དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་བསྐྱེད་པའི་རིམ་པ་གསལ་བར་བཤད་པ། ཁ༽

།འོ་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། བདག་མེད་མ་གཙོ་འཁོར་རྣམས་ནི། རྩ་རྒྱུད་ལས། ལྷ་མོ་ཐམས་ཅད་ཁ་དོག་ནག །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞེས་ཐམས་ཅད་དྲག་མོར་བཤད་ལ། གུར་ལས་ཀྱང་། ཐམས་ཅད་ཁ་དོག་ནག་པོ་མཚུངས་པ། རབ་ཏུ་སོན་པའི་སྟེང་དུ་གར་དང་བཅས་པ། ཁྲོ་མོ་ཆེན་མོ། དཔའ་མོ། གཡོན་ན་ཁ་ཊྭཱཾ་ག་འཛིན་པ་མོའོ་ཞེས་ཁྲོ་མོར་བཤད་པས་དེ་དག་ཁྲོ་མོར་འདོད་དགོས་ལ། འདིར་ནི་ཁྲོ་མོ་ཡིན་པའི་དམིགས་བསལ་མ་གསུངས་པའི་ཕྱིར་རོ། །དེས་ན་ཁྲོ་མོ་དང་ཅུང་ཟད་ཞི་བའི་ཁྱད་པར་ཡོད་པས་གདན་གཉིས་ཀྱང་དེ་བཞིན་དུ་བྱ་བ་ཡིན་ཏེ། དཔེར་ན་དགྲ་ནག་གི་དཀྱིལ་འཁོར་དུ་ཁྲོ་བོ་གཞན་རྣམས་ལ་ཉི་གདན་དང་། གཏི་མུག་གཤིན་རྗེ་གཤེད་ལ་ཟླ་གདན་དུ་བཤད་པའི་ཕྱིར་རོ། །གདན་དེ་དག་བསྒོམ་དགོས་པ་ནི། རྗེ་བཙུན་རྩེ་མོས། གདན་བརྒྱད་བསྒོམ་པ་བདུད་བཞི་དང་། །འབྱུང་བཞིའི་རྣམ་རྟོག་སྤངས་རྟགས་ཡིན། །ཞེས་བཤད་པ་ལྟར་རོ། །གདན་འདི་དག་ཀྱང་གཞལ་ཡས་ཁང་པ་གྲུབ་པ་དང་དུས་གཅིག་ཏུ་གྲུབ་པ་གཉིས་མེད་རྡོ་རྗེས་བཤད་པ་ལྟར་བྱའོ། །དེ་ལྟར་རྟེན་གཞལ་ཡས་ཁང་བསྐྱེད་པའི་དམིགས་རྣམས་གསལ་པོར་བསྒོམས་པའི་རྗེས་ལ། རང་གི་ངོ་བོ་རྣམ་པར་སྣང་མཛད། གཟུགས་རྣམས་གཞལ་ཡས་ཁང་པའི་རྣམ་པར་ཤར་བའི་ང་རྒྱལ་ལ་སེམས་བཞག་ནས། གུར་ལས་གསུངས་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། ནཱི་ལ་ཕོ་བྲང་། བཛྲ་རྡོ་རྗེ། སྭ་བྷཱ་ཝ་རང་བཞིན། ཨཱཏྨ་ཀོ྅ཧཾ་བདག ཨ་ཧཾ་ངའོ་ཞེས་པ་སྟེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞུགས་གནས་གཞལ་ཡས་ཁང་པ་འདི་ནི་བདག་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ་ཞེས་དེའི་སྟེང་དུ་ང་རྒྱལ་འཛིན་པའོ། །གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ལ་གསུམ། དམ་ཚིག་པ་བསྐྱེད་པ། མིག་སོགས་བྱིན་གྱིས་བརླབ་པ། ཡེ་ཤེས་པ་གཞུག་པའོ། །དང་པོ་ལ་གཉིས། མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། ཞུ་བ་གླུས་བསྐུལ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དང་པོ་ལ་གསུམ། རྒྱུ་རྡོ་རྗེ་འཆང་བསྐྱེད་པ། བསྐྱེད་ནས་འཁོར་སྤྲོ་བ། སྤྲོས་ནས་ཐིག་ལེར་ཞུ་བའོ། །དང་པོ་ལ་གསུམ། མི་མཉམ་སྦྱོར་གྱི་དོན་བཤད། མཉམ་སྦྱོར་གྱི་དོན་བཤད། དེ་གཉིས་མི་འདྲ་བའི་རྒྱུ་མཚན་བཤད་པའོ། །དང་པོ་ལ་གསུམ། གང་བསྒོམ་པའི་དོན་དང་། ཇི་ལྟར་བསྒོམ་པའི་ཚུལ་དང་། དེ་ལྟར་བསྒོམས་པའི་འཐད་པའོ། །དང་པོ་ནི། མངོན་པར་བྱང་ཆུབ་པ་ལྔ་སྟེ། དེའང་གདན་གྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་སྐར་མ་ལྟ་བུ་བསམས་ཏེ། སུམ་ཅུ་རྩ་གཉིས་པོ་དེ་ནི་མཚན་སུམ་ཅུ་རྩ་གཉིས་སུ་མོས་པ་བྱའོ། །དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡང་ཟླ་བའི་སྟེང་དུ་ཀཱ་ལི་སོ་བཞི། ཡ་ར་ལ་ཝ་ཌ་ཌྷ་ཞེས་པ་དྲུག་བསྣན་པ་བཞི་བཅུ། དེ་ཕྲག་གཉིས་མར་མེའི་རྣམ་པ་དང་འདྲ་བ་བརྒྱད་ཅུ། དཔེ་བྱད་བཟང་པོ་བརྒྱད་ཅུའོ། །དེ་ལས་ཉི་མ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་དག་གི་བར་རྣམས་སུ་ཧཱུྃ་ལ་སོགས་པའི་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །སོ་སོར་ས་བོན་ཕྱག་མཚན་དང་། ཟླ་བ་ཉི་མ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལས་ལྷ་བསྐྱེད་པར་བྱ་སྟེ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སུ་མོས་པ་བྱའོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི་ཁ་ཅིག་འདི་སྐད་དུ་གལ་ཏེ་ཟླ་བ་ལ་སོགས་པ་འདི་དག་མེ་ལོང་ལྟ་བུ་ལ་སོགས་པ་ཡིན་ནས་བསྒོམ་མམ་མིན་ཡང་བསྒོམ། དང་པོ་ལྟར་ན་གྲུབ་ཟིན་པ་བསྒྲུབ་པར་འགྱུར་ལ། གཉིས་པ་ལྟར་ན་སྤྲང་པོ་རྒྱལ་པོར་རློམ་པ་ལྟར་བསྒོམས་ཀྱང་མི་འགྲུབ་བོ་སྙམ་ན་ཡིན་ནས་བསྒོམ་ལ། འདི་ལ་ཡང་འབྲས་བུ་དངོས་ཡིན་པ་དང་། ཆོས་ཉིད་དམ་རྣམ་པ་ཡིན་པ་གཉིས་ལས། འདི་ནི་ཆོས་ཉིད་དམ་རྣམ་པ་ཡིན་ལ། དེའང་ཚུལ་འདི་ལྟར་བསྒོམས་ཏེ། རྣམ་པ་ཟླ་བར་བསྒོམས་པ་ནི་བསྒོམས་སླ་བས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ། རྣམ་པ་དེ་ཉིད་ལ་དོན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་མོས་པར་བྱས་པས་ལན་ཅིག་དེ་ཐོབ་པར་འགྱུར་བས་མོས་པ་ལམ་དུ་བྱེད་པ་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་འབྱུང་ངོ་། །དེ་ཡང་སངས་རྒྱས་ལ་མངའ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འདི་ཉིད་ཡིན་སྙམ་དུ་འབྲས་བུ་ད་ལྟ་ཉིད་ནས་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པའོ། །དེས་བདག་གི་རྒྱུད་ལ་ཚོགས་བསག་ཅིང་སྒྲིབ་པ་འདག་པའི་རྟེན་འབྲེལ་དུ་འགྱུར་བས་ན་བྱིན་རླབས་ལམ་དུ་བྱེད་པའོ། །དེ་བས་ན་རྣམ་པ་དེ་ལ་ངོ་བོར་ཞེན་པས་ན་ཞེན་པས་འཇུག་པའི་ལམ། ཐབས་དེས་དེ་བཞིན་གཤེགས་པའི་ཐུགས་རྗེས་མི་བསླུ་བས་འབྲེལ་པས་མི་བསླུ་བའི་ལམ་ཞེས་བྱའོ། །གསུམ་པ་དེ་ལྟར་བསྒོམས་པའི་འཐད་པ་ནི། མངོན་པར་བྱང་ཆུབ་པ་ལྔ་ལས། མངོན་བྱང་དང་པོའི་དབང་དུ་བྱས་ནས་ཅིའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ། ཅིའི་ཕྱིར་རྣམ་པ་ཟླ་བར་བསྒོམ། ཅིའི་ཕྱིར་རྒྱུ་ཨཱ་ལི་ལས་བསྐྱེད་ཅེ་ན། དང་པོ་ནི། ཆོས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་བས་མེ་ལོང་དང་འདྲ་བས་མེ་ལོང་ལྟ་བུ་སྟེ། ཡེ་ཤེས་གྲུབ་པ་ལས། ཇི་ལྟར་གཟུགས་བརྙན་མེ་ལོང་ལ། །རང་ཉིད་ངེས་པར་སྣང་བ་བཞིན། །དེ་བཞིན་ཆོས་སྐུའི་ཡེ་ཤེས་ནི། །སྣང་བས་མེ་ལོང་ཞེས་བྱའོ། །དེ་ཉིད་གཟུགས་ཀྱི་ཕུང་པོ་དང་། །ཀུན་གཞི་དག་པའི་བདག་ཉིད་དོ། །གཉིས་པ་དེ་ཟླ་བ་ལྟ་བུར་བསྒོམ་པ་ནི་ཟླ་བ་དང་འདྲ་བའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་དང་ཁ་སྦྱོར་ལས། ཡིད་གཉིས་ཀུན་ལས་རྣམ་གྲོལ་བ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག །ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་མཚུངས་སེམས་ནི་ཟླ་བ་ཉིད། །ཅེས་དྲི་མ་དང་བྲལ་བར་འདྲ་བས་སོ། །གསུམ་པ་དེ་ཨཱ་ལི་ལས་བསྐྱེད་པ་ནི། དེ་ཉིད་སྐུའི་རྣམ་པར་འབྱུང་བ་ན་མཚན་གྱི་རྣམ་པ་སྟེ། སངས་རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨ་སོགས་གཟུགས་ཀྱིས་འཇུག་པར་འགྱུར། །ཞེས་སོ། །ཡང་མངོན་བྱང་གཉིས་པ་འདི་ལ་བཞི་ལས། དང་པོ་ཅིའི་ཕྱིར་མཉམ་པ་ཉིད་ཡིན་ཞེ་ན། ཡེ་ཤེས་གང་གིས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་བཞིན་གཤེགས་ཀུན་ཡེ་ཤེས་ཏེ། །རང་གི་དང་ནི་འགྲོ་བ་ཡི། །དངོས་ཉིད་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བྱའོ། །ཞེའོ། །ཡེ་ཤེས་དེ་ནི་ཚོར་བའི་ཕུང་པོ་དང་། ཉོན་མོངས་པ་ཅན་གྱི་ཡིད་དག་པའི་བདག་ཉིད་ཀྱི་ཕྱིར་རོ། །གཉིས་པ་དེ་ཉི་མར་བསྒོམ་པ་ནི་ཉི་མ་དང་འདྲ་བའི་ཕྱིར་ཏེ། ཉི་མས་མུན་པ་ཐམས་ཅད་མཉམ་པར་འཇོམས་པས་སམ། ཡང་ན་ཡེ་ཤེས་དེ་སེམས་ཅན་ལ་ཆགས་པས་སེམས་ཅན་འཛིན་པ་སྟེ། སྙིང་རྗེས་སྡུག་བསྔལ་ཡང་དག་འབྱུང་། །སེམས་ཅན་རྗེས་སུ་འཛིན་པའོ། །དགེ་བའི་ཆོས་ཀྱིས་ཡང་དག་གང་། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །ཞེའོ། །གསུམ་པ་ཉི་མ་འོད་དམར་པོར་བསྒོམ་པ་ནི་ཡེ་ཤེས་དེ་སེམས་ཅན་ལ་རྗེས་སུ་ཆགས་པའོ། །བཞི་པ་ཀཱ་ལིས་མཚན་པ་ནི། ཡེ་ཤེས་དེ་སྐུའི་རྣམ་པར་འབྱུང་བ་ན་དཔེ་བྱད་བརྒྱད་ཅུར་འགྱུར་བས་ཀཱ་ལི་ལས་བསྐྱེད་དེ། སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །རྣལ་འབྱོར་གྱིས་ནི་འཇུག་པར་འགྱུར། །ཞེའོ། །འོག་མ་གསུམ་ལ་གཉིས་གཉིས་ལས། དང་པོ་མངོན་བྱང་གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་ནི། རང་བཞིན་གྱིས་འོད་གསལ་བས། ཤེས་བྱ་ཐམས་ཅད་མ་འདྲེས་པར་མཁྱེན་པ་སྟེ། གདོད་ནས་དག་ཅིང་སྐྱེ་བ་མེད། །རང་བཞིན་གྱིས་ནི་འོད་གསལ་བ། །ཕན་ཚུན་ཁྱབ་པའི་ཡེ་ཤེས་པས། །སོ་སོར་རྟོག་པ་ཅན་ཞེས་བཤད། །ཅེས་སོ། །དེ་ཉིད་འདུ་ཤེས་ཀྱི་ཕུང་པོ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་ཅན་ནོ། །གཉིས་པ་དེ་ཕྱག་མཚན་དུ་བསྒོམ་པའང་འདྲ་བའི་ཕྱིར་ཏེ། བྱང་ཆུབ་སྤྱོད་དང་དེ་བཞིན་ས། །ཡེ་ཤེས་དག་པ་ཟག་པ་མེད། །དེ་ཕྱིར་དཀྱིལ་འཁོར་ནང་གནས་པ། །དེ་ཡི་ནང་གི་ཕྱག་མཚན་བརྟག །ཅེས་སོ། །མངོན་བྱང་བཞི་པ་བྱ་བ་ནན་ཏན་ནི། སངས་རྒྱས་ཀྱི་མཛད་པ་རོ་གཅིག་པ་སྟེ། ཀུན་ཏུ་ཀུན་ནས་སངས་རྒྱས་ཀྱི། །སངས་རྒྱས་མཛད་པ་ལ་འཇུག་པ། །སངས་རྒྱས་ཐམས་ཅད་མཛད་གཅིག་པས། །བྱ་བ་གྲུབ་པ་ཞེས་བཤད་དོ། །ཞེས་སོ། །དེ་ཉིད་འདུ་བྱེད་ཀྱི་ཕུང་པོ་དང་། སྒོ་ལྔའི་རྣམ་ཤེས་ཀྱི་བདག་ཉིད་དོ། །གཉིས་པ་འདྲེས་པར་བསྒོམ་པའང་འདིར་གཅིག་ཏུ་གྱུར་པ་དང་འདྲ་བས་སོ། །མངོན་བྱང་ལྔ་པ་ཆོས་ཀྱི་དབྱིངས་ལ་ཆོས་ནི་ཕུང་པོ་ལྔའི་བདག་ཉིད་དམ། སྒྲིབ་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་དག་གི་དབྱིངས་ནི་རྒྱུའོ། །དེ་གང་ཞེ་ན། རྣམ་པར་དག་པ་སྟེ། སྤྲོས་པ་དང་བྲལ་བའོ། །ཡང་ན་ཆོས་ནི་སངས་རྒྱས་ཀྱི་ཆོས་སོ། །དབྱིངས་ནི་རྒྱུའོ། །དེ་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་སྟེ། གང་ཚེ་ཉོན་མོངས་ཤེས་བྱའི་སྒྲིབ། །ཐམས་ཅད་ལས་གྲོལ་དེ་ཡི་ཚེ། །རྣལ་འབྱོར་པ་མཆོག་རྡོ་རྗེ་ཅན། །ཤིན་ཏུ་རྣམ་དག་ཅེས་བཤད་དོ། །དེ་ཉིད་རྣམ་ཤེས་ཀྱི་ཕུང་པོ་དང་། །བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །གཉིས་པ་དེ་སྐུ་རྫོགས་པ་དང་མཐུན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པ་དང་འདྲ་བས་སོ། །དེ་ལྟར་མངོན་པར་བྱང་ཆུབ་པ་ལྔ་པོ་འདིས་སྦྱང་གཞི་དང་། ལམ་དང་། འབྲས་བུ་དང་བཅས་པ་གོ་བར་བྱའོ། །ཡེ་ཤེས་ཀྱི་ངེས་ཚིག་འཕགས་པ་བྱམས་པས་བཤད་པ་ལ་སོགས་པའང་འདི་དང་དོན་འདྲའོ། །འདིར་བྲིས་པ་ནི་སངས་རྒྱས་ཀྱི་སའི་དགོངས་པ་དང་། ཡེ་ཤེས་གྲུབ་པ་ལས་གསུངས་པ་དང་། རྡོ་རྗེ་རྩེ་མོ་དང་། ཁ་སྦྱོར་ལས་གསུངས་པ་ཡིན་ནོ་ཞེས་རྗེ་བཙུན་སྐུ་མཆེད་ཀྱི་རྣམ་བཤད་གཉིས་ལས་འབྱུང་ངོ་། །གཉིས་པ་ལ་གསུམ། མངོན་བྱང་རང་གི་ངོ་བོ། དེ་ཤེས་བྱེད་དང་སྦྱར་བ། གཞན་གྱིས་བརྟགས་པའི་མཐའ་དགག་པའོ། །དང་པོ་ནི། དེ་ལྟར་མི་མཉམ་སྦྱོར་གྱི་མངོན་བྱང་ལས་གཙོ་བོ་བསྐྱེད་པ་ལྟར། མཉམ་སྦྱོར་གྱི་མངོན་བྱང་ལས་ཀྱང་གཙོ་བོ་བསྐྱེད་པར་བྱ་སྟེ། སྔར་གྱི་མི་མཉམ་སྦྱོར་དང་། མངོན་བྱང་དང་པོ་མི་འདྲ་བ་ནི་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་ཟུར་གསུམ་པར་ཨཱ་ལིས་མཚན་པ་ཡིན་པས། དང་པོ་མི་འདྲ་སྟེ། དཔལ་ཁ་སྦྱོར་ལས། གྲུ་གསུམ་རྒྱ་ཆེན་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །འདི་ཡང་ཨ་སོགས་གཟུགས་ཀྱི་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཤེལ་དང་ཟླ་བ་ལྟ་བུར་ནི། །དེ་ཡི་སྟེང་དུ་འཇུག་པར་འགྱུར། །ཞེས་བྱ་བ་དང་། གྲུ་གསུམ་དུ་བསྒོམ་པའང་། དེ་ལས་ཟླ་བའི་དཀྱིལ་འཁོར་ནི། །གྲུ་གསུམ་ཉིད་དུ་བསྒོམ་པར་བྱ། །ཞེས་སོ། །གཉིས་པའང་མི་འདྲ་སྟེ། ཀཱ་ལི་བརྒྱད་ཅུ་ལས་མཉམ་པར་སྦྱོར་བ་སྟེ། ཡང་ཟླ་བ་གྲུ་གསུམ་ཀཱ་ལིས་བརྒྱན་པའོ། །ཡང་གསུངས་པ། ཟླ་བའི་སྟེང་དུ་ཡང་ཟླ་བ། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །སངས་རྒྱས་ཡོན་ཏན་ཀ་སོགས་ཀྱི། །སྐར་མདའ་འདིར་ཡང་འཇུག་པར་འགྱུར། །ཞེས་སོ། །གསུམ་པའང་མི་འདྲ་སྟེ། དེ་ལྟ་བུའི་ཟླ་བ་གཉིས་ནི། རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན་ཏེ། བསྐྱེད་པའི་གཞིའོ་དེའི་སྟེང་དུ། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པའང་འདོད་མི་བྱ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ཧཱུྃ་གིས་མ་མཚན་པའོ། །དེ་ལྟར་ཡང་། བྱང་ཆུབ་སྤྱོད་པ་བླ་ན་མེད། །དེ་ཡི་ས་ནི་རྟོགས་པ་སྟེ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ངེས་པར་བརྟག་པར་བྱ། །ཞེས་སོ། །བཞི་པའང་མི་འདྲ་སྟེ། དེ་ལས་འོད་སྤྲོ་བ་དང་། བསྡུ་བ་བྱས་པ་ལས་གཅིག་ཏུ་གྱུར་པའོ། །ཡང་གསུངས་པ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་འོད་ཟེར་ཅན། །ཞེས་བྱ་བ་དང་། འདིས་ནི་སྔགས་ཀྱི་རྣལ་འབྱོར་གྱིས། །སྤྲོ་བ་དང་ནི་བསྡུ་བ་བྱ། །ཞེས་སོ། །ལྔ་པ་ཡང་མི་འདྲ་སྟེ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་སྟེ། སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྟེ། ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཟླ་བའི་ཁ་དོག་མཉམ་འོད་ཀྱི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་མངོན་པར་བྱང་ཆུབ་པ་ལྔ་པོ་དེ་ནི་འདི་ཡིན་ཏེ། སེམས་སོ་སོར་རྟོག་པ་དང་། དེ་གསལ་བར་བྱེད་པ་དང་། དེ་བརྟན་པར་བྱེད་པ་དང་། ཤིན་ཏུ་བརྟན་པར་བྱེད་པ་དང་། རྡོ་རྗེའི་སྐུར་གྱུར་པའོ། །དེ་ནི་ཡེ་ཤེས་ལྔར་འགྱུར་རོ། །ཞེས་བྱ་བར་དགོངས་པའོ། །ཞེས་རྗེ་བཙུན་རིན་པོ་ཆེས་གསུངས་སོ། །གཉིས་པ་ནི། དེ་ལྟ་བུའི་མངོན་བྱང་དེ་ཉིད་རྒྱུད་གང་ལས་གསུངས་སྙམ་ན། རྩ་བའི་རྒྱུད་ལས་གསུངས་ཏེ། ཇི་སྐད་དུ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པ་འདོད་མི་བྱ། །སེམས་དཔའི་གཟུགས་བརྙན་ལས་འབྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཞེས་གསལ་བར་གསུངས་ཤིང་། དེའི་དོན་རྒྱ་གར་བའི་འགྲེལ་པ་རྣམས་ལས་བཤད་པ་སྲོལ་མི་འདྲ་བ་དྲུག་ཙམ་སྣང་ཡང་། འདིར་རྗེ་བཙུན་བིརྺ་པ་ཡབ་སྲས་ཀྱི་སྲོལ་འཛིན་སློབ་དཔོན་མི་ཐུབ་ཟླ་བའི་སྔར་བཤད་པ་ལྟར་དུ་གསལ་བར་གསུངས་ཏེ། དཀའ་འགྲེལ་ཀུ་མུ་ཏི་ལས་ཇི་ལྟར་ལྷ་མོ་རྣམས་ཀྱི་རྣམ་པ་ལྔ་པོ་ངེས་པར་སྦྱོར་བ་འདི་ཉིད་ལྷན་ཅིག་སྐྱེས་པ་བཅོམ་ལྡན་འདས་ཀྱིའང་ཇི་ལྟ་བ་དེ་ལྟ་བུ་ཡིན་ནམ་ཞེ་ན། མི་འདྲ་བར་བསྟན་པའི་ཕྱིར་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་དང་ཀཱ་ལི་དག་ནི་མཉམ་པས་ཟླ་བའི་རྣམ་པ་ལས་མི་མཉམ་པ་མེད་པའི་ངོ་བོས་ཡིན་ལ། རང་གི་ས་བོན་ཡོངས་སུ་གྱུར་བའི་ཟླ་བ་ཀུན་ཏུ་སྦྱོར་བ་ནི། ཨཱ་ལི་ཀཱ་ལི་མཉམ་པར་སྦྱོར་བའོ་ཞེས་སོགས་མཉམ་སྦྱོར་གྱི་མངོན་བྱང་དུ་བསྙོན་མེད་པར་བཀྲལ་བ་ལ། སློབ་དཔོན་འདིས་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་སུ་ཡང་གསལ་བར་བཤད་པས་གཞུང་འདི་རྣམས་ལ་བརྟེན་ནས་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱིས་མཉམ་སྦྱོར་དུ་བཤད་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་རྗེ་བཙུན་ས་སྐྱ་པས་སྔར་གྱི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་སོགས་ཀྱི་གཞུང་གི་དོན་སློབ་དཔོན་ཤཱནྟི་པ་སོགས་ཀྱིས་བདག་མེད་མའི་མངོན་བྱང་གི་མཇུག་སྡུད་དུ་འཆད་པ་ལ་དགག་པ་མཛད་ཅིང་། རང་ལུགས་སྔར་བཤད་པ་ལྟར་བཞེད་པ་ལ་གནས་དྲུག་པས། གཟུ་བོར་གནས་པའི་བློས་དཔྱད་པ་ཡིན་ཟེར་ནས། རྗེ་བཙུན་གྱི་ལུགས་མི་འཐད། ཤཱནྟི་པའི་ལུགས་འཐད་པའི་སྤྲོས་པ་མང་དུ་བྲིས་པ་ལ། གནད་ཀྱི་ཟླ་ཟེར་ལས། ལུང་རིགས་ཀྱིས་སུན་ཕྱུང་ནས། རྗེ་བཙུན་མཆོག་གི་བཞེད་པ་གཞུང་འཛུགས་པར་མཛད་པ་ནི་རྣམ་བཤད་དེ་ཉིད་དུ་བལྟ་བར་བྱའོ། །གསུམ་པ་ནི། དེ་ལ་མཉམ་སྦྱོར་མི་མཉམ་སྦྱོར་གཉིས་གང་རུང་ཅིག་བསྟན་པས་ཆོག་མོད། གཉིས་ཀ་བསྟན་དགོས་པའི་རྒྱུ་མཚན་ཅི་ཞེ་ན། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཐིག་ལེའི་རིམ་ཕྱིར་ལུགས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་ཡས་ཕྱིར། །ཞེས་གསུངས་ཏེ། འདི་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྤྱིར་ཆོས་ཐམས་ཅད་རྒྱུ་ལམ་འབྲས་བུ་གསུམ་དུ་འདུ་བའི་ཕྱིར། འདིར་ཡང་དེ་གསུམ་དུ་འདུ་བར་བསྟན་ཏོ། །དེའང་གཞུང་ལས། ཐོག་མར་འབྲས་བུ་ནས་བསྟན་ཀྱང་། འདིར་བཤད་བདེ་བས་རྒྱུ་འབྲས་གོ་རིམ་བཞིན་དུ་བརྗོད་ན། ལུས་སེམས་ཕྱིར་ཞེས་པས་རྒྱུ་རྒྱུད་བསྟན། རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར་དང་། ཐིག་ལེའི་རིམ་ཕྱིར་དང་། དབང་ཕྱིར་རྣམས་ཀྱིས་ལམ་བསྟན། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར་གྱིས་འབྲས་བུ་བསྟན། དགོས་པ་བསམ་ཡས་ཕྱིར་གྱིས་མཇུག་བསྡུ་བའི་ཚུལ་གྱིས་རྒྱུ་འབྲས་གསུམ་ཀ་བསྟན་ནོ། །གཉིས་པ་ལ་གསུམ་སྟེ། སྦྱང་གཞིའི་རྒྱུའི་རྒྱུད་དང་། སྦྱོང་བྱེད་ཐབས་ཀྱི་རྒྱུད་དང་། གྲུབ་པ་འབྲས་བུའི་རྒྱུད་ལ་སྦྱར་ནས་བཤད་པའོ། །དང་པོ་ནི། ལུས་སེམས་ཕྱིར་ཞེས་པ་སྟེ། ལུས་ནི་ལས་ཀྱི་དབང་གིས་བགོས་པའི་བག་ཆགས་ཀྱིས་རྐྱེན་བྱས་ནས། འབྱུང་བ་ལྔ་དང་། ཉོན་མོངས་པ་ལྔ་ལ་སོགས་པ་ལས་སྐྱེ་བ་དང་། འགའ་ཞིག་སྨོན་ལམ་གྱི་དབང་གི་སྐྱེ་བ་ཡང་ཡོད་ལ། སྦྱང་གཞི་དེའི་གཉེན་པོར་མི་མཉམ་སྦྱོར་གྱི་མངོན་བྱང་གསུངས་ཏེ། དེའང་རྒྱུ་དུས་སུ་ལུས་གྲུབ་པ་ན་ཕ་མའི་བྱང་སེམས་དཀར་དམར་གཉིས་ཚོགས་པས་ན། མངོན་བྱང་ལ་ཡང་ཟླ་བ་དང་། ཉི་མ་བར་དོའི་རྣམ་ཤེས་འོངས་ཏེ། ཁམས་གཉིས་ཀྱི་བར་དུ་གནས་པ་ནི་ཉི་ཟླའི་བར་དུ་ས་བོན་དང་ཕྱག་མཚན། དེ་ལས་མངལ་གྱི་གནས་སྐབས་བཅུར་ལུས་གྲུབ་པ་ནི། མངོན་བྱང་དང་པོ་གསུམ་རོ་གཅིག་ཏུ་འདྲེས་པ། དེ་ལས་མིའི་ལུས་གྲུབ་པ་ནི་ལྷའི་སྐུ་བསྐྱེད་པ་སྟེ། མདོར་ན་མི་མཉམ་སྦྱོར་ལས་བསྐྱེད་པ་ནི། ལུས་གྲུབ་པ་དང་ཆོས་མཚུངས་སོ། །སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ཆོས་ཀྱི་སྐུའི་རང་བཞིན་ཡིན་ལ། སྦྱང་གཞི་དེའི་གཉེན་པོར་མཉམ་སྦྱོར་གྱི་མངོན་བྱང་གསུངས་ཏེ། དེ་ཡང་སེམས་ཉིད་རང་རིག་པ་ཙམ་དུ་གནས་པ་ནི་ཟླ་བ་དང་པོ། དེ་གསལ་བར་རྟོགས་པ་ནི་ཟླ་བ་གཉིས་པ། དེ་གཉིས་ཀྱི་ངོ་བོ་སྟོང་ཉིད་དུ་གནས་པ་ནི་ཟླ་བ་གཉིས་ཀྱི་སྟེང་དུ་རྡོ་རྗེ། གསལ་སྟོང་ཟུང་འཇུག་དེས་འཁོར་འདས་གཉིས་ཀྱི་རྒྱུ་བྱེད་པ་ནི་འོད་ཟེར་གྱི་སྤྲོ་བསྡུ་དང་བཅས་པ། ལམ་གྱིས་སྦྱངས་པས་སྤྲོས་བྲལ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ནི་ལྷའི་སྐུ་བསྐྱེད་པའོ། །དེ་ཡང་ཇི་སྐད་དུ། ལུས་ནི་འབྱུང་བ་བཞི་ལ་སོགས། །ལས་དང་ཉོན་མོངས་སོགས་ལས་གྲུབ། །སེམས་ནི་རང་བཞིན་ཆོས་ཉིད་དེ། །འོད་གསལ་བར་ནི་གྲུབ་པ་འོ། །མི་མཉམ་མཉམ་པས་མཚོན་པར་གསལ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། སྨིན་བྱེད་དབང་དང་། གྲོལ་བྱེད་ལམ་ལ་སྦྱར་བའོ། །དང་པོ་ནི། མཉམ་སྦྱོར་གྱིས་གསང་དབང་མཚོན་ལ། མི་མཉམ་སྦྱོར་གྱི་ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་ཏེ། རྗེ་བཙུན་གྱིས་དེ་ལ་གསང་དབང་གི་དུས་སུ་སློབ་མ་ལ་རྣམ་པར་རྟོག་པའི་གྲྭ་དང་བཅས་པས་ཟུར་གསུམ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དུས་སུ་མི་རྟོག་པས་ཟླུམ་པོའོ། །གསང་དབང་ལ་གཉིས་ཀའི་བྱང་ཆུབ་ཀྱི་སེམས་དཀར་བ་དང་ལྡན་པས་ན་གཉིས་ཀའང་ཟླ་བའོ། །ཤེས་རབ་ཡེ་ཤེས་ཀྱི་ཤེས་རབ་ཉི་མ་ལྟར་དམར་ཞིང་ཐབས་དཀར་བས་ན་ཟླ་བ་དང་ཉི་མའོ། །གསང་དབང་གི་བྱང་ཆུབ་ཀྱི་སེམས་ནི། མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་ཁར་ནི་བཏུང་བར་བྱ། །ཞེས་འབྱུང་བས་ན་མི་འགེགས་པས་ཧཱུྃ་ཕཊ་མེད་པའོ། །ཤེས་རབ་ཡེ་ཤེས་འགེགས་པས་ན་ས་བོན་ཡོད་པའོ། །གསང་དབང་གི་ཐིག་ལེ་སྤྲོ་བས་ན་འོད་སྤྲོ་བའོ། །ཤེས་རབ་ཡེ་ཤེས་འཛིན་པས་ན་འོད་མི་སྤྲོ་བའོ། །གསང་དབང་གི་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་བརྟན་པས་སམ། རང་བཞིན་བརྒྱད་ཅུའི་རྟོག་པའི་དྲི་མ་དང་བྲལ་བས་དཀར་བའོ། །ཤེས་རབ་ཡེ་ཤེས་ཀྱི་བདེ་བ་ནི་བདེ་བ་གནག་ཅིང་ཞེས་པ་ལ་སོགས་པས་དཀར་བ་མ་ཡིན་པའོ་ཞེས་བྱ་བ་ལ་དགོངས་པའོ་ཞེས་གསུང་ཞིང་། རྗེ་བཙུན་རྩེ་མོས་ཀྱང་དེ་བཞིན་དུ་བཤད་དོ། །འདིར་གཉིས་ཀའི་བྱང་སེམས་དཀར་བ་ཞེས་པའི་དོན་ལ། ཁ་ཅིག་ཡུམ་ལ་དཀར་ཆ་ཡོད་པས་དེ་ཡང་ཕྱུང་བས་ན་གཉིས་ཀའི་དཀར་པོའོ་ཞེས་དང་། ལ་ལ་དག་ཡབ་ཀྱི་བྱང་སེམས་ལས་ཡུམ་གྱི་དམར་ཆ་མངོན་དུ་མི་བྱེད་པས་གཉིས་ཀ་དཀར་པོ་ཞེས་དང་། གཞན་དག་ཡུམ་ལ་དམར་ཆ་ཡོད་ཀྱང་རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བའི་ཆ་ནས་དཀར་པོར་བཞག་པས་གཉིས་ཀ་དཀར་པོ་ཞེས་དང་། འགའ་ཞིག་སློབ་མའི་གཞིར་གནས་ཀྱི་བྱང་སེམས་ཀྱི་སྟེང་དུ་སློབ་དཔོན་གྱིས་ཕྱུང་བའི་བྱང་སེམས་བླུགས་པས་གཉིས་ཀ་དཀར་པོའོ་ཞེས་འདོད་དོ། །དེ་ལ་ཕྱོགས་དང་པོ་མི་འཐད་དེ། སྙོམས་འཇུག་གི་ཚེ་ཡུམ་གྱི་དཀར་ཆ་བབས་ན་དེ་འཆི་ལྟས་སུ་བདེ་མཆོག་སྡོམ་འབྱུང་དང་། དུས་འཁོར་དུ་བཤད་པ་དང་། གསང་དབང་གི་ཚེ་ཡུམ་ལ་དཀར་ཆ་བབས་པའང་ད་དུང་བསྒྲུབ་བྱར་འདུག་པའི་ཕྱིར་རོ། །གཉིས་པའང་མི་འཐད་དེ། དེའི་ཚེ་དམར་ཆ་མངོན་དུ་མི་བྱེད་ན་དགའ་བོ་མངལ་འཇུག་གི་མདོ་ལས། མ་ནད་པར་གྱུར་པ་དང་། ཆགས་པའི་སེམས་མེད་ན་དམར་ཆ་མི་འབབ་ལ། གཞན་སྙོམས་པར་འཇུག་རེས་ཀྱིས་འབབ་པར་བཤད་པ་ལས། འདིར་གསང་དབང་གི་རྟེན་དུ་རིག་མ་ནད་ཀྱིས་བཏབ་པ་མི་དགོས་ཏེ། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་ཆགས་པའི་སེམས་མེད་པའང་མི་དགོས་ཏེ། ལམ་འབྲས་ལས། གཉིས་ཀ་འདོད་པ་མཉམ་པར་དགོས་པར་བཤད་པའི་ཕྱིར་རོ། །གསུམ་པའང་མི་འཐད་དེ། གསང་དབང་ཐོབ་ནས་རང་བཞིན་བརྒྱད་ཅུའི་ཀུན་རྟོགས་དང་བྲལ་བ་ཡིན་ཀྱང་། འདིར་དེའི་བྲལ་ཆ་ནས་དཀར་པོར་འཇོག་པ་མི་འཐད་དེ། གསང་དབང་མ་ཐོབ་པའི་ཕྱིར་དང་། རྟོག་པའི་གྲྭ་ཟུར་ཅན་དུ་གསུངས་པའི་ཕྱིར་རོ། །བཞི་པ་མི་འཐད་དེ། རྗེ་བཙུན་རྩེ་མོས། གསང་དབང་གི་ཐབས་ཤེས་རབ་གཉིས་ཀའི་བྱང་སེམས་ཟླ་བ་ལྟར་དཀར་བས་ཟླ་བ་གཉིས་སོ་ཞེས་གཉིས་ཀའི་དོན་ཡབ་ཡུམ་ལ་ངོས་གཟུང་གི དཔོན་སློབ་ལ་མ་བཤད་པའི་ཕྱིར་རོ། །དེས་ན་ལུགས་དེ་རྣམས་ནི་མི་འཐད་པ་ཁོ་ན་ཡིན་ནོ། །བླ་མ་མཁས་པ་དག་གསང་དབང་བསྐུར་བའི་ཕྱིར་སློབ་དཔོན་ཡབ་ཡུམ་སྙོམས་པར་ཞུགས་ནས། ཡབ་ཀྱི་བྱང་སེམས་བབས་པའི་དྲོད་ཉམས་པར་བྱས་པ་དེ་ཉིད་ཡུམ་གྱི་བྷ་གར་བཞག་པ་དེས་སློབ་མ་ལ་དབང་བསྐུར་བ་ཡིན་ཏེ། དེས་ན་ཡབ་ཀྱི་བྱང་སེམས་དེ་ཉིད་ཡུམ་གྱི་བྷ་ག་ནས་ལེན་པའི་ཕྱིར། གཉིས་ཀའི་བྱང་སེམས་དཀར་བའོ་ཞེས་པའི་ཐ་སྙད་མཛད་པ་སྟེ། དཔེར་ན་མཎྜལ་གྱི་སྟེང་གི་ནས་ལ་མཎྜལ་གྱི་ནས་ཞེས་བརྟེན་པ་ལ། རྟེན་གྱི་མིང་བཏགས་པ་ལྟ་བུའོ་ཞེས་གསུངས་པ་ལའང་རྗེ་བཙུན་ཡབ་ལས་ཐོབ་པ་ལ་གཉིས་ཀའི་བྱང་སེམས་ཀྱི་དོན་མ་ཚང་བའི་སྐྱོན་ཡོད་པ་འདྲའོ། །དེས་ན་དོན་འདི་ཡིན་ཏེ། སཾ་པུ་ཊི་ལས། སིཧླ་ག་པུར་བགོས་པ་ནི། །ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཞེས་པའི་འགྲེལ་པར། རྗེ་བཙུན་རྩེ་མོས། སིཧླ་ཞེས་བྱ་བ་ལ་སོགས་པས་ནི་བསྟེན་པའི་ཚད་བསྟན་ཏེ། གསང་བའི་དབང་བསྐུར་བ་ལ་གཉིས་ཀའི་བྱང་ཆུབ་ཀྱི་སེམས་དགོས་པའི་ཕྱིར་ཞེས་གསུངས་པས། གསང་དབང་གི་རྟེན་ཚད་ནི། ཡབ་ཀྱི་རྡོ་རྗེ་ཇི་སྲིད་ཁུ་བ་ལྡན་ལྡན་གྱི་བར་བསྟེན། ཁུ་བ་དེ་ཡང་ཡབ་ཀྱི་རྡོ་རྗེ་དང་མ་བྲལ་བའི་ཚེ། ཡུམ་གྱིས་སིཧླ་ལས་ཅུང་ཟད་བགོས་པས་གཉིས་ཀའི་བྱང་སེམས་དཀར་དམར་ཚང་ཡང་། ཁ་དོག་གཞན་དུ་བསྒྱུར་བར་མ་ནུས་པས་དཀར་པོར་གནས་པའོ། །དེ་ཉིད་ཡབ་ཀྱི་རྡོ་རྗེས་འགྲིམ་ན་ཡབ་ལས་ཐོབ་པ་དང་། ཡུམ་གྱི་མཁར་ཕབ་ནས་འགྲིམ་པ་ཡུམ་ལས་ཐོབ་པ་དང་། ཉ་ཕྱིས་སོགས་སུ་བླུགས་ནས་སྟེར་ན་གྲོལ་བའི་སྟོབས་ལས་ཐོབ་པར་འཇོག་གོ །གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་བསྟེན་ཚད་མི་འདྲ་བའི་ཁྱད་པར་ནི། རྒྱུད་ཡེ་ཤེས་སྙིང་པོར། གསང་བའི་དབང་ནི་སྐྱེ་མཆེད་ཀྱི་ལོ་དང་ལྡན་པའི་གཞོན་ནུ་མ་ལ་ནང་གི་རྐན་ཡོངས་སུ་གཞིབས་པ་ལས་སོ། །ཤེས་རབ་ཡེ་ཤེས་ནི་ཁམས་ཀྱི་ལོ་དང་ལྡན་པའི་གཞོན་ནུ་མ་ལ་ལྷན་ཅིག་བསྲུབ་པ་དང་། བསྲུབ་པའི་ཐབས་ཆེན་པོ་ལས་ཞུ་བ་འཕོ་བའི་དུས་སུ་ཉམས་སུ་མྱོང་བས་སོ་ཞེས་གསུངས་པ་ལྟར་རོ། །བསྟེན་ཚད་མི་འདྲ་བས་བྱང་སེམས་འབབ་ཚུལ་ཡང་མི་འདྲ་སྟེ། གསང་དབང་གི་འབབ་ཚུལ་ནི་སྔར་བཤད་པ་ལྟར་ཡིན་ལ། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་རྗེ་བཙུན་གྱིས་མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བའི་མན་ངག་ལས། དེ་ལྟ་བུའི་བདེ་ཆེན་གྱི་མེས་ཡབ་ཀྱི་ཁམས་དྭངས་མ་ཞུ་ནས་དབུ་མའི་ལམ་ནས་བྱོན་ཏེ། ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་རིགས་ཀྱི་བདག་པོའི་ཁར་བབ། ཡུམ་གྱི་ཁམས་དྭངས་མ་བཞུ་ནས་མར་དབུ་མའི་ལམ་ནས་བྱོན་ཏེ་ཐིག་ལེ་དམར་པོར་མཛེས་སྤྱིར་དབབ། དེ་ནས་ཐིག་ལེ་དཀར་དམར་གཉིས་སྙོམས་འཇུག་བྱས་པས་གཅིག་ཏུ་གྱུར་པ་ནི། ཟླ་བ་ཉི་མའི་གོས་ཀྱིས་བཀག་པ་ཞེས་ཀྱང་བྱ། ཉི་ཟླ་གཟས་ཟིན་པའི་དུས་ཞེས་ཀྱང་བྱ་སྟེ། སེམས་ཀྱི་གནད་དོ་ཞེས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། དེ་ཉིད་རྫོགས་རིམ་ལ་སྦྱར་བའོ། །དང་པོ་ནི། ཐིག་ལེའི་རིམ་ཕྱིར་ཞེས་ཏེ། དེ་ལྟར་དབང་དང་། སྦྱང་གཞིའི་དབང་གིས་བསྐྱེད་རིམ་ལ་ཡང་མཉམ་སྦྱོར། མི་ཉམས་སྦྱོར་གཉིས་གྲུབ་པ་ཡིན་ཏེ། དེ་ཡང་མངལ་དུ་མ་ཞུགས་པར་ཕའི་བྱང་སེམས་ལས་བུ་ཚའི་ལུས་གྲུབ་པ་ཡང་ཡོད་ལ། དེ་དང་སྒོ་བསྟུན་ནས་མཉམ་སྦྱོར་བསྟན་ནོ། །འོན་ཀྱང་བུ་མོ་བསྐྱེད་པ་མི་སྲིད་པའི་ཕྱིར་ཡུམ་གྱི་དཀྱིལ་འཁོར་མཉམ་སྦྱོར་ལས་བསྐྱེད་པ་མ་གསུངས་པ་ཡིན་ཏེ། ཐིག་ལེའི་རིམ་པ་ཐབས་ཕྱོགས་ལ། །ཟག་བཅས་བདེ་བ་བསྐྱེད་པ་ལ། །གཞན་ལ་རག་ལས་མེད་པའང་སྲིད། །ཕ་ཡི་བྱང་སེམས་རྐྱང་པ་ལས། །བུ་ཚའི་ཕུང་ཁམས་བསྐྱེད་པའང་སྲིད། །འོན་ཀྱང་བུ་མོ་སྐྱེད་མི་སྲིད། །ཡབ་ཀྱི་ཕྱོགས་ལས་གཉིས་བྱུང་བའི། །དེས་ན་མཉམ་སྦྱོར་བསྐྱེད་ཆོག་བསྟན། །ཤེས་རབ་ཟག་མེད་བསྐྱེད་པའམ། །ཟུང་འཇུག་མེད་ན་མི་འབྱུང་བས། །མ་ཡི་ཁམས་ནི་རྐྱང་པ་ལས། །བུ་ཚ་བསྐྱེད་པ་མི་སྲིད་དོ། །དེས་ན་ཡུམ་གྱི་ཕྱོགས་ལ་ནི། །མཉམ་སྦྱོར་ཆོ་ག་མ་བསྟན་ནོ། །ཞེས་གསུངས་སོ། །དེས་ན་སྐྱེས་པ་ལ་བུད་མེད་ལ་ལྟོས་པ་དང་། མ་ལྟོས་ཀྱང་འཛག་བདེ་ཉམས་སུ་མྱོང་རྒྱུ་ཡོད་པའི་ཕྱིར། ཡབ་ཀྱི་དཀྱིལ་འཁོར་ལ་མཉམ་སྦྱོར་དང་། མི་མཉམ་སྦྱོར་གཉིས་ཀ་བསྟན་ལ། བུད་མེད་སྐྱེས་པ་ལ་མ་ལྟོས་པའི་འཛག་བདེ་ཉམས་སུ་མྱོང་རྒྱུ་མེད་པའི་ཕྱིར། ཡུམ་གྱི་དཀྱིལ་འཁོར་ལ་མཉམ་སྦྱོར་མ་གསུངས་པ་ཡིན་ནོ། །གཉིས་པ་ལ་གཉིས། རང་བྱིན་རླབས་དང་། དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བའོ། །དང་པོ་ནི། རང་བཞིན་གྱིས་དག་རྒྱུ་ཞེས་ཏེ། བསྐྱེད་རིམ་སྔོན་དུ་སོང་ནས་རྫོགས་རིམ་རང་བྱིན་རླབས་བསྒོམ་པ་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ་དག་པར་ཤེས་པས་གཉིས་ཀ་ཟླ་བར་བསྒོམ་པའི་དུས་སུ་འཁོར་ལོ་བཞི་གསལ་བཏབ་ནས། གཏུམ་མོའི་མེ་སྦར་བས་ལྟེ་བ་དང་སྤྱི་བོའི་འཁོར་ལོ་བཞུ་བཏུལ་མེད་པས་ཟླ་བ་གཉིས་ལ་ཨཱ་ལི་ཀཱ་ལིས་མཚན་པ། སྙིང་ག་དང་མགྲིན་པའི་འཁོར་ལོའི་ཡི་གེ་རྣམས་བསྲེགས་པས་ས་བོན་གྱིས་མ་མཚན་པ། མེ་དེས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པས་འོད་ཟེར་གྱི་སྤྲོ་བསྡུ་བྱེད་པ། སྤྱི་བོའི་ཧྃ་ལས་བྱང་སེམས་ཟླ་བ་ལྟར་དཀར་བ་བབས་པས་ཁ་དོག་དཀར་པོ། རང་བྱུང་གི་ཡེ་ཤེས་དེ་མཚན་རྟོག་གིས་མི་ཕྱེད་པས་མངོན་བྱང་གསུམ་པ་རྡོ་རྗེ་བསྒོམ་པ་སྟེ། རང་བཞིན་གྱིས་དག་ཐབས་རྒྱུད་དེ། །ཆོས་རྣམས་རང་བཞིན་སྤྲོས་བྲལ་ལས། །ལམ་དུ་བསྒོམ་པའི་ཉམས་མྱོང་གིས། །དག་ལ་དག་པར་ཤེས་པ་དང་། །འཁོར་ལོ་བཞི་རྫོགས་འབར་འཛག་གི །དུས་སུ་ལྟེ་བ་བདེ་ཆེན་ལ། །ཡི་གེ་རྫོགས་པར་དགོད་པ་དང་། །བཞུ་བཏུལ་མེད་པར་གསལ་བས་ན། །ཟླ་བ་ཨཱ་ལི་ཀཱ་ལིས་མཚན། །མེ་སྦར་སྙིང་མགྲིན་ཡི་གེ་རྣམས། །བསྲེགས་པས་ཕྱག་མཚན་ས་བོན་མེད། །ཕྱོགས་བཅུའི་དེ་བཞིན་གཤེགས་སྐུ་ལ། །འགྲོ་འོང་བྱེད་པས་འོད་ཟེར་སྤྲོ། །བྱང་སེམས་ཟླ་བའི་རྣམ་པར་འབབ། །དེ་ཕྱིར་སྐུ་མདོག་དཀར་པོར་ངེས། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །མཚན་རྟོག་གིས་ནི་མི་ཕྱེད་པས། །མངོན་བྱང་གསུམ་པ་རྡོ་རྗེར་ངེས། །རང་བཞིན་གྱིས་དག་མཉམ་སྦྱོར་རྒྱུའོ། །ཞེས་སོ། །གཉིས་པ་ནི་འབྲས་ཕྱིར་ཞེས་པ་སྟེ། རང་བྱིན་རླབས་སྔོན་དུ་སོང་བས་ཐིག་ལེ་ལ་དབང་ཐོབ་པར་བྱས་ནས། འབྲས་བུ་ཕོ་ཉའི་ལམ་བསྒོམ་པ་ན་སྒྲུབ་པ་པོའི་ཐིག་ལེ་དཀར་པོ་དང་། ཕྱག་རྒྱའི་རཀྟ་དམར་པོ་བབས་པས་ཟླ་བ་དང་ཉི་མ། དེ་རྡོ་རྗེ་དང་པདྨའི་རྩ་སྒོར་འབེབས་པས་ཨཱ་ལི་ཀཱ་ལིས་མ་མཚན་པ། ཕྱིར་འཕོ་བ་བཀག་ནས་གྱེན་དུ་འདྲེན་པས་ཕྱག་མཚན་ལ་ས་བོན་གྱིས་མཚན་པ། ཁམས་གཉིས་པོ་ཡབ་ཡུམ་གྱི་རང་གནས་སུ་འཇོག་པས་འོད་ཟེར་གྱི་སྤྲོ་བསྡུ་མེད་པ། དེ་ལས་སྐྱེས་པའི་ཡེ་ཤེས་ཀྱང་སྣ་ཚོགས་སུ་སྐྱེ་བས་སྐུ་མདོག་ཀྱང་སྣ་ཚོགས་སུ་བསྒོམ་པ་སྟེ། འབྲས་བུ་ཞེས་བྱ་ཕོ་ཉ་ཡི། །ལམ་ལ་གནས་སྐབས་གསུམ་ཀ་རུ། །ཐིག་ལེ་དཀར་དམར་གཉིས་ལ་བརྟེན། །དགོས་པའི་ཕྱིར་ན་ཉི་ཟླར་ངེས། །དེའང་རྩ་སྒོར་འབེབས་མཚོན་པས། །ཨཱ་ལི་ཀཱ་ལིས་མ་མཚན་ནོ། །འགྱུར་བ་བཀག་ནས་ཡར་འདྲེན་པས། །ཕྱག་མཚན་ས་བོན་གྱིས་མཚན་ཏེ། །ཁམས་གཉིས་རང་སར་འཇོག་པའི་ཕྱིར། །འོད་ཟེར་གྱི་ནི་སྤྲོ་བསྡུ་མེད། །དེ་ལས་སྐྱེས་པའི་ཡེ་ཤེས་ཀྱང་། །བདེ་བ་གནག་ཅིང་བདེ་བ་སེར། །ཞེས་སོགས་སྣ་ཚོགས་སུ་སྐྱེ་བས། །སྐུ་མདོག་རྣམས་ལ་མ་ངེས་སོ། །ཉེ་རྒྱུའི་བསྒོམ་ཚུལ་དེ་ལྟ་བུས། །འབྲས་བུ་ལ་ནི་ཉེ་བའི་ཕྱིར། །འབྲས་བུ་ཞེས་ནི་བསྟེན་པ་ཡིན། །ཞེས་སོ། །གསུམ་པ་ལ་གསུམ། མཉམ་སྦྱོར་དབྱིངས་ཀྱི་བཤད་པ། མི་མཉམ་སྦྱོར་ཡེ་ཤེས་ཀྱི་བཤད་པ། རྒྱས་གདབ་ཀྱི་དེ་གཉིས་ཀ་བཤད་པའོ། །དང་པོ་ནི་དབྱིངས་དང་ཡེ་ཤེས་ཏེ། དབྱིངས་རང་བཞིན་གྱིས་དག་པ་དང་། སྤང་བྱ་གློ་བུར་གྱི་དྲི་མ་དག་པས་ན་གཉིས་ཀ་ཟླ་བ། དེ་རྣམ་ཐར་སྒོ་གསུམ་མཚོན་པས་ཟུར་གསུམ། དོན་ཐབས་ཤེས་ཟུང་དུ་འཇུག་པས་ཨཱ་ལི་དང་ཀཱ་ལིས་མཚན་པ། དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ་ས་བཅུ་པས་ཀྱང་རྟོགས་པར་དཀའ་བས་མངོན་བྱང་གསུམ་པ་རྡོ་རྗེ། དེ་རིགས་ལྔ་དང་ཡེ་ཤེས་ལྔའི་ཚུལ་དུ་སྣང་བས་རྩེ་ལྔ་པ། ངོ་བོ་སྤྲོས་པ་དང་བྲལ་ཞིང་སྐྱེད་བྱེད་གཞན་མེད་པས་རྡོ་རྗེ་ལ་ས་བོན་གྱིས་མ་མཚན་པ། ཆོས་ཀྱི་སྐུ་དེ་ལས་གཟུགས་ཀྱི་སྐུ་གཉིས་འཕྲོ་ཞིང་རྟེན་བྱེད་པས་རྡོ་རྗེ་ལས་འོད་ཟེར་གྱི་སྤྲོ་བསྡུ་ཡོད་པ། ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བས་སྐུ་མདོག་དཀར་པོ་སྟེ། ཇི་སྐད་དུ། དབྱིངས་ནི་རང་བཞིན་རྣམ་དག་དང་། །སྤང་བྱ་གློ་བུར་རྣམ་དག་ལ། །དག་པ་གཉིས་ལྡན་ཆོས་སྐུ་སྟེ། །ཤིན་ཏུ་རྣམ་དག་ཟབ་པའི་ཕྱིར། །ས་བཅུ་པས་ཀྱང་རྟོགས་དཀའ་བས། །མཚོན་བྱེད་རྡོ་རྗེ་རྩེ་ལྔ་པ། །རིགས་ལྔ་ཡེ་ཤེས་ལྔར་སྣང་ཡང་། །ངོ་བོ་ཆོས་སྐུ་སྤྲོས་དང་བྲལ། །ཐོག་མ་ཐ་མ་མེད་པའི་མཆོག །དེ་ལ་སྐྱེད་བྱེད་གཞན་མེད་པས། །ཕྱག་མཚན་ས་བོན་མ་མཚན་ལ། །དེ་ཡང་སྐུ་གཉིས་རྟེན་བྱེད་པས། །འོད་ཟེར་སྤྲོ་དང་བསྡུ་བའོ། །རང་བཞིན་འོད་གསལ་གཞིར་གྱུར་པས། །སྐུ་མདོག་དཀར་པོར་ངེས་པ་ཡིན། །ཐབས་ཤེས་ཟུང་དུ་འཇུག་པའི་ཕྱིར། །ཨཱ་དང་ཀཱ་སོགས་མཚན་པ་དང་། །ཡབ་ཀྱི་རྣམ་པར་ངེས་པའོ། །གཉིས་པ་ནི་ཡེ་ཤེས་ཞེས་བྱ་སྟེ། རྒྱུ་དུས་ཀྱི་ཕུང་པོ་ལྔ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ལྔའི་རང་བཞིན་དེ་ཉིད་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པས་མངོན་བྱང་དང་པོ་གཉིས་ཟླ་བ་དང་ཉི་མ་ཁ་སྦྱར་བ། དེའི་སྤྲུལ་སྐུས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་མངོན་བྱང་གསུམ་པ་རྡོ་རྗེར་མ་ངེས་ཤིང་ཐོད་པ་དང་། སྣ་ཚོགས་རྡོ་རྗེ་དང་། གྲི་གུག་སོགས་ཀྱི་ཕྱག་མཚན་ཡོད་པ། ལོངས་སྐུ་ས་བདུན་མན་ཆད་ལ་སྦས་པས་ཕྱག་མཚན་ལ་ས་བོན་གྱིས་མཚན་པ། སྤྲུལ་སྐུ་མཆོག་འབྲིང་ཐ་མ་གསུམ་ལས་གཞན་མི་སྤྲོ་བས་འོད་ཟེར་གྱི་སྤྲོ་བསྡུ་མེད་པ། ལོངས་སྐུ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་སྐུ་མདོག་དཀར་པོ་ཁོ་ནར་མ་ངེས་ཀྱི་ནག་པོ་དང་སེར་པོ་ལ་སོགས་པ་སྣ་ཚོགས་པའོ། །དེའང་ཇི་སྐད་དུ། ཡེ་ཤེས་རྒྱུ་དུས་ཕུང་པོ་ལྔ། །གནས་གྱུར་ལོངས་སྤྱོད་རྫོགས་པའི་སྐུ། །ཡེ་ཤེས་ལྔ་ཡི་ངོ་བོ་དེ། །ཡབ་ཡུམ་ཞལ་སྦྱོར་དུ་སྣང་བས། །ཉི་ཟླ་གཉིས་སུ་ངེས་པ་ཡིན། །སྤྲུལ་སྐུ་སེམས་ཅན་སྣ་ཚོགས་ཀྱི། །དོན་མཛད་རྡོ་རྗེར་མ་ངེས་སོ། །ལོངས་སྐུ་ས་བདུན་མན་ཆད་ལ། །སྦས་པ་མཚོན་པས་ཕྱག་མཚན་ལ། །ས་བོན་གྱིས་ནི་མཚན་པ་འོ། །སྤྲུལ་སྐུ་རིགས་གསུམ་ལས་གཞན་མེད། །དེས་ན་འོད་ཟེར་སྤྲོ་བསྡུ་མེད། །ཉི་ཟླ་ཟུང་འཇུག་ཐབས་ཤེས་ཡིན། །དེས་ན་སྐུ་མདོག་རྣམ་པ་སོགས། །གཅིག་པ་ཁོ་ནར་མ་ངེས་སོ། །ཞེས་སོ། །གསུམ་པ་ནི། འབྲས་བུ་ཆོས་ཀྱི་སྐུ་དང་། གཟུགས་སྐུ་གཉིས་དབྱེར་མེད་དུ་གནས་པ་ནི་རྒྱས་གདབ་པའི་དོན་ཏེ། ཇི་སྐད་དུ། རྒྱས་གདབ་སྐུ་གསུམ་དབྱེར་མེད་དོ། །ཞེས་སོ། །འདི་དག་གི་དོན་གཞན་ཡང་མང་དུ་ཡོད་མོད། འདིར་དེ་ཙམ་ཞིག་གིས་ཆོག་པས་མ་བཤད་ལ། འདིར་བྲིས་པའི་མན་ངག་གི་བཤད་པ་འདི་ནི་དཔལ་ལྡན་ས་སྐྱ་པཎྜི་ཏའི་སྲས་ཀྱི་ཐུ་བོ། གྲུབ་ཐོབ་ཡོན་ཏན་དཔལ་གྱི་དངོས་སློབ་བློ་གྲོས་དཔལ་གྱིས་བཤད་པ་བཞིན་བྲིས་པ་ཡིན་གསུང་ངོ་། །མདོར་ན། རྒྱུ་དུས་ཀྱི་ལུས་སེམས་གཉིས་མངོན་བྱང་ལྔའི་ཚུལ་དུ་རང་གྲུབ་ཏུ་ཡོད་པ་ནི་སྦྱང་གཞི་ཡིན་ལ། དེ་ལ་གསང་དབང་དང་། ཤེས་རབ་ཡེ་ཤེས་གཉིས་མངོན་བྱང་ལྔའི་ཚུལ་དུ་བསྐུར་བ་ནི་སྨིན་བྱེད་ཡིན་ཞིང་། དེ་ཉིད་བསྐྱེད་རིམ་གྱི་མངོན་བྱང་ལྔ་རྟེན་དུ་བྱས་ནས། རྫོགས་རིམ་རང་བྱིན་རླབས་དང་། དཀྱིལ་འཁོར་འཁོར་ལོ་མངོན་བྱང་ལྔའི་ཚུལ་དུ་བསྒོམས་པས་འབྲས་བུ་ཡེ་ཤེས་ལྔ་མངོན་དུ་གྱུར་ནས་འཚང་རྒྱ་བ་ཡིན་པས། འདི་རྣམས་རྒྱུ་འབྲས་སུ་འགྲོ་བའི་བཤད་པ་ཤེས་དགོས་ཀྱི། མཚོན་དོན་བསྒྲིགས་པ་ཙམ་གྱི་བཤད་པ་ལ་སྙིང་པོ་མེད་དོ། །ཡང་མཉམ་སྦྱོར་དང་། མི་མཉམ་སྦྱོར་གཉིས་ཀྱིས་ལུས་སེམས་གཉིས་སྦྱོང་ཞིང་འབྲས་བུ་སྐུ་གཉིས་སོགས་འགྲུབ་པར་བཤད་པ་ནི། གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། རེ་རེས་སྦྱང་གཞི་ཐམས་ཅད་སྦྱོང་བ་དང་། འབྲས་བུ་གཉིས་ཀ་འགྲུབ་མི་ནུས་པ་མ་ཡིན་ནོ། །དེ་ལྟར་ན་མན་ངག་ལུགས་ཀྱི་མངོན་པར་རྟོགས་པ་ཚུལ་བཅུ་བཞིར་བྱེད་པའི་ཚེ། མཉམ་སྦྱོར་གྱི་མངོན་བྱང་དང་། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་དང་། ཨཱ་ལི་ཀཱ་ལི་སྤང་བའི་མི་མཉམ་སྦྱོར་དང་། ས་བོན་དང་། སྐད་ཅིག་གིས་བསྐྱེད་པ་སྟེ། རྒྱུ་རྡོ་རྗེ་འཆང་གི་བསྐྱེད་ཆོག་ལྔར་ངེས་ལ། ཁ་དོག་ནི་མཉམ་སྦྱོར་ལ་ཡན་ལག་བཞི་དྲུག་གང་སྦྱར་ཡང་དཀར་པོར་ངེས་ཤིང་། མི་མཉམ་སྦྱོར་གཉིས་ལ་ཡན་ལག་བཞི་པ་སྦྱར་བའི་ཚེ་ནག་པོ་དང་། ཡན་ལག་དྲུག་པ་སྦྱར་བའི་ཚེ་དཀར་པོར་ངེས་ཤིང་། ཕྱི་མ་གཉིས་ལ་ནི་ནག་པོའོ། །མི་མཉམ་སྦྱོར་གི་ཡན་ལག་དྲུག་པའི་ཚེ་དཀར་པོར་བྱེད་པ་ནི་འགྲེལ་པ་ལུགས་ཀྱང་བཞེད་དེ། ཡན་ལག་དྲུག་པ་ལས། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །རྩ་བའི་ལུས་མཚུངས་གཡོན་པ་ནི། །དམར་ཞིང་ཞལ་གཞན་གནག་པ་དང་། །ཞེས་དང་། རིན་ཆེན་འབར་བར། དེ་ལས་བྱུང་བའི་ཀུན་ཏུ་བཟང་། །ཞལ་བརྒྱད་ཞབས་བཞི་བཅུ་དྲུག་ཕྱག །རྩ་ཞལ་ཟླ་འདྲ་གཡས་དང་གཡོན། །སྔོན་པོ་དམར་པོ་ལྷག་མ་གནག །ཅེས་གསུངས་པས་སོ། །སློབ་དཔོན་དཔལ་འཛིན་གྱིས་དགྲ་ནག་གི་འགྲེལ་པར། དགྲ་ནག་གི་རྒྱུ་རྡོ་རྗེ་འཆང་ནག་པོར་འདོད་པ་ལ་དགག་པ་མཛད་པའི་སྐབས་སུའང་གསལ་པོར་གསུངས་ཏེ། ཤིན་ཏུ་གདུག་པ་ཅན་རྗེས་སུ་འཛིན་པས་ཁྲོ་བོའི་གཟུགས་ཅན་ནག་པོར་ལ་ལ་འདོད་དོ། །དེ་མི་འཐད་དེ། གང་གི་ཕྱིར་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་རྣམ་པར་གནས་པ་ཡིན་ལ། ནག་པོ་ཉིད་ནི་ཞེ་སྡང་ལ་སྤྱོད་པ་རྗེས་སུ་གཟུང་བའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུད་གཞན་ནས་བསྟན་པ་དང་ཡང་འགལ་བ་ཡིན་ཏེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས། ནོར་བུ་ཆུ་ཤེལ་འོད་འདྲ་ཞིང་། །ཞེས་གསུངས་པ་དང་། ཞེས་འདིར་དཀར་པོར་གསུངས་པ་འདི་རྒྱུད་འགྲེལ་གཞན་གྱིས་ཤེས་བྱེད་ཡང་དག་ཏུ་དྲངས་སོ། །ཡང་སྐབས་འདིར་གྲུབ་ཆེན་མཚོ་སྐྱེས་ཀྱིས། མངོན་པར་རྟོགས་པ་ཚུལ་བཞིར་བྱེད་པའི་ཚེ། རྒྱུ་རྡོ་རྗེ་འཆང་གི་བསྐྱེད་ཆོག་ལ་མཉམ་སྦྱོར་མ་གཏོགས་པའི་ཕྱི་མ་བཞི་ཁོ་ན་བཞེད་ཅིང་། དེའི་ཚེ་ཁ་དོག་ནི་ནག་པོ་ཁོ་ནར་བཞེད་དོ། །དེའི་རྒྱུ་མཚན་ཡང་ལུགས་འདི་དང་། མན་ངག་ལུགས་གཉིས་ཆར་གྱི་རྩ་རྒྱུད་ལེའུ་བརྒྱད་པ་ནས་བཤད་པའི་མི་མཉམ་སྦྱོར་གཙོ་འཁོར་ཐམས་ཅད་ལ་སྦྱར་བ་དང་། ཕྱི་མའི་ལེའུ་ལྔ་པར། ས་བོན་དང་སྐད་ཅིག་གིས་བསྐྱེད་པའི་བསྐྱེད་ཆོག་རྣམས་ནི་རྩ་རྒྱུད་ཀྱི་ཐུན་མོང་མ་ཡིན་པ་ཡིན་པས་ཡན་ལག་བཞིས་འཆིང་ལ། དེའི་ཚེ་རྒྱུ་རྡོ་རྗེ་འཆང་ནག་པོ་ངེས་པར་བཞེད་དོ། །གཞན་ཕྱག་མཚན་སོགས་ནི་འབྲས་བུ་རྡོ་རྗེ་འཆང་གི་སྐབས་སུ་འཆད་དོ། །གཉིས་པ་བསྐྱེད་ནས་འཁོར་སྤྲོ་བ་ལ་གསུམ་སྟེ། སྦྱོར་བ་འདུ་ཤེས་གསུམ་ལྡན་བསམ་པ། དངོས་གཞི་འཁོར་སྤྲོ་བ། སྤྲོས་པའི་འཁོར་རྣམས་ཀྱི་སྐུ་མདོག་སོགས་བཤད་པའོ། །དང་པོ་ནི། རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་དང་། རིག་མ་བདག་མེད་མར་བསམ། ཡུམ་གྱི་མཁའ་མི་དམིགས་ཏེ། སྟོང་པའི་ངང་ལས་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ་བསམས་ལ། སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨོཾ་པདྨ་སུ་ཁ་བདེ་བ། དྷ་ར་འཛིན་པ། མ་ཧཱ་རཱ་ག་འདོད་ཆགས་ཆེན་པོ། སུ་ཁཾ་ད་ད་བདེ་བ་སྟེར་བ། ཙ་ཏུ་རཱ་ནནྡ་དགའ་བ་བཞི། བྷ་ག་པདྨ། བི་ཤྭ་སྣ་ཚོགས། ཧཱུྃ་གསུམ། ཀརྻཾ་བྱ་བ། ཀུ་རུ་མཛོད། ཥྭ་མེ་བདག་གི་ཞེས་པས་སོ། །ཡང་ཡབ་ཀྱི་གསང་གནས་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་བསམས་ལ། ཨོཾ་བཛྲ་རྡོ་རྗེ། མ་ཧཱ་དྭེ་ཥ་ཞེ་སྡང་ཆེན་པོ། ཙ་ཏུར་བཞི། ཨཱ་ནནྡ་དགའ་བ། ད་ཡ་ཀ་སྟེར་བ། ཁ་ག་མཁའ་འགྲོ། མུ་ཁ་ཨེ་ཀ་ར་སྭ་གདོང་གཅིག་པ། ནཱ་ཐ་མགོན་པོ། ཧཱུྃ་གསུམ། ཀརྻཾ་ཀུ་རུ་ཥྭ་མེ་གོང་དང་འདྲ། དེ་ལྟ་བུའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས། ཐབས་ཤེས་རབ་སྙོམས་པར་ཞུགས་པས། འཁོར་གྱི་ལྷ་མོ་དབྱུང་སྙམ་དུ་དྲན་པར་བྱ་སྟེ། རྗེ་བཙུན་རྩེ་མོས། དེའང་འདུ་ཤེས་གསུམ་ཚུལ་ཏེ། །ཡབ་ཡུམ་བསྐྱེད་པ་ལྷ་འདུ་ཤེས། །ཡུམ་གྱི་ཐ་མལ་པདྨ་ནི། །སྐད་ཅིག་ཙམ་གྱིས་མི་དམིགས་པས། །ཨ་ལས་པདྨ་འདབ་བརྒྱད་པར། །བསམས་ལ་སྔགས་ཀྱིས་བྱིན་གྱིས་བརླབ། །ཡབ་ཀྱི་ཐ་མལ་རྡོ་རྗེ་ནི། །སྟོང་པར་བསམས་ཏེ་ཧཱུྃ་རྡོ་རྗེ། །རྩེ་ལྔ་པར་བསྐྱེད་གསང་སྔགས་ཀྱིས། །བྱིན་གྱིས་བརླབས་ཤིང་སྔགས་འདུ་ཤེས། །ཐ་མལ་རྗེས་ཆགས་མ་ཡིན་ཏེ། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །འཁོར་གྱི་ལྷ་མོ་དབྱུང་ངོའི་བར། །བསམ་པ་ཆོས་ཀྱི་འདུ་ཤེས་སོ། །དེ་ལྟར་འདུ་ཤེས་གསུམ་བསྒོམ་པའང་། །ཐ་མལ་རྟོག་པ་ཞི་བྱེད་དེ། །ལུས་དང་བྷ་ག་བསམ་པ་ཀུན། །མཆོག་ཏུ་གྱུར་པའང་བྱས་པ་ཡིན། །ཞེས་དགོས་པ་དང་བཅས་པའང་གསུངས་སོ། །གཉིས་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པས་རྗེས་སུ་ཆགས་པའི་སྒྱུ་མ་བདེ་བའི་སྒྲ། ཧ་སི་སོགས་གསང་གནས་ན་གྲགས་པའི་སྒྲ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཁའམ་སྣ་བུག་གཡོན་ནས་ཞུགས། རྗེས་སུ་ཆགས་པའི་མེས་སྙིང་གར་བཞུ་སྟེ། ཡུམ་གྱི་མཁར་བབས་པ་ཐིག་ལེ་བརྒྱད་དུ་བསམ་པར་བྱའོ། །འདི་ནི་ཚུལ་བཅུ་བཞི་པ་ཐམས་ཅད་ལ་འདྲ་ལ། མངོན་བྱང་གི་ཡན་ལག་བཞི་པ་རྣམས་ལ་ནི་ཐིག་ལེ་དེ་རྣམས་ཕྱོགས་མཚམས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སྤྲོ་བ་དང་། ཐིག་ལེ་ལས་ས་བོན་དུ་གྱུར་ནས་སྤྲོ་བ་སྟེ་འགྲོས་གཉིས་སོ། །ཡན་ལག་དྲུག་པ་རྣམས་ལ་ནི། མངལ་དུ་ཐིག་ལེ་ལས་ས་བོན་དུ་གྱུར། དེ་ལས་ལྷ་མོར་གྱུར་ཏེ་སྤྲོ་བ་དང་། ཐིག་ལེ་ལས་ས་བོན་དུ་གྱུར་པ་གདན་རྣམས་ཀྱི་སྟེང་དུ་སྤྲོས་ནས་ལྷ་མོར་བསྐྱེད་པ་སྟེ་འགྲོས་གཉིས་སོ། །ས་བོན་ལས་བསྐྱེད་པའི་སྐབས་སུ་ནི་ཡན་ལག་དྲུག་པའི་ལྷ་མོ་འགྲོས་དང་འདྲ་ལ། སྐད་ཅིག་གིས་བསྐྱེད་པའི་སྐབས་སུ་ནི། མངལ་དུ་ཐིག་ལེ་ལས་ལྷ་མོར་གྱུར་ནས་སྤྲོ་བ་སྟེ། དེ་ལྟར་ན་ཚུལ་བཅུ་བཞི་ལས་ལྷ་མོ་སྤྲོ་ཚུལ་ལྔར་ངེས་ཤིང་། མཚོ་སྐྱེས་ལུགས་ལ་ནི་བཞིར་ངེས་སོ། །གསུམ་པ་ལ་བཞི་སྟེ། གནས་དང་སྐུ་མདོག་བཤད་པ། ཕྱག་མཚན་དག་པ་དང་བཅས་པ་བཤད་པ། རྣམ་པ་དང་རྒྱན་བཤད་པ། གདན་བཤད་པའོ། །དང་པོ་ནི། འཁོར་གྱི་ལྷ་མོ་རྣམས་དཀྱིལ་འཁོར་གྱི་ཕྱོགས་གང་དུ་འགོད། སྐུ་མདོག་ཅི་ལྟ་བུ་སྙམ་ན། གཽ་རཱི་ནི་ཤར་དུ་སྟེ། ཆོས་ཉིད་ལས་མི་འགྱུར་བས་ཁ་དོག་ནག་མོའོ། །ཙཽ་རཱི་ནི་ལྷོར་ཏེ། སེམས་ཅན་གྱི་དོན་ལ་ཆགས་པས་ཁ་དོག་དམར་པོའོ། །བེ་ཏཱ་ལཱི་ནི་ནུབ་ཏུ་སྟེ། སངས་རྒྱས་ཀྱི་ཡོན་ཏན་རྒྱས་པས་ཁ་དོག་སེར་པོའོ། །གྷསྨ་རཱི་ནི་བྱང་དུ་སྟེ། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས་ལྗང་གུའོ། །པུཀྐ་སཱི་ནི་དབང་ལྡན་དུ་སྟེ། ཁ་དོག་གཽ་རཱི་དང་མཚུངས་སོ། །རི་ཁྲོད་མ་ནི་མེར་ཏེ། རང་བཞིན་གྱིས་རྟོག་པ་དང་བྲལ་བས་དཀར་པོའོ། །གདོལ་པ་མོ་ནི་སྲིན་པོར་ཏེ། སེམས་ཅན་གྱི་དོན་ལ་ཆགས་པས་སྔོ་བསངས་སོ། །གཡུང་མོ་ནི་རླུང་དུ་སྟེ། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས་ཁ་དོག་སྣ་ཚོགས་པའོ། །འདིར་དེ་བཞིན་གཤེགས་པ་དང་། ཕྱོགས་ཀྱི་དབང་དུ་བྱས་ན་གཽ་རཱི་དཀར་མོ། ཙཽ་རཱི་སེར་མོ། བེ་ཏཱ་ལཱི་དམར་མོར་འབྱུང་རྒྱུ་ཡིན་ཞིང་། བཤད་རྒྱུད་གུར་ལས་ཀྱང་དེ་བཞིན་གསུངས་མོད། འདིར་རྩ་བའི་རྒྱུད་དུ་སྔར་བཞིན་གསུངས་པ་ནི། དེ་བཞིན་གཤེགས་པ་རེ་རེ་ཡང་ཡེ་ཤེས་ལྔ་ལྔའི་རང་བཞིན་ཡིན་ལ། ཡེ་ཤེས་དེ་གཟུགས་ཀྱི་རྣམ་པ་ལྷར་ལངས་པའི་ཚེ། ཡེ་ཤེས་སོ་སོ་དང་མཐུན་པའི་ཁ་དོག་ཏུ་འགྱུར་བ་ཡིན་ཏེ། གཽ་རཱི་རྣམ་སྣང་གི་རིགས་ཡིན་ཀྱང་། དེའི་ནང་ཚན་ཆོས་དབྱིངས་ཡེ་ཤེས་ཀྱི་གཟུགས་རྣམ་ཡིན་པས་ནག་མོ་དང་། ཙཽ་རཱི་རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་ལྔ་ལས་སོར་རྟོག་ཡེ་ཤེས་ཀྱི་གཟུགས་རྣམ་ཡིན་པས་དམར་མོ་དང་། བེ་ཏཱ་ལཱི་འོད་དཔག་མེད་ཀྱི་ནང་ཚན་ཡེ་ཤེས་ལྔ་ལས། མཉམ་ཉིད་ཡེ་ཤེས་ཀྱི་གཟུགས་རྣམ་ཡིན་པས། སེར་མོར་འབྱུང་བ་ཡིན་ལ། དེ་བཞིན་དུ་འཁོར་གཞན་རྣམས་ལ་ཡང་གོ་བར་བྱའོ། །གཉིས་པ་ནི། ཕྱག་མཚན་གྱི་དག་པར། འཁོར་བའི་རྒྱ་མཚོ་དུག་ཆུ་ལས། །ཉ་འདྲའི་འགྲོ་བ་འདོན་ཕྱིར་རམ། །བཀྲ་ཤིས་འཛིན་པ་རོ་ཧི་ཏ། །ཉོན་མོངས་རྒྱ་འདྲ་གྲིྃ་གུག་གཡས། །གཏི་མུག་གིས་ནི་རབ་རྨོངས་པ། །ཕག་དང་འདྲ་བའི་སེམས་ཅན་ནི། །གཏི་མུག་གཉིད་ལས་བསླང་བའི་ཕྱིར། །གཡས་ན་ཅང་ཏེའུ་སྒྲ་སྒོགས་པ། །འདོད་ཆགས་ཀྱིས་གདུངས་རུས་སྦལ་ནི། །འགྲོ་བའི་ནད་རྣམས་བསལ་ཕྱིར་དང་། །ཆགས་ཆེན་བདུད་རྩིས་ཚིམ་བྱའི་ཕྱིར། །རུས་སྦལ་དང་ནི་པད་སྣོད་བསྣམས། །ཞེ་སྡང་དགྲ་ཡིས་ཕམ་བྱས་པ། །སྦྲུལ་དང་འདྲ་བའི་སེམས་ཅན་རྣམས། །ཞེ་སྡང་ཆེན་པོས་ཚིམ་བྱའི་ཕྱིར། །ཕྱག་ན་སྦྲུལ་དང་ཐོད་པ་འོ། །ངན་རྟོག་པ་ཡི་རི་དྭགས་རྣམས། །སྐྲག་པར་བྱ་ཕྱིར་སེང་གེ་འམ། །སེང་འདྲ་ང་རྒྱལ་གཞོམ་བྱའི་ཕྱིར། །སེང་གེ་དང་ནི་དགྲ་སཏྭ་བསྣམས། །བདག་ཏུ་ལྟ་བ་ལ་སོགས་པའི། །ལྟ་བ་པོ་ཡི་གཉིས་པའོ། །བདག་ཏུ་ལྟ་བའི་མདུད་པ་དང་། །སེར་སྣ་དགྲོལ་བར་བྱ་བའི་ཕྱིར། །དགེ་སློང་དང་ནི་འཁར་གསིལ་ལོ། །དཔེར་ན་ཐོང་པ་ལྟ་བུ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིས། །ཉོན་མོངས་ཐ་བ་བརླག་པའི་ཕྱིར། །འཁོར་ལོ་དང་ནི་ཐོང་པ་བསྣམས། །རྣམ་པར་རྟོག་པའི་རི་བསྙིལ་ཞིང་། །གདུག་པ་ཚར་གཅད་བྱ་བའི་ཕྱིར། །གཡས་པས་རྡོ་རྗེ་འཛིན་པ་དང་། །གཡོན་པས་སྡིགས་མཛུབ་བསྟན་པ་འོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ལྷ་མོ་ཐམས་ཅད་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་མ། བདེན་པ་གཉིས་ཐུགས་སུ་ཆུད་པས་ཕྱག་གཉིས་མ། སྐུ་གསུམ་བརྙེས་པས་སྤྱན་གསུམ། སངས་རྒྱས་གྱི་ཡོན་ཏན་གོང་ནས་གོང་དུ་རྒྱས་པས་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། རྒྱལ་བ་ལྔ་དག་པའི་ཕྱག་རྒྱ་ལྔས་ལུས་ལ་བརྒྱན་པའོ། །གཞུང་འགའ་ཞིག་ལས་སྟག་གི་པགས་པའི་ཤམ་ཐབས་བཤད་ཀྱང་། རྒྱ་གར་གྱི་གཞུང་ཕལ་ཆེར་དང་། རྗེ་བཙུན་གོང་མས་གཅེར་བུར་བཞེད་དོ། །མི་གནས་པའི་མྱ་ངན་ལས་འདས་པ་མཚོན་པས་ཞབས་གཡོན་བརྐྱངས་པའི་བརླ་ལ་གཡས་བསྐུམ་པའི་སོར་མོ་རེག་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པའོ། །བཞི་པ་ནི། གཽ་རཱི་ཚངས་པའི་གདན་ལ་སོགས་པ་སྔར་གྱི་གདན་སོ་སོའི་སྟེང་དུ་བཞུགས་པ་ཡིན་ཞིང་། དེ་རྣམས་ཀྱི་ངོ་བོ་ནི་རྗེ་བཙུན་རིན་པོ་ཆེས། ཚངས་པ་ནི་འདོད་ཁམས་ཀྱི། དབང་པོ་ནི་ཤར་ཕྱོགས་ཀྱི། ཉེ་དབང་ནི་དབང་ལྡན། གཤིན་རྗེ་ནི་ལྷོ་ཕྱོགས་ཀྱི། ནོར་སྦྱིན་ནི་རྣམ་ཐོས་སྲས། སྲིན་པོ་ནི་ལྷོ་ནུབ་ཀྱིའོ། །ཐགས་ཟངས་རིས་ལྷ་མ་ཡིན་གྱི་དབང་པོ་ཡིན་ནོ། །ཞེས་སོ། །དེ་ལ་འདོད་ཁམས་ཀྱི་ཚངས་པ་ཞེས་པ་ལ། ཁ་ཅིག་གཟུགས་ཁམས་ཀྱི་ཚངས་པ་ལས་གཞན་པའི་ཚངས་པ་མེད་དེ། ཚངས་པའི་དོན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཡིན་ལ། འདོད་ཁམས་སུ་ཡོད་ན་ཆགས་བྲལ་དུ་མི་རུང་བའི་ཕྱིར་རོ། །ཞེས་ཟེར་རོ། །དེའི་ལན་དུ་གནས་དྲུག་པས། འདི་ནི་མི་འཐད་དེ། ཁྱད་པར་འཕགས་པའི་བསྟོད་པར། ལྷ་ཆེན་ཐིག་ལེ་མཆོག་མ་ལ། །ཆགས་པ་སྐྱེས་པས་གདོང་བཞི་བྱུང་། །ཞེས་པའི་འགྲེལ་པར། ཐིག་ལེ་མཆོག་མས་ལྷ་ཆེན་པོ་ལ་བསྐོར་བ་བྱས་པས་ཆགས་པའི་དབང་གི་ཕྱོགས་ཐམས་ཅད་ལ་ལྟ་བར་འདོད་ནས། གདོང་པ་བཞི་སྤྲུལ་པར་བཤད་པས། འདོད་པ་ལ་ཆགས་པ་དང་མ་བྲལ་བའི་ཚངས་པ་མུ་སྟེགས་བྱེད་རྣམས་ཀྱིས་སྟོན་པར་བྱེད་པ་ཞིག་ཡོད་པར་གྲུབ་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པར་ཡང་དེ་བཞིན་དུ་བཤད་དོ་ཞེས་ལན་འདེབས་སོ། །འདིའང་ཅུང་ཟད་མི་འཐད་པར་སྣང་སྟེ། ཐིག་ལེ་མཆོག་མ་ལ་ཆགས་པ་སྐྱེས་ནས་གདོང་བཞི་སྤྲུལ་པ་པོ་ནི་མུ་སྟེགས་བྱེད་ཀྱིས་ལྷ་ཚངས་པ་ཆོས་སྐུ། དབང་ཕྱུག་ལོངས་སྐུ། ཁྱབ་འཇུག་སྤྲུལ་སྐུ་གསུམ་དུ་འདོད་པའི་བར་མ་དེ་ཉིད་ཡིན་ལ། འདིར་འདོད་ཁམས་ཀྱི་ཚངས་པ་ནི་དང་པོ་དེ་ཉིད་དུ་འདོད་དགོས་པའི་ཕྱིར་ཏེ། རྗེ་བཙུན་རྩེ་མོས། མུ་སྟེགས་བྱེད་ཀྱི་ལྷ་དེ་གསུམ་ལ་གཏི་མུག་ཅན་ཚངས་པ་དང་། འདོད་ཆགས་ཅན་དབང་ཕྱུག་དང་། ཞེ་སྡང་ཅན་ཁྱབ་འཇུག་ཅེས་པའི་ཐ་སྙད་མཛད་ནས། གསུམ་ཆར་ཡང་འདོད་ཁམས་སུ་ཡོད་པར་བཞེད་པའི་ཕྱིར་རོ། །གསུམ་པ་སྤྲོས་ནས་ཐིག་ལེར་ཞུ་བ་ནི། རྡོ་རྗེ་གུར་ལས། དྲི་ཟ་མཉམ་པར་ཞུགས་ནས་ནི། །ཁུ་བར་རྗེས་སུ་དྲན་པར་བྱ། །ཞེས་གསུངས་པའི་དོན་ལ་བཞི་སྟེ། རྒྱུ་གང་ཞུ་བ། རྐྱེན་གང་གིས་ཞུ་བ། རྣམ་པ་ཇི་ལྟར་དུ་ཞུ་བ། དེ་ལྟར་ཞུ་བའི་དགོས་པའོ། །དང་པོ་ནི། གཞལ་ཡས་ཁང་གི་དབུས་ན་གནས་པའི་རྒྱུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་དོ། །གཉིས་པ་ལ་གཉིས་ཏེ། སྙོམས་པར་ཞུགས་པའི་རྐྱེན་དང་། དྲི་ཟ་ཞུགས་པའི་རྐྱེན་ནོ། །དང་པོ་ནི། ཡབ་ཡུམ་ཐབས་ཤེས་སྙོམས་པར་ཞུགས་པས་ལུས་ཐམས་ཅད་དྭངས་མས་གང་ཞིང་། དེའི་རྐྱེན་གྱིས་བདེ་བ་ཆེན་པོ་སྐྱེས་པར་བསྒོམས་ཏེ། རྗེ་བཙུན་རྩེ་མོས། དེ་ནས་ཡབ་ཡུམ་གྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞི་ཐམས་ཅད་རྩ་དང་བ་སྤུའི་བུ་ག་ཐམས་ཅད་ཁམས་དྭངས་མ་བྱང་ཆུབ་སེམས་ཀྱི་ཐིག་ལེས་གང་བར་མོས། དེས་ནས་ཡབ་ཡུམ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས། རྗེས་སུ་ཆགས་པའི་མེས་ཁམས་དྭངས་མའི་ཐིག་ལེ་རྣམས་ཞུ་སྟེ། སླར་ཡང་ཟག་པ་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་མོས་ཞེས་གསུངས་པས་སོ། །རྐྱེན་གཉིས་པ་ནི། ཡན་ལག་བཞི་པའི་སྐབས་སུ་མི་དགོས་ལ། ཡན་ལག་དྲུག་པའི་སྐབས་སུ་ཧོཿགཉིས་ཀྱི་བར་དུ་ཆུད་པའི་བར་དོའི་ལུས་ངག་ཡིད་གསུམ་མཚོན་བྱེད་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་ནམ་མཁར་གསར་དུ་བསྐྱེད་ནས། དེ་ཉིད་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ནས། ཡུམ་གྱི་མཁར་ཡིག་འབྲུ་སླེབ་པའི་རྐྱེན་གྱིས་ཞུ་བར་བིརྺ་པའི་བཀའ་སྲོལ་གཉིས་དང་། མར་མེ་མཛད་ལ་སོགས་པ་གཞན་རྒྱ་གར་བའི་གཞུང་ཕལ་ཆེར་བ་ལས་བཤད་དོ། །གསུམ་པ་ནི། ངོ་བོ་བདེ་བ་ལ་རྣམ་པ་ཐིག་ལེའི་དབྱིབས་སུ་གནས་པ་ཡིན་ལ། དེས་སྟོང་པ་ཆོས་ཀྱི་སྐུའི་ཡེ་ཤེས་འདྲེན་ནུས་པར་བསྒོམས་ཏེ། རྩེ་མོས། ཡབ་ཞུ་ཡེ་ཤེས་ཡུམ་ཞུ་དབྱིངས། །དབྱེར་མེད་ཐིག་ལེ་གདན་སྟེང་དུ། །དེ་ནི་ལོངས་སྐུ་ལ་བརྟེན་པའི། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི། །ཆོས་སྐུའི་ངོ་བོ་ཞེས་བྱ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། དེ་ལྟར་གཉིས་སྣང་གི་རྟོག་པ་ཐམས་ཅད་བསྡུས་ནས། ལྷན་སྐྱེས་ཀྱི་ངང་དུ་ཡིད་མཉམ་པར་གཞག་པས། ཆོས་སྐུའི་དོན་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལྟར་བདེ་སྟོང་རོ་གཅིག་པའི་ཐིག་ལེ་ལ་སེམས་བཟུང་ནས། ང་རྒྱལ་བསྐྱེད་པའི་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཨ་ནུ་རཱ་ག་ཎ་ནི་རྗེས་སུ་ཆགས་པ། བཛྲ་ནི་རྡོ་རྗེ། སྭ་བྷཱ་ཝ་ནི་རང་བཞིན། ཨཏྨ་ཀོ྅ཧཾ་ནི་བདག