ་གཉིས་ལས། དང་པོ་ནི། དེ་གཉིས་གང་དང་སྦྱོར་ཞེ་ན། སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ་ཞེས་ཏེ། མདོ་སྡེ་དང་། འདུལ་བ་དང་། མངོན་པའི་སྡེ་སྣོད་གསུམ་མངོན་པར་ཤེས་པ་སྟེ། དེ་གསུམ་ཀ་ལ་འཛིན། མཁས། རིག་གསལ་བཞི། ཚུལ་ལྡན་མང་ཐོས་གཉིས་སྦྱར་བས་ལྔ་པ་བཞི་སྟོན་ནོ། །དེ་ཡང་འཛིན་པ་ནི་སྡེ་སྣོད་གསུམ་གྱི་ཚིག་དོན་མི་བརྗེད་པར་འཛིན་པ། མཁས་པ་ནི་སྡེ་སྣོད་གསུམ་ཕན་ཚུན་འབྲེལ་བས་འདྲེས་པར་གནས་པ་ལ་སོ་སོར་འབྱེད་ནུས་པ། རིག་པ་ནི་སྡེ་སྣོད་གསུམ་པོ་དེ་ཚད་མ་གསུམ་དང་མི་འགལ་བར་རྩོམ་ནུས་པ། གསལ་བ་ནི་སྡེ་སྣོད་གསུམ་པོ་དེ་ལུང་རིགས་དང་སྦྱར་ནས་གཞན་ལ་གསལ་བར་སྟོན་ནུས་པའོ། །གཉིས་པ་ནི། དེ་དག་འཛིན་དུ་འཇུག་ནུས་པ་ཉིད་དོ་ཞེས་ཏེ། མདོ་སྡེ་འཛིན་དུ་འཇུག་ནུས། འདུལ་བ་འཛིན་དུ་འཇུག་ནུས། མ་མོ་འཛིན་དུ་འཇུག་ནུས། དེའི་སྟེང་དུ་ཚུལ་ལྡན་མང་ཐོས་གཉིས་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་དྲུག་པའོ། །དེ་ལྟར་ན་འདུལ་བ་ལ་གནས་པ་མ་ཚང་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྡེ་སྣོད་གསུམ་པོ་དེ་རང་གིས་བསྟན་པའི་སྒོ་ནས་གཞན་འཛིན་དུ་འཇུག་ནུས་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་དོན་ཤེས་པའི་ཡོན་ཏན་ལ་བཞི་སྟེ། བསླབ་པ་གསུམ་ཤེས་པའི་ཡོན་ཏན། ཚུལ་ཁྲིམས་ཤེས་པའི་ཡོན་ཏན། ཕུན་ཚོགས་གཉིས་ཀྱི་ཡོན་ཏན། ཚོགས་སྦྱོར་གཉིས་ཀྱི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། རང་སློབ་པ་དང་། གཞན་སློབ་ཏུ་འཇུག་པའི་ཡོན་ཏན་ནོ། །དང་པོ་ནི། ལྷག་པའི་ཚུལ་ཁྲིམས་ལ་སློབ། ལྷག་པའི་སེམས་ལ་སློབ། ལྷག་པའི་ཤེས་རབ་ལ་སློབ་པ་ཉིད་དེ། དེའི་སྟེང་དུ་ཡན་ལག་ཐུན་མོང་བ་གཉིས་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་བདུན་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ལ་སློབ་པ་ནི་འདུལ་བར་གཏོགས་པའི་བསླབ་པའི་གཞི་མཐའ་དག་ལ་སློབ་པ་དང་། ལྷག་པའི་སེམས་ནི་བསམ་གཏན་བཞིར་གཏོགས་པའི་སེམས་ལ་སློབ་པ་དང་། ལྷག་པའི་ཤེས་རབ་ཅེས་པ་ནི་ལམ་བདེན་ལ་སློབ་པའོ། །གཉིས་པ་ནི། བསླབ་པ་གསུམ་པོ་དེ་ལ་རང་སློབ་པར་མ་ཟད། དེའི་སྟེང་དུ་གཞན་ལྷག་པའི་ཚུལ་ཁྲིམས་ལ་སློབ་ཏུ་འཇུག་ནུས། ལྷག་པའི་སེམས་ལ་སློབ་ཏུ་འཇུག་ནུས། ལྷག་པའི་ཤེས་རབ་ལ་སློབ་ཏུ་འཇུག་ནུས་པ། དེའི་སྟེང་དུ་ཡན་ལག་ཐུན་མོང་བ་གཉིས་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་བརྒྱད་པའོ། །གཉིས་པ་ནི། བསླབ་པ་གསུམ་ལ་སློབ་པ་དང་སློབ་ཏུ་འཇུག་ནུས་པའི་ལྔ་པ་གཉིས་སུ་ཕྱེ་བ་དེ་བཞིན་དུ་འདིར་ཡང་ལྔ་ཚན་གཉིས་སྦྱར་རོ། །ཇི་ལྟར་ཞེ་ན། ལྷག་པའི་སྤྱོད་པ་ལ་སློབ། ལྷག་པའི་འདུལ་བ་ལ་སློབ། ལྷག་པའི་སོ་སོ་ཐར་པ་ལ་སློབ། དེའི་སྟེང་དུ་ཚུལ་ལྡན་མང་ཐོས་གཉིས་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་དགུ་པའོ། །གསུམ་པོ་དེ་ལ་སློབ་ཏུ་འཇུག་ཀྱང་ནུས་པའི་སྟེང་དུ་ཚུལ་ལྡན་མང་ཐོས་གཉིས་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་བཅུ་པའོ། །ལྷག་པའི་སྤྱོད་པ་ནི་བསྟན་བཅོས་ནས་བཤད་པའི་འགྲོ་འཆག་ཉལ་འདུག་གི་སྤྱོད་པ། ལྷག་པའི་འདུལ་བ་ནི་ལུང་སྡེ་བཞི་ནས་བཤད་པའི་བསླབ་པ། ལྷག་པའི་སོ་སོར་ཐར་པ་ནི་རྩ་བའི་ལུང་སོ་སོར་ཐར་པ་ནས་བཤད་པའི་བསླབ་པའི་གཞི་རྣམས་ལ་སློབ་པ་ཉིད་དོ། །གསུམ་པ་ཕུན་ཚོགས་གཉིས་ཀྱི་ཡོན་ཏན་ལ་གཉིས་ལས། ཕུན་ཚོགས་དང་པོ་ནི་དད་པ་ཕུན་ཚོགས། ཚུལ་ཁྲིམས་ཕུན་ཚོགས། ཐོས་པ་ཕུན་ཚོགས། གཏོང་བ་ཕུན་ཚོགས། ཤེས་རབ་ཕུན་སུམ་ཚོགས་པའི་ལྔ་ཚན་འདི་ནི་ལྔ་ཚན་བཅུ་གཅིག་པའོ། །དེ་ལ་དད་པ་ཕུན་སུམ་ཚོགས་པ་ནི་དྭང་བའི་དད་པ་དང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པ་ཕུན་སུམ་ཚོགས་པ་སྟེ་ཕྱིར་ནུར་བ་མེད་པའི་མཚན་ཉིད་ཅན་ནོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་བཅས་རང་གི་ཉེས་པས་མ་གོས་པའི་ཚུལ་ཁྲིམས་སོ། །ཐོས་པ་ནི་འདུལ་བ་ཐོས་པ། གཏོང་བ་ནི་མ་ཆགས་པར་གཏོང་བའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བོ། །ཕུན་ཚོགས་གཉིས་པ་ནི་ཀྱང་ཞེས་པ་ཕུན་ཚོགས་གོང་མ་ལ་བསྙེགས་པས་ཚུལ་ཁྲིམས་ཕུན་ཚོགས། ཏིང་ངེ་འཛིན་ཕུན་ཚོགས། ཤེས་རབ་ཕུན་ཚོགས། རྣམ་པར་གྲོལ་བ་ཕུན་ཚོགས། རྣམ་གྲོལ་དེ་ཤེས་པ་དང་མཐོང་བ་ཕུན་སུམ་ཚོགས་པའི་ཡན་ལག་ལྔ་པ་གཅིག་ཏུ་སྦྱར་བ་དེ་ནི་ལྔ་ཚན་བཅུ་གཉིས་པའོ། །དེ་ཡང་ཚུལ་ཁྲིམས་ནི་དགེ་སློང་གི་རྒྱུད་ཀྱི་ཚུལ་ཁྲིམས། ཏིང་ངེ་འཛིན་ནི་མི་སློབ་པའི་རྒྱུད་ཀྱི་ཟག་པ་མེད་པའི་ཏིང་ངེ་འཛིན། ཤེས་རབ་ནི་དེའི་རྒྱུད་ཀྱི་སྡུག་ཀུན་དང་ལམ་བདེན་ལ་དམིགས་པའི་ཟག་མེད་ཀྱི་ཤེས་རབ་བོ། །རྣམ་པར་གྲོལ་བ་ནི་དེའི་རྒྱུད་ཀྱི་སྤང་བྱ་མཐའ་དག་ལས་གྲོལ་བའི་རྣམ་གྲོལ་ལོ། །རྣམ་གྲོལ་དེ་ཤེས་པ་ནི་འགོག་བདེན་ལ་དམིགས་པའི་ཟད་མི་སྐྱེ་ཤེས་པ། དེ་མཐོང་བ་ནི་འགོག་བདེན་ལ་དམིགས་པའི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །བཞི་པ་ལ་གཉིས་ཏེ། ཡན་ལག་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ནི། སློབ་པ་ཉིད་ཡན་ཆད་ལྔ་པ་མ་ཚང་བ་རྣམས་ལ་ཚུལ་ལྡན་མང་ཐོས་གཉིས་བསྣན་པར་མ་ཟད་བརྩོན་འགྲུས་རྩོམ་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་བས་ཐུན་མོང་གི་ཡན་ལག་བཞིའོ། །དེ་ལ་བརྩོན་འགྲུས་རྩོམ་པ་ཉིད་ནི་སྡིག་པ་མི་དགེ་བ་སྐྱེས་པ་སྤོང་བ་དང་། མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་དང་། གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའི་ཕྱིར་དང་། སྐྱེས་ཟིན་འཕེལ་བའི་ཕྱིར་དུ་བརྩོན་འགྲུས་རྩོམ་པའོ། །ཤེས་རབ་དང་ལྡན་པ་ནི་རྒྱུ་རྐྱེན་ཤེས་ཤིང་གཅིག་ལས་མང་དུ་སྤྲོ་ནུས་པ་དང་ཕྱིས་འབྱུང་བ་སྔ་ནས་ཤེས་པ་དང་ལྡན་པའོ། །གཉིས་པ་ནི། དེ་གང་དང་སྦྱོར་ཞེ་ན། དྲན་པ་དང་ལྡན་པ་གཞིར་བྱས་ཏེ་དེའི་སྟེང་དུ་ཚུལ་ལྡན་མང་ཐོས་གཉིས། བརྩོན་འགྲུས་རྩོམ་ཤེས་གཉིས་ཏེ་བཞི་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་བཅུ་གསུམ་པའོ། །ནང་དུ་ཡང་དག་པར་གཞག་པ་གཞིར་བྱས་ལ་དེའི་སྟེང་དུ་སྔར་གྱི་བཞི་པོ་དེ་བསྣན་པ་དེ་ནི་ལྔ་ཚན་བཅུ་བཞི་པ་དང་། མཉམ་པར་གཞག་པ་གཞིར་བཟུང་ནས་དེའི་སྟེང་དུ་སྔར་གྱི་བཞི་པོ་དེ་བསྣན་པའི་ལྔ་པ་དེ་ནི་ལྔ་ཚན་བཅོ་ལྔ་པའོ། །དེ་ལ་དྲན་པ་དང་ལྡན་པ་ནི་སྔར་བཟུང་ཟིན་གྱི་དོན་མི་བརྗོད་པར་འཛིན་ནུས་པའི་དྲན་པ་དང་ལྡན་པ་དང་། ནང་དུ་ཡང་དག་པར་གཞག་པ་ནི་ལུས་འདུ་འཛི་ལས་དབེན། སེམས་མི་དགེ་བའི་རྣམ་རྟོག་ལས་དབེན་པ་དང་། མཉམ་པར་གཞག་པ་ནི་སེམས་རྩེ་གཅིག་ཏུ་དམིགས་པ་ལ་འཇོག་ནུས་པའོ། །གསུམ་པ་དགེ་སྦྱོང་ཚུལ་གྱི་ཡོན་ཏན་ལ། སློབ་པ་དང་མི་སློབ་པ་གཉིས་ལས། དང་པོ་ནི། སློབ་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་གྲོལ་དེ་ཤེས་མཐོང་གི་ཡན་ལག་ལྔ་ཚང་བ་དེ་ནི་ལྔ་ཚན་བཅུ་དྲུག་པའོ། །དེ་ཡང་འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་སློབ་པས་ན་སློབ་པ་ཉིད་ཡིན་ལ། དེའི་ཚུལ་ཁྲིམས་ནི་སློབ་པའི་རྒྱུད་ཀྱི་ཟག་མེད་ཀྱི་སྡོམ་པ་དང་། ཏིང་ངེ་འཛིན་ནི་དེའི་རྒྱུད་ཀྱི་ཟག་མེད་ཀྱི་ཏིང་ངེ་འཛིན་དང་། ཤེས་རབ་ནི་དེའི་རྒྱུད་ཀྱི་སྡུག་ཀུན་དང་ལམ་བདེན་ལ་དམིགས་པའི་ཟག་མེད་ཀྱི་ཤེས་རབ་དང་། རྣམ་པར་གྲོལ་བ་ནི་དེའི་རྒྱུད་ཀྱི་སྤང་བྱ་ཕྱོགས་གཅིག་ལས་གྲོལ་བའི་རྣམ་གྲོལ་དང་། དེ་ཤེས་པ་ནི་འགོག་བདེན་ལ་དམིགས་པའི་ཆོས་ཤེས་དང་རྗེས་ཤེས་དང་། བར་ཆད་མེད་ལམ་ལས་གཞན་པའི་ཁྱད་པར་ཅན་གྱི་ལམ་མོ། །དེ་མཐོང་བ་ནི་འགོག་བདེན་ལ་དམིགས་པའི་ཆོས་བཟོད་དང་། རྗེས་བཟོད་དང་། དེ་འདྲེན་པར་བྱེད་པའི་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་མོ། །གཉིས་པ་ནི། འབྲས་བུ་ཕྱི་མ་ཐོབ་པའི་ཕྱིར་དུ་མི་སློབ་པས་ན་མི་སློབ་པ་ཉིད་དེ། དེའི་རྒྱུད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། དེ་ཤེས་མཐོང་གི་ཡན་ལག་ལྔ་ཚང་བ་དེ་ནི་ལྔ་ཚན་བཅུ་བདུན་པའོ། །དེ་ལ་མི་སློབ་པའི་ཚུལ་ཁྲིམས་ནི་མི་སློབ་པའི་རྒྱུད་ཀྱི་ཟག་མེད་ཀྱི་སྡོམ་པ་ཡིན་ལ། གཞན་རྣམས་ཕུན་ཚོགས་འོག་མ་དང་འདྲའོ། །བཞི་པ་འདུལ་བ་ཤེས་པའི་ཡོན་ཏན་ལ་གསུམ་སྟེ། དོན་ཤེས་པའི་དང་། འཁོར་ལ་མ་ཆགས་པའི་དང་། ཚིག་དོན་གཉིས་ཀ་ཤེས་པའི་ཡོན་ཏན་ནོ། །དང་པོ་ནི། བྱུང་བ་མངོན་པར་ཤེས། བཅས་པ་མངོན་པར་ཤེས། རྗེས་སུ་བཅས་པ་མངོན་པར་ཤེས། བཀག་པ་མངོན་པར་ཤེས། གནང་བ་མངོན་པར་ཤེས་པའི་ཡན་ལག་ལྔ་ཚང་བ་དེ་ནི་ལྔ་ཚན་བཅོ་བརྒྱད་པའོ། །དེ་ཡང་བྱུང་བ་ནི་གླེང་གཞི། བྱེད་རྒྱུ། རྒྱུ་མཚན་དང་བཅས་པ་དང་། བཅས་པ་ནི་སྟོན་པའི་གསུང་གིས་མཚམས་དང་པོ་གཞག་པ་དང་། རྗེས་སུ་བཅས་པ་ནི་སྟོན་པའི་གསུང་གིས་མཚམས་དང་པོར་གཞག་པའི་གཞི་དེ་ལ་གསུང་གིས་མཚམས་གཉིས་པ་རྣམ་པར་གཞག་པ་དང་། བཀག་པ་ནི་སྲོག་ལ་བབས་ཀྱང་མི་བྱའོ་ཞེས་བཀག་པ་དང་། གནང་བ་ནི་གཞི་དེ་བྱས་ན་ཕན་ཡོན་ཡོད་ཅིང་མ་བྱས་ན་ཉེས་པ་མེད་པས་ཅི་དགར་གནང་བ་སྟེ། ཉི་མའི་སུམ་ཆ་བདེ་བ་མ་ཡིན་པ་ལ་ཕྱི་རོལ་པའི་བསྟན་བཅོས་བཀླག་པར་གནང་བ་ལྟ་བུའོ། །མངོན་པར་ཤེས་པ་ནི་གསལ་བར་ངེས་པའོ། །གཉིས་པ་ལ་ཡན་ལག་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། བར་དུ་གཅོད་པ་མངོན་པར་ཤེས་པ་དང་། བར་དུ་གཅོད་པ་མ་ཡིན་པར་མངོན་པར་ཤེས་པ་དང་། སྨྲ་བ་པོ་ཉིད་དང་། རྗེས་སུ་སྟོན་པ་ཉིད་དེ་བཞི་པོ་དེ་ཐུན་མོང་གི་ཡན་ལག་ཏུ་སྦྱར་རོ། །གཉིས་པ་ནི། བཞི་པོ་དེ་གཏན་དུ་གནས་འཆར་འཇུག་ནུས་པ་དང་སྦྱར་བའི་ལྔ་པ་དེ་ནི་ལྔ་ཚན་བཅུ་དགུ་པའོ། །ཡན་ལག་བཞི་པོ་དེ་རེ་ཞིག་གནས་འཆའ་ནུས་པ་དང་སྦྱར་བ་ནི་ལྔ་ཚན་ཉི་ཤུ་པའོ། །དེ་ལ་སྲོག་གཅོད་པ་ལ་སོགས་པ་ནི་བར་དུ་གཅོད་པ་ཡིན་པར་མངོན་པར་ཤེས་པ་དང་། གནང་བ་དང་བསྒྲུབ་པའི་བྱ་བ་ནི་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་དང་། བླང་དོར་གྱི་གནས་གཞན་ལ་སྨྲ་བར་བྱེད་པ་པོ་ཉིད་དང་། གཞན་བླང་དོར་ལ་འགོད་པའི་སྒོ་ནས་སྤྲོ་བ་བསྐྱེད་ནུས་པ་ནི་རྗེས་སུ་སྟོན་པ་ཉིད་དང་། རང་གི་སློབ་མ་གཞན་ལ་གཏན་དུ་གནས་འཆར་འཇུག་ནུས་པ་ཉིད་དང་། རང་གི་སློབ་མ་རེ་ཞིག་གཞན་ལ་གནས་འཆར་འཇུག་ནུས་པ་ཉིད་དོ། །གསུམ་པ་ནི་ལྟུང་བ་མངོན་པར་ཤེས། ལྟུང་བ་མ་ཡིན་པ་མངོན་པར་ཤེས། ཡང་བ་མངོན་པར་ཤེས། ལྕི་བ་མངོན་པར་ཤེས། སོ་སོར་ཐར་པ་དང་རྒྱས་པ་ཐོན་པའི་ལྔ་པ་དེ་ནི་ལྔ་ཚན་ཉེར་གཅིག་པའོ། །དེ་ཡང་སྲོག་གཅོད་པ་ལ་སོགས་པ་ནི་ལྟུང་བ། གསོ་སྦྱོང་ལ་སོགས་པ་ནི་ལྟུང་བ་མ་ཡིན་པ་དང་། ཀུན་སློང་ཞན་པས་བྱས་པའི་ལྟུང་བ་ནི་ཡང་བ་དང་། ཀུན་སློང་དྲག་པོས་བྱས་པའི་ལྟུང་བ་ནི་ལྕི་བ་མངོན་པར་ཤེས་པ་དང་། རྩ་བའི་ལུང་སོ་སོ་ཐར་པ་ཁ་ཏོན་ཏུ་ཐོན་པ་དང་། རྒྱས་པ་ལུང་སྡེ་བཞི་ཁ་ཏོན་དུ་ཐོན་པ་ཉིད་དོ།།  ༈  །།གཉིས་པ་དཀའ་བའི་གནས་ལ་དཔྱད་པ་ལ་དྲུག་སྟེ། ལོ་བཅུ་ལོན་པ་དང་པོར་བསྟན་པའི་དགོས་པ། ལྔ་ཕྲུགས་ཀྱི་བསྡུ་བ། རང་དབང་ཅན་ཡིན་མིན་གྱི་ཁྱད་པར། ལྔ་པ་ཁ་སྡུས་ཀྱིས་ཆོག་མི་ཆོག ལྔ་པ་ཉི་ཤུ་རྩ་གཅིག་ཚང་དགོས་མི་དགོས། ཡོན་ཏན་གྱི་ཆ་ཙམ་གྱིས་ཆོག་མི་ཆོག་དཔྱད་པའོ། །དང་པོ་ནི། དེ་ལ་དགོས་པ་ཡོད་དེ། མཁན་སོགས་གསུམ་པོ་བྱར་རུང་བའི་རྒྱུའི་གཙོ་བོ་ཡིན་པ་དང་། ལྔ་པ་ལྷག་མ་རྣམས་ཀྱི་ཡུལ་ཉིད་ཡིན་པར་བསྟན་པ་དང་། འདུལ་བ་ལ་གནས་པའི་དོན་ཉིད་ཀྱང་བསྟན་པ་དང་། ལྔ་པ་དང་པོའི་ཡན་ལག་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡང་ཊཱི་ཀར། དེ་ལ་ལོ་བཅུ་ལོན་པ་ཉིད་འདི་ནི་ལྔ་པ་དང་པོའི་ཡན་ལག་ལྔ་པ་ཡིན་པར་རིག་པར་བྱ་སྟེ། འདུལ་བ་ལ་གནས་པའི་དོན་ཉིད་ཀྱང་བསྟན་པ་ཡིན་དེ་ལྔ་པ་ལྷག་མ་རྣམས་ཀྱི་ནི་ཡུལ་ཡིན་པར་སྟོན་ཏེ། གང་ལ་ལོ་བཅུ་ལོན་པ་ཉིད་དང་འདུལ་བ་ལ་གནས་པའི་དོན་ཉིད་གཉིས་པོ་དེ་དག་ཡོད་པ་དེས་ནི་མཁན་པོ་ཉིད་ལ་སོགས་པ་གསུམ་པོ་དག་ཀྱང་བྱ་སྟེ། འདི་ལྟར་དེ་ནི་མཁན་པོ་ཉིད་ལ་སོགས་པ་དག་གི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་དང་། དེའི་ཕྱིར་ལོ་བཅུ་ལོན་པ་ཉིད་དང་། འདུལ་བ་ལ་གནས་པའི་དོན་ཉིད་ནི་བཟླ་བར་བྱ་བ་མ་ཡིན་པའི་ཡན་ལག་ཡིན་ནོ། །དོན་འདི་བསྟན་པའི་ཕྱིར་དང་པོར་ལོ་བཅུ་ལོན་པ་སྨོས་སོ་ཞེས་སོ། །ལྔ་པ་ལྷག་མ་རྣམས་ཀྱི་ཡུལ་ཡིན་པར་བསྟན་ཞེས་པའི་དོན་ནི། ལྔ་པ་ལྷག་མ་དང་ལྡན་པ་རྣམས་ཀྱིས་མཁན་སོགས་གསུམ་པོ་བྱེད་པ་ལ་ལོ་བཅུ་ལོན་པ་གཞིར་གཟུང་དགོས་ཞེས་པའི་དོན་ཡིན་ནོ། །གཉིས་པ་ནི། ཁ་ཅིག་ན་རེ། ཉེར་གཅིག་པོ་དེ་ཡང་ལྔ་པ་ཁྱད་པར་ཅན་ཡིན་མིན་གཉིས་སུ་འདུ་ལ། དེ་ཡང་སྡེ་སྣོད་གསུམ་ཤེས་པའི་ཡོན་ཏན་ནམ། འཕགས་རྒྱུད་ཀྱི་ལམ་ཡན་ལག་ཏུ་ཡོད་པ་ནི་ཁྱད་པར་ཅན་དང་། དེ་ལས་གཞན་པ་ནི་ཁྱད་པར་ཅན་མ་ཡིན་པའི་ལྔ་པ་ཡིན་ཞིང་། ཁྱད་པར་ཅན་མ་ཡིན་པའི་མཚན་གཞི་ནི་བྱུང་བཅས་ཀྱི་ལྔ་པ་སོགས་ཕྱི་མ་བཞིའོ་ཞེས་ཟེར། མཚོ་་་་་་ཁ་ཅིག་ཚིག་དོན་གཉིས་ཀ་ཤེས་པ་ཡན་ལག་ཏུ་ཡོད་པ་ནི་ཁྱད་པར་ཅན་དང་། ཚིག་དོན་རེ་རེ་ཤེས་པ་ཡན་ལག་ཏུ་ཡོད་པ་ནི་ཁྱད་པར་ཅན་མ་ཡིན་པ་ཡིན་ལ། ལྟུང་ཤེས་ཀྱི་ལྔ་པ་ནི་ཁྱད་པར་ཅན་མ་ཡིན་པའོ་ཞེས་ཟེར། དེ་གཉིས་ཀ་མི་འཐད་དེ། ལྔ་པ་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའི་ཐ་སྙད་གཞུང་ཁུངས་ཐུབ་གང་ལས་ཀྱང་མ་བཤད་པའི་ཕྱིར། རང་ལུགས་ལ། ལྔ་པ་རང་དབང་ཅན་ཡིན་མིན་གཉིས་སུ་འདུ་ལ། དང་པོ་ནི། ལྔ་པ་རང་ཉིད་དང་ལྡན་པར་འཇོག་པ་ལྔ་ཚན་གཞན་ལྡན་པ་ལ་མི་ལྟོས་པ་སྟེ་སྡེ་སྣོད་འཛིན་པའི་ལྔ་པ་ལྟ་བུའོ། །ལྔ་པ་རང་དབང་ཅན་མ་ཡིན་པ་ནི་རང་ཉིད་དང་ལྡན་པར་འཇོག་པ་ལྔ་ཚན་གཞན་ལ་ལྟོས་པའི་ལྔ་པ་སྟེ། འཛིན་འཇུག་གི་ལྔ་པ་ལྟ་བུའོ། །ལོ་བཅུ་ལོན་པ་དང་འདུལ་བ་ཤེས་པ་གཉིས་པོ་མཁན་སོགས་གསུམ་པོ་བྱེད་པའི་གཙོ་བོའི་རྒྱུར་མཚུངས་ན་སློབ་པ་དང་མི་སློབ་པའི་སྐབས་སུ་འདུལ་བ་ཤེས་པ་དེ་གང་གིས་བསྟན་ཞེ་ན། ལོ་བཅུ་ལོན་པས་བསྟན་པ་ཡིན་ཏེ། ལོ་བཅུ་ལོན་པའི་འཕགས་པ་ཡིན་ན་འདུལ་བ་ཤེས་པས་ཁྱབ་པའི་ཕྱིར་ཏེ། དེ་བསླབ་པ་ལ་གུས་པས་བསྙེན་པར་རྫོགས་ནས་ལོ་བཅུའི་བར་དུ་འདུལ་བ་ངེས་པར་སློབ་ཅིང་། དེ་ཙམ་གྱིས་འདུལ་བ་ཤེས་པར་ཡང་འགྱུར་བའི་ཕྱིར་དང་། བསྙེན་པར་རྫོགས་ནས་ལོ་བཅུའི་བར་དུ་ལྟུང་བས་མ་གོས་ན་འདུལ་བ་ཤེས་པར་གྲུབ་ལ། ལྟུང་བས་གོས་ན་འཕགས་ལམ་མི་ཐོབ་པའི་ཕྱིར་རོ། །ཊཱི་ཀར་དེ་ལ་ཉེས་པ་མེད་དེ། ལོ་བཅུ་ལོན་པ་ཉིད་ཅེས་སྨོས་པའི་ཕྱིར་ཏེ། འདི་ལྟར་དེ་གཉིས་ནི་འཕགས་པ་ཡིན་པས། ལོ་བཅུ་པོ་དག་ལ་འདུལ་བ་ལ་གདོན་མི་ཟ་བར་འབད་པ་ཡིན་པའི་ཕྱིར་ཞེས་སོ། །གསུམ་པ་ལ་གསུམ་སྟེ། ལྔ་པ་རང་དབང་ཅན་ཡིན་མིན་གྱི་ཁྱད་པར། ཡན་ལག་རང་དབང་ཅན་ཡིན་མིན་གྱི་ཁྱད་པར། གང་ཟག་རང་དབང་ཅན་ཡིན་མིན་གྱི་ཁྱད་པར་རོ། །དང་པོ་ནི། བཤད་ཟིན་ལ། དེའི་ཐ་སྙད་ནི་ཊཱི་ཀར་གཞན་དུ་ལྔ་པ་རང་དབང་ཅན་ཁོ་ནར་འགྱུར་ལ་ཞེས་པས་བསྟན་ནོ། །གཉིས་པ་ནི། ཁ་ཅིག་རང་གི་ལྔ་པའི་གཞི་འདིང་བྱེད་ཅིང་ལྔ་པ་གཞན་གྱི་ཁ་སྐོང་དུ་འགྲོ་བ་ནི་ཡན་ལག་རང་དབང་ཅན་གྱི་དོན་ཡིན་ཏེ། དཔེར་ན་ཕུན་ཚོགས་གོང་མའི་ཡན་ལག་ལྟ་བུའོ། །རང་གི་ལྔ་པའི་གཞི་འདིང་མི་བྱེད་པར་ལྔ་པ་གཞན་གྱི་ཁ་སྐོང་དུ་འགྲོ་བ་ནི་ཡན་ལག་རང་དབང་ཅན་མ་ཡིན་པ་སྟེ། དཔེར་ན་ཚུལ་ལྡན་མང་ཐོས་དང་བརྩོན་འགྲུས་རྩོམ་ཤེས་ལྟ་བུའོ་ཞེས་ཟེར་བ་མི་འཐད་དེ། གནས་དང་རེ་ཞིག་གི་གནས་ཤེས་པ་རྩ་འགྲེལ་ལ་བརྟེན་ནས། ཡན་ལག་རང་དབང་ཅན་ཡིན་མིན་གྱི་ཐ་སྙད་བྱེད་པ་གང་ཞིག དེའི་འགྲེལ་པར་དེ་ལྟར་མ་བཤད་པའི་ཕྱིར་ཏེ། གཏན་དུ་གནས་འཆར་འཇུག་ནུས་པ་དང་། རེ་ཞིག་གནས་འཆར་འཇུག་ནུས་པ་གཉིས་བསྡོམས་ནས་ཡན་ལག་གཅིག་ཏུ་མི་བྱ་བར་ཡན་ལག་རེ་རེ་བྱ་བའི་དོན་ལ་བཤད་པའི་ཕྱིར་ཏེ། ཊཱི་ཀར་དེ་ལ་གནས་དང་རེ་ཞིག་གི་གནས་ཞེས་བྱ་བ་ལ་དང་ཞེས་བྱ་བའི་སྒྲ་ནི་གནས་དང་རེ་ཞིག་གི་གནས་གཉིས་རང་དབང་ཡོད་པར་བསྟན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། གནས་དང་རེ་ཞིག་གི་གནས་ཞེས་བྱ་བའི་ཡན་ལག་གཉིས་པོ་ནི་ལྔ་པ་གཅིག་ཏུ་གཞག་པར་མི་བྱའི། མདོ་སྔ་མར་བསྟན་མ་ཐག་པའི་ཡན་ལག་བཞི་དང་སོ་སོར་སྦྱར་ཏེ། ལྔ་པ་གཉིས་སུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར། རང་ལུགས་ནི། གནས་འཆར་འཇུག་ནུས་པ་ལྟ་བུ་ནི་ཡན་ལག་རང་དབང་ཅན་དང་། དེ་མཐོང་བའི་ཡན་ལག་དང་སོ་སོར་ཐར་པ་འདོན་པའི་ཡན་ལག་ལྟ་བུ་ནི་རང་དབང་ཅན་མ་ཡིན་པའོ། །གསུམ་པ་ནི། བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་ནི་གང་ཟག་རང་དབང་ཅན་དང་། མི་ལྡན་པ་ནི་རང་དབང་ཅན་མ་ཡིན་པའོ། །དེ་ལྟར་ཡང་མི་སློབ་པ་ཉིད་དོ་ཞེས་པའི་ཊཱི་ཀར་བཅོམ་ལྡན་འདས་ཀྱིས་ལོ་བཅུ་ལོན་པ་ཉིད་ཅེས་གསུངས་པ་ནི་རང་དབང་ཡོད་པར་བསྟན་པ་ཡིན་པས། གལ་ཏེ་དེ་གཉིས་ལ་འདུལ་བ་ལ་གནས་པའི་དོན་མེད་པར་གྱུར་ན་དེ་ཉིད་ཇི་ལྟར་རང་དབང་ཅན་དུ་འགྱུར་ཞེས་གསུངས་པའི་ཕྱིར། བཞི་པ་ཁ་བསྡུས་ཀྱི་ཆོག་མི་ཆོག་ནི། ཁ་ཅིག་ན་རེ་ཁ་བསྡུས་ཀྱིས་ཆོག་སྟེ། སུམ་བརྒྱ་པར། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་པའི་ཕྱིར་ཟེར་བ་མི་འཐད་དེ། འོ་ན་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་སོགས་གསུམ་བྱེད་རུང་བར་ཐལ། ལུང་དེར། ཚུལ་ཁྲིམས་དང་ལྡན་པ་སྨོས་ཀྱི་ལོ་བཅུ་ལོན་པ་མ་སྨོས་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །གཞན་ཡང་མཁན་སོགས་གསུམ་བྱེད་པ་ལ་ཁ་བསྡུས་ཀྱི་ཆོག་པའི་ཤེས་བྱེད་དུ་ལུང་འདི་འདྲེན་པ་མ་འབྲེལ་ཏེ། ལུང་དེས་ཡོན་ཏན་དེ་རྣམས་དང་ལྡན་ན་གནས་བླ་མ་བྱེད་རུང་བས་ཁྱབ་པར་མ་བསྟན་གྱི། གནས་བླ་མ་འཚོལ་བ་རྣམས་ཀྱིས་ཡོན་ཏན་དེ་རྣམས་དང་ལྡན་པ་བཙལ་བར་བྱ་ཞེས་བསྟན་པའི་ཕྱིར་རོ། །ལྔ་པ་ནི། མཁན་སོགས་གསུམ་བྱེད་པ་ལ་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ཚང་མི་དགོས་ཏེ། ལོ་བཅུ་ལོན་པའི་སྟེང་དུ་ལྔ་ཕྲུགས་གང་རུང་ཅིག་དང་ལྡན་པས་ཆོག་པའི་ཕྱིར་ཏེ། འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང་། གང་ཟག་གཅིག་ལ་ཉི་ཤུ་རྩ་གཅིག་ཚང་བ་མི་སྲིད་པའི་ཕྱིར་ཏེ། སློབ་མི་སློབ་འགལ་བའི་ཕྱིར་རོ། །དྲུག་པ་ཡོན་ཏན་གྱི་ཆ་ཙམ་གྱིས་ཆོག་མི་ཆོག་ནི། བརྟན་མཁས་ཀྱི་ཆ་ཙམ་གྱིས་མི་ཆོག་སྟེ། གལ་ཏེ་ཆོག་ན་བསྙེན་པར་རྫོགས་ནས་ཞག་གཅིག་ཙམ་ལོན་པ་དང་། སོ་ཤིང་འདོར་ཤེས་པ་ཙམ་གྱིས་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པར་འགྱུར་བའི་ཕྱིར་རོ། །བྱུང་བ་དང་བཅས་པ་དང་ཞེས་སོགས་ཀྱི་སྐབས་སུ། རྗེས་བཅས་ལ་དབྱེ་ན་དགུ་སྟེ། མཚན་ཉིད་མི་འདོར་བ་གསུམ་དང་། འདོར་བ་དྲུག་གོ །དང་པོ་ནི། དགག་པའི་རྗེས་སུ་དགག་པ་བཅས་པ། སྒྲུབ་པའི་རྗེས་སུ་སྒྲུབ་པ་བཅས་པ། གནང་བའི་རྗེས་སུ་གནང་བ་བཅས་པ་དང་གསུམ། དང་པོ་ནི། བཟང་བྱིན་གྱིས་མི་ཚངས་སྤྱོད་བྱས་པ་བཀག་པ་ལས་དེའི་རྗེས་སུ་པྲ་མོ་ལ་མི་ཚངས་སྤྱོད་བཀག་པ་དང་། གཉིས་པ་ནི། དབྱར་ཁས་བླང་པར་བྱའོ་ཞེས་བསྒྲུབས་ནས། དབྱར་སྔ་མའི་ཁས་ལེན་མ་གྲུབ་ན་དབྱར་ཕྱི་མ་ཁས་ལེན་དགོས་པར་བསྟན་པ་ལྟ་བུའོ། །གསུམ་པ་ནི། མཆིལ་ལྷྭམ་གནང་བའི་རྗེས་སུ་ཡུ་རིང་དང་ཡུ་ཕྱེད་གནང་བ་ལྟ་བུའོ། །གཉིས་པ་མཚན་ཉིད་འདོར་བ་དྲུག་ནི། དགག་པའི་རྗེས་སུ་སྒྲུབ་པ་དང་། དགག་པའི་རྗེས་སུ་གནང་བ། སྒྲུབ་པའི་རྗེས་སུ་དགག་པ། སྒྲུབ་པའི་རྗེས་སུ་གནང་བ། གནང་བའི་རྗེས་སུ་དགག་པ། གནང་བའི་རྗེས་སུ་སྒྲུབ་པ་བཅས་པའོ། །དང་པོ་ནི། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མདུན་དུ་འགྲོ་བ་བཀག་པའི་རྗེས་སུ་ཉམས་ང་བ་ལ་སོགས་པའི་ཚེ་སྔོན་དུ་འགྲོ་བ་སྒྲུབ་པ་ལྟ་བུའོ། །གཉིས་པ་ནི། དུས་མ་ཡིན་པའི་ཁ་ཟས་བཀག་པའི་རྗེས་སུ་ནད་པ་ལ་གནང་བ་ལྟ་བུའོ། །གསུམ་པ་ནི། གསོ་སྦྱོང་བྱའོ་ཞེས་བསྒྲུབས་ནས་གནས་མཛེས་པ་འདོད་པས་གསོ་སྦྱོང་བྱ་བ་བཀག་པ་ལྟ་བུའོ། །བཞི་པ་ནི། ཚེས་བཅུ་བཞི་དང་བཅོ་ལྔ་ལ་ཆོས་བཤད་ཉན་བྱའོ་ཞེས་བསྒྲུབས་ནས་ནད་པས་དེ་མ་བྱས་ཀྱང་ཉེས་པ་མེད་པར་གནང་བ་ལྟ་བུའོ། །ལྔ་པ་ནི། མཆིལ་ལྷྭམ་གནང་བའི་རྗེས་སུ་སྒྲ་ཀྲོག་ཀྲོག་ཟེར་བ་བཀག་པ་ལྟ་བུའོ། །དྲུག་པ་ནི། ལམ་གྲོགས་དང་བཅས་ཏེ་ལམ་དུ་འགྲོ་བར་གནང་བའི་རྗེས་སུ་ལམ་དུ་གྲོགས་ན་ན་ནད་གཡོག་བྱེད་དགོས་སོ་ཞེས་སྒྲུབ་པ་ལྟ་བུའོ། །གཉིས་པ་རྗེས་བཅས་ཀྱི་སྐབས་ནས་འབྱུང་བ་ལ་གཉིས་ལས། དང་པོ་མཚན་ཉིད་མི་འདོར་བ་ནི་རང་ཉིད་གནས་ལ་བརྟེན་དགོས་ཤིང་གནས་དེ་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་རང་ལས་རྒན་པ་མེད་ན་ཇི་ལྟར་བྱ་ཞེ་ན། རང་ལས་གཞོན་པ་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་ལ་གནས་བཅའ་བར་བྱའོ། །དེ་ལ་གནས་པ་སློབ་མའི་བྱ་བ་ཐམས་ཅད་བྱ་དགོས་སམ་ཞེ་ན། བྱ་བ་གཞན་ཐམས་ཅད་ནི་དགོས་ལ། འདུད་པ་སྟེ་ཕྱག་ནི་བྱ་མི་དགོས་སོ། །གཉིས་པ་མཚན་ཉིད་འདོར་བ་ནི། བརྟན་མཁས་དང་མི་ལྡན་པའི་གཉུག་མར་གནས་པ་རྣམས་ཀྱིས་གནས་ཀྱི་བླ་མ་ལ་བརྟེན་དགོས་ན་ལམ་དུ་འགྲོ་བས་ཀྱང་དེ་ལྟར་དགོས་སམ་ཞེ་ན། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུ་འགྲོ་བར་བྱར་རུང་ངོ་། །འོ་ན་ལོ་ལྔ་ལོན་པ་དང་ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་པ་གང་གཙོ་བ་ཡིན་ཞེ་ན། གཉིས་ཀ་གཙོ་བ་ཡིན་ཏེ། ལོ་ལྔ་ལོན་པ་དང་ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་པ་ལས་གཞན་དུ་མི་ལྡན་ན་དགྲ་བཅོམ་པ་སྔོན་གྱི་གནས་རྗེས་སུ་དྲན་པས་འདས་པ་རིག་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པས་མ་འོངས་པ་རིག་པ་དང་། ཟག་པ་ཟད་པ་ཤེས་པས་ད་ལྟར་བ་སྟེ་དུས་གསུམ་རིག་པ་ཡིན་ཡང་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་མི་བྱའོ། །སྐབས་འདིར་ལོ་ལྔ་ལོན་ཞིང་ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་པས་གནས་མ་བཅས་པར་ལྗོངས་རྒྱུར་རུང་བར་བཤད་པ་དེ་ངེས་གཟུང་ཡིན་ནམ་མཚོན་དོན་ཡིན་ཞེ་ན། ཁ་ཅིག་་་་་་ཤ མཚོན་དོན་ཡིན་ཏེ། གཞན་དུ་ན་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཞིང་སྡེ་སྣོད་འཛིན་པའི་ལྔ་པ་དང་ལྡན་པའི་དགེ་སློང་དེས་གནས་ལ་མ་བརྟེན་པར་ལྗོངས་རྒྱུ་འགྲོར་མི་རུང་བར་ཐལ། དེ་ངེས་གཟུང་བའི་ཕྱིར། འདོད་ན། ཡོན་ཏན་ལྷག་པ་སྐྱོན་དུ་འགྱུར་ཏེ། ལོ་ལྔ་ལོན་ཞིང་ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་པའི་དགེ་སློང་དེ་གནས་ལ་མ་བརྟེན་པར་ལྗོངས་རྒྱུར་འགྲོར་རུང་། ལོ་ལྔ་ལོན་ཞིང་སྡེ་སྣོད་འཛིན་པའི་ལྔ་པ་དང་ལྡན་པས་གནས་ལ་མ་བརྟེན་པར་དེ་ལྟར་མི་རུང་བ་ཡིན་པའི་ཕྱིར། ཞེས་གསུངས། གྲོ་་་་་་ཁ་ཅིག་མཚོན་དོན་ཡིན་ཏེ། ཐ་མ་ཞེས་སྨོས་པ་ནི་ལྔ་པ་དེ་ཉེ་བའི་དབང་དུ་བྱས་ནས་སྨོས་པ་ཡིན་ཏེ། དཔེར་ན་ཁྱིམ་ཚེས་ཉེ་བ་ནས་མེ་ལེན་ཞེས་པ་བཞིན་ནོ། །དེ་ལྟ་མ་ཡིན་ན། སྐབས་འདིར་དེ་བག་ཡངས་སུ་གནང་བ་མིན་པར་ཐལ། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཞིང་ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་པ་ནི་སྒྲུབ་པར་བཀའ་བའི་ཕྱིར་ཞེས་གསུང་། དང་པོ་མི་འཐད་དེ། ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་པའི་སྡེ་སྣོད་འཛིན་པའི་ལྔ་པ་དང་ལྡན་པ་ཟེར་རམ། ལྟུང་ཤེས་ཀྱི་ལྔ་པ་དང་མི་ལྡན་པའི་སྡེ་སྣོད་འཛིན་པའི་ལྔ་པ་དང་ལྡན་པ་ཟེར་བ་ཡིན་བརྟག་གྲང་། དང་པོ་ལྟར་ན་འབྲེལ་མེད་ལ། གཉིས་པ་ལྟར་ན་འདོད་པ་ཡིན་ནོ། །གཉིས་པ་ཡང་མི་འཐད་དེ། དགེ་སློང་བསླབ་བྱིན་དེས་དགྲ་བཅོམ་ཐོབ་པ་ན་ཆད་ལས་ལས་གྲོལ་བར་འགྱུར་བ་དེས་མཚོན་ནས་ཕྱིར་འོང་སོགས་ཐོབ་པ་ན་ཆད་ལས་ལས་གྲོལ་བར་འགྱུར་བར་ཐལ། དེས་དགྲ་བཅོམ་ཐོབ་པ་ན་ཆད་ལས་ལས་གྲོལ་བ་དེ་བག་ཡངས་སུ་གནང་བ་གང་ཞིག ལྟུང་ཤེས་ཀྱི་ལྔ་པ་དང་ལྡན་པ་ལས་ཕྱིར་འོང་ཐོབ་པ་དཀའ་བ་ཡིན་པའི་ཕྱིར། དེས་ན་ངེས་གཟུང་ཡིན་ཏེ། མཚོན་དོན་ཡིན་ན་གཞན་དུ་ན་ཞེས་པའི་ཚིག་དོན་གྱིས་སྟོང་པའི་ཕྱིར་རོ།།  ༈  །།གསུམ་པ་འགལ་རྐྱེན་བར་ཆད་ཀྱི་མཚན་ཉིད་ནི། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཞེས་སོགས་ཏེ། དགོས་དོན་དང་། བསྡུས་དོན་གཉིས་ལས། དང་པོ་ནི། བར་ཆད་དྲི་བ་ལ་དགོས་པ་ཡོད་དེ། བར་ཆད་དྲིས་ནས་ཡོངས་སུ་དག་པར་མ་ཤེས་པར་བསྒྲུབ་བྱ་རབ་བྱུང་དང་བསྙེན་པར་རྫོགས་པར་བྱས་ན་རྒྱུད་དེ་ལ་སྡོམ་པ་མི་སྐྱེ་བའམ། སྐྱེས་ཀྱང་རྒྱུན་མི་གནས་པ་ལ་སོགས་པའི་སྒོ་ནས་བསྒྲུབ་བྱ་དེ་ལ་མི་ཕན་ཞིང་བསྟན་པ་ལ་གནོད། བྱེད་པ་པོ་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར་དང་། བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་རབ་ཏུ་བྱུང་བ་སོགས་བྱས་ན། སྔར་ཇི་སྐད་བཤད་པ་ལས་བཟློག་སྟེ་འབྱུང་བ་ཡིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཡུལ་གང་ལ། རྟེན་གང་གིས། དངོས་པོ་གང་། ཚུལ་ཇི་ལྟར་འདྲི་བའོ། །དང་པོ་ནི། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་པའི་བསྒྲུབ་བྱ་ལའོ། །གཉིས་པ་ནི། འབྲས་བུའི་མིང་རྒྱུ་ལ་བཏགས་ཏེ་རབ་ཏུ་འབྱུང་བའི་ཚེ་མཁན་པོས་དང་། བསྙེན་པར་རྫོགས་པའི་ཚེ་གསང་སྟོན་གྱིས་ལྐོག་ཏུ་དང་། ལས་སློབ་ཀྱིས་དགེ་འདུན་གྱི་དབུས་སུ་འདྲིའོ། །གསུམ་པ་ལ་སྡོམ་པ་སྐྱེ་བའི་དང་། གནས་པའི་དང་། ཁྱད་པར་དུ་འགྲོ་བའི་དང་། མཛེས་པའི་བར་ཆད་དང་བཞི་ལས། དང་པོ་ནི། ངན་སོང་གསུམ། སྒྲ་མི་སྙན། མི་མ་ཡིན་པ། སྤྲུལ་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་ཅན་དང་། མཚམས་མེད་ལྔ་བྱས་པ། རྐུ་ཐབས་སུ་གནས་པ། མུ་སྟེགས་ཅན། མུ་སྟེགས་ཅན་ཞུགས་པ། དགེ་སློང་མ་སུན་ཕྱུང་བ། སྔོན་རབ་ཏུ་བྱུང་བ་རྣམས་ལས་ཀྱི་སྒྲིབ་པ་ཅན་དང་། ཟ་མ། མ་ནིང་། བླང་དོར་གཏན་མི་ཤེས་པའི་གླེན་ལྐུགས་དང་། ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པར་ཤེས་པའམ་ཐེ་ཚོམ་ཟ་བ་ནི་སྐྱེ་བའི་བར་ཆད་དོ། །གཉིས་པ་ནི། ཕ་མ་དང་རྒྱལ་པོས་མ་གནང་བ་དང་། བྲན་དང་བུ་ལོན་ཅན་ནོ། །གསུམ་པ་ནི། མཛེ་དང་། འབྲས་དང་། ཕོལ་མིག་ལ་སོགས་པ་ནད་ཀྱི་རིགས་ཅན་རྣམས་སོ། །བཞི་པ་ནི། རིགས་ལ་སྐྱོན་ཆགས་པ་ལྷྭམ་མཁན། གདོལ་པ། གཡུང་མོ་སོགས་དང་། ལུས་ལ་སྐྱོན་ཆགས་པ་ལག་རྡུམ་རྐང་རྡུམ་ལ་སོགས་པ་ལྟ་བུ། དབྱིབས་ལ་སྐྱོན་ཆགས་པ་དང་། སྐྲ་སེར་དང་། སྐྲ་སེར་སྐྱ་ལ་སོགས་པ་མདོག་ལ་སྐྱོན་ཆགས་པའོ། །བཞི་པ་ཚུལ་ཇི་ལྟར་འདྲི་བ་ནི། འགལ་རྐྱེན་རྣམས་དགག་པའི་ཚུལ་དང་། མཐུན་རྐྱེན་རྣམས་བསྒྲུབ་པའི་ཚུལ་གྱིས་དྲི་བར་བྱའོ།།  ༈  །།གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ལ། ཐུན་མོང་བའི་ཆོ་གའི་སྤྲོས་པ་དང་། ཐུན་མོང་མ་ཡིན་པ་བུད་མེད་ཀྱི་ཆོ་གའི་སྤྲོས་པ་གཉིས། དང་པོ་ནི། བཀོལ་བ་རྒྱལ་པོས་བཀྲབས་པའོ་ཞེས་སོགས་ཏེ། འདིར་སྣོད་སྤྱད་ཀྱི་རྟགས་ཀྱི་སྐབས་སུ་ལྷུང་བཟེད་མེད་པར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཆུང་ངུ་དང་། ཆེན་པོ་དང་། སྐྱབས་ཀྱང་མི་བྱའོ་ཞེས་བཤད་ན། ལྷུང་བཟེད་ཀྱི་ཚད་ཇི་ལྟ་བུ་ཞེ་ན། ཁའི་ཆའི་ཞེས་སོགས་གསུངས་ཏེ། ཁ་ཅིག་མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་ཕུལ་དོ། དེ་གསུམ་འཕེལ་དུ་སོང་བས་ཕུལ་དྲུག ཚོད་མ་ལྷུང་བཟེད་ཀྱི་སུམ་ཆ་ཡིན་པས་ཕུལ་གསུམ། མཐེ་བོའི་ལྟོའི་ཤུལ་ཕུལ་གང་ཡིན་པས་ཕུལ་བཅུ་ཤོང་བ་ཆུང་ཚད། དེ་ཉིས་འགྱུར་ཆེ་ཚད། དེའི་བར་འབྲིང་ཚད་ཡིན་ནོ་ཞེས་ཟེར། འོ་ན་བསོད་སྙོམས་ཕུལ་དགུ་གསུམ་ཉི་ཤུ་རྩ་བདུན་ལས་ལྷག་པ་ལེན་རུང་བར་ཐལ། ལྷུང་བཟེད་ཆུང་ཚད་གསུམ་ལེན་རུང་བ་གང་ཞིག ཆུང་ཚད་ཀྱི་ནང་དུ་ཕུལ་བཅུ་ཤོང་བ་དེ་རིགས་པའི་ཕྱིར། འདོད་ན་གཞུང་དང་འགལ་ལོ། །ཁ་ཅིག་མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་ཕུལ་དོ། དེ་སུམ་འཕེལ་དུ་སོང་བས་ཕུལ་དྲུག ཚོད་མ་འབྲས་ཆེན་གྱི་སུམ་ཆ་ཡིན་པས་ཕུལ་དོ། མཐེ་བོའི་ལྟོ་ཤུལ་ཕུལ་གང་དང་ཕུལ་དགུ་ཤོང་བ་ཆུང་ཚད། དེ་ཉིས་འགྱུར་ཆེ་ཚད། དེ་གཉིས་ཀྱི་བར་འབྲིང་ཚད་ཡིན་ནོ་ཞེས་ཟེར་བ་ཡང་མི་འཐད་དེ། ཡུལ་གང་གི་བྲེའི་ཕུལ་ཡིན་པ་མི་རྟོགས་པའི་ཕྱིར་དང་། ལྷུང་བཟེད་ཆུང་ཚད་ཀྱི་ཁའི་མཐེ་བོའི་ལྟོ་ཤུལ་ཕུལ་གང་། ཆ་ཚད་ཀྱི་ཁའི་མཐེ་བོའི་ལྟོ་ཤུལ་ཕུལ་དོ་ཡོད་ཟེར་མི་རིགས་ཏེ། ལྷུང་བཟེད་ཆེ་བས་ཁ་རྒྱ་ཆེ་བ་དང་། ལྷུང་བཟེད་ཆུང་བས་རྒྱ་ཆུང་བའི་ངེས་པ་མེད་པའི་ཕྱིར། མཁས་པ་ཁ་ཅིག་ཆུང་ཚད་ཚོང་དུས་འགུར་མོའི་གསེར་བྲེའི་འབྲས་ཆན་བྲེ་ལྔ། ཚོད་མ་བྲེ་གང་དང་སུམ་གཉིས། མཐེ་བོའི་ལྟོའི་གོ་ས་ལ་བཞི་གསུམ། བསྡོམས་ན་བྲེ་བདུན་དང་ལྔ་ཕུལ་དོ་འབྱུང་ལ། ཆེ་ཚད་དེ་ཉིས་འགྱུར། དེ་གཉིས་ཀྱི་བར་འབྲིང་པོ་ཞེས་གསུང་བའང་མི་འཐད་དེ། མཆན་ཁུང་གི་བཀུར་བར་གསུངས་པ་དང་མི་འགྲིག་པའི་ཕྱིར་རོ། །རང་ལུགས་ནི། མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་བདུན་ཕུལ་དོ་དང་ཁྱོར་བ་གང་ཡོད། བདུན་ཕུལ་རེ་ལ་ཁྱོར་བ་གསུམ་རེ་ཡོད་པས་ཁྱོར་བ་ཉི་ཤུ་རྩ་གཅིག་གི་འབྲས་ཆན། དེ་སྦགས་པར་ནུས་པའི་ཚོད་མ་ཁྱོར་བ་ལྔའམ་དྲུག་ཤོང་བ་ཆུང་ཚད། དེ་ཉིས་འགྱུར་ཆེ་ཚད། དེ་གཉིས་ཀྱི་བར་འབྲིང་ཚད་དུ་འགྱུར་བའོ། །དེ་ལྟར་ཡང་བམ་ལྔ་ལས། མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་བདུན་ཕུལ་དོ་དང་ཁྱོར་བ་གང་ཡོད་དོ། །མ་ག་དྷའི་བྲེའུ་ཆུང་ཕྱེད་དང་དོ་ལ་བདུན་ཕུལ་ཕྱེད་དང་བཞི་ཡོད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་ལྷུང་བཟེད་ཆུང་ཚད་ཀྱི་ཁའི་ཆའི་མཐེ་བོའི་ལྟོ་གང་གི་ལྷག་མ་ལ་འབྲས་དྲུས་བསྐམས་ཁྱོར་བ་ཉི་ཤུ་རྩ་བདུན་ཡོད་པར་གྲུབ་བོ། །མཐེ་བོའི་ལྟོ་གང་ནི་མཐེ་བོ་འཕྲེད་དུ་གཞག་པའི་ལྟོ་ལ་བྱེད་རིགས་ཏེ། བམ་ལྔར་མཐེབ་སོར་གཅིག་སྟེ་མཐེ་བོའི་ཚིགས་དང་པོའི་ཟུར་ཡ་གཅིག་ནས། ལྟོ་རོལ་དུ་བཀྲིས་ཏེ་ཟུར་ཡ་གཅིག་ལ་ཐུག་པའོ་ཞེས་གསུངས་པའི་ཕྱིར། དགེ་སློང་གི་ལྷུང་བཟེད་ཆུང་ངུ་ནི་དགེ་སློང་མའི་ལྷུང་བཟེད་ཆེ་ཚད་ཡིན་ལ། ཆུང་ཚད་ནི་ལྟོ་འགྲངས་བ་ཙམ་ཤོང་བ་དང་། དེ་དག་གི་བར་ནི་འབྲིང་ཚད་ཡིན་པར་གསུངས་སོ།།  ༈  །།གཉིས་པ་ཐུན་མོང་མ་ཡིན་པ་བུད་མེད་ཀྱི་ཆོ་གའི་ཁྱད་པར་ནི། དགེ་སློང་གི་གནས་སུ་དགེ་སློང་མའོ་ཞེས་སོགས་ཏེ། སྤྱིར་བཏང་ལ་སྔར་སྐྱེས་པ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པའི་ཆོ་ག་དེ་ཉིད་བུད་མེད་རྣམས་ཀྱི་ཡང་ཡིན་ནོ་ཞེས་བསྟན་ནས། ཁྱད་པར་ཅུང་ཟད་ཀྱང་མེད་དམ་སྙམ་ན། སྔར་སྐྱེས་པ་རབ་ཏུ་བྱུང་བ་སོགས་ཀྱི་སྐབས་སུ། དགེ་སློང་ཞེས་སྨོས་པའི་སྐབས་སུ་འདིར་དགེ་སློང་མ་ཞེས་བརྗོད་པར་བྱ་སྟེ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཚེ་དགེ་སློང་མ་འགའ་ཞིག་མཁན་མོ་ཉིད་དུ་གནས་པ་ལའོ་ཞེས་དང་། རང་གིས་དགེ་བསྙེན་མ་ཉིད་དུ་ཉེ་བར་སྒྲུབས་ནས་དགེ་སློང་མའི་དགེ་འདུན་ལ་ཞུ་བའི་དགེ་སློང་མ་ལ་གཏད་པར་བྱའོ་ཞེས་པ་ལྟ་བུའོ། །དེ་ལྟར་བརྗོད་དགོས་པར་ངེས་སམ་ཞེ་ན། འདི་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པའི་སྐབས་གཉིས་ལས། རབ་ཏུ་བྱུང་བའི་སྐབས་ཐམས་ཅད་དུ་དགེ་སློང་གི་གནས་སུ་དགེ་སློང་མ་ཞེས་བརྗོད་དགོས་ཏེ། བུད་མེད་རབ་ཏུ་འབྱུང་བའི་ཚེ་མཁན་སློབ་དང་། རང་བྱུང་ཞུ་བ་པོ་དང་། དགེ་འདུན་ཡང་ཡང་དགེ་སློང་མ་ཁོ་ནས་བྱེད་དགོས་པའི་ཕྱིར། གཉིས་པ་ལ་དགེ་སློང་མ་ཁོ་ནས་བྱ་བ་དང་། གཉིས་ཀ་ཚོགས་ནས་བྱ་བའི་སྐབས་གཉིས་ལས། དང་པོ་ནི། དགེ་སློང་མའི་དགེ་འདུན་ཚོགས་ནས་མཁན་མོར་གསོལ་བ་བཏབ་ནས། བསྒྲུབ་བྱ་དེ་སྟན་ནང་ཚང་ཅན་ལ་སྤྱོད་ལམ་ཅི་བདེ་བར་གཞག་སྟེ། དགེ་སློབ་མའི་སྡོམ་པ་སྦྱིན་པར་བྱའོ། །འདི་ལ་ལྔ་སྟེ། ཡུལ་གང་ལ། རྟེན་གང་གིས། དངོས་པོ་གང་། དུས་ནམ་གྱི་ཚེ། ཚུལ་ཇི་ལྟར་སྦྱིན་པའོ། །དང་པོ་ནི་བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་མ་ལའོ། །གཉིས་པ་ནི། ཆོས་གསུམ་ལྡན་གྱི་དགེ་སློང་མའི་དགེ་འདུན་གྱིས་སོ། །གསུམ་པ་ནི། དགེ་ཚུལ་གྱི་བསླབ་གཞིའི་སྟེང་དུ་རྩ་བའི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་སློབ་པའི་དགེ་སློབ་མའི་སྡོམ་པའོ། །བཞི་པ་ནི། ཁྱིམ་སོ་བཟུང་བ་ཡིན་ན་ལོ་བཅུ་ཡན་ཆད་དང་། ཁྱིམ་སོ་མ་བཟུང་བ་ཡིན་ན་ལོ་བཅོ་བརྒྱད་ཡན་ཆད་ལོན་པའི་དུས་སུ་སྦྱིན་པར་བྱ་བ་ཡིན་ཏེ། བསྙེན་པར་རྫོགས་པའི་དུས་ཀྱི་དང་པོར་ལོ་གཉིས་ཀྱིས་མ་ལོན་པའི་དང་པོ་ལ་སྦྱིན་པར་བཤད་པ་གང་ཞིག ཁྱིམ་སོ་གཟུང་བ་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོ་ལོ་བཅུ་གཉིས་དང་། ཁྱིམ་སོ་མ་བཟུང་བ་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོ་ནི་ལོ་ཉི་ཤུ་ལོན་པ་ལ་བཤད་པའི་ཕྱིར། ལྔ་པ་ལ་སྦྱོར་བ་དང་། དངོས་གཞི་དང་། མཇུག་གསུམ་ལས། དང་པོ་ནི། དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ལས་བྱེད་པའི་དགེ་སློང་མ་དེས་གསོལ་བ་ལན་གསུམ་འདེབས་སུ་གཞུག་པའོ། །གཉིས་པ་ནི། ལས་བྱེད་པའི་དགེ་སློང་མ་དེས་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་གསོལ་བ་དང་གཉིས་ཀྱི་ལས་ཀྱི་བསླབ་པའི་སྡོམ་པ་ཞེས་པའི་མིང་གིས་སྦྱིན་པར་བྱའོ། །གསུམ་པ་ནི། ལས་བྱེད་པའི་དགེ་སློང་མ་དེས་དེའི་བསླབ་པ་རྩ་བའི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བརྗོད་པར་བྱ་བའོ། །དེ་ནས་དགེ་སློབ་མ་དེས་ལོ་གཉིས་ཀྱི་བར་དུ་ཆོས་བཅུ་གཉིས་པོ་དེ་ལ་ལེགས་པར་བསླབས་ཏེ། ལོ་བཅུ་གཉིས་སམ་ཉི་ཤུ་ལོན་པ་ན་དགེ་སློང་མའི་དགེ་འདུན་ཚོགས་ཏེ་གསང་སྟོན་གྱིས་ལྐོག་ཏུ་བར་ཆད་དྲིས་པའི་རྗེས་ལ་དགེ་སློང་མའི་དགེ་འདུན་ཚོགས་པ་ལ་གསོལ་བ་ལན་གསུམ་བཏབ་སྟེ། དགེ་སློང་མའི་དགེ་འདུན་གྱི་དབུས་སུ་བར་ཆད་དྲིས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་སྤྱོད་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱ་སྟེ། ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པར་བུད་མེད་བསྙེན་པར་རྫོགས་པར་མི་འགྱུར་བའི་ཕྱིར་རོ། །དེས་ན་འདི་དག་གི་སྐབས་སུ་ཡང་དགེ་སློང་གི་གནས་སུ་དགེ་སློང་མ་ཞེས་བརྗོད་པར་བྱའོ། །གཉིས་པ་གཉིས་ཀ་ཚོགས་ནས་བྱ་བ་ལ་སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་ལས། དང་པོ་ནི། ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་བྱིན་ནས། དགེ་སློང་མའི་དགེ་འདུན་གྱི་སྟེང་དུ་དགེ་སློང་གི་དགེ་འདུན་བསྣན་ཏེ་གཉིས་ཀའི་དགེ་འདུན་ཚོགས་པའི་དབུས་སུ་ལས་བྱེད་པའི་དགེ་སློང་གི་བསྒྲུབ་བྱ་དེ་བསྙེན་པར་རྫོགས་པའི་ཆེད་དུ་གཉིས་ཀའི་དགེ་འདུན་ལ་གསོལ་བ་ལན་གསུམ་འདེབས་སུ་གཞུག གསོལ་བ་འབའ་ཞིག་པའི་ལས་བྱས་ནས་བར་ཆད་འདྲི་བའོ། །གཉིས་པ་ནི། ལས་བྱེད་པའི་དགེ་སློང་དེས་གཉིས་ཀའི་དགེ་འདུན་གྱི་དབུས་སུ་གསོལ་བ་དང་བཞིའི་ལས་ཀྱི་བསྒྲུབ་བྱ་དེ་བསྙེན་པར་རྫོགས་པར་ཉིད་དུ་བསྒྲུབ་པར་བྱའོ། །གསུམ་པ་ནི། དེའི་རྗེས་སུ་ལས་བྱེད་པའི་དགེ་སློང་དེས་གདམས་ངག་བརྗོད་པར་བྱའོ། །དེ་ཡང་དགེ་སློང་གི་སྐབས་དང་མི་འདྲ་བའི་ཁྱད་པར་ནི། གནས་རྣམས་བརྗོད་པའི་སྐབས་སུ་ཤིང་དྲུང་པ་མ་གཏོགས་གཞན་སྔར་དང་འདྲའོ། །ཕམ་པར་འགྱུར་བ་ལ་བརྒྱད་བརྗོད་པར་བྱ་སྟེ་ཐུན་མོང་བ་བཞིའི་སྟེང་དུ། རེག་པ་དང་ནི་ལུས་བཀན་དང་། །འཆབ་པ་དང་ནི་བཟློག་པའོ། །ཞེས་པ་བཞི་བསྣན་པའོ། །ཕམ་པ་དང་དགེ་སྦྱོང་ཆོས་བཞིའི་བར་དུ་ལྕི་བའི་ཆོས་བརྒྱད་པོ་རྣམས་བརྗོད་པར་བྱའོ། །ཆོས་བརྒྱད་ནི། དགེ་སློང་མས་དགེ་སློང་རྣམས་ལ་བསྙེན་པར་རྫོགས་པར་གསོལ་བ་དང་། ཟླ་བ་ཕྱེད་ཕྱེད་ཅིག་གདམས་ངག་བཙལ་བ་དང་། དགེ་སློང་མེད་པའི་གནས་སུ་དབྱར་ཁས་མི་བླང་བ་སྟེ་ཕའི་དགེ་འདུན་དང་འབྲེལ་བ་གསུམ། དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་ལ་སོགས་པས་གླེང་བར་མི་བྱ་བ་དང་། སྤྱོ་བར་མི་བྱ་བ་དང་། དགེ་སློང་གསར་བུ་ལ་ཡང་ཕྱག་བྱ་བ་སྟེ་ཕ་ཡན་འགར་བ་དང་འབྲེལ་བ་གསུམ། གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པར་བྱ་བ་དང་། དགག་དབྱེ་བྱ་བ་སྟེ། གཉིས་ཀའི་དགེ་འདུན་དང་འབྲེལ་པ་གཉིས་ཏེ་བརྒྱད་དོ། །བུད་མེད་བསྙེན་པར་རྫོགས་པའི་སྐབས་འདིར་བར་ཆད་འདྲི་བའི་གནས་སྐབས་གསུམ་ཡོད་དེ། གསང་སྟེ་སྟོན་པའི་དགེ་སློང་མས་ལྐོག་ཏུ་བར་ཆད་འདྲི་བ་དང་། ལས་བྱེད་པའི་དགེ་སློང་མས་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་བར་ཆད་འདྲི་བ་དང་། ལས་བྱེད་པའི་དགེ་སློང་གིས་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་རྣམས་སོ། །ཕྱི་མ་འདི་གཉིས་ལ་ནི་འདྲི་བ་པོ་དང་བསྒྲུབ་བྱའི་བར་དུ་དགེ་སློང་མ་གཞན་ཞིག་གིས་བསྒྲིགས་ནས་དེའི་རྗེས་ཟློས་བྱེད་པའི་སྒོ་ནས་ལན་འདེབས་པར་བྱ་བ་ཡིན་ལ། གསང་སྟོན་གྱིས་དྲི་བའི་ཚེ་ན་དེ་ལྟར་མི་དགོས་སོ། །འདིར་དགེ་སློབ་མའི་སྡོམ་པ་དེ་སྡོམ་པ་དང་བར་མ་གང་ཡིན་དཔྱད་པ་ལ། མཁས་པ་ཁ་ཅིག་ན་རེ་བར་མ་མཚན་ཉིད་པ་ཡིན་ཏེ། འདི་རང་བཞིན་གྱི་མི་དགེ་བ་སྤོང་བྱེད་མ་ཡིན་ལ། རང་བཞིན་གྱི་མི་དགེ་བ་སྤོང་བ་དེ་དང་འགྲོགས་ནས་ཀྱང་མ་སྐྱེས་པའི་ཕྱིར། དགེ་ཚུལ་གྱི་སྡོམ་པ་དང་རྫས་གཅིག་ཅེས་པ་ཡང་རྫས་ལོགས་སུ་མ་གྲུབ་པ་ཙམ་ལ་བཏགས་པ་ཡིན་ལ། གཞན་དུ་ན་མཚན་གྱུར་པའི་ཚེ་གཏོང་བར་འགྱུར་ཏེ། སྐྱེས་པ་ལ་དེ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། སོ་ཐར་རིགས་བརྒྱད་ཅེས་པ་ཡང་བཏགས་པ་ཙམ་ཡིན་ནོ་ཞེས་གསུང་ངོ་། །དེ་ནི་མི་འཐད་དེ། མཛོད་ལས། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །ཅེས་གསུངས་པའི་ཕྱིར་དང་། བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིགས་གཞན་ཡོད་དོ་ཞེས་བསླབ་ཚིགས་སུ་བཤད་པའི་ཕྱིར། གཞན་ཡང་དགེ་སློབ་མའི་སྡོམ་པ་དེས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བར་ཐལ། དགེ་སློབ་མ་དེས་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར། དེང་སང་ཤ་་་་་་ཁ་ཅིག་དགེ་སློབ་མའི་སྡོམ་པ་སོ་ཐར་རིགས་བརྒྱད་གང་རུང་མ་ཡིན་ཏེ་ཇི་སྲིད་འཚོའི་མཐའ་ཅན་དང་། ཉིན་ཞག་གི་མཐའ་ཅན་གང་རུང་མ་ཡིན་པའི་ཕྱིར། དེས་ན་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་ནི་རིགས་བརྒྱད་ཀྱི་གཅིག་ཏུ་བགྲང་བ་ཡིན་ནོ་ཞེས་གསུངས་པ་ཤིན་ཏུ་མི་འཐད་དེ། མཛོད་དང་བྱང་ས་སོགས་ལས་སོ་ཐར་རིགས་བརྒྱད་བཤད་པའི་གནས་སྐབས་ཐམས་ཅད་དུ་དགེ་སློབ་མའི་སྡོམ་པ་བགྲང་གི་ཚངས་སྤྱོད་ལ་ཉེར་གནས་མ་བགྲངས་པའི་ཕྱིར་དང་། ཚངས་སྤྱོད་ལ་ཉེར་གནས་ལ་སྤང་བྱ་ཟུར་པ་མེད་པས་སྡོམ་པའི་དོན་མེད་པའི་ཕྱིར། གཞན་ཡང་དགེ་སློབ་མའི་སྡོམ་པ་ཇི་སྲིད་འཚོའི་མཐའ་ཅན་མ་ཡིན་པ་ཡང་མི་འཐད་དེ། དགེ་སློབ་མའི་སྡོམ་པ་ལོ་གཉིས་སུ་སྤྱད་ནས་བསྙེན་པར་རྫོགས་པའི་ཚེ་ན་ཡང་མི་གཏོང་བ་ཡིན་པའི་ཕྱིར་ཏེ། ཊཱི་ཀར་ལོ་གཉིས་ལས་ལྷག་ན་ཡང་དེ་ཕྱིན་ཆད་བརྟུལ་ཞུགས་དེ་ཉམས་པར་ཡང་མི་འགྱུར་ལ། དེ་ཕྱིན་ཆད་མི་རུང་བར་བྱ་བ་ཡང་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ཇི་སྲིད་འཚོའི་མཐའ་ཅན་གྱི་སྡོམ་པ་ཡིན་པར་ཐལ། དེ་རྟེན་གྱི་གང་ཟག་ཤི་མ་འཕོས་ཀྱི་བར་དུ་མི་གཏོང་བའི་སྡོམ་པ་ཡིན་པའི་ཕྱིར། གཞན་དུ་ན་དགེ་སློང་མའི་སྡོམ་པ་དེ་ཇི་སྲིད་འཚོའི་མཐའ་ཅན་ཡིན་པར་མི་འགྲུབ་བོ།།  ༈  །།གསུམ་པ་ཞུ་བ་ཕལ་ཆེ་བའི་སྐབས་ནས་འབྱུང་བ་ལ་ལྔ་སྟེ། སྡོམ་པ་སྐྱེ་བ་དང་མི་སྐྱེ་བའི་བར་ཆད་བསྟན་པ་དང་། སྐྱེ་ལ་ཉེས་བྱས་ཀྱི་དང་། བར་ཆད་ཀྱི་མཚོན་དོན་དང་། བར་ཆད་ཀྱི་མཚན་ཉིད་དང་། སྐྱེ་མི་སྐྱེ་དོགས་གཅོད་དང་བཅས་པའོ། །དང་པོ་ནི། ལྷ་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་པ་དང་། མི་ཡིན་ཀྱང་བྱང་གི་སྒྲ་མི་སྙན་པ་ནི་སྡོམ་པའི་ཞིང་མ་ཡིན་ཏེ་སྡོམ་པ་མི་སྐྱེ་བའི་ཕྱིར། མཚན་ལན་གསུམ་དུ་གྱུར་པ་ཡང་དེའི་ཞིང་མ་ཡིན་ཏེ་མ་ནིང་གི་རིགས་ཡིན་པའི་ཕྱིར། མཚན་གྱུར་ཐབས་དང་པོ་གཉིས་ལ་ནི་སྡོམ་པ་མི་ཉམས་ཤིང་གསར་དུ་ལེན་ན་ཡང་སྐྱེའོ། །མཁན་པོ་དེ་དང་ལྡན་པའི་སྡོམ་པ་སྐྱེ་བ་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་སྐྱེའོ། །མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་སྐྱེའོ། །དེ་དགེ་སློང་མ་ཡིན་པར་ཤེས་ན་ནི་མི་སྐྱེ་སྟེ། ལུང་ལས། བསྙེན་པར་རྫོགས་པར་འཚལ་བ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱི་འམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་ཤེས་ན་ནི་བསྙེན་པར་མ་རྫོགས་ཞེས་བྱའོ་ཞེས་སོ། །དེ་ལ་ཁ་ཅིག་འདིར་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་བཤད་ན། གོང་དུ་དགེ་སློང་འགའ་ཞིག་མཁན་པོ་ཉིད་དུ་གནས་པ་ལའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། འདིའི་ལན་ལ་ཁ་ཅིག མཁན་པོ་རང་གི་བྱ་བ་བྱེད་པའི་དུས་སུ་མཁན་པོ་ཡོད་ན་དངོས་གཞིའི་དུས་སུ་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བའི་དོན་ཡིན་ནོ་ཞེས་གསུངས་པ་མི་འཐད་དེ། མཁན་པོ་རང་གི་བྱ་བ་བྱེད་པའི་དུས་སུ་ཡོད་ན་མཁན་པོ་ཡོད་པ་ཉིད་ཡིན་པའི་ཕྱིར། ཁ་ཅིག་དོན་ལ་མཁན་པོ་མེད་ཀྱང་བསྒྲུབ་བྱ་དེའི་བསམ་ངོ་ལ་ཡོད་ན་སྐྱེ་ཞེས་པ་ཡང་མི་འཐད་དེ། བསམ་ངོ་ལ་མཁན་པོ་ཡོད་ན་ཡང་ཡོད་པ་ཉིད་ཡིན་པའི་ཕྱིར་དང་། དོན་ལ་མཁན་པོ་མེད་པ་ཞེས་པའི་དོན་ལ་བརྟགས་ན་མི་འཐད་པའི་ཕྱིར། ཁ་ཅིག་མཁན་པོ་ཡོད་ཀྱང་མཁན་པོ་མཚན་ཉིད་དང་ལྡན་པ་མེད་ཀྱང་སྡོམ་པ་སྐྱེ་ཞེས་པའི་དོན་ཡིན་ནོ་ཞེས་པ་ཡང་མི་འཐད་དེ། བསྙེན་པར་མ་རྫོགས་པ་ལ་ཡང་ཞེས་པ་དང་ཟློས་པའི་སྐྱོན་དུ་འགྱུར་བ་ཡིན་པའི་ཕྱིར། དེས་ན་མཁན་པོ་མེད་པར་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་དེ། གསང་སྟོན་མེད་པར་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་ཏེ་བར་ཆད་མ་དྲིས་པར་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར་ཏེ། བར་ཆད་མ་དྲིས་པར་ཡང་ངོ་ཞེས་གསུངས་ཤིང་། གཞན་ཡང་། དེ་ཡོད་དེ། མཁན་པོར་གསོལ་བ་མ་བཏབ་པར་ཡང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་པ་གང་ཞིག མཁན་པོར་གསོལ་བ་མ་བཏབ་པར་མཁན་པོར་འགྱུར་བ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། མཁན་པོར་མ་གསོལ་བར་ཡང་ངོ་ཞེས་གསུངས་པའི་ཕྱིར། འོ་ན་བསྙེན་པར་རྫོགས་པའི་ཚེ་དགེ་འདུན་ལ་གསོལ་བ་འདེབས་ན། མཁན་པོ་དང་། བསྒྲུབ་བྱ་དང་། དགེ་འདུན་གྱི་མིང་མ་བརྗོད་ན་སྡོམ་པ་མི་སྐྱེ་བར་བཤད་པ་དང་། འདིར་ཡང་དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་མི་སྐྱེའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། མཁན་པོ་དང་བཅས་ཏེ་བསྙེན་པར་རྫོགས་པའི་ཚེ་མཁན་པོའི་མིང་མ་བརྗོད་ན་སྡོམ་པ་མི་སྐྱེ་ཞེས་པའི་དོན་ཡིན་པའི་ཕྱིར། དེས་ན་གོང་དུ་མཁན་པོ་དགོས་པར་བཤད་པ་ནི་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་པ་ཡིན་ལ་འདིར་མེད་ཀྱང་སྐྱེ་བར་བཤད་པ་ནི་སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་པ་ཡིན་ཏེ་མཁན་པོ་མེད་ཀྱང་བསྒྲུབ་བྱའི་རྒྱུད་ལ་སྡོམ་པ་ནི་སྐྱེ་ལ། བྱེད་པ་པོ་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར། གཉིས་པ་ནི། ཚིག་སྔ་མ་མེད་པ་ལ་ནི་ཞེས་སོགས་སོ། །གསུམ་པ་ནི། སྐྱེས་པ་འདྲ་བའི་བུད་མེད་ཞེས་སོགས་སོ། །བཞི་པ་བར་ཆད་ཀྱི་མཚན་ཉིད་ནི། དེ་ཉིད་ལ་ཞེས་སོགས་སོ། །ལྔ་པ་སྐྱེ་མི་སྐྱེའི་དོགས་པ་བཅད་པ་ལ་བཞི་སྟེ། སྔོན་རབ་ཏུ་བྱུང་བ་ལ་དོགས་པ་བཅད། སྔོན་ལྟུང་བ་བྱུང་བ་ལ་དོགས་པ་བཅད། བུད་མེད་ཀྱི་ལས་ཀྱི་ཁ་སྐོང་ལ་དོགས་པ་བཅད། འགལ་རྐྱེན་གྱིས་མི་སྐྱེ་བར་བསྟན་པའོ། །དང་པོ་ནི། བུད་མེད་བསླབ་པ་ཕུལ་བ་མཚན་མ་གྱུར་ན་རབ་བྱུང་བསྙེན་རྫོགས་བྱར་མི་རུང་བ་ལས་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་མཚན་གྱུར་པ་ན་སླར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་རུང་བ་ཉིད་དོ། །འདི་ནི་བཀོལ་བ་དྲུག་པོ་དག་གོ་ཞེས་པའི་སྐབས་སུ་སྔོན་རབ་ཏུ་བྱུང་བ་བུད་མེད་ལ་སྡོམ་པ་སྐྱེ་བའི་བར་ཆད་དུ་གསུངས་པ་དེའི་དམིགས་བསལ་སྟོན་པའོ། །གཉིས་པ་ནི། བུད་མེད་ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་རེག་པ་ལ་སོགས་པ་ལྷག་པར་སྤྱད་པ་ཅན་སྐྱེས་པ་ཉིད་དུ་མཚན་གྱུར་པ་ཡང་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་རུང་བ་ཉིད་དོ། །འདི་ནི་གོང་དུ་ཕམ་པ་འབྱུང་བ་སྡོམ་པ་སྐྱེ་བའི་བར་ཆད་དུ་གསུངས་པའི་དམིགས་བསལ་ལོ། །གསུམ་པ་ནི། གོང་དུ་དགེ་འདུན་གྱིས་བསྣན་པར་བྱའོ་ཞེས་གསུངས་ན། དགེ་སློང་གི་དགེ་འདུན་གང་ཡང་རུང་བས་བསྣན་པས་ཆོག་གམ་སྙམ་ན། བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ་གཉུག་མར་གནས་པའི་དགེ་སློང་གི་དགེ་འདུན་རྣམས་ཡན་ལག་ཉིད་ཡིན་གྱི་འགྲོ་བར་ཆས་པ་དང་། གློ་བུར་དུ་འོངས་པ་རྣམས་མ་ཡིན་ཏེ་དེ་ལ་མི་དབང་བའི་ཕྱིར། བཞི་པ་ནི། སྡོམ་པ་སྐྱེ་བཞིན་པ་སྐྱེ་བའི་སྐད་ཅིག་དུ་མས་བར་ཆོད་པའི་ཚེ་ཉིད་ན་ལེན་སེམས་བཟློག་པའི་སྒོ་ནས་ཕུལ་ལམ། མཚན་གཉིས་སྐྱེས་པ་ལ་སོགས་པའི་སྐྱོན་གྱིས་རྟེན་ཉམས་ན་སྡོམ་པ་མི་སྐྱེ་སྟེ། བསམ་པ་མཐུན་པའི་རྐྱེན་མ་ཚང་བ་དང་སྐྱེ་བའི་འགལ་རྐྱེན་བར་ཆད་མ་སྤངས་པའི་ཕྱིར། དེའི་ཤུགས་ལ་སྐྱེ་བ་ལ་མངོན་དུ་གྱུར་པའི་སྐད་ཅིག་མ་རྒྱུ་མ་ཚང་བ་མེད་པའི་ཕྱི་མ་ལ་སྡོམ་པ་སྐྱེ་བ་ལ་ནི་གང་གིས་ཀྱང་གེགས་བྱ་བར་མི་ནུས་ཏེ། རྒྱུ་ནུས་པ་ཐོགས་མེད་སྔོན་དུ་སོང་བའི་ཕྱིར། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་ནུས། །ཞེས་དང་། ཊཱི་ཀར་འདིར་སྐྱེ་བ་ལ་མངོན་དུ་གྱུར་པ་ནི་སྐྱེ་བའི་ཚེ་ཉིད་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ནི་སྐྱེ་བའི་ཕྱིར་གང་གིས་ཀྱང་གེགས་བྱ་བར་མི་ནུས་པས་འདི་ལྟར་སྐད་ཅིག་མ་དུ་མས་ཚོད་པ་ལ་སྐྱེ་བའི་ཚེ་ཉིད་ཅེས་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་གསུང་ངོ་། །གལ་ཏེ་སྡོམ་པ་སྐྱེ་བ་དང་མཚན་གཉིས་དུས་མཉམ་དུ་འབྱུང་བ་སྲིད་པར་འགྱུར་ཏེ། ནུས་པ་ཐོག་མེད་སྔོན་དུ་སོང་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེའི་ཚེ་མཚན་གཉིས་ཅིག་ཅར་དུ་འབྱུང་བའི་དངོས་རྒྱུ་ཡོད་ན་སྡོམ་པ་སྐྱེ་བའི་ནུས་པ་ཐོགས་མེད་འགལ་བའི་ཕྱིར། ༈ །གཉིས་པ་དེས་བསླབ་པར་བྱ་བའི་མཚན་ཉིད་ལ་གཉིས་ཏེ། སྤང་བའི་བསླབ་པ་དང་། ཉམས་སུ་བླང་བའི་བསླབ་པའོ། །དང་པོ་ལ་གཉིས་ཏེ། སྡེ་ལྔ་སོ་སོའི་མཚན་ཉིད་དང་། ཞུ་བ་སྤྱིར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དགེ་སློང་གི་སྡེ་ལྔ་སྤྱིར་བཤད་པ་དང་། དགེ་སློང་མའི་སྡེ་ལྔ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་བ་བསླབ་པ་ཕུལ་བའི་ཆོ་ག་དང་། སྡེ་ལྔ་སོ་སོ་བཤད་པའོ། །དང་པོ་ལ་སྤྱིར་སྡོམ་པའི་གཏོང་རྒྱུ་དང་། བྱེ་བྲག་བསླབ་པ་འབུལ་བའི་ཆོ་ག་གཉིས་ལས། དང་པོ་ནི། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་འབྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཞེས་གསུངས་པའི་དང་པོ་བཞི་ནི་རིགས་སྤྱིའི་གཏོང་རྒྱུ་ཡིན་ལ། མཚན་མོ་འདས་པ་ནི་བསྙེན་གནས་ཁོ་ནའི་ཡིན་ནོ། །གཞན་ཡང་མཚན་ལན་གསུམ་དུ་གྱུར་པ་དང་། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་ནས་ཉི་ཤུ་མ་ལོན་པར་ཤེས་པ་ནི་གཏོང་བ་ནི། ཉི་ཤུ་མ་ལོན་པའི་དུས་དེ་ཉིད་ལ་དེ་ལྟར་ཤེས་ན་སྡོམ་པར་གཏོང་བ་ཡིན་གཞན་དུ་ན་མི་གཏོང་བར་མངོན་ནོ། །གཉིས་པ་ལ་ཡུལ་དང་། དངོས་པོ་དང་། རྟེན་དང་། བསམ་པ་དང་། མཐར་ཐུག་གོ །དང་པོ་ནི། རང་ལས་རྒྱུད་ཐ་དད་པ་ལུས་ཐ་མལ་པར་གནས་པ། སྨྲ་ཤེས་ཤིང་དོན་གོ་བའི་མིའོ། །དངོས་པོ་ནི། བདག་ཉིད་ཀྱི་རྒྱུད་དུ་གཏོགས་པའི་བསླབ་པ་ཡིན་པ། རྟེན་ནི་བདག་ཉིད་ཤེས་པ་རང་བཞིན་དུ་གནས་པ། གཟུགས་གཞན་དུ་མ་བསྒྱུར་ཞིང་མི་སྣང་བར་མ་བྱས་པ། བསམ་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསླབ་པ་གཏོང་བར་འདོད་པས་སྦྱོར་བ་ལུས་ངག་གང་ཡང་རུང་བས་བརྡ་སྤྲད་པར་བྱས་ཏེ། མཐར་ཐུག་ཡུལ་གྱིས་དོན་གོ་བ་ན་གཏོང་བར་འགྱུར་རོ། །འོ་ན་སྡོམ་པའི་གཏོང་རྒྱུ་དུ་མ་ཡོད་ན་འདིར་འདི་ཁོ་ན་གསུངས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྣམ་འབྱེད་དུ། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པ་ཞེས་ལྟུང་བའི་དངོས་གཞི་བསྐྱེད་པ་ལ་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པ་ཞེས་གསུངས་པའི་རྟེན་གྱི་དོན་དེ་སྒྲུབ་པའི་ཕྱིར་ཡིན་ལ། གཞན་རྣམས་སྐབས་འདིར་རྣམ་འབྱེད་ལས་མ་གསུངས་པའི་ཕྱིར་དང་། སྡེ་ལྔའི་དངོས་གཞི་བསྐྱེད་པའི་རྟེན་དང་ཡང་མ་འབྲེལ་བའི་ཕྱིར་རོ། །འོ་ན་བསླབ་པ་ཉམས་པར་བྱས་པ་དེ་གང་ཡིན་ཞེ་ན། མ་མོར་དེ་གཉིས་ལ་ཁྱད་པར་མེད་པར་བཤད་ལ། བམ་ལྔར་བསླབ་པ་ཕུལ་བ་དང་བསླབ་པ་ཉམས་པ་གཉིས་ཀ་ལ་སྡོམ་པ་མེད་པ་ཉིད་དུ་འདྲ་སྟེ། བསླབ་པ་ཕུལ་བས་ནི་བཏང་བའི་སྒོ་ནས་སྡོམ་པ་མེད་པར་བྱས་ལ། བསླབ་པ་ཉམས་པར་བྱས་པ་ནི་བསླབ་པའི་ཡུལ་མཐུ་མེད་པར་བྱས་པའི་སྒོ་ནས་སྡོམ་པ་མེད་པར་བྱས་པ་ཡིན་ནོ་ཞེས་གསུངས་སོ། །སོ་ཐར་གྱི་འགྲེལ་པར་དངོས་སུ་ལྟུང་བའི་དངོས་གཞི་བསྐྱེད་པའི་གཞི་ལ་མ་ཞུགས་ཀྱང་དགེ་སློང་སོགས་ཀྱི་འདུ་ཤེས་བོར་ནས་ཁྱིམ་པ་དང་མཐུན་པའི་རྟགས་ཆ་ལུགས་འཛིན་ཅིང་སྤྱོད་པ་བྱེད་པས་སྡོམ་པ་གཏོང་བ་ལྟ་བུ་ལ་བཤད་དོ། །འོ་ན་བསླབ་པ་ཕུལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། སྲོག་གི་བར་ཆད་དུ་འགྱུར་བ་ལ་སོགས་པའི་ཉེས་དམིགས་ཆེན་པོ་བྱུང་ན་ཡང་ཡུལ་ངན་དང་གྲོགས་ངན་སྤངས་པའི་སྒོ་ནས་སྡོམ་པ་གཅེས་པར་གཟུང་དགོས་ཏེ། བསླབ་པ་ཕུལ་ན་སོ་ཐར་གྱི་སྡོམ་པ་གཏོང་བས་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དང་བྲལ་བར་འགྱུར་བའི་ཕྱིར་དང་། ཕྱི་མར་ཡང་རྒྱུ་མཐུན་གྱི་འབྲས་བུ་ཚུལ་ཁྲིམས་མཐར་མ་ཕྱིན་པ་ལ་སོགས་པའི་ཉེས་པ་དུ་མ་འབྱུང་བའི་ཕྱིར་རོ། །བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པའི་དགག་དགོས་ཆེན་པོ་བྱུང་ན་ཕུལ་བ་ལ་དགོས་པ་ཡོད་དེ། སྔར་བསྲུངས་པའི་ཕན་ཡོན་ཆེན་པོ་འབྱུང་བ་དང་། ད་ལྟར་ལྟུང་བས་མི་གོས་པ་དང་། ཕྱིས་ལེན་ན་སྐྱེ་བའི་ཕན་ཡོན་ཡོད་པའི་ཕྱིར། ཇི་སྐད་དུ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། གང་ཞིག་བསླབ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཛིན་པ་བས། །བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་བོར་ཁྱིམ་པར་གནས་པ་བཟང་། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། སྤྱིའི་དོན་དང་། སོ་སོའི་དོན་ནོ། །དང་པོ་ལ་ལྔ་སྟེ། བསླབ་པ་བཅས་པའི་ཕན་ཡོན། ཕན་ཡོན་ཅན་གྱི་བཅས་པ། བཅས་པ་དང་འགལ་བའི་ལྟུང་བའི་རྣམ་གཞག དེའི་རྟེན་གྱི་ཡན་ལག