སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད། ཀ༽

༄༅། །གུབྷཱརྠགམྦྷཱིརནིདྷེརྨུཁཱབྷེདནཱམཔྲཛྙཱཔརམིཏོཔདེཤཤཱསཏྲམབྷིསམཡཱལངྐརསྱགྲནྠཔཽརྦཱཔརློསྶངྒཔཉྫིཀཱསྡྱཱནབིཙརཏིབིཛཧཱརཾ།། ༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་གཞུང་སྔ་ཕྱིའི་འབྲེལ་དང་དཀའ་གནས་ལ་དཔྱད་པ་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅེས་བྱ་བ་བཞུགས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་གཞུང་སྔ་ཕྱིའི་འབྲེལ་དང་། དཀའ་བའི་གནས་ལ་དཔྱད་པ་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་ཕུན་ཚོགས་དག་པ་གཉིས་དང་རྣམ་དབྱེར་མེད་པའི་ཆོས་སྐུ་ནམ་མཁའི་དབྱིངས། །གང་གིས་བརྙེས་ཚེ་གདུལ་བྱ་མཆོག་གི་གཟའ་སྐར་དབུས་ན་ལོངས་སྐུའི་དཀྱིལ་འཁོར་རྒྱས། །རྨད་བྱུང་སྐུ་དེའི་གཟུགས་བརྙན་རིགས་ཅན་གསུམ་གྱི་སེམས་རྒྱུད་དག་པའི་ཆུ་ནང་དུ། །རྣམ་པར་འཆར་བའི་ཆ་ཙམ་ཆོས་ཀྱིས་མཐོ་བའི་ཁང་བཟང་དབུས་བཞུགས་དེ་ལ་འདུད། །ཚེ་འདིར་མགོན་པོ་གང་གི་གསུང་རབ་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅིང་། །ཚེ་འདིའི་སྣང་བ་ནུབ་ཚེ་ཆོས་ཀྱིས་མཐོ་བའི་ཁང་བཟང་མཆོག་དེའི་སྒོ་འབྱེད་ཕྱིར། །ཆོས་ཀྱི་རྗེས་འབྲང་བློ་གྲོས་མིག་གིས་མཐོང་བའི་ལེགས་བཤད་གནད་ཀྱི་ལྡེ་མིག་འདི། །སྐལ་བཟང་བློ་གསལ་དོན་གཉེར་རྣམས་ལ་འབུལ་ལོ་སྔར་བཤད་དོན་གཉིས་གྲུབ་པར་མཛོད།།  །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཏེ། ཇི་སྐད་དུ་མདོ་སྡུད་པར། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། གང་སླད་སངས་རྒྱས་འཇིག་རྟེན་གཙོ། །ཐུགས་རྗེ་ཅན་རྣམས་ཁྱོད་ཀྱི་སྲས། །དེ་ཡི་སླད་དུ་དགེ་མ་ཁྱོད། །སེམས་ཅན་ཀུན་གྱི་ཕྱི་མོ་ལགས། །ཞེས་གསུངས་པའི་ཕྱིར་རོ། །རིགས་ཅན་གསུམ་གྱིས་བྱང་ཆུབ་གསུམ་ཐོབ་པའི་རྒྱུ་ཡང་ཡིན་ཏེ། ཇི་སྐད་དུ། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་དོགས་མི་མཐོང་བཞིན། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་མ། །ཁྱོད་ཉིད་གཅིག་པུ་ཐར་པའི་ལམ། །དེ་ལྟར་གཞན་དག་མེད་པར་ངེས། །ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་ངོ་བོ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པས་བློས་ཡུལ་དུ་བྱས་པའི་སྒོ་ནས་བསམ་དུ་མེད་ཅིང་། བརྗོད་པ་ཚིག་གིས་ཇི་ལྟ་བ་བཞིན་དུ་བརྗོད་དུ་ཡང་མེད་དེ། མདོར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཁོངས་སུ་གནས་པར་བྱ། །ཞེས་དང་། རྒྱལ་བ་མ་ཕམ་པས། གང་ཞིག་ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་གཞན་དུའང་། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོར་རང་གིས་རིག་ཞི་བ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། འདིར་ཁྱོད་བསྟོད་པར་སུས་རྔོ་ཐོགས། །མཚན་མ་མེད་ཅིང་ཡི་གེ་མེད། །ངག་གི་ཡུལ་ཀུན་ལས་འདས་མ། །གང་ཁྱོད་འགར་ཡང་བསྟན་མི་མངའ། །ཞེས་དང་། བྱང་ཆུབ་སེམས་དཔའ་ཞི་བ་འཚོས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །རང་གི་ངོ་བོ་དེ་ལྟར་ཡིན་ཀྱང་གདུལ་བྱས་རྟོགས་པའི་དོན་དུ་ཐ་སྙད་དུ་རྗེས་སུ་མཐུན་པ། བློའི་ཡུལ་དུ་བྱས་པའི་སྒོ་ནས་བསམ་དུ་ཡོད་ཅིང་བརྗོད་པ་ཚིག་གིས་བསྟན་དུ་ཡང་ཡོད་དེ། ཇི་སྐད་དུ། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །ཞེས་དང་། བྱང་ཆུབ་ཕུང་པོར་ཞེན་ནས་མཆོག་འཛིན་མ་བྱེད་ཅེས། །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟེན་པར་བྱ། །ཞེས་དང་། རྒྱལ་བ་མ་ཕམ་པས། བློ་ལྡན་རྒྱལ་བའི་ཡུལ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །ཅེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏཾ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། དེས་ན་བརྗོད་པ་དང་བྲལ་བའི་ཤེར་ཕྱིན། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱ་བའི་ཆེད་དུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ལ་ཐ་སྙད་དུ་ཚིག་གི་སྒོ་ནས་རྗེས་སུ་མཐུན་པ་བསྟན་པའི་ཚུལ་ལ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་སོགས་པ་དུ་མ་གསུངས་པའི་སྦས་དོན་མངོན་པར་རྟོགས་པའི་རིམ་པ་གཏན་ལ་འབེབས་པར་བྱེད་པ་མགོན་པོ་བྱམས་པས་གསུངས་པའི་ཚིག་ལེའུར་བྱས་པ་འདིའི་གཞུང་སྔ་ཕྱིའི་འབྲེལ་དང་། དཀའ་བའི་གནས་ལ་དཔྱད་པ་ལ་དོན་བཞི་སྟེ། སྤྱིར་བྱམས་པ་དང་འབྲེལ་པའི་ཆོས་སྡེ་ཉི་ཤུའི་རྣམ་གཞག དེ་ལས་ཆོས་ལྔས་མདོ་ཇི་ལྟར་འཆད་ཚུལ། བྱེ་བྲག་ཏུ་བསྟན་བཅོས་འདིས་མདོ་ཇི་ལྟར་འཆད་པའི་ཚུལ། སྐབས་སུ་བབ་པ་བསྟན་བཅོས་ཀྱི་དོན་དངོས་ལ་འཇུག་པའོ། །དང་པོ་ནི། གང་ཟག་གསུམ་གྱིས་མཛད་པའི་ཆོས་ཉི་ཤུ་སྟེ། བྱམས་པས་མཛད་པའི་ཆོས་ལྔ། ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང་སྡོམ་རྣམ་པ་གཉིས་ཏེ་བདུན། དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་དོ། །ཆོས་ལྔ་ནི་རྒྱན་གཉིས། འབྱེད་གཉིས། རྒྱུད་བླ་མ་སྟེ། འདི་དག་གི་དོན་ལ་སྔོན་གྱི་མཁས་པ་ཁ་ཅིག སྡེ་སྣོད་གསུམ་གཏན་ལ་འབེབས་པའི་དབང་དུ་མཛད་ནས་ཆོས་ལྔར་ངེས་ཏེ། དེ་ཡང་མདོ་སྡེ་གཏན་ལ་འབེབས་པ་ནི་མདོ་སྡེའི་རྒྱན་དང་། རྒྱུད་བླ་སྟེ། སྔ་མས་ནི་མདོ་སྡེ་དྲང་ངེས་མ་ཕྱེ་བར་གཏན་ལ་འབེབས། ཕྱི་མས་ནི་ངེས་དོན་གྱི་མདོ་སྡེ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པའི་ཕྱིར། འདུལ་བའི་སྡེ་སྣོད་གཏན་ལ་འབེབས་པ་ནི་མངོན་རྟོགས་རྒྱན་ཏེ་ཐེག་ཆེན་ཐུན་མོང་མ་ཡིན་པའི་འདུལ་བ་ནི། ཉོན་མོངས་པ་འདུལ་བ་ཡིན་ལ། འདིས་དེའི་གཉེན་པོ་བསྟན་པའི་ཕྱིར་རོ། །མངོན་པའི་སྡེ་སྣོད་གཏན་ལ་འབེབས་པ་ནི་འབྱེད་རྣམ་པ་གཉིས་ཏེ། འདིས་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་གཏན་ལ་འབེབས་པའི་ཕྱིར་ཞེས་གསུངས་སོ། །ཡང་ཁ་ཅིག་གིས། མདོ་སོ་སོ་བ་དང་། ཐུན་མོང་བ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་བྱམས་ཆོས་ལྔར་ངེས་ཏེ། མདོ་སྡེའི་རྒྱན་གྱིས་སངས་རྒྱས་ཀྱི་སའི་མདོ་དང་། མངོན་རྟོགས་རྒྱན་གྱིས་ཤེར་ཕྱིན་འབུམ་པ་དང་། རྒྱུད་བླས་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོའི་དོན་གཏན་ལ་འབེབས་པས་གསུམ་པོ་མདོ་སོ་སོ་བ་དང་། དབུས་མཐས་གང་ཟག་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ལམ་རིམ་སྟོན་ལ། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱིས་དེའི་ནང་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་རིམ་སྟོན་པས་གཉིས་པོ་མདོའི་དོན་ཐུན་མོང་དུ་གཏན་ལ་འབེབས་བྱེད་ཡིན་པའི་ཕྱིར་རོ་ཞེས་བཞེད་དོ། །ཡང་ཁ་ཅིག་གིས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་དང་། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཀྱི་དབང་དུ་བྱས་ནས་བྱམས་ཆོས་ལྔར་ངེས་ཏེ། མངོན་རྟོགས་རྒྱན་དང་། མདོ་སྡེའི་རྒྱན་དང་། དབུས་མཐའ་རྣམ་འབྱེད་གསུམ་ནི་རིམ་པ་ལྟར་འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད་གཏན་ལ་འབེབས་པས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་ཡིན་ལ། རྒྱུད་བླས་ནི། མདོ་སྡེའི་རྒྱན་དུ་རིགས་ཆད་ཀྱི་སེམས་ཅན་ཡོད་པར་བསྟན་པ་དེ་དྲང་དོན་དགོངས་པ་ཅན་དུ་བསྟན་ནས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྒྲུབ་པ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་ནི། དབུས་མཐར་ཐེག་པ་ཐུན་མོང་བའི་ལམ་རིམ་བསྟན་ཀྱང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་རིམ་མ་བསྟན་པ་དེ། འདིས་བསྟན་པས་གཉིས་པ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་ཞེས་བཞེད་དོ། །རང་ལུགས་ནི་འོག་དུ་འབྱུང་ངོ་། །གཉིས་པ་ནི་ཐོགས་མེད་ཀྱིས་མཛད་པའི་ཆོས་བདུན་ལས་སའི་དངོས་གཞི་དང་རྣམ་པར་གཏན་ལ་དབབ་པ་བསྡུ་བ་གཉིས་ཀྱིས་གསུང་རབ་ཀྱི་དོན་གྱི་ཆ་གཏན་ལ་འབེབས་པར་བྱེད་དེ། སྔ་མས་ནི་གང་ཟག་གི་ཆ་རྐྱེན་བསྟན་ལ། ཕྱི་མས་ནི་དེའི་ནང་ནས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཀྱི་རྣམ་གྲངས་བསྟན་པའི་ཕྱིར་རོ། །གང་ཟག་གི་ཆ་རྐྱེན་གྱི་དོན་ནི། གང་ཟག་གཅིག་སངས་རྒྱ་བའི་ཆ་རྐྱེན་ལ་དམིགས་ཡུལ། ཉམས་ལེན། འབྲས་བུ་གསུམ་ཀར་དགོས་པས་དེ་གསུམ་ཚང་བ་ལ་བྱའོ། །གཞི་བསྡུ་བ་དང་རྣམ་གྲངས་བསྡུ་བ་གཉིས་ཀྱིས་རྗོད་བྱེད་ཚིག་གི་ཆ་གཏན་ལ་འབེབས་པར་བྱེད་དེ། སྔ་མས་ནི་རྗོད་བྱེད་ཐམས་ཅད་སྡེ་སྣོད་གསུམ་དུ་འདུས་པའི་ཚུལ་དང་། ཕྱི་མས་ནི་དེ་དག་གི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མིང་གི་རྣམ་གྲངས་གཏན་ལ་དབབ་པའི་ཕྱིར་རོ། །རྣམ་པར་བཤད་པའི་སྒོ་བསྡུ་བས་ནི་ཚིག་དེས་དོན་དེ་ཇི་ལྟར་འཆད་ཚུལ་གྱི་རྣམ་པར་གཞག་པ་བསྟན་ཏོ། །འོ་ན་སའི་དངོས་གཞིས་གང་ཟག་གི་ཆ་རྐྱེན་ཇི་ལྟར་གཏན་ལ་འབེབས་ཞེ་ན། སའི་སྤྱི་སྡོམ་དུ། རྣམ་ཤེས་ལྔ་དང་ལྡན་པའི་ས། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང་། །ཏིང་འཛིན་བཅས་དང་མ་ཡིན་དང་། །སེམས་མེད་པ་དང་སེམས་ཡོད་དང་། །ཐོས་དང་བསམ་དང་སྒོམ་པའི་ས། །དེ་བཞིན་ཐེག་པ་གསུམ་ལྡན་དང་། །ཕུང་པོར་བཅས་དང་ཕུང་པོ་མེད། །ཅེས་གསུངས་པའི་དོན་ལ་སྔོན་གྱི་མཁས་པ་ཁ་ཅིག དང་པོ་དགུས་དམིགས་པར་བྱ་བའི་ཡུལ། བར་པ་དྲུག་གིས་སྤྱོད་པའི་བདག་ཉིད། ཐ་མ་གཉིས་ཀྱིས་འབྲས་བུ་བསྟན་ཅེས་གསུངས་ལ། སའི་སྟོད་འགྲེལ་དུ། རང་བཞིན་དང་ནི་ཇི་ལྟར་འཇུག །དེ་ལ་དེ་ཡི་གནས་སྐབས་དང་། །གོ་རིམ་དང་ནི་གང་ཐོབ་དང་། །དེ་ལ་དེ་ནི་འགྲོ་བ་ཡིན། །ཞེས་གསུངས་པ་ལྟར་བཤད་ན་གང་ཟག་གི་རང་བཞིན་གྱི་དབང་དུ་བྱས་ནས་ས་དང་པོ་གཉིས་ཏེ། ཉམས་སུ་ལེན་པའི་གང་ཟག་དེ་ཡང་རྣམ་ཤེས་ཚོགས་བརྒྱད་ཀྱི་རྒྱུན་ལ་འཇོག་པའི་ཕྱིར་རོ། །ཇི་ལྟར་འཇུག་པའི་དབང་དུ་བྱས་ནས་རྟོག་དཔྱོད་དང་བཅས་པ་ལ་སོགས་པའི་ས་གསུམ་སྟེ། གང་ཟག་དེ་ཡང་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་མན་ཆད་དུ་རྟོག་དཔྱོད་གཉིས་ཀ་དང་བཅས་པའི་སྒོ་ནས་འཇུག ཁྱད་པར་ཅན་གྱི་དུས་སུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་སྒོ་ནས་འཇུག བསམ་གཏན་གཉིས་པ་ཡན་ཆད་དུ་རྟོག་དཔྱོད་གཉིས་ཀ་མེད་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །དེའི་གནས་སྐབས་ཀྱི་དབང་དུ་བྱས་ནས་ཏིང་ངེ་འཛིན་དང་བཅས་པ་ལ་སོགས་པའི་ས་བཞི་སྟེ། གང་ཟག་དེ་གཟུགས་དང་གཟུགས་མེད་དུ་ཏིང་ངེ་འཛིན་དང་བཅས་པ་དང་། འདོད་པ་ཏིང་ངེ་འཛིན་དང་མ་བཅས་པ་དང་། སྙོམས་འཇུག་གཉིས་ལ་སོགས་པའི་གནས་སྐབས་ན་སེམས་མེད་པ་དང་། དེ་ལས་གཞན་དུ་ནི་སེམས་ཡོད་པའི་ཕྱིར་རོ། །གོ་རིམ་གྱི་དབང་དུ་བྱས་ནས་ཐོས་བསམ་སྒོམ་པའི་ས་གསུམ་སྟེ། དེ་གསུམ་ལ་རིམ་གྱིས་འཇུག་དགོས་པའི་ཕྱིར་རོ། །གང་ཐོབ་པའི་དབང་དུ་བྱས་ནས་ཉན་ཐོས་ལ་སོགས་པའི་ས་གསུམ་སྟེ། ཐོབ་བྱའི་ཐེག་པ་ནི་གསུམ་དུ་འདུས་པའི་ཕྱིར་རོ། །དེ་ལ་འགྲོ་བའི་དབང་དུ་བྱས་ནས་ལྷག་མ་གཉིས་པོ་སྟེ། དེ་ལྟ་བུའི་གང་ཟག་དེ་ཡང་མཐར་ཐེག་པ་གསུམ་གྱིས་མྱང་འདས་གཉིས་སུ་འགྲོ་བའི་ཕྱིར་རོ། །སྡོམ་གཉིས་ལས་ཀུན་བཏུས་ནི། ཐེག་པ་ཐུན་མོང་གི་སྡོམ་ཡིན་ཏེ། ཉན་ཐོས་དང་ཐུན་མོང་དུ་ཕྱི་རོལ་གྱི་དོན་གྱི་རྣམ་གཞག་དང་། སེམས་ཙམ་པ་དང་ཐུན་མོང་དུ་མཚན་ཉིད་གསུམ་དང་། རྣམ་ཤེས་ཚོགས་བརྒྱད་ལ་སོགས་པའི་རྣམ་གཞག་གསུངས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་བསྡུས་པ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཡིན་ཏེ། དེར་བཤད་པའི་ཤེས་བྱའི་གནས་ལ་སོགས་པ་རྣམ་པ་བཅུ་པོ་དེ་སེམས་ཙམ་པའི་ལུགས་ཀྱི་གཞི་ལམ་འབྲས་བུའི་རྣམ་པར་གཞག་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་སློབ་དཔོན་དབྱིག་གཉེན་གྱིས་རང་རྒྱུད་དུ་བརྩམས་པའི་བསྟན་བཅོས་ལྔ། གཞན་འགྲེལ་ཊཱི་ཀ་བཏགས་པ་གསུམ་སྟེ། པྲ་ཀ་ར་ཎ་སྡེ་བརྒྱད་བརྩམས་པ་ལས། འདི་དག་གི་དོན་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་སེམས་ཙམ་པའི་ལྟ་བ་སྟོན་པ། དེའི་སྒྲུབ་བྱེད། དེ་ལ་རྩོད་པ་སྤོང་བ་དང་གསུམ་དུ་བྱས་ནས། དང་པོ་ནི། སུམ་ཅུ་པའི་རབ་བྱེད་དེ། ཆོས་དང་གང་ཟག་གི་འགྲོ་བ་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ནས་བདག་མེད་པ་གཉིས་བསྟན་པའི་ཕྱིར་རོ། །གཉིས་པ་ནི། ཉི་ཤུ་པའི་རབ་ཏུ་བྱེད་པ་སྟེ། སྣང་བ་ཐམས་ཅད་སེམས་ཡིན་པའི་སྒྲུབ་བྱེད་བསྟན་པའི་ཕྱིར་རོ། །གསུམ་པ་ནི་རབ་ཏུ་བྱེད་པ་ལྷག་མ་རྣམས་ཏེ། དེ་ལྟར་སྣང་བ་ཐམས་ཅད་སེམས་ཡིན་ན། ཕུང་པོ་ལྔའི་རྣམ་གཞག་མི་འཐད་པར་འགྱུར་རོ་ཞེ་ན། དེའི་རྩོད་པ་སྤོང་བ་ཕུང་པོ་ལྔའི་རབ་བྱེད། ལས་མི་འཐད་པར་འགྱུར་རོ་ཞེ་ན། དེའི་རྩོད་པ་སྤོང་བ། ལས་སྒྲུབ་པའི་རབ་བྱེད། ཉན་བཤད་མི་འཐད་པར་འགྱུར་རོ་ཞེ་ན། དེའི་རྩོད་པ་སྤོང་བ་རྣམ་བཤད་རིག་པ་མཚན་ཉིད་གསུམ་མི་འཐད་པར་འགྱུར་རོ་ཞེ་ན། དེའི་རྩོད་པ་སྤོང་བ་དབུས་མཐའི་འགྲེལ་པ། རྟེན་འབྲེལ་བཅུ་གཉིས་མི་འཐད་པར་འགྱུར་རོ་ཞེ་ན། དེའི་རྩོད་པ་སྤོང་བ་རྟེན་འབྲེལ་གྱི་མདོ་འགྲེལ། རང་དོན་ཕར་ཕྱིན་དྲུག་དང་གཞན་དོན་བསྡུ་དངོས་བཞིའི་སྤྱོད་པ་མི་འཐད་པར་འགྱུར་རོ་ཞེ་ན། དེའི་རྩོད་པ་སྤོང་བ་མདོ་སྡེ་རྒྱན་གྱི་འགྲེལ་པ་མཛད་གསུངས་སོ། །འོན་ཀྱང་བསྟན་བཅོས་རྩོམ་པ་པོས་འདི་ལྟ་བུའི་དགོངས་པ་སྔོན་དུ་བཏང་ནས་གོ་རིམ་འདི་ལྟར་རྩོམ་པ་ཡིན་ན། འདི་ལྟ་བུའི་རྣམ་གཞག་འཐད་ཀྱང་བརྗོད་བྱ་དེ་དང་དེ་སྟོན་པའི་བསྟན་བཅོས་རྩོམ་པར་བཞེད་ནས་སོ་སོར་རྩོམ་པ་ལ་དེ་ལྟ་བུའི་རྣམ་གཞག་དགོས་པའི་ངེས་པ་མེད་དམ་སྙམ་མོ། །གཞན་དུ་ན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླའི་འགྲེལ་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་གཉིས་བྱམས་པ་དང་འབྲེལ་པའི་ཆོས་སྡེར་མི་བགྲང་བའི་རྒྱུ་མཚན་ཅི་ཡིན་ཞལ་འཛུམ་པ་དང་བཅས་ཏེ་གསུང་གི་མདངས་ཕྱུང་རན་ནོ། །གཉིས་པ་དེ་ལས་ཆོས་ལྔས་མདོ་ཇི་ལྟར་འཆད་ཚུལ་ལ་གཉིས་ཏེ། ཚིག་ཇི་ལྟར་འཆད་པའི་ཚུལ་དང་། དོན་ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། བཤད་བྱའི་མདོ་དགོས་པ་དང་། དེ་ཇི་ལྟར་འཆད་པའི་ཚུལ། མདོ་དང་སྦྱར་བའི་དགོས་པའོ། །དང་པོ་ནི། འདིར་བཤད་བྱའི་མདོ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡེ་སྣོད་ཡིན་ལ། དེ་ལ་ཡང་དྲང་དོན་གྱི་མདོ་དང་། ངེས་དོན་གྱི་མདོ་གཉིས་ལས། དང་པོ་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་བུའོ། །གཉིས་པ་ནི་ཤེར་ཕྱིན་གྱི་མདོ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ། ལྷག་བསམ་བསྟན་པའི་མདོ། འཕེལ་འགྲིབ་མེད་པའི་མདོ། དཔལ་ཕྲེང་གི་མདོ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་པ་རྣམས་སོ། །གཉིས་པ་ནི། འོ་ན་བྱམས་པའི་ཆོས་ལྔ་པོ་དེས་མདོ་དེ་དག་ཇི་ལྟར་གཏན་ལ་འབེབས་པ་ཡིན་ཞེ་ན། འདི་ལ་ངེས་དོན་གྱི་མདོ་སྡེ་གཏན་ལ་འབེབས་པ་དང་། དྲང་དོན་གྱི་མདོ་སྡེ་གཏན་ལ་འབེབས་པ་དང་། དྲང་དོན་དང་ངེས་དོན་གྱི་མདོ་སྡེ་སྣ་ཚོགས་པ་གཏན་ལ་འབེབས་པ་གསུམ་ལས། དང་པོ་ལ་ངེས་དོན་གྱི་མདོ་སྡེ་རིགས་གཅིག་གཏན་ལ་འབེབས་པ་དང་། རིགས་དུ་མ་གཏན་ལ་འབེབས་པ་གཉིས་སོ། །དང་པོ་ནི་མངོན་པར་རྟོགས་པའི་རྒྱན་ཏེ། དེས་ཤེར་ཕྱིན་གྱི་མདོ་སྡེ་ཁོ་ན་གཏན་ལ་འབེབས་པའི་ཕྱིར་རོ། །གཉིས་པ་ནི་རྒྱུད་བླ་སྟེ། དེས་སྔར་བཤད་པའི་ངེས་དོན་གྱི་མདོ་སྡེ་དེ་རྣམས་གཏན་ལ་འབེབས་པའི་ཕྱིར། དྲང་དོན་གྱི་མདོ་སྡེ་གཏན་ལ་འབེབས་པ་ནི་འབྱེད་རྣམ་གཉིས་ཏེ། དེས་དགོངས་པ་ངེས་འགྲེལ་ལ་སོགས་པ་གཏད་ལ་འབེབས་པའི་ཕྱིར་རོ། །དྲང་དོན་དང་ངེས་དོན་གྱི་མདོ་སྡེ་སྣ་ཚོགས་པ་གཏན་ལ་འབེབས་པ་ནི་མདོ་སྡེའི་རྒྱན་ཏེ། གཞིའི་དུས་སུ་རིགས་ཆད་ཀྱི་སེམས་ཅན་ཡོད་པར་བཤད་པ་དང་། ལམ་གྱི་དུས་སུ་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་འབེབས་པའི་མདོ་དྲང་དོན་དུ་སྟོན་པ་དང་། འབྲས་བུའི་དུས་སུ་མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པ་དྲང་དོན་དུ་བསྟན་ནས། མཐར་ཐུག་ཐེག་པ་གསུམ་དུ་བསྟན་པ་རྣམས་ཀྱིས་ནི་དྲང་དོན་གྱི་མདོ་སྡེ་གཏན་ལ་འབེབས་པའི་ཕྱིར་དང་། གཞིའི་དུས་སུ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པ་དང་། ལམ་གྱི་དུས་སུ་ཕར་ཕྱིན་དྲུག་དང་། བསྡུ་དངོས་བཞིའི་སྤྱོད་པ་དང་། འབྲས་བུའི་དུས་སུ་སྐུ་གསུམ་ཡེ་ཤེས་བཞིའི་རྣམ་གཞག་སྟོན་པ་རྣམས་ཀྱིས་ངེས་དོན་གྱི་མདོ་སྡེ་གཏན་ལ་འབེབས་པའི་ཕྱིར་རོ། །གསུམ་པ་མདོ་དང་སྦྱར་བའི་དགོས་པ་ནི། འོ་ན་རྗེ་བཙུན་བྱམས་པ་ས་བཅུ་པའི་བྱང་སེམས་ཀྱི་ཚུལ་བཟུང་བ་ཙམ་ཡིན་གྱི། དོན་ལ་སངས་རྒྱས་ཡིན་པས་བཀའི་དགོངས་པ་འགྲེལ་པ་ལ་མ་ལྟོས་པར་རང་དགར་མི་རྩོམ་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྟོན་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་བསྟན་པ་འདི་ལ་ཐུབ་པའི་གསུང་གི་རྗེས་སུ་འབྲང་བ་དེ་བསྟན་པ་རྣམ་དག་ཡིན་གྱི། དེའི་རྗེས་སུ་མི་འབྲང་བ་དེ་བསྟན་པ་རྣམ་དག་མ་ཡིན་ནོ་ཞེས་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་ཤེས་པའི་ཆེད་དུ་ཐུབ་པའི་བཀའ་དང་སྦྱར་བ་ཁོ་ན་མཛད་པ་ཡིན་ཏེ། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །ཞེས་དང་། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་སོ། །གཉིས་པ་དོན་ཇི་ལྟར་འཆད་པའི་ཚུལ་ནི། མངོན་པར་རྟོགས་པའི་རྒྱན་གྱིས་ཤེར་ཕྱིན་གྱི་མདོའི་དོན་མངོན་པར་རྟོགས་པ་བརྒྱད་དུ་བསྡུས་ནས་སྟོན་ཏེ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་སོ། །རྒྱུད་བླ་མས་ནི་སྔར་བཤད་པའི་ངེས་དོན་གྱི་མདོ་སྡེ་དེ་རྣམས་ཀྱི་དོན་རྡོ་རྗེའི་གནས་བདུན་དུ་བསྡུས་ནས་སྟོན་ཏེ། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཅེས་སོ། །དབུས་མཐའ་རྣམ་འབྱེད་ཀྱིས་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་གཉིས་སྟོན་ཏེ། མཚན་ཉིད་སྒྲིབ་པ་དེ་ཁོ་ན། །གཉེན་པོ་དག་ནི་སྒོམ་པ་དང་། །དེ་ཡི་གནས་དང་འབྲས་བུ་ཐོབ། །ཐེག་པ་བླ་ན་མེད་པའོ། །ཞེས་གསུངས་པས་སོ། །ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱིས་ནི་ཆོས་ཅན་འཁོར་བ་དང་། ཆོས་ཉིད་མྱ་ངན་ལས་འདས་པ་སོ་སོར་ཕྱེ་ནས་སྟོན་ཏེ། འདི་ཐམས་ཅད་ནི་གཉིས་ཏེ། ཆོས་ཀྱིས་རབ་ཏུ་ཕྱེ་བ་དང་། ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བའོ། །ཆོས་ཀྱིས་རབ་ཏུ་ཕྱེ་བ་ནི་འཁོར་བའོ། །ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ། །ཞེས་སོ། །མདོ་སྡེ་རྒྱན་གྱིས་ནི་དྲང་དོན་དང་ངེས་དོན་གྱི་མདོ་སྡེ་དུ་མའི་དོན། གསེར་ལས་བརྡུང་བྱས་འདྲ་བ་ལ་སོགས་པ། དཔེ་ལྔས་མཚོན་པའི་དོན་ལྔར་བསྡུས་ནས་སྟོན་ཏེ། གསེར་ལས་བརྡུང་བྱས་འདྲ་ཞིང་པདྨ་རྒྱས་པ་འདྲ། །བཀྲེས་པས་ཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ། །ཕྲིན་ཡིག་ལེགས་པ་ཐོས་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟའི། །ཆོས་དེ་འདིར་བཤད་པའང་དགའ་བའི་མཆོག་བསྐྱེད་དོ། །ཅེས་སོ། །གསུམ་པ་བྱེ་བྲག་ཏུ་བསྟན་བཅོས་འདི་མདོ་ཇི་ལྟར་འཆད་པའི་ཚུལ་ལ་ལྔ་སྟེ། བཤད་བྱའི་མདོ་ངོས་གཟུང་བ། དགོངས་འགྲེལ་ཤིང་རྟའི་སྲོལ་འབྱེད་ངོས་གཟུང་བ། དེས་སྲོལ་ཇི་ལྟར་ཕྱེ་བའི་ཚུལ། བཤད་ཐབས་ཀྱི་མན་ངག་ངོས་གཟུང་བ། དགོངས་འགྲེལ་གྱི་བསྟན་བཅོས་ཇི་ལྟར་བྱུང་བའི་བྱུང་ཚུལ་ལོ། །དང་པོ་ནི་ཤེར་ཕྱིན་གྱི་མདོ་རྣམས་ཡིན་ལ། འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་ཡུམ་དྲུག་དང་། སྲས་བཅུ་གཅིག་གི་རྣམ་གཞག་མཛད་དོ། །ཡུམ་དྲུག་ནི། སྟོང་ཕྲག་བརྒྱ་པ་དང་། སྟོང་ཕྲག་ཉེར་ལྔ་པ་དང་། ཁྲི་བརྒྱད་སྟོང་པ་སྟེ་རྒྱས་པ་སྐོར་གསུམ། ཤེས་རབ་ཁྲི་པ་དང་། བརྒྱད་སྟོང་པ་དང་། ཡོན་ཏན་རིན་ཆེན་སྡུད་པ་སྟེ། བསྡུས་པ་སྐོར་གསུམ་མོ། །སྲས་བཅུ་གཅིག་ནི། ཤེར་ཕྱིན་བདུན་བརྒྱ་པ་དང་། ཤེར་ཕྱིན་སུམ་བརྒྱ་པ་དང་། ཤེར་ཕྱིན་བརྒྱ་ལྔ་བཅུ་པ་དང་། ཤེར་ཕྱིན་ལྔ་བཅུ་པ་དང་། སྒོ་ཉེར་ལྔ་པ་དང་། རབ་རྩལ་རྣམ་གནོན་གྱིས་ཞུས་པ་དང་། ཀོའུ་ཤི་ཀས་ཞུས་པ་དང་། ཡི་གེ་ཉུང་ངུ་མ་དང་། ཡི་གེ་གཅིག་མ་དང་། རྡོ་རྗེ་གཅོད་པ་དང་། ཤེས་རབ་སྙིང་པོའོ། །དེ་ལ་དང་པོ་དྲུག་པོས་ནི་དངོས་བརྒྱད་དོན་བདུན་ཅུ་སོ་སོར་ཕྱེ་ནས་སྟོན་པས་ན་ཡུམ་དང་། ཕྱི་མ་བཅུ་གཅིག་གིས་ནི་དེ་ལྟར་མི་སྟོན་པས་སྲས་ཡིན་ནོ་ཞེས་ཟེར་རོ། །འདི་ལ་གྲངས་ངེས་མི་འཐད་པ་དང་། ཐ་སྙད་མི་འཐད་པ་གཉིས་ལས། དང་པོ་ནི་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ལེའུ་གཅིག་ཡིན་པས་དེ་ལོགས་སུ་བགྲངས་ན་ལྷག་པར་འགྱུར་ཞིང་། ཟླ་བའི་སྙིང་པོས་ཞུས་པའི་མདོ་དང་། ཉི་མའི་སྙིང་པོས་ཞུས་པའི་མདོ་དང་། ཤེར་ཕྱིན་ལག་ན་རྡོ་རྗེ་རྣམས་མ་ཚང་བས་ཆད་པའི་སྐྱོན་ཡོད་དོ། །གཉིས་པ་ཐ་སྙད་མི་འཐད་པ་ནི། དངོས་བརྒྱད་དོན་བདུན་ཅུར་ཕྱེ་ནས་སྟོན་པ་ལ་ཡུམ་དང་། དེ་ལྟར་མི་སྟོན་པ་ལ་སྲས་ཀྱི་ཐ་སྙད་གང་ནས་ཀྱང་མ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་མངོན་པར་རྟོགས་པའི་རིམ་པ་སྟོན་པས་ན་ཡུམ་དང་། མངོན་རྟོགས་ཀྱི་རིམ་པ་མི་སྟོན་པར་ཡུལ་སྐྱེ་མེད་ཙམ་སྟོན་པས་ན་སྲས་སུ་བཞག་པ་ཡིན་ནོ། །ཞེས་གསུངས་པ་ཡང་མི་འཐད་དེ། ཤེར་ཕྱིན་འབུམ་པ་ལ་སོགས་པས་དེ་གཉིས་ཀ་སྟོན་པས་ཡུམ་སྲས་གཉིས་ཀར་ཐལ་བའི་ཕྱིར་དང་། ཡུལ་སྐྱེ་མེད་དུ་སྟོན་པ་ནི་བདག་མེད་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པས་ཡུམ་གྱི་ཐ་སྙད་འཐད་པའི་ཕྱིར་དང་། ཤེར་ཕྱིན་བདུན་བརྒྱ་པས་ཚོགས་སྦྱོར་གཉིས། འཕགས་པའི་ས་བཅུ་སྟེ། ས་བཅུ་གཉིས་ཀྱི་རྣམ་གཞག་དང་། རྡོ་རྗེ་གཅོད་པས་ནི་མོས་སྤྱོད་ཀྱི་ས་དང་། བྱང་སེམས་ཀྱི་ས་དང་། སངས་རྒྱས་ཀྱི་ས་སྟེ། ས་གསུམ་གྱི་རྣམ་གཞག་དང་། ཤེས་རབ་སྙིང་པོས་ནི་ལམ་ལྔའི་རྣམ་གཞག་བསྟན་པའི་ཕྱིར་རོ། །འོ་ན་བཤད་བྱའི་མདོ་གང་ཞེ་ན། ཤེར་ཕྱིན་གྱི་མདོ་ཐམས་ཅད་ཀྱིས་འཕགས་བཞིའི་ཡུམ་དུ་གྱུར་པའི་བདག་མེད་རྟོགས་པའི་ཤེས་རབ་བརྗོད་བྱའི་གཙོ་བོར་སྟོན་པས་ཡུམ་གྱི་ཐ་སྙད་འཐད་པས་དེ་ཉིད་འདིར་བཤད་པར་བྱ་བའི་མདོ་ཡིན་ནོ། །གཉིས་པ་ནི་སྔ་རབས་པ་ཁ་ཅིག ཤེར་ཕྱིན་གྱི་དགོངས་འགྲེལ་གྱི་ཤིང་རྟའི་སྲོལ་འབྱེད་དེ་ལ་མགོན་པོ་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པའི་ཚོགས། དཔའ་བོས་མཛད་པའི་འབུམ་ཊཱིཀ ཕྱོགས་གླང་གིས་མཛད་པའི་བརྒྱད་སྟོང་དོན་བསྡུས་ཏེ་བཞིར་གྲངས་ངེས་སོ། །འོ་ན་དེ་དག་གིས་སྲོལ་ཇི་ལྟར་ཕྱེ་ན། དང་པོས་ནི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་མཛད་ལ། གཉིས་པས་ནི། དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་གསལ་བར་མཛད། གསུམ་པས་ནི་ཡུམ་གྱི་དོན་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་སྟོན་ཏེ། སྒོ་གསུམ་ནི་ཐོག་མར་གླིང་གཞིས་སྐབས་ཕྱེ་ནས་གདུལ་བྱ་དབང་རྣོན་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚང་རྒྱ་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཞེས་གང་གིས། གང་གི་ཕྱིར། གང་ལ་བསླབ་ཚུལ་བཞིས་དོན་ཐམས་ཅད་བསྡུས་ཏེ་བསྟན་པ་ནི་བསྡུས་ཏེ་བསྟན་པའི་སྒོ། དེ་ནས་སྐབས་དང་པོའི་བར་ལ་འབྲིང་དུ་བསྟན་པའི་སྒོ། དེ་ནས་མཇུག་རྫོགས་པར་བསྟན་པ་རྒྱས་པར་བཤད་པའི་སྒོ་སྟེ་གསུམ་མོ། །རྣམ་གྲངས་བཅུ་གཅིག་ནི། དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ་དང་། དེ་ནས་རབ་འབྱོར་གྱིས་བཤད་པ་གཅིག་དང་། དེ་ནས་བརྒྱ་བྱིན་ལ་བཀའ་སྩལ་པ་གཉིས་དང་། རབ་འབྱོར་ལ་བཀའ་སྩལ་པ་བཞི་དང་། བྱམས་པ་ལ་བཀའ་སྩལ་པ་གཉིས་དང་། ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་རྫོགས་པར་གཏད་པ་སྟེ་བཅུ་གཅིག་གོ །བཞི་པས་ནི་ཡུམ་གྱི་གཙོ་བོའི་དོན་སོ་གཉིས་སུ་བསྡུས་ནས་སྟོན་ཏེ། བརྒྱད་སྟོང་དོན་བསྡུར། རྟེན་དང་དབང་དུ་བྱ་བ་དང་། །ལས་ནི་སྒོམ་པ་དང་བཅས་དང་། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་ཡང་དག་བརྗོད། །ཅེས་སོ། །དེ་ལ་རྟེན་སྟོན་པ་སངས་རྒྱས། དབང་དུ་བྱ་བ་འཁོར། ལས་ཡུམ་ལ་ཆོས་སྤྱོད་བཅུས་ཇི་ལྟར་སྤྱོད་པ། སྒོམ་པ་རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོར་སྒོམ་པ་བཅུ། རབ་ཏུ་དབྱེ་བ་སྟོང་ཉིད་བཅུ་དྲུག རྟགས་ལ་བདུད་ལས་ཀྱི་རྟགས་དང་། ཕྱིར་མི་ལྡོག་པའི་རྟགས་གཉིས། ལྟུང་བ་ཤེར་ཕྱིན་སྤངས་ན་ངན་སོང་དུ་ལྟུང་བ། ཕན་ཡོན་སྟོང་གསུམ་རིན་པོ་ཆེས་བཀང་ནས་སྦྱིན་པ་བྱིན་པ་བས་ཡུམ་ལ་སྤྱད་ན་བསོད་ནམས་ཆེ་བ་ལ་སོགས་པའོ་ཞེས་འདོད་དོ། །ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས་ཕྱི་མ་གཉིས་ནི་སྔ་མ་གཉིས་ལས་སྲོལ་འབྱེད་གཞན་མ་ཡིན་པས་ན་སྲོལ་འབྱེད་ལ་སྔ་མ་གཉིས་སུ་ངེས་སོ་ཞེས་བཞད་དོ། །འདི་ཉིད་དོན་ལ་ཡང་གནས་ཏེ། སྤྱིར་ཡུམ་གྱི་དགོངས་པ་འགྲེལ་པ་ཙམ་གྱིས་ཤིང་རྟའི་སྲོལ་འབྱེད་དུ་འགྲོ་བ་མ་ཡིན་གྱི། གཞན་གྱི་མན་ངག་ལ་བརྟེན་ནས་དོན་སྤྱིའི་ཚུལ་གྱིས་འགྲེལ་པ་མ་ཡིན་པར་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་དུ་མཐོང་བའི་སྒོ་ནས་བཀའི་དགོངས་པ་རང་དབང་དུ་འགྲེལ་པ་ལ་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་གང་ཞིག དེ་ལ་སྔ་མ་གཉིས་པོ་དེར་ངེས་ཤིང་། ཕྱི་མ་གཉིས་ནི་གཞན་གྱི་མན་ངག་ལ་བརྟེན་ནས་དོན་སྤྱིའི་ཚུལ་གྱིས་འགྲེལ་པ་ཙམ་ཡིན་པའི་ཕྱིར་རོ། །འགྲེལ་ཚུལ་མི་འདྲ་བ་ཙམ་གྱིས་སྲོལ་འབྱེད་སོ་སོར་འཇོག་ན་རྩ་བ་ཤེས་རབ་དང་། འཇུག་པ་ཡང་སྲོལ་འབྱེད་སོ་སོར་འགྱུར་ཏེ། སྔ་མས་ནི་རྟེན་འབྲེལ་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བའི་སྒོ་ནས་འགྲེལ། ཕྱི་མས་ནི་མདོ་སྡེ་ས་བཅུ་པ་ལས་བཤད་པ་དང་སྦྱར་ཏེ་འགྲེལ་བའི་ཕྱིར་རོ། །འོ་ན་ཕྱི་མ་གཉིས་པོ་གང་གི་མན་ངག་ལ་བརྟེན་ཞེ་ན། སློབ་དཔོན་ཕྱོགས་གླང་གིས་ནི་མགོན་པོ་བྱམས་པའི་མན་ངག་ཐོགས་མེད་ནས་བརྒྱུད་དེ། དབྱིག་གཉེན་ལས་ཐོས་པ་ཡིན་ལ། སློབ་དཔོན་དཔའ་བོས་ནི་མགོན་པོ་ཀླུ་སྒྲུབ་ཀྱི་མན་ངག་འཕགས་པ་ལྷ་ལས་ཐོས་པས་དེ་དག་གི་རྗེས་སུ་འབྲང་བའི་ཕྱིར་རོ། །གསུམ་པ་ནི་སྲོལ་འབྱེད་གཉིས་སུ་ངེས་ན་དེས་སྲོལ་ཇི་ལྟར་ཕྱེ་སྙམ་ན། སྤྱིར་ཤེར་ཕྱིན་གྱི་མདོ་ལས་ཐེག་པ་གསུམ་ཀའི་ལམ་བསྟན་ཏེ། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བསླབ་པར་བྱའོ་ཞེས་སོགས་རྒྱས་པར་གསུངས་ཤིང་། མཐར་དེ་ཅིའི་ཕྱིར་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ནི་ཐེག་པ་གསུམ་པོ་རྒྱ་ཆེར་སྟོན་ནོ་ཞེས་གསུངས་པས་སོ། །དེ་ལ་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ཀྱི་སྐབས་སུ་ནི་གླེང་གཞི་དང་མཐུན་པ་ཐེག་པ་གསུམ་ཆར་གྱི་ལམ་བསྟན་པར་བཞེད་ནས་མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པ་ཡིན་ཞིང་། ལུས་ཀྱི་སྐབས་སུ་ནི་ཐེག་ཆེན་གྱི་ལམ་རིམ་ཁོ་ན་བསྟན་ཏེ། གཞན་གྱིས་མྱོང་བ་མ་ཡིན་ཏེ་ཞེས་དང་། མངོན་རྟོགས་བརྒྱད་དང་དྲུག་གི་ལམ་རིམ་ནི་ཐེག་པ་གཞན་ལ་མེད་པའི་ཕྱིར་རོ། །རྟོགས་རིགས་ཀྱི་དབང་དུ་བྱས་ན་ལུས་ཀྱི་སྐབས་སུ་ཡང་ཐེག་པ་གསུམ་ཆར་གྱི་ལམ་བསྟན་པས་མངོན་པར་རྟོགས་པ་མཐའ་དག་བསྡུས་པར་འཕགས་སེང་གཉིས་ཀྱི་གསུངས་པའི་དགོངས་པ་ཡང་འདི་ཡིན་ཏེ། འཆད་པར་འགྱུར་རོ། །དབུ་མ་རིགས་ཚོགས་ཀྱིས་ནི་ཐེག་པ་གསུམ་ཀའི་བྱང་ཆུབ་ཐོབ་པའི་ཐབས་སུ་གཟུགས་ནི་རང་བཞིན་གྱིས་སྐྱེ་བ་མེད་དོ་ཅེས་སོགས་ཀྱིས་དངོས་བསྟན་སྐྱེ་མེད་ཀྱི་དོན་གཏན་ལ་འབེབས་པར་བྱེད་དེ། མདོར། གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་མེད་དུ་གསུངས་པའི་སྒྲུབ་བྱེད། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་རིགས་པ་རྣམས་གསུངས་པའི་ཕྱིར་རོ། །སྔོན་གྱི་མཁས་པ་རྣམས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པ་དང་། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པ་གཉིས་ཞེས་གསུངས་པ་ཡང་འདི་དང་གནད་གཅིག་ཅིང་། དོན་ལ་ཡང་གནས་ཏེ། དངོས་བརྒྱད་དོན་བདུན་ཅུ་ནང་ཚན་གྱི་དབྱེ་བ་དང་བཅས་པ་འདི་མདོའི་སྦས་དོན་ཡིན་ལ་གཟུགས་སོགས་རང་བཞིན་གྱིས་སྐྱེ་བ་མེད་པ་སོགས་ནི་མདོའི་དངོས་བསྟན་ཡིན་པའི་ཕྱིར་རོ། །བཞི་པ་ནི་སྤྱིར་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས། མདོ་འཆད་ཚུལ་གྱི་མན་ངག་དུ་མ་སྣང་ཡང་། འདིར་སློབ་དཔོན་དབྱིག་གཉེན་གྱིས། གང་ཞིག་བདག་པས་བློ་དམན་ཞིང་། །མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །མདོ་དོན་ཆེ་བ་ཉིད་ཐོས་ནས། །ལེན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དགོས་པའི་དོན་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་མདོ་དོན་ཐམས་ཅད་བཤད་ཐབས་ཀྱི་མན་ངག་ལྔའི་སྒོ་ནས་བཤད་པར་བཞེད་ཅིང་། དེ་ཉིད་མགོན་པོ་བྱམས་པའི་མན་ངག་ཀྱང་ཡིན་པར་གྲགས་ཏེ། མངོན་རྟོགས་རྒྱན་གྱིས་མདོ་འཆད་པའི་ཚེ་བཤད་ཐབས་ཀྱི་མན་ངག་ལྔ་ཚང་བས་སོ་སྙམ་དུ་དགོངས་སོ། །ཇི་ལྟར་ཚང་ཞེ་ན། འདི་ལ་མི་འཐད་པའི་ལུགས་དགག བཤད་ཐབས་ཀྱི་མན་ངག་ངོས་གཟུང་། དེ་ཉིད་འཐད་པར་སྒྲུབ་པ་དང་གསུམ་ལས། དང་པོ་ནི་སྔ་རབས་པ་ཁ་ཅིག རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ཀྱིས་མདོའི་དགོས་དོན། ལུས་རྣམ་གཞག་གིས་བསྡུས་དོན། ཡན་ལག་རྒྱས་བཤད་ཀྱིས་ཚིག་དོན། དེ་ནས་ཐམས་ཅད་ཤེས་པ་ཉིད་ཅེས་དང་། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་སོགས་ཀྱིས་མཚམས་སྦྱར། རིགས་ཀྱིས་བརྒལ་ལན་དང་། སྒོམ་ལམ་དང་། སྲིད་ཞི་མཉམ་ཉིད་དང་། དྲི་མ་སེལ་ཚུལ་ལས་འཕྲོས་པའི་བརྒལ་ལན་རྣམས་ཀྱིས་མདོའི་བརྒལ་ལན་བསྟན་པ་ཡིན་ཞེས་བཞེད་དོ། །དེ་ལ་དགོས་དོན་གྱི་ངོས་འཛིན་དེ་མི་འཐད་དེ། རྒྱན་གྱིས་མདོ་འཆད་པའི་ཚེ་མདོའི་དགོས་དོན་འཆད་དགོས་པ་ལས། དགོས་འབྲེལ་གྱི་གཞུང་གིས་ནི་བསྟན་བཅོས་ཀྱི་དགོས་དོན་བསྟན་པའི་ཕྱིར་རོ། །མཚམས་སྦྱར་གྱི་ངོས་འཛིན་དེ་ཡང་མི་འཐད་དེ། འདིར་མཚམས་སྦྱར་ནི་གོ་རིམ་སྔ་ཕྱི་མི་འགལ་བའི་སྒྲུབ་བྱེད་བསྟན་དགོས་པ་ལས་དེ་ནས་ཞེས་པའི་ཚིག་ཙམ་གྱིས་དེ་བསྟན་མི་ནུས་པའི་ཕྱིར་རོ། །བརྒལ་ལན་གྱི་ངོས་འཛིན་དེ་ཡང་མི་འཐད་དེ། འདིར་བརྒལ་ལན་ནི་རིགས་པ་སྔ་ཕྱི་མི་འགལ་བར་བསྟན་པ་ལ་གསུངས་ཤིང་། རིགས་པ་ནི་རྒྱུད་བླར། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ་བརྟེན་ནས། །ཞེས་གསུངས་པ་ལྟར། མདོའི་དངོས་བསྟན་ལ་མེད་ཀྱང་བསྟན་བཅོས་མཁན་པོས་སྦྱར་བའི་རིགས་པ་ཡིན་ལ། སྔར་གྱི་བརྒལ་ལན་དེ་རྣམས་ནི་མདོ་ཉིད་ལས་གསུངས་པའི་བརྒལ་ལན་ཡིན་པའི་ཕྱིར་རོ། །གཉིས་པ་ནི་མདོའི་དགོས་སོགས་ཆོས་ལྔ་རྒྱན་གྱིས་སྟོན་པའི་ཚུལ་ལ་མཆོད་བརྗོད་ཀྱིས་དགོས་དོན་བསྟན། དེ་ལས་འཕྲོས་ནས་དགོས་འབྲེལ་གྱི་གཞུང་གིས་ནི་བསྟན་བཅོས་ཀྱི་དགོས་དོན་བསྟན་ཏོ། །བསྡུས་དོན་དང་ཚིག་དོན་གྱིས་བསྟན་ཚུལ་སྔར་དང་འདྲ་ཞིང་། མཚམས་སྦྱར་ནི་མཚན་ཉིད་དེ་ཡི་སྦྱོར་བ་དང་། ཞེས་སོགས་དང་། བརྒལ་ལན་ནི་ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས་ཀྱིས་བསྟན་ཏོ། །གསུམ་པ་ལ་ངོ་བོ་མཐུན་པས་འཐད་པ་དང་། གོ་རིམ་མཐུན་པས་འཐད་པ་གཉིས་ལས། དང་པོ་ནི། མཆོད་བརྗོད་ཀྱིས་དགོས་དོན་བསྟན་ཏེ། དགོས་དོན་ལ་མདོ་དོན་ཆེ་བ་ཉིད་ཐོས་ནས། ཞེས་སོགས་ཚིགས་བཅད་གཅིག་གི་དོན་ཚང་བ་ཅིག་དགོས་ཤིང་། མདོ་དོན་གྱི་ཆེ་བ་རང་དོན་མཁྱེན་གསུམ་གྱི་རྟོགས་པ་མཐར་ཐུག་བརྙེས་ཏེ། གཞན་དོན་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བ་དེ་མཆོད་བརྗོད་ཀྱིས་བསྟན་པས་མཆོད་བརྗོད་ངག་གི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་པོ་ཡུམ་བརྗོད་བྱར་སྟོན་པའི་གསུང་རབ་ལེན་པ་དང་འཛིན་པ་ལ་གུས་པར་བྱེད་པ་འབྱུང་བའི་ཕྱིར་རོ། །སློབ་དཔོན་གྱིས་དེ་ལ་རབ་ཏུ་དང་བས་ཀྱང་དེའི་ཡོན་ཏན་མངོན་པར་འདོད་པའི་གང་ཟག་གཉིས་ཀ་ཡང་དེ་དང་དེ་ལ་བརྟེན་པའི་གསུང་རབ་ལ་རྣམ་པ་ཐམས་ཅད་དུ་བཟུང་བ་ལ་སོགས་པའི་དོན་ཏུ་ཤིན་ཏུ་གུས་པར་བྱེད་དོ། །ཞེས་གསུངས་པ་ཡང་འདི་ལ་དགོངས་སོ། །ལུས་རྣམ་གཞག་གིས་བསྡུས་དོན་བསྟན་ཏེ། དགོས་པའི་དོན་དེ་བསྡུས་དོན་ལས་རྟོགས་དགོས་པར་གསུངས་པ་གང་ཞིག་མཆོད་བརྗོད་ཀྱི་སྐབས་སུ་བསྟན་པའི་ཤེར་ཕྱིན་དེ་ལུས་ཀྱི་སྐབས་ནས་བསྟན་པའི་མངོན་པར་རྟོགས་པ་བརྒྱད་ཀྱི་སྒོ་ནས་རྟོགས་པར་བྱ་དགོས་པའི་ཕྱིར་ཏེ། ཉིར་སྣང་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གང་ཡིན་ཞེས་བྱ་བ་འདི་ནི་བརྗོད་པར་བྱའོ་ཞེ་ན་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་གསུངས་པའི་ཕྱིར་རོ། །ཡན་ལག་རྒྱས་བཤད་ཀྱིས་ནི་ཚིག་དོན་བསྟན་ཏེ། བསྡུས་པའི་དོན་དེ་ཚིག་དོན་ལས་རྟོགས་དགོས་པར་གསུངས་ཤིང་ལུས་རྣམ་གཞག་གི་སྐབས་ནས་བསྟན་པའི་དངོས་བརྒྱད་དོན་བདུན་ཅུ་པོ་དེ་ཡན་ལག་རྒྱས་བཤད་ལས་རིམ་པ་བཞིན་དུ་རྟོགས་དགོས་པའི་ཕྱིར་ཏེ། འགྲེལ་པ་དོན་གསལ་དུ། བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་རྣམས་ནི། བསྟན་བཅོས་མཛད་པ་ཉིད་ཀྱིས། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གིས་འཆད་པས་ཞེས་གསུངས་པའི་ཕྱིར་རོ། །མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་སོགས་ཀྱིས་མཚམས་སྦྱར་བསྟན་ཏེ། མཚམས་སྦྱར་གྱི་དོན་ནི་གོ་རིམ་སྔ་ཕྱི་མི་འགལ་བར་བསྟན་པ་ལ་གསུངས་ཤིང་། གཞུང་དེས་མངོན་པར་རྟོགས་པ་བརྒྱད་ཀྱི་གོ་རིམ་མི་འགལ་བའི་སྒྲུབ་བྱེད་བསྟན་པའི་ཕྱིར་རོ། །དྲུག་གི་གོ་རིམ་ལས་མ་གསུངས་སོ་སྙམ་ན་མཁྱེན་གསུམ་གྱི་ནང་ཚན་གྱི་གོ་རིམ་ལ་གཞི་ཤེས་དང་པོར་བསྟན་པའི་གོ་རིམ་ནི་མཁྱེན་གསུམ་གྱི་དོན་བསྡུ་དང་། སྐབས་བཞི་པའི་གཞུང་ལས་རྟོགས་ནུས་ཤིང་རྣམ་མཁྱེན་དང་པོར་བསྟན་པའི་གོ་རིམ་ཉིད་ཀྱང་རྣམ་མཁྱེན་གྱི་མཚམས་སྦྱོར་ཉིད་ལས་རྟོགས་ནུས་སོ། །འདིར་མཚན་ཉིད་དང་པོར་བསྟན་པའི་རྒྱུ་མཚན་ནི་ཉིར་སྣང་དུ། དང་པོར་བསྟན་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པས་མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་ཀྱིས་མཚོན་ནས་ཐོས་བསམ་གྱིས་གཏན་ལ་ཕབ་པར་བྱ་བ་ཡིན་པས་དང་པོར་བསྟན་པའི་ཕྱིར་སྟེ། རྩ་བར་ལས་སྒྲུབ་ཀྱི་དབང་དུ་བྱས་ནས་མཚན་ཉིད་ཅེས་དང་། འགྲེལ་པར་མཚན་ཉིད་པ་དོན་གཅིག་པའི་ཕྱིར་རོ། །མངོན་རྟོགས་གཞན་རྣམས་ཀྱང་རང་གི་མཚོན་བྱེད་ཀྱིས་མཚོན་པར་བྱ་བ་མ་ཡིན་ནམ་སྙམ་ན། ཁྱད་གཞི་མཁྱེན་གསུམ་གྱི་སྒོ་ནས་འཇོག་པས་སྐྱོན་མེད་དོ། །སྐལ་ལྡན་དག་དགའ་སྟོན་མཛོད་ཅིག ཡུལ་ནི་རྣམ་པ་གསུམ་པོ་རྒྱུ་ཞེས་སོགས་ཀྱིས་བརྒལ་ལན་བསྟན་ཏེ། བརྒལ་ལན་གྱི་དོན་ནི་རིགས་པ་སྔ་ཕྱི་མི་འགལ་བར་བསྟན་པ་ལ་གསུངས་ཤིང་གཞུང་དེས་མངོན་པར་རྟོགས་པ་བརྒྱད་དུ་བསྟན་པའི་རིགས་པ་དང་། དྲུག་ཏུ་བསྟན་པའི་རིགས་པ་གཉིས་མི་འགལ་བར་བསྟན་པའི་ཕྱིར་ཏེ། མངོན་པར་རྟོགས་པ་བརྒྱད་པོ་དེ་ཡང་བསྡུ་ན་ཡུལ་དང་། སྦྱོར་བ་དང་། འབྲས་བུ་གསུམ་དུ་འདུས་པས་བརྒྱད་ཀྱི་སྐབས་སུ་ཡུལ་ལ་གསུམ་དུ་ཕྱེ་ནས་བསྟན། དྲུག་གི་སྐབས་སུ་ཡུལ་གཅིག་ཏུ་བསྡུས་པ་ཙམ་ཡིན་པས་མི་འགལ་ཞེས་བསྟན་པའི་ཕྱིར་རོ། །རིགས་པའི་དོན་མདོའི་དངོས་བསྟན་ལ་མེད་ཀྱང་བསྟན་བཅོས་རྩོམ་པ་པོ་ཉིད་ཀྱིས་སྦས་དོན་སྦྱར་བ་ལ་འཇོག་དགོས་པ་ནི་རྒྱུད་བླར་ཤེས་སོ། །གཉིས་པ་གོ་རིམ་མཐུན་པ་ནི་དེ་ལྟར་བྱས་ན། དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་དབྱིག་གཉེན་རང་ཉིད་ཀྱིས་གསུངས་པའི་གོ་རིམ་དེ་མངོན་པར་རྟོགས་པའི་རྒྱན་ལས་རྙེད་པར་ཤེས་པར་འགྱུར་བས་འདི་ལས་འོས་མེད་དོ། །ལྔ་པ་དགོངས་འགྲེལ་གྱི་བསྟན་བཅོས་ཇི་ལྟར་བྱུང་བའི་ཚུལ་ནི། ཐོག་མར་འཕགས་པ་ཐོགས་མེད་ཀྱིས་མ་ཕམ་པ་ལས་མདོ་དང་བསྟན་བཅོས་དངོས་སུ་གསན་པ་ལ་བརྟེན་ནས་དེ་ཉིད་རྣམ་ངེས་མཛད་དོ། །དེའི་རྗེས་སུ་སློབ་དཔོན་དབྱིག་གཉེན་གྱིས་སེམས་ཙམ་གྱི་གྲུབ་མཐའ་ལ་བརྟེན་ནས་ཉི་ཁྲི་གཞུང་འགྲེལ་མཛད་ལ། དེ་ཉིད་བོད་དུ་མ་འགྱུར་རོ། །ཁ་ཅིག་དབྱིག་གཉེན་གྱིས་མཛད་པའི་ཡུམ་གསུམ་གནོད་འཇོམས་འདི་ཉི་ཁྲི་གཞུང་འགྲེལ་ཡིན་པར་འདོད་དེ། ལོ་ཆེན་གྱི་ཞལ་ནས་པཎྜི་ཏ་འགའ་ཞིག་ང་ལ་གཞུང་འགྲེལ་ཡོད་ཟེར་ནས་བལྟས་པས། འབུམ་ཊཱིཀ་ཏུ་སོང་ནས། འདི་འབུམ་ཊཱིཀ་ཡིན་བྱས་པས་དེ་ག་གཞུང་འགྲེལ་ཡིན་ཟེར་རོ། །དེའི་རྗེས་སུ་འཕགས་པ་གྲོལ་སྡེས་དབུ་མའི་གྲུབ་མཐའ་དང་སྦྱར་བ་ཉི་ཁྲི་སྣང་བ་མཛད། དེའི་འོག་ཏུ་བཙུན་པ་གྲོལ་སྡེས་ཉི་ཁྲི་དང་སྦྱར་བའི་ཉི་ཁྲི་རྣམ་འགྲེལ་མཛད་དོ། །དེའི་འོག་ཏུ་སློབ་དཔོན་གྱིས་ཉི་ཁྲི་སྣང་བ་ལ་བརྟེན་ནས་ཐོག་མར་ཉི་ཁྲིའི་རྒྱན་དུ་གཟིགས་ཏེ་ཉི་ཁྲི་དང་སྦྱར་བའི་ལེའུ་བརྒྱད་མ་མཛད། དེའི་འོག་ཏུ་བརྒྱད་སྟོང་པའི་རྒྱན་དུ་གཟིགས་ཏེ། བརྒྱད་སྟོང་འགྲེལ་ཆེན་མཛད། དེའི་འོག་ཏུ་ཡུམ་གསུམ་ཆར་གྱི་རྒྱན་དུ་གཟིགས་ཏེ། ཡུམ་གསུམ་གྱི་ལུང་ཁུངས་ཙམ་དང་སྦྱར་ཞིང་རང་གི་འདོད་པ་མདོར་བསྡུས་ཏེ་སྟོན་པ་འགྲེལ་ཆུང་དོན་གསལ་མཛད་དོ། །འདི་གསུམ་བརྩམས་པའི་གོ་རིམ་ནི་པཎྜི་ཏ་དག་གིས་རྣམ་གཞག་གཞན་དུ་འཆད་པ་མང་ཡང་། ཉི་ཁྲི་སྣང་བ་གཞིར་གཞག་པ་ན་དེ་དང་མཐུན་པ་དང་། ཕལ་ཆེར་མཐུན་པ་དང་། ཕལ་ཆེར་མི་མཐུན་པར་འདུག་པས་རང་གི་གྲུབ་མཐའ་ལོགས་སུ་འཇོག་མི་ནུས་པ་དང་། ཅུང་ཟད་འཇོག་ནུས་པ་དང་། རང་ཁོ་ནའི་འདོད་པ་ལ་གཙོ་བོར་བྱེད་པའི་སྐབས་ཏེ། ཤེས་རབ་སྐྱེ་བའི་གོ་རིམ་དང་བསྟུན་ན་དེ་ལྟར་རིགས་སོ། །ཞེས་འབུམ་པ་འཆད་དོ། །སྡུད་འགྲེལ་གསར་མ་ནི་བལ་པོ་ལོ་ཙཱ་དང་། པུཎྱཱ་ཤྲཱི་ནི་འགྲེལ་ཆེན་དང་སྒྲས་སྒྲོས་མཐུན་པས་སློབ་དཔོན་གྱིས་མཛད་པ་ཡིན་གསུངས་ཤིང་། འབུམ་པ་དང་། མ་ཧཱ་ནི་སྒྲས་སྒྲོོས་མི་མཐུན་པས་མ་ཡིན་པར་མཛད། འབྲེས་ནི་སློབ་དཔོན་གྱིས་འགྲེལ་པ་བརྩམས་ལུགས་དང་མཐུན་པས་སློབ་མ་རྗེས་འབྲང་ཞིག་གིས་མཛད་པ་ཡིན་གསུང་། དེའི་རྗེས་སུ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མདོ་སྡུད་པའི་འགྲེལ་པ་མཛད་དོ། །དེའི་རྗེས་སུ་ཤཱནྟི་པས་ཉི་ཁྲི་དང་སྦྱར་བའི་འགྲེལ་པ་དག་ལྡན། བརྒྱད་སྟོང་པ་དང་སྦྱར་བའི་སྙིང་པོ་མཆོག