ཨ་ཧཾ་ནི་ངའོ། །འདིར་ང་རྒྱལ་འཛིན་པའི་སྔགས་སྐབས་འདིར་གསུངས་པ་ནི། རྗེས་སུ་ཆགས་པའི་ཡན་ལག་གི་དངོས་གཞི་ལ་དགོངས་ལ། མི་ཐུབ་ཟླ་བས། མཁའ་གསང་བྱིན་གྱིས་བརླབ་པའི་སྐབས་སུ་གསུངས་པ་ནི་རྗེས་སུ་ཆགས་པར་བྱེད་པ་ལ་དགོངས་ཤིང་། བདག་མེད་མའི་སྒྲུབ་ཐབས་སུ། ཡེ་ཤེས་པ་དགུག་གཞུག་གི་རྗེས་ལ་གསུངས་པ་ནི་ཡན་ལག་རྫོགས་པ་ལ་དགོངས་སོ། །གཉིས་པ་ཞུ་བ་གླུས་བསྐུལ་ལས་འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་ལ་གསུམ་སྟེ། ཞུ་བ་ལས་གླུས་བསྐུལ་བ། བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ། བཞེངས་ནས་སྣོད་བཅུད་སྦྱང་བའོ། །དང་པོ་ལ་ལྔ་སྟེ། གང་ལ་བསྐུལ་བ། གང་གིས་བསྐུལ་བ། ཇི་ལྟར་བསྐུལ་བ། དེ་ལྟར་བསྐུལ་བའི་དགོས་པ། བསྐུལ་ནས་བཞེངས་པ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་ཐིག་ལེའི་གཟུགས་ཅན་དེ་ཉིད་ལའོ། །གཉིས་པ་ནི། པུཀྐ་སཱི་ལ་སོགས་པ་མཚམས་མ་བཞིས་བསྐུལ་ཏེ། དེའི་རྒྱུ་མཚན་ཡང་། འབྲས་བུའི་གནས་སྐབས་སུ་འོད་གསལ་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་བཞིན་དུ། ཀུན་རྫོབ་གཟུགས་ཀྱི་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་འབད་མེད་དུ་གྲུབ་པར་མཛད་པ་ནི། ལམ་གྱི་གནས་སྐབས་སུ། ཚད་མེད་བཞི་བསྒོམས་པའི་འབྲས་བུ་ཡིན་ལ། དེ་བཞི་དག་པ་ནི་མཚམས་མ་བཞི་ཡིན་པས། དེས་བསྐུལ་བ་ཡིན་ཏེ། རྗེ་བཙུན་རྩེ་མོས། དེ་དག་ནི་ཚད་མེད་པ་བཞིའི་ངོ་བོ་ཡིན་པས། དེ་ལ་གཙོ་བོ་གཟུགས་ཀྱི་སྐུ་མེད་ན་སེམས་ཅན་གྱི་དོན་བྱ་བར་མི་ནུས་པས། དེའི་ཕྱིར་གླུས་བསྐུལ་བ་ཡིན་ནོ་ཞེས་སོ། །གསུམ་པ་ནི། པུཀྐ་སཱིས་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་དང་། ཤ་ཝ་རཱིས་གནད་ལ་བོར་བའི་ཚུལ་གྱིས་དང་། ཙཎྜ་ལཱིས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་པའི་སྒོ་ནས་བསྐུལ་ཞིང་། དེ་ལྷ་མོ་གསུམ་གྱིས་བསྐུལ་བས་བཞེངས་སུ་མ་བཏུབ་པས། གསུམ་པོ་ཡི་ཆད་པའི་ཚུལ་དུ་གནས་པ་ལ། གཡུང་མོས་ཐུགས་ཡོངས་སུ་མཁྱེན་པའི་ཚུལ་གྱིས་གླུས་བསྐུལ་བ་ཡིན་ལ། རྡོ་རྗེའི་གླུ་རྣམས་ཀྱི་དོན་ནི། སྤྱིར་དུ་མ་ཞིག་ཡོད་ཀྱང་འདིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བར་གྱུར་པ་ལ་རྗེ་བཙུན་རྩེ་མོས་བཤད་དོ། །བསྐུལ་བའི་ཚེ་རྣལ་འབྱོར་པ་རང་གི་ཤེས་པའི་རྒྱུན་མཚམས་ཀྱི་ལྷ་མོ་བཞི་ལ་འཕོས་ནས། ལྷ་མོ་གཅིག་གིས་གླུ་ལེན་པའི་ཚེ། གཞན་རྣམས་ཀྱིས་རམ་བུ་འདེགས་པའི་ཚུལ་གྱིས་བསྐུལ་བར་བླ་མ་དག་གསུངས་ངོ་། །ཚིག་གི་དོན་ནི། པུཀྐ་སཱིས་བྱམས་པ་ཚད་མེད་པའི་སྒོ་ནས་བསྐུལ་བ་ནི། རྗེ་བཙུན་ཀྱེ་རྡོ་རྗེ་བཞེངས་ཤིག རྒྱུ་གང་གིས་ན་སེམས་ཅན་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བསྒྲལ་འདོད་ཀྱི་སྙིང་རྗེའི་ཡིད་ཀྱིས་སོ། །བཞེངས་ནས་ཅི་བྱ་སྙམ་ན། པུཀྐ་སཱི་ནི་བདག་དང་སེམས་ཅན་ཐམས་ཅད་ལ་སྐྱོབས་ཤིག ཇི་ལྟར་སྐྱོབ་ན། ཞལ་ཕྱག་གི་སྟོང་པའི་རང་བཞིན་ཐིག་ལེའི་ངོ་བོ་ཉིད་སྤངས་ནས་ནི། པུཀྐ་སཱི་བདག་ལ་བདེ་བ་ཆེན་པོའི་འདོད་པ་སྦྱོར་བ་བཞེད་པར་མཛོད་ཅིག་པའོ། །ཤ་ཝ་རཱིས་སྙིང་རྗེ་ཚད་མེད་པའི་སྒོ་ནས་བསྐུལ་བ་ནི། གཙོ་བོ་ཁྱོད་མེད་ན་བདག་འགུམ་པས་ཏེ། འཆི་བར་འགྱུར་བས་ཞལ་ཕྱག་གི་སྟོང་པའི་རང་བཞིན་ཐིག་ལེའི་ངོ་བོ་ཉིད་སྤངས་པ་སྟེ། དགོས་པ་ནི། རི་ཁྲོད་མ་བདག་གི་ཡིད་ལ་རེ་བའི་འབྲས་བུ་བདེ་བ་ཆེན་པོ་ལ་སྦྱོར་བར་འདོད་པ་འགྲུབ་པའི་ཕྱིར་དུ་ནི། ཀྱེ་རྡོ་རྗེ་ཁྱོད་གཟུགས་ཀྱི་སྐུར་བཞེངས་ཤིག་པའོ། །གདོལ་པ་མོས་དགའ་བ་ཚད་མེད་པའི་སྒོ་ནས་བསྐུལ་བ་ནི། ལམ་དུས་སུ་སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱིས་བདག་ཧེ་རུ་ཀར་གྱུར་ནས། སེམས་ཅན་ཐམས་ཅད་དེའི་གོ་འཕང་ལ་འགོད་པར་བྱའོ། །ཞེས་འཇིག་རྟེན་ཐམས་ཅད་སངས་རྒྱས་ལ་མགྲོན་དུ་གཉེར་ནས་དགའ་བའམ། འདོད་པའི་གཙོ་བོ་གྲུབ་པའི་ཚེ་སྟོང་པ་ཉིད་ལ་ཞུགས་སམ་ཅི་སྟེ་ཞུགས་པར་མི་རིགས་སོ། །ཁྱོད་མེད་ན་བདག་གིས་སེམས་ཅན་གྱི་དོན་ཕྱོགས་ཙམ་ཡང་མི་འཚལ་བས། གདོལ་པ་མོ་བདག་ནི་གཙོ་བོ་ཐིག་ལེ་ལས་བཞེངས་པར་ཞུ་བ་བགྱིད་པའོ། །གཡུང་མོས་བཏང་སྙོམས་ཚད་མེད་པའི་སྒོ་ནས་བསྐུལ་བ་ནི། གཡུང་མོ་བདག་ནི་དྲན་པ་ཉམས་པས། འདི་ལ་སྙིང་རྗེ་ཆེན་པོའི་རྒྱུན་ཆད་མ་མཛད་ཅིག གཡུང་མོ་བདག་གིས་ཁྱེད་ཀྱི་ཐུགས་སྣ་ཚོགས་སུ་སྣང་བའི་གཡོ་སྒྱུ་དང་བཅས་པར་འཚལ་བ་སྟེ་ཤེས་ཀྱི། དེ་བས་ན་གཅིག་ལས་སྣ་ཚོགས་སུ་སྤྲུལ་པའི་མིག་འཕྲུལ་མངའ་བའི་གཙོ་བོ་ཁྱེད་བཞེངས་ཤིག ཅེས་པའོ། །བཞི་པ་ནི། རྗེ་བཙུན་རྩེ་མོས། དེའང་འདི་ལྟར་རྒྱལ་པ་ལ་ནི་བཞེངས་སུ་གསོལ་བར་བསྐུལ་དགོས་པ་མ་ཡིན་ཏེ། ཉིན་མཚན་ལན་དྲུག་ཏུ་ཀུན་ནས་གཟིགས་པ་ཡིན་ལ། གླུས་བསྐུལ་བ་ལའང་བཞེངས་སུ་མི་བཏུབ་པ་ལ་དེ་ལ་ཡི་ཆད་པ་ཡོད་པ་མ་ཡིན་ཡང་། སངས་རྒྱས་ཀྱི་མཛད་པ་ནི་གདུལ་བྱའི་སྣང་བ་ཡིན་ལ། དེ་ཡང་འཇིག་རྟེན་ན་ཆེ་བར་གྲགས་པའི་སྤྱོད་པ་ལ་འཇིག་རྟེན་པ་མཆོག་ཏུ་འཛིན་པས། གདུལ་བྱ་ལ་ཡང་སངས་རྒྱས་ཀྱི་མཛད་པ་དེ་ལྟར་སྣང་བ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་ནི། དག་པ་རྡོ་རྗེའི་སྒྲོན་མེར། རྩོད་སྤང་གི་ཚུལ་མང་དུ་གསུངས་པ་རྣམས་ཤེས་པར་འདོད་ན་གནད་ཀྱི་ཟླ་ཟེར་དུ་བལྟ་བར་བྱ་ཞིང་། འདིར་ནི་བཤད་མ་ཐག་པའི་དགོས་པ་དེ་ཉིད་ཀྱིས་རྩོད་པ་མ་ལུས་པ་སྤངས་ཟིན་པ་ནི་གསུང་རབ་ཀྱི་གནད་དོ། །གཉིས་པ་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ནི། མི་ཐུབ་ཟླ་བས། བསྐུལ་བས་སྔོན་གྱི་བྱང་ཆུབ་ཀྱི། །སྨོན་ལམ་རྗེས་སུ་དྲན་ནས་ནི། །ཁུ་བའི་གཟུགས་ལས་བཞེངས་པ་ནི། །ཨྃ་དང་ཧཱུྃ་གཉིས་རྡོ་རྗེ་ཆེ། །ཞེས་དང་། རིན་ཆེན་འབར་བར། བསྐུལ་བས་སྨོན་ལམ་རྗེས་དྲན་ནས། །ཧཱུྃ་དང་ཨྃ་ལས་རབ་བཞེངས་པ། །ཞེས་དང་། རྗེ་བཙུན་ཆེན་པོས། ཐིག་ལེ་གཉིས་ལས་ཨྃ་དང་ཧཱུྃ་གཉིས་སུ་གྱུར། དེ་ལས་ཡབ་ཡུམ་གྱི་སྐུ་རྫོགས་པར་བསྐྱེད་དེ། ཞེས་གསུངས་པ་ནི་མངོན་བྱང་གི་ཡན་ལག་དྲུག་པ་རྣམས་དང་། ས་བོན་ལས་བསྐྱེད་པ་རྣམས་ཀྱི་བཞེངས་ཚུལ་ལོ། །མཉམ་སྦྱོར་གྱི་ཡན་ལག་བཞི་པ་གཉིས་དང་། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་གྱི་ཡན་ལག་བཞི་པ་གཉིས་ཏེ། བཞི་པོ་ལ་ནི་ཐིག་ལེ་དེ་ཐིག་ལེ་ཆ་གསུམ་དུ་ཆད་དེ། འོག་གི་ཐིག་ལེ་ཨཱ་ལི་ལས་ཟླ་བ། སྟེང་གི་ཐིག་ལེ་ཀཱ་ལི་ལས་ཉི་མ། བར་གྱི་ཐིག་ལེ་ས་བོན་དང་ཕྱག་མཚན་དུ་གྱུར་པའི་མངོན་བྱང་ལྔ་ལས་བསྐྱེད་དོ། །ཨཱ་ལི་ཀཱ་ལི་སྤངས་པའི་མི་མཉམ་སྦྱོར་གྱི་མངོན་བྱང་གཉིས་ལ་ནི་འདིར་ཡང་ཉི་ཟླ་གཉིས་ཀྱི་རྒྱུ་ཨཱ་ལི་ཀཱ་ལི་སྤངས་བ་སྟེ། གཞན་འདྲའོ། །སྐད་ཅིག་གིས་བསྐྱེད་པ་ལ་ནི། ཐིག་ལེ་དེ་ཉིད་སྐད་ཅིག་གིས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་སྟེ། དེ་ལྟར་ན་མངོན་རྟོགས་ཚུལ་བཞི་ལ་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་ཚུལ་བཞིར་ངེས་ཤིང་། མཚོ་སྐྱེས་ཀྱི་ལུགས་ལ་ཡང་བཞིར་ངེས་ཏེ། རྗེ་ས་ཆེན་གྱིས། བཞི་གསུམ་བཅུ་གཉིས་བླ་མ་བཞེད། །ཅེས་པའི་དོན་ཏོ། །དེ་ལྟར་བསྐྱེད་པའི་ལྷའི་ཞལ་ཕྱག་དང་། རྣམ་པ་ཇི་ལྟ་བུ་ཞེ་ན། སྐུ་མདོག་ནི་ཐམས་ཅད་དུ་ནག་པོར་ངེས་ཤིང་། ཞལ་བརྒྱད་ནི་མགྲིན་པའི་སྟེང་དུ་རྩ་བའི་ཞལ་མདུན་དུ་བསྟན་པ་དང་། དེའི་གཡས་སུ་ཞལ་གསུམ་དང་། གཡོན་དུ་ཞལ་གསུམ་སྟེ། བདུན་པོ་ནི་སྙན་གྱི་རྩེ་མོ་ཕྲད་ཙམ་གྱིས་བསྐོར་ནས་གནས་པ་ཡིན་ལ། གཡས་གཡོན་གྱི་ཞལ་ཐ་མ་གཉིས་ཀྱི་རྩེ་མོ་མི་ཕྲད་པར་བར་དུ་ལྟག་པ་ཅུང་ཟད་དང་བཅས་པའོ། །དེའི་སྟེང་དུ་མགྲིན་པ་དང་བཅས་པའི་ཞལ་མདུན་དུ་གཟིགས་པ་སྟེ། ཞལ་བརྒྱད་དེ་ལྟར་ཡིན་ལ། འདི་ལ་ཁ་ཅིག་ཞལ་རྒྱབ་མ་བཞི་གནག་པ་ཞེས་དང་། གཡས་གཡོན་གྱི་ཞལ་ལྷག་མ་གཉིས་གཉིས་ཞེས་པའི་ཐ་སྙད་ཇི་ལྟར་བྱས་ཀྱང་རུང་ངོ་། །དེ་ལྟ་བུའི་ཞལ་བརྒྱད་པོ་རེ་རེ་ལ་ཡང་། དཔྲལ་བའི་སྟེང་དུ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། དེའི་སྟེང་དུ་རྩེ་ཕྲན་ལྔ་ལ་སངས་རྒྱས་ལྔ་བཞུགས་པའོ། །ཞལ་བདུན་གྱི་མདུན་ཕྱོགས་སུམ་གཉིས་ཙམ་སོ་སོར་གྱེས་ཤིང་། རྒྱབ་ཕྱོགས་ཀྱི་སུམ་ཆ་ཙམ་ཕྱོགས་གཅིག་འདུས་པའི་དབུས་སུ་སྟེང་ཞལ་ཡོད་པ་སྟེ། ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །ཕྱག་བརྒྱད་ཀྱི་གྱེས་ཚུལ་ནི། ཁ་ཆེ་རིན་ཆེན་རྡོ་རྗེས། ཞལ་བཞི་པ་ལ་དཔུང་པ་བཞི། །ཕྱག་བཞི་པ་ལ་ཞབས་བཞི་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །ཞེས་ཕྱག་བཞི་པ་ལ་དཔུང་པ་བཞི་ཡོད་པར་བཤད་པའི་རིགས་པས། འདིར་ཕྱག་བཅུ་དྲུག་པ་ལ་དཔུང་པའང་བཅུ་དྲུག་ཡོད་པར་འདོད་དགོས་ལ། དེ་ལས་གཞན་སོག་པ་སོགས་ཀྱི་རྣམ་གཞག་ནི་མི་དགོས་ཏེ། ལྷ་སྐུ་རང་གི་ངོ་བོ་ནི་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་ཞལ་ཕྱག་གི་རྣམ་པ་ཙམ་ཡིན་ལ། དེ་ཉིད་གདུལ་བྱའི་བློ་ངོར་བསྒོམས་པ་དང་། ལྡེར་སྐུ་སོགས་བཞེངས་པ་ལ་ནི་ཕྱི་རོལ་གྱི་གྱེས་ཚུལ་ཙམ་གྱིས་ཆོག་པའི་ཕྱིར་རོ། །ཕྱག་མཚན་འཛིན་ཚུལ་ནི་ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་ནས། དེ་དག་གི་ནང་དུ་སྲོག་ཆགས་བཅུ་དྲུག་གནས་ཏེ། གཡས་ཀྱི་གླང་པོ་ཆེ་ལ་སོགས་པ་བརྒྱད་ནི། སེམས་ཅན་གྱི་ནད་བརྒྱད་རང་ལ་བསྡུ་བ་མཚོན་པས་ཁ་ནང་ལ་བསྟན་ཏེ། རྡོ་རྗེ་གུར་ལས། མི་ཡི་འགྲོ་བ་དེ་ལྟ་བུ། །རབ་མཆོག་ནད་ཀྱིས་ཁྱབ་མཐོང་ནས། །སངས་རྒྱས་ལྔ་ནི་ཆེར་གྲགས་པ། །བདག་གི་ལུས་ལ་བསྡུ་བར་བྱ། །ཞེས་གསུངས་པས་སོ། །གཡོན་གྱི་སའི་ལྷ་ལ་སོགས་པ་བརྒྱད་ནི། དབང་ཕྱུག་བརྒྱད་སེམས་ཅན་ལ་སྩོལ་བ་མཚོན་པས་ཁ་ཕྱིར་བསྟན་ཏེ། གུར་ལས། ས་ནི་དང་པོ་ནོར་སྦྱིན་མཐར། །དབང་ཕྱུག་བརྒྱད་ནི་སྩོལ་བར་མཛད། །ཅེས་སོ། །རྩ་ཕྱག་གཉིས་ཀྱིས་ཡུམ་ལ་འཁྱུད་ཅིང་། ལྷག་མ་རྣམས་ནི་མདུན་ནས་རྒྱབ་ཏུ་རིམ་པ་བཞིན་བསྒྲིགས་ཏེ། ཕྱག་མཚན་རྣམས་ཅུང་ཟད་སྟེང་འོག་གི་ཚུལ་དུ་འཛིན་པའོ། །ཞབས་གཡས་གཡོན་དུ་གཉིས་གཉིས་མདུན་རྒྱབ་ཏུ་བསྒྲིགས་པའི་གཡས་གཉིས་བརྐྱང་བའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་ནི་མན་ངག་ལུགས་དང་། མཚོ་སྐྱེས་ལུགས་གཉིས་ཀྱི་བཞུགས་ཚུལ་ཡིན་ཏེ། རྗེ་བཙུན་རྩེ་མོས། མཚོ་སྐྱེས་ལུགས་ཀྱི་དཀྱིལ་ཆོག་ལས། ཚིག་འདི་དངོས་སུ་གསུངས་ཤིང་། མན་ངག་ལུགས་ཀྱི་གཞུང་རྣམས་ལས་ཀྱང་། སྐབས་འགའ་ཞིག་ཏུ་གཡས་བརྐྱང་ཞེས་པ་ཙམ་དང་། འགའ་ཞིག་ཏུ་སྐྱིལ་ཀྲུང་ཕྱེད་པ་ཞེས་པ་ཙམ་ལས་མ་གསུངས་ཀྱང་། མཚོ་སྐྱེས་ཀྱི་སྒྲུབ་ཐབས་དང་། མན་ངག་ལུགས་ཀྱི་ཡན་ལག་བཞི་དྲུག་གཉིས་ཆར་དུ་བདུད་བཞི་བརྩེགས་གདན་འབའ་ཞིག་གསུངས་པས། བཞུགས་ཚུལ་འདི་ལས་མ་འདས་པའི་ཕྱིར་རོ། །གལ་ཏེ་རྗེ་བཙུན་རྩེ་མོས། ཞབས་གཡས་བརྐྱང་བ་དང་། གཡོན་བསྐུམ་པ་དང་། སྐྱིལ་ཀྲུང་ཕྱེད་པའི་དག་པ་གསུམ་སོ་སོར་གསུངས་པས། མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ་དང་། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་བསྟན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། སྐྱིལ་ཀྲུང་ཕྱེད་པ་དེ་ཉིད་ལ་གཡས་བརྐྱང་གཡོན་བསྐུམ་ཚང་བས། དེའི་དག་པ་སྟོན་པ་ཡིན་པའི་ཕྱིར་ཏེ། མཚོ་སྐྱེས་ཀྱི་འགྲེལ་པར། དེ་དག་ཀྱང་མཉམ་པར་བརྩེགས་པའི་སྙིང་གར་ཞབས་གཡས་པ་གཉིས་ཀྱིས་མནན་པའོ། །རོལ་མོའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ། །དེའི་གཡས་བརྐྱངས་པ་ནི་ཐུགས་རྗེས་སེམས་ཅན་ལ་ཁྱབ་པའོ། །གཡོན་བསྐུམ་པ་ནི་ཤེས་རབ་ཀྱིས་ཆོས་གང་ཡང་མི་འཛིན་པར་བཏང་བའོ། །ཞེས་གསལ་བར་གསུངས་པས་སོ། །གཞན་དུ་ན་འཁོར་ལོ་བདེ་མཆོག་ལ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ལས་གཞན་པ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་དགོས་པར་འགྱུར་ཏེ། རྗེ་བཙུན་གྱིས་རྡོ་རྗེ་འཛིན་པ་དང་། དྲིལ་བུ་འཛིན་པ་དང་། ཡུམ་ལ་འཁྱུད་པའི་དག་པ་གསུམ་སོ་སོར་གསུངས་པའི་ཕྱིར་རོ། །འགྲེལ་པ་ལུགས་ཀྱི་གཞུང་གཞན་རྣམས་ལས། གཡས་བརྐྱང་ཞེས་པ་ཙམ་དང་། སྐྱིལ་ཀྲུང་ཕྱེད་པ་ཞེས་པ་ཙམ་ལས་གསལ་ཁ་མི་སྣང་ཡང་། རིན་ཆེན་འབར་བར། ཉི་མར་ཞབས་གཡས་བརྐྱང་གཡོན་བསྐུམ། །ལྷག་མ་གར་གྱི་ཚུལ་གྱིས་བཞེངས། །ཞེས་གསུངས་པའི་དོན་ནི། མདུན་མ་གཉིས་གཡས་བརྐྱང་གཡོན་བསྐུམ་རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཡིན་པར་མངོན་ཏེ། རྗེ་བཙུན་ཆེན་པོས་མཛད་པའི་གདན་གྱི་རྣམ་དག་ལས། གཙོ་བོའི་ཞབས་ཕྱེད་ཀྲུང་དུ་བཞུགས་པས། ཚངས་པའི་སྙིང་ག་ནས་མནན་པ་དང་། ཞབས་གཡས་བརྐྱང་བས་དབང་ཕྱུག་ཆེན་པོའི་སྙིང་ག་ནས་མནན་པ་དང་། གཡོན་བསྐུམ་པས་གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཅན་གྱི་སྙིང་ག་ནས་མནན་པ་དང་། ཡུམ་གྱི་ཞབས་གཡོན་པས་བརྒྱ་བྱིན་གྱི་སྙིང་ག་ནས་མནན་པར་གསུངས་པ་ཡང་། འདི་ལ་དགོངས་པར་སྣང་བས། བདུད་བཞི་བཀྲམ་གདན་གྱི་ཚེ་ཡབ་ཀྱི་ཞབས་བརྐྱངས་པ་གསུམ་དང་། ཡུམ་གྱི་ཞབས་བརྐྱངས་པ་གཅིག་གིས་བདུད་བཞི་སོ་སོར་མནན་ནས་བསྐུམ་པ་གཉིས་ཀྱིས་མནན་རྒྱུ་མེད་པ་བྱ་དགོས་པར་སྣང་ངོ་། །མདོར་ན་གསུངས་ཚུལ་སོ་སོར་གསུངས་པ་ཙམ་མ་གཏོགས། སྦྱར་ཚུལ་གང་ལ་སྦྱར་ཡང་དག་པ་རེ་སྦྱར་རྒྱུ་ཡོད་པས། འགལ་བ་མེད་པ་འདྲའོ། །རྒྱན་ཆ་ལ་རྗེ་བཙུན་གྱིས་བསྟོད་པ་ལས། སྟག་ལྤགས་དང་ནི་མིའི་པགས་པས་སྣམ་དཀྲིས་ཞེས་གསུངས་པ་ནི། སྔོན་བྱུང་གི་རྣམ་འཕྲུལ་ཙམ་ལ་དགོངས་ལ། འདིར་ནི་མི་མགོ་རློན་པའི་དོ་ཤལ་དང་། རུས་པའི་རྒྱན་དྲུག་ལས་གཞན་པའི་རྒྱན་མི་དགོས་སོ། །འདིར་རྩ་རྒྱུད་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་པ་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པ་ཉིད། །ཅེས་གསུངས་པའི་དོན་རྗེ་བཙུན་རིན་པོ་ཆེས། ཉམས་དགུ་ལ་བཤད་པ་བསམ་ཀྱིས་མི་ཁྱབ་པ་ཅིག་བྱུང་ཡང་། སྐབས་འདི་བདག་གི་བླ་མ་འདི་ཙམ་ཞིག་གསུང་སྟེ། སྒེག་ཅིང་དཔའ་བ་མི་སྡུག་པ་ནི་སྐུའི་ཉམས་གསུམ་སྟེ། དེའང་སྒེག་པ་ནི་རྒྱན་སྣ་ཚོགས་དང་། བཞུགས་ཚུལ་དུ་མ་སྟེ། དེའང་སྐུ་ལྟ་བས་ཆོག་མི་ཤེས་པ་དང་ལྡན་པས་གདུལ་བྱ་འདོད་ཆགས་ཅན་འདུལ་བར་བྱེད་པ་ཡིན་ནོ། །དཔའ་བ་ནི་བདུད་བཞི་མཉམ་པར་མནན་ནས་སྐུ་ཆེ་ཞིང་བརྗིད་པ་སྟེ། ཞེ་སྡང་ཅན་འདུལ་བ་ཡིན་ནོ། །མི་སྡུག་པ་ནི་གཏི་མུག་ཅན་ལ་བྱེ་བྲག་ཏུ་སྣང་བ་སྟེ། ཞལ་སྨིན་མ་དང་དཔྲལ་བར་བསྡུས་ཤིང་། རྣམ་འགྱུར་དུ་མ་དང་ལྡན་པ་སྟེ། གཏི་མུག་ཅན་འདུལ་བར་བྱེད་པ་ཡིན་ནོ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་ནི་གསུང་གི་ཉམས་གསུམ་སྟེ། དེ་ལ་དགོད་པ་ནི་རབ་ཏུ་དགའ་ཞིང་། ཆགས་པའི་བཞད་པའི་སྒྲས་འདོད་ཆགས་ཅན་འདུལ་ལ། ཧཱུྃ་དང་ཕཊ་ལ་སོགས་པ་དྲག་ཤུལ་གྱི་ང་རོས་ཞེ་སྡང་ཅན་འདུལ་ཞིང་། འཇིགས་སུ་རུང་བ་ནི་རྟག་པ་དང་། ཆད་པར་འཛིན་པ་རྣམས་འཇིགས་པར་བྱེད་པའི་སྒྲ་སྟེ། སྟོང་པ་དང་ཟུང་དུ་འཇུག་པའི་གསུང་ཡིན་ནོ། །སྙིང་རྗེ་རྔམ་དང་ཞི་བ་ནི་ཐུགས་ཀྱི་ཉམས་གསུམ་སྟེ། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ལ་རྗེས་སུ་འཛིན་པར་བཞེད་དེ། འདོད་ཆགས་ཅན་འདུལ་ལ། རྔམ་པ་ནི་བྱམས་པ་ཆེན་པོས་རབ་ཏུ་ཁྲོ་བར་མཛད་པ་ནི། ཞེ་སྡང་ཅན་འདུལ་ཞིང་། ཟུང་དུ་འཇུག་པ་ཞི་བ་ཆེན་པོའི་ཐུགས་ཀྱིས་ལོག་པར་ལྟ་བ་དང་ལྡན་པའི་གཏི་མུག་ཅན་འདུལ་བར་བྱེད་པ་ཡིན་ནོ། །གསུམ་པ་བཞེངས་ནས་སྣོད་བཅུད་སྦྱང་བ་ལ་གཉིས་ཏེ། སེམས་དཔའ་སུམ་བརྩེགས་བསྒོམ་པ། དེས་སྣོད་བཅུད་སྦྱང་བའོ། །དང་པོ་ནི། སློབ་དཔོན་མི་ཐུབ་ཟླ་བའི་གཞུང་རྣམས་དང་། རིན་ཆེན་འབར་བར། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་ས་བོན་དང་། ཕྱག་མཚན་ལས་རང་འདྲའི་ཡེ་ཤེས་སེམས་དཔའ་བསྐྱེད། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ས་བོན་ལས་ཕྱག་མཚན་གྱིས་མཚན་པ་བསྒོམ་པར་གསུངས་པ་ནི་རྒྱས་པའི་ལུགས་སོ། །གཉིས་མེད་རྡོ་རྗེ་དང་། མར་མེ་མཛད་སོགས་ཀྱིས། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་ས་བོན་ལས་ཕྱག་མཚན་བསྒོམས་པའི་སྟེང་དུ། རང་རང་གི་ས་བོན་བསྒོམ་པ་ནི་འབྲིང་པོའི་ལུགས་སོ། །གྲུབ་ཆེན་མཚོ་སྐྱེས་ཀྱིས་ས་བོན་རྐྱང་པ་བསྒོམ་པར་གསུངས་ལ། ས་བོན་གྱི་ངོ་བོ་ནི་ཡེ་ཤེས་སེམས་དཔའ་དང་། དེའི་ཐིག་ལེ་ནི་ཏིང་ངེ་འཛིན་སེམས་དཔའ་བཤད་པས། སེམས་དཔའ་སུམ་བརྩེགས་བསྡུས་པའི་དབང་དུ་བྱས་པའོ། །འདི་རྣམས་ཀྱི་དོན་མ་གོ་བར་སྔགས་རིམ་མཁན་པོས་མི་ཐུབ་ཟླ་བ་སོགས་ཀྱི་རྒྱ་གཞུང་རྣམས་ནས་སེམས་དཔའ་སུམ་བརྩེགས་བཤད་བཞིན་དུ། རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ས་བོན་འགོད་པ་ཙམ་ལས་མ་བཤད་པས། ནོར་བའི་རྣམ་གཞག་ཤིན་ཏུ་ཆེའོ་ཞེས་འཆད་པ་ནི། མ་བརྟགས་པ་ཁོ་ན་ཡིན་ཏེ། རྗེ་བཙུན་གྱིས། ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ། ཨྃ་ལས་གྲི་གུག་ཨྃ་གིས་མཚན་པ་ཙམ་མམ། ཡང་ན་རྗེ་བཙུན་མའི་སྐུ་མཚོན་གང་བ་ཅིག་གི་ཐུགས་ཀར་ཕྱག་མཚན་ས་བོན་གྱིས་མཚན་པ་བསྒོམས་ལ། སེམས་དཔའ་སུམ་བརྩེགས་སུ་བསྒོམས་པ་སྟེ། དེ་གཉིས་གང་རུང་ཅིག་བྱའོ། །ཞེས་སེམས་དཔའ་སུམ་བརྩེགས་རྒྱས་པ་དང་། བར་མ་བསྒོམ་པའི་ཚུལ་བཤད་ཅིང་རྗེ་བཙུན་རྩེ་མོས། ལྷ་དགུའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་བར་དུ་རང་རང་གི་ས་བོན་བསམས་ལ། ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ། འཁོར་རྣམས་ཀྱི་ཟླ་བའི་སྟེང་དུ་རང་རང་གི་ས་བོན་ནོ། །ཞེས་བསྡུས་པའི་ཚུལ་གསལ་བར་གསུངས་པའི་ཕྱིར་རོ། །གལ་ཏེ་སེམས་དཔའ་གསུམ་དངོས་སུ་བཤད་པ་རྣམས་དེ་ལྟར་ཡིན་མོད། ས་བོན་ཐིག་ལེས་བརྒྱན་པ་ལ་སེམས་དཔའ་ཐ་མ་གཉིས་ཀྱི་དོན་ཚང་བར་གཞུང་གང་ནས་ཀྱང་བཤད་པ་མེད་དོ་ཞེ་ན། འདི་ནི་ཤིན་ཏུ་མི་འཐད་དེ། དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བར། དེས་ན་ཁམས་གསུམ་པའི་དམ་ཚིག་སེམས་དཔའི་སྙིང་གར་ཡི་གེ་ཧཱུྃ། ཡེ་ཤེས་སེམས་དཔའ་བསྒོམས་ནས། སེམས་ནི་ཐིག་ལེར་གྱུར་པར་བཞག །ཅེས་བྱ་བའི་དམ་ཚིག་སེམས་དཔའི་སྙིང་གར་གནས་པའི་ཡེ་ཤེས་སེམས་དཔའ་ཞེས་གྲགས་པ་ལ། རང་གི་སེམས་ཐིག་ལེར་གྱུར་བའི་ཏིང་ངེ་འཛིན་གྱི་སེམས་དཔའི་གཟུགས་ཅན་གཞག་གོ །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། གྲུབ་ཆེན་མཚོ་སྐྱེས་ཀྱིས། རང་གི་སྙིང་གར་ཉི་མ་ལ་གནས་པའི་ས་བོན་ལས་འོད་ཟེར་བྱུང་སྟེ། འོད་ཟེར་དེ་རྣམས་ཀྱིས་ཀྱང་ཁམས་གསུམ་ཐམས་ཅད་མངོན་པར་ཁྱབ་པར་བྱས་ནས་ཡི་གེ་དེ་ཉིད་ལ་ཞུགས་སོ་ཞེས་དང་། མར་མེ་མཛད་ཀྱིས། དེ་ཡི་ས་བོན་ཕྱོགས་བཅུར་སྤྲོས། །བསྐུལ་སྦྱངས་ས་བོན་སོ་སོར་ཐིམ། །ཞེས་པ་ལས། རྒྱ་གར་བའི་གཞུང་གཞན་རྣམས་ལ་སྣོད་བཅུད་སྦྱང་བ་མི་གསལ་ཡང་། རྗེ་བཙུན་སྐུ་མཆེད་གཉིས་ཆར་གྱིས་གསུངས་ཤིང་། ཇི་ལྟར་བྱ་བའི་ཚུལ་ཡང་། རྗེ་བཙུན་རྩེ་མོས། ད་ནས་དབུགས་ཕྱིར་རྒྱུ་བའི་དུས་སུ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས། དེ་མ་ཐག་ཏུ་གཞལ་ཡས་ཁང་དཔག་ཏུ་མེད་པར་འགྱུར། ཡང་འོད་ཟེར་སླར་འདུས་ནས་རང་གི་ས་བོན་ལ་ཐིམ། དེ་ཙམ་གྱིས་ནི་གཞན་དམ་ཚིག་སེམས་དཔའ་ལ་འགོད་པ་ཞེས་ཀྱང་བྱའོ། །ཞེས་གསུང་པ་ལྟར་ཡིན་ནོ། །འོད་ཟེར་དེ་གང་ལས་སྤྲོ་ན་རྗེ་བཙུན་རྩེ་མོས། དེ་ཡང་ལྷ་དགུའི་ཆོ་ག་ཡིས། །རང་རང་ས་བོན་ལས་འོད་སྤྲོ། །ཞེས་དང་། རྗེ་བཙུན་གྱིས་བཅོམ་ལྡན་འདས་དང་། ལྷ་མོ་རྣམས་ཀྱི་ས་བོན་ལས་འོད་འཕྲོས་པས་ཞེས་གསུངས་པས། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྲོ་བ་ཡིན་ནོ། །འདིར་སྣོད་བཅུད་སྦྱང་བ་དང་། འདུས་པ་འཕགས་ལུགས་ལས་ལྷག་མོས་ཀྱིས་མཛད་པ་གསུངས་པ་དང་། ཡེ་ཤེས་ཞབས་ལུགས་པས། འགྲོ་བ་དབང་བསྐུར་གསུངས་པ་རྣམས་བསྐྱེད་རིམ་གྱི་སྒྲུབ་ཐབས་གཅིག་གི་ནང་དུ་མ་དག་པའི་སྣོད་བཅུད་སྦྱངས་ནས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྒྲུབ་པའི་དམིགས་པ་ཚང་བའི་དོན་དུ་གཅིག་པར་རྗེ་བླ་མ་ཐམས་ཅད་མཁྱེན་པ་གསུང་ངོ་། །གཉིས་པ་མིག་སོགས་བྱིན་གྱིས་བརླབ་པ་ལ་བཞི་སྟེ། གང་ལ་འགོད་པའི་གཞི། དེ་ལ་བཀོད་པའི་ལྷ། ཅི་ཙམ་ཞིག་བཀོད་པའི་གྲངས། དེ་ལྷར་བཀོད་པའི་དགོས་པའོ། །དང་པོ་ནི། འགྲེལ་པ་ལུགས་ཀྱི་གཞུང་རྣམས་དང་། གྲུབ་ཆེན་མཚོ་སྐྱེས་ཀྱིས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་པའི་རྗེས་ལ་སྐྱེ་མཆེད་ཀྱི་ལྷ་འགོད་པར་བཤད་པས། དེ་ལྟར་ན་ཡེ་ཤེས་པ་དང་། དམ་ཚིག་པ་དབྱེར་མེད་དུ་བྱས་པའི་དཀྱིལ་འཁོར་ལ་འགོད་པའོ། །ནག་པོ་པ་ལྟར་ན། གཙོ་བོ་ཡབ་ཡུམ་བསྐྱེད་ཚར་བའི་རྗེས་ལ་སྐྱེ་མཆེད་ཀྱི་ལྷ་རྣམས་བཀོད་ནས། འཁོར་གི་ལྷ་མོ་ཕྱུང་ཚར་བའི་རྗེས་ལ་མ་བཤད་པའི་ཕྱིར། གཙོ་བོ་ཡབ་ཡུམ་ཙམ་ཞིག་ལ་འགོད་པར་གསལ་ལོ། །རྗེ་ས་ཆེན་ཡབ་སྲས་ཀྱིས་མཚོ་སྐྱེས་འགྲེལ་པར། ཡེ་ཤེས་པ་བཀུག་པའི་རྗེས་ལ་སྐྱེ་མཆེད་བྱིན་གྱིས་རློབ་པར་འདོད་པ་བཀག་ནས། རང་ལུགས་རྫོགས་རིམ་བསྒོམས་ཚར་བའི་རྗེས་ལ་སྐྱེ་མཆེད་བྱིན་གྱིས་རློབ་པར་བཤད་དེ། འགྲེལ་པར། མདའ་གཅིག་ཤ་གཉིས་ཚུལ་གྱིས་ནི། །ཞེས་མདའ་གཅིག་གིས་ཤ་བ་གཉིས་གསོད་པ་ལྟར། སྐབས་འདིར་འགོད་པ་ནི། ཡན་ལག་བཞིའི་སྐྱེ་མཆེད་བྱིན་རླབས་དང་། རྣམ་དག་གཉིས་ཀ་དུས་གཅིག་ལ་འགྲུབ་པའི་དབང་དུ་བྱས་ནས། སྐབས་འདིར་བྱིན་གྱིས་རློབ་པ་སྟེ། དེ་ལྟར་ན་ཡན་ལག་གསུམ་རྫོགས་པའི་ལྷ་ལ་འགོད་པའོ། །རྗེ་བཙུན་གྱིས་ཡན་ལག་དྲུག་པར་སྐྱེ་མཆེད་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་སྤྱན་འདྲེན་པར་གསུངས་པས། དེ་ལྟར་ན་དམ་ཚིག་གི་དཀྱིལ་འཁོར་ཁོ་ན་ལ་འགོད་པ་སྟེ། རྩ་རྒྱུད་ལས། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་དང་། གསང་བ་འདུས་པའི་ལེའུ་བཅུ་གཉིས་པ་ལས། ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་གསུངས་པའི་དོན་དུ་མཛད་པའོ། །གཉིས་པ་ནི། རྒྱ་གར་བའི་སྒྲུབ་ཐབས་ཕལ་ཆེར་དང་། རྗེ་བཙུན་སྐུ་མཆེད་གཉིས་ཀྱིས་སྐྱེ་མཆེད་དྲུག་དང་། སྐུ་གསུང་ཐུགས་ཀྱི་ལྷ་མོ་གསུམ་སྟེ། དགུ་འགོད་པར་གསུངས་པ་འདི་ཉིད་གཙོ་བོར་བྱའོ། །དེ་རྣམས་ཞལ་གཅིག་ཕྱག་གཉིས་པ་ལ་མི་མཐུན་པ་མེད་ཅིང་ཁ་དོག་ནི་ཉིན་འབྱུང་ཟླ་བས་ནག་པོ་འབའ་ཞིག་ཏུ་བཤད་ཀྱང་། རྗེ་བཙུན་སྐུ་མཆེད་ཀྱིས་གཏི་མུག་རྡོ་རྗེ་མ་དཀར་མོ། ཞེ་སྡང་རྡོ་རྗེ་མ་སྔོན་མོ་སོགས་སུ་བཤད་པ་ལྟར་རོ། །ཕྱག་མཚན་ནི་རྗེ་བཙུན་སྐུ་མཆེད་ཀྱིས་གཡས་གྲི་གུག གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ་དང་། རྒྱན་ཆ་ནི་ཕྱག་རྒྱ་ལྔས་བརྒྱན་པ་དང་། གདན་ནི་པད་ཉི་དང་རོ་གདན་དུ་གསུངས་པ་ལྟར་རོ། །བསྒོམ་ཚུལ་ནི། རྗེ་བཙུན་རྩེ་མོས་མིག་ལ་སོགས་པ་སྐྱེ་མཆེད་ཐ་མལ་པ་རྣམས་སྟོང་པར་བསམས་ཏེ། དེར་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་སྟེང་དུ་རོ་རེ་བསམས་ཏེ། ཞེས་བཤད་པ་ནི་གདོང་དྲུག་གི་རྒྱུད་ལས། མིག་སོགས་བྱིན་གྱིས་བརླབ་པ་ལ། །གཏི་མུག་རྡོ་རྗེ་སོགས་ཀྱིས་བསྲུང་། །དབང་སྦུབས་སྟོང་པ་ཉིད་བྱ་སྟེ། །སྙིང་པོའམ་མིང་གི་ཡི་གེ་ཡིས། །རིགས་ཀྱི་ཕྱག་མཚན་ལྡན་པ་ཡི། །སྐུ་རྣམས་ངེས་པར་བསྐྱེད་པའོ། །ཞེས་གསུང་པ་དང་མཐུན་པས། མིག་སོགས་ཐ་མལ་གྱི་སྐྱེ་མཆེད་རྣམས་སྟོང་པར་བསྒོམས་ནས། དེར་ས་བོན་སོགས་ལས་ལྷ་བསྐྱེད་པ་ཡིན་གྱི། དབང་རྟེན་ཉིད་ལྷར་བསྒོམ་པ་མ་ཡིན་པས། ལུས་དཀྱིལ་དང་། སྐྱེ་མཆེད་ཀྱི་ལྷའི་བསྒོམ་ཚུལ་གྱི་ཁྱད་པར་རྒྱུ་མཚན་དང་བཅས་པའང་ཤེས་དགོས་སོ། །གསུམ་པ་ནི། མི་ཐུབ་ཟླ་བས་བདག་མེད་མར་སྒྲུབ་ཐབས་ལས། གཏི་མུག་རྡོ་རྗེ་མིག་གཉིས་སུ། །ཞེས་དང་། ཡབ་ཀྱི་སྒྲུབ་ཐབས་ལས། མིག་གཉིས་ཞེས་དང་། རྣ་བ་གཉིས་ཞེས་བཤད་པ་དང་། བདུད་རྩི་འོད་ལས། མིག་དག་གཏི་མུག་རྡོ་རྗེ་ཡིན། །ཞེས་གསུངས་པས། གཙོ་བོའི་རྩ་ཞལ་གྱི་སྤྱན་གཉིས་དང་། སྙན་གཉིས་དང་། འཁོར་རྣམས་ཀྱི་ཡང་སྤྱན་གཉིས་དང་། སྙན་གཉིས་ལ་འགོད་པ་ཡིན་གྱི། སྤྱན་དབུས་མ་དང་། གཙོ་བོའི་ཞལ་ལྷག་མ་རྣམས་ལ་མི་འགོད་དེ། སྔར་གྱི་ལུང་དེ་རྣམས་ལས་མིག་གཉིས་ཞེས་སོགས་དམིགས་བསལ་དུ་འབྱུང་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་འོག་ནས་འཆད་པའི་དགོས་པ་གསུམ་གྱིས་ཐ་མལ་གྱི་རྣམ་རྟོག་བཟློག་པ་ཡང་། སྦྱང་གཞི་ཉིད་ལ་དགོས་པ་ཡིན་གྱི། གཞན་ལ་མི་དགོས་པ་དང་། མངོན་ཤེས་ལྔ་འཆར་བ་ཡང་སྦྱང་གཞི་ཉིད་ལ་འཆར་བ་དང་། བར་ཆད་ཀྱི་བགེགས་ལས་བསྲུང་བ་ཡང་སྦྱང་གཞི་ཉིད་བསྲུང་དགོས་པ་རྒྱུ་མཚན་དུ་བྱས་ནས། གཙོ་བོའི་སྦྱང་གཞི་ཉིད་ལ་འགོད་ལ། དེའི་འགྲོས་ཀྱིས་འཁོར་གྱི་ལྷ་རྣམས་ལ་ཡང་དེ་ལྟར་དུ་སྦྱར་བའོ། །བཞི་པ་ནི། རྗེ་བཙུན་རྩེ་མོས། དེ་ལྟར་གོ་ཆ་བགོས་པ་ལ། །དགོས་པ་རྣམ་པ་གསུམ་གསུངས་ཏེ། །ཐ་མལ་རྣམ་རྟོག་བློ་བཟློག་དང་། །མངོན་པར་ཤེས་པ་ལྔ་འཆར་དང་། །བར་ཆད་བགེགས་ལས་བསྲུང་བ་སྟེ། །དེ་ལས་དང་པོ་རྣམ་པ་གཉིས། །གུར་གྱི་ལུང་ཡིན་ཐ་མ་ནི། །བླ་མ་དམ་པའི་གདམས་ངག་ཡིན། །ཞེས་གསུངས་ལ། དེའི་དོན་དང་པོ་ནི། རྡོ་རྗེ་གུར་ལས། བསྐྱེད་རིམ་གྱིས་ཐ་མལ་གྱི་རྣམ་རྟོག་བཟློག་པར་གསུང་པ་ལྟར་འདིར་མིག་སོགས་ལ་ལྷ་བཀོད་པས་མིག་སོགས་ཐ་མལ་གྱི་དབང་པོར་ཞེན་པ་བཟློག་པ་ཡིན་ནོ། །གཉིས་པ་ནི། གུར་ལས། སྐྱེས་པ་དང་ནི་སྐྱེ་བ་དང་། །སྐྱེ་བོ་གང་ཞིག་སྐྱེ་འགྱུར་བ། །གཏི་མུག་རྡོ་རྗེའི་སྦྱོར་བ་ལས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །སྒྲ་ནི་གང་ཞིག་རབ་གྲགས་པར། །རྣ་བའི་དྲུང་དུ་གནས་པ་བཞིན། །ཞེ་སྡང་རྡོ་རྗེའི་སྦྱོར་བ་ལ། །དྲང་སྲོང་མངོན་པར་ཤེས་པས་ཐོས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །མཚོན་དཀའ་ལྟ་བུའི་མཚན་ཉིད་ནི། །ལག་མཐིལ་སྐྱུ་རུ་ར་ལྔ་བཞིན། །རྡོ་རྗེ་སེམས་ཀྱིས་ཤེས་པར་འགྱུར། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །རང་གི་རིགས་ནི་སྟོང་ཕྲག་གཅིག །རྡོ་རྗེ་སྦྱོར་བས་དྲན་གྱུར་ཏེ། །ཉི་མ་གསུམ་བཞིན་དྲན་པར་འགྱུར། །སྒྱུ་འཕྲུལ་དྲྭ་བ་དུ་མ་ཡི། །འདིས་ནི་སྣང་བར་བྱེད་པར་འགྱུར། །མངོན་ཤེས་ལྔ་ཡི་སྦྱོར་བ་ཡིས། །སངས་རྒྱས་མངོན་ཤེས་ཐོབ་པར་འགྱུར། །ཞེས་གསུངས་པས། གཏི་མུག་རྡོ་རྗེ་མ་དང་། ཞེ་སྡང་རྡོ་རྗེ་མ་གཉིས་བསྒོམས་པས་ལྷའི་མིག་དང་རྣ་བའི་མངོན་པར་ཤེས་པ་ཐོབ། བར་མ་གསུམ་གྱིས་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཐོབ་པ་དེ་རྣལ་འབྱོར་པས་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ཐོབ། ལྷའི་མིག་དང་། རྣ་བ་གཉིས་མངོན་ཤེས་གཅིག་ཏུ་བྱས་པའི་མངོན་ཤེས་ལྔ་ལ་བརྟེན་ནས། དྲུག་པ་ཟག་མེད་ཀྱི་མངོན་ཤེས་ཐོབ་པར་འགྱུར་ཏེ། ཀཾ་པ་ལས། མིག་ལ་སོགས་པའི་དབང་པོ་དྲུག །མངོན་ཤེས་བསྐྱེད་ཕྱིར་སྦྱང་བར་བྱ། །ཞེས་སོ། །གསུམ་པ་ནི། རྩ་རྒྱུད་དུ། འདིས་ནི་གོ་ཆ་སེམས་དཔའ་ཆེ། །ཞེས་འདི་རྣམས་གོ་ཆར་གསུངས་ལ། གོ་ཆས་བར་ཆད་བསྲུང་བ་ཆོས་ཉིད་ཡིན་ཏེ། གསང་འདུས་སྒྲོན་གསལ་ལས། མིག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སོགས་སུ་བསྒོམས་པས་བརྒྱ་བྱིན་ལ་སོགས་པ་བགེགས་ཀྱིས་མི་ཚུགས་པར་བཤད་པ་ལྟ་བུའོ། །གསུམ་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་ལ་གཉིས་ཏེ། དངོས་དང་། ཞར་ལས་དེའི་དགོས་པའོ། །དང་པོ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་དགུའི་རྣམ་པར་སྤྱན་དྲངས། ལྷ་མོ་བརྒྱད་ཀྱིས་མཆོད། འོག་ནས་འབྱུང་བའི་བསྟོད་པས་བསྟོད། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་བརྗོད་པས་ལྷ་མོ་གཽ་རཱི་ནག་མོ་ལྕགས་ཀྱུ་ཐོགས་པས་སྲུང་བའི་འཁོར་ལོའི་ནང་དུ་སྤྱན་དྲངས། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ་ཞེས་བརྗོད་པས་ཙཽ་རཱི་དམར་མོ་ཞགས་པ་ཐོགས་པས། མགྲིན་པ་ལ་རེག་པས་ཡེ་ཤེས་སེམས་དཔའ་རྣམས་སྨིན་མཚམས་ནས་ཐིམ། ཨོྃ་བཛྲ་བེ་ཏཱ་ལཱི་བནྡྷ་བཾ་ཞེས་བརྗོད་པས་བེ་ཏཱ་ལཱི་སེར་མོ་ལྕགས་སྒྲོག་ཐོགས་པས་ཞབས་ལ་རེག་པས་ཆུ་ལ་ཆུ་འདྲེས་པ་བཞིན་བསམ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿཞེས་བརྗོད་པས་གྷསྨ་རཱི་ལྗང་གུ་དྲིལ་བུ་ཐོགས་པས། ཕྱི་ནང་ཀུན་ཏུ་དྲིལ་བུའི་སྒྲ་བྱུང་བས་དམ་ཚིག་པ་རྣམས་ཡེ་ཤེས་པའི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ནི། རྗེ་བཙུན་རྩེ་མོས། དེ་ལྟར་དམ་ཚིག་འཁོར་ལོ་ལ། །ཡེ་ཤེས་བསྟིམ་པའི་དགོས་པ་ཡང་། །འདི་ལྟར་ཁ་ཅིག་དམ་ཚིག་པ། །དམན་འཛིན་ཡེ་ཤེས་མཆོག་ཏུ་འཛིན། །དེ་ལྟར་འཛིན་པའི་གང་ཟག་གིས། །ཡེ་ཤེས་དགུག་གཞུག་མ་བྱས་ན། །དམ་ཚིག་འབའ་ཞིག་གཟུགས་བརྙན་ཙམ། །ལམ་དུ་བྱས་ཡིན་དེས་མི་འགྲུབ། །དེ་བས་དམ་ཚིག་འཁོར་ལོ་ལ། །ཡེ་ཤེས་བཅུག་པས་དེར་རྟོགས་པས། །འབྲས་བུ་འབྱིན་ཡིན་ཡང་དག་པར། །དེ་ལྟར་མེད་ཀྱང་དེར་དགོངས་གསུངས། །ཞེས་གསུངས་པ་ལྟར་ཡིན་ནོ། །གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ་ལྔ་སྟེ། དབང་བསྐུར་གི་ལྷ་སྤྱན་དྲངས། མཆོད་ཅིང་གསོལ་བ་གདབ་པ། དབང་བསྐུར་བ་དངོས། རིགས་བདག་གིས་རྒྱས་གདབ་པ། དབང་དོན་ལ་ང་རྒྱལ་གཟུང་བའོ། །དང་པོ་ནི། རྩ་རྒྱུད་ལས། རང་གི་སྙིང་གར་ས་བོན་བསམ་མོ། །ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས། དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་ཞེས་གསུངས་པའི་དོན་སྤྱན་འདྲེན་པའི་གཞི་ནི། རང་གི་སྙིང་གར་ས་བོན་ཞེས་ཏེ། རིགས་སོ་སོའི་ས་བོན་ནོ། །དེ་ལས་འོད་ཟེར་ཁ་དོག་ནག་པོ་རྩེ་མོ་གུག་པ་ལྕགས་ཀྱུའི་རྣམ་པ་སྤྲོས་ནས། གང་སྤྱན་འདྲེན་ན་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཅེས་པ་ལ། འགྲེལ་པ་ལུགས་ཀྱི་གཞུང་རྣམས་སུ་སངས་རྒྱས་ཐམས་ཅད་ཅེས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཙམ་ལས་མི་འབྱུང་ཡང་། གྲུབ་ཆེན་མཚོ་སྐྱེས་ཀྱིས། རང་གི་སྐུ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་མ་དང་། ལྷ་མོ་དང་། ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་དབང་བསྐུར་བ་དང་ལྡན་པ་དང་། ཞེས་གསུངས་སོ། །དེ་དང་མཐུན་པར་རྗེ་བཙུན་སྐུ་མཆེད་ཀྱིས་ཀྱང་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་སྟེ། གདན་གསུམ་དངོས་སུ་ཚང་བའི་དཀྱིལ་འཁོར་སྤྱན་འདྲེན་པར་མཛད་དོ། །གཉིས་པ་ནི་རྩ་རྒྱུད་ལས། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པའི་དོན་སྤྱན་དྲངས་པའི་དཀྱིལ་འཁོར་ལ་ལྷ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་བའི་ཕྱིར་དུ་གསོལ་བ་གདབ་པའི་སྔགས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་པ་སྟེ་བསྡུས་པ་ཡིན་ལ། རྒྱས་པར་ན། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་པས་གསོལ་བ་གདབ་བོ། །གསུམ་པ་ནི། རྩ་རྒྱུད་ལས། སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གུར་གུམ་གྱི་ཆུའི་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱའོ། །ཞེས་པའི་དོན་གསོལ་བ་བཏབ་པའི་རྗེས་དེ་ནས་དེ་བཞིན་གཤེགས་པ་རིགས་ལྔ་པོ་འདི་དག་ཧེ་རུ་ཀའི་རྣམ་པའི་གཟུགས་སུ་གྱུར་པ་ནི། ཀུ་མུ་ཏིར། ཧེ་རུ་ཀའི་གཟུགས་བྱས་པས། །ཞེས་བྱ་བ་ནི་ཞལ་བརྒྱད་ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ་རྣམས་སོ། །ཞེས་གསུངས་པ་ལྟར་རྗེ་བཙུན་རྩེ་མོས་ཀྱང་གསུངས་སོ། །དེ་ལྟ་བུའི་ཕྱག་བཅུ་དྲུག་གིས་ཐོད་པའི་ཚབ་ཏུ། གུར་ལས། མི་བསྐྱོད་པ་ནི་རྡོ་རྗེའི་ཆུ། །རྣམ་པར་སྣང་མཛད་དྲི་ཆུར་བརྗོད། །སྣང་བ་མཐའ་ཡས་ཁུ་བ་སྟེ། །རིན་ཆེན་འབྱུང་ལྡན་ཁྲག་ཅེས་བྱ། །ཤ་ཆེན་དོན་ཡོད་གྲུབ་པ་འོ། །ཞེས་གསུངས་པ་ལྟར་གྱི་བདུད་རྩི་ལྔའི་ཆུས་ཡོངས་སུ་གང་བའི་བུམ་པ་བསྣམས་ནས་སྤྱི་བོ་ནས་བླུགས་ཤིང་། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་གསུངས་ཤིང་དབང་བསྐུར། དེའི་ཚེ་ཡུམ་བཞིས་རྡོ་རྗེའི་གླུ་ལེན། བྱང་སེམས་ཀྱིས་བཀྲ་ཤིས་བརྗོད། ལྷ་མོ་རྣམས་ཀྱིས་མཆོད། ཁྲོ་བོ་རྣམས་ཀྱིས་འགེགས་བསྐྲད་པར་བསམ་མོ། །འདིར་འགྲེལ་པ་ལུགས་ཀྱི་གཞུང་རྣམས་སུ་དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་དག་རིགས་བདག་གི་རྒྱས་འདེབས་པ་ཙམ་ལས་མ་གསུངས་ལ། མན་ངག་ལུགས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལས་དབང་བཞི་ལེན་པའི་ཚུལ་གསུངས་ཏེ། རྗེ་བཙུན་རིན་པོ་ཆེས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང་བས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ། ལུས་ཀྱི་དྲི་མ་དག བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ལ་དབང་། དེའི་མཐར་ཐུག་རྒྱན་དྲུག་གི་དག་པ་ཡིན་པས། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །གདུ་བུ་རྣམ་པར་སྣང་མཛད་དེ། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་བྱ་བ་ཐལ་བ་དང་མཆོད་ཕྱིར་ཐོགས་རྡོ་རྗེ་འཆང་ཆེན་པོ་ཡིན་སྙམ་དུ་བསམ་མོ། །ཡང་དབང་གི་ཆུ་རྒྱུན་གྱིས་མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་། དེའི་མཐར་ཐུག་འཁོར་ལོ་བཞིའི་རྒྱས་གདབ་པ་ཡིན་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་ཨྃ་ལས་ཀྱི་ཕྱག་རྒྱ། སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་དབུས་ན་ཧཱུྃ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པ་ཁ་དོག་དམར་པོ་ཁ་གྱེན་ལ་བལྟས་པའི་དབུས་ན་ཨོཾ་དམར་པོ་ཡོད་པ་ནི་ཕྱག་རྒྱ་ཆེན་པོ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་དཀར་པོ་ཁ་ཐུར་ལ་ལྟ་བའི་དབུས་ན་ཧྃ་ཡོད་པ་ནི་དམ་ཚིག་གི་ཕྱག་རྒྱར་མོས་པ་བྱ། ཡང་དབང་གི་ཆུ་རྒྱུན་གྱིས་སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱིས་དྲི་མ་དག་ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་། དེ་ལས་མངོན་པར་ཤེས་པ་བསྐྱེད་པ་སྔར་གྱི་སྐྱེ་མཆེད་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དྲན་པ་ཙམ་བྱ། དེ་ནས་དབང་གི་ཆུ་རྒྱུན་དེས་གསང་གནས་ནས་རྐང་པའི་མཐིལ་ཡན་ཆད་གང་། ལུས་ཐམས་ཅད་མ་ལུས་པར་གང་བས། མཆོག་ཏུ་བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པས་བརྟན་པར་བྱས། དེས་ནས་དབང་རྫོགས་པ་དང་། ལམ་རྫོགས་པས་ན་རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ་ཞེས་སོ། །འདི་ལ་ཕྱིས་ཀྱི་སྔགས་རིམ་མཁན་པོ་དག དབང་བཞི་ཆུ་རྒྱུན་གཅིག་ལས་ལེན་པ་རྒྱ་གར་བའི་གཞུང་གང་དུའང་བཤད་པ་མེད་པས་མི་དག་གོ་ཞེས་འཆད་པ་ནི་ཤིན་ཏུ་མི་རིགས་ཏེ། གྲུབ་ཆེན་མཚོ་སྐྱེས་ཀྱིས། འདི་སྐད་དུ་རིམ་པ་ཇི་ལྟ་བར་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བཞི་པོ་རྣམས་ཐོབ་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་རྣམ་པ་བཞི་པོ་རྣམས་མངོན་པར་མཚོན་པ་དང་། དགོད་པ་དང་། ལྟ་བ་དང་། འཁྱུད་པ་དང་། གཉིས་གཉིས་བཞི་པོ་རྣམ་པར་དག་པ་ནི། སློབ་དཔོན་དང་། གསང་བ་དང་། ཤེས་རབ་དང་། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པ་དབང་བཞི་པོ་རྣམས་བླང་ངོ་། །དབང་བསྐུར་ནས་རང་གི་རིགས་ཀྱི་བདག་པོས་སྤྱི་བོར་མཚན་ཏོ། །ཞེས་སྐབས་འདིར་དབང་བཞི་ལེན་པ་གསལ་བར་གསུངས་པའི་ཕྱིར་རོ། །གཞུང་འདིའི་དོན་དབང་རང་གི་ངོ་བོ་གང་བླང་ན། སློབ་དཔོན་སོགས་སོ། །དེས་དྲི་མ་གང་དག་ན་དགོད་པ་དང་སོགས་སོ། །དེས་ཉམས་མྱོང་ཅི་སྐྱེ་ན། དགའ་བ་དང་སོགས་སོ། །དེ་ཇི་ཙམ་གྱི་དུས་སུ་སྐྱེ་ན། རྣམ་པ་སྣ་ཚོགས་པ་སོགས་ཏེ། གཞུང་མས་རིམ་གྱིས་བཤད་ལ། སློབ་དཔོན་བདེ་བའི་རྡོ་རྗེས་སྐུ་རྡོ་རྗེ་ལྷ་དགུའི་སྒྲུབ་ཐབས་སུ་དོན་འདི་དང་འདྲ་བར་བཤད་དོ། །བཞི་པ་ནི་རྩ་རྒྱུད་ལས། དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱིས་བདག་པོར་འགྱུར་རོ། །ཞེས་པའི་དོན་ནི་རྗེ་བཙུན་རིན་པོ་ཆེས། སྤྱིར་རྡོ་རྗེ་ཐེག་པའི་ལམ་དང་། འབྲས་བུ་ཐམས་ཅད་ཕྱག་རྒྱས་མཚོན་ནུས་ལ། དེའང་བསྐྱེད་པའི་རིམ་པའི་སྟེང་དུ་མཚོན་པས། ལམ་ཐམས་ཅད་མཚོན་པར་ནུས་པ་ཡིན་ནོ། །དེ་ལ་ལྔ་སྟེ། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་ཕྱག་རྒྱ། ལུས་ལ་སེམས་ཀྱི་ཕྱག་རྒྱ། སེམས་ལ་ལུས་ཀྱི་ཕྱག་རྒྱ། རྒྱུ་ལ་འབྲས་བུའི་ཕྱག་རྒྱ། འབྲས་བུ་ལ་རྒྱུའི་ཕྱག་རྒྱའོ། །དང་པོ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལ། རང་བཞིན་གྱིས་རྣམ་པར་དག་པར་ཤེས་པ་ནི། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་ཕྱག་རྒྱ་སྟེ། སཾ་པུ་ཊ་ལས། འདོད་ཆགས་དག་པས་འདོད་ཆགས་ཉིད། །ཞེ་སྡང་དག་པས་ཞེ་སྡང་ཉིད། །གཏི་མུག་དག་པས་གཏི་མུག་སྟེ། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །ཞེས་བྱ་བ་དང་། དཔལ་མཆོག་ལས་ཀྱང་། འདོད་ཆགས་རྣམ་པར་དག་པའི་གནས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། འདི་ཉིད་ལས་ཀྱང་། ངོ་བོ་གཟུགས་མེད་མཐོང་བ་པོ། །ཞེས་བྱ་བ་ལ་སོགས་པ་དེའི་དོན་ཡིན་ཏེ། དེ་མཚོན་པ་ནི་གཙོ་བོ་དང་། ནང་གི་རྣལ་འབྱོར་མ་རྣམས་དང་། སྟེང་འོག་ལ་རང་གི་རིགས་ཀྱི་དབུ་རྒྱན་བྱས་པས་ངོ་བོ་ཉིད་མཚོན་པ་ཡིན་ནོ། །ལུས་ལ་སེམས་ཀྱི་ཕྱག་རྒྱ་ནི། ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་མ་གཏོགས་པ་གུད་ན་མེད་དོ་ཞེས་རྟོགས་པར་བྱ་བ་སྟེ་མཚོན་པ་ནི། པུཀྐ་སཱི་ས་རྣམ་པར་དག་པ་དང་། གཽ་རཱི་གཟུགས་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ། རྣམ་པར་སྣང་མཛད་ཀྱི་ངོ་བོ་ལ་སེམས་ཀྱི་ངོ་བོ་མི་བསྐྱོད་པའི་རྒྱས་བཏབ་པ་འདིས་མཚོན་པ་ཡིན་ནོ། །དེའང་རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས་པ་དང་། འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པ་ཡིན་ནོ། །སེམས་ལ་ལུས་ཀྱི་ཕྱག་རྒྱ་ནི་སྲུང་བའི་འཁོར་ལོ་དང་། གཞལ་ཡས་ཁང་ལ་སོགས་པ་ལུས་དང་། ཕྱི་རོལ་བེམས་པོའི་རྣམ་འཕྲུལ་ཐམས་ཅད་སེམས་ཀྱིས་བྱེད་པ་ནི་སེམས་ལུས་སུ་སྒྲུབ་པ་སྟེ། དེ་མཚོན་པ་ནི་ཆུ་རྣམ་པར་དག་པ་ཤ་ཝ་རཱི་དང་། སྒྲ་དང་ཚོར་བ་རྣམ་པར་དག་པ་ཙཽ་རཱི་གཉིས་མི་བསྐྱོད་པའི་ངོ་བོ་སེམས་ལ་རྣམ་པར་སྣང་མཛད་ལུས་ཀྱིས་དབུར་བརྒྱན་པ་ནི་སེམས་ལ་ལུས་ཀྱི་རྒྱ་སྟེ། དེ་གཉིས་ཀའང་དཔལ་གསང་བ་འདུས་པ་ལས། རིགས་ཀྱི་བུ་ཁྱོད་ཀྱི་ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་ཀུན་དུ་སྒོམས་ཤིག ཅེས་གསུང་པའི་དོན་ཡང་དེ་ཡིན་ནོ། །རྒྱུ་ལ་འབྲས་བུའི་རྒྱ་ཞེས་བྱ་བ་ནི། མ་དག་པའི་ཕུང་ཁམས་སྐྱེ་མཆེད་རྣམས་དག་པ་དེ་བཞིན་གཤེགས་པ་རིགས་ལྔ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པར་བྱིན་གྱིས་རློབ་པ་ནི། རྒྱུ་ལ་འབྲས་བུ་གནས་པ་འབྲེལ་པ་ཅན་དུ་བསྒོམ་པ་སྟེ། དེ་ནི་ཙཎྜ་ལཱི་མེ་རྣམ་པར་དག་པ་དང་། བེ་ཏཱ་ལཱི་དྲི་དང་། འདུ་ཤེས་རྣམ་པར་དག་པ་འོད་དཔག་ཏུ་མེད་པའི་ངོ་བོ། རྒྱུ་འདོད་ཆགས་རྣམ་པར་དག་པ་ལ་འདོད་ཆགས་ཀྱི་འབྲས་བུ་སེར་སྣ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་བཏབ་པས་དེ་མཚོན་པ་ཡིན་ཏེ། གཟུགས་ཕུང་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའི་དོན་ཡང་། རྒྱུ་འབྲས་བུར་བྱིན་གྱིས་རློབ་པའི་དོན་ཡིན་ནོ། །འབྲས་བུ་ལ་རྒྱུའི་ཕྱག་རྒྱ་ཞེས་བྱ་བ་ནི་དག་པ་རིགས་ལྔ་དང་། ཡེ་ཤེས་ལྔ་ཡང་རྒྱུ་ཕུང་པོ་དང་། ཉོན་མོངས་པ་གནས་གྱུར་པ་ལས་འབྱུང་ངོ་ཞེས་སྟོན་པ་ནི། རླུང་རྣམ་པར་དག་པ་གཡུང་མོ་དང་། རོ་དང་འདུ་བྱེད་རྣམ་པར་དག་པ་གྷསྨ་རཱི་གཉིས་དོན་ཡོད་གྲུབ་པ། འབྲས་བུ་ཕྲག་དོག་གི་ངོ་བོ་ལ་རྒྱུ་འདོད་ཆགས་རྣམ་པར་དག་པ་འོད་དཔག་ཏུ་མེད་པས་རྒྱས་བཏབ་པས་དེ་མཚོན་པ་ཡིན་ཏེ། འབྲས་བུ་དེ་ཡང་རྒྱུའི་རིགས་ལས་འབྱུང་བ་མཚོན་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་གུར་ལས། ཐུབ་པ་རྣམ་པར་སྣང་མཛད་རྨོངས། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །འདོད་ཆགས་དཔག་མེད་རྡོ་རྗེ་སྟེ། །སེར་སྣ་རྡོ་རྗེ་སྣང་བྱེད་ཉིད། །དོན་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱུ་འབྲས་ཀྱི་རྒྱ་ཚན་པ་དེ་གཉིས་ཀའི་ལུང་ཡང་། ཐམས་ཅད་གསང་བ་ལས། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུའི་རྒྱས་གདབ། །གཞན་དུ་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ཡང་འགྲུབ་མི་འགྱུར། །ཞེས་གསུངས་ལ། སཾ་པུ་ཊི་ལས་ཀྱང་། བུད་ཤིང་བསྲེགས་པའི་རིགས་པ་ཡིས། །དགེས་པའི་རྒྱལ་བ་གར་མཁན་མཆོག །ཅེས་གསུངས་ཏེ། བུད་ཤིང་ལ་མེའི་རིགས་དང་། མེ་ལ་བུད་ཤིང་གི་རིགས་ཞེས་བརྗོད་པ་དང་འདྲ་བ་ཡིན་ནོ། །དེའང་རྒྱུ་འདོད་ཆགས་ལས་འབྲས་བུ་སེར་སྣ་དང་ཕྲག་དོག་འབྱུང་བས། རྒྱུ་འབྲས་དེ་གཉིས་ནི་ཕན་ཚུན་མི་སླུ་བའི་ཕྱིར་རོ། །དེ་ཙམ་དཔེར་བཞག་ནས་འཁོར་བའི་རྒྱུ་འབྲས་དག་བྱ་དག་བྱེད་ངོ་སྤྲད་པའི་ལམ་འདིས་འབྲས་བུ་སངས་རྒྱས་འགྲུབ་པ་མི་སླུ་བ་ཡིན་ནོ། །ཡང་ཁ་ཅིག་འདི་སྐད་དུ། ཕྱོགས་ཀྱི་ལྷ་མོ་ནི་ཕུང་པོར་གང་ནས་བཤད། དྲི་དག་པ་ནི་རིན་ཆེན་འབྱུང་ལྡན་ཡིན། རོ་དག་པ་ནི་འོད་དཔག་ཏུ་མེད་པ་ཡིན་པས། དེ་གཉིས་ཀྱི་ངོ་བོ་བེ་ཏཱ་ལཱི་དང་། གྷསྨ་རཱི་གཉིས་ལ་རང་གི་རིགས་ཀྱིས་དབུ་རྒྱན་བྱུང་བས་ན་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱར་མི་འགྱུར་རམ་ཞེ་ན། ཕྱོགས་ཀྱི་ལྷ་མོ་ཕུང་པོར་བཤད་པ་ནི། རྒྱུད་འབུམ་པའི་ལུང་སློབ་དཔོན་མཚོ་སྐྱེས་ཀྱིས་གསུངས་ལ། དྲི་དང་རོའི་དག་པའང་སྦྱང་གཞི་དྲི་སེར་སྣའི་ངོ་བོ། འབྲས་བུ་ལ་སྦྱོང་བྱེད་བེ་ཏཱ་ལཱི་རྒྱུ་འདོད་ཆགས་ཀྱིས་སྦྱོང་ལ། དེ་ལ་ཡང་འབྲས་བུ་སེར་སྣའི་རྒྱས་བཏབ་པ་ལ་སུམ་སྦག་ཡིན་ལ། རོ་འདོད་ཆགས་རྒྱུ་ལ་གྷསྨ་རཱི་འབྲས་བུ་ཕྲག་དོག་གིས་སྦྱོང་ལ། དེ་ལ་འདོད་ཆགས་འོད་དཔག་ཏུ་མེད་པས་རྒྱས་བཏབ་པས་རྒྱ་སུམ་སྦག་ཡིན་ནོ། །དེ་ལྟར་ན་ལུས་སེམས་ལ་ཉིས་སྦག་ལས་མི་ཡོང་ལ། རྒྱུ་འབྲས་ལ་སུམ་སྦག་ཡོད་པ་ཅིའི་ཕྱིར་ཞེ་ན། རྒྱུ་འབྲས་འདི་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར། སྦྱང་གཞི་ནས་མཚོན་དགོས་ལ། ལུས་སེམས་ཀྱི་དག་བྱ་དག་བྱེད་ནི་དེ་ཉིད་ཀྱིས་རྫོགས་ཏེ། དེ་ཐམས་ཅད་ལ་ཡང་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་ཞེས་བྱ་བས་ཁྱབ་དགོས་པས་དབུ་རྒྱན་རྣམས་ཀྱི་སྤྱི་བོར་ཡང་རང་གི་རིགས་ཀྱི་ཕྱག་མཚན་བསྒོམ་དགོས་ཏེ། རྡོ་རྗེ་གུར་ལས། སྤྱི་བོར་རྡོ་རྗེ་འཛིན་པ་མཆོག །དེར་ཡང་རྡོ་རྗེ་མཆོག་ནག་པོ། །ཞེས་བྱ་བ་དང་། ཆོས་ཀྱི་འཁོར་ལོ་སྤྱི་བོར་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཁ་ཅིག་ལོག་པར་རྟོག་པ་འདི་སྐད་དུ། པུཀྐ་སཱི་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ན། ལུས་བརྩེགས་ན་དོན་མེད་ཅིང་། ཤ་ཝ་རཱི་ལ་མི་བསྐྱོད་པས་དབུར་བརྒྱན་པ་ནི། ལུས་མེད་པའི་སེམས་རྟེན་མེད་པས་མི་མཛེས་སོ། །ཞེས་བྱ་བ་ལྷའི་དབུ་རྒྱན་རྐྱང་པ་ཙམ་མཐོང་བས་གཞུང་འདི་ཉིད་ཀྱི་གོང་དུ་བསྟན་པ་ཙམ་ཡང་མ་དྲན་པས་ལོག་པར་སྨྲ་བ་ཡིན་ཏེ། དེ་ལྟར་ན་བདག་མེད་མ་ལ་མི་བསྐྱོད་པ་དང་། རྡོ་རྗེ་མ་ལ་རྣམ་སྣང་གི་དབུ་རྒྱན་ཡང་མི་མཛེས་པར་འགྱུར་རོ། །དེ་ལྟར་ན། ལུས་སྤངས་ནས་ནི་སེམས་ཀྱིས་ནི། །ཞེས་པ་དང་། སེམས་སྤངས་ནས་ནི་ལུས་ཀྱིས་ནི། །ཞེས་བྱ་བའི་གཞུང་ཇི་ལྟར་དྲང་ཞེ་ན། དེ་ཉིད་སྔར་སྨོས་པ་བཞིན་དུ་ཆོས་ཐམས་ཅད་སེམས་སུ་བསྒྲུབ་པ་དང་། སེམས་ཉིད་ཀྱང་རྟེན་དུ་བསྒྲུབ་པ་ལ་སོགས་པའི་དགོས་པ་ཡིན་ཏེ། མདོར་ན་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཕྱག་རྒྱའི་གདབ་ཚུལ་ལྔ་པོ་འདིས་མཚོན་པ་ཡིན་ནོ། །ཞེས་རྣམ་བཤད་དག་ལྡན་ལས་འབྱུང་ལ། དེ་ལ་རྒྱས་འདེབས་ཀྱི་ལྷའི་སྤྱི་བོར་ཕྱག་མཚན་གྱི་རྒྱས་འདེབས་བཤད་པའི་དོན། རྗེ་བཙུན་ཉིད་ཀྱིས་དབུ་རྒྱན་རྣམས་ནི་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་དབུ་རྒྱན་ཡིན་ཅིང་། དེ་དག་གི་སྤྱི་བོར་ཡང་རང་གི་རིགས་ཀྱི་མཚན་མ་ཡིན་ཏེ། དེ་ཡང་མ་དག་པ་ལྷར་བྱིན་གྱིས་རློབ་པ་ནི་སྣང་བ་ཀུན་བརྟགས་ལ་གཞན་དབང་གི་ཕྱག་རྒྱ་ཡིན་ལ། སྤྱིར་ངོ་བོ་ཉིད་ལ་ངོ་བོ་ཉིད་དང་། ལུས་ལ་སེམས་ཀྱི་རྒྱ་ལ་སོགས་པ་བྱུང་བ་ནི་གཞན་དབང་ལ་གཞན་དབང་གི་རྒྱ་ཡིན་ཅིང་། དེའི་སྤྱི་བོར་རང་གི་རིགས་ཀྱི་མཚན་མ་བྱུང་བ་ནི། ལྷ་ཐམས་ཅད་རང་བཞིན་མེད་པར་བསྒྲུབ་པ་གཞན་དབང་ལ་ཡོངས་སུ་གྲུབ་པའི་རྒྱ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ངོ་བོ་ཉིད་གསུམ་པོ་འདི་ཐེག་ཆེན་གྱི་མདོ་སྡེ་དང་། རྒྱུད་སྡེ་ཀུན་ལས་གསུངས་པས་སེམས་ཙམ་པ་དང་ངོས་འཛིན་མི་འདྲ་ཡང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་དང་། སློབ་དཔོན་ཟླ་བས་ཀྱང་འཇུག་འགྲེལ་ལས། འདིའི་རྣམ་གཞག་བཤད་དོ། །རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་རྣམས་སྤྲུལ་སྐུའི་རྣམ་པ་ཅན་དུ་དུས་འཁོར་དུ་བཤད་ཀྱང་། དེ་ནི་གཞུང་དེ་ཁོ་ནའི་སྒོས་ཆོས་ཡིན་ལ། བླ་མེད་གཞན་རྣམས་ལ་རང་རང་གི་རིགས་ལྔའི་རྣམ་པ་དགོས་པར་མངོན་ནོ། །ལྔ་པ་ནི་དེ་ལྟར་དབང་བསྐུར་བ་ནི་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་གོ་འཕང་ལ་གཞག་པའི་དོན་ཡིན་པས་དེ་ལྟ་བུའི་ང་རྒྱལ་བྱ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་སྔར་བཞིན། ཨ་བྷི་མངོན་པར། ཥེ་ཀ་ཏ་དབང་བསྐུར་བ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ནི་སྔར་བཞིན་ཏེ། དེའི་དོན་ལ་སེམས་གཞག་གོ །བཞི་པ་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་ནི། སཾ་པུ་ཊིའི་དགུ་པའི་གཉིས་པ་ལས། ཀྱེ་བཅོམ་ལྡན་འདས་ཡེ་ཤེས་ཀྱི་ལྕགས་ཀྱུ་རུ་གསུངས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དང་པོ་སྐྱེ་དགུའི་བདག་པོར་བརྗོད། །དེ་བཞིན་གཉིས་པར་སྒྲོལ་མ་ཉིད། །གསུམ་པ་ལ་ནི་རབ་མཆོག་ཉིད། །བཞི་པ་ལ་ནི་མང་པོ་སྐྱེས། །ལྔ་པ་ལ་ནི་སྟོབས་ཞེས་བྱ། །རིགས་ལྔ་རྣམས་ཀྱི་སྔགས་འདི་དག །ཡེ་ཤེས་ལྔ་ཡི་རབ་དབྱེ་བས། །ཡེ་ཤེས་ཆེན་པོ་ལྔ་པོ་འདི། །ཁྱོད་ལ་ཕན་པའི་བསམ་པས་བཤད། །ཡེ་ཤེས་ལྕགས་ཀྱུའི་རབ་དབྱེ་བས། །ལས་རྣམས་ཀུན་ལ་སྦྱར་བར་བྱ། །གལ་ཏེ་ལས་ལ་ཕན་འདོད་པས། །རྣལ་འབྱོར་མ་ཀུན་ཚིམ་པར་བྱ། །འདོད་ལ་དགའ་བར་མི་བྱ་ཞིང་། །ལོངས་སྤྱོད་ལ་ནི་སྦྱར་མི་བྱ། །སེམས་ཅན་དོན་རྒྱུ་རྣལ་འབྱོར་པས། །མཆོད་པ་ཐམས་ཅད་རབ་ཏུ་བརྟག །དབྱངས་ཀྱི་བཅུ་གསུམ་ལས་བྱུང་བ། །གང་ཞིག་ཟླ་བ་དེ་རབ་གྲགས། །དེ་ཡི་དབུས་སུ་ས་བོན་གྱི། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །ལྷ་ཀུན་དེ་ནས་ཚིམ་པར་བྱ། །འབུད་པ་འབར་བ་ཉིད་དང་ཡང་། །ཁྱད་པར་དུ་ནི་བསྐོལ་བ་ཉིད། །ཤེལ་གྱི་གཟུགས་ཀྱིས་བསྐྱེད་བྱ་ཞིང་། །དེ་ཕྱིར་ཐམས་ཅད་བརྟག་པར་བྱ། །དེ་ཡི་དབུས་སུ་བླངས་ནས་ནི། །དེ་ནས་བདུད་རྩི་མྱང་བར་བྱ། །ཞེས་གསུངས་པའི་དོན་རྒྱ་གར་གྱི་སློབ་དཔོན་ཕལ་ཆེར་དང་། རྗེ་བཙུན་གོང་མ་རྣམས་ཀྱིས། བདུད་རྩི་བྱིན་གྱིས་བརླབ་པའི་ཚུལ་འདི་ཁོ་ན་བཞིན་དུ་མཛད་དོ། །བདུད་རྩི་མྱང་བའི་རྗེས་དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྔར་བཞིན། ཨ་མྲྀ་ཏ་བདུད་རྩི། སྭ་ད་ན་བཟང་པོ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་སྔར་བཞིན། བདུད་རྩི་མྱང་བ་པོ་འོད་དཔག་མེད་ཀྱི་ངོ་བོ་ཡིན་སྙམ་པའི་ང་རྒྱལ་བཟུང་ངོ་། །ལྔ་པ་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ནི། དེ་ནས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་སྙིང་ག་ནས་སྤྲོས་ཤིང་། ཕྱོགས་མཚམས་བརྒྱད་དུ་རང་རང་གི་མཆོད་རྫས་ཐོགས་པས་འཁོད་ནས། གཙོ་བོ་ཡབ་ཡུམ་ནས། འཁོར་གྱི་ལྷ་ཐམས་ཅད་མཆོད་པར་བསམ་ཏེ། རིན་ཆེན་འབར་བར། དེ་ནས་མཁའ་འགྲོའི་ཚོགས་སྤྲོས་པས། །ཟླ་ཉི་ཆུ་སྨན་རྡོ་རྗེ་རོ། །ཅང་ཏེའུའི་སྒྲ་དང་འཁྱུད་པ་སྟེ། །གཙོ་བོ་ནས་བརྩམས་རིམ་བཞིན་མཆོད། །ཅེས་གསུངས་པ་ལྟར་རོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་སྔར་བཞིན། པཱུ་ཛ་མཆོད་པ། བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྔར་བཞིན། དེ་ལྟར་བརྗོད་ཅིང་དེ་བཞིན་གཤེགས་པ་རྣམས་མཆོད་པ་པོ་དོན་ཡོད་གྲུབ་པའི་ངོ་བོ་ཡིན་སྙམ་དུ་ང་རྒྱལ་བཟུང་ངོ་། །དྲུག་པ་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ནི། དེ་ནས་མཆོད་པ་བྱེད་མཁན་གྱི་རྣལ་འབྱོར་མ་ནི་བརྒྱད་པོ་དེ་དག་གིས་འཁོར་ལོའི་གཙོ་བོ་ལ་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པར་བྱ་སྟེ། གུར་ལས་འབྱུང་བའི་བསྟོད་པ་ལ་གཞུང་འདིར་བཤད་པ་ནི་འགྱུར་ཅུང་ཟད་མི་བདེ་ཞིང་རྒྱུད་ཉིད་ལས། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་བརྙེས་པ། །ཁྱོད་ཀྱི་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བསྒྲུབས་ཤིང་། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་འཕེན་མཛད་པ། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །ཞེས་འགྱུར་བཅོས་པ་ལྟར་བཤད་ན། དཀྱིལ་འཁོར་གྱི་གཙོ་བོ་ཁྱོད་ནི། བདག་མེད་མ་ལ་སོགས་པའི་ལྷན་ཅིག་སྤྱོད་མ་དང་། གཽ་རཱི་ལ་སོགས་པའི་རྗེས་སུ་འབྲང་མའི་རྣལ་འབྱོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་པ་སྟེ། ལོངས་སྤྱོད་རྫོགས་པ་དང་། ཁ་སྦྱོར་དང་། བདེ་ཆེན་ཞེས་བྱ་བ་ཡན་ལག་གསུམ་དང་ལྡན་པ་ལོངས་སྐུའི་མཚན་ཉིད་དོ། །གཙོ་བོ་ཁྱོད་ནི་དེ་ཁོ་ན་ཉིད་ཀྱི་དོན་ཐུགས་སུ་ཆུད་པས། ཐུགས་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུའི་དངོས་གྲུབ་ཀྱི་མཆོག་བརྙེས་པ་སྟེ། རང་བཞིན་མེད་པའི་ཡན་ལག་ཆོས་སྐུའི་མཚན་ཉིད་དོ། །སྤྲུལ་པའི་སྐུ་ཁྱོད་ཀྱི་ཕྲིན་ལས་ཀྱི་སྒོ་ནས་རྒྱུ་བ་གང་བཅུད་ཀྱི་སེམས་ཅན་དང་། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ན་གནས་པའི་འགྲོ་བ་ཀུན་གྱི་དོན་འབད་མེད་དུ་བསྒྲུབས་ཤིང་། དེའི་རྒྱུ་ཡང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་སད་པ་སྟེ། སྒྲོལ་བར་མཛད་པའོ། །ཚུལ་ཇི་ལྟར་ན། གདུལ་བྱ་གང་ལ་གང་འདུལ་གྱི་རྣམ་པར་སྟོན་ནས་རྡོ་རྗེ་སྟེ་སྟོང་ཉིད་ཆོས་སྐུའི་ངང་དུ་འཕེན་པ་སྟེ་བསྒྲུབ་པའམ། དེའི་གོ་འཕང་ལ་འགོད་པར་མཛད་པ་སྟེ། སྙིང་རྗེས་ཡོངས་སུ་གང་བ་དང་། རྒྱུན་མི་འཆད་པ་དང་། འགོག་པ་མེད་པའི་ཡན་ལག་གསུམ་དང་ལྡན་པ་སྤྲུལ་སྐུའི་མཚན་ཉིད་དོ། །ཧེ་རུ་ཀ་དཔལ་ནི་རྩ་རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པ་ལྟར་གྱི་ཡི་གེ་བཞིའི་དོན་ལྡན་གྱི་ཧེ་རུ་ཀ་དཔལ་ཁྱོད་ཀྱི་རང་བཞིན་ནི་རྡོ་རྗེ་སྟེ། སྟོང་ཉིད་ཆོས་ཀྱི་སྐུ་དང་། ཡིད་ཀྱིས་དགེས་པ་ཆེན་པོ་འགྱུར་མེད་ཀྱི་བདེ་བ་བརྙེས་པ་ནི། བདེ་བ་ཆེན་པོའི་སྐུ་སྟེ། བདེ་སྟོང་ཟུང་དུ་འཇུག་པའི་ལྷ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཏོ། །སྒྲུབ་ཐབས་ཀྱི་གཞུང་ཕལ་ཆེ་བར། བསྟོད་པ་འདི་ཁོ་ན་འབྱུང་ལ། རིན་ཆེན་འབར་བར། འགྲོ་བ་དུག་ཆེན་མི་བཟད་པས། །ཁྱབ་པར་བཞུགས་ནས་ཧེ་རུ་ཀས། །སྣ་ཚོགས་ཚུལ་གྱིས་བདུད་རྩིར་བསྒྱུར། །སྨན་མཆོག་དཔའ་བོ་ཁྱོད་ལ་འདུད། །ཅེས་པའང་བཤད་དོ། །དེ་ལྟར་བསྟོད་པ་བྱས་པའི་རྗེས་སུ་མཆོད་བསྟོད་བྱེད་མཁན་གྱི་ལྷ་མོ་རྣམས་རང་གི་སྙིང་གར་ཐིམ་པར་བསམས་ལ་ང་རྒྱལ་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྔར་བཞིན། སྟུ་སྟི་ནི་བསྟོད་པ། བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ་སྔར་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པ་པོ་རིན་ཆེན་འབྱུང་ལྡན་ང་ཡིན་སྙམ་དུ་སེམས་མཉམ་པར་གཞག་གོ །གཉིས་པ་དེ་དེ་བཞིན་གཤེགས་པ་རིགས་དྲུག་དང་སྦྱར་བ་ནི། གཞལ་ཡས་ཁང་ནི་གཟུགས་ཀྱི་རྣམ་པ་གཞལ་ཡས་ཁང་ཡིན་ཡང་། རང་གི་ངོ་བོ་རྣམ་པར་སྣང་མཛད་ཡིན་པ་ནས། བསྟོད་པ་ནི་གཟུགས་ཀྱི་རྣམ་པ་བསྟོད་པ་ཡིན་ཀྱང་། རང་གི་ངོ་བོ་རིན་ཆེན་འབྱུང་ལྡན་ཡིན་པའི་བར་དུ་སྦྱར་བར་བྱ་ཞིང་། ཡིན་ཚུལ་ནི། མངོན་བྱང་གི་སྐབས་སུ་བཤད་པ་བཞིན་ནོ། །གསུམ་པ་དེ་ལྟར་སྦྱར་བའི་རྒྱུ་མཚན་ནི། དེ་ལྟར་ཡན་ལག་དྲུག་པོ་དེ་བཞིན་གཤེགས་པ་དྲུག་གི་ཡན་ལག་ཡིན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཕོ་བྲང་གཞལ་ཡས་ཁང་ཡང་སྐུ་ཡིན་ལ། སངས་རྒྱས་རྣམ་པར་སྣང་མཛད་ཀྱང་སྐུ་ཡིན་པས་ན་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་དང་། དབང་བསྐུར་བའི་གཙོ་བོ་ནི་ཆུ་ཡིན་ལ། མི་བསྐྱོད་པ་དེ་བཞིན་གཤེགས་པ་ཡང་ཆུ་རྣམ་པར་དག་པ་ཡིན་པའི་ཕྱིར་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་དང་། བདུད་རྩི་མྱང་བའང་མགྲིན་པར་ཉམས་སུ་མྱོང་བ་ཡིན་ལ། འོད་དཔག་ཏུ་མེད་པ་ཡང་གསུང་དག་པའི་ཕྱིར་བདུད་རྩི་མྱང་བ་འོད་དཔག་ཏུ་མེད་པའི་ཡན་ལག་དང་། བསྟོད་པ་ཡང་ཡོན་ཏན་ཡིན་ཅིང་། རིན་ཆེན་འབྱུང་ལྡན་དཔལ་ཡང་ཡོན་ཏན་ཡིན་པའི་ཕྱིར་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་དང་། མཆོད་པའང་ཕྲིན་ལས་ཡིན་ལ། དོན་ཡོད་གྲུབ་པའང་ཕྲིན་ལས་དག་པ་ཡིན་པའི་ཕྱིར། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ཏུ་ཡང་དག་པར་བརྗོད་དོ། །རྗེས་སུ་ཆགས་པ་ནི་བདེ་བ་ཆེན་པོ་ཡིན་ལ། ལམ་བྱང་ཆུབ་སེམས་ཀྱང་རྗེས་སུ་ཆགས་པ་དང་ཆོས་མཐུན་ཅིང་། སངས་རྒྱས་ཀྱི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཡིན་པ་དང་། རྡོ་རྗེ་སེམས་དཔའ་ཡང་སངས་རྒྱས་ཀྱི་རྩ་བ་ཡིན་པའི་ཕྱིར། རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ཏུ་གསུངས་ཏེ། མངོན་པར་རྟོགས་པའི་རྩ་བ་ཡང་དམ་ཚིག་པ་བསྐྱེད་པ། སྐྱེ་མཆེད་དང་སྒོ་གསུམ་བྱིན་གྱིས་བརླབ་པ། ཡེ་ཤེས་པ་གཞུག་པ་རྣམས་ཡིན་པར་རྗེ་བཙུན་རིན་པོ་ཆེས་གསུངས་སོ། །བཞི་པ་བསྒོམས་པ་ལས་འབྲས་བུ་འགྲུབ་པའི་རྟགས་ནི། རྡོ་རྗེ་གུར་ལས། མཚན་མ་ཡང་དག་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཉིད། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་བདེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །མ་ལུས་ལུས་པ་མེད་པར་འགྲུབ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེ་ལུས་ཅན་རྣམས། །ཡེ་ཤེས་ཕུང་པོའི་བློ་ལྡན་པ། །དེ་ཡི་རྗེས་སུ་ཐམས་ཅད་འབྲང་། །ཇི་སྲིད་སྐྱེ་གནས་ལས་བྱུང་བ། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །དེ་རྣམས་ཐམས་ཅད་བཟའ་བར་བྱ། །ཞེས་གསུངས་སོ། །འདིའི་དོན་གུར་རྒྱན་དུ། དུ་སོགས་རྟགས་ལྔ་ལ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག མཐོང་ལམ་དང་སྦྱར་ནས། ཕྱི་ནས་སྒྱུ་མའི་ལྟར་ཞེས་སོགས་ཀྱིས་བསྒོམས་ལམ་དང་། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཞེས་སོགས་ཀྱིས་མཐར་ཕྱིན་པའི་ལམ་དང་། ཇི་སྲིད་སྐྱེ་གནས་ལས་བྱུང་བ། །ཞེས་སོགས་སངས་རྒྱས་ཀྱིས་དངོས་ལ་འཆད་དོ། །དྲུག་པ་རྫོགས་པའི་རིམ་པ་ནི། རང་བྱིན་གྱིས་བརླབས་ཀྱི་དམིགས་པ་ཐམས་ཅད་ཀྱི་གཙོ་བོ་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོའི་རྣལ་འབྱོར་བསྟན་པའི་ཕྱིར་རྩ་བའི་རྒྱུད་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་ཏེ། རང་དཀྱིལ་འཁོར་གྱི་གཙོ་བོར་བསྒོམས་པའི་ལུས་ཀྱི་དབུས་སུ་སྤྱི་གཙུག་ནས་ལྟེ་བའི་བར་དུ། རྩ་ཨ་ཝ་དྷཱུ་ཏཱི་ཤིན་ཏུ་ཕྲ་ཞིང་གསལ་བ། ཐིག་ལེའི་དྭངས་མས་གང་བ་དེའི་གཡས་སུ་རོ་མ་མེའི་རང་བཞིན་རཀྟས་གང་བ་དམར་པོ། གཡོན་དུ་རྐྱང་མ་ཆུའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དཀར་པོ་སྟེ་རྩ་གསུམ་གསལ་གདབ། དེ་ནས་ཨ་ཝ་དྷཱུ་ཏཱི་ལ་བརྟེན་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨྃ་དམར་མོ་མེའི་རང་བཞིན་མགོ་བོ་གྱེན་དུ་བལྟ་བ། ནང་སྐོར་གྱི་འདབ་མ་བརྒྱད་ལ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ ཕྱིའི་འདབ་མ་ལ། ཨཱ་ལི་ཕྲག་གཉིས། ཀཱ་ལི་ཕྲག་གཅིག་ལ་ཧ་དང་ཀྵ་སྤངས་པ་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་ཧཱུྃ་ནག་པོ་མགོ་བོ་ཐུར་དུ་བལྟ་བ། ཕྱོགས་བཞིར། བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ། མཚམས་བཞིར། ལྃ་མཱྃ་པྃ་ཏཱྃ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར། ཨོཾ་དམར་པོ་མགོ་བོ་གྱེན་དུ་བལྟ་བ། འདབ་མ་ལ་ཨཱ་ལི་ཕྲག་གཅིག སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཧྃ་དཀར་པོ་མགོ་ཐུར་དུ་བལྟ་བ། འདབ་མ་ལ་ཨཱ་ལི་ཕྲག་གཉིས་བསམ། བཤང་སྒོར་རླུང་གི་དཀྱིལ་འཁོར་དང་། སུམ་མདོར་མེའི་དཀྱིལ་འཁོར་ཡང་བསྒོམས་ནས་འོག་སྒོ་འབྱེད་འཛུམ་གྱི་སྦྱོར་བ་བྱས་པས། འོག་གི་རླུང་ལྟེ་བར་གཏུམ་མོའི་ངོ་བོ་ཨྃ་ཡིག་ལ་ཕོག་པས་དེ་མེར་འབར་བའི་སྦྱོར་བས་གཡས་རོ་མའི་མེ་དང་འགྲོགས་ཏེ་གྱེན་དུ་འབར་བས་སྙིང་གར་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིག་འབྲུ་ལྔ་དང་སྤྱན་མ་ལ་སོགས་པ་ལྷ་མོ་བཞིའི་ངོ་བོ་ཡིག་འབྲུ་བཞི་ཡང་བསྲེགས་ཏེ། ཡང་ཡར་འབར་བས་མགྲིན་པའི་འཁོར་ལོ་བསྲེགས་པའི་རྗེས་སུ་མེ་དེས་སྤྱི་བོའི་འཁོར་ལོ་བསྲེགས་པས། དེའི་དབུས་ཀྱི་ཧྃ་དེ་ལས་རི་བོང་ཅན། བྱང་སེམས་བདུད་རྩིའི་རྒྱུན་གཡོན་རྐྱང་མའི་བྱང་སེམས་དང་བསྡོངས་ནས་རིམ་གྱིས་འཛག་པ་སྟེ། བབས་པས་མགྲིན་པ་དང་སྙིང་གའི་འཁོར་ལོ་རྣམས་སྔར་བས་ཀྱང་གསལ་བར་གསོས་བཏབ་ནས། ཐིགས་པ་ཅིག་ལྟེ་བའི་ཨྃ་ལ་ཕོག་པས་ཨྃ་ལས་མེའི་ཟེར་ཤིན་ཏུ་ཕྲ་བ་ལས། ཨ་ཝ་དྷཱུ་ཏཱིའི་ནང་ནས་མྱུར་དུ་སོང་བས། སྙིང་གའི་ཧཱུྃ་དང་། མགྲིན་པའི་ཨོཾ་བཅོམ། སྤྱི་བོའི་ཧྃ་ལ་ཕོག་པས་ཧྃ་ལས་བྱང་སེམས་དྭངས་མ་ཤིན་ཏུ་ཕྲ་བའི་རྒྱུན་དབུ་མའི་ལམ་ནས་འཛག སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོཾ་གསོས་བཏབ་ནས་དེའི་ནུས་པས་ལྟེ་བའི་མེ་ཆེར་འབར། འབར་བ་དང་འཛག་པ་དབུ་མར་ཐིམ་པས་འབར་བའི་ནུས་པས་ལུས་དྲོད་ཀྱིས་གང་ཞིང་། ནད་དང་རྟོག་པ་བསྲེགས། འཛག་པའི་སྟོབས་ཀྱིས་རྩ་སྦུབས་ཐམས་ཅད་ཐིག་ལེས་གང་ནས་བདེ་བས་ལུས་རྒྱས། སེམས་ལ་ཡེ་ཤེས་སྐྱེས་པར་བསམ་ཞིང་། རླུང་ཁ་སྦྱོར་བསྒོམ་པར་བྱའོ། །རྒྱུན་ཏུ་བསྒོམས་ན་དྲོད་འབར་ཞིང་གསལ་སྟོང་གི་ཏིང་ངེ་འཛིན་སྐྱེ་ལ། གོམས་ན་རང་བྱུང་གི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཡེ་ཤེས་དེས་ལྷ་དང་ཕྱི་རོལ་གྱི་དངོས་པོ་རྣམས་ལ་རྒྱས་བཏབ་ནས་བསྒོམས་པས་བསྐྱེད་རིམ་གྱི་མཚན་མར་འཛིན་པའི་དུག་སྦྱངས་ནས་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །བདུན་པ་བཟླས་པའི་རྣལ་འབྱོར་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དག་པ་དྲན་པ་དང་། བཟླས་པའི་རྣལ་འབྱོར་དངོས་སོ། །དང་པོ་ནི་རྩ་རྒྱུད་ལས། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་བསྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །དེ་ཉིད་གསུམ་ནི་སྤྱན་གསུམ་མོ། །ཤ་ནི་པུཀྐ་སཱི་རུ་བརྗོད། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །ལྤགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་ཞལ་ཕྱག་དང་། ཁམས་ཀྱི་དག་པ་དང་། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁོང་སྐམ་མཛེ་དང་བིར་ཙི་ཀ །མཆིན་པ་མཚེར་པའི་ནད་རྣམས་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ས་ནི་དང་པོར་ནོར་སྦྱིན་མཐར། །དབང་ཕྱུག་བརྒྱད་ནི་སྩོལ་བར་མཛད། །ཅེས་ཕྱག་མཚན་གྱི་དག་པ་དང་། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ཡང་དཀར་མོར་བརྗོད། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་ཕུང་པོའི་དག་པ་དང་། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །འདོད་ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །གཏི་མུག་དེ་བཞིན་རྡོ་རྗེར་བཤད། །ཅེས་ཉོན་མོངས་ལྔའི་དག་པ་དང་། ས་ནི་པུཀྐ་སཱི་ཞེས་བཤད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲག །ཅེས་ཁམས་བཞིའི་དག་པ་དང་། མིག་ཏུ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ཞེས་ནང་གི་སྐྱེ་མཆེད་ཀྱི་དག་པ་དང་། གཟུགས་ལ་གཽ་རཱིར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲག །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲག །རེག་ལ་ས་སྤྱོད་མ་ཞེས་བཤད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཞེས་ཕྱིའི་སྐྱེ་མཆེད་ཀྱི་དག་པ་དང་། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའོ། །བཅོམ་ལྡན་འདས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གཽ་རཱི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཙཽ་རཱི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །བེ་ཏཱ་ལཱི་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །གྷསྨ་རཱི་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །པུཀྐ་སཱི་ནི་བྱམས་པ་ཚད་མེད་པའོ། །ཤ་ཝ་རཱི་ནི་སྙིང་རྗེ་ཚད་མེད་པའོ། །ཙཎྜ་ལཱི་ནི་དགའ་བ་ཚད་མེད་པའོ། །གཡུང་མོ་ནི་བཏང་སྙོམས་ཚད་མེད་པའོ། །ཞེས་རྟེན་དང་བརྟེན་པའི་དག་པ་དྲན་པར་བྱའོ། །དེ་དག་གི་དགོས་པ་ཡང་རྩ་རྒྱུད་ལས། རིན་ཆེན་གཟི་བརྗིད་འབར་བ་ཡི། །ཕྲེང་བ་འཁྲུགས་པ་ལྷ་མོ་ལྟོས། །མ་ཕུག་པས་ནི་སྦྱོར་བྲལ་གྱུར། །ཕུག་པས་དགའ་བ་སྦྱིན་པ་པོ། །དེ་ལྟར་འཁོར་བ་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་པོ་ཆེ། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་གསུངས་སོ། །གཉིས་པ་བཟླས་པ་དངོས་ལ་གསུམ་སྟེ། བཟླས་པའི་ཡུལ། ཇི་ལྟར་བཟླས་པའི་བསམ་གཏན། བཟླས་བྱའི་སྔགས་སོ། །དང་པོ་ལ་བདུན་ཏེ། ཕྲེང་བའི་རྒྱུ། ཕྲེང་བའི་གྲངས། ཕྲེང་ཐག མདོ་འཛིན། བརྒྱུ་བའི་ཚུལ། བྱིན་གྱིས་བརླབ་པ། བགྲང་བའི་ཚུལ་ལོ། །དང་པོ་ནི། ལས་སོ་སོའི་ཕྲེང་བ། རྩ་རྒྱུད་ལས། ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །ཞེས་སོགས་རྒྱས་པར་གསུངས་ཤིང་། སཾ་པུ་ཊའི་བརྒྱད་པའི་གཉིས་པ་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་དང་། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀྵ་དང་ལུང་ཐང་དང་། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་རབ་ཏུ་གྲགས། །ཞེས་གསུངས་ལ། ལས་གང་བསྒྲུབ་ཀྱང་ཐུན་མོང་གི་ཕྲེང་བ་ནི། དེ་ཉིད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལས། །བོ་ཏི་ཙེས་ནི་ལས་ཀུན་བྱེད། །ཅེས་གསུངས་སོ། །འདིར་ཁམས་ནི་དཀར་པོ་ཞེས་པ་ལ། རུས་པ་དང་རྡོ་དཀར་ཞེས་གསུང་མོད་ཀྱང་། འགྱུར་ཁ་ཅིག་ལས། གཞན་ཡང་ནོར་བུ་སོགས་ཟེར་བ་ཡོད་པས་བདེའོ། །དབང་གི་ཕྲེང་བར་གུར་གུམ་སོགས་ཀྱི་དོན། གུར་གུམ་ལ་སོགས་པའི་དྲི་བཟང་པོ་སྣ་ཚོགས་ཀྱིས་ལྡེ་གུའི་རིལ་བུ་ཕྲེང་བའི་གཟུགས་སུ་བྱས་ཏེ། མིག་ཕུག་པ་ཡིན་ནམ་སྙམ། གཉིས་པ་ནི་དེ་ཉིད་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཇི་ལྟར་ལས་ཀྱི་བྱེ་བྲག་གིས། །ཕྲེང་བ་ལ་སོགས་བྱ་བའོ། །ཞེས་གསུངས་སོ། །གསུམ་པ་ནི། ལས་ཐུན་མོང་གི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཡང་ན་རས་བལ་སྐུད་པ་ནི། །ཞེས་བཤད་ལ། ལས་སོ་སོ་ལ་དེ་ལ་འདི་དག་བསྲེ་བར་བྱ་སྟེ། སྡོམ་འབྱུང་ལས། བོང་བུ་རྔ་མོའི་སྤུ་དང་ནི། །ཁྭ་ཡི་སྒྲོ་ནི་བསྲེ་བྱས་ལ། །མནན་དང་བསྐྲད་པའི་ལས་ལ་ནི། །དེ་ཡི་སྲད་བུས་བརྒྱུ་བར་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །རྣམ་པར་སྡང་ལ་སྲད་བུ་བྱ། །དུར་ཁྲོད་སྐྲ་ཡི་སྲད་བུ་དང་། །ཁྱི་ཡི་སྤུ་ནི་བསྲེ་བྱ་སྟེ། །དེ་ཡི་སྲད་བུ་དྲག་པོ་ཡི། །ལས་ལ་བསྔགས་ཕྱིར་སྦྱར་བར་བྱ། །ཞེས་སོ། །ཉག་མའི་གྲངས་ནི། སཾ་པུ་ཊའི་བརྒྱད་པའི་གཉིས་པ་ལས། ཕྱོགས་དང་མཚམས་ནི་བརྒྱད་རྣམས་ཀྱི། །དབུས་སུ་དགུ་པ་སངས་རྒྱས་ཉིད། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་པའི་དོན་སྲད་བུ་དགུ་སྒྲིལ་དུ་བྱས་ལ། དགུ་པོ་དེའང་ལྷ་བརྒྱད་དང་། དབུས་སུ་དགུ་པ་རྡོ་རྗེ་འཆང་མཚོན་ཅིང་། དེར་བྱིན་གྱིས་བརླབ་བོ། །ལྷ་བརྒྱད་པོ་ཁ་ཅིག་རིགས་བཞི་ཡུམ་བཞིར་ཟེར་མོད། རྗེ་བཙུན་རྩེ་མོས། སཾ་པུ་ཊའི་རྡོ་རྗེའི་དེ་ཁོ་ན་ཉིད་དུ་བསྟན་པ་བཞིན། པདྨའི་ཕྱག་དང་བྱམས་པ་དང་། །ནམ་མཁའི་མཛོད་དང་ཀུན་ཏུ་བཟང་། །གནོད་སྤྱིན་བདག་པོ་འཇམ་པའི་དཔལ། །སྒྲིབ་པ་སེལ་དང་ས་སྙིང་ཉིད། །ཅེས་པ་རྣམས་ལ་བཤད་དོ། །སྐུད་པ་འཁལ་མཁན་ཀྱང་ལས་འཇམ་པོ་ལ་ནི་རྡོ་རྗེ་མཁའ་འགྲོར། གཞོན་ནུ་མ་ཡིས་བཀལ་བ་ཡི། །དེ་ཡང་གཟུགས་མཛེས་ལུས་རྫོགས་ཤིང་། །གཙང་ཞིང་དྲན་ལྡན་སྙན་པར་སྨྲ། །དེ་ཡིས་བཀལ་བའི་ཕྲེང་ཐག་གིས། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་བྱས་ལ། ལས་དྲག་པོ་རྣམས་ལའང་རིགས་པས་དཔྱད་དོ། །བཞི་པ་ནི། སཾ་པུ་ཊར། ཕྲེང་བ་ཀུན་ནི་དགྲ་བཅོམ་པ། །མཆོད་རྟེན་སྟེང་དུ་རབ་ཏུ་བརྟག །མཆོད་རྟེན་ཆོས་ཀྱི་དབང་པོའི་ཕྱིར། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་པའི་དོན་མདོ་འཛིན་ཉིས་བརྩེགས་སུ་བྱས་པའི་འོག་མ་ཡེ་ཤེས་སྟོབས་སོགས་དང་། གོང་མ་ཆོས་དབྱིངས་མཚོན་པའོ། །ལྔ་པ་ནི། ཕྲེང་ཐག་སངས་རྒྱས་དང་བྱང་ཆུབ་སེམས་དཔར་ཤེས་ནས། ཕྲེང་བའི་རྡོག་མ་རྣམས་དེ་བཞིན་གཤེགས་པ་དགྲ་བཅོམ་པར་མོས་ཏེ། ངག་ཏུ་ཧཱུྃ་གི་གླུ་ལེན་ཅིང་བརྒྱུ་བར་བྱ་སྟེ། སཾ་པུ་ཊར། ཨཱ་ལི་ཀཱ་ལིའི་ས་བོན་ནི། །ཧཱུྃ་གི་སྲད་བུར་བརྒྱུ་བ་ཉིད། །ཅེས་གསུངས་སོ། །དྲུག་པ་ནི། ལྷ་ཡི་རྣལ་འབྱོར་ལ་གནས་པས་བྱ་སྟེ། དེའང་སཾ་པུ་ཊར་འདིའི་སྐབས་སུ། འཕགས་པ་རྣམ་པར་སྣང་མཛད་གཙོ། །ཞེས་གསུངས་པ་ནི། རྣལ་འབྱོར་ནམ་མཁའ་ལ་དགོངས་ལ། སྤྱིར་ཡི་དམ་གྱི་ལྷ་གང་ཡིན་གྱི་རྣལ་འབྱོར་གྱིས་བྱ་ཞིང་། ལས་སོ་སོ་ལ་རིགས་དང་མཐུན་པའི་རྣལ་འབྱོར་དགོས་སམ་བསམ། གང་ལྟར་ཡང་ལྷར་གསལ་བའི་རང་གི་ལག་པ་གཡོན་པའི་སོར་མོ་རྣམས་པདྨ་འདབ་མ་ལྔ་པ། ལག་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་ཨཱ་སོགས་དབྱངས་ཡིག་གིས་གཡོན་དུ་བསྐོར་བའི་ལྟེ་བ་ལ་ཨ། ལག་པ་གཡས་པའི་སོར་མོ་ལྔ་རྡོ་རྗེ་ལྔ་པ། ལག་པའི་མཐིལ་དུ་ཉི་མའི་དཀྱིལ་འཁོར་ལ་ཀཱ་སོགས་གསལ་བྱེད་ཀྱིས་གཡས་སུ་བསྐོར་བའི་ལྟེ་བ་ལ་ཡི་གེ་ཧཱུྃ་བསམས་ལ། པད་སྐོར་སྔོན་དུ་འགྲོ་བས་བསང་སྦྱངས་ལེགས་པར་བྱས་པའི་ཕྲེང་བ་བླངས་ཏེ་ལག་པ་གཉིས་ཀྱི་དབུས་སུ་གཞག བདུད་རྩིའི་ཡི་གེ་སུྃ་དཀར་པོ་འོད་ཟེར་འཕྲོ་བ་བསམ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སུྃ་ལ་ཁྱབ། དེས་ཨཱ་ལི་དང་ཀཱ་ལི་ལ་ཁྱབ། དེ་ཕྲེང་བ་དང་གཉིས་སུ་མེད་པར་གྱུར་པར་བསམས་ལ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ། སརྦ་བུདྡྷ་མ་ཡཾ་བྷ་བེ་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་འདི་དང་པོ་བྱིན་གྱིས་རློབ་དུས་ཕྲེང་སྐོར་གཅིག་བཟླས་ཕྱིས་བཟླས་པ་ནམ་བྱེད་དུས་ཀྱང་གསུམ་ལ་སོགས་པ་བཟླས་ན་མཐུ་དང་ལྡན་པར་འགྱུར་རོ། །ཞེས་བླ་མ་དམ་པ་གསུངས་ཞེས་རྗེ་བཙུན་རྩེ་མོས་བཤད་དོ། །འགའ་ཞིག་ཏུ་གཞན་རྣམས་འདྲ་བ་ལ། ཁ་སྦྱོར་གྱི་བར་དུ་ཡི་གེ་ཨོཾ་ཨཱཿཧཱུྃ། གསུམ་ཡང་བསམས་ལ། ཡིག་འབྲུ་རྣམས་ལས་འོད་ཟེར་དཀར་པོ་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཁ་ནས་ཨཱ་ལི་ཀཱ་ལི་དཔག་ཏུ་མེད་པ་འཐོན་ནས་ཕྲེང་བ་ལ་ཐིམ་པར་བསམ་མོ། །དེ་ནས་རྡོ་རྗེ་པདྨ་ཟླ་ཉི་ཨཱཿཧཱུྃ། ཨཱ་ལི་ཀཱ་ལི་གཉིས་ཏེ། དེ་རྣམས་སྙོམས་འཇུག་བྱས་པས་ཡིག་འབྲུ་གསུམ་ལ་ཐིམ་སྟེ་གྱུར་པ་ལས་ཕྲེང་བར་གྱུར་པར་བསམས་ཏེ། ཨོཾ་ལས་མདོ་འཛིན་བྱུང་སྟེ། ཆོས་སྐུ་ལ་ཨཱཿལས་ཕྲེང་བ་དགྲ་བཅོམ་པས་བསྐོར་བར་བསམ། ཧཱུྃ་ལས་ཕྲེང་ཐག་ལྷ་དགུའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བསམས་ལ། སྔགས་བརྗོད་ཟེར་ཏེ་འགྲིག་འགྲིག་འདྲ་བར་སྣང་ཡང་དཔྱད་པར་བྱའོ། །དེ་ལྟར་བྱིན་གྱིས་རློབ་པའི་ཚུལ་སཾ་ཊིར། ལག་མཐིལ་ཉི་མ་བསམས་ནས་ནི། །དབྱངས་ཡིག་དང་པོ་ལ་སོགས་པ། །ལག་པའི་དབུས་སུ་རྣལ་འབྱོར་པས། །བསྒོམས་ཤིང་བདུད་རྩིའི་ཡི་གེ་ནི། །འོད་ཟེར་འཕྲོ་བ་དུ་མ་དང་། །ཁ་དོག་དཀར་པོ་བསམས་ནས་ནི། །གཡོན་པ་པདྨ་འཛིན་པ་ཉིད། །པདྨ་རྡོ་རྗེ་འཇུག་པ་ཡིས། །ཡང་དག་སྦྱོར་བ་ཉི་མའི་ནང་། །ཀུན་གྱིས་དེ་ཉིད་བསྒོམ་བྱ་ཞིང་། །ཕྲེང་བ་བྱིན་གྱིས་བརླབ་པར་བྱ། །ཞེས་དང་། སྔགས་ཀྱི་ཕྲེང་བ་སྦྱངས་ནས་ནི། །གང་འདོད་དེ་ཉིད་བསྒྲུབ་པར་བྱ། །དེ་ཉིད་ལས་ནི་འགྲུབ་པར་འགྱུར། །ཀུན་ཏུ་གསལ་བ་མེད་ན་རིང་། །ཞེས་སོ། །བདུན་པ་ནི། སཾ་ཊར། སོར་མོ་ལ་སོགས་བྱེ་བྲག་ལ། །ཕྱིས་ནི་སྔགས་པས་བཟླས་པར་བྱ། །ཞེས་མདོར་བསྟན་ནས། ཞི་ལ་ཁྲོ་བོར་དགོད་པར་བྱ། །རྒྱས་ལ་དབུ་མའི་དེ་ཉིད་ལ། །སྲིན་ལག་ལ་ནི་དབང་དུ་གསུངས། །ཀུན་གྱི་མཐར་ནི་མངོན་སྤྱོད་ལ། །ཞེས་གསུངས་པས། ཞི་བ་ལ་ཁྲོ་བོ་སྟེ་མཛུབ་མོའི་སྟེང་ནས། རྒྱས་པ་ལ་གུང་མོའི། དབང་ལ་སྲིན་ལག མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་ནས་ཕྲེང་བ་འོང་བར་བྱ་སྟེ། མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ལས། །དངོས་གྲུབ་ལས་ནི་དགུག་པར་བྱ། །ཞེས་གསུངས་པས། མཐེ་བོང་རྡོ་རྗེ་ལྕགས་ཀྱུར་བསམས་ནས། དངོས་གྲུབ་གང་ཡིན་པ་འགུགས་པར་འདོད་པའི་བསམས་པས། མདོ་འཛིན་གྱི་བར་དུ་བགྲང་། དེ་ནས་མདོ་འཛིན་མི་འགོམ་པར་བསྐོར་བ་བྱེད་པའི་ཚུལ་གྱིས་བགྲང་ངོ་། །ལག་པ་གཡས་གཡོན་གང་གིས་བགྲང་ན། འདིར། གཡོན་པ་རྡོ་རྗེ་ཅན་གྱི་དངོས། །ཞེས་གསུངས་པས། ལག་པ་གཡོན་པ་རྡོ་རྗེར་བསམས་ནས་བགྲང་བ་ནི། མ་རྒྱུད་པས་གཡོན་གྱི་ཀུན་སྤྱོད་གཙོ་ཆེ་བ་ལ་དགོངས་སམ་བསམ། འགའ་ཞིག་ཏུ་ལྷ་མོ་བསྒྲུབ་ན་གཡོན་པས་བགྲང་། ཕོ་བསྒྲུབ་ན་གཡས་པས་བགྲང་ཟེར་ཏེ་དཔྱད་པར་བྱའོ། །དེ་ལྟར་ཕྲེང་བའི་ཀུན་རྫོབ་དང་། དོན་དམ་པའི་དེ་ཁོ་ན་ཉིད་ཤེས་པས་སྔགས་བཟླས་ན་དངོས་གྲུབ་འགྲུབ་ཅིང་གཞན་དུ་ན་འབྲས་བུ་མི་འབྱུང་སྟེ། སམྦུ་ཊར། མཉམ་གཞག་བཟླས་དང་བསྒོམ་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཉིད་མེད་པའི་རྣལ་འབྱོར་པས། །དེ་ཉིད་མེད་པའི་སྔགས་བཟླས་དང་། །རྡོ་རྗེ་དྲིལ་བུའི་དེ་ཉིད་མེད། །ཕྱག་རྒྱའི་དེ་ཉིད་སྐྱེ་མི་འགྱུར། །རྣལ་འབྱོར་པ་ཡི་དེ་ཉིད་དམིགས། །དེ་ཉིད་ཐམས་ཅད་བྱེད་པ་ཉིད། །ཅེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། འཁོར་བའི་བཟླས་པ། སྤྲོ་བསྡུའི་བཟླས་པ། བཀོད་པའི་བཟླས་པའོ། །དང་པོ་ནི། རྗེ་བཙུན་རྩེ་མོས། རང་གཙོ་བོ་ཡབ་ཡུམ་དུ་བསྒོམས་པའི་ཡུམ་གྱི་ཐུགས་ཀའི་ཨྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཡུམ་གྱི་ཞལ་ནས་འཐོན། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་སྟེ་པདྨར་ཞུགས་ནས་ཡུམ་གྱི་སྐུའི་དབྱིབས་བརྒྱུད། ཡུམ་གྱི་ཞལ་ནས་འཐོན་པར་བསྒོམ་ཞིང་རྒྱུན་མི་འཆད་པར་འཁོར་བ་ལ་དམིགས་ལ་བཟླས་པ་བྱའོ། །སྔགས་ཀྱི་ཁ་དོག་ནི་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། རྒྱུན་གྱི་བཟླས་པ་ཐམས་ཅད་སྡིག་པ་ཞི་བའི་ཕྱིར་དཀར་པོར་བྱ། དབང་བསྐུར་གྱི་བསྙེན་པ་བྱེད་ན་ལྷ་དབང་དུ་སྡུད་པས་དམར་པོར་བསམ། རབ་གནས་ཀྱི་བསྙེན་པ་བྱེད་ན། བསོད་ནམས་རྒྱས་པས་སེར་པོར་བསྒོམ། གཞན་ལས་གང་བྱེད་པ་དེ་དང་དེའི་ཁ་དོག་དང་མཐུན་པར་བྱའོ། །འཁོར་རྣམས་ཀྱི་སྔགས་ཟློས་ན་འཁོར་བའི་དམིགས་པ་སྔ་མ་བཞིན་བྱས་ལ། སྔགས་ཀྱི་འོད་ཟེར་དེས་ལྷ་མོ་གང་གི་བཟླས་པ་བྱེད་པའི་ལྷ་མོ་དེ་ལ་ཕོག་པས་དེ་དབང་དུ་འདུ་ཞིང་ཕྲིན་ལས་ལ་བསྐུལ་བར་བསྒོམས་ལ་བཟླས་པ་བྱའོ་ཞེས་གསུངས་པ་ལྟར་བྱའོ། །རྗེ་བཙུན་རིན་པོ་ཆེས། བདེ་མཆོག་གི་སྐབས་སུ་ཕར་འཁོར་དུ་གསུངས་ཤིང་། རྗེ་ས་ཆེན་གྱིས་རླུང་བརྟན་པར་འདོད་ན་ཚུར་འཁོར་དང་། བྱང་སེམས་བརྟེན་པར་འདོད་ན་ཕར་འཁོར་དུ་བྱ་བར་གསུངས་པས། དགོས་པའི་དབང་གིས་གང་འདོད་པ་བྱའོ། །གཉིས་པ་ནི། སྔགས་ཀྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས། ལྷའི་རྣམ་པ་གསལ་གདབ་ཅིང་མཆོད་པ་དང་། སངས་རྒྱས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་རང་གི་སྙིང་གར་ཐིམ་ཞིང་ཟློས་པ་སྟེ། འདི་ནི་རྗེ་བཙུན་རྩེ་མོས་ཚོགས་འཁོར་ལ་སོགས་པའི་དུས་སུ་ཟློས་པའི་མན་ངག་ཏུ་བཤད་དོ། །གསུམ་པ་ནི། སྙིང་གར་སྔགས་ཀྱི་ཡིག་འབྲུ་བཀོད་ནས་དེ་ལ་དམིགས་ནས་ཀློག་པའི་ཚུལ་གྱིས་བཟླའོ། །གསུམ་པ་ལ་ལྔ་སྟེ། བཟླས་བྱའི་སྔགས་དངོས། ཟློས་པའི་གོ་རིམ། ཇི་ལྟར་ཟློས་པའི་ཚུལ། ཇི་ཙམ་བཟླས་པའི་གྲངས། དེ་ལྟར་བཟླས་པའི་དགོས་པའོ། །དང་པོ་ནི། གཙོ་འཁོར་རྣམས་ཀྱི་སྔགས་ཏེ། ཨོཾ་ནི་མཆོག་སྟེར་བའི་དོན་ནོ། །ཨཥྚཱ་ན་ནཱ་ཡ་བརྒྱད་པའི་ཞལ་ཅན། པིཾ་གཽརྡྷ་ཀཻ་ཤ་ཝརྟ་མ་ནེ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཙ་ཏུར་བིཾ་ཤ་ཏི་ནཻ་ཏྲཱ་ཡ་ཉི་ཤུ་རྩ་བཞིའི་སྤྱན་ཅན། ཥོ་ཌ་ཤ་བྷཱུ་ཛ་ཡ་བཅུ་དྲུག་གི་ཕྱག་ཅན། ཀྲྀཥྞ་ཛཱི་མུ་ཏ་ཝ་པུ་ཥེ་སྐུ་མདོག་ཆར་སྤྲིན་ལྟར་ནག་པ། ཀ་པཱ་ལ་མཱ་ལ་ཨ་ནཻ་ཀཾ་དྷ་རི་ཎེ་ཐོད་པའི་ཕྲེང་བ་དུ་མ་འཛིན་པ། ཨཱདྷྨ་ཏཱ་ཀྲཱུ་ར་ཙིཏྟ་ཡ་ནི་བདག་ཉིད་ཀྱི་སེམས་ཁོང་ནས་འཁྲུགས་པ། ཨརྡྷེནྡུ་དཾ་ཥྚྲི་ཎེ་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་ཅན། འདིར་ཨོཾ་ཞེས་པ་མི་ཐུབ་ཟླ་བའི་ཀུ་མུ་ཏི་དང་། སྒྲུབ་ཐབས་གཉིས་ཆར་དུ་མེད་ཅིང་། རྩ་རྒྱུད་ཀྱི་རྒྱ་དཔེ་ཁ་ཅིག་དང་། སྒྲུབ་ཐབས་མཚོ་སྐྱེས། རིན་ཆེན་འབར་བ། བླ་མ་གོང་མ་རྣམས་ཀྱིས་བཤད་པས། དེ་ལྟར་ན་ཨོཾ་ནི་དམ་བཅའ་བའོ། །མཱ་ར་ཡ་མཱ་ར་ཡ་སོད་སོད། ཀཱ་ར་ཡ་ཀཱ་ར་ཡ་གྱིས་གྱིས། གརྫ་ཡ་གརྫ་ཡ་སྒྲོགས་སྒྲོགས། ཏརྫ་ཡ་ཏརྫ་ཡ་རྟོགས་རྟོགས། ཤོ་ཥ་ཡ་ཤོ་ཥ་ཡ་སྐོམས་སྐོམས། གང་སྐེམས་ན། སཔྟ་སཱ་ག་རཱ་ན་རྒྱ་མཚོ་བདུན། བནྡྷ་བནྡྷ་ཆིངས་ཆིངས། གང་ཆིངས་ན་ནཱ་ག་ཨཥྚ་ཀཱན་ཀླུ་བརྒྱད། གྲྀཧྣ་གྲྀཧྣ་ཟུང་ཟུང་། གང་ཟུང་ན་ཤ་ཏྲཱུན་དགྲ་བོ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧ་ཞེས་པ་རྣམས་ནི་ཡུམ་གྱི་ཨཱ་ལིའི་དོད་དོ། །ཕོ་སྐད་ཀྱི་ཡི་གེ་ཧ་ལ་དབྱངས་བཅུ་གཉིས་སྦྱར་བས་བཞད་པའི་ཉམས་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། གསང་སྔགས་ཀྱི་དངོས་གཞི་ལྟ་བུ་ཡིན་ནོ། །ཞེས་རྗེ་བཙུན་གསུང་ངོ་། །ཕཊ་དགས་པ། སྭཱ་ཧཱ་གཞི་ཚུགས་པ་སྟེ་རྩ་བའ་ིསྔགས་སོ། །སྔགས་དོན་གྱི་བཤད་པ་རྒྱས་པ་ནི་དཔལ་ལྡན་ས་སྐྱ་པཎྜི་ཏའི་ཨཥྚའི་བཞི་བཤད་དུ་བལྟ་བར་བྱའོ། །ཨོཾ་ནི་སྔགས་ཀྱི་འགོ་འདྲེན། དེ་ཝ་ཞེས་བྱ་བ་ནི་རོལ་པ་སྟེ། བདེ་བ་ལ་རོལ་པས་ལྷའམ་སེམས་ཅན་གྱི་དོན་ལ་རོལ་པར་བྱེད་པའོ། །པི་ཙུ་ནི་འཇམ་པོ་སྟེ། ཇི་ལྟར་བལ་འཇམ་པོས་སྦར་སྦུར་སྡུད་པ་ལྟར་འདིའི་ཐུགས་རྡོ་རྗེ་འཇམ་པོས་སེམས་ཅན་ཐམས་ཅད་སྡུད་པའོ། །བཛྲ་ཞེས་བྱ་བ་ནི་རྡོ་རྗེ་མི་ཕྱེད་པ་ལྟར་ཤེས་རབ་སྟོང་པ་ཉིད་ཀྱི་དོན་ཏེ། ཇི་ལྟར་རྡོ་རྗེ་ཕ་རོལ་འཇོམས་པ་ལྟར། ཐུགས་རྡོ་རྗེས་མ་རུངས་པ་རྣམས་འཇོམས་པའི་དོན་ཏོ། །དེ་བས་ན་ཧེ་བཛྲ་འདི་ནི་ཆོས་གསུམ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་མི་ཕྱེད་པ་སྟེ། གསང་བ་འདུས་པ་ལས། ཧཱུྃ་ནི་སྐུ་དང་གསུང་དང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་འབྱུང་བ། །ཞེས་སོ། །ཕཊ་སྭཱ་ཧཱ་ནི་སྔར་བཞིན་ཏེ་སྙིང་པོའོ། །ཨོཾ་སྔར་བཞིན། བཛྲ་ཀརྟ་རི་རྡོ་རྗེ་གྲི་གུག ཧེ་བཛྲ་ཡ། ཀྱེ་རྡོ་རྗེའི་བཀས་ཞེས་ཏེ། གྲི་གུག་གིས་གཞན་གཅོད་པ་ལྟར། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་མཚན་མ་དང་། རྣམ་པར་རྟོག་པ་ཆོད་ཅིག་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ནི་སྔར་བཞིན་ཏེ། ཉེ་བའི་སྙིང་པོའོ། །ཡུམ་དང་འཁོར་རྣམས་ཀྱིས་སྔགས་ནི། རྩ་རྒྱུད་ལས། དབྱངས་བཅོ་ལྔ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་དུ་བཤད་པ་དང་། ཕྱི་མའི་ལྔ་པར། ཨྃ་ཡུམ་གྱི་ས་བོན་དང་། གྃ་ཙྃ་སོགས་ལྷ་མོ་བརྒྱད་ཀྱི་ས་བོན་དུ་བཤད་པ་ལ། དང་པོའི་གཉིས་པར། སྔགས་ཐམས་ཅད་ཀྱི་རྐང་པ་དང་པོར་ཨོཾ་གྱི་རྣམ་པ་དང་། མཐར་ནི་སྭཱ་ཧཱ་དང་། ཧཱུྃ་ཕཊ་ཀྱི་རྣམ་པ་ནི་ནང་དུ་གཞུག་གོ །ཞེས་མགོ་བོར་ཨོཾ་དང་མཇུག་ཏུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྦྱོར་བར་གསུངས་པ་ལ་བརྟེན་ནས། རྗེ་བཙུན་རྩེ་མོས་འཁོར་རྣམས་ཀྱི་སྔགས་མཛད་པ་ནི་རྒྱུད་དང་ཤིན་ཏུ་མཐུན་ནོ། །དེ་ལ་ཨོཾ་ཨཱཿཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃ་ཧཱུྃ་ཕཊ་སྭཱ་ཧཱ། རྣལ་འབྱོར་མ་རྣམས་ཀྱི་ཕྲེང་བའི་སྔགས་སོ། །ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། བདག་མེད་མའི་འོ། །ཨོཾཨཱཿགྃ་ཧཱུྃ་ཕཊ་སྭཱ་ཧཱ། གཽ་རཱིའི་འོ། །ཨོཾ་ཨཱཿཙྃ་ཧཱུྃ་ཕཊ་སྭཱ་ཧཱ། ཙཽ་རཱིའི་འོ། །ཨོཾ་ཨཱཿབྃ་ཧཱུྃ་ཕཊ་སྭཱ་ཧཱ། བེ་ཏཱ་ལཱིའི་འོ། །ཨོཾ་ཨཱཿགྷྃ་ཧཱུྃ་ཕཊ་སྭཱ་ཧཱ། གྷསྨ་རཱིའི་འོ། །ཨོཾ་ཨཱཿཔྃ་ཧཱུྃ་ཕཊ་སྭཱ་ཧཱ། པུཀྐ་སཱིའི་འོ། །ཨོཾ་ཨཱཿཤ་ྃཧཱུྃ་ཕཊ་སྭཱ་ཧཱ། ཤ་ཝ་རཱིའི་འོ། །ཨོཾ་ཨཱཿལྃ་ཧཱུྃ་ཕཊ་སྭཱ་ཧཱ། ཙཎྜ་ལཱིའི་འོ། །ཨོཾ་ཨཱཿཌྃ་ཧཱུྃ་ཕཊ་སྭཱ་ཧཱ། ཌོཾ་བི་ནཱིའི་འོ། །རྒྱས་པར་སྤྲོ་ན་ཨོཾ་ཨཱཿགྃ་གཽ་རཱི་ཧཱུྃ་ཕཊ་ཞེས་བྱ་བ་ལ་སོགས་པ་ས་བོན་གྱ་ིརྩ་བར་མིང་གཞུག་པར་བྱས་ལ་བཟླས་སོ། །གཉིས་པ་ནི། སྔགས་གསུམ་གྱིས་སྐུ་གསུང་ཐུགས་བསྐུལ་བར་བཤད་པ་ལྟར། ཐོག་མར་རྩ་སྔགས་བཟླས་ཏེ། དེ་ནི་སྐུ་བསྐུལ་བྱེད་དུ་གསུངས་ལ་སྐུ་དེ་ནི་རིགས་པ་ཡིན་པས་བསྐུལ་སླ་བའི་ཕྱིར་རོ། །གསུང་ཕྲ་བས་དེའི་རྗེས་དང་། ཐུགས་ཤིན་ཏུ་ཕྲ་བས་བསྐུལ་དཀའ་བས་ཐམས་ཅད་ཀྱི་རྗེས་སུ་བསྐུལ་བ་ཡིན་ཞེས་བླ་མ་དག་གསུང་ངོ་། །གསུམ་པ་ནི་སྔགས་ཀྱི་ཚིག་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་ཟློས་པས་ཡིད་བཟླས། རླུང་བསྒོམས་ནས་ཡིད་ཀྱིས་ཟློས་པ་འགོག་པའི་བཟླས་པ། རླུང་འགྲོ་འོང་དང་སྦྱར་ནས་བཟླས་པ་རྡོ་རྗེའི་བཟླས་པ། ལྕེ་རྩེ་དང་མཆུ་གཡོ་བ་ཙམ་གྱིས་བཟླས་པ་ཤུབ་བུའི་བཟླས་པ། ཡི་གེ་རིང་ཐུང་བྱེད་ཅིང་སྐད་གསང་ཆེན་པོས་བཟླས་པ་རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་སྟེ་ལྔ་ཡིན་ནོ་ཞེས་བླ་མ་དག་གསུང་ངོ་། །བཞི་པ་ནི་རྗེ་བཙུན་རིན་པོ་ཆེས་ལམ་འབྲས་ཀྱི་མན་ངག་ལས། བསྙེན་པ་རབ་འབྲིང་དགུར་གསུངས་ཏེ། དེའང་མཚན་མའི་བསྙེན་པ་རབ་འབྲིང་གསུམ་ནི། རབ་ཡི་དམ་གྱི་ལྷ་ལས་དངོས་སུ་གནང་བ་ཐོབ་པ། འབྲིང་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པ། ཐ་མ་རྨི་ལམ་དུ་གནང་བ་ཐོབ་པ། འབྲིང་དུས་ཀྱི་བསྙེན་པ་རབ་འབྲིང་གསུམ་ནི་རབ་ལོ་དྲུག འབྲིང་ཟླ་བ་དྲུག ཐ་མ་ཞག་བདུན་ཡིན་ནོ། །ཐ་མ་གྲངས་ཀྱི་བསྙེན་པར་འབྲིང་གསུམ་ནི་རབ་གཙོ་བོ་ལ་བཞི་འབུམ། འཁོར་ལ་བཞི་ཁྲི། འབྲིང་གཙོ་བོ་ལ་བཞི་ཁྲི། འཁོར་ལ་བཞི་སྟོང་། ཐ་མ་གཙོ་བོ་ལ་བཞི་སྟོང་། འཁོར་ལ་བཞི་བརྒྱ་ཡིན་ནོ། །དུས་དང་གྲངས་ཀྱི་འབྲིང་དང་། ཐ་མ་གཉིས་ནི་བསྙེན་པ་ཁ་གསོ་བ་ལས་དངོས་གཞིའི་བསྙེན་པ་ནི་མ་ཡིན་ནོ། །ཞེས་གསུང་། རྗེ་བཙུན་རྩེ་མོས་དབང་ཆུར་གཞན་འདྲ་བ་ལ་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་པ་རབ་ཀྱི་ནང་དུ་བསྡུས་ནས། འབྲིང་རྨི་ལམ་དུ་གནང་བ་ཐོབ་པ། ཐ་མ་ཉམས་ཀྱི་སྣང་བ་ལ་འདྲིར་རུང་བ་དང་། དུས་ཀྱི་བསྙེན་པ་ལ་རབ་ཟླ་བ་དྲུག འབྲིང་ཟླ་བ་གསུམ་ཞེས་གསུངས་ཏེ། གསུང་ངག་དང་། སྤྱིར་དཀྱིལ་འཁོར་གྱི་བསྙེན་པའི་ཁྱད་པར་ཡིན་ནམ་སྙམ་མོ། །འོ་ན་རྩ་རྒྱུད་ལས། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གཙོ་བོ་ལ་འབུམ་དང་། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླས་པར་བཤད་པ་དང་འགལ་ལོ་སྙམ་ན། བོད་ཀྱི་བླ་མ་རྣམས་ལུང་དེ་ནི་རྫོགས་ལྡན་གྱི་དུས་ཀྱི་དབང་དུ་བྱས་ལ། ད་ལྟ་རྩོད་དུས་ཡིན་པས་དེ་བཞི་འགྱུར་དུ་བྱ་དགོས་ཏེ། སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །ཉིས་འགྱུར་སུམ་ལྡན་ལ་བཟླས་བྱ། །སུམ་འགྱུར་ཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གསུངས་པས་མི་འགལ་བར་བཞེད་པ་ནི་ཤིན་ཏུ་ལེགས་ཏེ། སངས་རྒྱས་ཐོད་པའི་དཀའ་འགྲེལ་ཡེ་ཤེས་ལྡན་ལས་ཀྱང་། རྫོགས་ལྡན་དུས་སུ་ཡི་གེ་འབུམ་བཟླས་ཏེ། །སུམ་ལྡན་དུས་ཀྱི་སྔགས་པས་འབུམ་ཕྲག་གཉིས། །ཉིས་ལྡན་དུས་སུ་འབུམ་ཕྲག་གསུམ་དུ་འགྱུར། །བྱེ་བ་ཕྲག་གསུམ་འབུམ་བཞི་རྩོད་དུས་སྦྱར། །ཞེས་སོ། །ལྔ་པ་ནི་བཟླས་པས་སངས་རྒྱས་ཀྱི་ཐུགས་བསྐུལ་བས། རང་གིས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ཡིན་ཏེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་གསུངས་སོ། །བསྙེན་པ་དང་། ཚོགས་འཁོར་གྱི་དུས་སུ་དེ་ལྟར་བཟླས་པའི་རྗེས་ལ་དཀྱིལ་འཁོར་བསྡུ་བ་ཡིན་ཅིང་། སྐབས་གཞན་དུ། སྔར་གྱི་བསྟོད་པའི་རྗེས་ལ་བསྡུས་ཀྱང་བཏུབ། རྫོགས་རིམ་བསྒོམས་པའི་རྗེས་ལ་བསྡུས་ཀྱང་བཏུབ། དག་པ་རྗེས་སུ་དྲན་པའི་རྗེས་ལ་བསྡུས་ཀྱང་བཏུབ་སྟེ། གང་ལྟར་ཡང་བསྡུ་བའི་རིམ་པ་ནི། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། དེ་དུར་ཁྲོད་བརྒྱད་ལ་བསྡུ། དེ་གཞལ་ཡས་ཁང་ལ་བསྡུ། དེ་ལྷ་མོ་བརྒྱད་ལ། དེ་ཞལ་བརྒྱད་ལ་བསྡུས་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་རྫོགས་རིམ་བསྒོམ་པའམ། དེ་ཟིན་ནས་དག་པ་རྗེས་དྲན་བྱ་བའམ། དེ་ཟིན་ནས་སྡུད་ན་བཟླས་པའི་རྣལ་འབྱོར་ལ་འཇུག་པར་བྱའོ། །གང་ལྟར་ཡང་གཙོ་བོ་ཡབ་ཡུམ་ནི་ཉལ་བའི་རྣལ་འབྱོར་གྱི་བར་དུ་བསྡུ་བ་མེད་དོ། །སྟན་ལས་ལྡང་བའམ། བཟླས་བརྗོད་ཟིན་པའི་རྗེས་ལ། རྡོ་རྗེའི་གླུ་དང་བཀྲ་ཤིས་ཀྱི་ཚིགས་བཅད་དང་། སྨོན་ལམ་རྣམ་པར་དག་པ་བཏབ་ལ། ཁ་ཟས་སམ། སྤྱོད་ལམ་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །ཞེས་རྗེ་བཙུན་གསུང་ངོ་། །བརྒྱད་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་དང་པོར་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བགེགས་བསལ་བ་ལ་སོགས་གཏོར་མ་བཞིན་བྱིན་གྱིས་བརླབས་ཏེ། རང་དཔལ་ཀྱེ་རྡོ་རྗེའི་རྣལ་འབྱོར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཙམ་ལས་ལྷ་དགུའི་དཀྱིལ་འཁོར་དང་། ལྟེ་བར་འབྱུང་པོ་བརྒྱད་གསུམ་ཉེར་བཞི་བསྐྱེད་ལ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ལ་རང་གི་སྙིང་ག་ནས་ཞུགས་ཏེ། དམ་ཚིག་པ་ལ་བསྟིམ། དབང་བསྐུར་ཡང་དྲན་པར་བྱས་ལ། རང་གི་ལྕེ་ཧཱུྃ་ལས་རྡོ་རྗེར་བསྐྱེད་ལ། དེ་ལས་འོད་བྱུང་སྟེ་གསོལ་བས། ཕུད་ཀྱིས་སྙིང་གའི་ལྷ་དགུ་མཆོད། དེའི་ལྷག་མས་ལྟེ་བའི་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་མཆོད་པར་བསམ་ཞིང་། ཁ་ཧོམ་ཁུང་དང་། ལག་པ་གཟར་བུ། ཁ་ཟས་བསྲེག་རྫས་སུ་བསམས་ལ་བཟའོ། །འབྲིང་ནི་ཁ་ཟས་མཁའ་འགྲོ་སྤྱི་གཏོར་བཞིན་བྱིན་གྱིས་བརླབས་ལ། སྙིང་གར་ལྷ་དགུའི་དཀྱིལ་འཁོར་བསམ་ལ། ལྟེ་བ་ནས་མེ་སྦར་ཏེ་ལྷ་མཆོད་པའི་བསམས་པས་བཟའོ། །འདི་ནི་ནང་གི་གཏོར་མ་ཞེས་པ་ཡིན་ལ། དམིགས་པ་དང་ང་རྒྱལ་བརྟན་པ་རྣམས་ལ་གཏོར་མ་ལ་སོགས་པ་གཞན་མི་དགོས་ཀྱང་དེ་བཞིན་གཤེགས་པའི་བཀའ་བཞིན་བསྲུང་བ་དང་། རང་གི་སྔགས་ཀྱི་སྤྱོད་པ་དང་། དམ་བཅའ་བརྟན་པའི་ཕྱིར་དང་། སེམས་ཅན་མ་དད་པ་བསྲུང་བའི་ཕྱིར་དང་། ལས་དང་པོ་པའི་སེམས་ཅན་གཞན་རྗེས་སུ་དྲང་བའི་ཕྱིར་ལྷ་བཤོས་དང་། ཆང་བུ་དང་། གཏོར་མ་ལ་སོགས་པ་ཐམས་ཅད་ཐུན་མོང་གི་ལུགས་བཞིན་བྱའོ། །བསྡུས་པ་ནི་ཁ་ཟས་ལ་ལག་པ་གཡོན་གྱི་སྲིན་ལག་དང་མཐེ་བོང་གིས་རེག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ། ཁ་ཟས་དེ་ཤ་ལྔ་དང་། བདུད་རྩི་ལྔ་ཡེ་ཤེས་ལྔའི་ངོ་བོར་བསམས་ལ། སྙིང་གའི་ཡི་གེ་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོར་མོས་ལ། དེ་མཆོད་པའི་བསམ་པས་བཟའ་སྟེ། སྙིང་གའི་ས་བོན་མེ་འབར་ལ། །དེ་ཡི་ག་བུར་བཏུང་བར་བྱ། །བཏུང་བ་དེ་ཡིས་རྣལ་འབྱོར་པ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། འདིས་བཅུད་ལེན་དུ་འགྱུར་བའི་དགོས་པ་ཡང་བསྟན་ནོ། །གཞན་ཡང་ཡོན་དག་པའི་དགོས་པ་ཡང་ཡོད་དེ། ཟས་ཀྱི་རྣལ་འབྱོར་འདི་ཡིས་ནི། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་འདིས་རྩ་བའི་ལྟུང་བ་བཅུ་གསུམ་པ་མི་འབྱུང་བའི་དགོས་པ་ཡང་ཡོད་དོ། །དགུ་པ་སྤྱོད་ལམ་གྱི་རྣལ་འབྱོར་ལ་གཉིས་ཏེ། གང་གིས་བྱེད་པའི་རྣལ་འབྱོར། དེས་བྱ་བའི་རྣལ་འབྱོར་རོ། །དང་པོ་ནི་རྩ་རྒྱུད་ལས། ལངས་ཏེ་ལྷའི་གཟུགས་སུ་གཞག་གོ །ཞེས་གསུངས་ལ། དེའི་དོན་མཉམ་གཞག་ལས་ལངས་ནས། སྤྱོད་ལམ་སྣ་ཚོགས་ལ་འཇུག་པའི་ཚེ་ལྷའི་ང་རྒྱལ་དང་མ་བྲལ་བར་གནས་དགོས་པ་ཡིན་ཏེ། བྷ་ཝ་བྷ་དྲས། ཐུན་དང་། སྒོམ་པའི་ཕྱི་རོལ་གྱི་བྱ་བ་གསུངས་པ། ལྷའི་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་གཟུགས་ནི་འདུག་པ་དང་། བཟའ་བ་དང་། ཉལ་བ་ལ་སོགས་པ་རྣམས་སུ་ལྷའི་ང་རྒྱལ་གྱིས། ཡུལ་རྣམས་ལ་ལྷའི་གཟུགས་སུ་ཉེ་བར་ལོངས་སྤྱོད་པའི་རྣལ་འབྱོར་གྱི་ངེས་པ་ཉིད་དོ་ཞེས་དགོངས་སོ་ཞེས་བཤད་པའི་ཕྱིར་རོ། །འོ་ན་ལྷའི་ང་རྒྱལ་ཇི་ལྟ་བུར་བསྒོམ་སྙམ་ན། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཤེས་པའི་སྟོང་པ་ཉིད་དང་། དེ་ཉིད་གཟུགས་ཀྱི་རྣམ་པ་ལྷའི་སྐུ་སྒྱུ་མ་ལྟ་བུར་ཤར་བ་གཉིས་དབྱེར་མེད་པའི་རང་བཞིན་ཅན་དུ་བསྒོམ་པ་ཡིན་ཏེ། གྲུབ་ཆེན་མཚོ་སྐྱེས་ཀྱིས། ལྷའི་ལུས་ཀྱི་གནས་པར་བྱའོ་ཞེས་པ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་རང་བཞིན་གྱི་བདག་ཉིད་ཀྱིས་ཆོས་ཐམས་ཅད་ལྷག་པར་མོས་ཏེ། ཐམས་ཅད་དུ་གནས་པར་བྱའོ་ཞེས་གསུངས་སོ། །གཉིས་པ་ལ་གཉིས། རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་། ལྷ་སོ་སོའི་རྣལ་འབྱོར་རོ། །དང་པོ་ནི། ཅི་དང་ཅིར་སྣང་བའི་དངོས་པོ་ཐམས་ཅད་ཀྱེ་རྡོ་རྗེར་ཤེས་པར་བྱས་ནས་ལོངས་སྤྱོད་དེ། གསང་འདུས་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་ལྟར་འདོད་པས་བསྟེན་བྱ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །སོགས་སོ། །འདི་ནི་ཉུང་ངུ་ལ་མོས་པ་རྣམས་ཀྱི་ཐ་མལ་གྱི་རྣམ་རྟོག་ལོག་པར་བྱེད་པའོ། །གཉིས་པ་ནི་ཡུལ་དང་ཡུལ་ཅན་གྱི་དབྱེ་བས་མཐའ་ཡས་པར་བྱས་ལ། དེ་དག་རེ་རེ་ཡང་ལྷ་སོ་སོར་ཤེས་པར་བྱེད་པ་སྟེ། དེ་ཡང་གཟུགས་གཽ་རཱི། སྒྲ་ཙཽ་རཱི། དྲི་བེ་ཏཱ་ལཱི། རོ་གྷསྨ་རཱི། རེག་ས་སྤྱོད་མ། ཆོས་ཁམས་མཁའ་སྤྱོད་མ་སྟེ། ཕྱིའི་ཡུལ་དྲུག་ལྷ་མོ་དྲུག་དང་། མིག་སོགས་ནང་གི་དབང་པོ་དྲུག་དང་། རྣམ་ཤེས་དྲུག་པོ་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་ཏུ་བྱ་སྟེ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱད་དོ། །འདི་ནི་རྒྱ་ཆེན་པོ་ལ་དགའ་བ་རྣམས་ལ་ཐ་མལ་པར་འཛིན་པ་དང་། རིལ་པོ་གཅིག་ཏུ་འཛིན་པའི་རྣམ་རྟོག་ཐམས་ཅད་བཤིག་པ་ཡིན་ནོ། །དེ་ལྟར་འཆིང་བའི་རྒྱ་ནི་ཐ་མལ་པའི་རྣམ་པར་རྟོག་པ་ཡིན་ལ། དེ་ལྷའི་རྣམ་པར་ཤེས་པ་ན་ཐ་མལ་པ་དག་པས་ཐམས་ཅད་རིལ་གྱིས་སྤོང་བར་འགྱུར་རོ། །གཞན་ཡང་སྐབས་འགའ་ཞིག་ཏུ་དཀྱིལ་འཁོར་དང་། ལྷའི་རྣམ་དག་དང་། དེ་ཁོ་ན་ཉིད་རྣམས་ཀྱང་རྒྱས་པར་དྲན་པར་བྱ་ཞིང་། དཀྱིལ་འཁོར་དང་། རབ་གནས་དང་། སྦྱིན་སྲེག་དང་། ཆོས་འཆད་པ་དང་། ཉན་པ་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་ཀྱང་ལྷའི་རྣལ་འབྱོར་གྱིས་བྱའོ། །བཅུ་པ་རྗེས་ཆགས་ཀྱི་རྣལ་འབྱོར་ནི་ཁྱིམ་པ་རྡོ་རྗེ་འཛིན་པས་ལས་ཀྱི་ཕྱག་རྒྱ་བསྟེན་པར་འདོད་ན། ལྷའི་འདུ་ཤེས་སྔགས་ཀྱི་འདུ་ཤེས། ཆོས་ཀྱི་འདུ་ཤེས་ཏེ་བྱ་བ་དེ་གསུམ་དང་ལྡན་པས་བསྟེན་ན། འདོད་ཆགས་ཉིད་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེ་ལ་ལྷའི་འདུ་ཤེས་ནི་རང་ཀྱེ་རྡོ་རྗེ་དང་། ཡུམ་བདག་མེད་མར་བསྐྱེད་པའོ། །སྔགས་ཀྱི་འདུ་ཤེས་ནི་ཡུམ་གྱི་མཁའ་སྟོང་པར་བསམས་པའི་ངང་ལས། པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱས་མཚན་པར་བསྐྱེད་ལ། པདྨ་སུ་ཁ་སོགས་ཀྱིས་བྱིན་གྱིས་བརླབ། ཡབ་ཀྱི་གསང་གནས་སྟོང་པར་བསམས་པའི་ངང་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་བསྐྱེད་ལ། ཨོཾ་བཛྲ་མ་ཧཱ་སོགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་གཉིས་ཀའི་མགོ་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བསམ་མོ། །ཆོས་ཀྱི་འདུ་ཤེས་ལ་བསྐྱེད་པའི་རིམ་པ་ལྟར་ན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དཔལ་ཀྱེ་རྡོ་རྗེ་ལ་མཆོད་པར་བྱའོ་སྙམ་དུ་བསམས་ལ། རྫོགས་པའི་རིམ་པ་ལྟར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་ཞེས་བསམ་མོ། །རྒྱས་པར་ནི་དབང་གསུམ་པའི་མན་ངག་ཏུ་རྟོགས་པར་བྱའོ། །འདིའི་དགོས་པ་ནི་གསུམ་སྟེ། འདོད་པས་ལོག་པར་གཡེམ་པར་མི་འགྱུར་བ་དང་། ལྷ་མཆོད་པར་འགྱུར་བ་དང་། ལྷན་སྐྱེས་ཀྱི་ཡེ་ཤེས་རྟོགས་པར་འགྱུར་བའོ། །དང་པོ་ནི། དེ་ཉིད་འདུས་པར་ནི། འདོད་ཆགས་ལྟ་བུའི་བདེ་བ་མེད། །དེ་བས་རྒྱལ་བ་རྣམས་ལ་འབུལ། །སེམས་ཅན་དོན་ཕྱིར་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །ཞེས་གསུངས་ཏེ། ཆོས་ཀྱི་འདུ་ཤེས་ཀྱི་དགོས་པའོ། །གཉིས་པ་ནི་རྡོ་རྗེ་གུར་ལས། རང་ཉིད་ཧེ་རུ་ཀར་བྱས་ཤིང་། །རང་གི་བཙུན་མོ་ངར་བྱས་ནས། །ཆགས་ཆེན་གྱིས་ནི་འདོད་སྤྱོད་པ། །དེ་ལ་ང་ནི་རྟག་ཏུ་མཉེས། །ཞེས་པ་སྟེ། ལྷའི་འདུ་ཤེས་ཀྱི་དགོས་པའོ། །གསུམ་པ་ནི། སློབ་དཔོན་ཨིནྡྲ་བྷཱུ་ཏིས། བདེ་བ་བདེ་བ་ཆེན་པོ་ཀུན། །སྲིད་པའི་སྡུག་བསྔལ་གཅོད་བྱེད་ཅིང་། །མྱ་ངན་འདས་པའི་གནས་ཐོབ་ཅེས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །ཞེས་གསུངས་པ་ལྟར་རོ། །འདི་ནི་རྣལ་འབྱོར་པ་ཁྱིམ་པ་ཁོ་ནའི་དབང་དུ་མཛད་ནས་གསུངས་ཀྱིས། དགེ་སློང་རྡོ་རྗེ་འཛིན་པ་ལ་ནི་འདི་མི་དགོས་པས། རྣལ་འབྱོར་དགུས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་བྱེད་པ་ཡིན་ནོ། །རྣལ་འབྱོར་བཅུ་ལ་བཤད་པའི་གོ་རིམ་མཉམ་པར་གཞག་པའི་རྣལ་འབྱོར་གཉིས། མཉམ་པར་མ་བཞག་པའི་རྣལ་འབྱོར་བརྒྱད་ཅེས་པ་བདེ་བ་ཡིན་ན་ཡང་། འདིར་ནི་མདང་ནུབ་མོ་ཉལ་བའི་རྣལ་འབྱོར་ནས་བརྩམས་ཏེ། ཉིན་ཞག་གཅིག་གི་ཉམས་ལེན་གྱི་རིམ་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །བདུན་པ་སྦྱང་གཞི་སྦྱོང་ཞིང་ལམ་བྱེད་བཞིས་ལམ་དུ་བྱེད་པའི་ཚུལ་ལ་གཉིས་ཏེ། སྦྱང་གཞི་སྦྱོང་བའི་ཚུལ་དང་། དེ་ཉིད་ལམ་བྱེད་བཞིས་ལམ་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། སྦྱང་གཞི་མི་སྦྱོང་བའི་ལྷའི་རྣལ་འབྱོར་བློས་བསྐྱེད་པ་ཙམ་ནི་རྒྱུད་སྡེ་འོག་མ་གསུམ་ལ་ཡང་ཡོད་པས་བསྐྱེད་པའི་རིམ་པར་མི་འགྱུར་ཞིང་། སྦྱང་གཞི་སྦྱོང་བྱེད་ལེགས་པར་ངོ་འཕྲོད་པའི་ལྷའི་རྣལ་འབྱོར་གང་བསྒོམ་པ་ཐམས་ཅད་རྣལ་འབྱོར་ཆེན་པོའི་རིམ་པ་གཉིས་ཀྱི་ནང་ནས་བསྐྱེད་པའི་རིམ་པར་འགྱུར་བས་འདི་ཚུལ་བཞིན་དུ་བཤད་པ་གལ་ཆེ་བ་ཡིན་ལ། དེ་ལ་ཡང་མན་ངག་མེད་པར་རྣམ་རྟོག་གིས་སྒྲོ་བཏགས་པའི་ལུགས་ནི་ལམ་དུ་མི་འགྱུར་བས་རྒྱུད་སྡེའི་དགོངས་པ་མན་ངག་གིས་ལེགས་པར་བརྒྱན་པ་ཤེས་དགོས་སོ། །འདི་ལ་གཉིས་ཏེ། རྟོག་པས་བཏགས་པའི་ལུགས་དགག་པ། རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་དེ་སུན་དབྱུང་བའོ། །དང་པོ་ལ་གཉིས་ཏེ། ཆོས་དབྱིངས་ཁོ་ན་སྦྱང་གཞིར་འདོད་པའི་ལུགས། མ་འོངས་པའི་ཆོས་གསུམ་ཁོ་ན་སྦྱང་གཞིར་འདོད་པའི་ལུགས་སོ། །དང་པོ་ནི། གཞན་སྟོང་གི་གྲུབ་མཐའ་འཛུགས་པའི་སྔོན་གྱི་མཁས་པ་ཁ་ཅིག་ན་རེ། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རེ་རེ་ལ་ཡང་། མཚན་ཉིད་གསུམ་གསུམ་དུ་ཕྱེ་བའི་ཡོངས་གྲུབ་ཁོ་ན་སྦྱང་གཞི་ཡིན་གྱི། ཀུན་བརྟགས་དང་གཞན་དབང་གཉིས་ནི་སྦྱང་གཞི་མ་ཡིན་ཏེ། དེ་དག་ནི་ཀུན་རྫོབ་ཀྱི་བདེན་པ་སྤང་བར་བྱ་བ་ཁོ་ན་ཡིན་པའི་ཕྱིར་དང་། སྦྱང་གཞི་དོན་ལྷར་བསྒོམས་པས་ལྷར་འགྱུར་བ་ཅིག་དགོས་ལ། ཀུན་རྫོབ་ཀྱི་བདེན་པ་ནི་རང་བཞིན་རྣམ་དག་གི་ལྷ་མ་ཡིན་པས་ལྷར་བསྒོམས་ཀྱང་ལྷར་འགྱུར་བ་མི་སྲིད་པའི་ཕྱིར་རོ། །ཡེ་ཤེས་ཚོགས་བསག་གི་སྔགས་དོན་ལས་ཀྱང་ཤེས་ཏེ། སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་ངའོ་ཞེས་དང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ངའོ་ཞེས་དང་། ཆོས་ཐམས་ཅད་རྣལ་འབྱོར་གྱི་ངོ་བོར་རྣམ་པར་དག་པ་ངའོ་ཞེས་ང་རྒྱལ་འཇོག་པ་ཡེ་ཤེས་ཚོགས་བསག་ཏུ་བཤད་ལ། དེའི་དོན་ཡང་། འདུས་བྱས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ནས་འདུས་མ་བྱས་ཆོས་དབྱིངས་བདེན་གྲུབ་ལ་ང་རྒྱལ་གཞག་སྟེ། དེ་ཉིད་འོག་ནས་འབྱུང་བའི་རྟེན་དང་བརྟེན་པར་བཅས་པའི་ལྷར་བསྐྱེད་དེ་བསྒོམས་པས་ཆོས་དབྱིངས་དེ་ཉིད་ལ་གློ་བུར་གྱི་དྲི་མ་དག་ནས་ལྷར་འགྱུར་བའི་དོན་ཡིན་པའི་ཕྱིར་རོ་ཞེས་སྨྲའོ། །གཉིས་པ་ནི་ཕྱིས་ཀྱི་བླ་མ་གསང་སྔགས་རང་བཟོར་བྱེད་པ་དག་ན་རེ། སྔར་འདས་ཟིན་པ་དང་། ད་ལྟར་སྐྱེས་པའི་དངོས་པོ་ཐམས་ཅད་ནི་སྦྱང་གཞི་མ་ཡིན་ཏེ། སྔར་འདས་ཟིན་པ་དང་། ད་ལྟར་བ་ནི་སྐད་ཅིག་གིས་མི་གནས་པས་སྦྱང་མི་དགོས་པར་རང་གི་ངང་གིས་འཇིགས་པའི་ཕྱིར་རོ། །དེས་ན་ལམ་བསྒོམ་པའི་སྒྲུབ་པ་པོ་ལ་མ་འོངས་པ་ན་འབྱུང་འགྱུར་གྱི་སྐྱེ་འཆི་བར་དོ་གསུམ་པོ་ཁོ་ན་སྦྱང་གཞི་ཡིན་ཏེ། སྦྱང་གཞི་སྦྱོང་བའི་དོན་ལམ་མ་བསྒོམས་ན་སྐྱེ་འཆི་བར་དོ་གསུམ་འབྱུང་རྒྱུ་ཡིན་པ་ལས་ལམ་བསྒོམས་པའི་བྱེད་པས། སྐྱེ་འཆི་བར་དོ་གསུམ་གྱི་ཚབ་ཏུ་འབྲས་བུ་སྐུ་གསུམ་འབྱུང་བ་ལ་འཇོག་དགོས་པའི་ཕྱིར་རོ། །འབྱུང་འགྱུར་གྱི་ཆོས་གསུམ་པོ་དེ་ཡང་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཀྱི་སྐྱེ་འཆི་བར་དོ་གསུམ་ཡིན་པ་ཅིག་དགོས་ཏེ་སྦྱོང་བྱེད་ཀྱི་མངོན་པར་རྟོགས་པ་ནི་སྦྱང་གཞིའི་ཆོས་གསུམ་པོ་དེ་དང་འདྲ་བ་ཅིག་བསྒོམ་དགོས་པ་གང་ཞིག དེ་ཅི་འདྲ་བ་ནི་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཀྱི་སྐྱེ་འཆི་བར་དོ་གསུམ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་པའི་ཕྱིར་རོ། །སྦྱང་གཞི་སྦྱོང་བའི་དོན་སྦྱང་གཞི་དེ་ཉིད་ལྷར་བསྒོམ་པ་ནི་མ་ཡིན་ཏེ། མ་དག་པའི་སྣང་བ་འདི་རྣམས་ནི་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་བདེན་པ་ཡིན་པས་ལྷར་བསྒོམས་ཀྱང་ལྷར་འགྱུར་བ་མི་སྲིད་པའི་ཕྱིར། སོལ་བ་བརྡར་བ་ལས་དུང་མི་འབྱུང་བ་བཞིན་ནོ། །ཞེས་འཛེར་ཏོ། །གཉིས་པ་དེ་སུན་དབྱུང་བ་ལ་གཉིས་ཏེ། སོ་སོར་དགག་པ་དང་། ཐུན་མོང་དུ་དགག་པའོ། །དང་པོ་ལ་གཉིས་ཏེ། ཆོས་དབྱིངས་ཁོ་ན་སྦྱང་གཞིར་འདོད་པ་དགག མ་འོངས་པའི་ཆོས་གསུམ་ཁོ་ན་སྦྱང་གཞིར་འདོད་པ་དགག་པའོ། །དང་པོ་ནི། ཆོས་དབྱིངས་དོན་དམ་པའི་བདེན་པ་སྦྱང་གཞི་ཡིན་པའི་དོན། འཕགས་པའི་མཉམ་གཞག་གིས་ཉམས་སུ་མྱོང་བའི་ཆོས་དབྱིངས་མཚན་ཉིད་པ་སྦྱང་གཞི་ཡིན་ནམ། ཐ་མལ་པའི་རྣམ་རྟོག་ལ་ཆོས་དབྱིངས་སུ་སྣང་བ་སྦྱང་གཞི་ཡིན། དང་པོ་ལྟར་ན་ཤིན་ཏུ་མི་འཐད་དེ། མཉམ་གཞག་སོ་སོ་རང་རིག་པའི་ཡེ་ཤེས་ཁོ་ནས་ཉམས་སུ་མྱོང་བར་བྱ་བ་ཡིན་གྱི་ཐ་མལ་གྱི་རྣམ་རྟོག་འཇོག་པའི་གཞི་མ་ཡིན་པས་སྦྱང་གཞིར་བྱེད་པ་དོན་མེད་པའི་ཕྱིར་རོ། །དེ་ལྟར་ཡང་གུར་ལས། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །ཞེས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་བའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གཟུགས་བསྒོམ་པར་བྱའོ། །ཞེས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཐ་མལ་རྣམ་རྟོག་རྒྱུན་ནི་མ་གཏོགས་པ། །སྲིད་པའི་འཆིང་བ་གཞན་ན་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །གང་ཡིན་དེས་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་པས་སོ། །ཕྱི་མ་ལྟར་ན་སྒྲ་རྟོག་གི་ཡུལ་དུ་གྱུར་པའི་ཆོས་དབྱིངས་ནི། རྣམ་གྲངས་པའི་དོན་དམ་བདེན་པ་ཞེས་བྱ་བ་ཡིན་གྱི། རང་གི་ངོ་བོ་སྒྲ་རྟོགས་གི་ཡུལ་ཀུན་རྫོབ་བདེན་པ་ཡིན་པས་དེ་ནི་ཀུན་རྫོབ་སྦྱང་གཞིར་སོང་བའི་དོན་ཡིན་ལ། ཕུང་པོ་ལྔའི་ཆོས་ཉིད་རིགས་དྲུག་པའི་སྦྱང་གཞིར་གསུངས་པ་ཡང་འདི་ལ་དགོངས་སོ། །སྤྲོས་བྲལ་རང་གི་ངོ་བོ་ལྷར་བསྒོམས་པ་ཉིད་ཀྱང་མི་འཐད་དེ། རྩ་རྒྱུད་བརྟག་གཉིས་ལས། སྒོམ་པ་པོ་མེད་སྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པས་སོ། །བདེན་པ་གཉིས་སུ་ཕྱེ་ནས། ཀུན་རྫོབ་བདེན་པ་ལྷར་མི་བསྒོམ་པར་དོན་དམ་བདེན་པ་ལྷར་བསྒོམ་པ་ནི་རྒྱུད་དང་དངོས་སུ་འགལ་ཏེ། རྩ་རྒྱུད་དང་པོའི་དགུ་པར། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་དོན་དམ་པར་ཕྱི་ནང་གི་དངོས་པོ་ཐམས་ཅད་དེ་བཞིན་ཉིད་སྤྲོས་བྲལ་ཡིན་པས་ལྷར་བསྒོམས་པ་མེད་ཀྱང་ཕྱི་ནས་ཏེ། དེ་མ་གཏོགས་པར་ཀུན་རྫོབ་ཀྱི་སྤྲོས་པ་སྣ་ཚོགས་འཆར་བ་རེ་རེ་ནས་ལྷར་བསྒོམས་ཞེས་པའི་དོན་ཡིན་པའི་ཕྱིར་དང་། ཕྱི་མའི་བཅུ་གཅིག་པར། བུད་མེད་དང་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་སོགས་དབྱིབས་ཀྱི་སྒོ་ནས་རིགས་ལྔ་སོ་སོའི་རིགས་སུ་ངེས་པ་དང་། རྣལ་འབྱོར་པ་གང་ནག་པོ་ཉིད། །དེ་ཡི་ལྷ་ནི་མི་བསྐྱོད་པ། །ཞེས་སོགས་ཁ་དོག་གི་སྒོ་ནས་རིགས་ལྔ་སོ་སོའི་རིགས་སུ་ངེས་པའི་ཚུལ་གསུངས་ཤིང་། དེ་ཡང་ཀུན་རྫོབ་ཏུ་དེ་དང་དེའི་རིགས་ཡིན་པའི་ཚུལ། ལུང་དེའི་མཇུག་ཏུ། ཀུན་རྫོབ་གཟུགས་སུ་གནས་ནས་ནི། །དེ་རྣམས་བདེ་གཤེགས་རིགས་སུ་འགྱུར། །བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པ་དེ་བཞིན་ནོ། །ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །དེ་ཡི་རིགས་སུའང་དེ་འགྱུར་རོ། །ཞེས་གསུངས་པས་སོ། །འདི་ཉིད་རྡོ་རྗེ་གུར་ལས་ཀྱང་གསལ་བར་གསུངས་ཏེ། གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང་། །དེ་ཚེ་རྒྱལ་བའི་དངོས་པོས་སྦྱངས་པ་ཡོད། །ཀུན་རྫོབ་གཟུགས་སུ་རྣམ་པར་གནས་ནས་ནི། །འཁོར་ལོའི་གཟུགས་ཀྱི་ཆོས་ཙམ་རྣམ་པར་བརྟག །ཅེས་གསུངས་ཤིང་དེའི་དོན་ཡང་། དོན་དམ་ཆོས་ཉིད་ཀྱི་ངོས་ནས་འགལ་བ་སྦྱང་གཞི་དང་། སྦྱོང་བྱེད་སོ་སོར་ཡོད་པ་མ་ཡིན་ཡང་། ཆོས་ཉིད་མ་གཏོགས་པར་ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་ཀྱི་སྣང་བ་འཆར་བ་དེའི་ཚེ་སྦྱང་གཞི་དེ་དག་རྒྱལ་བའི་དངོས་པོས་སྦྱངས་པས་སྦྱང་གཞི་དང་། སྦྱོང་བྱེད་ཀྱི་རྣམ་གཞག་ཡོད་དོ། །དེས་ན་སྦྱོང་བྱེད་འཁོར་ལོའི་གཟུགས་ཀྱིས་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཙམ་ལྷའི་ངོ་བོར་རྣམ་པར་བརྟགས་པའི་སྦྱང་གཞི་དང་སྦྱོང་བྱེད་གཉིས་ཀ་ཡང་། ཀུན་རྫོབ་གཟུགས་སུ་རྣམ་པར་གནས་ནས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ཞེས་པའི་དོན་ཏོ། །དེ་ལྟར་ན་རྩ་རྒྱུད་ལས། ཕྱི་ནས་ཞེས་པ་དང་། གུར་ལས། དེ་ཚེ་ཞེས་པ་དོན་གཅིག་པས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་སྒྲུབ་ཐབས་རྣམས་ལས། ཡེ་ཤེས་ཚོགས་བསག་སྟོང་ཉིད་བསྒོམས་པའི་རྗེས་སུ་སྟོང་པའི་ངང་ལས་ཞེས་གསུངས་པར་ཤེས་པར་བྱས་ནས་དོན་དམ་སྤྲོས་བྲལ་སྦྱང་གཞི་ཡིན་ཀུན་རྫོབ་སྤྲོས་བཅས་སྦྱང་གཞི་མ་ཡིན་ཞེས་བྱ་བའི་གཏམ་སྨྲ་བར་མི་བྱའོ། །བསྟན་བཅོས་ཆེན་པོ་དང་ཡང་འགལ་ཏེ། སྤྱོད་བསྡུས་ལས། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་འདི་དག་བླ་མའི་བཀའ་དྲིན་གྱིས། །རྙེད་པ་གང་དེ་མ་འོངས་སངས་རྒྱས་ཡིན། །ཞེས་པ་དང་འགལ་བའི་ཕྱིར་ཏེ། སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་བསྐྱེད་རིམ་གྱི་སྦྱང་གཞི་འཇོག་ན་དངོས་སུ་འགལ་ཞིང་། སྦྱོང་བྱེད་ཀྱི་ལྷ་ཡིན་ན་དོན་དམ་ཀུན་རྫོབ་ཏུ་བསྒོམ་པར་ཐལ་བའི་སྐྱོན་སྔར་བཤད་ཟིན་པའི་ཕྱིར་རོ། །གཞན་ཡང་འདི་ལ་རིགས་པ་དུ་མས་གནོད་དེ། ཆོས་ཉིད་ལྷར་བསྒོམ་པའི་ཚེ་ལྷའི་འཁོར་ལོ་དེ་ཀུན་རྫོབ་མ་ཡིན་ན་ནི་སྔར་གྱི་ལུང་དེ་དག་གིས་དངོས་སུ་གནོད། ཀུན་རྫོབ་ཡིན་ན་དོན་དམ་ཀུན་རྫོབ་ཏུ་བསྒོམ་པ་མི་འཐད་དེ། ཀུན་རྫོབ་ཏུ་ལྷར་བསྒོམས་ཀྱང་དེ་ལྷར་མི་འགྱུར་བའི་ཕྱིར་རོ། །ཞེས་ཟློག་ན་ལན་ཅི་སྨྲ། གཞན་ཡང་དོན་དམ་བདེན་པ་བདེན་གྲུབ་ཏུ་བྱས་ནས་དེ་ཉིད་ལྷར་བསྒོམས་པས་ལྷར་འགྱུར་བར་འདོད་པ་ནི་ཁས་བླངས་འགལ་ཏེ། འཕགས་མཆོག་ཀླུ་སྒྲུབ་ཀྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་གསུངས་པས་སོ། །གལ་ཏེ་ལྷར་འབྱུང་བའི་དོན། དང་པོ་ནས་ལྷ་ཡིན་པ་ལ་ཕྱིས་གློ་བུར་གྱི་དྲི་མ་བསལ་ནས། ལྷར་མཐོང་བ་ཙམ་ལ་བྱེད་དོ་སྙམ་ན། དེ་ཡང་མི་རུང་སྟེ། སྔར་གྱི་ལུང་དེས་བདེན་པར་གྲུབ་ན་བྱ་བྱེད་གང་ཡང་མི་རུང་བ་བསྟན་པའི་ཕྱིར་རོ། །གཞན་ཡང་འདི་ལ་རྩ་ལྟུང་བསྲུང་ཚུལ་མི་རུང་བ་དང་། སྤྱོད་ལམ་གྱི་རྣལ་འབྱོར་མི་རུང་བ་དང་། ཁ་ཟས་ཀྱི་རྣལ་འབྱོར་མི་རུང་བ་དང་། མཆོད་གཏོར་བྱིན་རླབས་མི་རུང་བ་དང་། རབ་གནས་མི་རུང་བ་དང་། སྦྱིན་སྲེག་མི་རུང་བ་སོགས་སྐྱོན་དཔག་ཏུ་མེད་པ་ཡོད་པ་ལས་རེ་ཤིག་དང་པོ་ནི། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་པ་མི་རུང་བར་འགྱུར་ཏེ། ཆོས་ཉིད་ཡོངས་གྲུབ་ལ་སྨད་པ་མེད་པའི་ཕྱིར། གཉིས་པ་ནི་རྩ་རྒྱུད་ལས། ལངས་ཏེ་ལྷའི་གཟུགས་སུ་གཞག་གོ །ཞེས་པ་མི་རུང་བར་འགྱུར་ཏེ། མཉམ་གཞག་ལས་ལངས་པའི་ཚེ་དོན་དམ་ནི་བློ་ལ་མི་སྣང་། ཀུན་རྫོབ་ནི་ལྷའི་གཟུགས་སུ་མི་གཞག་པའི་ཕྱིར་རོ། །གསུམ་པ་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས་བཟའ་བར་མི་རུང་བར་འགྱུར་ཏེ། ཀུན་རྫོབ་ནི་བདུད་རྩིར་བྱིན་གྱིས་མི་བརླབ། ཆོས་ཉིད་ནི་བཟའ་བར་མི་རུང་བའི་ཕྱིར་རོ། །བཞི་པ་ནི་མཆོད་པ་དང་གཏོར་མ་སོགས་བྱིན་གྱིས་བརླབ་པ་ལ་ཡང་རིགས་པ་དེས་བསྒྲེའོ། །ལྔ་པ་ནི་རབ་གནས་ཀྱང་མི་རུང་བར་འགྱུར་ཏེ། རབ་གནས་ཀྱི་རྒྱུད་ལས། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །ཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟག །ཅེས་དོན་དམ་པར་རབ་ཏུ་གནས་བྱ་གནས་བྱེད་མེད་པར་གསུངས་ཤིང་། ཀུན་རྫོབ་ཏུ་རབ་ཏུ་གནས་བྱ་གནས་བྱེད་ནི་ཁྱེད་ཀྱིས་བཀག་པའི་ཕྱིར་རོ། །དྲུག་པ་ནི་སྦྱིན་སྲེག་ཀྱང་མི་རུང་བར་འགྱུར་ཏེ། ཐབ་ཁུང་གི་ནང་དུ་ལྷ་བསྐྱེད་ནས་བསྲེག་རྫས་འབུལ་བའི་རྣམ་གཞག་དེ་དག་དོན་དམ་ཡིན་ན་ནི། སྔར་གྱི་ཀླུ་སྒྲུབ་ཀྱི་ལུང་གིས་གནོད། ཀུན་རྫོབ་ཡིན་པ་ནི་ཁྱེད་ཀྱིས་བཀག་པའི་ཕྱིར་རོ། །འདི་དག་ཐམས་ཅད་ལ་ཡང་མཚན་ཉིད་གསུམ་གསུམ་དུ་ཕྱེ་བའི་ཡོངས་གྲུབ་ཀྱི་གཟུགས་སོགས་ལ་དགོངས་སོ་ཞེས་པའི་ལན་ནི་མི་རུང་སྟེ། ཡོངས་གྲུབ་མཚན་ཉིད་པ་ལ་ནི་བྱ་བྱེད་མེད། ཐ་མལ་པའི་བློ་ངོར་ཡོངས་གྲུབ་ཏུ་སྣང་བ་ནི་ཀུན་རྫོབ་ཡིན་པས་རང་གི་ཕྱོགས་སུ་འདུག་ནས་ཕར་ཟ་བའི་ཕྱིར་རོ། །ཡེ་ཤེས་ཚོགས་བསག་གི་སྔགས་དོན་དོན་དམ་བདེན་པ་བདེན་གྲུབ་ལ་ང་རྒྱལ་འཇོག་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། བདེན་གྲུབ་ལ་ང་རྒྱལ་འཇོག་པ་ཐོག་མ་མེད་པ་ནས་ཡོད་པའི་བདེན་འཛིན་ལྷན་སྐྱེས་ཡིན་པས་འཁོར་བའི་རྒྱུ་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་ནི། བདེན་གྲུབ་ལ་ང་རྒྱལ་འཇོག་པ་མ་ཡིན་ཏེ། ལྟ་བས་བདེན་འཛིན་གྱི་དྲི་མ་སྦྱངས་ནས་ཀུན་རྫོབ་སྣང་ཙམ་ལ་ཐ་མལ་གྱི་རྣམ་རྟོག་སྤོང་བའི་ཕྱིར་དུ་ལྷའི་འཁོར་ལོ་བསྒོམ་པའི་དོན་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལས། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་གསུངས་པའི་དོན། རྗེ་བཙུན་གོང་མ་འཁྲུལ་པའི་དྲི་མ་ཟད་པ་དག་གིས། དུག་དེ་ལ་ཀུན་ཏུ་བརྟགས་པའི་དུག་དང་། ཀུན་ཏུ་རྟོག་པའི་དུག་གཉིས་ལས། དང་པོ་ནི་བདེན་འཛིན་ཡིན་པས་ལྟ་བས་སྦྱོང་བར་བྱེད། གཉིས་པ་ནི་ཐ་མལ་གྱི་རྣམ་རྟོག་ཡིན་པས་བསྐྱེད་རིམ་གྱིས་སྤོང་བར་བྱེད་པའི་དོན་དུ་གསུངས་པ་འདི་ཉིད་རྒྱུད་ཀྱི་དོན་དུ་གནས་པའི་ཕྱིར་རོ། །ཅི་ལྟར་གནས་ན་ལུང་དེའི་གོང་དུ་དེ་བཞིན་ཉིད་ཀྱི་དག་པ་དང་། ལྷ་སོ་སོའི་དག་པ་གཉིས་གསུངས་པ་ལས་ཤེས་སོ། །འོ་ན་ཡེ་ཤེས་ཚོགས་བསག་གི་སྔགས་དོན་གང་ཞེ་ན། སྐབས་དེར་ངའོ་ཞེས་པའི་ང་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཀུན་རྫོབ་ཐ་སྙད་དུ་གསལ་སྟོང་ཟུང་འཇུག་ཡོད་པ་དེ་ཉིད་ཡིན་ཏེ། རྩ་རྒྱུད་ལས། ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལས་གནས་གསུམ་པོ་ཡང་འབྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་དང་། དངོས་ང་དངོས་པོ་མེད་པ་ང་། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །གང་ཞིག་ལེ་ལོས་བསྣུན་པ་དང་། །རྨོངས་པ་གང་གིས་ང་མི་ཤེས། །ཞེས་གསུངས་པས་སོ། །ང་རྒྱལ་འཇོག་པའི་ཚུལ་ཡང་རང་བཞིན་རྣམ་དག་གི་སྟོང་ཉིད་ཁྱད་གཞིར་བཟུང་ནས་ཁྱད་ཆོས་ངའོ་སྙམ་པའི་འཛིན་སྟངས་བསྣན་པ་མ་ཡིན་གྱི། སྣང་བ་ཐམས་ཅད་སྟོང་ཉིད་དུ་སྦྱངས་ནས་རི་བོང་གི་རྭ་ལྟར་ཅི་ཡང་མེད་ཙམ་མ་ཡིན་པར་སྟོང་པ་དང་གསལ་བ་དབྱེར་མེད་པ་ལ་མཉམ་པར་གཞག་པའི་དོན་ཏོ། །དེས་ན་རྗེ་ས་ཆེན་གྱིས་གསུངས་པ་ལྟར་ཡེ་ཤེས་ཚོགས་བསག་གི་དགོས་པ་གསུམ་ཡང་འགྲུབ་ཅིང་ལྟ་བའི་ངོ་བོ་ཟུང་འཇུག་ལ་གཞག་པ་ཡང་འགྲུབ་བོ། །གང་ཞིག་ལེ་ལོས་བསྣུན་པ་དང་། །རྨོངས་པ་གང་གིས་ང་མི་ཤེས། །ཞེས་གསུངས་པའི་སྐབས་འདིའི་ང་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གྲགས་པའི་ང་དོན་མི་གཅིག་པའི་ཚུལ་ཞིབ་པར་ངག་ལས་ཤེས་དགོས་སོ། །གཉིས་པ་མ་འོངས་པའི་ཆོས་གསུམ་ཁོ་ན་སྦྱང་གཞིར་འདོད་པའི་ལུགས་དགག་པ་ནི་ཁྱོད་ཀྱིས་རྣམ་གཞག་རིམ་པའི་ཊཱི་ཀར་སྔར་འདས་ཟིན་པའི་བསྐལ་པ་ད་ལྟ་རྣལ་འབྱོར་པའི་ལམ་བསྒོམ་པའི་སྦྱང་གཞིར་འཇོག་ན་ན་ཉིང་ཞིག་ཟིན་པའི་བུད་ཤིང་ད་ལོའི་མེས་བསྲེག་པར་ཐལ་ལོ། །ཞེས་པའི་སྐྱོན་འཕེན་པ་ནི་རང་གི་གྲུབ་མཐའི་གཙོ་བོ་ལ་སྐྱོན་འདི་ལྟར་ཐོང་ཞིག ཅེས་པའི་བརྡ་སྟེ། སང་ཕོད་སྐྱེ་འགྱུར་གྱི་བུད་ཤིང་ད་ལོའི་མེས་བསྲེག་པར་འགྱུར་ཏེ། མ་འོངས་པ་ན་འབྱུང་འགྱུར་གྱི་སྐྱེ་འཆི་བར་དོ་གསུམ་ད་ལྟ་རྣལ་འབྱོར་པས་ལམ་བསྒོམ་པའི་སྦྱང་གཞི་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། སྦྱང་གཞི་སྦྱོང་བའི་དོན་ལམ་མ་བསྒོམས་ན་སྐྱེ་འཆི་བར་དོ་གསུམ་འབྱུང་རྒྱུ་ཡིན་པ་ལ། ལམ་བསྒོམས་པའི་བྱེད་པས་དེའི་དོད་དུ་འབྲས་བུ་སྐུ་གསུམ་འབྱུང་བ་ལ་འདོད་པ་ནི། རང་དགར་རྣམ་པར་རྟོགས་པས་བཏགས་པ་ཙམ་ཡིན་གྱི་རྡོ་རྗེ་ཐེག་པའི་རྒྱུད་གཞུང་གང་གི་ཡང་ལུགས་མ་ཡིན་ཏེ། དེ་ལྟར་ན་སྦྱོང་བྱེད་བསྐྱེད་པའི་རིམ་པ་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཀྱི་སྐྱེ་འཆི་བར་དོ་གསུམ་དང་། རྣམ་པ་ཅི་འདྲ་མ་འདྲ་ཞིག་བསྒོམས་པ་དོན་མེད་པའི་ཕྱིར་ཏེ། མ་འོངས་པ་ན་འབྱུང་འགྱུར་གྱི་སྲིད་པ་བཀག་ནས་དེའི་དོད་དུ་ཡོན་ཏན་གཞན་འབྱུང་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ལ་ཡང་ཡོད་པའི་ཕྱིར། ལམ་མ་བསྒོམས་ན་འགྲོ་བ་གཞན་དུ་སྐྱེ་བར་འགྱུར་བའི་རྣལ་འབྱོར་པས་བླ་མེད་ཀྱི་ལམ་བསྒོམ་པའི་ཚེ་སྦྱང་གཞི་སྦྱོང་ཚུལ་གཏན་མེད་པར་འགྱུར་ཏེ། འགྲོ་བ་གཞན་གྱི་སྐྱེ་འཆི་བར་དོ་གསུམ་སྦྱང་གཞི་མ་ཡིན་པའི་ཕྱིར་རོ། །མཚམས་མེད་བྱས་ནས་ལམ་མ་བསྒོམས་པར་དམྱལ་བར་སྐྱེ་འགྱུར་གྱི་རྣལ་འབྱོར་པས་ལམ་བསྒོམ་པའི་བྱེད་པས་དམྱལ་བའི་ཆོས་གསུམ་གྱི་དོད་དུ་འབྲས་བུ་སྐུ་གསུམ་འབྱུང་བ་མེད་པར་འགྱུར་ཏེ། སྦྱང་གཞིའི་ཆོས་གསུམ་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁོ་ན་ལ་འཇོག་དགོས་པའི་ཕྱིར། འདོད་ན། རྩ་རྒྱུད་བརྟག་གཉིས་ལས། མཚམས་མེད་ལྔ་ནི་བྱེད་པ་དང་། །གཞན་ཡང་སྐྱེ་བ་དམན་གང་དང་། །རྨོངས་དང་མ་རུངས་ལས་བྱེད་དང་། །གཟུགས་ངན་ཡན་ལག་མ་ཚང་བ། །བསམ་པས་དེ་རྣམས་འགྲུབ་པར་འགྱུར། །ཞེས་གསུངས་པ་དང་འགལ་ལོ། །སློབ་དཔོན་འཕགས་པ་ལྷའི་རྣལ་འབྱོར་ཆེན་པོའི་ལམ་ལ་སྦྱང་གཞི་གསུམ་མ་ཚང་བར་འགྱུར་ཏེ། དེ་ལམ་མ་བསྒོམས་ན་འཛམ་བུ་གླིང་པའི་མི་མངལ་སྐྱེས་སུ་སྐྱེ་སྲིད་དུ་ཆུག་ན་ཡང་། དེའི་འཆི་སྲིད་ནི་རྫུས་སྐྱེས་ཀྱི་འཆི་སྲིད་ཁོ་ན་ཡིན་པའི་ཕྱིར་རོ། །འོག་མིན་ལོངས་སྤྱོད་རྫོགས་སྐུའི་འཁོར་གྱི་ས་བཅུའི་བྱང་སེམས་རྣམས་ལ་སྦྱང་གཞི་སྦྱོང་བའི་རྣལ་འབྱོར་ཆེན་པོའི་ལམ་མེད་པར་འགྱུར་ཏེ། དེ་དག་ལ་མ་འོངས་པའི་འཛམ་བུ་གླིང་པའི་སྐྱེ་འཆི་བར་དོ་གསུམ་མེད་པའི་ཕྱིར། མང་དུ་བརྗོད་པས་ཅི་ཞིག་བྱ། རྣལ་འབྱོར་ཆེན་པོའི་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་ལམ་བསྒོམ་པ་པོ་དེ་ཡིན་ན། འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁོ་ནར་སྐྱེ་བར་འགྱུར་བ་ཅིག་དགོས་ཀྱི་འགྲོ་བ་གཞན་དུ་སྐྱེ་བར་འགྱུར་བས་དེ་ལྟ་བུའི་ལམ་བསྒོམས་པ་དོན་མེད་ཅེས་པ་འདི་ལྟ་བུའི་བློ་གྲོས་ཤིན་ཏུ་དོག་པ། ལུང་དང་རིགས་པ་དུ་མས་གནོད་པ། མཁས་པས་མཐོང་ན་བཞད་གད་ཀྱི་གནས་སུ་གྱུར་པ་འདི་འདྲ་བ་ལ་རྗེས་འཇུག་དུ་མ་འབྱུང་བ་ནི། སེམས་ཅན་རང་རང་ལས་ལ་སྤྱོད་པའི་ཚུལ་དུ་སྣང་ངོ་། །ལུགས་ངན་པ་འདི་གསང་བ་འདུས་པའི་རྩོད་སྤོང་དུ་ཡང་རྒྱས་པར་བཀག་ཟིན་པས་ཤེས་པར་འདོད་ན་དེར་བལྟ་བར་བྱའོ། །གཉིས་པ་ཐུན་མོང་དུ་དགག་པ་ནི་ལུགས་འདི་གཉིས་ཆར་གྱིས་ཀྱང་ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ལྷའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པ་མ་ཡིན་པས། དེ་ལྷར་བསྒོམས་ཀྱང་ལྷར་འགྱུར་བ་མི་སྲིད་དོ། །དེའི་རྒྱུ་མཚན་གྱིས་དེ་དག་སྦྱང་གཞི་ཡང་མ་ཡིན་ཞིང་། ལྷར་བསྒོམ་པ་ཡང་མི་རུང་ཞེས་སྨྲ་བ་མཐུན་པར་སྣང་བས་དེ་དག་རྡོ་རྗེ་ཐེག་པའི་རྒྱུད་གཞུང་རྣམས་དང་འགལ་བའི་ཚུལ་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་ཐོག་མར་འཁོར་ལོ་བདེ་མཆོག་གི་རྒྱུད་གཞུང་དང་འགལ་བ་ནི་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། དེ་ལ་རེ་ཤིག་རྣལ་འབྱོར་གྱི་དབང་ཕྱུག་གིས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཞེས་པ་ནས་ནམ་མཁའི་ཁམས་ལ་ནི་པདྨའི་དྲྭ་བ་ཅན་མ་སྟེ། དེ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་ང་རྒྱལ་བསྐྱེད་པར་བྱའོ། །ཞེས་པའི་བར་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་བཅུ་བདུན་ལྷ་བཅུ་བདུན་གྱི་ངོ་བོར་ང་རྒྱལ་བསྐྱེད་པར་གསུངས་ཤིང་། དེ་ཉིད་ཀྱི་ལེའུ་བཞི་པ་ལས། སོ་དང་སེན་མོ་དག་པ་ལ་ནི་ཐོད་པ་ཕྱེད་པའོ། །སྐྲ་དང་སྤུ་ལ་ནི་ཀེང་རུས་ཆེན་པོའོ། །ཞེས་པ་ནས་སྣབས་ལ་ནི་རྡོ་རྗེ་སེམས་དཔའོ་ཞེས་པའི་བར་ལུས་ཀྱི་ཁམས་ཉི་ཤུ་རྩ་བཞི། དཔའ་བོ་ཉི་ཤུ་རྩ་བཞིའི་ངོ་བོར་གསུངས། ལེའུ་ལྔ་པ་ལས། པུ་ཞེས་བྱ་བ་ནི་པུ་ལི་ར་མ་ལ་ཡ་ན་ཁཎྜ་ཀ་པཱ་ལ་དང་། པྲ་ཙཎྜིའོ་ཞེས་སོགས་ཡུལ་ཉི་ཤུ་རྩ་བཞིའི་རྩ་ཁམས་རྣམས་དཔའ་བོ་ཉི་ཤུ་རྩ་བཞི་དང་། དཔའ་མོ་ཉི་ཤུ་རྩ་བཞིའི་ངོ་བོར་གསུངས་སོ། །དེ་དག་གི་དོན་རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པས། སྒྲུབ་ཐབས་ཀྱི་ཐོག་མར་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་བཅུ་བདུན་ལྷ་བཅུ་བདུན་དུ་བསྒོམ་ཚུལ་དང་། ལུས་དཀྱིལ་གྱི་ཐད་དུ་རྩ་ཁམས་རྣམས་ལྷར་བསྒོམས་ཚུལ་དང་། རྗེས་སྤྱོད་ཀྱི་སྐབས་སུ་ཁམས་ཉི་ཤུ་རྩ་བཞི་དཔའ་བོ་ཉི་ཤུ་རྩ་བཞིར་བསྒོམ་ཚུལ་རྒྱུད་ཀྱི་ཚིག་ཇི་ལྟ་བ་བཞིན་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་དྲིལ་བུ་པས་ཀྱང་ལུས་དཀྱིལ་བསྒོམ་ཚུལ་སྔ་མ་བཞིན་དང་། རྗེས་སྤྱོད་ཀྱི་སྐབས་སུ། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་ཧེ་རུ་ཀ །རྣལ་འབྱོར་མ་ནི་མཚན་མོར་བཤད། །ཅེས་གསུངས་སོ། །སློབ་དཔོན་ནག་པོ་སྤྱོད་པའི་གཞུང་རྣམས་ལས་ཀྱང་། སྔར་གི་དེ་དག་གསལ་བར་གསུངས་ཏེ། ལུང་རྣམས་ནི་ཚིག་མང་དུ་དོགས་པས་མ་བྲིས་སོ། །དེ་ལྟར་ན་འཁོར་ལོ་བདེ་མཆོག་གི་རྒྱུད་གཞུང་རྣམས་ལས། ཕུང་ཁམས་སྐྱེ་མཆེད་ཀྱི་དངོས་པོ་ཐམས་ཅད་ལྷའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་གྱི་དྲི་མ་སྦྱང་བའི་ཕྱིར་དུ་ལྷར་བསྒོམ་ཚུལ་གསུངས་པ་ཤེས་པར་བྱས་ནས། ངན་རྟོག་གིས་བསླད་པར་མི་བྱའོ། །ཀྱེ་རྡོ་རྗེའི་རྒྱུད་གཞུང་རྣམས་དང་ཡང་འགལ་ཏེ། རྩ་རྒྱུད་དང་པོའི་དགུ་པར། གཟུགས་ལ་སོགས་པའི་ཡུལ་རྣམས་དང་། །གཞན་ཡང་རྣལ་འབྱོར་པས་མཐོང་བ། །དངོས་པོ་དེ་ཀུན་དག་པ་སྟེ། །འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། །ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་གཟུང་བ་དང་འཛིན་པ་ཡང་གང་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། མིག་གིས་གཟུགས་ནི་གཟུང་བར་བྱ། །ཞེས་སོགས་སྐྱེ་མཆེད་བཅུ་གཉིས་ཀྱིས་གཟུང་འཛིན་གྱི་ཚུལ་གསུངས་ནས། མཇུག་ཏུ། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་གསུངས་སོ། །དེའི་དོན་གཟུགས་སོགས་ཀྱི་དངོས་པོ་སྔར་དག་པར་གསུངས་པ་ནི། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། མ་དག་པར་གསུངས་པ་ནི་གློ་བུར་གྱི་དྲི་མས་ཐ་མལ་པའི་གཟུང་འཛིན་དུ་བརྟགས་པས་མ་དག་པའི་དོན་ཡིན་ནོ། །དེ་ལ་དག་པར་གསུངས་པས་ནི་སྦྱང་ནུས་པར་བསྟན་ཅིང་། མ་དག་པར་གསུངས་པས་ནི་སྦྱང་དགོས་པར་བསྟན་ཏེ། སྦྱོང་བའི་ཐབས་ཀྱང་། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་དང་། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་སོགས་ཀྱི་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་ནང་གི་རྣལ་འབྱོར་མ་ལྔའི་ངོ་བོར་བསྒོམ་ཚུལ་དང་། ས་ནི་པུཀྐ་སཱི་ཞེས་བཤད། །ཅེས་སོགས་ཀྱིས་ཁམས་བཞི། ཕྱིའི་མཚམས་མ་བཞི་དང་། གཟུགས་ལ་གཽ་རཱིར་རྟག་ཏུ་བཤད། །ཅེས་སོགས་ཀྱིས་ཡུལ་དྲུག་ཕྱིའི་ལྷ་མོ་དྲུག་ཏུ་བསྒོམ་ཚུལ་གསལ་བར་གསུངས་ཏེ། དེ་ལྟ་བུའི་དག་པས་ཐ་མལ་གྱི་གཟུང་འཛིན་དུ་བརྟགས་པའི་དུག་མེད་པར་བྱས་ནས་བསྟེན་བྱ་གཟུགས་སོགས་འདི་དག་ལྷའི་ངོ་བོར་བསྟེན་ཞེས་པ་ནི་ཚིག་རྐང་གཉིས་ཀྱི་དོན་ཏོ། །དེ་ལྟ་བུའི་དག་པ་དེ་དག་ནི། དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ། ཌོམྦི་ཧེ་རུ་ཀས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་དང་། མི་ཐུབ་ཟླ་བས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་དང་། དེས་མཛད་པའི་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་སོགས་གཞུང་ལུགས་ཚད་ལྡན་ཕལ་ཆེར་ལས་གསུངས་སོ། །གསང་བ་འདུས་པའི་རྒྱུད་གཞུང་དང་ཡང་འགལ་ཏེ། རྩ་བའི་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་བརྗོད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་ཤིང་དེ་ཉིད་ཀྱི་དོན་རྒྱས་པར་རྣམ་གཞག་རིམ་པ་ལས་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ལ། རིགས་བརྒྱར་ཕྱེ་ནས་སྦྱོང་བྱེད་རིགས་ལྔ་ཡུམ་བཞི། བྱང་ཆུབ་སེམས་དཔའ་ལྔ། རྡོ་རྗེ་མ་ལྔ་སྟེ། བཅུ་དགུ་པོ་རེ་རེ་ལ་རིགས་ལྔ་ལྔར་ཕྱེ་བས་དགུ་བཅུ་གོ་ལྔ། ཡེ་ཤེས་ལྔ་སྟེ་རྣམ་པ་བརྒྱར་བསྒོམ་པའི་ཚུལ་དུ་གསུངས་སོ། །སྦྱང་གཞི་དེ་དག་ལྷ་དེའི་ངོ་བོར་བསྒོམ་པ་མ་ཡིན་ནོ་སྙམ་ན་དེ་ཡང་མི་འཐད་དེ། དེ་ཉིད་ལས། ཡང་འདི་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ནི། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ་ཞེས་གསུངས་ཤིང་དེའི་ཤེས་བྱེད་དུ་སྔར་གི་རྩ་རྒྱུད་ཀྱི་ལུང་དྲངས་པའོ། །དེ་བཞིན་དུ་སྒྲུབ་ཐབས་མདོར་བྱས་ལས་ཀྱང་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་སྦྱང་གཞི་སྦྱོང་བྱེད་སྦྱང་ཚུལ་རྒྱས་པར་གསུངས་ཤིང་། ལུས་དཀྱིལ་གྱི་སྐབས་སུ། རྣམ་པར་སྣང་མཛད་ཀྱི་ས་བོན་ནི། ཁ་དོག་དཀར་པོ་ཡི་གེ་ཨོྃ། །གཟུགས་ཕུང་ངོ་བོ་ཉིད་ཀྱིས་ནི། །སྔགས་ཤེས་པས་ནི་སྤྱི་བོར་དགོད། །ཅེས་སོགས་རྒྱས་པར་གསུངས་སོ། །དེ་བཞིན་དུ་རྣལ་འབྱོར་ཆེན་པོའི་རྒྱུད་གཞུང་མཐའ་དག་ལས། ཕུང་ཁམས་སྐྱེ་མཆེད་ཐ་མལ་དུ་འཛིན་པའི་གཞི་ཐམས་ཅད་ལྷའི་ངོ་བོར་བསྒོམས་པས་ལྷར་གསལ་བར་འཆར་བའི་ཚུལ་མཚུངས་པར་གསུངས་ཤིང་། དེའི་སྒྲུབ་བྱེད་ཀུན་རྫོབ་རང་བཞིན་རྣམ་དག་གི་ལྷ་ཡིན་པར་གསུངས་པ་འདི་ལས་བཟློག་སྟེ་སྨྲ་བར་མི་བྱའོ། །གཉིས་པ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ་ལ་གསུམ་སྟེ། སྦྱང་གཞི་དང་སྦྱོང་བྱེད་ཀྱི་དོན་བཤད་པ། དེ་ཉམས་ལེན་གྱི་རིམ་པ་ལ་ཇི་ལྟར་སྦྱར་བའི་ཚུལ། ཡིད་ཆེས་བསྐྱེད་པའི་ཕྱིར་འཁྲུལ་ཟད་ཀྱི་ལུང་ཁུངས་བསྟན་པའོ། །དང་པོ་ནི། སྦྱང་གཞི་དང་སྦྱོང་བྱེད་ཀྱི་དོན། རྩ་རྒྱུད་ལེའུ་དང་པོ་ལས། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དངོས་པོ་བསྒོམ་གྱུར་ཤེས་རབ་ཅན། །ཞེས་དང་། ལེའུ་དགུ་པར། ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། ཞེས་པ་ནས། དག་པས་དུག་མེད་བྱས་ནས་ནི། །བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་པའི་བར་སྔར་དྲངས་པ་དང་། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་ཕུང་ཁམས་སྐྱེ་མཆེད་ལྷ་མོ་བཅོ་ལྔའི་ངོ་བོར་གསུངས་པའི་གཞུང་རྣམས་དང་། ཞེ་སྡང་ལ་སོགས་རྣམ་སྦྱོང་པ། །བསྐྱེད་པའི་རིམ་པའི་ཕྱོགས་ལས་ནི། །འདིས་ནི་ཕུང་པོ་སྦྱང་བར་བྱ། །ཞེས་དང་། ཕྱི་མའི་གཉིས་པར། དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་དང་། རྡོ་རྗེ་གུར་ལས། ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །རང་བཞིན་གནས་སྐབས་བསྒོམས་པ་ལས། །བསྒོམ་པ་མ་ཡིན་མི་བསྒོམ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱོང་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་རབ་ཏུ་བསྒོམ་པར་བྱའོ། །ཞེས་དང་། གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང་། །དེ་ཚེ་རྒྱལ་བའི་དངོས་པོས་སྦྱང་བ་ཡོད། །ཀུན་རྫོབ་གཟུགས་སུ་རྣམ་པར་གནས་ནས་ནི། །འཁོར་ལོའི་གཟུགས་ཀྱི་ཆོས་ཙམ་རྣམ་པར་བརྟགས། །ཞེས་དང་། གསང་འདུས་རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །ཞེས་སྔར་དྲངས་པ་དང་། སྒྲུབ་ཐབས་མདོར་བྱས་ལས། རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་མང་ལ། །བློ་དང་ལྡན་པས་ལེགས་བལྟས་ནས། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། །ཞེས་དང་། འདི་དག་སྐྱེ་མཆེད་རྣམ་སྦྱོང་ཞིང་། །ལྷ་ཡི་མིག་སོགས་སྩོལ་བའོ། །ཞེས་པ་རྣམས་ཀྱིས་བསྟན་ཏེ། ཞིབ་ཏུ་ཕྱེ་ན་རྒྱུད་དང་། རྒྱ་གར་བའི་གཞུང་ཚད་ལྡན་རྣམས་ལས་འདི་ཁོ་ན་བཞིན་དུ་བཤད་དོ། །འདི་དག་གི་དོན་ལ་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱོང་ཚུལ། སྦྱངས་འབྲས་ངོས་གཟུང་བ་དང་ལྔ་ལས། དང་པོ་ནི། ཐ་མལ་པའི་བློ་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་སྣང་བ་དང་། གཟུང་བ་དང་འཛིན་པར་སྣང་བའི་ཀུན་རྫོབ་ཀྱི་བདེན་པས་བསྡུས་པའི་ཆོས་མཐའ་དག་སྟེ། ལྷའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པས་ལྷར་འགྱུར་བའི་གཞི་ཡང་ཡིན། ཐ་མལ་གྱི་རྣམ་རྟོག་གིས་ཐ་མལ་དུ་གཟུང་བས་སྦྱང་དགོས་པའི་གཞི་ཡང་ཡིན་པའི་ཕྱིར་རོ། །འདི་ནི་སྔར་གྱི་ལུང་རྣམས་ཀྱི་དངོས་པོ་ཉིད་ཀྱིས་ཞེས་དང་། ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །ཞེས་དང་། བསྟེན་བྱ་འདི་དག་ཅེས་དང་། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་ཀྱིས་ཕུང་ཁམས་སྐྱེ་མཆེད་སྟོན་པའི་ཚིག་རྣམས་དང་། ཞེ་སྡང་ལ་སོགས་ཞེས་དང་། ཕུང་པོ་ཞེས་དང་། གུར་ལས། ཆོས་ཙམ་ཞེས་དང་། གསང་འདུས་ལས། ཕུང་པོ་ལྔ་རྣམས་ནི་ཞེས་སོགས་ཀྱིས་བསྟན་ཏོ། །འདི་དག་ཀྱང་ཀུན་རྫོབ་ཏུ་ཡིན་གྱི། དམ་པའི་དོན་དུ་སྦྱང་གཞི་མེད་དེ། མི་ཐུབ་ཟླ་བས་ཡན་ལག་དྲུག་པར། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་ཚིག་རྐང་དྲུག་གསུངས་ནས། མཇུག་ཏུ། དམ་པའི་དོན་དུ་ཕུང་པོ་མེད། །ཅེས་གསུངས་པས་སོ། །གཉིས་པ་ནི་སྣང་བ་འདི་དག་ལ་བདེན་པར་འཛིན་པའམ། བདེན་འཛིན་གྱི་སྒྲོ་འདོགས་ཆོད་ནས་བརྟགས་པ་ཙམ་དུ་འཛིན་པ་གང་ཡིན་ཀྱང་རུང་སྟེ། ལྷའི་ངོ་བོར་མ་ཤེས་པར་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །ཞེས་སོགས་སྣང་བ་རང་དགར་འཛིན་པའི་རྟོག་པ་ཐམས་ཅད་དེ། འདི་ནི་འཁོར་བར་འཆིང་བའི་རྒྱུ་ཡིན་པས་འཆིང་བ་ཞེས་དང་། ཡུལ་གྱི་སྤུ་རིས་ཕྱེ་ནས་མངོན་པར་ཞེན་པས་མཚན་རྟོག་ཅེས་དང་། ཐུན་མོང་གི་སྐབས་སུ་བདེན་འཛིན་ལ་ཉོན་སྒྲིབ་དང་། འདི་ལ་ཤེས་སྒྲིབ་ཏུ་འཇོག་པས་ཤེས་སྒྲིབ་ཅེས་དང་། གང་ཞིག་མྱ་ངན་འདས་པ་འཆི་བར་བྱེད་པས་དུག་ཅེས་དང་། དངོས་པོ་ཙམ་ལ་རྣམ་པར་རྟོག་པས་དངོས་པོའི་རྣམ་རྟོག་ཅེས་དང་། ཐ་མལ་དུ་འཛིན་པས་ཕལ་པའི་གནས་སྐབས་ཞེས་དང་། མི་གཙང་བའི་ཚད་ཅེས་པའི་ཐ་སྙད་དུ་མས་བསྟན་པའོ། །འདི་དག་ཀྱང་སྔར་གི་ལུང་རྣམས་ཀྱི་དངོས་པོའི་འཆིང་བ་ཞེས་སོགས་ཀྱིས་བསྟན་ཏེ་གོ་སླའོ། །འོ་ན་རྣམ་རྟོག་དེ་ཉིད་སྦྱང་གཞི་མ་ཡིན་ན། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་འདོད་པ་དང་འགལ་ཞིང་། ཡིན་ན་སྦྱང་བྱར་བཤད་པ་དང་འགལ་ལོ་སྙམ་ན། གཞི་གཞན་གྱི་སྟེང་དུ་རྣམ་རྟོག་དེ་ཉིད་སྦྱང་བྱ་ཡིན་ཀྱང་། དེ་ཉིད་ལ་ཐ་མལ་དུ་རྣམ་པར་རྟོག་པའི་ཚེ། ཡུལ་གྱི་རྣམ་རྟོག་སྦྱང་གཞི་དང་། ཡུལ་ཅན་གྱི་རྣམ་རྟོག་སྦྱང་བྱར་འདོད་པས་མི་འགལ་ལོ། །གསུམ་པ་ནི་རྣམ་ཐར་སྒོ་གསུམ་དང་། བྱང་ཕྱོགས་སོ་བདུན་དང་། ཡེ་ཤེས་ལྔ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་རྣམས་དང་། རིགས་ལྔ་ཡུམ་བཞི་སོགས་གཟུགས་སྐུ་གདན་གསུམ་ཚང་བའི་ལྷ་ཚོགས་རྣམས་ནི་སྦྱོང་བྱེད་ཡིན་ཏེ། སྔར་གྱི་ལུང་རྣམས་ཀྱི་དངོས་པོ་བསྒོམ་འགྱུར་ཞེས་པའི་དངོས་པོ་དང་། དག་པས་ཞེས་དང་། རྡོ་རྗེ་མ་ཡིན་ཏེ་ཞེས་སོགས་ལྷ་སྟོན་པའི་ཚིག་རྣམས་དང་། གུར་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཞེས་དང་། རྒྱལ་བའི་དངོས་པོས་ཞེས་དང་། གསང་འདུས་ལས། སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་སོགས་ཀྱིས་བསྟན་ནོ། །བཞི་པ་ནི་རྣལ་འབྱོར་པས་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ཐ་མལ་པ་མ་ཡིན་པར་རྣམ་ཐར་སྒོ་གསུམ་མམ། བྱང་ཕྱོགས་སོ་བདུན་ནམ། ཡེ་ཤེས་ལྔའམ། རིགས་ལྔ་ཡུམ་བཞི་ལ་སོགས་པའི་ངོ་བོར་བསྒོམ་པ་སྟེ། འདི་ལ་མཉམ་གཞག་གི་རྣལ་འབྱོར་གྱིས་སྦྱང་ཚུལ་དང་། རྗེས་སྤྱོད་ཀྱི་རྣལ་འབྱོར་གྱིས་སྦྱང་ཚུལ་གཉིས་ལས། དང་པོ་ནི། ཡེ་ཤེས་ཚོགས་བསག་གིས་སྣང་བའི་དངོས་པོ་ཐམས་ཅད་སྟོང་ཉིད་དུ་སྦྱངས་པའི་སྟོང་ཉིད་དང་། སེམས་གསལ་བ་དང་ཐ་མི་དད་པའི་གསལ་སྟོང་ཟུང་འཇུག་ལ་མཉམ་པར་གཞག་ནས། དེ་ལས་ལངས་པའི་ཚེ་ཀུན་རྫོབ་ཐ་མལ་པའི་སྣང་བ་འཆར་དུ་མི་འཇུག་པར། རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་བསྒོམས་ནས་དེ་ཀུན་རྫོབ་ཀྱི་སྣང་བ་དང་དབྱེར་མེད་དུ་བསྒོམས་པའོ། །གཉིས་པ་ནི། མཉམ་གཞག་ལས་ལངས་ནས་རྗེས་སྤྱོད་ཀྱི་ཚེ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་སྣང་བའི་དངོས་པོ་མཐོང་ཐོས་ཐམས་ཅད་ཐ་མལ་དུ་འཛིན་པ་རང་ཤུགས་ཀྱིས་སྐྱེ་ལ། དེའི་ཚེ་དྲན་པའི་རྩིས་ཟིན་པར་བྱས་ནས་ཐ་མལ་གྱི་རྣམ་རྟོག་བཀག་སྟེ། འདི་ནི་ལྷའོ་སྙམ་དུ་བསྒོམས་པས་སྔར་གི་མཉམ་གཞག་གི་རྟོགས་པ་བོགས་དབྱུང་བའོ། །འདིའི་གནད་ཀྱང་མཉམ་རྗེས་གཉིས་པོ་སྦྱང་གཞི་གཅིག་ཡིན་པ་དང་། སྦྱོང་ཚུལ་ཐ་མལ་གྱི་རྣམ་རྟོག་སྤོང་བར་གཅིག་པའི་ཕྱིར་རོ། །འདི་དག་ཀྱང་སྔར་གྱི་ལུང་རྣམས་ཀྱི་དེ་ཡོངས་ཤེས་པས་ཞེས་དང་། དངོས་པོ་མེད་པའང་ཡོངས་ཤེས་པས། །དངོས་པོར་བསྒོམ་འགྱུར་ཞེས་དང་། དུག་མེད་བྱས་ནས་ནི། བསྟེན་པ་ཉིད་ཅེས་པའི་ཚིག་སྦྲེལ་བ་དང་། རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་དང་། གུར་ལས། བསྒོམ་པ་ཡང་དག་རབ་ཏུ་གྲགས། །ཞེས་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བསྒོམ་པར་བྱའོ་ཞེས་དང་། འཁོར་ལོའི་གཟུགས་ཀྱིས་ཆོས་ཙམ་རྣམ་པར་བརྟགས་ཞེས་པའི་ཚིག་སྦྲེལ་བ་རྣམས་ཀྱིས་བསྟན་ནོ། །ལྔ་པ་ནི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་དག ལྷའི་ངོ་བོར་བསྒོམས་པས་གློ་བུར་གྱི་དྲི་མ་དག་ནས་ཆོས་སྐུའམ། གཟུགས་སྐུའི་ངོ་བོར་གྱུར་པ་སྟེ། རྟག་ཏུ་འདི་དག་རྣམ་དག་པས། །དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །ཞེས་གསུངས་པས་སོ། །འདི་དག་ཀྱང་གཞི་གཅིག་གི་སྟེང་དུ་གནད་མདོར་བསྡུས་ན། གཟུགས་ཕུང་ནི་སྦྱང་གཞི། རྣམ་པར་སྣང་མཛད་དམ། རྡོ་རྗེ་མ་ནི་སྦྱོང་བྱེད། གཟུགས་ཕུང་ལྷར་མ་ཤེས་པར། གཟུགས་ཕུང་ཙམ་དུ་འཛིན་པ་ནི་སྦྱང་བྱ། གཟུགས་ཕུང་རྣམ་སྣང་ངམ། རྡོ་རྗེ་མའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པར་ཤེས་ནས། མཉམ་བཞག་དང་། རྗེས་ཐོབ་ཀྱིས་ལྷར་བསྒོམ་པ་ནི་སྦྱོང་ཚུལ་དེ་ལྟར་བསྒོམས་པས་གཟུགས་ཕུང་རྣམ་སྣང་ངམ། རྡོ་རྗེ་མའི་ངོ་བོར་གནས་གྱུར་པ་ནི་སྦྱངས་འབྲས་ཏེ། ཐམས་ཅད་ལ་འདི་བཞིན་དུ་སྦྱར་བར་བྱའོ། །ཡེ་ཤེས་ལྔར་བསྒོམ་ཚུལ་ལ་རྣམ་པ་གཟུགས་ཀྱི་རྣམ་པར་བསྒོམ་དགོས་པས། ཟླ་བ་ལ་སོགས་པ་མངོན་བྱང་ལྔ་པོ་རེ་རེའི་སྟེང་དུ་སྔ་མ་བཞིན་སྦྱར་བར་བྱའོ། །འཁོར་འདས་དབྱེར་མེད་ཀྱི་འགྲེལ་པར་སྦྱང་གཞི་ནི་འཁོར་བའི་ཆོས། སྦྱོང་བྱེད་ནི་འབྲས་བུ་སྟེ་མྱ་ངན་ལས་འདས་པའི་ཆོས། དེ་སྦྱར་བ་ནི། འཁོར་འདས་དབྱེར་མེད་དུ་བསྒོམ་པ་སྟེ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཉིད་ལ་བཤད་པ་ཡང་འདི་དང་གནད་གཅིག་པར་ཤེས་པར་བྱའོ། །གཉིས་པ་ལ་བདུན་ཏེ། སྔོན་འགྲོས་ལས་ཉོན་སྦྱོང་ཚུལ། དངོས་གཞི་རྟེན་གྱིས་སྣོད་སྦྱོང་ཚུལ། བསྐྱེད་ཆོག་གིས་སྐྱེ་གནས་བཞི་སྦྱོང་ཚུལ། ལྷ་བསྡུ་བས་འཆི་སྲིད་སྦྱོང་ཚུལ། ལྷའི་རྣམ་པས་དུག་གསུམ་སྦྱོང་ཚུལ། ཁ་དོག་དང་དབྱིབས་ཀྱིས་དུག་ལྔ་སྦྱོང་ཚུལ། ཕྱག་ཞབས་ཀྱི་རྣམ་འགྱུར་གྱིས་མཐའ་གཉིས་སྦྱོང་ཚུལ་ལོ། །དང་པོ་ནི་ལྗོན་ཤིང་ལས་སྔོན་འགྲོ་ཚོགས་གཉིས་བསག་པས་ཚེ་སྔ་མའི་ལས་དང་ཉོན་མོངས་པ་སྦྱང་བར་གསུངས་ལ། འབྲས་བུའི་རྣམ་པ་ལམ་བྱེད་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་པའི་དོད་ཡིན་པར་གསུངས་སོ། །བོད་ཕལ་ཆེར་ཡེ་ཤེས་ཚོགས་བསག་འཆི་སྲིད་སྦྱོང་བྱེད་ལ་སྦྱོར་བར་འདོད་ཀྱང་། རྗེ་བཙུན་གོང་མའི་གསུང་རབ་ལས། དེའི་གསལ་ཁ་མི་སྣང་ཞིང་སྦྱང་གཞིའི་གཙོ་བོ་སྐྱེ་འཆི་བར་དོ་གསུམ་ལ་བྱེད་པའི་ཚེ་ན་ཡང་ལས་འཕེན་གཅིག་གིས་འཕངས་པའི་ཆོས་གསུམ་དགོས་ཤིང་། ཚེ་སྔ་མའི་འཆི་སྲིད་ནི་ཚེ་འདིའི་བར་དོ་སྐྱེ་སྲིད་གཉིས་དང་། ལས་འཕེན་གཅིག་གིས་འཕངས་པ་མ་ཡིན་པས་སྦྱང་གཞི་ལ་བརྟགས་ན་ཡང་མི་འཐད་དོ། །སྦྱོང་བྱེད་ལ་བརྟགས་ན་ཡང་མི་འཐད་དེ་སྦྱང་གཞིའི་གཙོ་བོ་ཆོས་གསུམ་པོ་དེ་སྦྱོང་བྱེད་ཀྱི་གཙོ་བོ་མངོན་རྟོགས་ཀྱི་དངོས་གཞིས་སྦྱང་དགོས་པའི་ཕྱིར་རོ། །ཡེ་ཤེས་ཞབས་ལུགས་སོགས་རྒྱ་གར་བ་ཁ་ཅིག