བསྡུས་པའི་དོན་བཤད་པའོ། །དང་པོ་ལ་ལུང་ལས་བསླབ་པ་བཅས་པའི་ཕན་ཡོན་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལེགས་པར་གནས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་མི་ཁུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་རྣམ་པར་བསྡམ་པར་བྱ་བའི་ཕྱིར་དང་། ཚེས་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། དེའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་དང་ཡངས་པར་འགྱུར་བ་དང་། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ་ཞེས་གསུངས་སོ། །དེ་ཡང་དགེ་འདུན་བསྡུ་བའི་ཕྱིར་ཞེས་པ་ནི། རིགས་བཞི་ལས་བྱུང་བ་རྣམས་རབ་བྱུང་བསྙེན་རྫོགས་ཀྱི་སྒོ་ནས་བསྡུ་བར་བྱེད་ཅེས་པའོ། །ལེགས་པར་གནས་པ་ཞེས་པ་ནི། འདོད་པ་བསོད་ཉམས་ཀྱི་མཐའ་ལ་བརྩོན་པ་བཟློག་ནས་ཆོ་ག་ཤེས་པ་སོགས་ཀྱི་ཆོས་བསྟན་པའི་རྗེས་སུ་འཇུག་པས་ལེགས་པར་གནས་པར་འགྱུར་བའོ། །བདེ་བར་གནས་པའི་ཕྱིར་ཞེས་པ་ནི། ངལ་ཞིང་དུབ་པའི་མཐའ་ལ་བརྩོན་པ་བཟློག་ནས་བདེ་བར་འགྱུར་བའོ། །དེ་གསུམ་གྱིས་མདོར་བསྟན་ནས། ལྷག་མ་རྣམས་ཀྱིས་རྒྱས་པར་འཆད་པ་ནི། གནོང་མི་ཁུར་བ་ཞེས་སོགས་ནི། ལྟུང་བ་བྱེད་པ་རྣམས་ནན་ཏུར་གྱིས་ཚར་གཅད་པའོ། །ངོ་ཚ་དང་ལྡན་པ་ཞེས་པ་ནི། ཕྱི་མའི་ཉོན་མོངས་པ་སྤོང་བ་དང་རྗེས་སུ་མཐུན་པའོ། །མངོན་པར་མ་དད་པ་རྣམས་ཞེས་སོགས་ནི། ཡོ་བྱད་རྐྱེན་དུ་བབ་པ་དག་ཡོད་པས་སོ། །མངོན་པར་དད་པ་རྣམས་ཞེས་སོགས་ནི། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཚེ་འདིའི་ཟག་པ་ཞེས་སོགས་ནི། ཀུན་དཀྲིས་མགོ་མནན་པས་སོ། །ཚེ་རབས་ཕྱི་མའི་ཞེས་སོགས་ནི། ཀུན་དཀྲིས་ཀྱི་བག་ལ་ཉལ་སྤོང་བས་སོ། །དེའི་ཚངས་པར་ཞེས་སོགས་ཀྱི་སྒྲ་ནི། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་དང་མཐུན་པར་སྤྱོད་པ་འདུལ་བ་སྟེ་བསྙེན་པར་རྫོགས་པའོ། །རིགས་རུས་ཐ་དད་པའི་སྐྱེ་བོ་མང་པོ་ལ་ཕན་པ་དང་ཡངས་པ་སྟེ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའོ། །རྟེན་ལྷ་མི་གཉིས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྟན་པ་ཞེས་པ་ནི། ངོ་བོ་ཇི་ལྟར་ཡོད་པ་དང་གྲངས་ཇི་སྙེད་ཡོད་པའོ། །ཡུན་རིང་དུ་གནས་ཞེས་པ་ནི། གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུན་རིང་དུ་གནས་པའོ། །གཉིས་པ་ཕན་ཡོན་ཅན་གྱི་བཅས་པ་ནི། ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་བླང་དོར་སྟོན་པའི་འདུལ་བ་སྟེ། བམ་ལྔ་ལས། གླེང་གཞི་དང་། བསླབ་པ་བཅས་པ་དང་། ལྟུང་བ་རྣམ་པར་གཞག་པ་གསུམ་གྱིས་རིག་པར་བྱའོ། །ཞེས་དང་། ཡང་དེ་ཉིད་ལས། བསླབ་པ་བཅས་པ་ནི་འཇིག་རྟེན་དང་འགལ་བ་དང་འདུལ་བ་དང་འགལ་བ་བཟློག་པའི་ཕྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་། བཅས་པའི་ཁ་ན་མ་ཐོ་བ་དགག་པའི་ལྟུང་བ་སྡེ་ལྔའོ་ཞེས་གསུངས་པའི་ཕྱིར། འོ་ན་བླང་དོར་སྟོན་པའི་འདུལ་བ་དེའི་མཚན་གཞི་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ཡིད་ཀྱི་ཤེས་པ་ལ་ཚུལ་ཁྲིམས་ཀྱི་བླང་དོར་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་སྒྲ་སྤྱི་ལྡན་མིན་འདུ་བྱེད་དེ་ལ་མིང་ཞེས་བྱ་སྟེ། དེ་ལས་དོན་ལ་འཇུག་པའི་ཕྱིར་རོ། །དེ་ཉིད་རྗོད་བྱེད་ལུང་གི་འདུལ་བའི་མཚན་གཞི་ཡིན་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ཀྱང་། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་སོ། །དེས་ན་འདིའི་མིང་དང་། མིང་ཚིག་ཡི་གེ་གསུམ་གྱི་ནང་ཚན་དུ་གྱུར་པའི་མིང་ལ་ཁྱད་པར་ཡོད་དོ། །བཅས་པ་དེ་བསྲུང་དགོས་ཀྱི་གང་ཟག་ནི་བཅས་ལྡན་ནོ། །གསུམ་པ་བཅས་འགལ་གྱི་ལྟུང་བའི་རྣམ་གཞག་ལ་གཉིས་ཏེ། བསྙེན་པར་མ་རྫོགས་པའི་ལྟུང་བ་དང་། རྫོགས་པའི་ལྟུང་བའོ། །དང་པོ་ནི། ཉེས་བྱས་སུ་ངེས་ཏེ། མ་རྫོགས་པའི་སྡོམ་པ་ནི་སྡོམ་པའི་ཐ་མ་ཡིན་པའི་ཕྱིར་ཞེས་དགྲ་བཅོམ་པ་ཟླ་བ་ནོར་བུ་བཞེད། རྫོགས་མ་རྫོགས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཞེས་དགྲ་བཅོམ་པ་ཉེར་སྦས་བཞེད་དོ། །བསྙེན་པར་མ་རྫོགས་པའི་རྒྱུད་ཀྱི་ལྟུང་བ་ལ་དབྱེ་ན། ཕམ་འདྲའི་ཉེས་བྱས། དེ་ལས་གཞན་པའི་བཤགས་བྱའི་ཉེས་བྱས། བསྡམ་བྱའི་ཉེས་བྱས་དང་གསུམ་མོ།།  ༈  །།གཉིས་པ་བསྙེན་པར་རྫོགས་པའི་ལྟུང་བ་ལ་བཅུ་སྟེ། དབྱེ་བ་དང་། བསྡུ་བ་དང་། ངོ་བོ་དང་། མཚན་ཉིད་དང་། རྒྱུ་དང་། གྲངས་ངེས་དང་། གོ་རིམ་དང་། སྒྲ་དོན་དང་། བསྲུངས་པའི་ཕན་ཡོན་དང་། མ་བསྲུངས་པའི་ཉེས་དམིགས་སོ། །དང་པོ་ལ་དབྱེ་གཞི་དང་། དབྱེ་སྒོ་གཉིས་ལས། དང་པོ་ནི་བསྙེན་པར་རྫོགས་པའི་རྒྱུད་ལ་འབྱུང་བའི་ལྟུང་བ་ཙམ་མོ། །གཉིས་པ་ནི། གསལ་བའི་དབྱེ་བ་མཐའ་ཡས་ཀྱང་སྡེ་ཚན་གྱི་སྒོ་ནས་དབྱེ་ན། ཕམ་པར་འགྱུར་བའི་སྡེ་ཚན་སོགས་ལྔ་ཡོད་དེ། ཊཱི་ཀར་ལྟུང་བྱེད་སྡེ་ལྔ་པོ་ཕམ་པར་འགྱུར་བའི་སྡེ་དང་། དགེ་འདུན་ལྷག་མའི་སྡེ་དང་། ལྟུང་བྱེད་ཀྱི་སྡེ་དང་། སོ་སོར་བཤགས་པའི་སྡེ་དང་། བསླབ་པའི་སྡེ་ཞེས་དང་། བསྡུ་བ་ལས། ལྟུང་བའི་སྡེ་ཚན་རྣམ་ལྔ་སྟེ། །དེ་ལ་བསླབ་བྱ་རྣམ་པ་བཞི། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ན་སྦོམ་པོ་དང་ཉེས་བྱས་ཀྱི་དབྱེ་བ་མ་བྱས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཕམ་པས་ཀུན་ནས་བསླངས་པའི་སྦོམ་པོ་ནི་ཕམ་པའི་སྡེ་ཚན་དུ་གཏོགས་ལ། ལྷག་མས་ཀུན་ནས་བསླངས་པའི་སྦོམ་པོ་ནི་ལྷག་མའི་སྡེ་ཚན་ཏུ་གཏོགས་ཤིང་སྦོམ་པོ་ཐམས་ཅད་དེ་གཉིས་སུ་འདུས་པའི་ཕྱིར་ཏེ། རྣམ་འབྱེད་དུ་ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང་། དགེ་འདུན་ལྷག་མ་ལས་བྱུང་བའོ་ཞེས་དང་། འདུལ་བྱེད་དུ། བཙུན་པ་ཉེས་པ་སྦོམ་པོ་ཇི་ལྟར་བཤགས་པར་བགྱི། ཉེ་བ་འཁོར་ཉེས་པ་སྦོམ་པོ་ནི་བཞི་པོ་འདི་དག་ཡིན་ཏེ། ཕམ་པར་འགྱུར་བས་ཀུན་ནས་བསླངས་པ་ལྕི་བ་དང་། ཕམ་པར་འགྱུར་བས་ཀུན་ནས་བསླངས་པ་ཡང་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླངས་པ་ལྕི་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླངས་པ་ཡང་བའོ་ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བསྡུ་བ་དངོས་དང་། བཅས་རང་གི་ཁྱད་པར་རོ། །དང་པོ་ནི། འདུ་ཤེས་གཙོ་བོ་དང་། དངོས་པོ་གཙོ་བོའི་ལྟུང་བ་གཉིས་སུ་འདུས་ཏེ། འོད་ལྡན་ལས། བསླབ་པའི་གཞི་ནི་གཉིས་ཏེ། འདུ་ཤེས་གཙོ་བོར་བྱ་བ་དང་། དངོས་པོ་གཙོ་བོར་བྱ་བའོ་ཞེས་གསུངས་པས་སོ། །སྦྱོར་བའི་ཆ་ནས་རྒྱུན་དང་ལྡན་པ་དང་མི་ལྡན་པ་གཉིས་སུ་འདུས་ཏེ། དང་པོ་ནི། སྦྱོར་བ་དང་མཐར་ཐུག་གི་བར་དུ་དུས་གཞན་གྱིས་ཆོད་དུ་བཏུབ་པ་སྟེ་སྲོག་གཅོད་ལྟ་བུའོ། །གཉིས་པ་ནི། སྦྱོར་མཐའི་བར་དུ་དུས་གཞན་གྱིས་ཚོད་དུ་མི་བཏུབ་པ་སྟེ་རེག་པ་ལྟ་བུའོ། །མཐར་ཐུག་གི་ཆ་ནས་འཕེན་པས་འགྲུབ་པ་དང་མི་འགྲུབ་པ་གཉིས། དང་པོ་ནི། སྦྱོར་བ་བརྩམས་ནས་སྦྱོར་བ་གཞན་གྱིས་མཐར་ཐུག་གྲུབ་པ་རང་ཉིད་ཀྱིས་ཤེས་པ་ལ་མི་ལྟོས་པའི་ལྟུང་བ་སྟེ་མ་བྱིན་ལེན་དང་སྲོག་གཅོད་ཀྱི་ཕམ་པ་ལྟ་བུའོ། །གཉིས་པ་ནི། དེ་ལས་བཟློག་པ་སྟེ་ཕམ་ལྷག་དང་པོ་གཉིས་ལྟ་བུའོ། །ཕྱིར་བཅོས་ཀྱི་སྒོ་ནས་ལྷག་མ་མེད་པ་དང་ལྷག་མ་དང་བཅས་པའི་ལྟུང་བ་གཉིས། དང་པོ་ནི། ཕམ་པ་བཞིའོ། །གཉིས་པ་ནི། ཕམ་པ་ལས་གཞན་པའི་ལྟུང་བ་རྣམས་སོ། །གཞིའི་སྒོ་ནས་སེམས་ཅན་ལ་བརྟེན་པ་དང་སེམས་ཅན་མ་ཡིན་པ་ལ་བརྟེན་པ་གཉིས་སོ། །བྱེད་པའི་སྒོ་ནས་རང་གིས་བསྒྲུབ་དགོས་པ་དང་བཅོལ་བས་རྫོགས་པ་གཉིས་སོ། །འབྱུང་བའི་སྒོ་ནས་ལུས་དང་ངག་ལས་འབྱུང་བ་གཉིས་སོ། །བྱ་བའི་སྒོ་ནས་བྱ་བ་མི་བྱེད་པའི་ཕྱིར་མི་སྦྱོར་བ་དང་མི་བྱ་བ་བྱེད་པའི་སྦྱོར་བ་དང་བཅས་པ་གཉིས་ཏེ། བསྡུ་བར། བྱ་བ་མི་བྱེད་པ་དང་ནི། །མི་བྱ་བ་ནི་བྱེད་པའི་ཕྱིར། །མི་སྦྱོར་བ་དང་སྦྱོར་བཅས་ལས། །ལྟུང་བའི་ཉེས་པ་འབྱུང་བར་འགྱུར། །ཞེས་གསུངས་སོ། །ངོ་བོའི་ཆ་ནས་མི་དགེ་བ་དང་ལུང་མ་བསྟན་གྱི་ལྟུང་བ་གཉིས་སམ། རང་བཞིན་དང་བཅས་པའི་ལྟུང་བ་གཉིས་སུ་འདུས་སོ། །དང་པོ་ནི། སྲོག་གཅོད་ཀྱི་ཕམ་པ་ལྟ་བུ། གཉིས་པ་ནི་ས་རྐོ་མེ་རེག་གི་ལྟུང་བྱེད་ལྟ་བུའོ། །གཉིས་པ་ལ་གསུམ་སྟེ། བཅས་རང་གཉིས་ཁྱབ་ཆེ་ཆུང་དཔྱད། དེ་གཉིས་ཀྱི་ཁྱད་པར་ལ་དཔྱད། ཞར་ལ་སྡིག་ལྟུང་ངོ་བོ་གཅིག་དང་ཐ་དད་ལ་དཔྱད་པའོ། །དང་པོ་ནི། ཁ་ཅིག་རྟེན་སྤྱི་ལ་ལྟོས་ཏེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཁྱབ་ཆེ་སྟེ། དེ་བཅས་པས་བསྡམས་པ་དང་མ་བསྡམས་པ་གཉིས་ཀའི་རྒྱུད་ལ་འབྱུང་། བཅས་ལྟུང་བསྡམས་པ་ཁོ་ནའི་རྒྱུད་ལ་འབྱུང་བའི་ཕྱིར། རྟེན་རབ་བྱུང་ལ་ལྟོས་ནས་བཅས་པའི་ཁ་ན་མ་ཐོ་བ་ཁྱབ་ཆེ་སྟེ། དེ་ཡོད་པར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡོད་པས་མ་ཁྱབ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡོད་པར་བཅས་པའི་ལྟུང་བ་ཡོད་པས་ཁྱབ་པའི་ཕྱིར་ཟེར་བ་མི་འཐད་དེ། ཤེས་པ་རང་བཞིན་དུ་མི་གནས་པ་དང་། ལས་དང་པོ་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་འབྱུང་ཡང་བཅས་ལྟུང་མི་འབྱུང་བའི་ཕྱིར་དང་། དགེ་སློང་སོ་སྐྱེ་ལ་འཇིག་ལྟ་མངོན་དུ་གྱུར་པའི་ཚེ་བཅས་ལྟུང་འབྱུང་བར་མ་ངེས་པའི་ཕྱིར། གཉིས་པ་ལ་ཁ་ཅིག་གཞི་དེ་ལ་རྐྱེན་ལ་ལྟོས་ཏེ་གནང་བ་འབྱུང་བའི་ཁ་ན་མ་ཐོ་བ་དེ་བཅས་པའི་ཁ་ན་མ་ཐོ་བ་དང་། དེ་ལས་བཟློག་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཟེར་བ་མི་འཐད་དེ། འོ་ན་ཆང་འཐུང་བ་རྐྱེན་ལ་ལྟོས་ཏེ་གནང་བ་ཡོད་པར་ཐལ། དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཊཱི་ཀར་བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབས་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བྱ་བ་སྟེ། དཔེར་ན་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་ནི་རྩའི་མཆོག་མས་ཀྱང་མི་གླུད་མི་འཐུང་ངོ་ནས་གསུངས་པའི་ཕྱིར། གལ་ཏེ་ལུས་ལ་བཀུད་པ་དང་མཁུར་བར་བསྲེལ་བ་སོགས་གནང་བ་ཆང་གི་གཞི་ལ་ཡོད་པ་མ་ཡིན་ནམ་ཞེ་ན། འོ་ན་སྲོག་གཅོད་པའི་གཞི་ལ་གནང་བ་ཡོད་པར་ཐལ། ལུས་གཏར་བ་དང་བསྲེག་པ་གནང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན་སྲོག་གཅོད་ཀྱི་ཁ་ན་མ་ཐོ་བ་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཐལ་ལོ། །མཚན་ཉིད་དེ་ལ་ཁ་ཅིག