ཤེར་ཕྱིན་གྱི་མན་ངག་སྟེ་གསུམ་མཛད། འདི་སློབ་དཔོན་ལ་འགྲན་རྙོག་པའི་པཎྜི་ཏ་ཡིན་པས་ཉི་ཁྲི་ལེའུ་བརྒྱད་མ་མ་དག་པ་དང་། བརྒྱད་སྟོང་འགྲེལ་ཆེན་ལ་སྙིང་པོ་མེད་པ་དང་། འགྲེལ་ཆུང་ལ་མན་ངག་མེད་པ་ཡིན་ཞེས་ཟུར་ཟ་བར་གྲགས་སོ། །ཡང་སློབ་དཔོན་གྱི་འགྲེལ་ཆུང་ལ། གསེར་གླིང་པ་དང་། ཤེར་འབྱུང་བློ་གྲོས་དང་། ཀུ་ལེནྟ་དང་། རཏྣ་ཀཱིརྟི་རྣམས་ཀྱིས་འགྲེལ་བཤད་མཛད་དོ། །དེའི་འོག་ཏུ་ཨ་བྷ་ཡ་ཀ་རས་བརྒྱད་སྟོང་པ་དང་སྦྱར་བའི་གནད་ཀྱི་ཟླ་འོད་དང་། བུདྡྷ་ཤྲཱིས་ཤེས་རབ་སྒྲོན་མའི་ཕྲེང་བ་རྣམས་མཛད་དོ། །བཞི་པ་སྐབས་སུ་བབ་པ་བསྟན་བཅོས་ཀྱི་དོན་དངོས་ལ་འཇུག་པ་ལ་གསུམ་སྟེ། བརྗོད་བྱ་ཤེར་ཕྱིན་ལ་འཇུག་པའི་ཡན་ལག་མཆོད་བརྗོད། རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འགྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་ནི་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཏེ། འདི་ལ་གསུམ་སྟེ། འཕགས་པས་ཇི་ལྟར་ཕྱེ་བའི་ཚུལ། སློབ་དཔོན་གྱིས་ཇི་ལྟར་བཀྲལ་བའི་ཚུལ། གནད་ཀྱི་དོན་ངོས་གཟུང་བའོ། །དང་པོ་ནི། ཉིར་སྣང་དུ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་འདི་ནི་དེའི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་བཤད་སྦྱར་དུ་བྱའོ་སྙམ་པས་རྣམ་པར་དགྲོལ་བར་བྱའོ་ཞེས་མངོན་པར་རྟོགས་པའི་རྒྱན་གྱི་བཤད་པ་འདི་སྦྱར་བར་དམ་བཅས་པ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་པ་ནས་བྱ་བ་རྩོམ་པའི་དགོས་པ་ཡིན། ཞེས་དེ་ལྟར་ཕྱག་འཚལ་བ་ཉེ་བར་བཀོད་པའི་ཚིགས་སུ་བཅད་པས་ཡང་དག་པར་མཚོན་པའི་དོན་འདི་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཅི་མངོན་པར་རྟོགས་པའི་རྒྱན་གཞི་བསྡུས་པས་སམ། འོན་ཏེ་གཉེན་པོ་བསྡུས་པས་སམ། དེ་སྟེ་རྣམ་པ་བསྡུས་པས་རྒྱན་དུ་བྱེད་པ་ཡིན་ཞེས་བྱ་བ་འདི་བརྗོད་པར་བྱ་བ་ཡིན་ནོ། །དེ་ལས་ཀྱང་ཅིར་འགྱུར་ཞེ་ན། ཕྱོགས་དང་པོ་ལྟར་ན་ནི་འབད་པ་དོན་མེད་པ་ཡིན་ནོ། །ཞེས་སོགས་གསུངས་སོ། །འདི་ལ་དངོས་བསྟན། ཤུགས་བསྟན། འཕྲོས་དོན་གསུམ་ལས། དང་པོ་ནི་འཕགས་པའི་གང་ཟག་ཅེས་སོགས་ཏེ། མཆོད་བརྗོད་ཀྱི་ཚིག་རྐང་དང་པོ་གསུམ་པོས་མཁྱེན་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་བརྗོད་ཅིང་། བཞི་པས་དེ་སྔོན་དུ་འགྲོ་བས་ཤེར་ཕྱིན་ལ་ཕྱག་འཚལ་བ་ནི་དངོས་བསྟན་ནོ། །གཉིས་པ་ནི་དེའི་མངོན་པར་རྟོགས་པའི་རྒྱན་གྱི་ཞེས་སོགས་ཏེ། ཤེར་ཕྱིན་དེའི་མངོན་པར་རྟོགས་པའི་རྒྱན་བརྩམ་པར་དམ་བཅས་པ་ནི་ཤུགས་བསྟན་ནོ། །གསུམ་པ་ལ། ཤུགས་བསྟན་ལས་འཕྲོས་ནས་དགོས་པ་གང་ཡིན། བརྗོད་བྱ་གང་ཞིག་བསྡུས་པས་རྒྱན་དུ་བྱེད་ཅེ་ན། དང་པོའི་ལན་དུ་དགོས་འབྲེལ་གྱི་གཞུང་འདོན། གཉིས་པ་ལ་བསྟན་བཅོས་ཀྱི་བརྗོད་བྱ་ལ་གཞི་གཉེན་རྣམ་གསུམ་གང་རུང་དུ་ངེས་པས་གཞི་ཁོ་ན་བརྗོད་བྱར་བསྡུས་པས་མངོན་པར་རྟོགས་པའི་རྒྱན་དུ་བྱེད་དམ། གཉེན་པོ་ཁོ་ན་བརྗོད་བྱར་བསྡུས་པས་སམ། རྣམ་པ་ཁོ་ན་བརྗོད་བྱར་བསྡུས་པས་རྒྱན་དུ་བྱེད། གསུམ་ག་ལ་ཕྱོགས་དང་པོ་ལྟར་ན་ནི་ཞེས་སོགས་ཀྱི་སྐྱོན་གནས་སོ་ཞེས་པ་ནི་བརྒལ་བ་ཡིན་ལ། གཞི་གཉེན་རྣམ་པའི་ཕྱོགས་གསུམ་ཆར་བརྗོད་བྱར་བསྡུས་པས་སྐྱོན་མེད་ཅེས་པ་ནི་ལན་ནོ། །གང་དག་ཉིར་སྣང་དང་འགྲེལ་ཆེན་གཉིས་ལས། བརྒལ་ལན་གྱི་གཞུང་འདི་རྣམས་དགོས་འབྲེལ་གྱི་འོག་ཏུ་འབྱུང་བས་དགོས་འབྲེལ་གྱི་འགྲེལ་པ་ཡིན་ཞེས་སྨྲ་བ་ནི་འདི་འདྲ་བའི་འཆད་ཚུལ་མ་ཤེས་པའི་སྐྱོན་ནོ། །གཉིས་པ་སློབ་དཔོན་གྱིས་ཇི་ལྟར་བཀྲལ་པའི་ཚུལ་ནི་རྒྱན་གྱིས་མདོ་འཆད་པའི་ཚེ་ན་ཡང་བཤད་ཐབས་ཀྱི་མན་ངག་ལྔ་ཚང་ཞིང་དེ་ལ་བརྟེན་ནས་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མདོ་དོན་འཆད་པ་ལ་བཤད་ཐབས་ཀྱི་མན་ངག་ལྔ་གསུངས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་གྱིས་ཀྱང་མངོན་པར་རྟོགས་པའི་རྒྱན་བཤད་ཐབས་ཀྱི་མན་ངག་ལྔའི་སྒོ་ནས་བཤད་པར་བཞེད་པ་ལས། ཐོག་མར་མཆོད་བརྗོད་ལ་ལྔ་ཆར་སྦྱར་ནས། དགོས་འགྲེལ་མན་ཆེད་ལ་མཚམས་སྦྱར་དང་། ཚིག་དོན་ཙམ་ཞིག་སྦྱར་ཞིང་། སྐབས་འགའ་ཞིག་ཏུ་བརྒལ་ལན་སྦྱར་བ་ཡང་ཡོད་དོ། །དེ་ལ་གཞོན་ནུ་ཚུལ་ཁྲིམས་ཀྱིས་འཕགས་པ་བྱམས་པ་ཞེས་སོགས་ཀྱིས་མཆོད་བརྗོད་ཀྱི་གླེང་བསླང་བར་བྱས་ནས་རྩ་བའི་ངག་ལ་རང་ཉིད་ཀྱིས་བཤད་ཐབས་ཀྱི་མན་ངག་ལྔ་སྦྱར་བ་ནི་མི་འཐད་དེ། སློབ་དཔོན་ཉིད་ཀྱི་འགྲེལ་པ་ལ་བཤད་ཐབས་ཀྱི་མན་ངག་ལྔ་ངོས་གཟུང་དགོས་པའི་ཕྱིར་རོ། །དེས་ན་དགོས་པའི་དབང་གིས་མཚམས་སྦྱར་ཐོག་མར་སྨོས་པ་ནི་འཕགས་པ་བྱམས་པ་རང་ཉིད་ཅེས་སོགས་ཏེ། མཚམས་སྦྱར་སྔ་འགྲེལ་དུ་བཀོད་པ་ནི་འགྲེལ་པ་འདིའི་ལུགས་ཡིན་པའི་ཕྱིར་དང་། མཚམས་སྦྱར་གྱི་དོན་གོ་རིམ་སྔ་ཕྱི་མི་འགལ་བར་བསྟན་པ་ལ་འཆད་དགོས་ཤིང་། གཞུང་འདིས་བསྟན་བཅོས་ཀྱི་གོ་རིམ་ལ་མཆོད་བརྗོད་དང་པོར་བསྟན་པའི་དགོས་པ་བཤད་པའི་ཕྱིར་ཏེ། རེ་ཞིག་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཞེས་སོགས་བཤད་པའི་ཕྱིར་རོ། །ཡན་ལག་ཕྱི་མ་བཞི་ལ་སྔོན་གྱི་མཁས་པ་ཕལ་ཆེར་ཚིགས་སུ་བཅད་པ་འདིས་ནི་ཞེས་སོགས་ཀྱིས་དགོས་དོན། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་ཞེས་སོགས་ཀྱིས་བསྡུས་དོན། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་སོགས་ཀྱིས་ཚིག་དོན། དེ་ལྟར་ཕྱག་འཚལ་བ་དང་ཞེས་སོགས་ཀྱིས་བརྒལ་ལན་བསྟན་པར་བཞེད་དོ། །ཊཱཱི་ཀར། ཚིགས་སུ་བཅད་པ་འདིས་ནི་ཞེས་སོགས་ཀྱིས་བསྡུས་དོན། དེ་ཐོས་ནས་ཞེས་སོགས་ཀྱིས་དགོས་དོན། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་ཞེས་སོགས་ཀྱིས་ཡུམ་ལ་བསྟོད་པའི་རྒྱུ་མཚན་བསྟན་ཅིང་ལྷག་མ་གཉིས་སྔར་བཤད་པ་དང་འདྲ་བར་བཞེད་དོ། །ཁ་ཅིག་བསྡུས་དོན་དགོས་དོན་ཚིག་དོན་གསུམ་དེ་དང་འདྲ་བ་ལས། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་ཞེས་སོགས་ཀྱིས་བརྒལ་ལན་བསྟན་ཅིང་དེ་ལྟར་ཕྱག་འཚལ་བ་དང་ཞེས་སོགས་དགོས་འབྲེལ་གྱི་མཚམས་སྦྱར་ལ་སྦྱོར་བར་སྨྲའོ། །དེ་ནི་མི་རིགས་ཏེ། གོ་རིམ་དང་མི་མཐུན་པ་དང་། ཚིག་སྦྱོར་དང་མི་མཐུན་པ་དང་། བརྒལ་ལན་གོ་ལོག་པའི་སྐྱོན་དང་གསུམ་ལས། དང་པོ་ནི། མཚམས་སྦྱར་ཐོག་མར་སྨོས་པ་ལ་ནི་དགོས་པ་ཡོད་ཅིང་། གཞན་བཞི་པོ་གོ་རིམ་དཀྲུགས་པ་ལ་དགོས་པ་མེད་པས་བསྡུས་དོན་ཐོག་མར་སྨོས་ན། དབྱིག་གཉེན་གྱིས་གསུངས་པའི་གོ་རིམ་དང་མི་མཐུན་པའི་སྐྱོན་གནས་སོ། །གཉིས་པ་ནི་འདིར་བཤད་ཐབས་ཀྱི་མན་ངག་ཕྱི་མ་བཞི་པོ་རེ་རེའི་མཇུག་ཏུ་རྫོགས་ཚིག་རེ་འབྱུང་བ་ལས་ཕུལ་དུ་བྱུང་བ་དང་ལྡན་པར་བརྗོད་དོ། །ཅེས་པའི་ཚིག་དེ་འོག་མ་འདྲེན་པའི་ཚིག་ཡིན་གྱི་རྫོགས་ཚིག་མ་ཡིན་པས་ཡན་ལག་ལོགས་སུ་སྟོན་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་ནོ། །གསུམ་པ་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་ཞེས་སོགས་ལ་བརྒལ་ལན་གྱི་དོན་མི་གནས་ཤིང་། དེ་ལྟར་ཕྱག་འཚལ་བ་དང་ཞེས་སོགས་དགོས་འགྲེལ་གྱི་མཚམས་སྦྱར་ཡིན་པ་གོང་དུ་བཀག་ཟིན་པས་མཆོད་བརྗོད་ཀྱི་བརྒལ་ལན་ལས་འོས་མེད་པས་བཟློག་སྟེ་སྨྲ་བ་མི་འཐད་དོ། །གལ་ཏེ་བརྒལ་ལན་གྱི་དོན་གནས་ཏེ་མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་ལ་བསྟོད་ནས་ལུས་ཀྱི་སྐབས་སུ་མངོན་པར་རྟོགས་པ་བརྒྱད་བརྗོད་བྱར་བྱས་པ་ལ་རྒོལ་བའི་སྐྱོན་སྤོང་བའི་ཕྱིར་རོ་ཞེ་ན། དེ་ཡང་མི་འཐད་དེ། སྐབས་འདིའི་བརྒལ་ལན་ནི་མཆོད་བརྗོད་ཁོ་ནའི་བརྒལ་ལན་དུ་འགྱུར་བ་ཅིག་དགོས་པ་ལས། དེ་ནི་མཆོད་བརྗོད་དང་། ལུས་གཉིས་ཆར་གྱི་བརྒལ་ལན་དུ་སོང་འདུག་པའི་ཕྱིར་དང་། གཞུང་གཞན་རྣམས་ཀྱི་ཐོག་མར་ཡང་དེ་དང་ཆ་འདྲ་བའི་དོགས་པ་རེ་བསླད་དུ་ཡོད་པས་བརྒལ་ལན་ཐུག་མེད་དུ་ཐལ་བའི་ཕྱིར་རོ། །དེས་ན་སློབ་དཔོན་གྱི་དགོངས་པ་ནི་ལུགས་དང་པོ་ཉིད་ཡིན་པས། འདི་ལ་ཡན་ལག་ངོས་གཟུང་བ་དང་། དཀའ་བའི་གནས་ལ་དཔྱད་པ་གཉིས་ལས། དང་པོ་ནི། ཚིགས་སུ་བཅད་པ་འདིས་ནི་ཞེས་སོགས་ཀྱིས་དགོས་དོན་བསྟན་ཏེ། དེ་ཐོས་ནས་ཞེས་པ་ཡན་ཆད་ཀྱིས་མཆོད་བརྗོད་ངག་གི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ཀ་དང་བ་སྐྱེ་བའི་དམིགས་རྐྱེན་བསྟན་ནས་དེ་མན་ཆད་ཀྱིས་དང་བ་སྐྱེ་ཚུལ་སོ་སོར་བསྟན་པའི་ཕྱིར་རོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཞེས་སོགས་ཀྱིས་བསྡུས་དོན་བསྟན་ཏེ། དགོས་པའི་དོན་བསྡུས་དོན་ལས་རྟོགས་པར་གསུངས་ཤིང་། གང་ཟག་གཉིས་པོ་དང་བ་ལ་བརྟེན་ནས་ཡུམ་ལ་འཇུག་དགོས་ན་ཡུམ་ཇི་ལྟ་བུ་ལ་འཇུག་སྙམ་ན་མངོན་པར་རྟོགས་པ་བརྒྱད་བསྡུས་པར་བྱེད་པའི་མཁྱེན་གསུམ་ལ་འཇུག་དགོས་ཞེས་བསྟན་པའི་ཕྱིར་རོ། །ཉན་ཐོས་ཞེས་སོགས་ཀྱིས་ཚིག་དོན་བསྟན་པའི་ཚུལ་ལ་ནི་གོ་སླ་བར་ཟད་དོ། །དེ་ལྟར་ཕྱག་འཚལ་བ་དང་ཞེས་སོགས་ཀྱིས་བརྒལ་ལན་བསྟན་ཏེ། འདི་ནི་སྔོན་གྱི་མཁས་པ་ཕལ་ཆེར་ཡང་བཞེད་ཅིང་། མཁས་གྲུབ་གཡག་གི་བཞེད་པ་ཡང་ཡིན་ནོ། །གཉིས་པ་དཀའ་བའི་གནས་ལ་དཔྱད་པ་ལ་གསུམ་སྟེ། གསུམ་གྱིས་བརྒྱད་བསྡུས་ཚུལ་དང་། བརྒལ་བ་དང་ལན་གྱི་ཚུལ་དང་། ལམ་ཤེས་ཀྱི་མདོ་ལ་དཔྱད་པའོ། །དང་པོ་ནི། རྔོག་ལོ་ཆེན་པོས་མཁྱེན་གསུམ་རྒྱ་ཆེ་བའམ་ཐུན་མོང་བ་ཡིན་ཞིང་སྦྱོར་བཞི་དང་ཆོས་སྐུ་རྒྱ་ཆུང་བའམ་ཐུན་མོང་མ་ཡིན་པ་ཡིན་པས། རྒྱ་ཆེ་བས་རྒྱ་ཆུང་བ་བསྡུས་པའམ། ཐུན་མོང་བས་ཐུན་མོང་མ་ཡིན་པ་བསྡུས་པའི་ཚུལ་གྱིས་བསྡུས་ཞེས་བཞེད། འབྲེ་ཆེན་པོས་དེ་བཀག་ནས། མཁྱེན་གསུམ་རང་བཞིན་དང་། སྦྱོར་བཞི་དང་ཆོས་སྐུ་གནས་སྐབས་ཡིན་པས་རང་བཞིན་གྱིས་གནས་སྐབས་བསྡུས་པའི་ཚུལ་གྱིས་བསྡུས་སོ་ཞེས་བཞེད། ཨར་གྱིས་དེ་བཀག་ནས་མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་པོ་དེ་སྡུད་བྱེད་ཀྱི་མཁྱེན་གསུམ་ཡིན་པས། དེས་སྦྱོར་བཞི་དང་ཆོས་སྐུ་བསྡུས་པར་བཞེད། གཞོན་ནུ་ཚུལ་ཁྲིམས་ཀྱིས་དེ་བཀག་ནས་འབྲེའི་བཞེད་པ་རང་ལུགས་སུ་མཛད། ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས་འཕགས་བཞིའི་མངོན་རྟོགས་ལ་མཁྱེན་གསུམ་དུ་བཞག་པ་ནི་མཁྱེན་གསུམ་སྤྱིས་བསྡུས། སྦྱོར་བཞི་ལམ་ཤེས་ཀྱིས་བསྡུས། ཆོས་སྐུ་རྣམ་མཁྱེན་གྱིས་བསྡུས་ཞེས་གསུང་ངོ་། །དེ་རྣམས་ཀྱི་ནང་ནས་འབྲེའི་བཞེད་པ་ལ་གསུམ་གྱིས་བརྒྱད་བསྡུས་པར་མ་སོང་བར་ལྔ་བསྡུས་པར་སོང་བས་སྐྱོན་དང་བཅས་པ་ཡིན་ཀྱང་རང་བཞིན་གྱིས་གནས་སྐབས་བསྡུས་པ་ལ་ནི་དོན་ལ་གནས་པའི་ཆ་ཤས་ཡོད་ཅིང་རྒྱ་ཆེ་བས་རྒྱ་ཆུང་བ་བསྡུས་པ་ལ་ནི་དེ་དང་འདྲའོ། །སློབ་དཔོན་གྱི་དགོངས་པ་ནི་འདི་ཡིན་ཏེ། མཆོད་བརྗོད་ཀྱི་ཚིག་རྐང་དང་པོ་གསུམ་གྱིས་བསྟན་པའི་མཁྱེན་གསུམ་ནི་སྡུད་བྱེད་ཀྱི་མཁྱེན་གསུམ་དང་། ལུས་ཀྱི་མངོན་རྟོགས་བརྒྱད་པོ་བསྡུ་བྱར་འཇོག་པ་ནི་སྐབས་ཀྱི་དོན་ཡིན་པས་སྡུད་བྱེད་དེས་ལུས་ཀྱི་མཁྱེན་གསུམ་མཚན་ཉིད་ཀྱི་སྒོ་ནས་བསྡུས་ཏེ། ལུས་ཀྱི་མཁྱེན་གསུམ་དེ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ལྡོག་པ་ནས་བསྟན་པས་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྣམ་རྫོགས་སྦྱོར་བ་ནི་སྦྱོར་བའི་སྒོ་ནས་བསྡུས་ཏེ། རྣམ་རྫོགས་སྦྱོར་བ་དེ་མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །རྩེ་སྦྱོར་རབ་ཀྱི་སྒོ་ནས་བསྡུས་སྟེ། རྩེ་སྦྱོར་དེ་མཁྱེན་གསུམ་གྱི་སྦྱོར་བ་རབ་ཏུ་གྱུར་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །མཐར་གྱིས་པ་གོ་རིམ་གྱི་སྒོ་ནས་བསྡུས་ཏེ། མཐར་གྱིས་པ་དེ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །སྐད་ཅིག་མ་མཐར་ཐུག་པའི་སྒོ་ནས་བསྡུས་ཏེ། སྐད་ཅིག་མ་དེ་མཁྱེན་གསུམ་གྱི་སྦྱོར་བ་མཐར་ཐུག་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཆོས་སྐུ་རྣམ་སྨིན་གྱི་སྒོ་ནས་བསྡུས་ཏེ། ཆོས་སྐུ་དེ་མཁྱེན་གསུམ་གྱི་སྦྱོར་བ་སྒོམ་པའི་རྣམ་སྨིན་མཐར་ཐུག་ཡིན་པའི་ཕྱིར། བསྡུས་ཚུལ་གཞན་རྣམས་ནི་སྡུད་བྱེད་ཀྱི་མཁྱེན་གསུམ་དེས་མངོན་རྟོགས་དང་པོ་གསུམ་པོ་སོ་སོར་བསྡུས་ཤིང་། རྣམ་རྫོགས་སྦྱོར་བ་མན་ཆད་རེ་རེ་ཡང་མཁྱེན་པ་གསུམ་ཆར་གྱིས་བསྡུས་དགོས་པའི་གནད་མ་རྟོགས་པའི་ཅལ་ཅོལ་དུ་སྣང་ངོ་། །འདི་སློབ་དཔོན་གྱི་དགོངས་པ་འཆད་པའི་སྐབས་ཡིན་ལ། མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་སོགས་ཀྱི་འགྲེལ་པར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ཡིན་ནོ་ཞེས་པ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པར་སྨིན་པ་ཡིན་ནོ། །ཞེས་པའི་བར་གྱི་འགྲེལ་པ་དེ་མཐོང་ན་སློབ་དཔོན་གྱི་དགོངས་པ་ཡིན་མིན་གྱི་རྩོད་པ་མི་འབྱུང་ངོ་། །ཕྱི་མ་ཁ་ཅིག གསུམ་གྱིས་བརྒྱད་བསྡུས་པའི་ཤེས་བྱེད་དུ་གསུམ་ལ་བསྟོད་པར་བཞེད་ནས་བརྒྱད་ལ་བསྟོད་པར་མི་བཞེད་པའི་གང་ཟག་མི་སྲིད་པའི་ཕྱིར་རོ། །ཞེས་སྨྲ་བ་ནི། གསེར་གྱི་ཨ་ལོང་དང་ཆོས་མཚུངས་ཏེ་གསུམ་ལ་བསྟོད་པས་བརྒྱད་ལ་བསྟོད་པར་འགྱུར་བའི་ཤེས་བྱེད་དུ་གསུམ་གྱིས་བརྒྱད་བསྡུས་པ་བཀོད་ནས་སླར་ཡང་དེའི་ཤེས་བྱེད་དུ་གསུམ་ལ་བསྟོད་པས་བརྒྱད་ལ་བསྟོད་པ་བཀོད་འདུག་པས་ཟད་རྒྱུ་མི་འདུག་པའི་ཕྱིར་རོ། །གཉིས་པ་བརྒལ་ལན་གྱི་ཚུལ་ལ་དཔྱད་པ་ནི་ཁ་ཅིག མཁྱེན་གསུམ་བརྗོད་བྱར་བྱས་པའི་བསྟན་བཅོས་རྩོམ་ན་ཞེས་པ་དང་། གཞན་དག་དེ་བཀག་ནས་མཁྱེན་གསུམ་བརྗོད་བྱར་བྱས་པར་ཡིད་དཔྱོད་ཀྱིས་ངེས་པའི་གང་ཟག་གིས་མཁྱེན་གསུམ་བརྗོད་བྱར་བྱས་པའི་རྒྱན་རྩོམ་ན་ཞེས་སོགས་ཀྱིས་འཕྲོས་བྱེད་པ་ནི་མི་འཐད་དེ། ཉིར་སྣང་དུ། མཆོད་བརྗོད་ཀྱི་ཤུགས་ལ་མཁྱེན་གསུམ་གྱི་རྒྱན་རྩོམ་པར་དམ་བཅས་པར་གསུང་གི་བརྗོད་བྱར་བྱས་པའི་རྒྱན་རྩོམ་པར་དམ་བཅས་པར་མ་གསུང་བའི་ཕྱིར་དང་། གལ་ཏེ་གསུངས་ན་གཞི་ཁོ་ན་བརྗོད་བྱར་བྱེད་དམ་ཞེས་སོགས་ཀྱི་དོགས་པ་སྐྱེ་བའི་དོན་མེད་པའི་ཕྱིར་རོ། །ཁ་ཅིག་གཞི་ཁོ་ན་བརྗོད་བྱར་བསྡུས་པའི་སྒོ་ནས་གཞི་ཤེས་ཀྱི་རྒྱན་དུ་བྱེད་དམ་ཞེས་སོགས་ཀྱི་དོགས་པ་གསུམ་བཀོད་པ་ཡང་མི་འཐད་དེ། མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་གྱི་རྒྱན་རྩོམ་པར་དམ་བཅས་བཞིན་དུ་མཁྱེན་གསུམ་རེ་རེ་བ་ཁོ་ནའི་རྒྱན་དུ་བྱེད་དམ་ཞེས་དོགས་པ་སྐྱེ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །འཐད་པའི་ཕྱོགས་ངོས་གཟུང་བ་ལ་གང་ལ་རྩོད་པའི་ཡུལ། གང་གིས་རྩོད་པའི་གང་ཟག ཇི་ལྟར་རྩོད་པའི་ཚུལ། ལན་གྱི་དོན་ངོས་གཟུང་བ་དང་བཞི་ལས། དང་པོ་ནི་མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་གྱི་རྒྱན་རྩོམ་པར་ཤུགས་ལ་དམ་བཅས་པ་ལའོ། །གཉིས་པ་ནི་མཁྱེན་གསུམ་གྱི་རྒྱན་རྩོམ་པར་ངེས་ཀྱང་གཞི་གཉེན་རྣམ་གསུམ་གང་བརྗོད་བྱར་བྱེད་མ་ངེས་ཤིང་སྤྱིར་བསྟན་བཅོས་ཀྱི་བརྗོད་བྱ་དེ་གསུམ་དུ་ངེས་པའི་གང་ཟག་གིས་སོ། །གསུམ་པ་ནི་གཞི་ཁོ་ན་བསྡུས་པས་མཁྱེན་གསུམ་གྱི་རྒྱན་རྩོམ་མམ། དེ་བཞིན་དུ་ལམ་ཁོ་ན་དང་། རྣམ་པ་ཁོ་ན་བསྡུས་པས་མཁྱེན་གསུམ་གྱི་རྒྱན་རྩོམ། གསུམ་པོ་གང་ཁས་བླངས་ཀྱང་གཞུང་ནས་བཀོད་པའི་སྐྱོན་གསུམ་ཡོད་དོ་ཅེས་པའོ། །བཞི་པ་ནི་སྐྱོན་དེ་དག་མེད་དེ། གཞི་གཉེན་རྣམ་པ་གསུམ་ཆར་གྱི་བརྗོད་བྱར་བསྡུས་པའི་སྒོ་ནས་མཁྱེན་གསུམ་གྱི་རྒྱན་རྩོམ་པའི་ཕྱིར་རོ། །ཞེས་པའོ། །འདི་ལ་འཕགས་སེང་གཉིས་ཆར་དགོངས་པ་གཅིག་པར་སྣང་ཞིང་། སློབ་དཔོན་གྱིས་དེ་ལྟར་ཕྱག་འཚལ་བ་དང་ཞེས་པའི་ཚིག་ཙམ་དང་། ཡུམ་བསྡུས་པ་དང་། རྒྱས་པའི་ལུང་ཁུངས་གཉིས་བསྣན་པ་ཙམ་མ་གཏོགས་གཞན་འགྲེལ་པ་གཉིས་ཁྱད་པར་མི་སྣང་ངོ་། །གསུམ་པ་ལམ་ཤེས་ཀྱི་མདོའི་དོན་ལ་དཔྱད་པ་ལ། ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ་ཞེས་པ་ལ་བརྟེན་ནས་བྱང་སེམས་ཀྱིས་བསྐྱེད་བྱ་དང་ཤེས་བྱའི་ལམ་ངོས་འཛིན་དགོས་པ་ནི་སྐབས་གཉིས་པར་འབྱུང་ངོ་། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་ཞེས་པ་ལ་བརྟེན་ནས་ཉན་རང་གི་སྤང་རྟོགས་རྫོགས་པའི་ཚད་ལ། ཁ་ཅིག་ས་བརྒྱད་པ་ནས་རྫོགས་པར་འདོད་པ་ནི་སེམས་ཙམ་པའི་གྲུབ་མཐའ་དང་འདྲེས་པའི་སྐྱོན་ཡིན་ཞིང་། གཞན་དག་སངས་རྒྱས་མ་ཐོབ་ཀྱི་བར་དུ་མ་རྫོགས་པར་འདོད་པ་ནི་ཀུན་བཏུས་སུ་ཅིག་ཆར་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་ངོ་། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་པའི་སྐབས་ཀྱི་སྒྲིབ་གཉིས་དང་། ལུགས་འདིའི་ཐུན་མོང་མ་ཡིན་པའི་སྒྲིབ་གཉིས་ཀྱི་ངོས་འཛིན་མ་ཕྱེད་པའི་གཏམ་མོ། །དེས་ན་སེམས་ཙམ་པའི་ལུགས་ལ་ཉན་རང་གི་སྤང་རྟོགས་ས་བརྒྱད་པ་ནས་རྫོགས་ཏེ། དེར་ཉོན་ཡིད་སྤངས་པའི་ཕྱིར་དང་། མདོར་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་སེམས་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ་ཞེས་པའི་བཟོད་པ་དེ་ས་བརྒྱད་པ་ལ་ངོས་འཛིན་པའི་ཕྱིར་ཏེ། གནོད་འཇོམས་སུ། བཟོད་པ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཐུགས་རྗེའི་ཤེས་རབ་ཆེ་བར་བསྟན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དགྲ་བཅོམ་པའི་ལམ་གྱི་འབྲས་བུའི་ཤེས་པ་རྣམས་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམས་ནི་ས་བརྒྱད་པ་ལ་ཞུགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཙམ་ཉིད་ཀྱིས་མཐར་ཐུག་པར་འགྱུར་ཏེ། དེ་དག་གི་ཤེས་པ་དང་སྤོང་བ་ནི་བཟོད་པ་དེ་ལས་ལྷག་པ་མེད་དོ། །དེ་ཕན་ཆད་དུ་ནི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མེད་དེ་ཅེས་དང་། སྙིང་པོ་མཆོག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཟག་པ་མེད་པར་ཤེས་པ་ནི་བཟོད་པའོ། །དེ་ཐོབ་པར་འགྱུར་བ་ནི་ས་བརྒྱད་པ་སྟེ་ཞེས་གསུངས་པས་སོ། །དབུ་མ་པའི་ལུགས་ལ་ས་དང་པོ་ནས་རྫོགས་ཏེ། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལ་ཉན་རང་གི་མཐོང་སྒོམ་གཉིས་ཆར་གྱི་ནུས་པ་ཚང་བས་མཐོང་ལམ་རྣམ་གྲོལ་ལམ་གྱི་སྐབས་སུ་ཉན་རང་གི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་མ་ལུས་པར་སྤངས་ཟིན་པའི་ཕྱིར་རོ། །འཕགས་སེང་གཉིས་ཀྱང་འདི་ཉིད་བཞེད་དེ། ཉིར་སྣང་དུ་སྔར་བཤད་པའི་བཟོད་པའི་ངོས་འཛིན་དུ་བཟོད་པ་དེ་ཡང་གང་ཞེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །འདི་གང་ལས་ཤེས་ཞེ་ན་ལམ་གཞན་ཁྱད་ཡོད་པ་ཡིན་ན། རིགས་དང་། དབང་པོ་དང་། ཚོགས་ཁྱད་ཞུགས་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱིས་རྟོགས་པའི་བྱེད་པ་མ་ལུས་པར་འདུས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ་ནི་དེའི་བཟོད་པ་ཡིན་གྱི་རྟོགས་པའི་ཚད་འདི་ཙམ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ་ཞེས་གསུངས་པ་འདི་མངོན་རྟོགས་རྒྱན་གྱི་དགོངས་པ་འགྲེལ་བ་ལ་ཚད་མ་ཡིན་ནོ། །འགྲེལ་ཆེན་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ཞེས་བྱ་བའི་ཆོས་ལ་དམིགས་པའི་བཟོད་པའམ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པའོ། །ཞེས་སོ། །ལུགས་འདི་ལ་མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་རྟོགས་པ་རྫོགས་ཤིང་རྣམ་གྲོལ་ལམ་གྱི་དུས་སུ་སྤངས་པ་རྫོགས་ཞེས་པ་འཐད་པར་སྣང་སྟེ། བར་ཆད་མེད་ལམ་གྱི་དུས་སུ་ཉན་རང་གི་ལམ་གྱིས་ཇི་ཙམ་རྟོགས་པ་རྟོགས་ཤིང་ཇི་ཙམ་སྤངས་པ་སྤོང་ནུས་པའི་ཕྱིར་དང་། རྣམ་གྲོལ་ལམ་གྱི་དུས་སུ་ཇི་ཙམ་སྤངས་པ་སྤངས་ཟིན་པའི་ཕྱིར་རོ། །བྱང་སེམས་འཕགས་པས་ཉོན་སྒྲིབ་སྤངས་ཟིན་པར་གསུངས་པ་ཡང་དོན་འདི་ལ་གནས་ཏེ། གཞན་ངོར་བྱང་སེམས་འཕགས་པ་འཇོག་པའི་ཚེ་སྡུག་བསྔལ་ལ་ཆོས་བཟོད་སྐྱེས་ཟིན་པའི་ཕྱིར་རོ། །ད་དུང་སྦྱོར་ལམ་གྱི་གནས་སྐབས་སུ་འཆད་པར་འགྱུར་བ་ལས་ཀྱང་རྟོགས་པར་འགྱུར་ཏེ། འདིར་ཤེར་ཕྱིན་གྱི་མདོར་རྣམ་ཤེས་ཚོགས་དྲུག་ལས་མ་བཤད་ཅིང་། མངོན་རྟོགས་རྒྱན་དང་རྒྱུད་བླར་ཡང་ཚོགས་དྲུག་ལས་གཞན་པའི་ཉོན་ཡིད་ཁས་མི་ལེན་པའི་དབང་དུ་བྱས་ནས་ས་དང་པོ་ནས་ཉན་རང་གི་སྤང་རྟོགས་རྫོགས་པར་བཞད་པ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པའོ། །སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། ཞེས་སོགས་ལ་བརྟེན་ནས་སྨོན་ལམ་རྫོགས་པའི་ཚད་ནི་མདོ་སྡེ་རྒྱན་དུ། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་དཔའ་འདུན་དང་བཅས་པའོ། །ཞེས་དང་། བྱང་སར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། །ཞེས་པ་ལྟར་ཐེག་ཆེན་སེམས་བསྐྱེད་ཀྱི་ནུས་པ་ཡོངས་སུ་རྫོགས་པའོ། །སེམས་ཅན་སྨིན་པ་ནི་སྤང་བྱ་མཐོང་སྤང་དངོས་སུ་སྤོང་བ་དང་གཉེན་པོ་མཐོང་ལམ་དངོས་སུ་སྐྱེ་རུང་ཡིན་ལ། རང་ཉིད་སྤྲུལ་སྐུར་སངས་རྒྱ་བའི་འཁོར་གྱི་ཐོག་མ་དེ་དེ་ལྟར་དུ་བྱས་པ་ནི་སྨིན་པར་བྱས་པའི་ཚད་དེ། རྒྱན་དུ། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་དཔྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཅེས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་ཚད་ནི་རང་སྣང་ལ་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་བ་སྟེ། ཞིང་དག་སྦྱོར་གྱི་ནུས་པ་མཐར་ཐུག་པའོ། །འདི་གསུམ་ཆ་མཐུན་པ་ས་བདུན་པ་མན་ཆད་དུ་ཉམས་སུ་ལེན་པ་ཡང་ཡོད་མོད་ཀྱི། རྗེས་ཐོབ་ཀྱི་གནས་སྐབས་སུ་འདི་གསུམ་གྱི་ཉམས་ལེན་རྒྱུན་མ་ཆད་པར་འབྱུང་བ་ནི་ས་བརྒྱད་པ་ནས་འཇོག་གོ །དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱའོ་ཞེས་པ་ལ་བརྟེན་ནས། ཡང་དག་མཐའ་ངོས་གཟུང་ཞིང་དེ་མངོན་དུ་བྱས་པའི་ཚད་ལ། ཡང་དག་མཐའ་ནི་སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་དེ། འཇུག་འགྲེལ་དུ། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་སྟེ་འདིར་སྤྲོས་པ་མཐའ་དག་འགག་པར་འགྱུར་བའི་ཕྱིར་རོ་ཞེས་དང་། དབུས་མཐར། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་རྟོགས་པ་ཙམ་གྱིས་མངོན་དུ་བྱས་པར་ནི་མི་འཇོག་སྟེ། ཚོགས་སྦྱོར་དུ་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཡོད་ཅིང་། ས་བཅུའི་མཉམ་གཞག་རྣམས་སུ་མངོན་སུམ་དུ་རྟོགས་པ་ཡོད་ཀྱང་དེ་མ་བཀག་པའི་ཕྱིར་རོ། །མཉམ་པར་བཞག་པ་ཙམ་གྱིས་ཀྱང་མངོན་དུ་བྱས་པར་མི་འཇོག་སྟེ། ངོས་སྐལ་གྱི་སྒྲིབ་པ་སྤོང་བའི་ཚེ་དག་སར་ཡང་མཉམ་པར་བཞག་དགོས་པའི་ཕྱིར་ཏེ། མདོ་སྡེ་ས་བཅུ་པར། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ཞེས་གསུངས་པའི་ཕྱིར། འོ་ན་ཇི་ལྟར་སྙམ་ན་ཆོས་གསུམ་མ་བྱས་པར་མངོན་དུ་བྱས་པའི་ཚད་ནི། དག་སར་སྒྲིབ་པ་སྤོང་བ་སོགས་ཀྱི་དགོས་པ་མེད་བཞིན་དུ་ཡུན་རིང་དུ་མཉམ་པར་བཞག་པས་དུས་དེ་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་ཆད་པར་འགྱུར་བའོ། །འདི་ལ་མདོ་སྡེ་ས་བཅུ་པར། དུས་དེ་ཉིད་ཀྱི་ཚེ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་ཤིང་། དེའི་དོན་འཕགས་པས་རེ་ཞིག་སེམས་ཅན་གྱི་དོན་རྒྱུན་ཆད་པས་དགོངས་པ་ཅན་གྱི་མྱང་འདས་སུ་གསུངས་སོ། །ཆོས་གསུམ་བྱས་ནས་མངོན་དུ་བྱས་པའི་ཚད་ནི། ཆོས་གསུམ་རྫོགས་པར་བྱས་པས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་། འདི་ལ་དུས་རྟག་ཏུ་མཉམ་པར་བཞག་པ་སྟེ། ཐུགས་མཉམ་པར་མ་བཞག་པ་མི་མངའ་བའི་མ་འདྲེས་པ་གསུངས་པ་དང་གནད་གཅིག་གོ །བསོད་ནམས་བསགས་པའི་གདུལ་བྱ་རྣམས་ལ་ཕན་ཐོགས་པར་གྱུར་ཅིག