ཡུམ་དོན་རབ་གསལ། ཀ༽

༄༅། །མཱཏཱརརྠཔྲཀཱཤནཱམཔྲཛྙཱཔཱརམིཏསྱཨུཔདེཤཤཱསཏྲམབྷིསམཡཱལཾཀརབྲྀཏྟིཙསདུརཱརྠབིབྷཱཥཱསྟི།།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ཡུམ་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།།

མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་དཀའ་བའི་གནས་རྣམ་པར་བཤད་པ་ཡུམ་དོན་རབ་གསལ་ཞེས་བྱ་བ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པ་རྗེ་བཙུན་བླ་མ་མགོན་པོ་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། ཕུན་ཚོགས་མཁྱེན་པའི་གཏིང་མཐའ་རབ་ཡངས་པར། །དམིགས་མེད་ཐུགས་རྗེའི་རིན་ཆེན་དུ་མས་གཏམས། །སྐྱོན་བྲལ་མཛད་པའི་རྦ་རླབས་གཡོ་བ་ཅན། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཟབ་ཅིང་རྒྱ་ཆེའི་ཀུན་མཁྱེན་གསུམ་གྱི་རྒྱ་མཚོར་དཔག་ཡས་ཐོས་བསམ་གྲུ་གཟིངས་རབ་བསྡམས་ནས། །རྣམ་པ་ཀུན་རྫོགས་བཅུ་ཕྲག་གཉིས་ཀྱི་སྦྱོར་བའི་བ་དན་རྩེ་མོར་ཕྱིན་པའི་རླུང་གིས་བསྐྱོད། །བསམ་སྦྱོར་དག་བྱེད་མཐར་གྱིས་བསྒྲོད་ནས་སྐད་ཅིག་གཅིག་ལ་སྐུ་གསུམ་ནོར་བུའི་དཔལ་གྱིས་འབྱོར། །ཕྲིན་ལས་འདོད་དགུས་གདུལ་བྱ་ཚིམ་མཛད་འགྲོ་བའི་དེད་དཔོན་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ། །གྲངས་མེད་འགྲོ་ལ་བརྩེ་བའི་ཁུར་ཁྱེར་ནས། །ཐེག་པ་བདེ་ཞིང་འཇུག་པ་བདེ་བ་ཡིས། །ཕུལ་བྱུང་གཏམ་གྱིས་ཚིམ་པ་སྐྱེད་མཛད་པ། །མི་ཕམ་ཆོས་ཀྱི་རྗེ་ལ་གུས་ཕྱག་འཚལ། །གང་གསུང་བདུད་རྩིའི་བཅུད་འཐུངས་ཐོགས་མེད་ཞབས། །རབ་འབྱམས་གཞུང་གི་གཏེར་གྱུར་དབྱིག་གི་གཉེན། །ཡང་དག་ལྟ་བས་རྒྱུད་ཕྱུག་རྣམ་གྲོལ་སྡེ། །ཐེག་མཆོག་ཚོགས་ཀྱི་སར་གནས་ཞབས་ལ་འདུད། །མང་ཐོས་གསུང་རབ་ནགས་ཀྱི་སྨན་ལྗོངས་སུ། །ལྷག་བསམ་རྣམ་དག་རལ་པའི་ཁུར་འཛིན་ཞིང་། །ལམ་བཟང་སྟོན་པའི་གད་རྒྱངས་ཆེར་སྒྲོག་པ། །སྨྲ་བའི་སེང་གེ་བཟང་པོའི་ཞབས་པད་མཆོད། །སྙན་གྲགས་ཀུན་གྱི་རྣ་བའི་རྒྱན་གྱུར་མཁས་གྲུབ་སངས་རྒྱས་དཔལ། །ཟབ་དོན་ཀུན་ལ་བལྟ་བའི་མིག་གཅིག་རོང་སྟོན་ཆོས་ཀྱི་རྗེ། །ལེགས་བཤད་ཀུན་དུ་སྨྲ་བའི་ལྕེ་འཛིན་ཀུན་མཁྱེན་སངས་རྒྱས་འཕེལ། །རྣམ་པ་ཀུན་ཏུ་བདག་བློས་སྙིང་ནས་འདུད་དོ་བློ་གྲོས་སྤེལ། །ཞི་བ་ཚོལ་རྣམས་ཉེར་བཞིའི་གླིང་དུ་ཁྲིད། །བརྩེ་ལྡན་རྣམས་ཀྱིས་གཞན་དོན་ཐབས་བཟང་སྒྲུབ། །གང་དང་ལྡན་པས་ཐུབ་རྣམས་ཆོས་སྟོན་པ། །དེ་སླད་འཕགས་པ་ཀུན་གྱི་ཡུམ་མཆོག་འདི། །བློ་གྲོས་དཀྱིལ་འཁོར་སྤོབས་པའི་འོད་སྟོང་ཅན། །དམ་པའི་མན་ངག་རྟ་བདུན་གྱིས་དྲངས་ནས། །བདག་བློ་སྤེལ་ཞིང་བློ་ལྡན་དོན་གཉེར་བ། །གཞན་ལ་ཕན་ཕྱིར་རབ་ཏུ་གསལ་བར་བྱ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་པ་ཀུན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་མི་ཕམ་པ་ལས་དངོས་སུ་གསན་ནས། འཕགས་པའི་ཡུལ་དུ་ཀུན་མཁྱེན་དབྱིག་གཉེན། གྲོལ་སྡེ་རྣམ་གཉིས། སྨྲ་བའི་སེང་གེ་བཟང་པོའི་ཞབས་ལ་སོགས་པ་རྣམས་ལ་རིམ་པར་བརྒྱུད་དེ་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་གངས་རིའི་ཁྲོད་འདིར་བདག་ཉིད་ཆེན་པོ་རྔོག་ལོ་ཙཱ་བ་ཡབ་སྲས་རྣམས་ཀྱིས་ཕྱོགས་ཀུན་ཏུ་ཁྱབ་པར་མཛད་ཅིང་། དེ་དག་གི་བྱིན་རླབས་ཀྱི་བཀའ་བབས་གཅིག་ཏུ་བསྡུས་ནས། གཡག་མི་ཕམ་ཆོས་ཀྱི་བླ་མ་དང་། རོང་སྟོན་ཤེས་བྱ་ཀུན་རིག སྨྲ་བའི་དབང་པོ་བྱམས་ཆེན་རབ་འབྱམས་པ་རྣམས་ལ་རིམ་པར་བབས་པའི་བདུད་རྩིའི་རྒྱུན་དྲན་པའི་དབང་པོས་ལེགས་པར་འཐུངས་ཤིང་བློ་གྲོས་ཀྱི་ལུས་སྟོབས་མི་དམན་པའི་ཕྱིར་ན། ཁོས་བོས་ཀྱང་ལུགས་འདི་ལ། རིགས་པ་དང་མི་རིགས་པའི་ཚུལ་ཅུང་ཟད་དབྱེ་བར་ནུས་ཤིང་། གཞན་དག་གིས་རྟོགས་པར་མ་ནུས་པའི་ཟབ་མོའི་གནད་རྣམས་ལ་ངེས་པའི་ཤེས་པ་གཏིང་ནས་སྐྱེས་པ་རྣམས། ལྷག་བསམ་གྱིས་གཞན་ལ་ཡང་སྟོན་པར་འདོད་དོ། །དེའི་ཕྱིར་བློ་གྲོས་གསར་བུ་པ་དག་ཐོག་མར་འཇུག་པའི་ཐེམ་སྐས་ལྟ་བུར་གྱུར་པ་ནས། གཞུང་ལུགས་ལ་བློ་བྱང་བ་དག་གི་ཐེ་ཚོམ་དང་སྒྲོ་འདོགས་ཀྱི་འཁྲི་ཤིང་གཅོད་པའི་རལ་གྲི་ལྟ་བུར་གྱུར་པའི་སླད་དུ། གཞུང་གི་དཀའ་བའི་གནད་ཆེ་ཆུང་ཐམས་ཅད་ལ་གཞན་ལུགས་འགོག་པ་རྣམས་ཐལ་འགྱུར་གྱི་ངག་ཏུ་དྲིལ་ནས་འགོད། རང་ལུགས་རྣམས་ཀུན་མཁྱེན་རོང་སྟོན་ཆེན་པོའི་དགོངས་པ་ནུས་པ་ཐོན་པར་འགོད་ཅིང་། དེ་ལ་གཞན་དག་གིས་རྩོད་པ་ལྟར་སྣང་མང་དུ་སྨྲ་བ་རྣམས་དྲི་མ་མེད་པའི་ལུང་རིགས་ཀྱིས་ཇི་ལྟར་བསལ་བའི་ཚུལ་རྣམས་འདིར་བརྗོད་པས། ལུགས་འདི་ལ་མོས་པ་ཡོད་པ་དག་གིས་ཕྱོགས་འཛིན་སྤངས་ནས་གུས་པས་བླང་བར་གྱིས་ཤིག བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །ཅེས་པའི་སྐབས་སུ། ཤེར་ཕྱིན་གྱི་དགོངས་འགྲེལ་གྱི་ཤིང་རྟའི་སྲོལ་འབྱེད་ཀྱི་གྲངས་ངེས་ལ་དཔྱད། བསྟན་བཅོས་སྤྱིའི་མཚན་ཉིད་ལ་དཔྱད། འདིར་བསྟན་བསྟན་བཅོས་ཆེན་པོ་ངོས་གཟུང་བ་གསུམ་ལས། དང་པོ་ལ་ཁོ་ན་རེ། ཤེར་ཕྱིན་གྱི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པ་དབུ་མ་རིགས་པའི་ཚོགས་དྲུག