དགེ་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྲོག་གཅོད་པའི་གཞི་ལ་གནང་བ་ཡོད་པར་ཐལ། དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་ཏེ། དགེ་སེམས་ཀྱིས་ཀུན་ནས་བསླངས་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་གཞག་ཏུ་མེད་པའི་ཕྱིར་ཞེས་པ་མི་འཐད་དེ། དགེ་སེམས་ཀྱིས་ཀུན་ནས་བསླངས་པའི་མ་བསད་པའི་མཚམས་མེད་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཐལ། དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་མི་ནུས་ཏེ། དེ་སྲོག་གཅད་ཀྱི་ལས་ལམ་གང་ཞིག བསྟན་པ་ལ་མ་ཞུགས་པའི་ཁྱིམ་པ་ལ་འབྱུང་བའི་ཕྱིར། ཁ་ཅིག་དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཉོན་མོངས་ཀྱིས་ཀུན་ནས་བསླངས་པའི་ཁ་ན་མ་ཐོ་བ་དང་། དགེ་བ་དང་ལུང་མ་བསྟན་གང་རུང་གིས་ཀུན་ནས་བསླངས་པའི་ཁ་ན་མ་ཐོ་བ་ཞེས་ཟེར། དེ་ལ་ཁ་ཅིག་ལྟུང་བ་ཡིན་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་ཉོན་མོངས་ཀྱིས་ཀུན་ནས་བསླངས་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་འདི་དང་འདི་བྱའོ་ཞེས་པའི་བདག་འཛིན་ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་པས་ཁྱབ་པའི་ཕྱིར་ཟེར་བ་མི་འཐད་དེ། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ལྟུང་བ་འབྱུང་བ་ཡོད་ཀྱང་ཉོན་མོངས་མེད་པའི་ཕྱིར། མཚན་ཉིད་ཀྱང་མི་འཐད་དེ། དགེ་སེམས་ཀྱིས་ཀུན་ནས་བསླངས་པའི་སྲོག་གཅོད་ཀྱི་ལས་ལམ་ཆོས་ཅན། བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། སྲོག་གཅོད་ཀྱི་ཕམ་པ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཞེ་སྡང་གིས་ཀུན་ནས་བསླངས་པའི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ཅེས་གསུངས་པའི་ཕྱིར། འདོད་ན། འོག་ནས་འགོག་གོ །ཁ་ཅིག་རྒྱུ་མི་དགེ་བས་ཀུན་ནས་བསླངས་ཤིང་ངོ་བོ་མི་དགེ་བ་ཡིན་པ། འབྲས་བུ་རྣམ་སྨིན་འབྱིན་ནུས་ཀྱི་ཁ་ན་མ་ཐོ་བ་དང་། རྒྱུ་དགེ་བ་དང་ལུང་མ་བསྟན་གང་རུང་གིས་ཀུན་ནས་བསླངས་ཤིང་ངོ་བོ་ལུང་མ་བསྟན་ཡིན་པ། འབྲས་བུ་རྣམ་སྨིན་འབྱིན་མི་ནུས་པའི་ཁ་ན་མ་ཐོ་བ་ཞེས་པ་མི་འཐད་དེ། ཁམས་གོང་མའི་ཁ་ན་མ་ཐོ་བ་ཡིན་ན་བཅས་པའི་ཁ་ན་མ་ཐོ་བ་ཡིན་དགོས་པར་ཐལ། དེ་ཡིན་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་དགོས་པའི་ཕྱིར། རྟགས་ཁས་བླངས། འདོད་མི་ནུས་ཏེ། རྩ་ཉོན་དང་བཅས་པའི་ཁ་ན་མ་ཐོ་བའི་གཞི་མཐུན་མེད་པའི་ཕྱིར་ཏེ། རྩ་ཉོན་ནི་བཅས་པ་ལ་མི་ལྟོས་པར་ངོ་བོ་ཉིད་ཀྱི་སྐྱོན་ཆགས་པ་ཡིན་པའི་ཕྱིར། གཞན་ཡང་བཅས་པའི་ཁ་ན་མ་ཐོ་བ་ཡིན་ན་མི་དགེ་བ་ཡིན་པས་ཁྱབ་པར་ཐལ། བཅས་པའི་ཁ་ན་མ་ཐོ་བའི་རྣམ་སྨིན་ངན་སོང་གསུམ་དུ་སྐྱེ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། རང་ལུགས་ནི། བཅས་པ་ལ་མི་ལྟོས་པར་སྐྱེས་པའི་ཁ་ན་མ་ཐོ་བ་དེ་རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད། བཅས་པ་གཞག་པའི་དབང་གིས་བསྐྱེད་པའི་ཁ་ན་མ་ཐོ་བ་དེ་བཅས་པའི་ཁ་ན་མ་ཐོ་བའི་མཚན་ཉིད་དོ། །དེ་ལ་ཁོ་ན་རེ་སྲོག་གཅོད་ཀྱི་ཕམ་པ་ཆོས་ཅན། བཅས་པའི་ཁ་ན་མ་ཐོ་བར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། རང་བཞིན་གྱི་ལྟུང་བ་མ་ཡིན་པར་འགྱུར་ཞིང་། དེ་ཡང་འདོད་ན། རང་བཞིན་གྱི་ལྟུང་བ་གཞི་མ་གྲུབ་པར་ཐལ་ལོ་ཞེ་ན། འདོད་པ་ཡིན་ཏེ། རང་བཞིན་གྱི་ལྟུང་བ་འདོད་པ་ནི་ལས་ལམ་དང་ལྟུང་བ་ངོ་བོ་གཅིག་ཏུ་འདོད་པའི་ལུགས་ཡིན་ལ། འདི་ནི་འོག་ནས་འགོག་གོ །རང་བཞིན་གྱི་ལྟུང་བ་མེད་དེ། བཅས་པ་ལ་མི་ལྟོས་པར་ངོ་བོ་ཉིད་ཀྱི་སྐྱོན་ཆགས་པའི་ཆ་ནས་རང་བཞིན་གྱི་ཁ་ན་མ་ཐོ་བར་འཇོག་པ་ཡིན་པའི་ཕྱིར་ཏེ། རྣམ་འབྱེད་ལས། ཉོན་མོངས་ཀྱིས་ཀུན་ནས་བསླངས་པ་ནི་རང་བཞིན་གྱི་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྐྱོན་ཆགས་པའི་ཕྱིར་ཞེས་གསུངས་པའི་ཕྱིར། གསུམ་པ་ལ་གང་ལ་དཔྱོད་པའི་གཞི་དང་། དེ་ལ་དཔྱོད་པའི་ཚུལ་གཉིས་ལས། དང་པོ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཅས་པའི་ལྟུང་བ་ལྟ་བུའོ། །དེའང་དུད་འགྲོ་བསད་པའི་ལྟུང་བ་དང་། དེའི་ལས་ལམ་ལྟ་བུ་ངོ་བོ་གཅིག་དང་ཐ་དད་གང་ཡིན་ཞེས་དཔྱད་པར་བྱའོ། །གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག་དུད་འགྲོ་བསད་པའི་ལྟུང་བྱེད་དང་། དེའི་སྡིག་པ་གཉིས་ངོ་བོ་ཐ་དད་ཡིན་ཏེ། ལྟུང་བྱེད་ནི་རབ་ཏུ་བྱུང་བ་ཁོ་ནའི་རྒྱུད་ལ་འབྱུང་བ་དང་། དེ་འབྱུང་བ་བཅས་པ་ལ་ལྟོས་པ་དང་། མིང་དང་རིགས་བརྗོད་པའི་བཤགས་པས་ཕྱིར་བཅོས་པར་བྱ་བ་ཡིན་ལ། དུད་འགྲོ་བསད་པའི་སྡིག་པ་ནི་རྟེན་ཁྱིམ་པ་དང་རབ་བྱུང་གཉིས་ཀའི་རྒྱུད་ལ་འབྱུང་བ་དང་། དེ་འབྱུང་བ་བཅས་པ་ལ་མི་ལྟོས་པ་དང་། སྟོབས་བཞིའི་བཤགས་པས་ཕྱིར་བཅོས་པར་བྱ་བ་ཡིན་པའི་ཕྱིར་ཞེས་གསུངས། དེ་ལ་གཞན་དག་ཐལ་བ་གསུམ་གྱི་དགག་པ་བརྗོད་དེ། དང་པོ་ནི། ལྟུང་བ་ཐམས་ཅད་ལུང་མ་བསྟན་དུ་ཐལ། ལྟུང་བ་ཐམས་ཅད་མི་དགེ་བ་ལས་ངོ་བོ་ཐ་དད་གང་ཞིག དགེ་བར་གཞག་ཏུ་མེད་པའི་ཕྱིར། དང་པོ་ཁས་བླངས། འདོད་མི་ནུས་ཏེ། ལུང་ལས། བཙུན་པ་ནོངས་པ་མི་དགེ་བས་ཀུན་ནས་བསླངས་པ་མཆིས་སམ། མི་དགེ་བའམ་ལུང་མ་བསྟན་གྱིས་ཀུན་ནས་བསླངས་པ་མཆིས་སམ། བཙུན་པ་ནོངས་པ་མི་དགེ་བ་མཆིས་སམ། དགེ་བ་མཆིས་སམ། ལུང་དུ་མ་བསྟན་པ་མཆིས་སམ། ཞེས་ཞུས་པའི་ལན་དུ་མི་དགེ་བ་དང་ལུང་མ་བསྟན་ཡོད་པར་གསུངས་ཤིང་། བཙུན་པ་ནོངས་པ་རྣམ་པར་སྨིན་པ་དང་བཅས་པ་ཞིག་གམ། ནོངས་པ་རྣམ་པར་སྨིན་པ་མེད་པ་ཞིག་ཅེས་པའི་ལན་དུ་གཉིས་ཀ་ཡོད་པར་གསུངས་པའི་ཕྱིར་དང་། ལྟུང་བྱེད་ཀྱི་སྐབས་རེ་རེའི་མཐར་ཡང་། ལྟུང་བར་བྱེད། སྲེག་པར་བྱེད། འཚེད་པར་བྱེད་ཅེས་གསུངས་པའི་ཕྱིར། གཞན་ཡང་བཅས་པའི་ལྟུང་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ལྟུང་བ་གཉིས་ལ་རྐྱེན་ལ་ལྟོས་ནས་གནང་བ་ཡོད་མེད་ཀྱི་ཁྱད་པར་མེད་པར་ཐལ། ལྟུང་བ་ཐམས་ཅད་ལུང་མ་བསྟན་ཡིན་པའི་ཕྱིར། ཐལ་བ་གཉིས་པ་ནི། བཅས་པའི་ལྟུང་བ་ལུང་མ་བསྟན་དང་ངོ་བོ་ཐ་དད་དུ་ཐལ། རང་བཞིན་གྱི་ལྟུང་བ་མི་དགེ་བ་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། རྟགས་ཁས་བླངས། ཐལ་བ་གསུམ་པ་ནི། ལྷག་མ་ཕྱིར་བཅོས་བྱས་པས་དེའི་ཆའི་སྡིག་པ་མི་འདག་པ་ཐལ། དེ་གཉིས་ངོ་བོ་ཐ་དད་ཡིན་པའི་ཕྱིར། འདོད་ན། ལྷག་མ་ཕྱིར་བཅོས་མ་བྱས་ན་ངན་སོང་དུ་ལྟུང་བ་དང་ཕྱིར་བཅོས་བྱས་ན་ལྷ་མིར་སྐྱེ་བར་བཤད་པ་དེ་མི་འཐད་པར་ཐལ་ལོ། །གཞན་ཡང་དགེ་སློང་གི་ལོ་དྲི་བ་ལས། ཕམ་པ་དང་། ལྷག་མ་དང་། སྦོམ་པོ་དང་། ལྟུང་བྱེད་དང་། སོར་བཤགས་དང་། ཉེས་བྱས་རྣམས་བསྲུངས་ན་གཞན་འཕྲུལ་དབང་བྱེད་ནས་རྒྱལ་ཆེན་རིགས་བཞིའི་བར་རིམ་བཞིན་སྐྱེ་ཞིང་། མ་བསྲུངས་པའི་ཉེས་དམིགས་ཚ་བ་ནས་ཡང་སོས་ཀྱི་བར་དྲུག་ཏུ་རིམ་བཞིན་སྐྱེ་བར་བཤད་པ་དང་འགལ་ལོ་ཞེས་གསུང་། གཉིས་པ་དེ་དགག་པ་ནི། ལྟུང་བ་ཐམས་ཅད་ལུང་མ་བསྟན་དུ་ཐལ། མི་དགེ་བ་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། ཞེས་པ་ནི། དུད་འགྲོ་གསོད་པའི་སྡིག་པ་དང་དེའི་ལས་ལམ་གཉིས་ཤན་མ་ཕྱེད་པའི་སྐྱོན་དུ་སྣང་བས་རྟགས་མི་འགྲོའོ། །བཅས་ལྟུང་ལུང་མ་བསྟན་དང་ངོ་བོ་ཐ་དད་དུ་ཐལ་ཞེས་པ་ཡང་མ་འབྲེལ་ཏེ། རང་བཞིན་གྱི་ལྟུང་བ་ལུང་མ་བསྟན་ཡིན་ན་བཅས་ལྟུང་ལུང་མ་བསྟན་ཡིན་པ་ཤིན་ཏུ་རིགས་པའི་ཕྱིར། ཐལ་བ་གསུམ་པ་ཡང་མ་ངེས་ཏེ། ལྟུང་བ་དེའི་དངོས་གཞི་ཕྱིར་བཅོས་བྱས་པས་དེའི་སྦྱོར་ལྟུང་མི་འདག་པར་ཐལ། དེ་གཉིས་ངོ་བོ་ཐ་དད་ཡིན་པའི་ཕྱིར་ཏེ། དུས་སྔ་ཕྱིར་སྐྱེས་པའི་ལྟུང་བ་ཐ་དད་ཡིན་པའི་ཕྱིར། ལྟུང་བ་ཐམས་ཅད་ལུང་མ་བསྟན་ཡིན་པར་འདོད་པ་ཡང་མི་འཐད་དེ། ལྟུང་བྱེད་འབའ་ཞིག་པ་རེ་རེའི་སྐབས་སུ་ལྟུང་བར་བྱེད། སྲེག་པར་བྱེད་ཅེས་སོགས་དང་། འདུལ་བ་ལ་བསྟོད་པ་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལས། །ཡལ་བར་སེམས་ཤིང་ཅུང་ཟད་འདའ་བྱེད་ན། །དེ་ནི་དེ་ལ་སྡུག་བསྔལ་གཞན་དབང་ཐོབ། །སྨྱུག་ཚལ་བསྲེགས་པས་ཨ་སྨྲའི་ཚལ་ཉམས་བཞིན། །འདི་ན་ལ་ལ་རྒྱལ་པོའི་ཚུལ་ཅན་འགའ། །ལན་འགའ་འདས་ཀྱང་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལས་ཚུལ་མིན་འདའ་བྱེད་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་སོ། །གཉིས་པ་རང་ལུགས་ནི། སྡིག་ལྟུང་ངོ་བོ་གཅིག་ཡིན་ཅིང་། དུད་འགྲོ་གསོད་པའི་ལྟུང་བ་དང་དེའི་ལས་ལམ་ངོ་བོ་ཐ་དད་ཡིན་ལ། དེ་བཞིན་དུ་བསམས་བཞིན་དུ་བཅས་མཚམས་ལས་འདས་པའི་ལྟུང་བ་ཐམས་ཅད་ལུང་མ་བསྟན་དང་ངོ་བོ་ཐ་དད་ཡིན་ཏེ། མི་དགེ་བར་ངེས་པའི་ཕྱིར། ཁོ་ན་རེ་ལྟུང་བ་ཕྱིར་བཅོས་བྱས་པས་དེའི་ཆའི་སྡིག་པ་མི་འདག་པར་ཐལ། ལྟུང་བྱེད་དང་དེའི་ལས་ལམ་ངོ་བོ་ཐ་དད་ཡིན་པའི་ཕྱིར། འདོད་ན། འདག་པར་བཤད་པ་དང་འགལ་ལོ་ཞེ་ན། དུད་འགྲོ་གསོད་པའི་ལྟུང་བྱེད་ཕྱིར་བཅོས་བྱས་པས་ལས་ལམ་ཡང་བར་འགྱུར་གྱི་འདག་པར་ནི་མ་ངེས་སོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དང་དེའི་ལས་ལམ་ངོ་བོ་ཐ་དད་ཡིན་ཏེ། དུད་འགྲོ་གསོད་པའི་ལས་ལམ་ནི་དུད་འགྲོ་གསོད་པའི་སྦྱོར་བ་བྱས་ནས་དུད་འགྲོ་ཤི་བ་དང་དུས་མཉམ་དུ་སྐྱེས་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཤིག་ལ་འཇོག་ལ། དེའི་ལྟུང་བྱེད་ནི་དུད་འགྲོ་ཤི་བ་དེ་ལ་མཐར་ཐུག་ཏུ་བྱས་པའི་སྐད་ཅིག་ཕྱི་ལོགས་སུ་འབྱུང་བའི་ཕྱིར། དེ་བཞིན་དུ་བརྫུན་དུ་སྨྲ་བའི་ཕམ་པ་དང་དེའི་ལས་ལམ་ཡང་ངོ་བོ་ཐ་དད་ཡིན་ཏེ། བརྫུན་སྨྲའི་ཕམ་པ་ནི་བརྫུན་ཚིག་དེ་ཕ་རོལ་པོས་ཡིད་ཤེས་ཀྱི་གོ་བའི་སྐབས་སུ་འབྱུང་ལ། ལས་ལམ་ནི་དེའི་སྔ་ལོགས་བརྫུན་ཚིག་ཉན་ཤེས་ཀྱིས་ཐོས་པའི་སྐབས་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ལ་འཇོག་པའི་ཕྱིར། གཞན་ཡང་ལྟུང་བ་དང་ལས་ལམ་ངོ་བོ་ཐ་དད་ཡིན་ཏེ། ལྟུང་བ་ནི་གསུང་རབ་ནས་བཤད་པའི་མིང་རིགས་བརྗོད་པའི་བཤགས་པས་འདག་ལ། ལས་ལམ་ནི་དེ་ཙམ་གྱིས་འདག་པར་མ་ངེས་པའི་ཕྱིར་ཏེ། གང་ཟག་དམ་པ་ལ་ཚིག་ངན་སྨྲས་པའི་རྣམ་སྨིན་ཚེ་རབས་དུ་མར་མྱོང་བ་སོགས་བཤད་པའི་ཕྱིར་རོ། །གསུམ་པ་ངོ་བོ་ལ་དངོས་དང་། ལྟུང་བ་གྲུབ་པ་ལ་རིག་བྱེད་དགོས་མི་དགོས་དཔྱད་པ་གཉིས། དང་པོ་ནི། རིག་བྱེད་མ་ཡིན་པའི་གཟུགས་མི་དགེ་བའམ་རིག་བྱེད་ཀྱི་གཟུགས་ལུང་དུ་མ་བསྟན་པ་སྟེ། གཏམ་གྱི་གཞིར། ཉེ་བ་འཁོར་ལྟུང་བ་ནི་རྣམ་པར་རིག་བྱེད་ཅེས་ཀྱང་བྱ་ལ། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་ཀྱང་བྱའོ་ཞེས་དང་། དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ཡིན་ཞེས་དྲིས་པ་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པར་བརྗོད་པར་བྱའོ་ཞེས་སོགས་གསུངས་སོ། །དེའང་རང་གཞན་གྱི་ཁ་ན་མ་ཐོ་བ་དང་། བཅས་པ་ལས་བསམ་བཞིན་དུ་འདས་པ་ནི་མི་དགེ་བ་ཡིན་ལ། བཅས་པ་ལས་མ་བསམས་པར་འདས་པ་ནི་ལུང་མ་བསྟན་ཏེ། གཏམ་གཞིར། མི་དགེ་བ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལས་བསམ་བཞིན་དུ་འདའ་བར་བྱེད་པ་ནི་མི་དགེ་བའོ། །ལུང་དུ་མ་བསྟན་པ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལས་མ་བསམས་པར་འདས་པ་ནི་ལུང་དུ་མ་བསྟན་པའོ་ཞེས་གསུངས་སོ། །གཉིས་པ་ནི། འདི་ལ་ཁ་ཅིག་ལྟུང་བ་ནི་གཉིས་ཏེ། བྱ་བ་མི་བྱེད་པའི་ལྟུང་བ་དང་། མི་བྱ་བ་བྱེད་པའི་ལྟུང་བའོ། །དང་པོ་ལ་རིག་བྱེད་མི་དགོས་ཏེ། བྱ་བ་མ་བྱས་པ་ཙམ་གྱིས་ལྟུང་བར་འགྱུར་བའི་ཕྱིར་ཏེ། ལུང་དུ་བཙུན་པ་ལུས་སུ་ཡང་མ་ཐོན་ངག་ཏུ་ཡང་མ་ཐོན་པར་དགེ་སློང་མར་མི་རུང་བ་མཆིས་སམ། ཡོད་དེ་དགེ་སློང་མ་ཟླ་མོའི་ཕམ་པ་འཆབ་ནའོ་ཞེས་དང་། སེམས་འབའ་ཞིག་ལ་ལྟུང་བ་འགྱུར་བ་མཆིས་སམ། ཡོད་དེ་གསོ་སྦྱོང་མི་བྱེད་པའོ་ཞེས་གསུངས་པའི་ཕྱིར་ཞེས་པ་མི་འཐད་དེ། འདོད་པའི་རིག་བྱེད་མ་ཡིན་པ་གྲུབ་པ་ལ་རིག་བྱེད་ངེས་པ་དགོས་པའི་ཕྱིར་ཏེ། མཛོད་འགྲེལ་ལས། གཉིས་ཀ་ཡང་མི་བྱེད་ན་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མེད་པ། རྣམ་པར་རིག་བྱེད་མེད་པ་ཅན་ཡང་མེད་པས་ཇི་ལྟར་ན་དེ་གཉིས་ཀྱི་ལམ་དུ་འགྱུར་ཏེ་འདི་ལ་འབད་པར་བྱའོ་ཞེས་དང་། ཊཱི་ཀར་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི་ན་སྨད་ཀྱི་ནི་མ་ཡིན་ཏེ། ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་དེ་ལ་ཡོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། ལུང་སྔ་མའི་དོན་ནི་རྣམ་པར་རིག་བྱེད་ཅུང་ཟད་ལས་མེད་པས་དམན་པ་ལ་དགག་སྒྲ་སྦྱོར་བའོ་ཞེས་གསུང་ངོ་། །བཞི་པ་མཚན་ཉིད་ལ་ལྟུང་བའི་མཚན་ཉིད་ནི། རབ་བྱུང་གིས་སྟོན་པས་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བའོ། །དེ་ཡང་ལྔ་ལས་ཕམ་པའི་མཚན་ཉིད། བསྙེན་པར་རྫོགས་པའི་རྒྱུད་ཀྱི་དངོས་གཞིའི་ལྟུང་བ་གང་ཞིག ཁྱོད་ཀྱི་དག་བྱེད་ཆད་པའི་བསླབ་པ་ལ་ལྟོས་པའི་རིགས་ཡིན་པ། དགེ་འདུན་ལྷག་མའི་མཚན་ཉིད་གང་ཞིག ངོ་བོའི་ཆ་ནས་དབྱུང་བས་ཁྱོད་ལས་བསླང་དུ་རུང་བའི་རིགས་ཡིན་པ། ཡང་ན་གང་ཞིག་ངོ་བོའི་ཆ་ནས་ཕམ་པ་ལས་ཡང་ཞིང་། སྤང་ལྟུང་སོགས་ལས་ལྕི་བའི་རིགས་ཡིན་པ། འོག་མ་རྣམས་ཀྱང་དེ་ལས་དཔགས་ཏེ་ཤེས་པར་བྱའོ། །ལྔ་པ་རྒྱུ་ནི། མི་ཤེས་པ་ལ་སོགས་པ་བཞི་སྟེ། བསྡུ་བར། དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པ། །ཞེས་གསུངས་པ་ལྟར་རོ། །དྲུག་པ་གྲངས་ངེས་ནི། བཅས་པ་མི་འདྲ་བ་ལྔ་ཡོད་པའི་རྒྱུ་མཚན་གྱིས་སྡེ་ཚན་ལྔར་བསྟན་པ་ཡིན་ལ། བཅས་པ་ལྔར་འཇོག་པའི་རྒྱུ་མཚན་ཡང་དེ་ཙམ་གྱིས་དགག་བྱ་ཁེགས་པ་དང་། བསྒྲུབ་བྱ་སྒྲུབ་ནུས་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོངས་ནས་གསུངས་པའོ། །བདུན་པ་གོ་རིམ་ནི། སྡེ་ཚན་སྔ་མ་སྔ་མ་ཆད་པ་ལྕི་བའི་རིམ་པ་ཡིན་ལ་ཕམ་པ་བཞི་ནི་འདིར་བཅས་པའི་རིམ་པ་དང་། བསྐལ་པ་དང་པོའི་དུས་སུ་ལས་ལམ་འདི་དག་ཇི་ལྟར་འབྱུང་བའི་རིམ་པ་དང་། ཉོན་མོངས་པ་འདི་དག་གི་རིམ་པ་དང་། གཞན་ནི་ཕལ་ཆེར་བཅས་པའི་རིམ་པའོ། །བརྒྱད་པ་སྒྲ་དོན་ནི། འདིས་ལྟུང་བར་བྱེད་པས་ལྟུང་བ་དང་། དམ་པས་སྨད་པའི་ཕྱིར་ཁ་ན་མ་ཐོ་བ་དང་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་བའི་ཚུལ་ཁྲིམས་དང་། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར་ཉེས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཕམ་པའི་སྒྲ་དོན་ནི། གཞན་སྤང་བྱ་རྒྱལ་བར་བྱེད་ཅིང་གཉེན་པོ་ཕམ་པར་བྱེད་པར་འགྱུར་བའི་ཕྱིར་ཕམ་པའོ། །དགུ་པ་ཕན་ཡོན་ནི། བཅས་པའི་ཕན་ཡོན་སྔར་བཤད་ཟིན་ལ། བསླབ་པ་བསྲུངས་པའི་ཕན་ཡོན་ནི། བམ་ལྔར། ཚུལ་ཁྲིམས་ཀྱི་ཕན་ཡོན་རྣམ་པ་བཅུ་སྟེ། འགྱོད་པ་མེད་པའི་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་ཐོབ་པར་འགྱུར་བ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར། ཕྱོགས་བཅུར་སྙན་པའི་སྒྲ་གྲག་པར། བདེ་བར་གཉིད་ལོག་ཅིང་བདེ་བར་སད་པར། གཉིད་ལོག་པ་ན་ལྷ་རྣམས་བསྲུང་བར། གཞན་ལས་སྡིག་པའི་བག་ཚ་བ་དང་འཇིགས་པ་དང་ཡ་ང་བ་མེད་པར། དགྲ་བོ་རྣམས་ཀྱིས་གླགས་ཞིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པའི་ཕན་འདོགས་པར། གནོད་སྦྱིན་དང་མི་མ་ཡིན་པ་དང་གདུག་པ་ཅན་གཉུག་མར་གནས་པ་རྣམས་ཀྱིས་གླགས་ཞིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པའི་ཕན་འདོགས་པར། གཞན་ལས་ཆོས་གོས་ལ་སོགས་པ་དག་ཆོས་ཀྱིས་ཚེགས་ཆུང་ངུས་ཐོབ་པར། གང་དུ་སྐྱེ་བར་འདོད་པ་ལ་སོགས་པའི་སྨོན་ལམ་ཡང་དག་པར་འགྲུབ་པར་འགྱུར་བའོ་ཞེས་སོ། །བཅུ་པ་མ་བསྲུངས་པའི་ཉེས་དམིགས་ནི། སྟོན་པས་སྨོད་པ་དང་། ལྷས་དང་། མཁན་སློབ་ལ་སོགས་པ་གྲོགས་དམ་པས་དང་། དེས་མ་སྨད་ཀྱང་ཆོས་ཉིད་ཀྱིས་སྨད་པ་དང་། དམ་པའི་ཆོས་མ་ཐོས་པ་ཐོས་པར་མི་འགྱུར་བ་དང་། ཐོས་པ་བརྗེད་པ་དང་། མ་རྟོགས་པ་མི་རྟོགས་པ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་པའི་སྒྲ་གྲག་པ་དང་། འགྱོད་པ་དང་བཅས་ཏེ་འཆི་བར་འགྱུར་བ་དང་། ངན་སོང་གསུམ་དུ་སྐྱེ་བ་ལ་སོགས་པའོ། །བཞི་པ་རྟེན་གྱི་ཡན་ལག་ནི། སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། བསླབ་པ་བཅས་པ་དང་འབྲེལ་བ་དང་། ཤེས་པ་རང་བཞིན་དུ་གནས་པ་གསུམ་ནི་ཐམས་ཅད་ཀྱི་ཡན་ལག་ཡིན་ལ། གཟུགས་གཞན་དུ་མ་བསྒྱུར་བ་དང་། མི་སྣང་བར་མ་བྱས་པ་དང་། མཚན་མ་གྱུར་པ་གསུམ་ནི་འགའ་ཞིག་གི་ཡན་ལག་ཡིན་ནོ།།  ༈  །།ལྔ་པ་བསྡུས་པའི་དོན་བཤད་པ་ནི། རྣམ་པར་འབྱེད་པའི་དཀྱུས་འདི་རྣམས་ལ་རྣམ་པ་གསུམ་གྱིས་ས་གཅོད་པར་མཛད་དེ། ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་བྱའོ། །དང་པོ་ནི། དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བ་རྣམ་པར་གཞག་པ་སྟེ། བམ་ལྔར། ལྟུང་བ་རྣམ་པར་གཞག་པ་ནི་བསམ་པ་དང་སྦྱོར་བའི་སྒོ་ནས་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བ་ཅི་རིགས་པར་རྣམ་པར་གཞག་པའོ་ཞེས་པ་ལྟར་རོ། །དེ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་སམ། ཡན་ལག་གི་མཚན་ཉིད་དང་། སེལ་བ་གཉིས་ཅི་རིགས་པས་འཆད་དོ། །ཡན་ལག་གི་མཚན་ཉིད་ནི་བཞི་སྟེ། གཞི་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་གི་ཡན་ལག་གོ །གཞིའི་ཡན་ལག་ལ་ཡུལ་དང་རྟེན་ལ་སོགས་པ་དུ་མ་ཡོད་ཅིང་། བསམ་པའི་ཡན་ལག་ལ་ཀུན་སློང་དང་འདུ་ཤེས་གཉིས་སོ། །འདུ་ཤེས་དང་སྦྱོར་བའི་ཡན་ལག་མ་ཚང་བ་ལའང་དངོས་གཞི་འབྱུང་བ་ཡོད་དོ། །གཉིས་པ་སེལ་བ་ལ་གསུམ་སྟེ། དབྱེ་བ། མཚན་ཉིད། སེལ་བ་ལ་ཅིར་འགྱུར་བའོ། །དང་པོ་ལ་ཐུན་མོང་བའི་སེལ་བ་དང་། ཐུན་མོང་མ་ཡིན་པའི་སེལ་བ་གཉིས། དང་པོ་ལ་བཞིར་ཡོད་དེ། སྡོམ་པ་གཏན་ནས་མ་བླངས་པ་ལྟ་བུའི་བསླབ་པའི་ཡན་ལག་གི་སེལ་བ་དང་། སྨྱོ་བ་ལ་སོགས་པ་རང་བཞིན་དུ་གནས་པའི་སེལ་བ་དང་། རང་རང་གི་ཀུན་སློང་མེད་པ་བསམ་པའི་སེལ་བ་དང་། རང་རང་གི་ལས་དང་པོ་པ་ནི་བཅས་པའི་སེལ་བའོ། །བསླབ་རྒྱུན་གཅིག་པ་ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་ཡིན་ཀྱང་། བསླབ་རྒྱུན་ཐ་དད་པ་ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་སེལ་བ་མ་ཡིན་ཏེ། བསླབ་རྒྱུན་ཐ་དད་པའི་སེལ་བ་དེ་ཁང་པ་ཁང་ཆེན་གྱི་ལྟུང་བ་ལྟ་བུ་སྦྱོར་བ་རྒྱུད་ལྡན་རྣམས་ལ་འཇུག་ཀྱང་རེག་པའི་ལྷག་མ་ལྟ་བུ་སྦྱོར་བ་རྒྱུད་མི་ལྡན་རྣམས་ལ་མི་འཇུག་སྟེ། བསླབ་རྒྱུན་སྔ་མ་ལ་བུད་མེད་ལ་རེག་པའི་སྦྱོར་བ་བྱས་ནས་ཁྱིམ་པར་བབ། སླར་བསྙེན་པར་རྫོགས་པ་བྱས་པའི་ཚེ་སྔར་རེག་པའི་དབང་གིས་བསླབ་རྒྱུན་ཕྱི་མ་ལ་རེག་པའི་ན་སྨད་བསྐྱེད་པ་མེད་པའི་ཕྱིར། གཉིས་པ་ཐུན་མོང་མ་ཡིན་པའི་སེལ་བ་ལ་བཞི་སྟེ། གཞིའི་ཡན་ལག་མ་ཚང་བ་གཞིའི་སེལ་བ། བསམ་པའི་ཡན་ལག་མ་ཚང་བ་བསམ་པའི་སེལ་བ། སྦྱོར་བའི་ཡན་ལག་མ་ཚང་བ་སྦྱོར་བའི་སེལ་བ། མཐར་ཐུག་གི་ཡན་ལག་མ་ཚང་བ་མཐར་ཐུག་གི་སེལ་བའོ། །གཉིས་པ་སེལ་བའི་མཚན་ཉིད་ནི། ལྟུང་བ་རང་རང་གི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ངེས་གཟུང་དུ་དགོས་པའི་ཡན་ལག་མ་ཚང་བའོ། །གཅིག་ལ་མཚོན་ན་མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་ངེས་གཟུང་དུ་དགོས་པའི་ཡན་ལག་མ་ཚང་བ་དེ་མ་བྱིན་ལེན་གྱི་ཕམ་པའི་སེལ་བའི་མཚན་ཉིད། གཞན་ལ་འགྲེའོ། །གསུམ་པ་སེལ་བ་ལ་ཅིར་འགྱུར་བ་ལ་གཉིས་ཏེ། དངོས་དང་། དེ་ལས་འཕྲོས་པའི་སྦོམ་པོའི་དོན་བཤད་པའོ། །དང་པོ་ལ་བཞིར་ཡོད་དེ། ན་སྨད་དུ་འགྱུར་བ། ཆེས་ན་སྨད་དུ་འགྱུར་བ། ལྟུང་བ་གཞན་དུ་འགྱུར་བ། ལྟུང་མེད་དུ་འགྱུར་བའོ། །དང་པོ་ནི། མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པའི་ཡན་ལག་མ་ཚང་བ་མིའི་རྫས་རིན་ཐང་མ་ཚང་བ་ལྟ་བུའམ། སྐྱོན་ནས་སྨྲ་བའི་ལྟུང་བྱེད་བསྐྱེད་པའི་ཡན་ལག་མ་ཚང་བ་མཚན་མཐུན་མ་ཚང་བ་ལྟ་བུ་ཡན་ལག་གཅིག་མ་ཚང་བ་ལ་ལྟུང་བ་ན་སྨད་དུ་འགྱུར་ཏེ། དགག་བྱ་མ་རྫོགས་པའི་ཕྱིར། ཁྱབ་པ་ཡོད་དེ། མ་ཆོག་པ་རྐུས་ནའོ་ཞེས་དང་། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཕམ་ལྷག་གི་ན་སྨད་སྦོམ་པོ་དང་། ལྟུང་བྱེད་སོར་བཤགས་གསུམ་གྱི་ན་སྨད་ཉེས་བྱས། ཉེས་བྱས་ཀྱི་ན་སྨད་ཉེས་བྱས་ཕྲ་མོར་འགྱུར་ཏེ། ཁ་ན་མ་ཐོ་བ་ན་སྨད་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཉིད་དོ་ཞེས་གསུངས་པའི་ཕྱིར། གཉིས་པ་ཆེས་ན་སྨད་ནི། མ་བྱིན་ལེན་གྱི་ཕམ་པའི་སྐབས་སུ་མི་མ་ཡིན་པའི་རྫས་རིན་ཐང་མ་ཚང་བ་དང་། སྐྱོན་སྨྲའི་ལྟུང་བྱེད་ཀྱི་སྐབས་སུ་ལྟ་བ་མཐུན་པ་དང་མཚན་མཐུན་པའི་ཡན་ལག་གཉིས་མ་ཚང་བ་ལ་ཆེས་ན་སྨད་དུ་འགྱུར་ཏེ།               རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*