གསུམ་པ་གནད་ཀྱི་དོན་ངོས་གཟུང་བ་ལ་གསུམ་སྟེ། བརྗོད་བྱའི་གཙོ་བོ་བྱང་སེམས་ཀྱི་མངོན་རྟོགས་སུ་བསྟན་པའི་སྒོ་ནས་བསྟན་བཅོས་ལུས་ཀྱི་ཉམས་ལེན་ལ་སྦྱར་བ་དང་། དེའི་འབྲས་བུ་སངས་རྒྱས་ཀྱི་སའི་མངོན་རྟོགས་སུ་བསྟན་པའི་སྒོ་ནས་མདོའི་དགོས་པ་ལ་སྦྱར་བ་དང་། དེའི་འབྲས་བུ་འཕགས་བཞིའི་མངོན་རྟོགས་སུ་བསྟན་པའི་སྒོ་ནས་མདོའི་གླེང་གཞི་ལ་སྦྱར་བའོ། །དང་པོ་ལ་གཉིས་ཏེ། དོན་ངོས་གཟུང་བ་དང་། ཤེས་བྱེད་དགོད་པའོ། །དང་པོ་ནི། མཆོད་བརྗོད་ཀྱི་ཚིག་རྐང་དང་པོས་བྱང་སེམས་ཀྱི་རྒྱུད་ཀྱི་གཞི་སྐྱེ་མེད་དུ་རྟོགས་པའི་རྟོགས་པ་བསྟན་ཏེ། བྱང་སེམས་ཀྱི་རྒྱུད་ཀྱི་རྟོགས་རིགས་དེ་བསྟན་པས་ཉན་ཐོས་ཞི་བ་ཚོལ་བ་རྣམས་རྟོགས་རིགས་དེ་ཉམས་སུ་བླངས་པས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་མཛད་པའི་ཕྱིར་རོ། །ཚིག་རྐང་པ་གཉིས་པས་ནི་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་སྐྱེ་མེད་དུ་རྟོགས་པའི་རྟོགས་པ་བསྟན་ཏེ། རྟོགས་རིགས་དེ་རང་གིས་ཉམས་སུ་བླངས་ཤིང་བྱང་སེམས་ཀྱི་རིགས་ཅན་གཞན་ལ་ཡང་བསྟན་པས་འགྲོ་བ་ལ་ཕན་པར་བྱེད་པའི་བྱང་སེམས་རང་གཞན་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་པའི་ཕྱིར་རོ། །ཚིག་རྐང་གསུམ་པས་ནི་བྱང་སེམས་ཀྱི་རྒྱུད་ཀྱི་རྣམ་པ་སྐྱེ་མེད་དུ་རྟོགས་པའི་རྟོགས་པ་བསྟན་ཏེ། རྟོགས་རིགས་དེ་རང་གིས་ཉམས་སུ་བླངས་པས་རྟོགས་པ་མཐར་ཐུག་པ་གང་དང་ཡང་དག་ལྡན་པས་ཐུབ་པ་རྣམས་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཀུན་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་གསུངས་པ་འདི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་བྱང་སེམས་ཀྱི་རྒྱུད་ཀྱི་སྐྱེ་མེད་གསུམ་རྟོགས་པའི་རྟོགས་པ་དེ་སངས་རྒྱས་ཀྱི་ནི་ཡུམ་ཞེས་བྱ་སྟེ། རང་སྲས་སངས་རྒྱས་འཕགས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེས་ན་ཕྱག་འཚལ་ལོ། །ཞེས་པ་ནི་སྐྱེད་བྱེད་ཀྱི་ཡུམ་དང་འབྲེལ་ལོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའོ། །གཉིས་པ་ཤེས་བྱེད་འགོད་པ་ལ་རྩ་བའི་དགོངས་པར་བསྟན་པ། འཕགས་པའི་དགོངས་པར་བསྟན་པ། སློབ་དཔོན་གྱི་དགོངས་པར་བསྟན་པ། གཞུང་གཞན་གྱི་དགོངས་པར་བསྟན་པ་དང་བཞི་ལས། དང་པོ་ནི། བསྟན་བཅོས་རྩ་བར་སྐབས་དང་པོ་གསུམ་གྱི་མཁྱེན་གསུམ་དང་། མཆོད་བརྗོད་ཀྱི་སྐབས་ཀྱི་མཁྱེན་གསུམ་གནད་གཅིག་པར་བཞེད་ནས་ལུས་ཀྱི་སྐབས་སུ་ཡང་ཐུབ་པའི་ཞེས་དང་། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི་ཞེས་དང་། ཉན་ཐོས་ལ་སོགས་པ་ཞེས་མཆོད་བརྗོད་ཀྱི་སྐབས་ཀྱི་རྟེན་གྱི་གང་ཟག་དང་སྦྱར་བ་མཛད་ཅིང་། དེ་ཉིད་བྱང་སེམས་ཀྱི་སྒོམ་བྱར་བསྡུ་བའི་ཚེ་ན་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་བསྡུས་ནས་མཁྱེན་གསུམ་གྱི་སྦྱོར་བ་གསུམ་གྱིས་བསྒོམ་པར་སྐབས་བཞི་པར་བཤད་ཅིང་། དེ་ལ་རྟོགས་པ་རབ་ཏུ་གྱུར་པ་རྩེ་སྦྱོར་ཡིན་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདི་ཉིད་ཀྱིས་བྱང་སེམས་ཀྱི་རྒྱུད་ཀྱི་མངོན་རྟོགས་སུ་བསྟན་པའི་ཚེ་བསྟན་བཅོས་ལུས་ཀྱི་ཉམས་ལེན་ལ་སྦྱར་བ་ཡང་འབད་མེད་དུ་ཤེས་པར་འགྱུར་རོ། །བཤད་ཚུལ་འདི་ལ་རྣམ་མཁྱེན་དང་གཞི་ཤེས་ཀྱི་རྟེན་གྱི་གང་ཟག་ནི་རྟོགས་རིགས་ཀྱི་དབང་དུ་བྱས་པར་འཆད་དགོས་སོ། །གཉིས་པ་ནི། ཉིར་སྣང་དུ། མཆོད་བརྗོད་ཀྱི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལུས་ཀྱི་སྐབས་སུ་དངོས་པོ་བརྒྱད་ཀྱི་སྒོ་ནས་བཤད་པར་གསུངས་ཤིང་། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་པར་ཡང་གསུངས་པས་ན་བྱང་སེམས་ཀྱི་རྒྱུད་ཀྱི་སྐྱེ་མེད་གསུམ་རྟོགས་པའི་རྟོགས་པ་དེས་འཕགས་པ་བཞི་ཆར་གྱི་རྟོགས་རིགས་བསྡུས་པའི་དོན་དུ་བཞེད་ཅིང་དེ་ཉིད་བསྟན་བཅོས་ལུས་ཀྱི་མངོན་རྟོགས་བརྒྱད་ཀྱི་ཉམས་ལེན་དང་ཁྱད་པར་མེད་པར་བཞེད་དོ། །གསུམ་པ་ནི་འགྲེལ་ཆུང་ལས། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ནས་ཞེས་པ་ཡང་བྱང་སེམས་ཀྱི་རྒྱུད་ཀྱི་སྐྱེ་མེད་གསུམ་རྟོགས་པའི་རྟོགས་པ་ལ་བཞེད་དེ། དེ་གསུམ་ཆར་གྱིས་ཐོག་མར་སངས་རྒྱས་སྐྲུན་པར་བཤད་པའི་ཕྱིར་དང་། དེ་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པར་བཤད་པས་བསྟན་བཅོས་ལུས་ཀྱི་ཉམས་ལེན་བསྡུས་པར་བཤད་པའི་ཕྱིར་རོ། །བཞི་པ་ནི། མདོ་སྡེ་རྒྱན་དང་རྒྱུད་བླ་གཉིས་ཆར་དུ་ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱི་མ་དང་། བསམ་གཏན་གྱི་མངལ་དང་། སྙིང་རྗེའི་མ་མ་བཞི་ལས་སངས་རྒྱས་ཀྱི་རྒྱལ་ཚབ་ནུས་པའི་བྱང་སེམས་འཕགས་པ་སྐྱེ་བར་གསུངས་པའི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མ་དེ་འདིར་བསྟན་པའི་སྐྱེ་མེད་གསུམ་རྟོགས་པའི་རྟོགས་པ་དེ་ཉིད་ཡིན་ཏེ། ཚོགས་སྦྱོར་གྱི་གནས་སྐབས་སུ་དེ་གསུམ་ཉམས་སུ་བླངས་པས་ས་དང་པོའི་བྱང་སེམས་འབྱུང་ཞིང་། འཕགས་པའི་གནས་སྐབས་སུ་དེ་གསུམ་ཉམས་སུ་བླངས་པ་ལས་སངས་རྒྱས་འཕགས་པ་འབྱུང་བའི་ཕྱིར་རོ། །མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་ཡང་འདི་ཉིད་ཡིན་ཏེ། གཞན་དོན་མངོན་དགའི་བདག་ཉིད་ཅན། །དཔའ་བོ་དག་ནི་ཐམས་ཅད་ཀྱི། །གསོ་མཛད་བསྐྱེད་པར་མཛད་པ་སྟེ། །ཁྱོད་ནི་བྱམས་མའི་ཡུམ་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་མཆོད་བརྗོད་ཀྱི་མཁྱེན་པ་གསུམ་པོ་བྱང་སེམས་ཀྱི་རྒྱུད་ཀྱི་རྟོགས་རིགས་ལ་སྦྱར་ཞིང་སངས་རྒྱས་ཀྱི་ཡུམ་དུ་འཇོག་པའི་ཚེ་སྐྱེད་བྱེད་ཀྱི་ཡུམ་དུ་འཇོག་པ་འདི་ནི་བསྟན་བཅོས་ལུས་ཀྱི་བརྗོད་བྱའི་གཙོ་བོར་སྣང་ཞིང་དེས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་ཚུལ་ནི་བཤད་ཟིན་ཏོ། །གཉིས་པ་དེའི་འབྲས་བུ་སངས་རྒྱས་ཀྱི་སའི་མངོན་རྟོགས་ལ་སྦྱར་བའི་སྒོ་ནས་མདོའི་དགོས་པ་ལ་སྦྱར་བ་ལ་གསུམ་སྟེ། དོན་ངོས་གཟུང་བ། མདོའི་དགོས་པར་འགྱུར་ཚུལ། དེ་ལ་ཤེས་བྱེད་འགོད་པའོ། །དང་པོ་ནི། ཚིག་རྐང་དང་པོས་སངས་རྒྱས་ཀྱི་སའི་གཞི་སྐྱེ་མེད་དུ་རྟོགས་པའི་རྟོགས་རིགས་བསྟན་ཏེ། སྒྲུབ་བྱེད་གཞུང་དང་སྦྱར་བ་ནི་སྔར་དང་འདྲའོ། །ཚིག་རྐང་གཉིས་པས་ནི་སངས་རྒྱས་ཀྱི་སའི་ལམ་སྐྱེ་མེད་དུ་རྟོགས་པའི་རྟོགས་པ་བསྟན་ཏེ། རྟོགས་རིགས་དེ་གདུལ་བྱ་བྱང་སེམས་ཀྱི་རིགས་ཅན་ལ་བསྟན་པས་འགྲོ་བ་ལ་ཕན་པར་བྱེད་པའི་བྱང་སེམས་རྣམས་ཀྱིས་རྟོགས་རིགས་དེ་ཉམས་སུ་བླངས་པས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་པའི་ཕྱིར་རོ། །ཚིག་རྐང་གསུམ་པས་ནི་སངས་རྒྱས་ཀྱི་སའིརྣམ་མཁྱེན་བསྟན་ཏེ། རྣམ་མཁྱེན་རང་ཉིད་གང་དང་ཡང་དག་པར་ལྡན་པས་སོགས་སོ། །དེ་ལྟ་བུའི་མཁྱེན་པ་གསུམ་ནི་སངས་རྒྱས་ཀྱི་བཞད་དོན་སྒྲུབ་བྱེད་ཀྱི་ཡུམ་ཡིན་པས་དེ་ལ་ཕྱག་འཚལ་བའོ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་ནི་སངས་རྒྱས་ཀྱི་ཁྱད་ཆོས་ལ་སྦྱར་བ་སྔར་དང་འདྲའོ། །གཉིས་པ་ནི། དེ་ལྟར་ན་གཞུང་འདིས་མདོའི་དགོས་པ་བསྟན་ཏེ། མདོའི་དགོས་པ་མཐར་ཐུག་པ་ནི་མཁྱེན་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ལྡན་པའི་འབྲས་བུ་ཤེར་ཕྱིན་ཡིན་པའི་ཕྱིར་རོ། །གསུམ་པ་ལ་སྔར་ལྟར་བཞི་ལས། དང་པོ་རྩ་བའི་དགོངས་པ་ཡིན་པ་ནི་རྩ་བར་ཐོབ་བྱའི་འབྲས་བུ་མཐར་ཐུག་མཆོད་བརྗོད་ཀྱི་ཡུལ་དུ་བྱས་ནས་དེ་ཐོབ་པར་བྱེད་པའི་ཐབས་སུ་མངོན་པར་རྟོགས་པ་བརྒྱད་བཤད་པ་ལས་མཁྱེན་གསུམ་ཐོས་བསམ་གྱི་ཡུལ་དུ་བྱས། སྦྱོར་བཞིས་ཉམས་སུ་བླངས་པ་ལས་འབྲས་བུ་ཆོས་སྐུ་ཐོབ་པའི་ཚེ་ན་ཕྲིན་ལས་ཉི་ཤུ་རྩ་བདུན་བྱེད་པ་དེ་འབྱུང་ཞིང་། དེ་ལྟ་བུའི་ཕྲིན་ལས་ཀྱི་བདག་རྐྱེན་དུ་གྱུར་པའི་མངོན་པར་རྟོགས་པ་དེ་ཡང་མཆོད་བརྗོད་ཀྱི་སྐབས་ནས་འབྱུང་བའི་མཁྱེན་པ་གསུམ་པོ་དེ་ཉིད་ཡིན་ནོ་ཞེས་བསྟན་ཏེ། རྒྱུད་བླར། ཐོག་མར་དཀོན་མཆོག་གསུམ་དང་མཇུག་ཏུ་ཕྲིན་ལས་སྨོས་པ་དང་འདྲའོ། །གཉིས་པ་འཕགས་པའི་དགོངས་པ་ཡིན་པ་ནི་ཉིར་སྣང་དུ་དང་པོར་བསྟན་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་གསུངས་པས། མཆོད་བརྗོད་ཀྱི་སྐབས་སུ་འབྲས་བུ་ཤེར་ཕྱིན་བསྟན་པར་ཡང་བཞེད་དེ། བསྟན་བཅོས་ཀྱི་ཐོག་མར་བསྟན་པའི་མཆོད་བརྗོད་ཀྱི་ཡུལ་དང་། མངོན་རྟོགས་བརྒྱད་ཀྱི་ཐོག་མར་བསྟན་པའི་རྣམ་མཁྱེན་དང་། དྲུག་གི་ཐོག་མར་བསྟན་པའི་མཚན་ཉིད་རྣམས་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་འབྲས་བུ་ཐོག་མར་བསྟན་པར་བཞེད་པའི་ཕྱིར་རོ། །གསུམ་པ་སློབ་དཔོན་གྱི་དགོངས་པ་ཡིན་པ་ནི། བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ཞེས་དང་། དེའི་ཕྱིར་བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ཞེས་པ་རྣམས་ཀྱིས་འབྲས་བུའི་ཆར་གྱུར་པའི་མཁྱེན་གསུམ་དེ་བསྟན་པའི་ཕྱིར་དང་། འགྲེལ་ཆེན་དུ། དེའི་ཕྱིར་དེ་དང་འབྲེལ་བ་གཟུགས་བརྙན་དང་འབྲེལ་བ་རྣམ་པ་གསུམ་ཀ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཅེས་ངེས་པར་བཟུང་བ་སྟེ་གཙོ་བོ་ལས་དབང་དུ་བྱས་པའོ། །དེ་རྣམས་ཀྱིས་ནི་མ་ཡིན་ཏེ་འདི་མེད་ན་མི་འབྱུང་བས་བྱང་ཆུབ་གསུམ་ཀའི་དབང་དུ་བྱས་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་གཞུང་གཞན་གྱི་དགོངས་པ་ཡིན་པ་ནི། ཀླུ་སྒྲུབ་ཀྱིས། འཕགས་མ་ཡོན་ཏན་ཕྱུག་ཁྱོད་དང་། །སངས་རྒྱས་འགྲོ་བའི་བླ་མ་རྣམས། །ཁྱད་པར་ཡོད་པར་མ་ཁུམས་ཏེ། །ཟླ་བ་དང་ནི་ཟླ་འོད་བཞིན། །ཞེས་དང་ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དེའི་འབྲས་བུ་འཕགས་བཞིའི་མངོན་རྟོགས་སུ་བསྟན་པའི་སྒོ་ནས་མདོའི་གླེང་གཞི་ལ་སྦྱར་བ་ལ་གསུམ་སྟེ། དོན་ངོས་གཟུང་བ། གླེང་གཞི་ལ་ཇི་ལྟར་སྦྱར་བའི་ཚུལ། དེ་ལ་ཤེས་བྱེད་འགོད་པའོ། །དང་པོ་ནི། ཚིག་རྐང་དང་པོས་ཐེག་དམན་འཕགས་པའི་རྒྱུད་ཀྱི་གཞི་ཤེས་དང་། གཉིས་པས་བྱང་སེམས་འཕགས་པའི་རྒྱུད་ཀྱི་ལམ་ཤེས་དང་། གསུམ་པས་སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་བསྟན་ཏེ། གཞུང་ལ་སྦྱར་བ་ནི་གོ་སླ་སྟེ། དེའི་ཚེ་ཕྱག་འཚལ་བའི་ཡུལ་ནི་འཕགས་པ་སོ་སོའི་མཁྱེན་པ་གསུམ་ལ་འཇོག་པ་མ་ཡིན་གྱི། གང་དང་ཞེས་པའི་ཚིག་དེ་ཕྱག་འཚལ་བའི་ཡུལ་གྱི་ཡུམ་དང་འབྲེལ་བས་སངས་རྒྱས་ཀྱི་ཡུམ་གང་དང་ཡང་དག་པར་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པའི་སངས་རྒྱས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ཞེས་འབྲེལ་བའི་ཕྱིར་རོ། །སངས་རྒྱས་དེ་ཇི་ལྟ་བུ་ཞེ་ན། ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ཚོགས་དང་། བྱང་ཆུབ་སེམས་དཔའི་འཁོར་ཚོགས་དང་བཅས་པའི་སྤྲུལ་པའི་སྐུའོ་ཞེས་པའི་དོན་ཏེ། གླེང་གཞི་ལ་སྦྱར་བའི་སྐབས་སུ་རྒྱས་པར་འབྱུང་ངོ་། །དེས་ན་བཤད་ཚུལ་དང་པོ་ལ་སངས་རྒྱས་ཀྱི་སྐྱེད་བྱེད་ཀྱི་ཡུམ་དང་། ཕྱི་མ་གཉིས་ལ་སངས་རྒྱས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ལ་ཕྱག་འཚལ་ཞེས་པར་འགྱུར་བས། ཕྱག་གི་ཡུལ་ནི་སངས་རྒྱས་ཀྱི་ཡུམ་ཁོ་ན་སྟེ། འདིར་བསྟན་བཅོས་ལུས་ཀྱི་བརྗོད་བྱའི་གཙོ་བོ་དང་མཐར་ཐུག་གི་འབྲས་བུ་ལ་ཕྱག་འཚལ་བའི་སྐབས་ཡིན་པའི་ཕྱིར། ཐེག་དམན་གྱི་རྒྱུད་ཀྱི་གཞི་ཤེས་ནི་འདིར་ཕྱག་འཚལ་བའི་ཡུལ་མ་ཡིན་ཏེ། བསྟན་བཅོས་འདིའི་གདུལ་བྱའི་གཙོ་བོ་ཐེག་དམན་གྱི་ལམ་ལ་འཇུག་པ་སྤངས་ནས་ཐེག་ཆེན་གྱི་ལམ་ལ་འཇུག་པའི་ཆེད་དུ་ལམ་རེ་རེའི་སྐབས་སུ་ཡང་ཐེག་དམན་གྱི་ལམ་ལས་ཁྱད་པར་འཕགས་ཚུལ་རེ་རེ་བསྟན་པའི་ཕྱིར་རོ། །འོ་ན་ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ་ཞེས་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་སློབ་ལམ་གྱི་གནས་སྐབས་སུ་རང་ཉིད་ཀྱི་སྒྲིབ་པ་སྦྱང་ཞིང་ཚོགས་རྫོགས་པའི་ཆེད་དུ་མཆོད་འོས་ཀུན་ལ་ཕྱག་འཚལ་བ་ཡིན་པས་འདི་དང་འདྲ་བ་མ་ཡིན་ནོ། །གཉིས་པ་ནི་མདོ་གཞན་དང་ཐུན་མོང་གི་གླེང་གཞི་ལ་སྦྱར་བ་དང་། ཤེར་ཕྱིན་གྱི་ཐུན་མོང་མ་ཡིན་པའི་གླེང་གཞི་ལ་སྦྱར་བ་གཉིས་ལས། དང་པོ་ནི་དགེ་སློང་ལྔ་སྟོང་ཙམ་དང་ཐབས་ཅིག་སྟེ། འདི་ལྟ་སྟེ། ཚེ་དང་ལྡན་པ་འོད་སྲུང་དང་། ཞེས་སོགས་དང་། སྐྱེ་དགུའི་བདག་མོ་ལ་སོགས་པའི་དགེ་སློང་མ་དང་། གཟུགས་ཅན་སྙིང་པོ་ལ་སོགས་པའི་དགེ་བསྙེན་དང་། ས་ག་མ་ལ་སོགས་པའི་དགེ་བསྙེན་མ་སྟེ། འཁོར་རྣམ་བཞི་སྟོན་པའི་མདོ་རྣམས་ཀྱིས་རྟེན་བསྟན། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་སོགས་ཉན་ཐོས་ཀྱི་ཡོན་ཏན་བཅོ་ལྔ་གསུངས་པ་རྣམས་ཀྱིས་འབྲས་བུ་ཉེར་ཞི་གཉིས་བསྟན། རྟེན་དེས་འབྲས་བུ་དེ་ཐོབ་པ་ཡང་ཀུན་ཤེས་ཉིད་ལ་བརྟེན་ནས་ཐོབ་པ་ཡིན་ནོ་སྙམ་དུ་བྱམས་པས་དགོངས་ནས་རྟེན་ནི་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་དང་། ཐབས་ནི་ཀུན་ཤེས་ཉིད་ཅེས་དང་། འབྲས་བུ་ནི་ཉེར་ཞི་ཞེས་པས་བསྟན་ནོ། །དེས་ན་འདི་ལ་རང་སངས་རྒྱས་ཉན་ཐོས་ཀྱི་ཕྱོགས་སུ་བསླན་ནས་བསྟན་མི་དགོས་ཏེ། རྟེན་གྱི་གང་ཟག་དེ་རྣམས་ཉན་ཐོས་ཡིན་ཞིང་རང་སངས་རྒྱས་ཀྱི་རིགས་ཅན་སྤྲུལ་སྐུའི་འཁོར་དུ་ཡོད་པ་རྣམས་ཀྱང་ཉན་ཐོས་ཀྱི་ཁོངས་སུ་འདུས་པའི་ཕྱིར་རོ། །འོ་ན་ཞི་བ་ཚོལ་རྣམས་ཞེས་དང་། ཉེར་ཞིར་ཁྲིད་པར་མཛད་ཅེས་པ་དང་འགལ་ཏེ། རྟེན་དེ་རྣམས་ཞི་བ་ཐོབ་ཟིན་པའི་ཕྱིར་རོ་སྙམ་ན། དགྲ་བཅོམ་པ་དེ་རྣམས་ཀྱང་སྔར་ཞི་བ་ཚོལ་བའི་ཚེ་ན་ཀུན་ཤེས་ཉིད་ལ་བརྟེན་ནས་ད་ལྟ་ཉེར་ཞི་ཐོབ་པ་ཡིན་པས་ད་ལྟ་ཞི་བ་ཚོལ་བ་རྣམས་ཀྱང་ཀུན་ཤེས་ཉིད་ལ་བརྟེན་ནས་ཉེར་ཞིར་ཁྲིད་པར་བྱེད་དགོས་སོ། །ཞེས་ཤེས་པར་འགྱུར་བས་སྐྱོན་མེད་དོ། །ཡང་བྱང་སེམས་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ཡང་ཐབས་ཅིག་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་ཞེས་སོགས་ཀྱིས་རྟེན་བསྟན། ཐམས་ཅད་ཀྱང་གཟུངས་ཐོབ་པ་མ་ཉམས་པའི་མངོན་ཤེས་ཐོབ་པ་ཞེས་སོགས་ཀྱིས་འབྲས་བུ་བསྟན། རྟེན་དེས་འབྲས་བུ་དེ་ཐོབ་པ་ནི་ལམ་ཤེས་ཀྱི་ཐབས་ལ་བརྟེན་ནས་ཐོབ་པ་ཡིན་ནོ་སྙམ་དུ་བྱམས་པས་དགོངས་ནས་རྟེན་ནི་འགྲོ་ལ་ཕན་པར་བྱེད་རྣམས་ཞེས་དང་། ཐབས་ནི་ལམ་ཤེས་ཉིད་ཅེས་དང་། འབྲས་བུ་ནི་འཇིག་རྟེན་དོན་སྒྲུབ་མཛད་པ་གང་ཞེས་བསྡུས་ཏེ་བསྟན་ཏོ། །འོ་ན་བྱམས་པ་སངས་རྒྱས་ཡིན་པས་འཕགས་པ་སོ་སོའི་མངོན་རྟོགས་ལ་སྦྱར་བའི་ཚེ་ལམ་ཤེས་ཀྱི་རྟེན་གྱི་གང་ཟག་དུ་སྦྱར་བ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། ཤེར་ཕྱིན་གྱི་མདོ་འཆད་པའི་ཚེ་བྱང་སེམས་ཀྱི་ཚུལ་བཟུང་བའི་དབང་དུ་བྱས་པའི་ཕྱིར་རོ། །དེས་ན་སྐབས་འདིའི་ཉན་ཐོས་ཀྱི་དགེ་འདུན་ལ་དོན་ལ་སངས་རྒྱས་ཡིན་ཀྱང་ཉན་ཐོས་ཀྱི་ཚུལ་གཟུང་བ། དོན་ལ་བྱང་སེམས་ཡིན་ཀྱང་ཉན་ཐོས་ཀྱི་ཚུལ་གཟུང་བ། ཉན་ཐོས་རང་རྒྱུད་པ་དང་གསུམ་ཡོད་པས་ཚིག་རྐང་དང་པོས་བསྟན་པའི་གཞི་ཤེས་ལ་ཡང་གསུམ་ཡོད་ཅིང་། བྱང་སེམས་ཀྱི་དགེ་འདུན་ལ་ཡང་དོན་ལ་སངས་རྒྱས་ཡིན་ཀྱང་བྱང་སེམས་ཀྱི་ཚུལ་གཟུང་བ་དང་། བྱང་སེམས་རང་རྒྱུད་པ་གཉིས་ཡོད་པས་ཚིག་རྐང་གཉིས་པས་བསྟན་པའི་ལམ་ཤེས་ལ་གཉིས་ཡོད་དོ། །ཡང་དོན་ལ་བྱང་སེམས་ཡིན་ཀྱང་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་དང་། སངས་རྒྱས་རང་ཉིད་ཀྱིས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་དང་གཉིས་ཡོད་པས་ཚིག་རྐང་གསུམ་པས་བསྟན་པའི་རྣམ་མཁྱེན་ལ་ཡང་གཉིས་ཡོད་པར་ཤེས་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་གླེང་གཞི་དང་སྦྱར་བ་ལ་གསུམ་སྟེ། བཞུགས་ཐབས་བཤམ་པ། ཆོ་འཕྲུལ་བསྟན་པ། ཆོས་བཤད་པའི་དུས་མཁྱེན་པའོ། །དང་པོ་ལ་གཉིས་ཏེ། གདན་སེང་གེའི་ཁྲི་བཤམ་པ་དང་། སྐུ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཉིད་ཀྱིས་བླ་གོས་བཞི་ལྟབ་ཏུ་བྱས་ཏེ་གདན་སེང་གེའི་ཁྲི་བཤམ་པ་མཛད་དོ་ཅེས་པ་སྟེ། ཆོས་འདིའི་གདན་ཙམ་ཡང་གཞན་གྱིས་བཤམས་པར་མི་ནུས་ན་རྟོགས་པ་ལྟ་ཅི་སྨོས་ཞེས་པ་དང་། ཕྱི་མའི་དུས་ན་ཆོས་འཆད་པ་དག་ལ་སྟན་འདིངས་བ་མེད་ན་ཡི་ཆད་པ་བསལ་བར་བྱ་བའི་ཕྱིར་དུ་ཉིད་ཀྱིས་གདན་བཤམ་པར་མཛད་དོ། །གཉིས་པ་ནི་དེ་ལྟ་བུའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་། སྐུ་དྲང་པོར་བསྲངས་ཏེ་དགོངས་པ་མངོན་དུ་མཛད་ནས་བཞུགས་སོ། །སྤྱོད་ལམ་དེ་ལྟ་བུ་བསྟན་པའི་དགོས་པ་ཡང་ཤེར་ཕྱིན་གྱི་མདོའི་དོན་ནི་མཉམ་པར་བཞག་པས་རྟོགས་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པར་འགྲེལ་ཆེན་དུ་བཤད་དོ། །གཉིས་པ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དང་། རྫུ་འཕྲུལ་གྱི་དང་། ཆོས་སྣང་བའི་ཆོ་འཕྲུལ་ལོ། །དང་པོ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོའི་དང་། སེང་གེ་རྣམ་པར་རོལ་པའི་ཆོ་འཕྲུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་གང་གི་ནང་དུ་ཏིང་ངེ་འཛིན་ཐམས་ཅད་འདུས་པར་གྱུར་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཆོ་འཕྲུལ་བསྟན་པའི་གྲངས་བཞི་སྟེ། དང་པོ་ནི་སྐུའི་ཡན་ལག་དང་ཉིང་ལག་ལས་འོད་ཟེར་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་སྟེ་དྲུག འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང་བཅས་པ་ཕྱོགས་བཅུར་བཀྱེ་བས་དྲུག་ཅུ་དྲུག་ཅུ་དང་། གཉིས་པ་ནི་བ་སྤུའི་བུ་ག་ནས་ཀྱང་དེ་ལྟར་བཀྱེ་བ་དང་། གསུམ་པ་ནི་རྣམ་སྨིན་གྱི་འོད་རང་ལུགས་སུ་བཞག་པ་ན་སྟོང་གསུམ་ཁྱབ་པར་བྱེད་པ་མངའ་བ་ལས་ཐུབ་པའི་ཐུན་མོང་མ་ཡིན་པ་གོ་བའི་དོན་དུ་འོད་འདོམ་གང་བར་བྱིན་གྱིས་བརླབས་པ་ཡིན་ཀྱང་དེའི་ཚེ་སྟོང་གསུམ་ཁྱབ་པ་རང་བཞིན་གྱི་འོད་བཀྱེ་བ་དང་། བཞི་པ་ནི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ་སྟོང་གསུམ་ཁྱབ་པར་མཛད་ནས་དེ་ལས་འོད་ཟེར་བྱུང་བའི་རྩེ་མོ་ལ་པདྨའི་སྡོང་པོ་རེ་རེ། དེའི་ལྟེ་བ་ལ་སྤྲུལ་སྐུ་ཤཱཀ་ཐུབ། འདབ་མ་ལ་གནས་པའི་བྱང་སེམས་རྣམས་ལ་ཕར་ཕྱིན་དྲུག་ལས་བརྩམས་པའི་ཆོས་འཆད་པའི་སྣང་བས་ཕྱོགས་བཅུར་ཁྱབ་པའོ། །དེ་ལ་དང་པོ་གསུམ་ལ་བྱང་ཆུབ་ཏུ་ངེས་པར་བྱེད་པའི་འོད་དང་། ཕྱི་མ་ལ་རྒྱལ་བའི་ཡུམ་སྟོན་པའི་སྔ་ལྟས་སུ་གྱུར་པའི་འོད་ཅེས་བྱ་བའོ། །གཉིས་པ་ནི་དེ་ནས་ཡང་བཅོམ་ལྡན་འདས་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ལ་སྙོམས་པར་ཞུགས་པར་གྱུར་ཏོ། །སྙོམས་པར་ཞུགས་ནས་ཆོ་འཕྲུལ་བསྟན་པ་ལ་རྣམ་འགྱུར་དྲུག་དང་། ལྟས་ཆེན་པོ་བཅོ་བརྒྱད་དང་། ཕྱོགས་འགྱུར་བ་ཟུང་དུ་བསྡེབས་ན་དྲུག བརྐྱང་ན་བཅུ་གཉིས་ལ་སོགས་པས་སྣོད་བཅུད་ཀྱི་ཞིང་སྦྱང་བ་དང་། ཆོས་ཉན་པའི་སྣོད་དུ་བྱེད་པའོ། །དེ་ལ་རྣམ་འགྱུར་དྲུག་ནི། གཡོས་པ་དང་། འགུལ་བ་དང་། ལྡེག་པ་དང་། འཁྲུག་པ་དང་། ཆེམ་པ་དང་། འུར་བ་སྟེ་དྲུག དེ་རྣམས་ཉིད་ལ་ཆུང་ངུ་འབྲིང་ཆེན་པོའི་བྱེ་བྲག་གིས་གསུམ་གསུམ་དུ་བཞག་པས། ལྟས་ཆེན་པོ་བཅོ་བརྒྱད་དོ། །དེ་དག་ཀྱང་ཕྱི་སྣོད་ཀྱི་འཇིག་རྟེན་སྔར་སྦྱང་བ་མ་བྱས་པ་དང་ཅུང་ཟད་སྦྱང་བ་བྱས་པའི་དབང་དུ་བྱས་ནས་དང་པོ་གཉིས་བཞག