མགོན་པོ་བྱམས་པས་མཛད་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པ་མངོན་པར་རྟོགས་པའི་རྒྱན། སློབ་དཔོན་དཔའ་བོས་མཛད་པའི་སྟོང་ཕྲག་བརྒྱ་པའི་བཤད་པ། ཕྱོགས་ཀྱི་གླང་པོས་མཛད་པའི་བརྒྱད་སྟོང་དོན་བསྡུ་དང་བཞིར་གྲངས་ངེས་ཞེས་ཟེར་རོ། །འོ་ན་ཤེས་བྱ་ཆོས་ཅན། དཔའ་བོའི་འབུམ་ཊཱིཀ་དང་། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུ་གཉིས། བྱམས་པ་དང་ཀླུ་སྒྲུབ་གང་ལ་ཡང་མ་བརྟེན་པར་ཤེར་ཕྱིན་གྱི་དགོངས་པ་འགྲེལ་པའི་ཤིང་རྟའི་སྲོལ་འབྱེད་དུ་ཐལ། དེ་ལ་བཞི་པོ་དེར་གྲངས་ངེས་པའི་ཕྱིར། འདི་མན་ཆད་ཆོས་ཅན་གསལ་ཁ་མེད་པ་ཐམས་ཅད་ལ་ཤེས་བྱ་ཆོས་ཅན་དུ་ཤེས་པར་བྱའོ། །འདོད་ན། དཔའ་བོའི་འབུམ་ཊཱིཀ་ཆོས་ཅན། དེ་མིན་པར་ཐལ། ཀླུ་སྒྲུབ་ཀྱིས་བཀྲལ་བའི་ཤེར་ཕྱིན་གྱི་མན་ངག་འཕགས་པ་ལྷ་ལས་ཐོས་པའི་རྗེས་སུ་འབྲང་བའི་འགྲེལ་པ་ཡིན་པའི་ཕྱིར། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུ་ཆོས་ཅན། དེ་མ་ཡིན་པར་ཐལ། བྱམས་པས་བཀྲལ་བའི་ཤེར་ཕྱིན་གྱི་མན་ངག་དབྱིག་གཉེན་ལས་ཐོས་པའི་རྗེས་སུ་འབྲང་བའི་འགྲེལ་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། དཔའ་བོའི་འབུམ་ཊཱིཀ་ཆོས་ཅན། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་ཤེར་ཕྱིན་གྱི་དགོངས་འགྲེལ་མ་ཡིན་པར་ཐལ། ཡུམ་གྱི་བརྗོད་དོན་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་བཤད་པའི་ཕྱིར་ཞེ་ན། དབུ་མ་འཇུག་པ་ཆོས་ཅན། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དེ་མ་ཡིན་པར་ཐལ། ཡུམ་གྱི་དགོངས་པ་ས་བཅུ་དང་ཕྱིན་བཅུ་སྦྱར་ནས་བཤད་པའི་ཕྱིར། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུ་ཆོས་ཅན། བྱམས་པའི་རྗེས་སུ་འབྲང་བའི་ཤེར་ཕྱིན་གྱི་དགོངས་འགྲེལ་མིན་པར་ཐལ། ཡུམ་གྱི་དགོངས་པ་རྣམ་རིག་ཏུ་བཀྲལ་བའི་ཕྱིར་ཞེ་ན། ཉི་ཁྲི་གཞུང་འགྲེལ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་འགྲེལ་པར་བྱ་བ་ཤེར་ཕྱིན་གྱི་དགོངས་པ་དེ་ལ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་སུ་གྲངས་མ་ངེས་པར་ཐལ། འགྲེལ་བྱེད་དགོངས་འགྲེལ་དེ་ལ་གཉིས་སུ་གྲངས་མ་ངེས་པའི་ཕྱིར། དེས་ན་བྱམས་མགོན་གྱིས་གཞན་ངོར་སངས་རྒྱས་པས་ཤེར་ཕྱིན་དངོས་སུ་ཐོས་ཤིང་། ཀླུ་སྒྲུབ་ཀྱིས་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་རྟོགས་ནས་གཞན་ལ་རག་མ་ལས་པར་འགྲེལ་བས་ན་ཤིང་རྟའི་སྲོལ་འབྱེད་གཉིས་སུ་གྲགས་པ་ཡིན་ལ། གཞན་ནི་དེ་དག་གི་བཤད་པའི་རྗེས་སུ་འབྲངས་ནས་འགྲེལ་བས་ན་ཤིང་རྟའི་སྲོལ་འབྱེད་ལོགས་པ་མིན་པས་འགྲེལ་ལུགས་མི་གཅིག་པ་ཙམ་གྱིས་ཤིང་རྟའི་སྲོལ་འབྱེད་ལོགས་སུ་འཇོག་པ་ནི་མ་ཡིན་ནོ། །གཉིས་པ་ལ་ཁ་ཅིག རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་པའི་ངག་གང་ཞིག ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་ཞེས་དང་། ཁ་ཅིག རྩོམ་པ་པོ་གཙོ་བོར་གསུང་རབ་ཀྱི་དོན་ལ་ཐུགས་གཞོལ་བའི་ཡིད་ཅན་གྱིས་བཀའི་དོན་བཤད་པའི་ངག་གང་ཞིག་ཐར་པ་ཞེས་སོགས་དང་། ཡང་རྩོམ་པ་པོ་ཚད་ལྡན་གྱིས་བཀའི་དོན་བཤད་པའི་ངག་གང་ཞིག་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་ཞེས་དང་། ཡང་ཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ངག་རྣམ་དག་ཅེས་དང་། ཡང་རང་གི་ཞེ་འདོད་གཞན་ལ་བསྟན་པའི་ཕྱིར་དུ་སྡེབས་པའི་ངག་རྒྱུན་ཆགས་རྣམས་བསྟན་བཅོས་ཀྱི་མཚན་ཉིད་དུ་འཇོག་ན། དང་པོ་བཞི་ལ་ཕྱི་རོལ་པའི་བསྟན་བཅོས་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། གལ་ཏེ་དེ་རྣམས་བསྟན་བཅོས་རྣམ་དག་གི་མཚན་ཉིད་ཡིན་ཟེར་ན། དང་པོ་ལ་འགྲེལ་པ་དོན་གསལ་ཆོས་ཅན། ཟུར་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་མིན་པའི་ཕྱིར་ཏེ། ཁྱོད་རྩོམ་པ་པོ་སོ་སྐྱེ་ཡིན་པའི་ཕྱིར་ཞེས་སྐྱོན་བརྗོད་པ་ཡོད་ཀྱང་། ཕྱི་མ་ལ་མ་ཁྱབ་སྟེ། རྒྱུད་བླར། རྣམ་གཡེང་མེད་ཡིད་ཅན་ཞེས་པའི་དོན། ཀུན་ལས་བཏུས་ལས། མཚན་མའི་རྣམ་པར་གཡེང་བ་གང་ཞེ་ན། གཞན་ཡིད་ཆེས་པར་བྱ་བར་སྔོན་དུ་བཏང་སྟེ། དགེ་བ་ལ་སྦྱོར་བའོ་ཞེས་བཤད་པའི་རྣམ་གཡེང་ཡིན་པས། སོ་སྐྱེ་ཡིན་ན་དེ་ཡིན་པས་མ་ཁྱབ་པའི་ཕྱིར། འོན་ཀྱང་མཚན་ཉིད་དང་པོ་ལ། མདོ་སྡེ་དགོངས་པ་ངེས་འགྲེལ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། མཚན་ཉིད་གསུམ་པ་ལ། རྩོམ་པ་པོ་ཚད་ལྡན་ཡིན་ན། རང་གིས་གང་བརྩམས་པའི་བསྟན་བཅོས་དེའི་བརྗོད་བྱ་འཁྲུལ་མེད་དུ་རྩོམ་ནུས་པས་ཁྱབ་པར་ཐལ། དེ་བསྟན་བཅོས་རྣམ་དག་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཟླ་བ་གྲགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རེ་ཞིག་ཁས་བླངས། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རེ་ཞིག་ཁས་བླངས། ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་པར་ཐལ། ཐལ་འགྱུར་སྔ་མའི་འདོད་པ་གང་ཞིག ཟླ་གྲགས་ཀྱིས་ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་པའི་བསྟན་བཅོས་བརྩམས་པའི་ཕྱིར། འདོད་ན་མ་རྟོགས་པར་ཐལ། ཐལ་འགྱུར་ཕྱི་མའི་འདོད་པ་གང་ཞིག སློབ་དཔོན་སེང་བཟང་གིས་ཉན་རང་གི་ཆོས་ཀྱི་བདག་མེད་མ་རྟོགས་པའི་བསྟན་བཅོས་བརྩམས་པའི་ཕྱིར། མཚན་ཉིད་བཞི་པ་ལ་བཀའ་བརྒྱད་སྟོང་པ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། ལྔ་པ་ལ་ངག་ལ་རྒྱུན་ཡོད་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ངག་ཆོས་ཅན། ཁྱོད་ལ་རྒྱུན་མེད་པར་ཐལ། ཁྱོད་སྒྲ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། སྒྲ་ལ་རྒྱུན་ཡོད་པར་ཐལ། ཡི་གེ་རིང་པོ་དང་ཤིན་ཏུ་རིང་པོ་སོགས་ཡོད་པའི་ཕྱིར་རོ། །དེ་ན་སྒྲ་ལ་རྒྱུན་མེད་པར་བཤད་པ་ནི་རྒྱུན་ཐུང་བ་ཙམ་ལ་དགོངས་པ་ཡིན་ཟེར་རོ། །འོ་ན་སྒྲ་ཡིན་ན། རྒྱུན་ཐུང་བས་མ་ཁྱབ་པར་ཐལ། ཡི་གེ་ཤིན་ཏུ་རིང་པོ་ཡོད་པའི་ཕྱིར། སྒྲ་ལ་རྒྱུན་རིང་པོ་ཡོད་པར་ཐལ། ཆུ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཆུ་སྒྲ་ཡོད་པའི་ཕྱིར། ཁྱབ་པ་གཉིས་ཀ་ཁས། གལ་ཏེ་ཁྱབ་པ་ཕྱི་མ་མི་མཚུངས་ཏེ། ཆུ་སྒྲ་སྐད་ཅིག་རེ་རེ་ཡང་རང་གི་ཉེར་ལེན་ཆུ་ལས་བྱུང་བ་ཡིན་པའི་ཕྱིར་ཟེར་ན། འོ་ན་ཡི་གེ་རིང་པོ་དང་། ཤིན་ཏུ་རིང་པོ་ཡོད་ན་སྒྲ་ལ་རྒྱུན་ཡོད་པས་མ་ཁྱབ་པར་ཐལ། ཡི་གེའི་སྐད་ཅིག་རེ་རེ་ཡང་རང་གི་ཉེར་ལེན་བྱེད་པ་ལྕེ་རྐན་ལས་བྱུང་བའི་ཕྱིར། དེས་ན་སྒྲ་ལ་རྒྱུན་མེད་པའི་དོན་ནི་སྒྲ་སྐད་ཅིག་སྔ་མས་ཕྱི་མ་མི་སྐྱེད་པར་སྐད་ཅིག་རེ་རེ་ཡང་རང་རྒྱུ་རྔ་ལྟ་བུ་ལས་བྱུང་བའི་དོན་ནོ། །རང་ལུགས་ནི་གྲུབ་མཐའ་བསྟན་པའི་ཕྱིར་བསྡེབས་པའི་མིང་ཚིག་ཡི་གེའི་ཚོགས་དུ་མ་འདུས་པ་དེ་བསྟན་བཅོས་སྤྱིའི་མཚན་ཉིད་ཡིན་ལ། དེ་རྣམ་དག་གི་མཚན་ཉིད་ནི། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཐར་པ་ཐོབ་པའི་ཐབས་སུ་བཀའི་དོན་བཤད་པའི་ངག་གོ །གསུམ་པ་ལ་ཁ་ཅིག