ཡེ་ཤེས་ཚོགས་བསག་གི་དེ་མ་ཐག་ཏུ་བར་སྲིད་མཚོན་བྱེད་ཀྱི་ཡི་གེ་ལྔ་ལ་སོགས་པ་ལངས་པར་གསུངས་པ་ཡང་སྦྱང་གཞི་ཆོས་གསུམ་གྱི་ཐོག་མ་ངོས་འཛིན་པ་ཡིན་གྱི་ཆོས་གསུམ་གྱི་ནང་ཚན་གྱི་འཆི་སྲིད་སྦྱོང་བྱེད་སྔོན་དུ་སོང་ནས་བར་སྲིད་ལངས་པ་མ་ཡིན་ཏེ། ཆོས་གསུམ་གྱི་གོ་རིམ་དང་འགལ་བའི་ཕྱིར་རོ། །ཡེ་ཤེས་ཚོགས་བསག་འཆི་སྲིད་སྦྱོང་བྱེད་ལ་སྦྱར་བའི་འཁྲུལ་གཞི་འདིས་བྱས་ནས་བླ་མ་ཕྱི་མ་དག་ཀྱེ་རྡོར་གྱི་སྐབས་སུ་ཡེ་ཤེས་ཚོགས་བསག་གི་དེ་མ་ཐག་བར་སྲིད་མཚོན་བྱེད་ཀྱི་ཡིག་འབྲུ་ལྔ་ལངས་དགོས་པར་འདོད་པ་ནི། རྗེ་བླ་མས་རྒྱས་པར་བཀག་པ་སྔར་བརྗོད་ཟིན་ཏོ། །སྦྱང་གཞི་ནི་སྔར་བཤད་པ་ལྟར་ཡིན་ལ། དགོས་པ་གསུམ་པོ་ནི་རྗེ་ས་ཆེན་གྱིས་གསུངས་པ་གོང་དུ་བརྗོད་ཟིན་ཏོ། །གཉིས་པ་ནི་སྲུང་བའི་འཁོར་ལོ་ལྗོན་ཤིང་ལས་གསལ་ཁ་མི་སྣང་། རྒ་སྟོན་སྤྲིང་ཡིག་ཏུ་སྲོད་ལ་བདུད་བཏུལ་བ་མཚོན་ཞེས་གསུངས་པ་ནི། འབྲས་བུའི་རྣམ་པ་ལམ་བྱེད་ཡིན་ཅིང་སྦྱང་གཞི་མ་ཡིན་ནོ། །འདུས་པའི་བླ་མ་ཁ་ཅིག ཕྱིའི་ལྕགས་རི་སྦྱོང་བར་གསུངས་ཀྱང་། གཞལ་ཡས་ཁང་གིས་སྣོད་ཀྱི་འཇིག་རྟེན་སྦྱོང་ཚུལ་ཕྱིའི་རྒྱ་མཚོ་ཡན་ཆད་ལ་སྦྱར་བ་ཁོ་ན་ཡིན་ན། འདི་འཐད་དུ་ཆུག་ཀྱང་དེའི་ངེས་པ་མི་སྣང་ངོ་། །འོ་ན་ཅི་ལྟར་ཞེ་ན་བླ་ཆེན་འཕགས་པས། ལུས་ངག་ཡིད་གསུམ་གྱི་མི་མཐུན་ཕྱོགས་མཐའ་དག་སྦྱོང་བར་གསུངས་པ་འདི་ཉིད་ལེགས་པར་མཐོང་སྟེ། སྦྱང་གཞིའི་སྐབས་སུ་འཇིག་རྟེན་པ་རྣམས་གོ་ཆ་གྱོན་པ་དང་། སྨན་གཏོང་བ་ལ་སོགས་པས་ལུས་ཀྱི་བར་ཆད་བཟློག་པ་དང་། ངག་མནན་ཟློག་པ་སོགས་ངག་གི་བར་ཆད་བཟློག་པ་དང་། སྨྱོ་འབོགས་སེམས་འཁྲུལ་སོགས་སེམས་ཀྱི་བར་ཆད་བཟློག་པའི་ཐབས་ལ་རྩོལ་བ་བྱེད་པ་ཡོད་པས་དེ་སྦྱོང་བྱེད་དེ་དང་རྣམ་པ་འདྲ་བ་དགོས་པའི་ཕྱིར་རོ། །དེ་ནས་གཞིའི་ཡན་ལག་ཆོས་འབྱུང་གྲུ་གསུམ་གྱིས་ནི་སྐྱེ་གནས་བཞི་ཆར་གི་སྣོད་སྦྱོང་སྟེ། མངལ་སྐྱེས་ལ་མའི་བྷ་ག་དང་། སྒོང་སྐྱེས་ལ་སྒོ་ང་དང་། རྫུས་སྐྱེས་ལ་མེ་ཏོག་པདྨ་ལ་སོགས་པ་དང་། དྲོད་གཤེར་སྐྱེས་ལ་རང་གང་དུ་སྐྱེས་པའི་ས་གཞི་དང་། ནམ་མཁའ་རྣམས་ཀྱང་སྟོད་རྒྱས་ཤིང་སྨད་ཞུམ་པའི་རྣམ་པ་ཅན་དུ་ཡོད་པས་རྣམ་པ་མཐུན་པའི་ཕྱིར་རོ། །འབྲས་བུའི་རྣམ་པ་ལམ་བྱེད་ནི། རྗེ་བཙུན་རྩེ་མོས། སྐུ་གསུང་ཐུགས་སྙིང་པོའི་ཕྱིར་གྲུ་གསུམ་ཟུར་བཞི་པའོ། །ཞེས་གསུངས་ཤིང་། རྗེ་བཙུན་གྱིས་སངས་རྒྱས་པའི་རྣམ་ཐར་སྒོ་གསུམ་མཚོན་ལ། ས་དང་པོ་ལ་སོགས་པའི་ཡོན་ཏན་གོང་ནས་གོང་དུ་རྒྱས་པ་མཚོན་པས་སྟོད་འཕེལ་ཁ་ཆེ་བ། ཐབས་ཤེས་ཟུང་དུ་འཇུག་པས་ཕྱི་དཀར་ལ་ནང་དམར་བར་གསུངས་སོ། །དེ་ནས་རྒྱུའི་ཡན་ལག་ལས་ནས་བསྒོམ་པའི་འབྱུང་བཞི་ལུགས་བཟློག་དང་། རླུང་ནས་བསྒོམ་པའི་འབྱུང་བཞི་ལུགས་འབྱུང་གཉིས་ལས། དང་པོས་ནི་མངལ་གྱི་སྔོན་འགྲོ་སྦྱོང་སྟེ། རྩ་རྒྱུད་དང་པོའི་བཅུ་པར། རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ཡིས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་གྱི་གོ་རིམ་སྦྱོང་བས་སོ། །ཡང་ལུས་ཀྱི་དཀྱིལ་འཁོར་ལ་སྦྱར་ན། ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོར་རླུང་སྦྱོང་བའི་རིམ་པའི་དབང་དུ་བྱས་པའོ། །གཉིས་པས་ནི་མངལ་གྱི་དངོས་གཞི་སྦྱོང་སྟེ། ཕྱག་ཆེན་ཐིག་ལེ་ལས། རྣམ་ཤེས་ལས་ནི་སྐྱེས་པ་རླུང་། །དེ་ལས་མེ་ནི་སྐྱེ་བར་འགྱུར། །དེ་ལས་ཆུ་ནི་འབྱུང་བར་འགྱུར། །དེ་ལས་དབང་ཆེན་འབྱུང་བར་འགྱུར། །དེ་ལས་ཕུང་པོ་འབྱུང་བར་འགྱུར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །བརྒྱ་རྩ་བརྒྱད་ཀྱི་སྦྱོར་བས་སོ། །ཞེས་གསུངས་པའི་རིམ་པས་སྦྱོང་བའོ། །དེས་ན་སྐབས་འདིར་བར་དོ་བསྲེ་བ་ཡང་མངལ་གྱི་དངོས་གཞིའི་གནས་སྐབས་སུ་བར་དོ་འཇུག་པས་དེ་སྦྱོང་ཞིང་། སྦྱོང་བྱེད་ལ་ཡང་གཟུགས་ཀྱི་རྣམ་པ་གཞལ་ཡས་ཁང་དུ་བསྒོམ་པ་ཡང་ངོ་བོ་རྣམ་པར་སྣང་མཛད་ལམ་དུ་བྱེད་པའི་གནད་ཀྱིས་སོ། །འབྱུང་བཞིའི་སྟེང་དུ་འཁོར་ལོ་བསྒོམ་པས་ནི། དེ་ལས་ཕུང་པོ་འབྱུང་བར་འགྱུར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །བརྒྱ་རྩ་བརྒྱད་ཀྱི་སྦྱོར་བས་སོ། །ཞེས་པ་སྦྱོང་བར་མངོན་ནོ། །ཡང་འདི་ཉིད་ལུས་ལ་སྦྱར་ན། རྐང་མཐིལ་རླུང་། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས་ཡིན་པའི་རིམ་པ་སྦྱོང་ཞིང་། ཕྱི་སྣོད་ཀྱི་འཇིག་རྟེན་ལ་སྦྱར་ན། རླུང་ནས་རིམ་པ་བཞིན་ཆགས་པ་སྦྱོང་ངོ་། །འདི་ལ་དུས་འཁོར་བ་དག་མེའི་དཀྱིལ་འཁོར་དངོས་སུ་ཡོད་པར་བཞེད་ཀྱང་རྒྱུད་སྡེ་གཞན་རྣམས་ལ་མངོན་པ་དང་སྒོ་བསྟུན་ནས་མེའི་དཀྱིལ་འཁོར་དངོས་སུ་མེད་ཀྱང་དཀྱིལ་འཁོར་གཞན་གསུམ་ལ་མེའི་རྡུལ་ཕྲ་རབ་ཡོད་པ་སྦྱང་གཞི་ཡིན་པ་གྲུབ་ཆེན་ཀླུའི་བྱང་ཆུབ་ཀྱི་གསུང་པ་དེ་ཉིད་བླང་བར་བྱའོ། །འདི་གཉིས་ཆར་ལ་ཡང་འབྲས་བུའི་རྣམ་པ་ལམ་བྱེད་ནི་ས་སོགས་འབྱུང་བ་བཞིས་ལྷ་མོ་བཞི་དང་། ཚད་མེད་བཞི་མཚོན། འཁོར་ལོས་ནི་རྣམ་པར་སྣང་མཛད་མཚོན་པའོ། །དེ་ནས་རྐྱེན་གྱི་ཡན་ལག་ལ་ལུགས་འབྱུང་ལ་བར་དོ་བསྲེ་བའི་སྦྱོང་ཚུལ་ནི་བཤད་ཟིན་ཅིང་། ལུགས་བཟློག་ལ་རང་གི་སེམས་སྣང་བསྲེ་བས་ནི། གཞིའི་སྐབས་སུ་སྣོད་ཀྱི་སྣང་བ་ཐམས་ཅད་རང་སེམས་ཡིན་པ་སྦྱོང་ཞིང་ལམ་གྱི་སྐབས་སུ་གཞལ་ཡས་ཁང་དུ་སྣང་བ་རང་སེམས་ཡིན་པ་མཚོན་ནོ། །དེ་ནས་གནས་ཐབས་ཀྱི་ཡན་ལག་གཞལ་ཡས་ཁང་གིས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་སྦྱོང་སྟེ། སྤྱི་ཙམ་གྱི་དབང་དུ་བྱས་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་མཐའ་དག་དང་། དེ་ལས་བསྡུ་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དང་། གླིང་བཞི་རི་རབ་དང་བཅས་པ་དང་། འཛམ་བུ་གླིང་ལ་སོགས་པ་རང་གང་དུ་གནས་པའི་གླིང་དང་། རང་གང་དུ་གནས་པའི་གནས་ཁང་སྟེ། མདོར་ན་མ་དག་པའི་བློ་ལ་རྟེན་དང་བརྟེན་པ་གཉིས་སུ་སྣང་བའི་རྟེན་མཐའ་དག་སྦྱོང་བའོ། །འབྲས་བུའི་རྣམ་པ་ལམ་བྱེད་ནི་སངས་རྒྱས་པའི་བྱང་ཕྱོགས་སོ་བདུན་མཚོན་པ་སྟེ། འདི་ལ་བླ་མ་གོང་མས་བདེ་དགྱེས་ཀྱི་སྐབས་སུ་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུང་པ་གཙོ་བོར་མཛད་ལ་འདུས་པ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་སོགས་རྣམས་ལས། རྒྱུད་སྡེ་གཞན་ལས་གསུངས་པའི་སྦྱོར་ཚུལ་མི་འདྲ་བ་དུ་མ་སྣང་ཡང་དོན་གྱི་གནད་གཅིག་པར་ཤེས་པར་བྱའོ། །དེ་ནི་ཆོས་སྐུའི་དབང་དུ་བྱས་ལ། གཟུགས་སྐུའི་དབང་དུ་བྱས་ན་འོག་མིན་གྱི་གཞལ་ཡས་ཁང་པའམ། རྡོ་རྗེའི་གདན་དུ་བྱིན་གྱིས་བརླབ་པའོ། །གསུམ་པ་ལ་གཉིས་ཏེ། མངོན་རྟོགས་ཡོངས་སུ་རྫོགས་པས་སྐྱེ་གནས་བཞི་སྦྱོང་བ་དང་། མངོན་བྱང་ལྔ་པོ་ཁོ་ནས་སྐྱེ་གནས་བཞི་སྦྱོང་བའོ། །དང་པོ་ནི། མངོན་བྱང་ལྔའི་ཉི་མ་ནི་དྲོད་དང་། ཟླ་བ་ནི་གཤེར་ཡིན་པས་དྲོད་གཤེར་སྐྱེས་སྦྱོང་། ཡང་ཉི་མ་ནི་མའི་ཁྲག་དང་། ཟླ་བ་ནི་ཕའི་ཁུ་བ་ཡིན་པས་མངལ་སྐྱེས་སྦྱོང་། གཉིས་ཀ་ལའང་མངོན་བྱང་གསུམ་པས་བར་དོ་སྦྱོང་ངོ་། །འཁོར་གྱི་ལྷ་མོ་མངལ་ནས་འབྱིན་པས་མངལ་སྐྱེས་སྦྱོང་། འབྲས་བུ་རྡོ་རྗེ་འཛིན་པ་ཐིག་ལེའི་གོང་བུ་ལས་བཞེངས་པ་དང་། རྒ་སྟོན་སྤྲིང་ཡིག་ལྟར་ན། རྒྱུ་རྡོ་རྗེ་འཛིན་པའང་རོ་གཅིག་ཏུ་འདྲེས་པའི་ཐིག་ལེས་སྒོང་སྐྱེས་སྦྱོང་། དེ་ལས་ཡིད་ཀྱི་ལུས་ཀྱི་ལྷར་གྱུར་པས་ནི་རྫུས་སྐྱེས་སྦྱོང་། སྐྱེ་མཆེད་ཀྱི་ལྷ་སྐད་ཅིག་མའམ། ས་བོན་ཙམ་ལས་བསྐྱེད་པས་རྫུས་སྐྱེས་སྦྱོང་ངོ་། །ལྗོན་ཤིང་ལས། འདི་ཙམ་ཞིག་ལས་གཞན་སྦྱར་བ་མི་སྣང་ཡང་། འབྲས་བུའི་རྣམ་པ་ལམ་བྱེད་ཀྱི་སྐབས་དང་རུང་མཐུན་སྦྱར་ན། སྣོད་བཅུད་སྦྱང་བས་ནི་འཕྲལ་གྱི་ལུས་ངག་གི་བྱ་བས་གཞན་ལ་ཕན་པ་སྒྲུབ་པ་སྦྱོང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་གིས་ནི་ལུས་སེམས་ཡོངས་སུ་རྫོགས་པ་སྦྱོང་། དབང་བསྐུར་བས་ནི་རྒྱལ་པོའི་རིགས་ཡིན་ན་རྒྱལ་སར་དབང་བསྐུར་བའམ། ཕལ་པ་ལའང་རང་རང་གི་གཞི་འཛིན་པ་སྦྱོང་། དེ་ནས་སྔགས་ཀྱི་བཟླས་པ་ལ་སོགས་པས་ནི་འཕྲལ་གྱི་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་གྲུབ་པ་སྦྱོང་ངོ་། །གཉིས་པ་ནི་སྐྱེ་གནས་དང་པོ་གཉིས་ཀྱི་སྦྱོང་ཚུལ་ནི་བཤད་ཟིན་ལ། སྒོང་སྐྱེས་ལ་ཉི་མ་ནི་མ་དང་། ཟླ་བ་ནི་ཕ་མཚོན་ལ། རྫུས་སྐྱེས་ལ་ཉི་མ་ནི་སྟོང་པ་དང་། ཟླ་བ་ནི་གསལ་བ་སྟེ། ཐམས་ཅད་ལ་ཡང་མངོན་བྱང་གསུམ་པ་ནི་བར་དོའི་སྦྱོང་བྱེད་དོ། །བཞི་པ་ནི་སྤྱིར་བསྐྱེད་རིམ་གྱིས་སྐྱེ་བ་དང་། རྫོགས་རིམ་གྱིས་འཆི་བ་སྦྱོང་བ་ཡིན་ན་བསྐྱེད་རྫོགས་རེ་རེས་ཀྱང་སྐྱེ་འཆི་བར་དོ་དང་། སྦྱང་གཞི་མཐའ་དག་སྦྱོང་བ་ཡིན་པས་འདིར་བསྐྱེད་རིམ་གྱིས་འཆི་བ་སྦྱོང་བའི་ཚུལ་ནི་ལྗོན་ཤིང་ལས། དཀྱིལ་འཁོར་བསྡུ་བས་ནི་སྣོད་བཅུད་འཇིག་པ་སྦྱོང་ངོ་ཞེས་གསུངས་པའི་སྣོད་འཇིག་པ་ནི་མེ་ཆུ་རླུང་གསུམ་གྱིས་འཇིག་པ་ཡིན་ལ། དེ་ནི་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ་བ་ནས་གཞལ་ཡས་ཁང་ལྷ་མོ་བརྒྱད་ལ་བསྡུ་བའི་བར་གྱིས་སྦྱོང་། བཅུད་འཇིག་པ་ནི་སེམས་ཅན་འཆི་བ་ཡིན་ལ། དེ་ནི་ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ་བ་ནས། ནཱ་དའང་མི་དམིགས་ཏེ་སྟོང་ཉིད་དུ་འགྱུར་བས་སྦྱོང་ངོ་། །འདི་ལ་ཡན་ལག་དྲུག་པར་གཙོ་བོ་ཡབ་ཡུམ་ནི་ཉལ་བའི་རྣལ་འབྱོར་གྱི་བར་དུ་བསྡུ་བ་མེད་དོ། །ཞེས་གསུངས་པ་ལྟར་ན་ཉལ་བའི་རྣལ་འབྱོར་དེ་ཉིད་ཀྱིས་སྦྱོང་ངོ་། །དེས་ན་མངོན་རྟོགས་ཀྱི་དངོས་གཞིས་ལས་འཕེན་གཅིག་གིས་འཕངས་པའི་སྐྱེ་འཆི་བར་དོ་གསུམ་སྦྱོང་བའི་ཚེ་ཐོག་མར་ཕ་མའི་ཁུ་ཁྲག་དང་། བར་དོ་རོ་གཅིག་ཏུ་འདྲེས་པ་དེ་ནས་མངལ་གྱི་གནས་སྐབས་ལྔ་རྫོགས་ནས་ཕྱིར་བཙས་པ། དེ་ནས་དེ་ཉིད་འཆི་བ་གསུམ་རིམ་ཅན་དུ་འབྱུང་བས་སྦྱོང་བྱེད་ལ་ཡང་གསུམ་པོ་རིམ་ཅན་དུ་དགོས་པ་ནི། རྗེ་བཙུན་གོང་མ་འཁྲུལ་པའི་དྲི་མ་ཟད་པ་དག་གི་གསུང་རབ་ལས་འབྱུང་གི་གཞན་ལ་མི་སྣང་ངོ་། །མངོན་བྱང་ལྔ་ནས་འདིའི་བར་གྱི་འབྲས་བུའི་རྣམ་པ་ལམ་བྱེད་ནི། རྗེ་བཙུན་གྱིས་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ལྷའི་རྣམ་པ་གྲུབ་པ་ནི། འོག་མིན་ནམ་རྡོ་རྗེ་གདན་གྱི་སྟེང་དུ་ཐོ་རངས་སངས་རྒྱས་པ་དང་འདྲ། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངོན་པར་དབང་བསྐུར་ནས་འོད་ཟེར་གྱི་འཕྲོ་འདུས་སེམས་ཅན་གྱི་དོན་བྱེད་པ་དང་བཟླས་པ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མཐུན། བསྐྱེད་པའི་རིམ་པ་བསྡུས་ཏེ། སྟོང་པ་ཉིད་དུ་བསྒོམས་པས་ཡོངས་སུ་མྱ་ངན་ལས་འདས་པ་དང་མཐུན་ཏེ། དེ་ལྟར་མཛད་པ་བཅུ་གཉིས་དང་མཐུན་པས་སངས་རྒྱས་ཀྱི་ཕྲིན་ལས་མཛད་ནས་སླར་ཡང་མཛད་པ་རྒྱུན་མི་འཆད་པ་དང་འདྲ་བར་སྟོང་པ་ཉིད་ཀྱི་ངང་ལས་ལྷའི་སྐུར་ལངས་ནས་སྤྱོད་ལམ་གྱི་རྣལ་འབྱོར་གྱི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །ལྔ་པ་ལྷའི་རྣམ་པས་དུག་གསུམ་སྦྱོང་ཚུལ་ནི་ཤིན་ཏུ་ཟབ་པའི་བསྐྱེད་པའི་རིམ་པ་ཁྲོ་ཆགས་ཀྱི་རྣམ་པ་སྟེ་ཁྲོ་བོའི་སྐུར་བཞུགས་པས་ཞེ་སྡང་སྦྱོང་། བཙུན་མོའི་འཁོར་གི་དབུས་ན་བཞུགས་པས་འདོད་ཆགས་སྦྱོང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་གཟུགས་ཀྱི་སྐུར་བསྒོམས་པས་གཏི་མུག་ཞི་བར་བྱེད་པ་ཡིན་ཏེ། རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེ་གཟུགས་ནི་དུ་མ་འཛིན། །ཞེས་པ་དང་། །ཞེ་སྡང་འདུལ་བའི་དབང་དུ་བྱས་ནས། ཤིན་ཏུ་གདུག་པ་དྲག་པོ་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །འདི་མཁྱེན་རྡོ་རྗེ་ཅན་གྱིས་ནི། །བདག་ཉིད་ཀྱེ་ཡི་རྡོ་རྗེར་འགྱུར། །ཞེས་པ་དང་། གཏི་མུག་འདུལ་བའི་དབང་དུ་བྱས་ནས། ཤིན་ཏུ་སྟོང་པར་ཞེན་རྣམས་ཀྱིས། །ཡོད་མིན་བརྟུལ་ཞུགས་འཛིན་རྣམས་ཀྱི། །དོན་དུ་སངས་རྒྱས་གཏི་མུག་སྦྱོང་། །རྡོ་རྗེ་རྫོགས་པའི་སངས་རྒྱས་འགྱུར། །ཞེས་པ་དང་། འདོད་ཆགས་འདུལ་བའི་དབང་དུ་བྱས་ཏེ། །བྱང་ཆུབ་ཆགས་བྲལ་ལས་སྐྱེས་སྤངས། །སེམས་ཅན་གང་ཞིག་བདེ་བྱེད་པ། །ཆགས་པས་བྱང་ཆུབ་རབ་སྦྱིན་ཕྱིར། །པདྨ་གར་གི་དབང་ཕྱུག་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་ཁྲོ་ཆགས་ཀྱི་སྐུས་རྩ་བའི་ཉོན་མོངས་པ་གསུམ་ཞི་བར་བྱེད་པ་ཡིན་པས་ན་ཉོན་མོངས་པ་གཞན་རྣམས་ཤུགས་ལས་ཞི་བར་བྱེད་པ་ཡིན་ནོ། །ཁྲོ་ཆགས་ཀྱི་རྣམ་པའི་སྐུ་མེད་པ་རྣམས་ནི་བསྐྱེད་པའི་རིམ་པ་མི་ཟབ་པ་ཡིན་ནོ། །ཡང་སྒེག་པ། དཔའ་བ། མི་སྡུག་པ་སྟེ་སྐུའི་ཉམས་གསུམ་གྱིས་རིམ་པ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྦྱོང་། དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་བ་སྟེ། གསུང་གི་ཉམས་གསུམ་གྱིས་ཀྱང་རིམ་པ་ལྟར་དེ་གསུམ་སྦྱོང་ངོ་། །སྙིང་རྗེ་ངམ་དང་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་གྱིས་ཀྱང་རིམ་པ་ལྟར་དེ་གསུམ་སྦྱོང་ངོ་། །དྲུག་པ་ཁ་དོག་དང་དབྱིབས་ཀྱིས་དུག་ལྔ་སྦྱོང་ཚུལ་ལ་གཉིས་ཏེ། ཁ་དོག་གིས་དུག་ལྔ་སྦྱོང་ཚུལ་དང་། ཕྱག་མཚན་གྱིས་དུག་ལྔ་སྦྱོང་ཚུལ་ལོ། །དང་པོ་ནི། གཏི་མུག་ཅན་ནི་གང་དུའང་བསྒྱུར་དུ་འདོད་ཅིང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང་ཡེ་ཤེས་གཞན་གསུམ་གྱི་གཞི་ཡིན་པའི་ཕྱིར། ཁ་དོག་དཀར་པོས་མཚོན་ཡང་ཞེ་སྡང་སྐྱེས་པའི་ཚེ་ནག་ཏོམ་གྱིས་འགྲོ་ལ། ཆོས་དབྱིངས་ཡེ་ཤེས་ཀྱང་འགྱུར་བ་མེད་པའི་ཕྱིར་ཁ་དོག་ནག་པོས་མཚོན། ཡང་འདོད་ཆགས་སྐྱེས་པའི་ཚེ་ཁ་དོག་དམར་ལ། སོ་སོར་རྟོག་པའི་ཡེ་ཤེས་སེམས་ཅན་གྱི་དོན་ལ་ཆགས་པས་ཁ་དོག་དམར་པོས་མཚོན། ཡང་ལོངས་སྤྱོད་འཛིན་པ་ནི་སེར་སྣ་ཡིན་ལ། ལོངས་སྤྱོད་ཡོད་པ་རྣམས་ལ་ང་རྒྱལ་སྐྱེ་ཞིང་ལོངས་སྤྱོད་ཀྱི་གཙོ་བོ་རིན་པོ་ཆེ་དང་། གསེར་ལ་སོགས་པ་རྣམས་ནི་འོད་གསལ་བ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་འོད་གསལ་བས་སེར་པོས་མཚོན། ཡང་ཉོན་མོངས་པ་ཕྲག་དོག་ནི་ཉོན་མོངས་པ་ཀུན་ལྡན་ལས་སྐྱེ་བ་ཡིན་ལ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་ཡེ་ཤེས་ཐམས་ཅད་ཀྱི་ཕྲིན་ལས་ཡིན་པས་ཁ་དོག་ལྗང་གུས་མཚོན་ཏེ། ཁ་དོག་ལྔ་པོ་གང་ཡོད་སར་འདི་ལྟ་བུའི་སྦྱང་གཞི་དང་སྦྱོང་བྱེད་ངོ་སྤྲད་ཅིང་བསྒོམས་པས། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པ་ཡིན་ནོ། །གཉིས་པ་ནི། ཕྱག་མཚན་འཁོར་ལོས་ཉོན་མོངས་པ་གཏི་མུག་དང་། མེ་ལོང་ལྟ་བུའི་ཡེ་ཤེས་མཚོན། རྡོ་རྗེ་ཞེ་སྡང་དང་། ཆོས་དབྱིངས་ཡེ་ཤེས་མཚོན། རིན་པོ་ཆེས་ང་རྒྱལ་དང་། སེར་སྣ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་མཚོན། པདྨས་འདོད་ཆགས་དང་། སོ་སོར་རྟོག་པའི་ཡེ་ཤེས་མཚོན། རལ་གྲིའམ་སྣ་ཚོགས་རྡོ་རྗེས་ཕྲག་དོག་དང་། བྱ་བ་གྲུབ་པའི་ཡེ་ཤེས་མཚོན་ལ། དེ་བཞིན་དུ་ཕྱག་མཚན་གཞན་རྣམས་ལ་ཡང་རུང་མཐུན་བརྩི་བར་བྱའོ། །སྲོག་ཆགས་ཀྱི་ཕྱག་མཚན་རྣམས་ནི་མཚོན་བྱེད་བཟང་བ་ཡིན་ཏེ། རེ་རེ་ལ་ཡང་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པའི་སྦྱང་གཞི་སྦྱོང་བྱེད་ཐམས་ཅད་ཚང་བའི་ཕྱིར་རོ། །དེ་ལྟར་ཕྱག་མཚན་ཐམས་ཅད་ལ་སྦྱང་གཞི་སྦྱོང་བྱེད་ངོ་སྤྲད་ཅིང་བསྒོམས་པས་ཉོན་མོངས་པ་ལྔ། ཡེ་ཤེས་ལྔར་བྱིན་གྱིས་བརླབས་པ་ཡིན་ནོ། །བདུན་པ་ཕྱག་ཞབས་ཀྱི་རྣམ་འགྱུར་གྱིས་མཐའ་གཉིས་སྦྱོང་ཚུལ་ནི། ཕྱག་དང་ཞབས་གཡས་བརྐྱང་བས་ནི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་བྱེད་པ་མཚོན་ལ། བསྐུམ་པས་ནི་བདག་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཚོན། གཡོན་བརྐྱངས་པས་ནི་ཆོས་ཉིད་སྟོང་པ་ཉིད་ཀུན་ལ་ཁྱབ་པ་མཚོན། དེས་འཁོར་བའི་མཐའ་མནན་ནོ། །བསྐུམ་པས་ནི་བདག་དང་དེ་བཞིན་ཉིད་དུ་ལྡན་པ་མཚོན། དེས་མྱ་ངན་ལས་འདས་པའི་མཐའ་མནན་ནོ། །ཕྱག་གཉིས་ཐུགས་ཀར་བསྣོལ་བ་དང་། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པས་ནི་ཟུང་དུ་འཇུག་པ་མཚོན་ཏེ། དེས་མཐའ་གཉིས་ཆར་སྦྱོང་ངོ་། །དེ་ལྟར་ན་རྗེ་བཙུན་གྱིས་ལྗོན་ཤིང་ལས་སྦྱང་གཞི་དང་སྦྱོང་བྱེད་ཐམས་ཅད་ངོ་སྤྲད་པ། ལམ་ཐམས་ཅད་གཅིག་ཏུ་བསྲེ་བ་འདི་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་བཞེད་པ་ཡིན་ནོ། །ཞེས་གསུངས་པའི་དོན་ཡིན་ལ། འདི་ཚུལ་བཞིན་ཤེས་ནས་བསྒོམ་ན། རྒ་སྟོན་སྤྲིང་ཡིག་ལས། སྤྱིར་སྦྱང་གཞི་དང་། སྦྱོང་བྱེད་ལེགས་པར་ངོ་འཕྲོད་ཅིང་བསྒོམས་ན། བསྒོམ་པ་ལ་བརྩོན་ཡང་རུང་མ་བརྩོན་ཡང་རུང་འཁོར་བའི་རྒྱ་མཚོ་ལས་བདག་སྒྲོལ་ཞིང་གཞན་སྒྲོལ་བའི་ནུས་པ་དང་ལྡན་པར་གྱུར་པའོ། །ཞེས་གསུངས་པ་ལྟར་གྱི་འབྲས་བུ་འབྱུང་བར་ཤེས་ནས་བཀའ་སྲོལ་འདི་ལྟ་བུའི་རྗེས་སུ་འབྲང་བར་བྱ་བ་ཡིན་གྱི། ཆོས་དབྱིངས་བདེན་གྲུབ་ཁོ་ན་སྦྱང་གཞི་ཡིན་གྱི། ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྦྱང་གཞི་མ་ཡིན་ནོ་ཞེས་ཤིན་ཏུ་འཆལ་ཞིང་། རྣམ་པར་འཆལ་བའི་ཤེས་རབ་ཀྱིས་ལོག་པར་རྟོག་པའི་རྗེས་སུ་འབྲང་བར་མི་བྱའོ། །སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་གནད་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ། རྗེ་ས་ཆེན་གྱིས། ཐམས་ཅད་མཁྱེན་པའི་བཀའ་ནི་རྒྱ་མཚོ་བཞིན། །ཟབ་ཅིང་གཏིང་དཔག་དཀའ་ལ་ཐུག་པ་མེད། །རྡོ་རྗེ་ཐེག་པ་དགོངས་པ་དུ་མ་ཡིས། །གསུང་ཤིང་རྡོ་རྗེའི་ཚིག་གིས་རྒྱས་བཏབ་པས། །ལུང་བསྟན་གྱུར་པ་ཀླུ་སྒྲུབ་ལ་སོགས་སམ། །མཁའ་འགྲོས་བྱིན་བརླབས་བིརྺ་པ་ལ་སོགས། །གྲུབ་ཐོབ་རྣམས་ཀྱི་མན་ངག་ལ་བརྟེན་ནས། །རྗེས་འཇུག་སྐྱེ་བོས་བཀའ་རྣམས་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟར། བཀའ་སྲོལ་རྣམ་པར་དག་པའི་རྗེས་སུ་འབྲང་དགོས་པ་འདིའང་ངེས་པར་བྱའོ། །གསུམ་པ་ཡིད་ཆེས་བསྐྱེད་པའི་ཕྱིར་འཁྲུལ་ཟད་ཀྱི་ལུང་ཁུངས་བསྟན་པ་ནི་གནད་འདི་དག རྗེ་ས་ཆེན་གྱི་དབང་བཞི་ངོ་སྤྲོད་ཀྱི་འགྲེལ་པ། རྗེ་བཙུན་རྩེ་མོའི་མངོན་རྟོགས་རྒྱས་པ། རྗེ་བཙུན་རིན་པོ་ཆེའི་མངོན་རྟོགས་ལྗོན་ཤིང་། འཁོར་འདས་དབྱེར་མེད་ཀྱི་འགྲེལ་པ། རྒ་སྟོན་སྤྲིང་ཡིག་རྣམས་ལས་གསལ་བར་འབྱུང་ལ། གཞན་ཡང་། རྒྱུད་གསུམ་གྱི་འགྲེལ་པ་སོགས་གོང་མའི་གསུང་རབ་རྣམས་ལས་ཆ་ཤས་ཀྱིས་འབྱུང་བ་ནི་སྐལ་བ་དང་ལྡན་པ་རྣམས་ཡིད་ཆེས་པའི་ལུང་ཁུངས་ཡིན་ནོ། །དེ་དག་ལ་ཡིད་མི་ཆེས་པ་རྣམས་ཀྱིས་ཀྱང་། སྔར་དྲངས་པའི་རྒྱུད་གཞུང་རྣམ་པར་དག་པའི་ལུང་རྣམས་ལ་བརྟེན་ནས་མ་འཁྱོགས་པའི་བློ་གྲོས་ཀྱིས་དཔྱད་ཅིང་རང་གཞན་ལ་ཕན་པར་བྱའོ། །གཉིས་པ་དེ་ཉིད་ལམ་བྱེད་བཞིས་ལམ་དུ་བྱེད་པའི་ཚུལ་ནི་སྔར་བཤད་པའི་སྦྱང་གཞི་དང་སྦྱོང་བྱེད་དེ་དག་ཐམས་ཅད་ཀྱང་། འདྲ་ཆོས་དང་། མཚོན་དོན་རྟོགས་པ་རང་དགའ་བས་བསྒྲིགས་པ་ཙམ་མ་ཡིན་གྱི། སེམས་ཀུན་གཞིའི་སྟེང་དུ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་གནས་པའི་སྟོབས་ཀྱིས། ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འབྲས་བུ་སངས་རྒྱས་ཀྱི་སའི་གཟུགས་སྐུ་དང་། ཆོས་སྐུའི་རྣམ་པ་རང་བཞིན་རྣམ་དག་གི་ཚུལ་གྱིས་འབྱུང་བ་ཡིན་པར་ནི་རྩ་རྒྱུད་ཕྱི་མའི་བཅུ་གཅིག་པར། ལུས་ཅན་ཐམས་ཅད་ཁ་དོག་དང་དབྱིབས་ཀྱི་སྒོ་ནས་རིགས་ལྔར་ངེས་ཚུལ་གསུངས་པས་ཤེས་ལ། དེའི་ཕྱིར་བསྒོམས་པས་གློ་བུར་གྱི་དྲི་མ་དག་སྟེ། མངོན་དུ་འགྱུར་བ་ནི་སྦྱང་གཞི་དང་། སྦྱོང་བྱེད་མཚོན་དོན་བསྒྲིགས་པའི་དོན་ནོ། །དེས་ན་འདི་ལ་སྦྱང་གཞི་ཐམས་ཅད་ལམ་གྱིས་རྣམ་པ་དེ་དང་དེར་བསྒོམ་པའི་ཚུལ་དང་། དེ་ཉིད་ལམ་བྱེད་བཞིས་བྱིན་གྱིས་བརླབ་པའི་ཚུལ་གཉིས་ལས། དང་པོ་ནི་རྒྱས་པར་སྔར་བཤད་ཟིན་ཅིང་། མཚན་གཞི་གཅིག་ལ་སྦྱར་ན་མངལ་སྐྱེས་ཀྱི་མའི་ཕྱག་རྒྱ་གྲུ་གསུམ་དང་། སྒོང་སྐྱེས་ཀྱི་སྒོ་ང་སོགས་བཞི་པོ་མ་དག་པའི་ཕྱག་རྒྱ་སོགས་མ་ཡིན་གྱི། བདག་གི་བློ་ལ་སྣང་བའི་ཆོས་འབྱུང་གྲུ་གསུམ་འདི་ཉིད་ཡིན་ནོ་སྙམ་དུ་དབྱེར་མེད་དུ་བསྒོམ་པའོ། །གཉིས་པ་ནི་དེ་ལྟར་ཆོས་འབྱུང་གྲུ་གསུམ་དུ་བསྒོམས་པས་རྣམ་པ་གཟུགས་ཀྱི་རྣམ་པ་བསྒོམ་སླ་བས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ། དེ་ཉིད་རྣམ་ཐར་སྒོ་གསུམ་དང་། སྤྱན་ལ་སོགས་པའི་ཕྱག་རྒྱར་མོས་པ་བྱས་པས། མོས་པ་ལམ་དུ་བྱེད་པ་ཞེས་བྱ། དེ་ཡང་སངས་རྒྱས་སའི་འབྲས་བུ་རྣམ་ཐར་སྒོ་གསུམ་དང་། སྤྱན་ལ་སོགས་པའི་ཕྱག་རྒྱ་དངོས་ཡིན་པར་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ། དེས་རྣལ་འབྱོར་པའི་སེམས་རྒྱུད་བྱིན་གྱིས་བརླབས་ཤིང་ཚོགས་རྫོགས་པས་བྱིན་རླབས་ལམ་དུ་བྱེད་པ་ཞེས་བྱ་སྟེ། དེའི་རྒྱུ་མཚན་ཡང་ཞེན་པས་འཇུག་ཅིང་འབྲེལ་པས་མི་བསླུ་བའི་ལམ་ཡིན་པའི་ཕྱིར་རོ། །དེ་ལ་ཞེན་པས་འཇུག་པ་ནི། སྦྱང་གཞི་ལ་རྣམ་པར་ཞེན། རྣམ་པ་ལ་འབྲས་བུ་དངོས་སུ་ཞེན་པའོ། །འབྲེལ་པས་མི་བསླུ་བ་ནི་སྦྱང་གཞི་དང་། ལམ་དང་། འབྲས་བུ་སུམ་ཆར་ཡང་གཅིག་ལ་གཅིག་འབྲེལ་པའམ། དོན་ལ་དབྱེར་མེད་པས་མི་བསླུ་བ་སྟེ། བསྐྱེད་པའི་རིམ་པའི་སྦྱང་གཞི་དང་། སྦྱོང་བྱེད་བསྒོམས་པས་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་འཐོབ་པའི་རྒྱུ་མཚན་ཡང་འདི་ཉིད་ཡིན་ནོ། །དེ་ལྟར་རྣལ་འབྱོར་བཅུ་པོ་སྦྱང་གཞི་སྦྱོང་བྱེད་སྦྱར་ཞིང་། ལམ་བྱེད་བཞི་ལྡན་དུ་བརྩོན་པ་དྲག་པོས་བསྒོམས་པས་དྲོད་ཆུང་ངུ་ཐོབ་པ་ན། ཀུན་འདར་གསང་ནས་སྤྱོད། དེས་དྲོད་འབྲིང་ཐོབ་པ་ན། ཀུན་འདར་འཇིག་རྟེན་པའི་མངོན་དུ་སྤྱོད། དེས་ལུང་བསྟན་པའི་བུ་མོ་པདྨ་ཅན་ལ་བརྟེན་ནས་དྲོད་ཆེན་པོ་ཐོབ་པ་ན། ཀུན་ཏུ་བཟང་པོའི་སྤྱོད་པ་ཟླ་བ་གཅིག་གིས་ས་བརྒྱད་པ་ཐོབ་སྟེ། ཉེ་རྒྱུ་སྤྱོད་པའི་སྐལ་བ་དང་ལྡན་པར་འགྱུར་ཞིང་། དེ་ནས་ཉེ་རྒྱུ་ཞག་བདུན་གྱིས་རྡོ་རྗེ་འཆང་ཆེན་པོའི་ས་བཅུ་གསུམ་པ་ཐོབ་པར་འགྱུར་པ་ནི་ངེས་པའོ།།  ༈  །།ཀུན་མཁྱེན་བླ་མའི་ལེགས་བཤད་ཟླ་ཟེར་གྱིས། །ལམ་བཟང་སྣང་བ་གསལ་བར་མཛད་པ་ལས། །མན་ངག་ཀུ་མུ་ཏ་ཀ་བྱེ་བའི་ཆུ། །དོན་གཉེར་བློ་ཡི་རེ་བ་སྐོང་ཕྱིར་སྦྱིན། །རབ་དཀར་དགེ་ཚོགས་གང་ཞིག་གྲུབ་པ་དེས། །སངས་རྒྱས་ཀུན་གྱིས་བསྔགས་པའི་ཞིང་གི་མཆོག །བདེ་བ་ཅན་ཞེས་གྲགས་པར་སྐྱེས་གྱུར་ནས། །འོད་དཔག་མེད་པའི་ཞལ་མཆོག་མཐོང་བར་ཤོག །དོན་དམ་སྤྲོས་བྲལ་མངོན་དུ་མ་གྱུར་ཀྱང་། །སྣ་ཚོགས་རྒྱུད་སྡེའི་དགོངས་པ་དྲི་མེད་ལ། །རྣམ་བཀྲའི་བློ་གྲོས་གང་གི་དྲིན་ཉིད་ལས། །ལེགས་པར་ཐོབ་པའི་རྗེ་བཙུན་ཞབས་པད་ལ། །སྒོ་གསུམ་དྭང་བས་རྟག་ཏུ་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ་ཡིས། །རྒྱུན་དུ་མཆོད་དོ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ད་དུང་སྲིད་མཐའི་བར་དུ་རྗེས་གཟུང་གསོལ། །རྗེ་བཙུན་བླ་མའི་ལེགས་བཤད་གནད་ཀྱི་ཟླ་ཟེར་འཕགས་ཡུལ་གྱི་ཀྱེ་རྡོ་རྗེའི་ལམ་ཡོངས་སུ་རྫོགས་པའི་ལམ་སྲོལ་དྲུག་རྫོགས་པར་བཤད་པའི་ནང་ནས་བློ་དམན་པ་རྣམས་ལ་ཕན་པའི་ཕྱིར་མན་ངག་ལུགས་ལོགས་སུ་བཀོལ་ཏེ། གསུང་སྒྲོས་ཁྱད་པར་ཅན་འགའ་ཞིག་དང་། རྗེ་བཙུན་གོང་མའི་གསུང་རབ་ཀྱི་ནང་ནས་བསྣན་ཁ་འགའ་ཞིག་དང་བཅས་ཏེ་འབྲི་དགོས་སོ་ཞེས་དོན་གཉེར་དུ་མས་བསྐུལ་ཏེ། མགོ་བརྩམས་ནས་ཡུན་རིང་དུ་མ་གྲུབ་པ་ལ། དུས་ཕྱིས་བསྟན་པ་དྲི་མ་མེད་པའི་ཁུར་གྱིས་ལྕི་བ་མཁན་ཆེན་སངས་རྒྱས་རྒྱ་མཚོ་བའི་གསུང་གིས་བསྐུལ་བས་རྐྱེན་བྱས་ནས། རྗེ་བླ་མས་ལེགས་བཤད་གནད་ཀྱི་ཟླ་ཟེར་སྒྱུར་བྱེད་ཅེས་བྱ་བ། ས་མོ་ཕག་གི་ལོ་ལ་བརྩམ་ནས་ལོ་དྲུག་ཅུ་རེ་དྲུག་འདས་པ། སྣ་ཚོགས་འབྱིག་ཅེས་པ་ཤིང་མོ་སྦྲུལ་གྱི་ལོ་ལ། ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་ལེགས་པར་གྲུབ་པའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།།  །།དགེའོ།།  །།  ༄༅། །ན་མཿསངྒུ་རུ་པཱ་དཱ་ཡ། ཀུན་ཁྱབ་དམིགས་པ་མེད་པའི་སྙེང་རྗེའི་རྩལ། །མ་འགག་རང་བཞིན་རྣམ་པ་ཐམས་ཅད་ཀྱི། །མཆོག་ལས་མི་འགྱུར་འོད་གསལ་ཤེས་རབ་ཆེ། །ཟུང་འཇུག་སྲིད་ཞི་ཀུན་ཁྱབ་དགེས་མཛད་མགོན། །དེས་གསུང་རྒྱུད་ཀྱི་ཡང་སྙིང་རྣལ་འབྱོར་བཅུ། །འདོམས་མཛད་དཔལ་ལྡན་ཆོས་སྐྱོང་སྲས་བཅས་ཀྱི། །ལུགས་མཆོག་སྒྲོས་ངན་སྤངས་པ་འདི་ཙམ་ཞེས། །མདོ་རྒྱུད་གདམས་པའི་ང་རོས་འབོད་རྒྱངས་མཁན། །དེ་རྒྱུན་བསོད་ནམས་གསེར་གྱི་སྒོང་སྦུབས་ལས། །སྐྱེས་པ་སྡེ་བཞིའི་གདོང་མཛེས་དགེ་ཆོས་ཀྱི། །འཁོར་ལོས་ལག་བྲེལ་ས་་་་་་བསྟན་པ་ཚེ་རིང་སྤྱོད་འཇིག་རྟེན་མེས། །གྲགས་པའི་གསུང་སྙན་ཡན་ལག་རྫོགས་པ་ཅན། །གང་དེས་སྤེལ་པའི་རྣམ་དཀར་དགེ་བའི་མཐུས། །ཆོས་འདུལ་མངོན་པ་མདོ་དང་རྒྱུད་སྡེའི་གནད། །མཐའ་དྲུག་ལམ་ནས་འདྲེན་ལ་མི་འཇིགས་གདེང་། །འཇམ་དཔལ་གཞོན་ནུས་བྱིན་གྱུར་ས་སྐྱ་པ། །བརྒྱུད་པར་བཅས་པའི་རིང་ལུགས་དར་གྱུར་ཅིག །ཚུལ་འདིར་རྒྱུ་སྦྱོར་དཀར་པོའི་བག་ཆགས་རྒྱུན། །བཞག་པས་བསྡུས་པའི་ལུས་ཅན་བྱང་ཆུབ་བར། །ཡང་སྲིད་བླ་མ་ལྷག་པའི་ལྷས་བྱིན་བརླབས། །མཁས་པའི་བགྱི་བས་བསྟན་པ་རྒྱས་བྱེད་ཤོག །དེ་སྐད་དམར་སེར་ཞེས་བྱའི་ལོར། །ས་སྤྱོད་ཐུགས་བསྐྱེད་ལྡེ་མིག་གི །འཕྲུལ་གྱིས་ཆོས་སྦྱིན་མ་མོའི་སྒོ། །འབུམ་ཕྲག་གསར་དུ་ཕྱེ་བའི་སྐབས། །རྗེ་བཙུན་བླ་མ་རྣམས་ཀྱི་ཐུགས། །བརྩེ་བས་ལེགས་བསྐྱངས་ཆོས་འདིའི་རིགས། །སྐྱེས་པས་སྐལ་བ་སྦོམ་གྱུར་མིང་། །ཚུལ་ཁྲིམས་རིན་ཆེན་བཏགས་པས་བྲིས།།  །།མངྒལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*