སེམས་ཅན་གྱི་འཇིག་རྟེན་ལ་ངན་སོང་དུ་སྐྱེས་པ་དང་། ང་རྒྱལ་དང་ལྡན་པ་དང་། ལྷ་སྣ་ཚོགས་ལ་མོས་པ་དང་། རྟོགས་པ་དང་ལྡན་པ་བཞི་ཡོད་པས། དེ་དག་ངན་སོང་ནས་ཐོན་པ་དང་། ང་རྒྱལ་ཆག་པ་དང་། ལྷར་སྐྱེ་བ་དང་། ཤེས་རབ་ཀྱི་རྟོགས་པ་ཆེར་འགྲོ་བའི་དབང་དུ་བྱས་ནས་ལྡེག་པ་ལ་སོགས་པ་བཞི་གསུངས་ཏེ། གནས་མི་གཙང་བ་དང་། ཉན་པ་པོ་སྣོད་དུ་མི་རུང་བ་རྣམས་ལ་ཡུམ་བསྟན་པར་མི་བྱའོ་ཞེས་གོ་བའི་དོན་དུ་འགྲེལ་པ་དག་གིས་བཤད་དོ། །ཕྱོགས་འགྱུར་བ་ཟུང་དུ་བསྡེབས་ན་དྲུག་དང་། བརྐྱང་ན་བཅུ་གཉིས་ནི་དྲུག་པོ་དེ་དག་ལ་གཡོས་གཡོས་ཞེས་པ་གཉིས་གཉིས་ཡོད་པས་སོ། །གཉིས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་གཉིས་ཏེ། སྤྲུལ་པའི་ཆོ་འཕྲུལ་དང་། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ལོ། །དང་པོ་ལ་གདུལ་བྱའི་ང་རྒྱལ་བཅག་པའི་དོན་དུ་སྐུ་ཁྱད་པར་དུ་འཕགས་པར་བསྟན་པ་དང་། ཞུམ་པ་བསལ་བའི་དོན་དུ་སྐུ་ཐ་མལ་པར་བསྟན་པ་དང་། ཆགས་སྡང་ཅན་དུ་འཛིན་པ་སྤོང་བའི་དོན་དུ་ཐམས་ཅད་ཀྱི་མདུན་དུ་མཉམ་པར་བསྟན་པ་དང་གསུམ་མོ། །གཉིས་པ་ལ་དད་པ་ཅན་རྣམས་མཆོད་པ་བྱེད་པ་དང་། སྤྲོ་བར་བྱ་བས་དེ་དག་བསོད་ནམས་སྤེལ་བའི་དོན་དུ་བྱིན་གྱིས་བརླབས་པ་གཉིས་སོ། །གསུམ་པ་ཆོས་སྣང་བའི་ཆོ་འཕྲུལ་ལ་གཉིས་ཏེ། འཇིག་རྟེན་གྱི་ཁམས་རྣམ་པར་བསྟན་པ་དང་། འཁོར་བསྡུས་པའི་ཆོ་འཕྲུལ་ལོ། །དང་པོ་ནི་སྟོན་པ་ལ་བཟང་ངན་ཅན་དུ་འཛིན་པ་སྤང་བའི་ཕྱིར་དུ་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་མཐོང་བར་བྱས་པའོ། །གཉིས་པ་ནི་རིན་ཆེན་ཡོད་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ན་བྱང་སེམས་ཀུན་ཏུ་འོད་ཟེར་ལ་སོགས་པ་སྟན་ལས་ལངས་ཏེ་རང་རང་གི་སྟོན་པ་རིན་ཆེན་འབྱུང་གནས་ལ་སོགས་པ་ལ་ལྟས་ཁྱད་པར་ཅན་གྱི་རྒྱུ་ཞུས་པ་དང་། སྟོན་པས་དེ་ལུང་བསྟན་པ་དང་། ཕྲག་དོག་མེད་པའི་ཐུགས་དགོངས་བཟང་པོ་རིག་ནས་རང་རང་གི་སྟོན་པ་ལ་འཇིག་རྟེན་གྱི་ཁམས་འདིར་འོང་བར་ཞུས་པ་དང་། པདྨོའི་སྐྱེས་བསྐུར་བ་དང་། སྙུན་སྨྲ་བ་དང་། འཇིག་རྟེན་གྱི་ཁམས་འདིར་སྐྱེས་པའི་སེམས་ཅན་མི་སྨད་པ་ལ་སོགས་པའི་གདམས་པ་དང་བཅས་ཏེ་གནང་བ་དང་། གནང་བ་ཐོབ་པ་རྣམས་མཆོད་རྫས་སྟ་གོན་བྱས་ནས་འཇིག་རྟེན་གྱི་ཁམས་འདིར་འོངས་ནས་སྙུན་སྨྲ་བ་དང་། སྐྱེས་འབུལ་བ་དང་། པདྨོ་རྣམས་གང་ནས་འོངས་པའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་སྲས་བཅས་ལ་མཆོད་པའི་ཕྱིར་གཏོར་བས། ཕྱོགས་བཅུའི་འཇིག་རྟེན་དུ་པདྨོའི་ལྟེ་བར་སྤྲུལ་སྐུ་ཤཱཀ་ཐུབ་བཞུགས་ནས་འདབ་མ་ལ་ས་ལ་གནས་པའི་བྱང་སེམས་ཀྱིས་བསྐོར་བ་ལ་ཡུམ་ལས་བརྩམས་པའི་ཆོས་འཆད་པའི་སྣང་བས་ཁྱབ་པ་དང་། ཕྱོགས་བཅུ་ནས་འོངས་པའི་འཁོར་རྣམས་གང་ནས་འོངས་པའི་ཕྱོགས་དང་། སྟེང་འོག་ནས་འོངས་པ་རྣམས་མདུན་རྒྱབ་ཏུ་གནས་པའོ། །གསུམ་པ་ཆོས་བཤད་པའི་དུས་མཁྱེན་པ་ནི་ཉན་པའི་སྐལ་བ་དང་ལྡན་པའི་འཁོར་རྣམས་འཚོགས་པར་མཁྱེན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ལ་སོགས་པའི་འཁོར་ཐམས་ཅད་འདུས་པར་ཐུགས་སུ་ཆུད་པར་གྱུར་ཏོ་ཞེས་པའོ། །དེ་ལ་བྱ་རྒོད་ཕུང་པོའི་རི་ལ་སྟོན་པ་ཉིད་ཀྱི་སྐུ་དང་ལྗགས་ལས་འོད་བཀྱེ་བ་ནས་པདྨོའི་ལྟེ་བ་ལ་སྤྲུལ་པའི་སྐུ་རེ་བཞུགས་པ་དང་། སྤྲུལ་པའི་ཆོ་འཕྲུལ་གྱི་དུས་སུ་སྐུའི་སྣང་བ་དང་། འཇིག་རྟེན་གྱི་ཁམས་བསྟན་པ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་འཁོར་དང་འཁོར་བསྡུས་པས་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐུ་དང་། པདྨོ་ཕྱོགས་བཅུར་གཏོར་བ་ན་ལྟེ་བ་ན་བཞུགས་པའི་སྐུ་སྟེ། སྐུའི་སྣང་བ་ཇི་སྙེད་བྱུང་བ་རྣམས་ཀྱིས་ནི་རྟེན་བསྟན། ཕར་ཕྱིན་དྲུག་དང་ཡུམ་ལས་བརྩམས་པའི་ཆོས་འཆད་པའི་སྣང་བ་རྣམས་ཀྱིས་ནི་འབྲས་བུ་ཆོས་འཁོར་བསྐོར་བ་བསྟན། རྟེན་དེས་འབྲས་བུ་དེ་ཐོབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐབས་ཀྱིས་ཡིན་ནོ་སྙམ་དུ་བྱམས་པས་དགོངས་ནས་རྟེན་ནི་ཐུབ་རྣམས་ཞེས་པ་དང་། ཐབས་ནི་གང་དང་ཡང་དག་ལྡན་པས་ཞེས་དང་། འབྲས་བུ་ནི་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་བསྡུས་ནས་གསུངས་སོ། །གསུམ་པ་ཤེས་བྱེད་འགོད་པ་ལ་བཞི་ལས། དང་པོ་རྩ་བའི་དགོངས་པ་ཡིན་པ་ནི་བསྟན་བཅོས་རྩ་བར་རྣམ་མཁྱེན་ལུས་ཀྱི་ཐོག་མར་ཡོད་བཞིན་དུ་མཆོད་བརྗོད་ཀྱི་སྐབས་སུ་གཞི་ཤེས་དང་པོར་བཤད་པ་འདི་དང་། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་ཞེས་པའི་ཚིག་གིས་སྐབས་འདིར་བསྟན་གྱི་སངས་རྒྱས་དེ་ཉན་ཐོས་ཀྱི་ཚོགས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པར་བསྟན་པ་འདི་དང་། སྐབས་དེར་ཉན་ཐོས་ཀྱི་ཚོགས་དང་། བྱང་ཆུབ་སེམས་པའི་ཚོགས་དང་། སྟོན་པ་སངས་རྒྱས་གསུམ་རིམ་བཞིན་དུ་བསྟན་པ་སྟེ། གནད་འདི་གསུམ་གྱིས་བསྟན་བཅོས་རྩ་བའི་དགོངས་པར་གདོན་མི་ཟའོ། །གཉིས་པ་འཕགས་པའི་དགོངས་པ་ཡིན་པ་ནི། ཉིར་སྣང་དུ། གང་གི་ཕྱིར་གཞུང་སྟོང་ཕྲག་ཉེར་ལྔ་པོ་འདི་རྣམས་ཀྱི་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ་ཡོངས་སུ་རྫོགས་པའི་བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ན་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ལུང་འདི་ཕྲིན་ལས་ཀྱི་མཇུག་ཏུ་འབྱུང་བས་གླེང་གཞི་ཕྲིན་ལས་ཀྱི་ཁོངས་སུ་གཏོགས་པའི་དོན་ཡིན་ནོ་སྙམ་ན། དེ་ནི་ཁོ་བོའི་ལུགས་ཀྱི་གཞུང་གི་དགོངས་པ་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་མཚོན་པའི་ཆེད་དུ་མཐའ་ཐོག་གཉིས་པོ་སྦྱར་བའི་ལུགས་འདི་ལ་འཐད་པ་ཡིན་ཏེ། གླེང་གཞི་ཕྲིན་ལས་ཀྱི་ཁོངས་སུ་གཏོགས་པའི་ཚེ་མཆོད་བརྗོད་ཀྱི་བརྗོད་བྱ་ཡང་ཕྲིན་ལས་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཇི་ལྟར་སྙམ་ན་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་འབྲས་བུ་ལ་སྤྲོ་བ་སྐྱེས་ནས་དེ་ཐོབ་པའི་ཆེད་དུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་སྦྱོར་བཞིས་ཉམས་སུ་བླངས་ཏེ། ཆོས་སྐུ་མངོན་དུ་བྱས་པའི་ཚེ་ཕྲིན་ལས་ཉི་ཤུ་རྩ་བདུན་འབྱུང་ལ་ཕྲིན་ལས་དེ་ཉིད་ལ་གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་པའི་དོན་གནས་པའི་ཕྱིར་རོ། །གསུམ་པ་སློབ་དཔོན་གྱི་དགོངས་པ་ཡིན་པ་ནི། འགྲེལ་ཆུང་དུ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་སངས་རྒྱས་ལ་སོགས་པ་སྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་ཉིད་དོ་ཞེས་དང་། སངས་རྒྱས་ཉན་ཐོས་ལ་སོགས་པས་ཡོངས་སུ་བསྐོར་བ་དེ་ཞེས་རྩ་བར་ཉན་ཐོས་དང་བྱང་སེམས་ཐོག་མར་ཡོད་ཀྱང་འགྲེལ་པར་སངས་རྒྱས་ཐོག་མར་སྨོས་པའི་གནད་ཀྱིས་ཀྱང་གྲུབ་སྟེ། བྱང་སེམས་ཀྱི་རྒྱུད་ཀྱི་རྟོགས་རིགས་གསུམ་པོ་དེས་ཐོག་མར་སངས་རྒྱས་བསྐྱེད་ནས་སངས་རྒྱས་ཀྱི་རྒྱུད་ཀྱི་རྟོགས་རིགས་གསུམ་པོས་བདག་རྐྱེན་བྱས་ཏེ་ཆོས་འཁོར་བསྐོར་བས་སླར་ཡང་འཕགས་པ་གཞན་རྣམས་བསྐྱེད་པ་གླེང་གཞིའི་ཚུལ་དུ་འབྱུང་བའི་ཕྱིར་ཞེས་དགོངས་སོ། །བཞི་པ་གཞུང་གཞན་གྱི་དགོངས་པ་ཡིན་པ་ནི་རྒྱུད་བླར། འདི་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །གོ་རིམ་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར། །གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ། །ཞེས་མདོ་སྡེ་དུ་མའི་དགོངས་འགྲེལ་དུ་བརྩམས་པའི་ཚེ་ན་ཡང་རྡོ་རྗེའི་གནས་དང་པོ་གསུམ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོའི་གླེང་གཞི་དང་སྦྱར་བར་མཛད་ན། ཤེར་ཕྱིན་གྱི་མདོ་གཅིག་པུའི་དགོངས་འགྲེལ་དུ་བརྩམས་པའི་ཚེ་དོན་དེ་འབད་མེད་དུ་གྲུབ་པའི་ཕྱིར་རོ། །འོ་ན་རྒྱུད་བླར། རྡོ་རྗེའི་གནས་དང་པོ་གསུམ་གླེང་གཞི་དང་སྦྱར་ཞིང་འདིར་དངོས་པོ་བརྒྱད་ལས་ལོགས་སུ་མཆོད་བརྗོད་གླེང་གཞི་དང་སྦྱར་བའི་དོན་ཅི་ཡིན་སྙམ་ན། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོའི་གླེང་གཞིའི་གོ་རིམ་དང་རྡོ་རྗེའི་གནས་དང་པོ་གསུམ་གྱི་གོ་རིམ་མཐུན་པས་ལོགས་སུ་མ་སྦྱར་ལ། འདི་ནི་གོ་རིམ་མི་མཐུན་པས་ལུས་ཀྱི་གོ་རིམ་ལས་ལོགས་སུ་མཆོད་བརྗོད་ཀྱི་གོ་རིམ་གླེང་གཞི་དང་སྦྱར་བར་མཛད་པ་ཙམ་ཡིན་གྱི་ངོ་བོ་མི་མཐུན་པ་མེད་པར་ནི་གོང་དུ་བཤད་ཟིན་ཏོ། །དེས་ན་རྒྱུད་བླར་ཡང་མཛད་པའི་འཁོར་ལོ་རྒྱུན་མི་ཆད་པ་འདི་ཉིད་བསྟན་ཏེ། མཐར་ཐུག་གི་དཀོན་མཆོག་གསུམ་དམིགས་ཡུལ་དུ་བྱས་ནས་ཁམས་ཀྱི་དྲི་མ་སྦྱངས་ཏེ་བྱང་ཆུབ་ཐོབ་པ་ན་སྟོབས་སོགས་ཀྱི་ཡོན་ཏན་འབྱུང་ཞིང་དེ་ལས་མཛད་པ་ཕྲིན་ལས་འབྱུང་ལ། དེ་ཉིད་ཀྱི་གནས་སྐབས་སུ་གླེང་གཞི་ནས་བཤད་པའི་གནས་སྐབས་ཀྱི་དཀོན་མཆོག་གསུམ་པོ་དེ་བཞག་པའི་ཕྱིར་རོ། །འཕགས་མཆོག་ཀླུ་སྒྲུབ་ཀྱི་བཞེད་པ་ཡང་ཡིན་ཏེ། གང་སླད་སངས་རྒྱས་འཇིག་རྟེན་གཙོ། །ཐུགས་རྗེ་ཅན་རྣམས་ཁྱོད་ཀྱི་སྲས། །དེ་ཡི་སླད་དུ་དགེ་མ་ཁྱོད། །སེམས་ཅན་ཀུན་གྱི་ཕྱི་མོ་ལགས། །ཞེས་སངས་རྒྱས་ཀྱི་རྒྱུད་ཀྱི་མཁྱེན་པ་གསུམ་པོ་དེ་སངས་རྒྱས་འཕགས་པའི་ཡུམ་དང་དེའི་རྗེས་སུ་བྱུང་བའི་འཕགས་པ་གཞན་རྣམས་ཀྱི་ཕྱི་མོ་ཡིན་པར་གསུངས་པའི་ཕྱིར་རོ། །བསྟན་བཅོས་རིན་ཆེན་སྒྲོན་མེའི་དགོངས་པ་ཡང་ཡིན་ཏེ། དེ་ཉིད་དུ། གླེང་གཞི་རྒྱས་པར་བཀའ་སྩལ་དོན་མཆོག་རྣམས། །ལེགས་པར་སྦྱར་བ་ཕྱག་འཚལ་ཚིགས་བཅད་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འབྲེ་ཨར་ལ་སོགས་པའི་སྔོན་གྱི་མཁས་པ་རྣམས་དང་། ཤེར་ཕྱིན་ལ་དབང་འབྱོར་པ་གཡག་རོང་གཉིས་ཀྱི་བཞེད་པ་ཡང་འདི་ཉིད་ཡིན་པས་ཐེ་ཚོམ་དང་སོམ་ཉི་མི་བྱའོ། །མཆོད་བརྗོད་ཚིག་གི་མཁྱེན་གསུམ་རྫིང་བཅས་ནས། །དགོས་འབྲེལ་ངག་གིས་ཡུར་བ་ནས་དྲངས་ཏེ། །མངོན་རྟོགས་བརྒྱད་ཀྱི་ཞིང་ལ་བཅུས་པ་ཡིས། །རང་དོན་མཁྱེན་གསུམ་ལོ་ཏོག་རབ་རྒྱས་ནས། །གཞན་དོན་གླེང་གཞིའི་ཚུལ་གྱིས་རིགས་ཅན་གསུམ། །རང་རང་བཞེད་དོན་ཟས་ལ་སྤྱོད་པ་ཡི། །སོ་ནམ་ཚུལ་འདི་རྫོགས་པའི་སངས་རྒྱས་ཀྱི། །མཛད་པའི་འཁོར་ལོ་ཡིན་པར་ཁོ་བོས་རྟོགས། །ཞེས་བྱ་བ་ཡང་ཤུགས་འབྱུང་དུ་བྲིས་སོ། །མཆོད་བརྗོད་བཤད་ཟིན་ཏོ།།  །།གཉིས་པ་རྗོད་བྱེད་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་ཚིགས་བཅད་གཉིས་ཏེ། འདི་ལ་འཕགས་གྲོལ་གྱིས་བསྟན་བཅོས་བརྩམས་པའི་དགོས་པ་ལ་སྦྱར་བ་ཙམ་ཞིག་མ་གཏོགས་པ་དགོས་སོགས་ཆོས་བཞི་ཆར་ལ་སྦྱར་བའི་གསལ་ཀ་མི་སྣང་ངོ་། །སློབ་དཔོན་གྱིས་ནི་རྐང་པ་དང་པོ་གཉིས་ཀྱིས་བརྗོད་བྱ། བར་པ་བཞིས་ཉིང་དགོས། ཐ་མ་གཉིས་ཀྱིས་དགོས་པ། འབྲེལ་པ་ཤུགས་ལས་བསྟན་པར་བཞེད་དོ། །འོན་ཀྱང་དེ་ཞེས་ཚིག་སྦྱོར་དང་བསྟུན་ན་དང་པོ་གསུམ་གྱིས་བརྗོད་བྱ། དེ་ནས་གསུམ་གྱིས་ཉིང་དགོས། ཐ་མ་གཉིས་ཀྱིས་དགོས་པ་བསྟན་ཏེ། མགོན་པོ་བྱམས་པས་མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་ཕྱག་འཚལ་ནས་མཁྱེན་པ་གསུམ་གྱི་རྒྱན་རྩོམ་པར་དམ་བཅས་པ་ན་དེའི་བརྗོད་བྱ་གང་ཡིན་ཞེ་ན། མཆོད་བརྗོད་ཀྱི་བཤད་ཚུལ་ཕྱི་མ་གཉིས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་སའི་མཁྱེན་གསུམ་ལ་རྣམ་མཁྱེན་གྱི་ཐ་སྙད་མཛད་པ་དེ་ཐོབ་བྱའི་འབྲས་བུར་བྱས་ནས་དེ་ཐོབ་བྱེད་ཀྱི་ལམ་མཆོད་བརྗོད་ཀྱི་བཤད་ཚུལ་དང་པོས་བསྡུས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་སྐྱེ་མེད་གསུམ་རྟོགས་པའི་རྟོགས་པ་གང་ཟག་གི་ཆ་རྐྱེན་གྱི་སྒོ་ནས་མངོན་པར་རྟོགས་པ་བརྒྱད་དུ་འགྱུར་བ་དེ་ཉིད་འདིར་བརྗོད་བྱ་ཡིན་ནོ། །ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་པས་བསྟན། འོ་ན་དེ་ཉིད་བཀའ་ལ་མ་ལྟོས་པར་རང་སྟོབས་ཀྱིས་བཤད་པ་ཡིན་ནམ་སྙམ་ན། སྟོན་པས་འདི་ལས་བཤད་པ་གང་ཞེས་ཏེ། སྟོན་པས་ཤེར་ཕྱིན་གྱི་མདོ་ལས་གསུངས་པ་དེ་འདིར་བཤད་པར་བྱ་བ་ཡིན་གྱི་དེ་ལས་ལོགས་སུ་མི་འཆད་ཅེས་པའི་དོན་ཏོ། །འོ་ན་ཤེར་ཕྱིན་གྱི་མདོ་ནས་བཤད་པའི་ཐེག་པ་གསུམ་ཆར་གྱི་ལམ་འདིར་འཆད་དམ་ཞེ་ན་གཞན་གྱིས་མྱོང་བ་མ་ཡིན་ཏེ། ཞེས་ཏེ་ཤེར་ཕྱིན་གྱི་མདོར་ཐེག་པ་གསུམ་ཆར་གྱི་ལམ་གསུངས་ཀྱང་འདིར་ནི་ཐེག་པ་གཞན་གྱིས་མྱོང་བ་མ་ཡིན་པ་བྱང་ཆུབ་སེམས་དཔའ་ཁོ་ནས་ཉམས་སུ་མྱང་བར་བྱ་བ་དེ་འཆད་ཅེས་པའི་དོན་ཏོ། །རྟོགས་རིགས་ཀྱི་དབང་དུ་བྱས་ན་ནི་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་དངོས་སུ་བསྟན་ཏེ། བྱང་སེམས་ཁོ་ནས་ཉམས་སུ་མྱང་བར་བྱ་བ་དེ་ལ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་ཕྱིར་རོ། །ཐེག་དམན་རང་རྒྱུད་པའི་ལམ་ནི་གཞུང་འདིར་དངོས་སུ་མི་སྟོན་ཏེ། གཞན་གྱིས་མྱོང་བ་མ་ཡིན་ཏེ་ཞེས་དང་། འོག་ཏུ་ཐེག་ཆེན་ལམ་གྱི་རྣམ་གཞག་རེ་རེ་འཆད་པའི་སྐབས་སུ་ཐེག་དམན་གྱི་ལམ་རྣམས་ཤུགས་ལ་བསྟན་པར་གསུངས་པའི་ཕྱིར་རོ། །དེས་ན་འཕགས་སེང་གཉིས་ཀྱིས་བསྟན་བཅོས་འདིས་འཕགས་པ་བཞི་ཆར་གྱི་མངོན་རྟོགས་བསྡུས་པར་གསུངས་པ་དང་། རྩ་བར་ཡང་། སློབ་མ་བསེ་རུའི་ལམ་གང་དང་། །ཞེས་གསུངས་པ་རྣམས་རང་གི་ངོ་བོ་བྱང་སེམས་ཀྱི་མངོན་པར་རྟོགས་པ་ཡིན་ཀྱང་། འཕགས་པ་བཞི་ཆར་གྱི་རྟོགས་རིགས་ཡིན་པ་ལ་དགོངས་ལ། དངོས་བསྟན་ལ་ཐེག་དམན་གྱི་ལམ་མེད་པ་ནི་མི་འགལ་ཞིང་གནད་གཅིག་པར་རྟོགས་དགོས་སོ། །གཉིས་པ་དགོས་པ་ནི། སྟོན་པས་འདི་ལས་བཤད་པ་གང་། །ཞེས་པ་ལས་འཕྲོས་ནས་སྟོན་པས་བཤད་ཟིན་པས་བསྟན་བཅོས་བརྩམས་པ་ལ་དགོས་པ་མེད་པར་འགྱུར་རོ་སྙམ་ན། དེའི་ལན་ནི་ཚིག་རྐང་ཐ་མ་གཉིས་ཏེ། བསྟན་བཅོས་མ་བརྩམས་ན་སོ་སོ་སྐྱེ་བོ་རྣམས་ཀྱིས་མདོ་དོན་བདེ་བླག་ཏུ་རྟོགས་པར་མི་ནུས་པས་དེས་དོན་དེ་རྟོགས་པའི་ཆེད་དུ་བསྟན་བཅོས་རྩོམ་ཞེས་པའི་དོན་ཏོ། །གསུམ་པ་ཉིང་དགོས་ནི། འོ་ན་སོ་སོ་སྐྱེ་བོས་མདོ་དོན་བདེ་བླག་ཏུ་རྟོགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེའི་ལན་དུ་ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །ཞེས་སོགས་རྐང་པ་གསུམ་སྟེ། སོ་སོ་སྐྱེ་བོས་མདོ་དོན་བདེ་བླག་ཏུ་རྟོགས་པ་ལ་བརྟེན་ནས་ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོ་དོན་དྲན་པའི་ཤེས་པ་ལ་བཞག་ནས་ཚོགས་སྦྱོར་གྱི་གནས་སྐབས་སུ་བསྐལ་པ་གྲངས་མེད་གཅིག་ཏུ་བསྒོམས་པའི་སྟོབས་ཀྱིས་ས་དང་པོར་ཆོས་སྤྱོད་བཅུ་མངོན་དུ་འགྱུར་བ་ནི་བསྟན་བཅོས་ཀྱི་ཉིང་དགོས་ཡིན་ཞེས་པའི་དོན་ཏོ། །འདི་ལ་ཆོས་སྤྱོད་བཅུའི་ངོ་བོ་དང་། དེས་མདོ་དོན་བསྡུས་པའི་ཚུལ་དང་། བསྟན་བཅོས་ཀྱི་ཉིང་དགོས་ས་དང་པོ་ནས་འཇོག་པའི་ཚུལ་གསུམ་ལས། དང་པོ་ནི། རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས། འདིར་བསྟན་གྱི་ཆོས་སྤྱོད་བཅུ་ཡི་གེ་འདྲི་མཆོད་སྦྱིན་པ་སོགས་དབུས་མཐའ་ནས་གསུངས་པ་ལ་ངོས་འཛིན་པ་དང་། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལ་བྱེད་པ་དང་། ཕར་ཕྱིན་བཅུ་ལ་བྱེད་པའི་ལུགས་གསུམ་སྣང་ཡང་བསྟན་བཅོས་རྩ་འགྲེལ་གྱི་དགོངས་པ་ཕྱི་མ་དེ་ཉིད་ཡིན་ཞིང་ལོ་ཙྪ་བ་དཔོན་སློབ་རྣམས་ཀྱང་འདི་ཉིད་བཞེད་དོ། །དེ་ཡང་ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། མདོ་དོན་ཞེས་པས་མདོ་དོན་མ་ལུས་པ་ཆོས་སྤྱོད་བཅུས་བསྡུས་པར་གསུངས་ཤིང་། འགྲེལ་པར་ཡང་དེ་ལྟར་གསུངས་པས་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་པའི་ལམ་དེ་དང་། སྐབས་འདིར་བཤད་པའི་ཆོས་སྤྱོད་བཅུ་དོན་གཅིག་པ་ཡིན་ཏེ། འགྲེལ་ཆེན་དུ། བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་སྒྲུབ་པའི་རང་བཞིན་སྐབས་བརྒྱད་ཀྱི་དབྱེ་བས་ཕྱེ་བ་ཐམས་ཅད་ཅེས་དང་། འགྲེལ་ཆུང་དུ། བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་སྒྲུབ་པའི་སྤྱོད་པ་ལེགས་པར་བཞག་ནས་ཞེས་གསུངས་པའི་ཕྱིར། འོ་ན་བྱང་ཆུབ་ཀྱི་སེམས་དང་ཞེས་སེམས་བསྐྱེད་ཆོས་བཅུའི་དང་པོར་བསྟན་པ་དང་འགལ་ལོ་ཞེ་ན། གཞུང་དེས་སེམས་བསྐྱེད་ཆོས་སྤྱོད་བཅུའི་དང་པོར་བསྟན་པ་མ་ཡིན་ཏེ། སློབ་དཔོན་གྱིས་ནི་ཆོས་སྤྱོད་བཅུས་བསམ་པ་མ་བསྡུས་སོ་སྙམ་དུ་དགོངས་ནས་བསམ་པ་ཡང་བསྡུ་བའི་ཆེད་དུ་བསམ་པ་སེམས་བསྐྱེད་བསྣན་པ་ཡིན་ནོ། །འོན་ཀྱང་ཆོས་སྤྱོད་བཅུས་མདོ་དོན་བསྡུས་པའི་ཚེ་ན་བསམ་པ་སེམས་བསྐྱེད་ཀྱང་ཆོས་སྤྱོད་བཅུར་བསྡུ་བའི་སྐབས་ཡིན་པས་བསམ་པ་མ་བསྡུས་སོ་སྙམ་པ་ནི་མི་དགོས་སོ། །ཅིའི་ཕྱིར་ཕར་ཕྱིན་བཅུ་ལ་ཆོས་སྤྱོད་བཅུར་འཇོག་ཅེ་ན། སློབ་དཔོན་དབྱིག་གཉེན་གྱིས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །གསུང་རབ་ཚེ་དང་བསོད་ནམས་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་གསུངས་པ་ལས་སྐབས་འདིར་ནི་ལམ་ལ་འཇུག་ལ། དེའི་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། གོང་གི་ལམ་ཞེས་པ་དང་དོན་གཅིག་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གཉིས་པ་ནི་ཅིའི་ཕྱིར་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུས་མདོ་དོན་བསྡུས་པ་ཡིན་ཞེ་ན། མཁྱེན་གསུམ་གྱི་སྐབས་སུ་ཡང་ཕར་ཕྱིན་བཅུ་པོ་འདི་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྡོག་པ་ནས་བསྟན། སྦྱོར་བཞིའི་སྐབས་སུ་ཡང་བཅུ་པོ་དེ་ཉིད་ཉམས་ལེན་གྱི་ལྡོག་པ་ནས་བསྟན། ཆོས་སྐུའི་སྐབས་སུ་བཅུ་པོ་དེ་ཉིད་འབྲས་བུའི་ལྡོག་པ་ནས་བསྟན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཕར་ཕྱིན་ཕྱི་མ་བཞི་ཤེས་རབ་ཀྱི་ཕར་ཕྱིན་གྱི་ནང་དུ་འདུས་པས། བྱང་ཆུབ་སེམས་དཔའི་ཕར་ཕྱིན་དྲུག་པོ་དེ་ལ་སྒྲུབ་པའི་ཐ་སྙད་མཛད་ནས་དེ་ཉིད་མཁྱེན་གསུམ་གྱི་སྐབས་སུ་བསྟན་པ་ལ་སྤྱིའི་སྒྲུབ་པ་དང་། སྦྱོར་བཞིའི་སྐབས་སུ་བསྟན་པ་ལ་བྱེ་བྲག་གི་སྒྲུབ་པ་ཞེས་པའི་གཞུང་དང་ཡང་འབྱོར་པ་ཡིན་ནོ། །གསུམ་པ་ནི་བསྟན་བཅོས་ཀྱི་ཉིང་དགོས་མ་མཐའ་ས་དང་པོ་ནས་འཇོག་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སོ་སོ་སྐྱེ་བོའི་གནས་སྐབས་སུ་བསྟན་བཅོས་ལ་མ་བརྟེན་པར་མདོ་དོན་བདེ་བླག་ཏུ་རྟོགས་མི་ནུས་པས་བསྟན་བཅོས་ལ་བརྟེན་ནས་རྟོགས་པའི་མདོ་དོན་དེ་ཚོགས་སྦྱོར་གྱི་གནས་སྐབས་སུ་བསྒོམས་པའི་སྟོབས་ཀྱིས་ས་དང་པོར་ཆོས་ཉིད་མངོན་དུ་གྱུར་པའི་ཚེ་བསྟན་བཅོས་ལ་མ་ལྟོས་པར་རང་ཉིད་ཀྱིས་མདོ་དོན་མངོན་སུམ་དུ་མཐོང་བའི་སྒོ་ནས་བཀའི་དགོངས་པ་རང་དབང་དུ་འགྲེལ་ནུས་པའི་ཕྱིར་ཏེ། དཔེར་ན་འཕགས་པ་ཀླུ་སྒྲུབ་བཞིན་ནོ། །འདི་ལ་དགོངས་ནས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་སོ། །མདོར་ན་དགོས་འབྲེལ་དག་གི་ཚིགས་བཅད་གཉིས་པོ་འདིས་རྗོད་བྱེད་མངོན་རྟོགས་རྒྱན་ལ་བརྟེན་ནས། བརྗོད་བྱ་དགོས་པ་ཉིང་དགོས་གསུམ་ལ་འཇུག་པའི་རིམ་པ་འདི་ལྟར་བསྟན་ཏེ། སོ་སོ་སྐྱེ་བོའི་དུས་སུ་མངོན་རྟོགས་རྒྱན་ལ་ཐོས་བསམ་བྱས་པས་ཤེར་ཕྱིན་གྱི་མདོའི་དོན་ངོ་བོ་ཆོས་སྤྱོད་བཅུ་ཡིན་ཀྱང་བསྟན་ཚུལ་སྐབས་བརྒྱད་ཀྱི་སྒོ་ནས་བསྟན་པ་དེ་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འབྱུང་ལ། དེའི་དོན་ཚོགས་སྦྱོར་གྱི་གནས་སྐབས་སུ་ཉམས་སུ་བླངས་པས་ས་དང་པོར་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་མངོན་དུ་འགྱུར་ལ། དེ་ནས་ལམ་ལྷག་མ་རྣམས་ཀྱི་ཉམས་ལེན་བསྟན་བཅོས་ལ་མི་ལྟོས་པར་མདོའི་དོན་ལ་རང་ཉིད་ཀྱིས་འཇུག་པར་བསྟན་ཏེ་གསུང་རབ་མཐའ་དག་གི་དགོངས་པའོ། །འདི་བློ་ཡུལ་དུ་མ་ཤོང་བ་དག་གིས་གཞན་གྱི་བློ་ཚོད་འཇལ་བ་ནི་ཁྲོན་པའི་ནང་གི་སྦལ་ཆུང་དང་མཚུངས་སོ། །གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ། རྒྱས་པ་ལ་དད་པ་ལ་བརྒྱད་དུ་ཕྱེ་བ། བར་པ་ལ་དད་པ་ལ་དྲུག་ཏུ་བསྟན་པ། བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བ་སྟེ་གསུམ་ལས། དང་པོ་ལ་བསྡུས་དོན་ལུས་རྣམ་གཞག་དང་། ཚིག་དོན་ཡན་ལག་རྒྱས་བཤད་གཉིས་ལས། བསྡུས་དོན་ལུས་རྣམ་གཞག་འཆད་ཅེས་པའམ་བཤད་ཐབས་ཀྱི་མན་ངག་ལྔའི་སྒོ་ནས་བཤད་པ་ལྟར་ན་དགོས་དོན་སྔར་བསྟན་ཟིན་པས་བསྡུས་དོན་འཆད་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་སོགས་ཚིགས་བཅད་བཅོ་ལྔ་སྟེ། མཆོད་བརྗོད་ཀྱི་བཤད་ཚུལ་ཐ་མ་གཉིས་ཀྱིས་བསྡུས་པའི་འབྲས་བུ་ཤེར་ཕྱིན་ནི་ཐོབ་བྱེད་ཀྱི་ལམ་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་བཤད། བཤད་ཚུལ་དང་པོས་བསྡུས་པའི་ལམ་ཤེར་ཕྱིན་ནི་གང་ཟག་གི་ཆ་རྐྱེན་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་བཤད། ཞར་ལ་སྟོན་པས་འདི་ལས་བཤད་པ་གང་ཞེས་པ་ལས་འཕྲོས་ནས་གཞུང་ཤེར་ཕྱིན་ནི་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་ཀྱི་སྒོ་ནས་བཤད་ཅེས་པ་ཡང་ཐོབ་བོ། །དེ་ལྟར་གསུམ་ལས་དང་པོ་ནི་ཤེར་ཕྱིན་མཚན་ཉིད་པ་ཡིན་ལ་ཕྱི་མ་གཉིས་ནི་བཏགས་པ་བ་ཡིན་ཏེ། འདོགས་པའི་རྒྱུ་མཚན་ཡང་གཞུང་ནི་དེ་སྟོན་བྱེད་ཡིན་པ་དང་ལམ་ནི་དེ་ཐོབ་བྱེད་ཡིན་པའི་ཕྱིར་རོ། །བཏགས་པའི་དགོས་པ་ནི་ཤེར་ཕྱིན་དོན་དུ་གཉེར་བས་གཞུང་ལ་ཐོས་སོགས་ཀྱིས་འཇུག་ཅིང་ལམ་བསྒོམ་བྱར་ཤེས་པའི་དོན་ཏོ། །དངོས་ལ་གནོད་བྱེད་ནི་རབ་ཀྱི་མཐར་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་འགྲེལ་ཆེན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ་དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པ་བའོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་དང་ལམ་ལ་དེ་སྒྲ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །དངོས་པོ་བརྒྱད་ངོས་འཛིན་པ་ནི། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཅེས་སོགས་ཚིག་རྐང་དྲུག་སྟེ། དེ་ནས་ཞེས་པའི་ཚིག་ལ་བརྟེན་ནས་གོ་རིམ་ངེས་པ། དགོས་པ་ནི་ཡན་ལག་རྒྱས་བཤད་ཀྱི་སྐབས་སུ་འབྱུང་ངོ་། །དེ་རྣམ་བརྒྱད་ཅེས་པའི་ཚིག་ལ་བརྟེན་ནས་གྲངས་ངེས་པ། དགོས་པ་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པའི་སྐབས་སུ་འབྱུང་ངོ་། །འདིར་བརྒྱད་ཀྱི་གོ་རིམ་ངེས་པ་འཆད་པའི་ཚེ་བརྒྱད་པོ་སྔ་མ་སྔ་མའི་འོག་ཏུ་ཕྱི་མ་ཕྱི་མ་འཆད་པའི་རྒྱུ་མཚན་སྟོན་དགོས་ཀྱི་མཁྱེན་གསུམ་གྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ་ཅེས་པ་ནི་དྲུག་གི་གོ་རིམ་དང་ཁྱད་པར་མ་ཕྱེད་པ་ཡིན་ལ། མཁྱེན་གསུམ་གྱི་འོག་ཏུ་སྦྱོར་བཞི་འཆད་པའི་རྒྱུ་མཚན་ཡོད་དེ་ཅེས་པ་ནི་གསུམ་གྱི་གོ་རིམ་དང་ཁྱད་པར་མ་ཕྱེད་པའོ། །ཁོ་བོ་ནི་བརྒྱད་ཀྱི་གོ་རིམ་གྱི་སྐབས་སུ་གཞི་ཤེས་ཀྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ་ཅེས་འཆད་པར་འགྱུར་བས་སྒུགས་སྡོད་མཛོད་ཅིག