འདིར་བསྟན་གྱི་བསྟན་བཅོས་ཆེན་པོ་དེ་མདོ་ཁོ་ན་ལ་བྱེད་རིགས་ཏེ། དེ་ཉིད་རྣམ་ངེས་དེ་རྒྱན་དང་མ་སྦྱར་བར་མདོ་ཁོ་ནའི་འགྲེལ་པ་ཡིན་པའི་ཕྱིར་ཞེས་དང་། ཁ་ཅིག མདོ་དང་བསྟན་བཅོས་གཉིས་ཀ་ལ་བྱེད་རིགས་ཏེ། དེ་ཉིད་རྣམ་ངེས་དེ་མདོ་དང་བསྟན་བཅོས་གཉིས་ཀའི་འགྲེལ་པ་ཡིན་པའི་ཕྱིར་ཞེས་དང་། ཁ་ཅིག ཊཱི་ཀའི་དགོངས་པ་ཡང་མདོ་དང་བསྟན་བཅོས་གཉིས་ཀ་ལ་བྱེད་རིགས་ཏེ། ཊཱི་ཀ་ལས། གང་གིས་མཛད་ཅེ་ན་བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་མདོ་དང་བཅས་པའི་འོ་ཞེས་གསུངས་པའི་ཕྱིར་ཟེར་རོ། །དང་པོ་ལ་བསྟན་བཅོས་མཐའ་དག་མ་རྙེད་པར་ཞེས་པའི་བསྟན་བཅོས་དང་། བསྟན་བཅོས་མཐའ་དག་འདི་དེ་ལྟར་ཞེས་པའི་བསྟན་བཅོས་དེ་མདོ་ཁོ་ན་ལ་བྱེད་རིགས་པར་ཐལ། དམ་བཅའ་དེའི་ཕྱིར། འགྲོ་ལ་ཆགས་པ་ཞེས་པའི་ཚིགས་བཅད་བཞི་པོ་དེ་མདོ་ཁོ་ནའི་འགྲེལ་པ་མཛད་ཚུལ་སྨོས་པའི་སྐབས་ཡིན་པར་ཐལ། དམ་བཅའི་གཏན་ཚིགས་དེའི་ཕྱིར། འདོད་ན། སྤྲོ་བ་སྐྱེས་ཞེས་པའི་གཞུང་འདིས་རྒྱན་དང་མ་སྦྱར་བར་མདོ་ཁོ་ནའི་འགྲེལ་པ་མཛད་པ་ལ་སྤྲོ་བ་སྐྱེས་པ་ཅིག་བསྟན་པར་ཐལ་ལོ། །གཉིས་པ་ལ། བརྒྱད་སྟོང་འགྲེལ་ཆེན་ཞེས་པའི་བརྒྱད་སྟོང་པ་དང་། ཉི་ཁྲི་སྣང་བ་ཞེས་པའི་ཉི་ཁྲི་དེ་མདོ་བསྟན་བཅོས་གཉིས་ཀ་ལ་བྱེད་རིགས་པར་ཐལ། དེ་གཉིས་མདོ་བསྟན་བཅོས་གཉིས་ཀའི་འགྲེལ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། གསུམ་པ་ལ། འོག་གི་བསྟན་བཅོས་ཞེས་འབྱུང་བ་ཡང་མངོན་རྟོགས་རྒྱན་མིན་པར་ཐལ། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་ཅེས་པའི་བསྟན་བཅོས་དེ་མངོན་རྟོགས་རྒྱན་མིན་པའི་ཕྱིར། རྟགས་ཁས། ཁྱབ་ཅིང་འདོད་མི་ནུས་ཏེ། ཊཱི་ཀ་ལས། གང་དག་འདིའི་བསྟན་བཅོས་མདོ་ཉིད་ལ་འདོད་པ་ནི་དགོངས་པ་མིན་ཏེ། འོག་གི་བསྟན་བཅོས་ཞེས་འབྱུང་བ་མངོན་རྟོགས་རྒྱན་ཡིན་པས་འདི་དང་དོན་གཅིག་པའི་ཕྱིར་རོ་ཞེས་གསུངས་པས་སོ། །ཊཱི་ཀའི་ལུང་སྔ་མའི་དོན་ནི་བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་མཛད་ན་རྩ་རྐྱང་གི་བཤད་པ་མཛད་པ་ཡིན་ནམ་ཞེ་ན། མདོ་དང་བཅས་པའིའོ་ཞེས་པའི་དོན་ཏེ། དཔེར་ན་བརྒྱད་སྟོང་འགྲེལ་ཆེན་ཞེས་པའི་འབྲུ་མནན་པའི་ཚེ་བརྒྱད་སྟོང་པ་མངོན་པར་རྟོགས་པའི་རྒྱན་དང་བཅས་པའི་འགྲེལ་ཆེན་ནོ་ཞེས་པ་བཞིན་ནོ། །དེས་ན་རང་ལུགས་ཊཱི་ཀའི་དགོངས་པ་བསྟན་བཅོས་ཆེན་པོ་རྒྱན་ཉིད་ལ་བྱེད་དོ། །འཕགས་པ་བྱམས་པ་རང་ཉིད་དམ་པའི་སྤྱོད་པ་དང་ཞེས་པའི་སྐབས་