བརྒྱད་པོ་སོ་སོའི་ངོ་བོ་ངོས་གཟུང་བ་ནི་སེམས་བསྐྱེད་པ་དང་གདམས་ངག་དང་ཞེས་སོགས་ཏེ། རེ་རེ་ལ་ཡང་མཚོན་བྱེད་ཀྱི་ཆོས་ཀྱི་རྐང་གྲངས་བསྟན་པ་དང་། དེ་ལུས་དང་སྦྱར་བ་གཉིས་གཉིས་གསུངས་ཤིང་མཁྱེན་གསུམ་ལ་ནི་འདི་ནས་བསྟན་པའི་མཁྱེན་གསུམ་དང་མཆོད་བརྗོད་ཀྱིས་བསྟན་པའི་མཁྱེན་གསུམ་དོན་གཅིག་པར་ཤེས་པའི་ཆེད་དུ། རྟེན་གྱི་གང་ཟག་དང་སྦྱར་བ་ཡང་གསུངས་སོ། །ལུས་དང་སྦྱོར་བ་ལ་མཚོན་བྱེད་ཀྱི་ཆོས་ཀྱི་མཇུག་ཏུ་སྦྱར་བ་དང་། བར་དུ་སྦྱར་བ་དང་། ཐོག་མར་སྦྱར་བ་གསུམ་ལས། དང་པོ་ནི་མཁྱེན་གསུམ་དང་རྩེ་སྦྱོར་ཡིན་ནོ། །གཉིས་པ་ནི་རྣམ་རྫོགས་སྦྱོར་བ་དང་འབྲས་བུ་ཆོས་སྐུའོ། །གསུམ་པ་ནི་མཐར་གྱིས་པ་དང་། སྐད་ཅིག་མའི་སྦྱོར་བའོ། །བསྡུས་དོན་བཤད་ཟིན་ནས་ཚིག་དོན་འཆད་པ་ལ་བརྒྱད་ཡོད་པ་ལས། དང་པོ་རྣམ་མཁྱེན་ལ་དང་པོར་བསྟན་པའི་རྒྱུ་མཚན་དང་། མཚོན་བྱེད་ཀྱི་ཆོས་སོ་སོའི་འབྲེལ་བཤད་པ་གཉིས་ལས། དང་པོ་ནི། མཁྱེན་གསུམ་སྟོན་པའི་སྐབས་གཞན་དུ་གཞི་ཤེས་ཐོག་མར་བསྟན་ནས་འདིར་རྣམ་མཁྱེན་ཐོག་མར་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ལ་སྐབས་གཞན་དུ་གཞི་ཤེས་དང་པོར་བསྟན་པའི་རྒྱུ་མཚན་དང་། འདིར་རྣམ་མཁྱེན་དང་པོར་བསྟན་པའི་རྒྱུ་མཚན་གཉིས་ལས། དང་པོ་ལ་འཕགས་པ་སོ་སོའི་མཁྱེན་གསུམ་འཆད་པའི་ཚེ་གཞི་ཤེས་དང་པོར་སྟོན་པའི་རྒྱུ་མཚན་ནི་ཐེག་པ་གསུམ་གྱི་གོ་རིམ་ལྟར་དམན་མཆོག་གི་གོ་རིམ་ཡིན་ཏེ། འདི་ནི་གླེང་གཞིའི་གོ་རིམ་དང་མཐུན་ནོ། །བྱང་སེམས་ཀྱི་ཉམས་ལེན་གསུམ་འཆད་པའི་ཚེ་གཞི་ཤེས་ཀྱི་ཉམས་ལེན་དང་པོར་བསྟན་པའི་རྒྱུ་མཚན་ནི་བྱང་ཆུབ་སེམས་དཔས་རྟོགས་རིགས་གསུམ་གྱི་ནང་ནས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་དང་པོར་བསྒོམ་དགོས་པའི་ཕྱིར་ཏེ། རྣལ་འབྱོར་ས་བཞིའི་རིམ་པས་ལམ་ལ་འཇུག་དགོས་པའི་ཕྱིར་རོ། །འདི་ལ་དགོངས་ནས་རྣམ་རྫོགས་སྦྱོར་བའི་སྐབས་སུ་གཞི་ཤེས་ཀྱི་རྣམ་པ་དང་། གཞི་ཤེས་ཀྱི་སྦྱོར་བ་དང་པོར་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་སའི་མཁྱེན་གསུམ་འཆད་པའི་ཚེའང་གཞི་ཤེས་དང་པོར་བསྟན་པའི་རྒྱུ་མཚན་ནི་རྒྱུའི་ངོས་ནས་བྱང་ཆུབ་སེམས་དཔའི་མངོན་རྟོགས་ཀྱི་རིམ་པ་དང་མཐུན་པ་དང་། འབྲས་བུའི་ངོས་ནས་གླེང་གཞིའི་གོ་རིམ་དང་མཐུན་པ་གཉིས་ཡོད་པའི་ཕྱིར་རོ། །འདི་ལ་དགོངས་ནས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་འཆད་པའི་ཚེ་གཞི་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་དང་པོར་བསྟན་པ་ཡིན་ནོ། །མཆོད་བརྗོད་ཀྱི་སྐབས་ཀྱི་མཁྱེན་གསུམ་གྱི་གོ་རིམ་ལ་ནི་བྱང་སེམས་ཀྱི་མངོན་རྟོགས་དང་། སངས་རྒྱས་ཀྱི་སའི་མཁྱེན་གསུམ་དང་། གླེང་གཞིའི་གོ་རིམ་གསུམ་ཆར་ཚང་སྟེ་སྔར་བསྟན་ཟིན་ཏོ། །གཉིས་པ་ནི་མཁྱེན་གསུམ་གྱི་གོ་རིམ་ཕལ་ཆེར་དེ་ལྟར་ཡིན་ན། འདིར་རྣམ་མཁྱེན་ཐོག་མར་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདིའི་གདུལ་བྱའི་གཙོ་བོ་ནི་ཐེག་ཆེན་གྱི་རིགས་ཅན་ཡིན་ལ་དེ་ཉིད་འབྲས་བུ་ལ་སྤྲོ་བ་སྐྱེས་ཏེ་དེའི་རྒྱུ་ལ་འཇུག་པའི་ཆེད་དུ་ཐོབ་བྱའི་འབྲས་བུ་མཐར་ཐུག་དེ་ཐོག་མར་བསྟན་པ་ཡིན་པའི་ཕྱིར་རོ། །དེས་ན་སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ནི་སྐབས་བརྒྱད་ཀྱི་གོ་རིམ་ལ་འཇུག་པའི་ཚེ་ཆོས་བཅུ་པོ་མངོན་སུམ་དུ་རྟོགས་པའི་སངས་རྒྱས་ཀྱི་སའི་རྣམ་མཁྱེན་ལ་འཇུག་སྟེ། མཆོད་བརྗོད་ཀྱི་བཤད་ཚུལ་ཕྱི་མ་གཉིས་ཀྱིས་བསྡུས་པའི་རྣམ་མཁྱེན་དང་། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་པའི་སྐབས་ཀྱི་རྣམ་མཁྱེན་དང་ངོ་བོ་གཅིག་པ་ཡིན་ནོ། །འཆད་ཚུལ་ནི་མི་གཅིག་སྟེ། སྔ་མ་གཉིས་ནི་མངོན་པར་རྟོགས་པ་བརྒྱད་ཆར་ལམ་དུ་བྱས་པའི་འབྲས་བུའི་སྒོ་ནས་བཤད་ཅིང་། འདིར་ནི་མངོན་རྟོགས་ཕྱི་མ་བདུན་ལམ་དུ་བྱས་པའི་འབྲས་བུའི་སྒོ་ནས་བཤད་པའི་ཕྱིར་རོ། །ཐོས་བསམ་གྱིས་གཏན་ལ་དབབ་པའི་ཡུལ་དུ་གཞག་པའི་ཚེ་ནི་ཆོས་བཅུ་པོ་སྐྱེ་མེད་དུ་རྟོགས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་མཁྱེན་པ་ལ་འཇུག་གོ །གཉིས་པ་མཚོན་བྱེད་ཀྱི་ཆོས་སོ་སོའི་འབྲེལ་འཆད་པ་ལ། མདོ་ནས་གསུངས་པའི་ཚུལ། རྣམ་མཁྱེན་མཚོན་པའི་ཚུལ། གཞུང་སོ་སོའི་སྐབས་ལ་འཇུག་པ་དང་གསུམ་ལས། དང་པོ་ནི་གླེང་གཞི་རྫོགས་པའི་མཇུག་ཐོག་ཏུ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་ཐོབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་པ་རྣམས་ཀྱིས་སེམས་བསྐྱེད་བསྟན། བསླབ་ཚུལ་ཞུས་པའི་ལན་གྱིས་གདམས་ངག་དང་། ངེས་འབྱེད་ཆ་མཐུན་བསྟན། ངེས་འབྱེད་ཆ་མཐུན་གྱི་སྐབས་སུ་བྱང་ཆུབ་སེམས་དཔའ་ཞེས་མང་དུ་གསུངས་པའི་མིང་གི་དོན་དྲིས་པའི་ལན་གྱིས་སྒྲུབ་པའི་རྟེན་བསྟན། དེ་དག་གི་སྐབས་སུ་ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ལ་བསླབ་པར་བྱའོ། །ཞེས་པའི་ཆོས་ཐམས་ཅད་དྲིས་པའི་ལན་གྱིས་སྒྲུབ་པའི་དམིགས་པ་བསྟན། སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་མཚན་དྲིས་པའི་ལན་གྱིས་སྒྲུབ་པའི་ཆེད་དུ་བྱ་བ་དང་། གོ་སྒྲུབ་དང་། འཇུག་སྒྲུབ་བསྟན། གོ་སྒྲུབ་ཀྱི་སྐབས་སུ་གོ་ཆ་ཆེན་པོ་བགོས་པ། ཞེས་གསུངས་ན་ཇི་ཙམ་གྱིས་ན་བྱང་སེམས་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ལགས་ཞེས་དྲིས་པའི་ལན་གྱིས་ཚོགས་དང་པོ་བཅུ་བསྟན། འཇུག་སྒྲུབ་ཀྱི་འཇུག་ཡུལ་ཐེག་ཆེན་ལས་འཕྲོས་ནས་བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་ལགས། ཇི་ཙམ་གྱིས་ན་བྱང་སེམས་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བྱ། བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་བར་འགྱུར། བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་དུ་ངེས་པར་འབྱུང་བར་འགྱུར། བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་གིས་ངེས་པར་འབྱུང་བར་འགྱུར། ཞེས་པའི་དྲི་བ་ལྔ་ལས། དྲི་བ་དང་པོའི་ལན་གྱིས་ཐབས་མཁས་ནས་གཟུངས་ཀྱི་བར་ལྔ་བསྟན། གཉིས་པའི་ལན་གྱིས་སའི་ཚོགས་བསྟན། ཕྱི་མ་གསུམ་གྱི་ལན་གྱིས་གཉེན་པོའི་ཚོགས་བསྟན་ཏེ། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་དང་པོ་དང་། ཕྱི་མ་གསུམ་རིམ་པ་བཞིན་བསྟན་ཏོ། །ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ་ཞེས་པས་ངེས་པར་འབྱུང་བའི་སྒྲུབ་པ་བསྟན་ཏོ། །གཉིས་པ་ནི་སྔ་རབས་པའི་མཁས་པ་ཁ་ཅིག ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་གྱིས་ཆོས་བཅུ་པོས་རྣམ་མཁྱེན་མཚོན་པ་ཡིན་ཏེ། ཆོས་བཅུ་པོ་མངོན་སུམ་དུ་རྟོགས་པ་ནི་རྣམ་མཁྱེན་ནོ། །ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར་རོ། །དེ་ཡང་སྤྱིར་རྣམ་མཁྱེན་ལ་རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པའི་རྣམ་མཁྱེན་དང་། བདེན་གཉིས་ཀྱི་རྣམ་པ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་གཉིས་ལས། དང་པོ་ནི་འདིའི་སྐབས་ཀྱི་རྣམ་མཁྱེན་དེ་ཡིན་ལ། གཉིས་པ་ནི། རྣམ་པ་གང་དག་དང་ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར་ཡིན་ནོ་ཞེས་བཞེད་དོ། །འོན་ཀྱང་དེ་གཉིས་རྣམ་པ་མཁྱེན་ཚུལ་གྱི་སྒྲ་བཤད་མི་གཅིག་པ་ནི་མ་ཡིན་ཏེ། རྣམ་པ་མཁྱེན་ཚུལ་ལ་དམིགས་པ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་བཞག་ནས་དེའི་རྣམ་པའི་རབ་དབྱེ་མཁྱེན་པ་དང་། དམིགས་པ་ཆོས་ཐམས་ཅད་ལ་བཞག་ནས་དེའི་ཀུན་རྫོབ་ཀྱི་རྣམ་པའི་རབ་དབྱེ་མཁྱེན་པ་དང་། དམིགས་པ་དེ་ཉིད་ལ་བཞག་ནས་དེའི་དོན་དམ་པའི་རྣམ་པ་མཁྱེན་པ་ལ་རྣམ་མཁྱེན་དུ་བཞག་པ་དང་གསུམ་ལས། དང་པོ་ནི། འདིར་བསྟན་པ་དང་གཉིས་པ་ནི་རྣམ་པ་གང་དག་དང་ཞེས་སོགས་ཀྱི་སྒོ་ནས་བསྟན་པ་དང་། གསུམ་པ་ནི་ཆོས་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཅེས་པའི་སྐབས་ནས་བསྟན་པ་ལྟ་བུའོ། །འོ་ན་ཆོས་བཅུ་པོ་དེ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པའི་རྣམ་པའི་རབ་དབྱེ་ཇི་ལྟ་བུ་ཡིན་སྙམ་ན། ཆོས་བཅུ་པོ་རེ་རེའི་སྐབས་སུ་ཡང་ཐེག་ཆེན་གྱི་ལམ་མཐའ་དག་གམ། འབྲས་བུ་མཐའ་དག་གམ། ལམ་དང་འབྲས་བུ་གཉིས་ཀ་གཏན་ལ་དབབ་པའི་ཕྱིར་ན་རྣམ་པའི་རབ་དབྱེ་ཞེས་བྱ་སྟེ། ཀུན་བཏུས་སུ། རྫས་ཡོད་ཤེས་བྱ་གཟུགས་ཅན་ལ་སོགས་པ་ཆོས་དྲུག་ཅུ་པོ་རེ་རེའི་སྐབས་སུ་ཡང་ཕུང་ཁམས་སྐྱེ་མཆེད་མཐའ་དག་གཏན་ལ་དབབ་པས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པའི་རབ་དབྱེར་འཇོག་པ་བཞིན་ནོ། །ཆོས་བཅུ་པོ་རེ་རེས་ལམ་དང་འབྲས་བུ་ཇི་ལྟར་གཏན་ལ་དབབ་སྙམ་ན། སེམས་བསྐྱེད་ཀྱི་སྐབས་སུ་ལམ་དང་འབྲས་བུ་གཉིས་ཀའི་སེམས་བསྐྱེད་བཤད་པ་དང་། གདམས་ངག་གི་སྐབས་སུ་སྒྲུབ་པ་རང་གི་ངོ་བོ་ནས་སངས་རྒྱས་དཀོན་མཆོག་གི་བར་བཤད་པ་དང་། ངེས་འབྱེད་ཡན་ལག་གི་སྐབས་སུ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་དེ་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ལ་འཇོག་དགོས་ཤིང་། དེའི་རྒྱུ་ངེས་འབྱེད་ཡན་ལག་དང་བཅས་པ་དང་། སྒྲུབ་པའི་རྟེན་གྱི་སྐབས་སུ་དྲོད་ནས་བཟུང་སྟེ་རྒྱུན་མཐའི་བར་གྱི་སྒྲུབ་པ་མཐའ་དག་བཤད་པ་དང་། དམིགས་པའི་སྐབས་སུ་ཆོས་ཐམས་ཅད་བཤད་པ་དང་། ཆེད་དུ་བྱ་བའི་སྐབས་སུ་ཆེན་པོ་གསུམ་གྱི་འབྲས་བུའི་རྣམ་པ་མཐའ་དག་བཤད་ཅིང་། འབྲས་བུའི་རྣམ་པ་མཐའ་དག་བསྡུས་ཤིང་དེ་ཉིད་མདོ་ལས་བྱང་སེམས་ཀྱི་ཉམས་ལེན་དུ་བཤད་པའི་ལམ་མཐའ་དག་ཀྱང་བསྡུས་པ་དང་། གོ་སྒྲུབ་ཀྱི་སྐབས་སུ་ཚོགས་ལམ་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅིང་། བསྒྲུབ་བྱ་ཕར་ཕྱིན་དྲུག་གིས་སངས་རྒྱས་ཀྱི་ས་ཡང་བསྡུས་པ་དང་། འཇུག་སྒྲུབ་ཀྱི་སྐབས་སུ་དྲོད་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅིང་། འཇུག་བྱ་ཐེག་ཆེན་གྱི་ལམ་དང་། འབྲས་བུ་གཉིས་ཀ་བསྡུས་པ་དང་། ཚོགས་སྒྲུབ་ཀྱི་སྐབས་སུ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅིང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ས་ཡང་བསྡུས་པ་དང་། ངེས་འབྱུང་སྒྲུབ་པའི་སྐབས་སུ་དག་སའི་ཉམས་ལེན་མཐའ་དག་བཤད་ཅིང་། ངེས་པར་འབྱུང་ས་བརྒྱད་པོས་སངས་རྒྱས་ཀྱི་ས་ཡང་བསྡུས་པས་ན་ཆོས་བཅུ་པོ་འདི་ལ་རྣམ་པའི་རབ་དབྱེར་འཇོག་པ་ཡིན་ནོ། །དེ་དག་ནི་ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་ཡིན་ལ། རྒྱུས་འབྲས་བུ་མཚོན་པའི་ཚུལ་ཡང་འདི་ལ་གནས་ཏེ། ཆོས་བཅུ་པོ་དེས་རྣམ་མཁྱེན་སྒྲུབ་པར་བྱེད་པའི་སྒྲུབ་པ་བསྟན་ནས། སྒྲུབ་པ་དེའི་འབྲས་བུ་མཐར་ཐུག་པ་ནི་རྣམ་མཁྱེན་ཡིན་ནོ་ཞེས་པའི་ཚུལ་གྱིས་མཚོན་པར་བྱེད་པའི་ཕྱིར་རོ། །གསུམ་པ་གཞུང་སོ་སོའི་དོན་ལ་འཇུག་པ་ལ་གསུམ་སྟེ། ཆོས་བཅུའི་གྲངས་ངེས་པ། གོ་རིམ་ངེས་པ། སོ་སོའི་དོན་ནོ། །དང་པོ་ནི། ལོ་ཆེན་གྱིས་རྟེན་གྱི་གང་ཟག་དང་། དམིགས་པ་དང་ཆེད་དུ་བྱ་བ་དང་། སྒྲུབ་པ་རང་གི་ངོ་བོ་སྟེ། རྣམ་མཁྱེན་གྱི་སྒྲུབ་པའི་ཆོས་བཞིར་ངེས་པ་ལས། དང་པོ་ནི་ཆོས་བཞི་དང་ལྡན་པ་སྟེ་བསམ་པའི་ཁྱད་པར་སེམས་བསྐྱེད་པ་དང་། གདམས་ངག་རྗེས་སུ་བསྟན་པ་ཐོབ་པ་དང་། སྦྱོར་བའི་ཁྱད་པར་ངེས་འབྱེད་ཆ་མཐུན་ཐོབ་པ་དང་། རིགས་ཀྱི་ཁྱད་པར་ཆོས་ཀྱི་དབྱིངས་ཀྱི་རིགས་དང་ལྡན་པའོ། །རྟེན་ཆོས་བཞི་ལྡན་དེས་དམིགས་པ་བཅུ་གཅིག་ལ་དམིགས་ཏེ། ཆེད་དུ་བྱ་བ་གསུམ་གྱི་ཆེད་དུ་སྒྲུབ་པ་རང་གི་ངོ་བོ་བཞི་བྱས་པས་རྣམ་མཁྱེན་དེ་ཐོབ་པ་ཡིན་ནོ། །ཞེས་གསུངས་སོ། །འབྲེས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་ནི་རྒྱུ་འབྲས་ཀྱི་ཆོས་མ་ལུས་པ་བསྟན་པས་ཆེད་དུ་བྱ་བ་གསུམ་དང་གང་དུ་ངེས་པར་འབྱུང་བ་ནི་འབྲས་བུ་ཡིན་ལ་ལྷག་མ་རྣམས་ནི་རྒྱུའི་ཆོས་ཡིན་ནོ། །ཞེས་བཞེད་དོ། །རང་ལུགས་ནི་རྣམ་མཁྱེན་མཚོན་པར་བྱེད་པའི་ཆོས་ལ་ཆོས་བཅུར་གྲངས་ངེས་ཏེ། དེ་ལ་བསམ་པ་སེམས་བསྐྱེད་པ་དང་སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་གཉིས་ལས། དང་པོ་ནི་སེམས་བསྐྱེད་དོ། །གཉིས་པ་ལ་ཐེག་པ་གཞན་དུ་འགྱུར་སྲིད་པའི་སྒྲུབ་པ་དང་། ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པ་དང་། དེ་གཉིས་ཀའི་ཐུན་མོང་གི་ཆོས་དང་གསུམ་དུ་ངེས་ཤིང་། དང་པོ་ནི་གདམས་ངག་ལ་ཐོས་བསམ་བྱེད་པའི་སྒྲུབ་པའོ། །གཉིས་པ་ལ་ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པའི་ས་མཚམས་དང་དེའི་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་བཞི་ལས། དང་པོ་ནི་ངེས་འབྱེད་ཡན་ལག གཉིས་པ་ནི་རྟེན་རིགས་ཏེ། སྒྲུབ་པའི་རྟེན་དུ་གྱུར་པའི་ཆོས་དབྱིངས་དེ་ལ་རྟེན་ཆོས་དྲོད་ཡན་ཆད་ཀྱི་སྒྲུབ་པའི་སྒོ་ནས་དབྱེ་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་ནི་དམིགས་པ། བཞི་པ་ནི་ཆེད་དུ་བྱ་བ་སྟེ་སྔར་གྱི་སྒྲུབ་པའི་དམིགས་པ་བདེན་བཞི་ཙམ་དང་། ཆེད་དུ་བྱ་བ་རྣམ་མཁྱེན་ཙམ་དུ་བཤད་པ་ལས་ཁྱད་པར་དུ་བྱས་པའོ། །དེ་གཉིས་ཀའི་ཐུན་མོང་གི་ཆོས་ལ་གོ་སྒྲུབ་ལ་སོགས་པ་བཞིར་ངེས་སོ། །གཉིས་པ་གོ་རིམ་ནི་ཐོག་མར་སེམས་བསྐྱེད་སྟོན་ཏེ། ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་གདམས་ངག་སྟོན་ཏེ། སེམས་བསྐྱེད་ཀྱི་སྐབས་སུ་དམིགས་ཡུལ་དུ་བྱས་པ་དེ་ཐོབ་པའི་ཆེད་དུ་གདམས་ངག་ཉན་དགོས་པའི་ཕྱིར་རོ། །དེའི་འོག་ཏུ་ངེས་འབྱེད་ཡན་ལག་སྟོན་ཏེ། གདམས་ངག་གི་དོན་ཉམས་སུ་བླངས་པ་ལས་ངེས་འབྱེད་ཡན་ལག་འབྱུང་བའི་ཕྱིར་རོ། །དེའི་འོག་ཏུ་སྒྲུབ་པའི་རྟེན་སྟོན་ཏེ། ངེས་འབྱེད་ཡན་ལག་ཐོབ་ནས་སེམས་ཀྱི་ཆོས་དབྱིངས་དེས་ཐེག་ཆེན་གྱི་སྒྲུབ་པ་ཁོ་ནའི་རྟེན་བྱེད་ཀྱི་ཐེག་པ་གཞན་གྱི་སྒྲུབ་པའི་རྟེན་བྱེད་པ་མི་སྲིད་པའི་ཕྱིར་རོ། །དེའི་འོག་ཏུ་སྒྲུབ་པའི་དམིགས་པ་སྟོན་ཏེ། ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པ་དེས་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་དགོས་པའི་ཕྱིར་རོ། །དེའི་འོག་ཏུ་ཆེད་དུ་བྱ་བ་སྟོན་ཏེ། དམིགས་པ་བདེན་བཞི་ལ་སྒྲོ་འདོགས་གཅོད་པའི་ཆེད་དུ་བྱ་བ་དེ་ཆེན་པོ་གསུམ་དུ་མ་ངེས་ཀྱང་དམིགས་པ་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་པའི་ཆེད་དུ་བྱ་བ་དེ་ཆེན་པོ་གསུམ་དུ་ངེས་པའི་ཕྱིར་རོ། །དེའི་འོག་ཏུ་གོ་སྒྲུབ་སྟོན་པ་སོགས་ནི་འོག་ཏུ་བཤད་པར་བྱའོ། །གསུམ་པ་སོ་སོའི་དོན་ལ་བཅུ་ལས། དང་པོ་སེམས་བསྐྱེད་ལ་ཡང་གཉིས་ཏེ། གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་དང་། དཀའ་བའི་གནས་ལ་དཔྱད་པའོ། །དང་པོ་ནི། སེམས་བསྐྱེད་པ་ནི། ཞེས་པའི་སེམས་བསྐྱེད་དེ་གང་ཞེ་ན། དེའི་མཚན་ཉིད་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས་བསྟན་ཏོ། །འོ་ན་གོང་དུ་སྟོན་པས་འདི་ལས་བཤད་པ་གང་། ཞེས་གསུངས་པས་སེམས་བསྐྱེད་ཀྱི་མཚན་ཉིད་དེ་སྟོན་པས་ཤེར་ཕྱིན་གྱི་མདོ་ལས་ཇི་ལྟར་བཤད་པ་དེ་ཉིད་བསྟན་བཅོས་འདིར་བདེ་བླག་ཏུ་རྟོགས་པའི་ཕྱིར་ཇི་ལྟར་བསྟན་སྙམ་ན། སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་དང་གཞན་དོན་གཉིས་པོ་དེ་ནི་ཡུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི་རྒྱན་གྱི་ངག་གིས་བསྡུས་པ་དང་རྒྱས་པ་གཉིས་ཀྱི་སྒོ་ནས་བརྗོད་པར་བྱའོ། །ཞེས་ཤེར་ཕྱིན་གྱི་མདོ་དང་སྦྱར་བ་ནི། དེ་དང་དེ་ནི་མདོ་བཞིན་དུ། །ཞེས་སོགས་ཚིག་རྐང་གཉིས་སོ། །བསྟན་བཅོས་ཀྱིས་བསྡུས་པ་དང་། རྒྱས་པའི་སྒོ་ནས་བརྗོད་པ་དེ་ཡང་གང་ཞེ་ན། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སོགས་སོ། །ཚུལ་ཇི་ལྟར་དུ་སྟོན་ན། ས་ལྟ་བུའི་སེམས་བསྐྱེད་དེ། སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་དང་བྱང་ཆུབ་གཉིས་ཀ་མདོར་བསྡུས་ནས་སྟོན་ཏེ། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་པས་བྱང་ཆུབ་མདོར་སྟོན་ཅིང་། བྱང་སེམས་ཆེན་པོ་ཕྱོགས་བཅུ་རེ་རེ་ཞིང་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པས་གཞན་དོན་མདོར་བསྟན་པ་ཡིན་ལ། འདིར་དེ་གཉིས་ཀའི་དོན་བསྡུས་ནས་ས་ལྟ་བུའི་སེམས་བསྐྱེད་དུ་བསྟན་པའི་ཕྱིར་རོ། །དེས་ན་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོར་གྱུར་པ་གསུངས་པའི་ཆོས་དཀར་པོ་ནི་བྱང་ཆུབ་དང་གཞན་དོན་གཉིས་ཀ་ལ་འཇོག་དགོས་སོ། །ཉིར་སྣང་དུ། གཞན་དོན་མདོར་བསྟན་གྱི་མདོ་འདི་མེ་ལྟ་བུའི་སེམས་བསྐྱེད་ཀྱི་འོག་ཏུ་འབྱུང་བ་ནི་གཞན་དོན་མདོར་བསྟན་དང་རྒྱས་བཤད་སྒྲིག་པའི་དབང་དུ་བྱས་པ་ཡིན་གྱི། རྒྱན་གྱི་ངག་ལ་སྦྱོར་བའི་ཆོས་ལྟ་བུ་ལས་གཞན་དུ་སྦྱོར་དུ་མེད་དོ། །གསེར་བཟང་པོ་དང་། ཟླ་བ་ཚེས་པ་དང་། མེ་ལྟ་བུའི་སེམས་བསྐྱེད་གསུམ་གྱིས་ནི་བྱང་ཆུབ་རྒྱས་པར་བསྟན་པ་ཡིན་ཏེ། དང་པོས་བྱང་ཆུབ་ཀྱི་ངོ་བོ་ཕར་ཕྱིན་དྲུག་ཏུ་ཕྱེ་ནས་བསྟན། གཉིས་པས་བྱང་ཆུབ་ཀྱི་ངོ་བོ་བྱང་ཕྱོགས་སོ་བདུན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཕྱེ་ནས་བསྟན། གསུམ་པས་བྱང་ཆུབ་ཀྱི་ངོ་བོ་མཁྱེན་པ་གསུམ་དུ་ཕྱེ་ནས་བསྟན་པའི་ཕྱིར་རོ། །གཏེར་ལྟ་བུ་མན་ཆད་ཀྱི་སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་རྒྱས་པར་བསྟན་པ་ཡིན་ཏེ། གཞན་དོན་དུ་ཤེར་ཕྱིན་ལ་སློབ་ཚུལ་དཔེ་དུ་མའི་སྒོ་ནས་བསྟན་པའི་ཕྱིར་རོ། །དེས་ན་དེ་དང་དེ་ནི་ཞེས་པ་ནི་སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་དེ་དང་། གཞན་དོན་དེ་ནི་མདོ་བཞིན་དུ་ཅེས་པ་ནི། མདོ་ལས་དམིགས་པ་གཉིས་པོ་དེ་བསྡུས་པ་དང་། རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་བསྟན་པ་བཞིན་དུ། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་པ་ནི་རྒྱན་གྱི་ངག་གིས་ཀྱང་བསྡུས་པ་དང་། རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་བརྗོད་ཅེས་པའི་དོན་ཏོ། །རྒྱན་གྱི་ངག་དེ་ཡང་ས་གསེར་ཟླ་བ་མེ་ཞེས་སོགས་དང་འབྲེལ་ལོ། །རྒྱན་གྱི་ངག་གཉིས་པོའི་ངོས་འཛིན་ལ་བསྡུས་ཏེ་བརྗོད་པ་ནི་མཚན་ཉིད་སྟོན་པའི་གཞུང་དང་། རྒྱས་པར་སྟོན་པ་ནི་དབྱེ་བ་སྟོན་པའི་གཞུང་ལ་མཛད་པ་ནི་མི་འཐད་དེ། མཚན་ཉིད་སྟོན་པའི་སྐབས་ཀྱི་དམིགས་པ་གཉིས་པོ་དེ་མདོ་དང་སྦྱར་བར་བྱར་མེད་ན། སྟོན་པས་འདི་ལས་བཤད་པ་གང་། །ཞེས་པ་དང་འགལ་ཞིང་། ཡོད་ན་ཇི་ལྟར་ཡིན་ཞེ་ན། ཡུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་བསྡུས་པ་དང་། རྒྱས་པ་གཉིས་ཀྱི་སྒོ་ནས་བརྗོད་པར་བྱའོ། །ཞེས་པའི་དོན་ཡིན་པའི་ཕྱིར་དང་། བརྗོད་ཅེས་པའི་མཇུག་ཐོག་དེ་མ་ཐག་ཏུ་དེ་ཡང་ཞེས་པའི་ཚིག་སྦྱོར་འབྱུང་བའི་ཕྱིར་དང་། སེམས་བསྐྱེད་ཀྱི་མདོ་སྦྱོར་གྱི་ཐོག་མ་ས་ལྟ་བུའི་སེམས་བསྐྱེད་ནས་འཛིན་པར་ཉིར་སྣང་ལས་བཤད་འདུག་པའི་ཕྱིར་རོ། །དེ་ལས་གཞན་དུ་དབྱེ་བ་སྟོན་པའི་གཞུང་ལ་རྒྱས་བཤད་དུ་ངོས་འཛིན་ནི། བྱང་ཆུབ་མདོར་བསྟན་གྱི་མདོ་དང་། ས་ལྟ་བུའི་སེམས་བསྐྱེད་སྦྱར་ནས་གསུངས་པ་དང་འགལ་ལོ། །འོ་ན་མཚན་ཉིད་སྟོན་པའི་གཞུང་ལ་མདོ་སྦྱོར་མེད་དམ་ཞེ་ན་སེམས་བསྐྱེད་ཉེར་གཉིས་ཀྱི་ཐད་ཀྱི་མདོ་ཐམས་ཅད་མཚན་ཉིད་སྟོན་པའི་གཞུང་གི་མདོ་སྦྱོར་ཡིན་ཏེ། དཔེར་ན་དམིགས་པ་མི་རྟག་ལ་སོགས་པ་ཞེས་པ་མན་ཆད་ཀྱི་མདོ་ལས་ལོགས་སུ་ངེས་འབྱེད་ཆ་མཐུན་མདོར་བསྟན་གྱི་མདོ་སྦྱོར་མེད་ཀྱང་མདོར་བསྟན་ལ་མདོ་མེད་མི་དགོས་པ་བཞིན་ནོ། །གཞན་དོན་བསྡུས་ཏེ་སྟོན་པའི་རྒྱན་གྱི་ངག་ཀྱང་ས་ཞེས་པའི་རྒྱན་ཚིག་དེ་ཉིད་ཡིན་ཏེ། གསེར་ལྟ་བུ་ལ་སོགས་པ་གསུམ་པོ་དེས་ནི་བྱང་ཆུབ་རྒྱས་པར་བཤད་ཅིང་། གཏེར་ལྟ་བུ་མན་ཆད་ཀྱིས་གཞན་དོན་རྒྱས་པར་བཤད་པས་གཞན་དོན་མདོར་བསྡུས་པའི་ངག་གཞན་མེད་པའི་ཕྱིར་རོ། །དེས་ན་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པའི་སྐབས་སུ་བསྟན་པའི་སེམས་བསྐྱེད་དང་། ས་ཞེས་པའི་སྐབས་ནས་བསྟན་པའི་སེམས་བསྐྱེད་གཉིས་པོ་ཡིན་ཁྱབ་མཉམ་དུ་འདོད་དགོས་ཏེ། གཞུང་སྔ་མས་སེམས་བསྐྱེད་དེས་གཞན་དོན་དང་བྱང་ཆུབ་གཉིས་ལ་དམིགས་པར་བསྟན་ནས། དམིགས་པ་གཉིས་པོ་དེ་ཉིད་ས་ཞེས་པའི་ཚིག་གིས་མདོར་བསྟན། གསེར་ཞེས་པ་མན་ཆད་ཀྱིས་རྒྱས་པར་བཤད་པའི་ཕྱིར་རོ། །ཚོགས་ལམ་ཆུང་ངུས་བསྡུས་པར་བཤད་པ་དང་འགལ་ལོ་ཞེ་ན། མ་མཐའ་ངོས་འཛིན་པ་ཡིན་པས་སྐྱོན་མེད་དེ། གཞན་དུ་ན་ས་གཉིས་པ་ཡན་ཆད་དུ་སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་མེད་པར་ཐལ་བའི་ཕྱིར་རོ། །བསྟན་བཅོས་རྩ་བར་སེམས་བསྐྱེད་མདོ་དང་སྦྱར་བ་ནི་གདམས་ངག་ནས་ཕྲིན་ལས་ཀྱི་བར་རྣམས་ཀྱང་མདོ་དང་སྦྱར་བར་བྱ་བ་ཡིན་ནོ། །ཞེས་ཤེས་པའི་ཆེད་ཡིན་ལ་དངོས་སུ་མ་སྦྱར་བ་ནི་ཚིག་མང་དུ་དོགས་པའི་ཕྱིར་རོ། །མདོ་དང་སྦྱར་བའི་དགོས་པ་ནི་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་རྒྱལ་བའི་བཀའ་ལ་མ་ལྟོས་པར་ཞེན་ལྟའི་དབང་གིས་བསྟན་བཅོས་རང་དགར་བརྩམ་པ་དགག་པའི་ཆེད་ཡིན་ཏེ། སྔར་ཡང་བཤད་ཟིན་ཅིང་། རྒྱུད་བླར་ཡང་འབྱུང་ངོ་། །གཉིས་པ་དཀའ་བའི་གནས་ལ་དཔྱད་པ་ལ། མཚན་གཞི་སེམས་སེམས་བྱུང་གང་ཡིན་དཔྱད། སྨོན་འཇུག་གཉིས་འགལ་མི་འགལ་ལ་དཔྱད། དེ་དང་དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་ཡོད་མེད་དཔྱད་པ་དང་གསུམ་ལས། དང་པོ་ནི་འཕགས་སེང་གཉིས་ཀྱིས་གཙོ་བོ་སེམས་སུ་བཞེད་དེ། ཉིར་སྣང་དུ། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ། རྣམ་པར་རིག་པའོ་རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་དང་། སློབ་དཔོན་གྱིས་འདོད་པ་སེམས་བྱུང་ཡིན་པའི་ཕྱིར་ན་སེམས་བསྐྱེད་ཡིན་པར་འགལ་ལོ་ཞེས་པའི་དོགས་པ་བཀོད་ནས་བདེན་མོད་ཀྱི་ཞེས་པའི་ལན་མཛད་པའི་ཕྱིར་དང་། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་འདོད་པ་དེ་སེམས་བསྐྱེད་ཀྱི་བཏགས་མིང་ཡིན་གྱི་སེམས་བྱུང་སེམས་བསྐྱེད་དུ་སྟོན་པ་མ་ཡིན་པར་བཤད་པའི་ཕྱིར་རོ། །མགོན་པོ་བྱམས་པས་སེམས་བྱུང་ལ་བཤད་དེ། འདིར་ཡང་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་དང་། མདོ་སྡེ་རྒྱན་དུ། དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་གསུངས་པའི་ཕྱིར། ཐོགས་མེད་སྐུ་མཆེད་ཀྱང་འདི་ཉིད་བཞེད་དེ། བྱང་སར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ་ཞེས་དང་། དོན་གཉིས་ལྡན་པའི་སེམས་བྱུང་བ་ཞེས་པའི་འགྲེལ་པར། དབྱིག་གཉེན་གྱིས་ཡོན་ཏན་གཉིས་སམ་གསུམ་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ་ཞེས་གསུངས་པའི་ཕྱིར་རོ། །གནད་ཀྱི་དོན་ནི་གཙོ་བོར་སེམས་བྱུང་འདུན་པ་དང་། སེམས་པ་གཉིས་ལ་འཇོག་དགོས་ཏེ། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་འདོད་པ་དེ་འདུན་པ་ཡིན་པའི་ཕྱིར་དང་། དོན་གཉིས་ལྡན་པའི་སེམས་བྱུང་བ་ཞེས་པའི་སེམས་བྱུང་དེ་དབྱིག་གཉེན་གྱིས་སེམས་པ་ལ་བཤད་པའི་ཕྱིར་དང་། ཐོགས་མེད་ཀྱིས་ནི་དེ་གཉིས་ཀ་ལ་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། སྨོན་ལམ་གྱི་མཆོག་སེམས་བསྐྱེད་དུ་བཤད་ཅིང་སྨོན་ལམ་དེ་ཡང་མདོ་སྡེ་རྒྱན་དུ། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་སེམས་པ་དང་འདུན་པ་གཉིས་སུ་བཤད་པའི་ཕྱིར་རོ། །འོ་ན་སེམས་བསྐྱེད་དེ་སེམས་བྱུང་གཉིས་པོ་དེར་ངེས་སམ་ཞེ་ན། སེམས་བྱུང་གཉིས་པོ་དེ་སེམས་བསྐྱེད་དུ་ནམ་ཞིག་སོང་བའི་ཚེ་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གཞན་རྣམས་ཀྱང་། གཞན་སྟོབས་ཀྱིས་སེམས་བསྐྱེད་དུ་སོང་བ་ཡིན་ཏེ། རྣམ་ཤེས་ཚོགས་བརྒྱད་དང་། སེམས་བྱུང་ལྔ་བཅུ་རྩ་གཅིག་ལྟ་བུ་སེམས་སེམས་བྱུང་གི་ལྡོག་པ་ནས་མ་སྨོས་པའི་སྐྱབས་འགྲོ་དང་། སེམས་བསྐྱེད་དང་། སྦྱོར་བ་དང་། སྒྲུབ་པ་ལ་སོགས་པ་རྣམས་གཙོ་བོར་སེམས་བྱུང་གི་སྟེང་ནས་འཇོག་ཀྱང་གཞན་སྟོབས་ཀྱིས་སེམས་སེམས་བྱུང་གཉིས་ཆར་ཡོད་པ་མངོན་པ་གོང་འོག་སོགས་གསུང་རབ་ཀྱི་དགོངས་པ་ཡིན་པའི་ཕྱིར་རོ། །འདི་ནི་ཚད་ལྡན་གྱི་གཞུང་ལུགས་གཞན་གྱི་དགོངས་པ་ཡང་ཡིན་ཏེ། བྱང་སའི་ཚུལ་ཁྲིམས་ལེའུར། ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་དེ་འཇུག་པ་སེམས་བསྐྱེད་དུ་གསུངས་ཤིང་གསུམ་པོ་དེས་མ་བསྡུས་པའི་བྱང་སེམས་ཀྱི་ཉམས་ལེན་མེད་པའི་ཕྱིར་རོ། །གཉིས་པ་ནི། ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱི་བཞེད་པས་སྤྱིར་སྨོན་པ་ལ། སྨོན་པའི་སེམས། སྨོན་པ་སེམས་བསྐྱེད་པ། སྨོན་པ་མི་ཉམས་པར་སྲུང་བ་དང་གསུམ། འཇུག་པ་ལ་ཡང་འཇུག་པའི་སེམས། འཇུག་པ་སེམས་བསྐྱེད་པ། འཇུག་པ་མི་ཉམས་པར་སྲུང་བ་དང་གསུམ་དུ་མཛད་ནས་སྨོན་འཇུག་གཉིས་ཀྱི་ཁྱད་པར་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དང་། སངས་རྒྱས་ཐོབ་པའི་ཆེད་དུ་ལམ་སྒྲུབ་པར་འདོད་པ་ཡིན་པས་བློ་གཉིས་པོ་དེ་རྒྱུད་ལ་སྐྱེས་ནས་སྡོམ་པས་མ་ཟིན་པའི་ཚེ་ན་སྨོན་པ་དང་། འཇུག་པའི་སེམས་ཙམ་དང་། སྡོམ་པས་ཟིན་པའི་ཚེ་ན་སྨོན་པ་དང་། འཇུག་པའི་སེམས་བསྐྱེད་དང་། དེ་མན་ཆད་དུ་ཉམས་སུ་ལེན་པ་ཐམས་ཅད་སྨོན་པ་མི་ཉམས་པར་སྲུང་བ་དང་། འཇུག་པ་མི་ཉམས་པར་སྲུང་བ་ཡིན་ནོ། །ཞེས་བཞེད་དོ། །དེས་ན་སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་དང་། ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པ་དུས་མཉམ་སྟེ། སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་ལ་སྡོམ་པས་ཟིན་པའི་སེམས་བསྐྱེད་རྒྱུད་ལ་སྐྱེ་དགོས་ཤིང་དེ་སྐྱེས་པའི་ཚེ་འགྲོ་བའི་བྱ་བས་ཟིན་པའི་སེམས་བསྐྱེད་སྐྱེས་དགོས་ལ་དེ་ཉིད་ལམ་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །སྟོན་པ་དམྱལ་པའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཤད་པ་ལྟ་བུ་ལམ་མ་ཞུགས་ན་སེམས་བསྐྱེད་ཡོད་པར་བཤད་པ་ནི་སྨོན་པ་དང་འཇུག་པའི་སེམས་ཙམ་ལ་དགོངས་པའམ། གལ་ཏེ་སེམས་བསྐྱེད་མཚན་ཉིད་པ་ཡིན་ན་ནི། དེའི་ཚེ་ལམ་དུ་ཞུགས་པ་ལ་འགལ་བ་མེད་དོ། །སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་རྒྱུད་ལ་སྐྱེས་ནས་ཇི་སྲིད་གནས་ཀྱི་བར་དུ་ངོ་བོ་གཅིག་ཏུ་ལྡན་པ་ཡིན་ཏེ། དེ་གཉིས་དུས་མཉམ་དུ་སྐྱེས་པའི་ཚེ་སྨོན་འཇུག་གི་སེམས་ཙམ་ནི་སེམས་བྱུང་འདུན་པ་དང་སྨོན་འཇུག་གི་སེམས་བསྐྱེད་ཀྱི་གཙོ་བོ་ནི། མི་མཐུན་ཕྱོགས་སྤོང་བའི་སེམས་པའི་སྟེང་ནས་འཇོག་པ་ཡིན་པས། སེམས་པ་དེ་སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་དུ་ནམ་ཞིག་སོང་བའི་ཚེ་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་སེམས་བསྐྱེད་གཉིས་སུ་འགྱུར་བའི་ཕྱིར་རོ། །གལ་ཏེ་སྨོན་པ་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་རྫས་ཐ་དད་པ་དང་། འཇུག་པ་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་གཉིས་ཡོད་པས་ངོ་བོ་གཅིག་པར་ཡང་མ་ངེས་སོ་སྙམ་ན་མི་འཐད་དེ། གཙོ་བོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་སེམས་པ། རྫས་ཐ་དད་པ་གཉིས་ཅིག་ཅར་དུ་མི་སྲིད་པའི་ཕྱིར་རོ། །འོ་ན་སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་རྒྱུད་ལ་སྐྱེས་པའི་རྗེས་སུ་རྩ་ལྟུང་བྱུང་ནས་དེ་གཉིས་གཏོང་མི་སྲིད་པར་འགྱུར་ཏེ། དེ་སྐྱེས་པ་དང་ཐེག་ཆེན་གྱི་ཚོགས་ལམ་ཐོབ་པ་དུས་མཉམ་ཞིང་ཐེག་ཆེན་གྱི་ཚོགས་ལམ་ཐོབ་ནས་ལམ་མ་ཞུགས་སུ་འགྱུར་བ་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ཚོགས་ལམ་གྱི་གནས་སྐབས་སུ་ཡང་རྩ་ལྟུང་གི་དབང་གིས་བསླབ་པ་ལས་ཉམས་ནས་ངན་སོང་དུ་ལྟུང་བ་ཡོད་ཅིང་། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་མ་བཏང་ན་སྡོམ་པའི་རྩ་བ་མ་བཏང་བས་ལམ་ཞུགས་མ་ཡིན་པར་ཐལ་བའི་སྐྱོན་ཡང་མེད་དོ། །སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་ཡིན་ན་སྡོམ་པས་ཟིན་པ་དགོས་ན། སྤྱོད་འཇུག་ཏུ། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། སྨོན་པའི་སེམས་ནི་སྡོམ་པས་མ་ཟིན་པའི་སྨོན་པའི་སེམས་ཙམ་ལ་དགོངས་ཤིང་། ཇི་ལྟར་འཇུག་པའི་སེམས་བཞིན་དུ་ཞེས་པ་ནི་དེ་ཉིད་སྡོམ་པས་ཟིན་ནས་ལམ་ལ་འཇུག་པ་ལ་དགོངས་པའི་ཕྱིར་ཏེ། དེ་ཉིད་ཀྱི་མཇུག་ཏུ་གང་ནས་བཟུང་སྟེ་སེམས་ཅན་ཁམས་མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་གཞག་པ་ཁྱད་པར་མེད་ན། སྤྱོད་འཇུག་ཏུ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། གཞུང་དེས་ཐེག་ཆེན་གྱི་ལམ་དུ་ཞུགས་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཏུ་འགྲོ་བར་འདོད་པའི་བློ་དང་། འགྲོ་བའི་བྱ་བས་ཟིན་པ་གཉིས་ཡོད་པ་ལ། སྨོན་འཇུག་གཉིས་སུ་གཞག་པར་བསྟན་པས་ལུགས་འདི་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ་འགྲོ་བའི་བྱ་བས་ཟིན་པའི་ཚེ་འགྲོ་བར་འདོད་པའི་བློ་མེད་པ་ནི་ཤིན་ཏུ་མི་འཐད་དེ། འདི་ནི་འཇིག་རྟེན་གྱི་འགྲོ་བར་འདོད་པ་དང་། འགྲོ་བ་དཔེར་བྱས་པ་ཡིན་པས་འཇིག་རྟེན་ན་འགྲོ་བའི་བྱ་བས་ཟིན་ཀྱང་འགྲོ་བར་འདོད་པའི་བློ་མེད་ན་དེ་ཉིད་དུ་གནས་པའམ། ཕྱིར་ལྡོག་པར་མྱོང་བས་གྲུབ་པའི་ཕྱིར་རོ། །འགྲོ་བའི་བྱ་བས་མ་ཟིན་པའི་གོང་དུ་འགྲོ་བར་འདོད་པའི་བློ་ཙམ་ཡོད་པ་ནི་སྨོན་པའི་སེམས་ཙམ་ཡོད་པ་དང་མཚུངས་སོ། །འདི་ནི་འཕགས་སེང་གཉིས་ཀྱི་དགོངས་པ་ཡང་ཡིན་ཏེ། འཕགས་པས་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་སྐབས་ཀྱི་དམིགས་ཡུལ་བྱང་ཆུབ་མདོར་བསྡུས་པ་དེ་འདུན་ལྡན་སེམས་བསྐྱེད་ལ་གཞག་ཅིང་། སློབ་དཔོན་གྱིས་ནི་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པའི་སྐབས་ཀྱི་སེམས་བསྐྱེད་ལ་སྨོན་འཇུག་གཉིས་སུ་བཤད་ནས། དེ་ཉིད་དཔེའི་སྒོ་ནས་ཉེར་གཉིས་སུ་བྱས་པའི་མ་མཐའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་གཞག་པའི་ཕྱིར་རོ། །འོ་ན་སེམས་བསྐྱེད་ཐ་མ་གསུམ་པོ་དེ་ལ་སྨོན་འཇུག་གཉིས་ཀྱིས་ཁྱབ་པར་འགྱུར་ཞིང་། དེའང་འདོད་ན་སངས་རྒྱས་ཀྱི་སར་གཞག་པ་དང་འགལ་ལོ་ཞེ་ན་སློབ་དཔོན་གྱིས་ནི་དོན་བདུན་ཅུའི་ཐོག་མ་སེམས་བསྐྱེད་དང་། བར་དུ་ཚོགས་སྒྲུབ་ཀྱི་སྐབས་སུ་སྟོང་ཉིད་ཉི་ཤུའི་ཡུལ་ཅན་ཡེ་ཤེས་དང་། ཐ་མ་ཕྲིན་ལས་དང་གསུམ་གྱི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་གཞག་པས་དོན་གཞན་རྣམས་ཀྱི་ས་མཚམས་ཀྱང་བདེ་བླག་ཏུ་རྟོགས་པ་ལ་དགོངས་ནས་སངས་རྒྱས་ཀྱི་སར་གཞག་པ་ཡིན་གྱི་བྱང་སེམས་ཀྱི་རྒྱུད་ལ་དེ་གསུམ་མེད་པ་ནི་མ་ཡིན་ཏེ། ཤེར་ཕྱིན་གྱི་མདོ་དང་། མདོ་སྡེ་རྒྱན་དུ། སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་བྱང་སེམས་ཀྱི་རྒྱུད་ལ་གཞག་པའི་ཕྱིར་དང་། སྤྲིན་ལྟ་བུའི་སེམས་བསྐྱེད་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་འཇོག་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར། ཐེག་ཆེན་གྱི་ལམ་དུ་འཇུག་ཁ་མའི་དུས་སུ་སྨོན་འཇུག་གི་སེམས་ཙམ་ཡོད་ལ་དེའི་འབྲས་བུར་གྱུར་པའི་སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་དང་ཐེག་ཆེན་ལམ་དུ་ཞུགས་པ་དུས་མཉམ་པ་ཡང་འཕགས་སེང་གཉིས་ཀྱི་བཞེད་པ་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་པ་དེ་རྒྱུ་མིང་འབྲས་བུ་ལ་བཏགས་པར་བཞེད་པའི་ཕྱིར་དང་། དེ་ལས་གཞན་དུ་དུས་མཉམ་ཡིན་ན། རྒྱུ་མིང་འབྲས་བུ་ལ་བརྟགས་པར་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། དེང་སང་ཕལ་ཆེར་སྨོན་འཇུག་གཉིས་པོ་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་དབྱེ་བར་བྱས་ནས་དེ་གཉིས་ལ་ཀུན་རྫོབ་སེམས་བསྐྱེད་ཀྱིས་ཁྱབ་ཅིང་། དེ་གཉིས་དང་དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་མེད་པར་འདོད་དོ། །དེ་ནི་མི་འཐད་དེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པའི་སྐབས་ནས་བསྟན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གཉིས་ཀྱིས་བསྡུས་ཤིང་གཞུང་དེས་ཐེག་ཆེན་སེམས་བསྐྱེད་སྤྱིའི་མཚན་ཉིད་བསྟན་པ་ཡིན་གྱི། ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་མཚན་ཉིད་བསྟན་པ་མ་ཡིན་པའི་ཕྱིར་རོ། །དེས་ན་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཀྱིས་བྱང་སེམས་ཀྱི་རྒྱུད་ཀྱི་སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་ཀྱང་བསྡུས་ཤིང་དོན་དམ་སེམས་བསྐྱེད་ཀྱང་སེམས་བསྐྱེད་ཉེར་གཉིས་ཀྱིས་བསྡུས་པས། ཕར་ཕྱིན་དྲུག་དང་ལྡན་པའི་སེམས་བསྐྱེད་ལས་གཞན་དུ་འགྱུར་བའི་བྱང་སེམས་འཕགས་པའི་སེམས་བསྐྱེད་མེད་པའི་ཕྱིར་རོ། །ཐོགས་མེད་ཀྱི་བཞེད་པ་ཡང་ཡིན་ཏེ། བྱང་སའི་ཚུལ་ཁྲིམས་ལེའུར་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་དེ་འཇུག་པ་སེམས་བསྐྱེད་དུ་གསུངས་ཤིང་། དོན་དམ་སེམས་བསྐྱེད་ཀྱང་གསུམ་པོ་དེའི་ནང་དུ་འདུས་པའི་ཕྱིར་ཏེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱི་ནང་དུ་འདུས་པའི་ཕྱིར། གནད་ཀྱི་དོན་ནི་འདི་ཡིན་ཏེ། ས་དང་པོའི་མཉམ་གཞག་གི་ངོ་བོར་གྱུར་པའི་གཙོ་སེམས་གཅིག་གི་འཁོར་དུ་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག་སྟེ་སེམས་བྱུང་ཉེར་གཅིག་འབྱུང་ལ། ཀུན་འགྲོ་ལྔའི་ནང་ཚན་དུ་གྱུར་པའི་སེམས་པ་དང་། ཡུལ་ངེས་ལྔའི་ནང་ཚན་དུ་གྱུར་པའི་འདུན་པ་དེ་སྨོན་འཇུག་གི་སེམས་བསྐྱེད་དུ་སོང་བའི་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་སྨོན་འཇུག་གི་སེམས་སེམས་བྱུང་དུ་འགྱུར་བ་གོང་དུ་བཤད་ཟིན་ཏོ། །ཡུལ་ངེས་ལྔའི་ནང་ཚན་དུ་གྱུར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གཉིས་པོ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་སོང་བའི་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་དོན་དམ་སེམས་བསྐྱེད་དུ་སྒྱུར་བར་བྱེད་དོ། །དེས་ན་ས་དང་པོའི་མཉམ་གཞག་གིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང་མཚུངས་ལྡན་དང་བཅས་པའི་ཆ་ནས་སྨོན་པ་སེམས་བསྐྱེད་དང་། བྱང་ཆུབ་ཀྱི་ཆེད་དུ་ལམ་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའི་ཆ་ནས་འཇུག་པ་སེམས་བསྐྱེད། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཆ་ནས་དོན་དམ་སེམས་བསྐྱེད་དུ་འཇོག་པ་ནི་ཚད་ལྡན་གྱི་གཞུང་ལུགས་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་པ་ཡིན་ནོ། །འོ་ན་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་པོ་མི་འགལ་བར་འགྱུར་ཏེ། སྨོན་འཇུག་གཉིས་པོ་དང་དོན་དམ་སེམས་བསྐྱེད་མི་འགལ་བའི་ཕྱིར་ཞེ་ན། སྨོན་འཇུག་གི་སེམས་བསྐྱེད་ལ་ཀུན་རྫོབ་སེམས་བསྐྱེད་ཀྱིས་མ་ཁྱབ་པས་སྐྱོན་མེད་དོ། །ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ནི་ངོ་བོ་ཐ་དད་ཡིན་ཏེ། སྔ་མ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་པ་ལྟར་ཡིན་ལ་ཕྱི་མ་ནི། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སེམས་བསྐྱེད་ཐམས་ཅད་དང་། བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གི་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་ཀྱི་གཞི་མཐུན་ཡིན་ལ། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་ལ་མཉམ་པར་གཞག་པའི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་ཡིན་ནོ། །མདོར་བསྡུས་ན་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བའོ། །བྱང་སེམས་གྱི་སྡོམ་པའི་མཚན་ཉིད། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག མི་མཐུན་ཕྱོགས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་དབང་ལྡན་རྒྱུན་ཆགས་པའོ། །དབྱེ་བ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། མོས་པས་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་རྣམ་པར་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞིའོ། །དཔེའི་སྒོ་ནས་དབྱེ་ན་ས་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉེར་གཉིས་སོ། །དམིགས་ཡུལ་གྱི་སྒོ་ནས་དབྱེ་ན། སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་གཉིས་ཡོད་དེ། འབྲས་བུ་རྫོགས་པའི་བྱང་ཆུབ་ལ་དམིགས་པ་དང་། དེའི་རྒྱུ་ལམ་ལ་དམིགས་པ་གཉིས་ཡོད་པའི་ཕྱིར་རོ། །ངོ་བོའི་སྒོ་ནས་དབྱེ་ན་དོན་དམ་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་གཉིས་ཡོད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་དང་། མ་བསྡུས་པ་གཉིས་སུ་ཡོད་པའི་ཕྱིར་རོ། །སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་རིམ་པ་བཞིན། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག འབྲས་བུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་དང་། དེ་གང་ཞིག་བྱང་ཆུབ་ཀྱི་ཆེད་དུ་ལམ་སྒྲུབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །དོན་དམ་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་རིམ་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པའི་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་དང་། དེས་མ་བསྡུས་པའི་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བའོ། །སེམས་བསྐྱེད་བསྟན་ཟིན་ནས། ད་ནི་གདམས་ངག་བསྟན་པ་ལ་གཉིས་ཏེ། གདམས་ངག་སྟོན་པའི་རྒྱུ་མཚན་དང་། རྒྱུ་མཚན་གྱི་གདམས་ངག་དངོས་བཤད་པའོ། །དང་པོ་ནི། མདོར་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་པ་སྟེ། དེ་ལྟར་སེམས་བསྐྱེད་པའི་གང་ཟག་དེས་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་ཆོས་ཐམས་ཅད་རྫོགས་པའི་ཆེད་དུ་ཤེར་ཕྱིན་ལ་སྒྲུབ་དགོས་ན་ཇི་ལྟར་སྒྲུབ་པར་བགྱི་ཞེས་དྲིས་པའོ། །ལན་ནི་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་ཆོས་ཐམས་ཅད་རྫོགས་པ་ལ་ཤེར་ཕྱིན་ལ་འཇུག་པའི་སྒྲུབ་པ་ཉམས་སུ་ལེན་དགོས་པས་དེ་བརྗོད་བྱར་སྟོན་པའི་གདམས་པ་དང་། རྗེས་སུ་གདམས་པ་གཉིས་འཆད་ཅེས་པ་སྟེ། གདམས་ངག་གི་མདོ་རྫོགས་པའི་མཐར་ཡང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདམས་པ་སྟེ། འདི་ནི་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ལ་གདམས་ཞེས་པ་ལས་འཕྲོས་ནས་གང་ཟག་གང་ལ། སྟོན་པ་གང་གིས། སྒྲུབ་པ་གང་ལ། དགོས་པ་གང་གི་ཆེད་དུ་གདམས། གདམས་པ་དང་རྗེས་བསྟན་གྱི་ཁྱད་པར་གང་ཡིན་ཞེ་ན། དང་པོ་ནི་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པའི་ཆེད་དུ་གདམས་ངག་དོན་དུ་གཉེར་བའི་གང་ཟག་ལའོ། །གཉིས་པ་ནི་སྤྲུལ་པའི་སྐུ་ལྟ་བུས་སོ། །གསུམ་པ་ནི་ཐེག་ཆེན་གྱི་སྒྲུབ་པ་ལའོ། །བཞི་པ་ནི་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་རང་གཞན་གྱི་དོན་མཐར་ཐུག་པ་འདི་རྫོགས་པའི་ཆེད་དུའོ། །ལྔ་པ་ནི་དེ་ལ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་ནི་གདམས་པ་དང་རྗེས་སུ་སྟོན་པ་ཡིན་ཏེ། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྐྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་པ་ཡིན་ལ། དེའི་འོག་ཏུ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པ་ཡིན་ནོ། །གཉིས་པ་གདམས་ངག་དངོས་ནི། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་སོགས་ཏེ། འདི་ལ་སྔ་རབས་པ་རྣམས་སྒྲུབ་པའི་ངོ་བོ་དང་། དམིགས་ཡུལ་དང་ཁྱད་པར་གྱི་ཆོས་ལ་འདོམས་པ་གསུམ་དུ་མཛད་ཀྱང་འཕགས་སེང་གཉིས་ཀྱི་དོན་བསྡུའི་གཞུང་ལྟར་ན་སྒྲུབ་པའི་ངོ་བོ་ལ་འདོམས་པ་དང་། ཁྱད་པར་ལ་འདོམས་པ་གཉིས་སུ་འདུས་ཏེ། དམིགས་པ་དང་རྟེན་ལ་སོགས་པ་རྣམས་ཁྱད་པར་གྱི་ཆོས་སུ་མཚུངས་པའི་ཕྱིར་རོ། །དང་པོ་སྒྲུབ་པའི་ངོ་བོ་ལ་འདོམས་པ་ལ་བདེན་པ་གཉིས་ལས་མི་འདའ་བའི་སྒྲུབ་པ་ངོས་གཟུང་། དེ་ཉན་ཐོས་དང་ཐུན་མོང་མ་ཡིན་པར་བསྟན་པ། དེ་ལ་འདོམས་པའི་གདམས་ངག་དངོས་དང་གསུམ་ལས། དང་པོ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་སེམས་ཆེན་པོས་ཡུམ་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀར་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་བྱང་སེམས་ཆེན་པོ་ཡོད་བཞིན་དུ་བྱང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་སེམས་ཀྱི་མིང་ཡང་། བྱང་ཆུབ་ཀྱང་། བྱང་ཆུབ་ཀྱི་མིང་ཡང་། ཡུམ་ཡང་། ཡུམ་གྱི་མིང་ཡང་། སྤྱོད་ཅེས་བྱ་བར། མི་སྤྱོད་ཅེས་བྱ་བར་ཡང་། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་སེམས་དང་དེའི་མིང་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་སོ། །འདི་དག་གི་དོན་ལ་མདོ་སྡེ་རྒྱན་དང་། ཀུན་བཏུས་དང་། བརྒྱད་སྟོང་དོན་བསྡུས་སོགས་སེམས་ཙམ་པའི་གཞུང་ལུགས་རྣམས་ལས། རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོར་ཤེར་ཕྱིན་རྣམ་པར་མི་རྟོག་པ་བཅུ་བསྒོམ་པ་ལ་སྦྱར་ནས་འཆད་དོ། །ཡུམ་དོན་དབུ་མར་འགྲེལ་བ་རྣམས་ཀྱིས་ནི་བདེན་གཉིས་ལས་མི་འདའ་བའི་སྒྲུབ་པ་བསྟན་པར་བཞེད་དེ། ཉིར་སྣང་དུ། མི་དམིགས་པའི་རྣམ་པ་ཅན་ལ་སྦྱར་བ་ཙམ་མ་གཏོགས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་ལ་སྦྱར་བའི་གསལ་ཀ་མི་སྣང་ཡང་། སློབ་དཔོན་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་ཞེས་གསུངས་པ་ལྟར་ན། རྔོག་དང་ཨར་གྱིས། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཞེས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་བསྟན་པར་བཞེད་ཀྱང་། མཁས་གྲུབ་གཡག་པས། བྱང་སེམས་ཆེན་པོ་ཡོད་བཞིན་དུ། །ཅེས་པས་བསྟན་པར་བཞེད་པ་ཉིད་ལེགས་ཏེ། བྱང་ཆུབ་ཀྱི་མིང་ཡོད་བཞིན་དུ་ཞེས་པ་ནས་རྣམ་པར་ཤེས་པ་ཡོད་བཞིན་དུ་ཅེས་པའི་བར་ཐམས་ཅད་ལ་གསལ་བྱེད་དུ་སྦྱར་བར་བྱ་བ་ཡིན་པས་དོན་དམ་དུ་མི་དམིགས་པ་ཐམས་ཅད་ལ་ཡང་ཀུན་རྫོབ་ཏུ་སྣང་བ་ཙམ་མི་འགོག་པའི་ཀུན་རྫོབ་ལས་མི་འདའ་བ་རེ་རེ་འབྱུང་བའི་ཕྱིར་རོ། །དོན་དམ་ལས་མི་འདའ་བ་ནི་བྱང་ཆུབ་སེམས་དཔའ་ལ་སྤྱོད་པ་པོ་བྱང་ཆུབ་སེམས་དཔར་མངོན་པར་ཞེན་པ་དང་། སྤྱོད་པའི་འབྲས་བུ་བྱང་ཆུབ་ཏུ་ཞེན་པ་དང་། སྤྱོད་པར་བྱ་བ་ཤེར་ཕྱིན་དུ་ཞེན་པ་དང་། སྤྱོད་པ་རང་གི་ངོ་བོ་བཟློག་ཟླ་དང་བཅས་པར་ཞེན་པ་དང་། ཤེས་བྱ་ཕུང་པོ་ལྔར་ཞེན་པ་སྟེ་ལྔ་ཡོད་པས་དེའི་གཉེན་པོ་བྱང་སེམས་དང་། བྱང་ཆུབ་དང་། ཡུམ་དང་། སྤྱོད་སོགས་མཐའ་བཞི་དང་། ཕུང་པོ་ལྔར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་ཏོ། །གཉིས་པ་ནི་མདོར། ཤཱ་རིའི་བུ་གལ་ཏེ་ཕྱོགས་བཅུ་རེ་རེའི་ཞིང་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདིར། དགེ་སློང་ཤཱ་རིའི་བུ་དང་། མོདྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུ། འོད་མ། བུ་རམ་ཤིང་། སྨྱིག་མ། འབྲས། ཏིལ་གྱི་ཚལ་ལམ་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་བྱང་སེམས་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམ་པ་ཙམ་གྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་དང་། བརྒྱ་སྟོང་དང་། བྱེ་བ་བརྒྱ་སྟོང་དང་། གྲངས་དང་། ཆར་ཡང་། བགྲང་བར་ཡང་། རྒྱུར་ཡང་། དཔེར་ཡང་ཉེ་བར་མི་འགྲོ་བ་ནས་དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་སེམས་ཀྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཞེས་སོགས་རྒྱ་ཆེར་གསུངས་སོ། །འདི་ལ་གང་དང་ཐུན་མོང་མ་ཡིན་པའི་ཉན་ཐོས་ཀྱི་རྟོགས་པ་ངོས་གཟུང་། གང་ཐུན་མོང་མ་ཡིན་པའི་བྱང་སེམས་ཀྱི་ཤེས་རབ་ངོས་གཟུང་། ཇི་ལྟར་ཐུན་མོང་མ་ཡིན་པའི་ཚུལ་དང་། ཐུན་མོང་མ་ཡིན་པའི་སྒྲུབ་བྱེད་བསྟན་པ་དང་བཞི་ལས། དང་པོ་ནི། འདི་ལྟ་སྟེ་ཞེས་པ་ནས། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་ཞེས་པའི་བར་གྱིས་བསྟན་ཏོ། །དགེ་སློང་ཤཱ་རིའི་བུ་དང་། མོངྒལ་གྱི་བུ་ལྟ་བུ་ཤ་སྟག་ཅེས་པ་ནི་འོག་ནས་འཆད་པ་ལྟར་གྱི་རྟོགས་རིགས་མཐུན་པ་ཤ་སྟག་གིས་ཞེས་པའི་དོན་ཏོ། །འདམ་བུ་ནས་ཏིལ་གྱི་བར་གྱིས་ཉན་ཐོས་ཀྱི་རྟོགས་པ་ཆོས་དྲུག་བསྟན་ཏེ། ཉན་ཐོས་ཀྱི་སྦྱོར་ལམ་དྲོད་དེ་འདམ་བུ་ལྟ་བུར་ལས་ཉོན་གྱི་གནོད་པ་ཆུང་ངུ་མི་བཟོད་པ་དང་། རྩེ་མོ་ནི་འོད་མ་ལ་མེ་མཚོན་དག་གི་བཞིན་དུ་ལས་ཉོན་གྱི་གནོད་བྱེད་དྲག་པོ་དང་ཕྲད་ཀྱང་དགེ་རྩ་མི་འཆད་པ་དང་། བཟོད་པ་ནི་བུ་རམ་ཤིང་དང་འདྲ་བར་ངན་སོང་ཆད་པའི་ཕྱིར་བདེ་འགྲོར་ཆོས་བསྒོམ་པའི་མངར་བ་ལས་མི་འདའ་བ་ཉིད་དང་། ཆོས་མཆོག་ནི་སྨྱིག་མ་དང་འདྲ་བར་མྱུར་དུ་བདེན་པ་མངོན་པར་རྟོགས་པར་བྱེད་པ་དང་། མཐོང་ལམ་ནི་འབྲས་དང་འདྲ་བར་འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པ་མཆོག་ཡིན་པ་དང་། སྒོམ་ལམ་ནི་ཏིལ་ལ་མེ་ཏོག་དང་དྲི་ལ་སོགས་པ་རིགས་གཅིག་ཀྱང་ནུས་པ་ཐ་དད་དུ་ཡོད་པ་ལྟར། མཐོང་ལམ་ལས་རྟོགས་རིགས་ཐ་དད་དུ་མེད་ཀྱང་དུས་གཞན་དུ་སྒོམ་སྤང་སྤོང་བའི་ཁྱད་པར་ཡོད་པའི་དབང་དུ་བྱས་ནས་དཔེ་དྲུག་པོ་རྣམས་བསྟན་པའི་ཕྱིར་རོ། །ཚལ་སྨོས་པ་ནི་རྟོགས་རིགས་གཅིག་པའི་གང་ཟག་རྣམས་དབང་པོའི་ཁྱད་པར་ཐ་དད་པ་ཡོད་ཀྱང་དྲོད་ལ་སོགས་པར་རིགས་གཅིག་ཅེས་པའི་དོན་ཏོ། །ལམ་སྔ་མ་སྔ་མ་ནི་དཔེ་ཕྱི་མ་དྲངས་པའི་ཆེད་ཡིན་ལ། ཐ་མར་ལམ་སྨོས་པ་ནི་འཕགས་པའི་གང་ཟག་དེ་རྣམས་ཀྱི་མཐོང་ཆོས་ལ་བདེར་གནས་ཤེས་པའི་ཆེད་ཡིན་ནོ། །གཉིས་པ་ནི། བྱང་སེམས་ཆེན་པོ་ཉིན་གཅིག་ཤེས་རབ་བསྒོམས་པའི་ཤེས་རབ་ཀྱི་ཞེས་པ་སྟེ། ཉིན་གཅིག་ཤེས་རབ་བསྒོམས་པ་ལ་ནུས་པ་དེ་ཙམ་ཡོད་པའི་བྱང་སེམས་ཀྱི་ཤེས་རབ་ཉིད་ཡིན་ནོ། །འོ་ན་དེ་ལྟ་བུའི་བྱང་སེམས་དེ་ཅི་སེམས་དང་པོ་བསྐྱེད་པའམ། སྤྱོད་པ་ལ་ཞུགས་པའམ། ཕྱིར་མི་བཟློག་པའམ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡིན། རེ་ཞིག་བཞི་པ་ནི་མ་ཡིན་ཏེ། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པས་ཉན་རང་ལས་ཁྱད་པར་དུ་འཕགས་པར་གྲུབ་ཟིན་པའི་ཕྱིར་རོ། །ཕྱིར་མི་བཟློག་པའི་བྱང་སེམས་ཀྱང་མ་ཡིན་ཏེ། ས་བརྒྱད་པ་ལ་དགོངས་པ་ཅན་གྱི་མྱང་འདས་བཀག་པས་ཉན་རང་ལས་ཁྱད་པར་དུ་འཕགས་པ་གྲུབ་ཟིན་པའི་ཕྱིར་ཏེ། མདོ་སྡེ་ས་བཅུ་པར། དེ་བཞིན་གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་མངོན་པར་འགྲུབ་པའི་སྒོ་ལ་བཅུག་པར་མ་གྱུར་ན་ནི་འདི་དེའི་ཚེ་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་དེའི་མྱ་ངན་ལས་འདས་པ་དེ་ནི་ཉན་ཐོས་ཀྱི་མྱང་འདས་ནི་མ་ཡིན་ཏེ། དེ་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་སྤངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། བསྒོམས་པས་སྤང་བར་བྱ་བ་མ་སྤངས་པའི་ཕྱིར་རོ། །དེས་ན་གང་ཞིག་ཡིན་ཞེ་ན། སྤྱིར་མྱང་འདས་ལ་རྩེ་མོ་ཐོབ་པ་ན་དགེ་རྩ་ཆད་པ་མྱ་ངན་ལས་འདས་པ་དང་། བཟོད་པ་ཐོབ་པ་ན་ངན་འགྲོ་མྱ་ངན་ལས་འདས་པ་དང་། བསམ་གཏན་ཐོབ་པ་ན་དེའི་ཡན་ལག་མྱ་ངན་ལས་འདས་པ་དང་། རྒྱུན་ཏུ་ཞུགས་པ་ན་སྲིད་པ་བརྒྱད་པ་མྱ་ངན་ལས་འདས་པ་དང་། ཕྱིར་འོང་བ་ལ་འདོད་པའི་སྲིད་པ་གཉིས་པ་མྱ་ངན་ལས་འདས་པ་དང་། ཕྱིར་མི་འོང་བ་འདོད་པའི་ཁམས་མྱ་ངན་ལས་འདས་པ་དང་། དགྲ་བཅོམ་པ་རྣམས་ལ་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་དང་། དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་དང་རྣམ་པ་བརྒྱད་ཡོད་པ་ལས་ཕྱི་མ་སྟེ་རེ་ཞིག་གཞན་དོན་རྒྱུན་ཆད་པ་ལ་དགོངས་ནས་མྱང་འདས་སུ་བཏགས་པ་ཡིན་ནོ། །སྤྱོད་པ་ལ་ཞུགས་པའི་བྱང་སེམས་ཡང་མ་ཡིན་ཏེ། རྒྱུན་ཏུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་འཆད་པར་འགྱུར་བས་ཉན་ཐོས་ལས་ཁྱད་པར་དུ་འཕགས་པར་གྲུབ་ཟིན་པའི་ཕྱིར་རོ། །འོ་ན་གང་ཡིན་ཞེ་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཀུན་རྫོབ་ཀྱི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་པོ་གསུམ་གྱི་སྐབས་སུ་བསྟན་པའི་བྱང་ཆུབ་སེམས་དཔའོ། །གསུམ་པ་ནི་འོ་ན་དེ་ལྟ་བུའི་བྱང་སེམས་ཀྱི་ཉིན་གཅིག་བསྒོམས་པའི་ཤེས་རབ་དེ་སྔར་བཤད་པའི་རྟོགས་པ་ཆོས་དྲུག་ལས་ཇི་ལྟར་ཁྱད་པར་དུ་འཕགས་ན། འདི་ལ་གྲངས་ཀྱི་ཁྱད་པར། མཐུའི་ཁྱད་པར། རིགས་ཀྱི་ཁྱད་པར། རྒྱུའི་ཁྱད་པར། དཔེའི་ཁྱད་པར་དང་ལྔ་ལས། དང་པོ་ནི་བརྒྱའི་ཆར་ཡང་ཞེས་པ་ནས་གྲངས་སུ་ཡང་ཞེས་པའི་བར་དང་། གཉིས་པ་ནི་ཆར་ཡང་། གསུམ་པ་ནི་བགྲང་བར་ཡང་། བཞི་པ་ནི་རྒྱུར་ཡང་། ལྔ་པ་ནི་དཔེར་ཡང་། ཞེས་པས་སྟོན། བཞི་པ་ནི་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བས་རྟོགས་པ་ལ་ཁྱད་པར་མེད་པ་མ་ཡིན་ནམ། ཅིའི་ཕྱིར་ཁྱད་པར་དུ་འཕགས་ཤེ་ན་བྱང་ཆུབ་སེམས་དཔའ་རྣམས་ནི་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་ཆེད་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། རྟོགས་པ་ཆོས་སྐུ་ཐོབ་པར་བྱེད་པའི་མཚན་ཉིད་ཅན་གྱི་སྒོ་ནས་སྦྱིན་གནས་སུ་གྱུར་པ་སྒྲུབ་པར་བྱེད་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ཅིའི་ཕྱིར་སྦྱིན་གནས་སུ་འགྱུར་ཞེ་ན་དགེ་བ་བཅུའི་ལས་ཀྱི་ལམ་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལ་སོགས་པ་དང་། ལྷའི་རིགས་ཐམས་ཅད་དང་། རྒྱུན་ཏུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་གྱི་ཤེས་རབ་རྣམས་བྱང་སེམས་མེད་ན་མི་འབྱུང་བར་བསྟན་པའི་ཕྱིར་རོ། །འོ་ན་ཆེད་དུ་བྱ་བ་དང་། སྦྱོར་བ་དང་། རྟོགས་པ་རྣམས་བྱང་སེམས་ཉིན་གཅིག་ཤེས་རབ་བསྒོམས་པའི་འབྲས་བུར་མི་འཐད་དེ། བསྐལ་པ་གྲངས་མེད་གསུམ་དུ་ཤེས་རབ་བསྒོམས་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེ་ན། མར་མེའི་དཔེ་ལ་བརྟེན་ནས་མི་འགལ་བའི་ལན་གདབ་པར་བཤད་དོ། །གསུམ་པ་དེ་ལ་འདོམས་པའི་གདམས་ངག་དངོས་ནི། ཡུལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གདམས་ངག་དོན་དུ་གཉེར་བའི་བྱང་སེམས་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྒྲུབ་པའི་ཆེད་དུ་བདེན་གཉིས་ལས་མི་འདའ་བར་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཤེར་ཕྱིན་སྒྲུབས་ཤིག་ཅེས་འདོམས་པར་བྱེད་པའི་མདོ་ཚིག་གོ །དེས་ན་འདིར་བསྟན། གདམས་ངག་བཅུ་པོ་ཐམས་ཅད་ཤེར་ཕྱིན་གྱི་མདོ་ཡིན་གྱི། རྒྱན་གྱི་ཚིག་ལ་འདིར་བསྟན་གདམས་ངག་བཅུ་འཇོག་པ་ནི་བརྗོད་བྱ་རྗོད་བྱེད་མ་ཕྱེད་པའོ། །གཉིས་པ་སྒྲུབ་པའི་ཁྱད་པར་ལ་འདོམས་པ་ལ་གཉིས་ཏེ། ཁྱད་པར་དུ་འགྱུར་བའི་ཚུལ་དང་། དཀའ་བའི་གནས་ལ་དཔྱད་པའོ། །དང་པོ་ནི། སྣང་ཙམ་ལ་སྐུར་བ་མི་འདེབས་ཤིང་དོན་དམ་པར་མི་དམིགས་པའི་བདེན་གཉིས་ལས་མི་འདའ་བ་ཙམ་གྱིས་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བཤད་པའི་ཡོན་ཏན་རྣམས་སྒྲུབ་ནུས་སམ་སྙམ་ན་དེ་ལ་ཡང་ཁྱད་པར་གྱི་ཆོས་དམིགས་པ་ལ་སྒྲོ་འདོགས་གཅོད་པ་དང་། སྐྱབས་གསུམ་ལ་བརྟེན་པ་དང་། མི་མཐུན་ཕྱོགས་སེལ་བར་བྱེད་པའི་བརྩོན་འགྲུས་དང་། གནས་སྐབས་སུ་ཐོབ་པའི་ཡོན་ཏན་དང་། མཐར་ཐུག་པར་བྱེད་པའི་རྒྱུ་རྣམས་དགོས་སོ་ཞེས་པ་ནི། བདེན་པ་རྣམས་དང་ནི་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །འདིར་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་བདེན་པ་བཞི་ལ་གཞག་པ་དང་། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཅེས་པའི་སྐབས་སུ་ཆོས་ཐམས་ཅད་ལ་གཞག་པ་དང་། འདི་ཡི་དམིགས་པ་དངོས་མེད་དེ། །ཅེས་པའི་སྐབས་སུ་བདེན་པའི་དངོས་པོ་མེད་པ་ལ་གཞག་པ་གསུམ་གྱི་ཁྱད་པར་ནི་རྟོགས་རིགས་ཐུན་མོང་བའི་དམིགས་པ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་ཀྱི་དམིགས་པ་དང་། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པའི་དབང་དུ་བྱས་པའོ། །གཞན་དག་ནི་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་ངོ་། །རྟོགས་རིགས་ཐུན་མོང་གི་དབང་དུ་བྱས་ན་ཐེག་ཆེན་གྱི་སྒྲུབ་པས་ཀྱང་བདེན་པ་བཞི་ལ་དམིགས་ཏེ། སྐབས་གསུམ་པར་བསྟན་པའི་མཐོང་ལམ་གྱི་དམིགས་པ་བདེན་བཞི་ལ་བཤད་པའི་ཕྱིར་རོ། །སྐྱབས་གསུམ་པོ་ནི་སྒྲུབ་པའི་རྟེན་ཡིན་ཏེ། ཚོགས་སྦྱོར་གྱི་གནས་སྐབས་སུ་ཆོས་དང་དགེ་འདུན་ལ་བརྟེན་ནས་དེ་ཐོབ་པའི་ཆེད་དུ་སྒྲུབ་པ་ཉམས་སུ་ལེན། འཕགས་པའི་གནས་སྐབས་སུ་སངས་རྒྱས་དཀོན་མཆོག་ལ་བརྟེན་ནས་དེ་ཐོབ་པའི་ཆེད་དུ་སྒྲུབ་པ་ཉམས་སུ་ལེན་པའི་ཕྱིར་རོ། །བརྩོན་འགྲུས་གསུམ་པོ་ནི་སྒྲུབ་པའི་མི་མཐུན་ཕྱོགས་སེལ་བར་བྱེད་པ་ཡིན་ཏེ། མ་ཞེན་པའི་བརྩོན་འགྲུས་ཀྱིས་བྱ་བ་ངན་ཞེན་གྱི་ལེ་ལོ་སྤངས་ནས་སྒྲུབ་པ་ཁྱད་པར་དུ་འགྲོ་བར་བྱེད། ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ཀྱིས་སྒྱིད་ལུག་པའི་ལེ་ལོ་སྤངས་ནས་སྒྲུབ་པ་སླར་མི་ལྡོག་པར་བྱེད། ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཀྱིས་སེམས་ཞུམ་པའི་ལེ་ལོ་སྤངས་ནས་ཐེག་དམན་དུ་མི་ལྟུང་བར་བྱེད་པའི་ཕྱིར་རོ། །སྤྱན་དང་མངོན་ཤེས་ནི་སྒྲུབ་པའི་ཡོན་ཏན་ཡིན་ཏེ། སྤྱན་ལྔས་རང་དོན་བླང་དོར་ལ་གཞན་གྱི་དྲིང་མི་འཇོག་པར་བྱེད། མངོན་ཤེས་དྲུག་གིས་རྣམ་མཁྱེན་གྱི་རྒྱུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །མཐོང་ལམ་དང་། སྒོམ་ལམ་གཉིས་པོ་ནི་སྒྲུབ་པ་མཐར་ཐུག་པར་བྱེད་པའི་རྒྱུ་ཡིན་ཏེ། སྒྲུབ་པ་མཐར་ཐུག་པ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སྤང་དགོས་པའི་ཕྱིར་རོ། །སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་དགུར་གྲངས་ངེས་པ་ནི་སྒྲུབ་པའི་ངོ་བོ་དེས་བསྒྲུབ་བྱ་མཐར་ཐུག་སྒྲུབ་པ་ལ། དགུ་པོ་གང་རུང་ཞིག་མ་ཚང་ན་སྒྲུབ་མི་ནུས་ཤིང་དགུ་ཆར་ཚང་བས་སྒྲུབ་དགོས་པའི་ཕྱིར་རོ། །གོ་རིམ་ནི་བཤད་པའི་གོ་རིམ་ཙམ་ཡིན་པར་མངོན་ནོ། །དེ་དག་ལ་འདོམས་པའི་གདམས་ངག་གི་ངོས་འཛིན་ནི་སྔ་མ་ལ་དཔག་ནས་ཤེས་པར་བྱའོ། །གཉིས་པ་ལ་དཀོན་མཆོག་གསུམ་གྱི་འདོད་ཚུལ་གྱི་ཁྱད་པར་དང་། སྤྱན་དང་མངོན་ཤེས་ཀྱི་ཁྱད་པར་དང་། མཐོང་སྒོམ་རྟོགས་རིགས་ཐ་དད་མེད་པའི་དོན་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ། བྱེ་བྲག་ཏུ་སྨྲ་བས། སངས་རྒྱས་ནི་སངས་རྒྱས་ཀྱི་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་འཁོར་དང་བཅས་པ་ཁོ་ན་ཡིན་ལ། ཆོས་ནི་མྱ་ངན་ལས་འདས་པ་སོ་སོར་བརྟགས་པའི་འགོག་པ་ཡིན་ཞིང་། དགེ་འདུན་དཀོན་མཆོག་ནི་སངས་རྒྱས་ལས་གཞན་པའི་སློབ་མི་སློབ་ཀྱི་རྒྱུད་ཀྱི་ལམ་བདེན་འཁོར་དང་བཅས་པ་ཡིན་པར་འདོད་དེ། མཛོད་དུ། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །མདོ་སྡེ་པས་སངས་རྒྱས་ནི་སངས་རྒྱས་ཀྱི་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་ཀྱི་ཡེ་ཤེས་འཁོར་དང་བཅས་པ་དང་། གཟུགས་ཀྱི་སྐུ་ཡང་སངས་རྒྱས་སུ་འདོད་ལ་ཆོས་ཀྱི་འདོད་ཚུལ་འདྲའོ། །དགེ་འདུན་ནི་སངས་རྒྱས་ལས་གཞན་པའི་སློབ་པ་དང་། མི་སློབ་པ་དང་དེ་དག་གི་རྒྱུད་ཀྱི་ལམ་བདེན་འཁོར་དང་བཅས་པ་ཡིན་པར་འདོད་དེ། མཛོད་རང་འགྲེལ་དུ་བསྟན་བཅོས་ལས་ནི་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ཞེས་དེ་སྐད་དུ་མི་འབྱུང་ངོ་། །འོ་ན་ཇི་སྐད་དུ་འབྱུང་ཞེ་ན་སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་སྟེ། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས་དེའི་ཕྱིར་ཀླན་ཀར་མི་རུང་བ་ཉིད་ཅེས་སོ། །གང་ཞིག་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་མྱ་ངན་ལས་འདས་པ་བདག་དང་གཞན་གྱི་རྒྱུད་ཉོན་མོངས་པ་རྣམ་པར་དག་པ་དང་། དུཿཁ་ཞི་བར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང་། དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་དགེ་སློང་དུ་འགྱུར་རོ་ཞེས་སོ། །སེམས་ཙམ་པས་ཐུབ་པའི་སྐུ་གསུམ་སངས་རྒྱས་དཀོན་མཆོག་ཡིན་ལ། བསྟན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་། སྒྲུབ་པའི་ཆོས་འཕགས་ལམ་ཡན་ལག་བརྒྱད་འཁོར་བཅས་དང་། དོན་དམ་པའི་ཆོས་གློ་བུར་གྱི་དྲི་མས་དག་པའི་ཆོས་ཀྱི་དབྱིངས་ནི་ཆོས་དཀོན་མཆོག་ཡིན་ཞིང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཞུགས་གནས་བརྒྱད་དང་། རང་སངས་རྒྱས་རྣམས་ཀྱང་དགེ་འདུན་དཀོན་མཆོག་ཏུ་འདོད་དེ། དབྱིག་གཉེན་གྱིས། དམིགས་མེད་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་པའི་སྐུ། །ཅིར་ཡང་སྤྲུལ་པའི་སྐུར། །གུས་པས་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས། །སྒྲུབ་པའི་འཕགས་ལམ་བརྒྱད། །སྟོན་པའི་གསུང་རབ་ལ། །གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་རྣམས་དང་། །དགྲ་བཅོམ་དག་ལ་སོགས། །རང་སངས་རྒྱས་རྣམས་ལ། །གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དབུ་མ་ཐལ་འགྱུར་བ་འགའ་ཞིག སངས་རྒྱས་ནི་སྐུ་གསུམ། ཆོས་ནི་མྱ་ངན་ལས་འདས་པ། དགེ་འདུན་ནི་གང་ཟག་བརྒྱད་དུ་འདོད་དེ། ཟླ་གྲགས་ཀྱིས། ཐུབ་དབང་དག་གི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཁོངས་སུ་གཏོགས་པར་འདོད་དེ། ཤཱ་རིའི་ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔའ་ཕྱག་བྱས་ཕྱིར། །འདི་དག་དཀོན་མཆོག་གསུམ་གཞན་མེད། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་གསུངས་སོ། །རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ལ་སོགས་པའི་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་སྐུ་ནི་སངས་རྒྱས་དཀོན་མཆོག བསམ་མེད་གཉིས་མེད་ལ་སོགས་པའི་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་རྣམ་བྱང་གི་བདེན་པ་ནི་ཆོས་དཀོན་མཆོག ཇི་ལྟ་ཇི་སྙེད་རིག་པ་ལ་སོགས་པའི་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཕྱིར་མི་ལྡོག་པའི་བྱང་སེམས་འཕགས་པ་ནི་དགེ་འདུན་དཀོན་མཆོག་ཏུ་གསུངས་ཏེ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་ཉིད་ལྡན་པའི་སངས་རྒྱས་ཉིད། །ཅེས་དང་། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་པ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་དང་། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །འདི་དག་ནི་གནས་སྐབས་སྐྱབས་གསུམ་དུ་བཞག་པ་ཡིན་གྱི། མཐར་ཐུག་གི་སྐྱབས་གསུམ་ནི་སངས་རྒྱས་གཅིག་ཉིད་ལ་གསུམ་ཆར་ཚང་བར་ཡོད་དོ། །འོ་ན་འདིར་གང་གཟུང་ཞེ་ན། རྒྱུད་བླ་ནས་གསུངས་པའི་གནས་སྐབས་སྐྱབས་གསུམ་པོ་དེ་ཉིད་གཟུང་བར་འཕགས་སེང་གཉིས་ཀྱི་བཞེད་དོ། །གཉིས་པ་ལ་སྤྱིའི་ཁྱད་པར་དང་། སོ་སོའི་ཁྱད་པར་གཉིས་ལས། དང་པོ་ལ་གང་ལས་གསུངས་པའི་སྡེ་སྣོད་ཀྱི་ཁྱད་པར། གང་ལ་ལྡན་པའི་གང་ཟག་གི་ཁྱད་པར། གང་ལས་བྱུང་བ་རྒྱུའི་ཁྱད་པར། བྱ་བ་ལས་ཀྱི་ཁྱད་པར་དང་བཞི་ལས། དང་པོ་ནི། སྤྱན་ལྔ་ནི་ཤེར་ཕྱིན་གྱི་མདོ་དང་། བསྟན་བཅོས་ཁོ་ན་ལས་གསུངས་ལ། མངོན་ཤེས་དྲུག་ནི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀ་ལས་གསུངས་སོ། །གཉིས་པ་ནི། སྤྱན་ལྔ་ནི་ཐེག་ཆེན་གྱི་གང་ཟག་ཁོ་ནའི་རྒྱུད་པ་ཡོད་ལ། མངོན་ཤེས་དྲུག་ནི་ཐེག་པ་གསུམ་ཆར་དང་། དང་པོ་ལྔ་ནི་ལམ་མ་ཞུགས་ཀྱི་གང་ཟག་ལ་ཡང་ཡོད་དོ། །གསུམ་པ་ནི། སྤྱན་ལྔ་ནི་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་དང་འབྲིང་གི་གནས་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་པ་ལས་འབྱུང་ལ། མངོན་ཤེས་དྲུག་ནི་ཕར་ཕྱིན་དྲུག་གི་ཉམས་ལེན་མེད་ཀྱང་བསམ་གཏན་གྱི་དངོས་གཞི་བསྒོམ་ཞིང་རྣམ་གནས་ཡིད་ལ་བྱེད་པ་ལས་འབྱུང་ངོ་། །འོན་ཀྱང་བྱང་སེམས་ཀྱི་རྒྱུད་ཀྱི་མངོན་པར་ཤེས་པ་དྲུག་ནི། བསམ་གཏན་བཞི་པ་ཤིན་ཏུ་དག་པ་བ་དང་། མི་རྟོག་ཡེ་ཤེས་ཀྱི་ཉམས་ལེན་གྱིས་ཟིན་པ་དང་། རྣམ་གནས་ཡིད་ལ་བྱེད་པ་གསུམ་ལས་འབྱུང་བར་མདོ་སྡེ་རྒྱན་དུ་བཤད་དོ། །བདག་རྐྱེན་ལ་ཡང་སྤྱན་ལྔ་ནི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ཏེ། བཙུན་པ་ངོ་བོ་ཉིད་མེད་པས། ཤའི་སྤྱན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་ཤེས་ཞེས་གསུངས་སོ། །མངོན་ཤེས་དྲུག་ནི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ཏོ། །བཞི་པ་ནི། སྤྱན་ལྔས་ནི་སྒྲུབ་པ་ལ་གཞན་གྱི་དྲིང་མི་འཇོག་པར་བྱེད་དེ། ཤའི་སྤྱན་གྱིས་ཡར་སྟོན་པ་དང་། མར་སློབ་མ་གང་ན་ཡོད་པ་ཤེས། ལྷས་གདུལ་བྱ་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས། ཤེས་རབ་ཀྱིས་བསྒོམ་པར་བྱ་བའི་བདག་མེད་གཉིས་ཤེས། ཆོས་ཀྱིས་གྲོགས་དགེ་འདུན་གྱི་རྟོགས་པ་ཤེས། སངས་རྒྱས་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པའི་ཕྱིར་རོ། །མངོན་ཤེས་ལ་ཐེག་དམན་གྱི་རྒྱུད་ཀྱི་མངོན་ཤེས་དྲུག་དང་། ལམ་མ་ཞུགས་ཀྱི་མངོན་ཤེས་དང་པོ་ལྔས་ནི་རང་གཞན་གྱི་དོན་ཅི་རིགས་པ་སྒྲུབ་པ་ཙམ་ཡིན་ལ། བྱང་སེམས་ཀྱི་རྒྱུད་ཀྱི་མངོན་ཤེས་དྲུག་གིས་ནི་རྣམ་མཁྱེན་གྱི་རྒྱུ་གཞན་དོན་ཡོངས་སུ་རྫོགས་པར་བྱེད་དེ། རྫུ་འཕྲུལ་གྱིས་གདུལ་བྱ་གང་ན་ཡོད་པའི་ཡུལ་དུ་གཤེགས་ནས་གཞན་སེམས་ཤེས་པས་གཞན་གྱི་སྤྱོད་པ་འདོད་ཆགས་དང་བཅས་པ་སོགས་ཤེས་ཏེ་ལྷའི་རྣ་བས་དེ་དག་གི་སྐད་དང་མཐུན་པར་ཆོས་སྟོན་སྔོན་གྱི་གནས་རྗེས་སུ་དྲན་པས་གང་ནས་འོངས་པ་དང་། ལྷའི་མིག་གིས་གང་དུ་འགྲོ་བ་དང་། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཀྱིས་ངེས་པར་འབྱུང་བའི་ལམ་འདོམས་པར་བྱེད་པའི་ཕྱིར་རོ། །གཉིས་པ་སོ་སོའི་ཁྱད་པར་ནི་ཤའི་སྤྱན་ནི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་དབང་ཤེས་སོ། །འདི་བསམ་གཏན་གྱི་སས་བསྡུས་སུ་ནི་མ་ངེས་ཏེ།      རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*