སུ། སྔ་རབས་པ་རྣམས་བྱམས་མགོན་གྱིས་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པའི་ཚིགས་བཅད་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་སྟོན་པའི་རང་དོན་གྱི་དགོས་པ་དང་། མཆོད་བརྗོད་ངག་གི་གདུལ་བྱ་ཡུམ་ལ་འཇུག་པའི་གཞན་དོན་གྱིས་དགོས་པ་གཉིས་ཡོད་པའི་ཕྱིར་ཞེ་ན། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པ་དེ་མཆོད་བརྗོད་ངག་གི་རང་དོན་གྱི་དགོས་པ་མིན་པར་ཐལ། བྱམས་པ་ལ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པའི་རང་དོན་དོན་གཉེར་གྱི་བློ་མེད་པའི་ཕྱིར་ཏེ། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པ་ཡང་གཞན་བསྟན་བཅོས་ལ་འཇུག་པའི་ཆེད་ཁོ་ན་ཡིན་པའི་ཕྱིར་ཏེ། རབ་ཏུ་སྟོན་པས་ཞེས་བྱེད་ཚིག་འབྱུང་བའི་ཕྱིར་རོ། །དེ་ལ་ཁ་ཅིག བྱམས་པ་ལ་རང་དོན་དོན་གཉེར་གྱི་བློ་མེད་ན། བྱམས་པ་སངས་རྒྱས་ཡིན་ནམ། བྱང་སེམས་ཡིན། དང་པོ་ལྟར་ན། ཕར་ཕྱིན་ཐེག་པའི་སྐབས་སུ་བྱམས་པ་སངས་རྒྱས་སུ་ཁས་ལེན་པ་པོ་ཆོས་ཅན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོའི་རྣམ་དབྱེ་མ་ངེས་པར་ཐལ། ཕར་ཕྱིན་ཐེག་པའི་སྐབས་སུ་བྱམས་པ་སངས་རྒྱས་སུ་ཁས་ལེན་པའི་ཕྱིར། གཉིས་པ་ལྟར་ན། བྱམས་པ་ཆོས་ཅན། རང་དོན་ཡོངས་སུ་རྫོགས་པ་ལ་ཆོས་སྐུ་དགོས་པ་མ་མཐོང་བར་ཐལ། རང་དོན་དོན་གཉེར་གྱི་བློ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་དོན་དུ་ཞི་བ་རྐྱང་པས་ཆོག་པར་འཛིན་པ་ལྡོག་མི་ནུས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་མེད་པར་ཐལ་ལོ་ཞེས་སྨྲའོ། །ཐལ་འགྱུར་དང་པོ་ལ་ཕར་ཕྱིན་ཐེག་པའི་སྐབས་སུ་སྐུ་གསུམ་གྱི་རྣམ་གཞག་ཁས་ལེན་པ་པོ་ཆོས་ཅན། དེར་ཐལ། ཕར་ཕྱིན་ཐེག་པའི་སྐབས་སུ་ལོངས་སྐུ་བརྙེས་པའི་རྗེས་སུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་དགོས་པར་ཁས་བླངས་པའི་ཕྱིར། ཁྱབ་པ་ཁས། སེང་གེ་བཟང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་དེར་ཐལ། བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་ལས་རྒྱལ་བས་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སེང་གེ་བཟང་པོས་མཆོད་ཡུམ་འབྲས་ཡུམ་དུ་ཁས་བླངས་པར་ཐལ། དེའི་ཕྱིར་བཅོམ་ལྡན་འདས་མ་ལ་རབ་ཏུ་དྭང་བ་ནི་ཞེས་བཤད་པའི་ཕྱིར། ཁྱབ་པ་བསྒྲིགས་ཟེར་བ་ན་མི་མཚུངས་ཏེ། བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་ལས་རྒྱལ་བ་ཞེས་བཤད་ན། བྱམས་པ་འཕགས་པ་ཡིན་པས་མ་ཁྱབ་པར་ཐལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ཞེས་བཤད་ན། བརྒྱད་སྟོང་པ་འཕགས་པ་ཡིན་པས་མ་ཁྱབ་པའི་ཕྱིར། ཡང་ཐུན་མོང་བ་ཕར་ཕྱིན་ཐེག་པའི་སྐབས་སུ་བྱམས་པ་བྱང་སེམས་དང་། ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པའི་སྐབས་སུ་བྱམས་པ་སངས་རྒྱས་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། བྱམས་པ་སངས་རྒྱས་ཡིན་པའི་དོན་མདོ་སྔགས་གཉིས་ཀ་ལས་གསུངས་ཤིང་། བྱང་སེམས་ཞེས་པའི་ཐ་སྙད་ཀྱང་མདོ་སྔགས་གཉིས་ཀ་ལས་གསུངས་པར་མཚུངས་པའི་ཕྱིར་ཏེ། བླ་མེད་ཀྱི་སྐབས་སུ་ཡང་བྱང་ཆུབ་སེམས་དཔའ་བརྒྱད་ཅེས་པའི་ཐ་སྙད་གསུངས་པའི་ཕྱིར། ཐལ་འགྱུར་གཉིས་པ་ལ། སངས་རྒྱས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྔ་མ་བཞིན་བསྒྲེའོ། །གཞན་ཡང་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་བྱེད་པའི་བསྐལ་བཟང་གི་སངས་རྒྱས་ཡིན་ན། ལོངས་སྐུ་བརྙེས་པས་མ་ཁྱབ་པར་ཐལ། མཛད་པ་བཅུ་གཉིས་ཀྱི་ཐོག་མར་དགའ་ལྡན་དུ་སྐྱེ་བ་བཞེས་པའི་གང་ཟག་དེས་ལོངས་སྐུ་མ་ཐོབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ལང་གཤེགས་ལས། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་བཤད་པའི་ཕྱིར། ལྷའི་བུ་དམ་པ་ཏོག་དཀར་པོ་དེ་སངས་རྒྱས་མ་ཡིན་པར་ཐལ། བྱམས་པ་སངས་རྒྱས་མིན་པའི་ཕྱིར། འདོད་ན། རྒྱལ་བུ་དོན་གྲུབ་སངས་རྒྱས་མིན་པར་ཐལ་ལོ། །འདོད་ན། དེས་དཀའ་བ་སྤྱད་པའི་རྗེས་སུ་སངས་རྒྱས་གསར་དུ་ཐོབ་པར་ཐལ་ལོ། །འདོད་ན། ཐོག་མར་རང་དོན་ཆོས་སྐུ་མངོན་དུ་བྱས་ནས། དེའི་རྗེས་སུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་གང་ཟག་ཅིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུད་བླར། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ཞེས་སོགས་གསུངས་པ་དང་འགལ་ལོ། །ཡང་བྱམས་པས་འཛམ་གླིང་དུ་སངས་རྒྱས་པའི་ཚུལ་སྟོན་པ་དེ་གསར་དུ་སངས་རྒྱ་བའི་མཛད་པ་ཡིན་པར་ཐལ། བྱམས་པས་སངས་རྒྱས་གསར་དུ་ཐོབ་དགོས་པའི་ཕྱིར། འདོད་ན། དེས་འཇིག་རྟེན་གྱི་ཁམས་གཞན་དུ་འཚང་རྒྱ་བའི་ཚུལ་སྟོན་པ་དེ་ཡང་གསར་དུ་འཚང་རྒྱ་བའི་མཛད་པ་ཡིན་པར་ཐལ་ལོ། །ཡང་བྱམས་པ་སངས་རྒྱས་སུ་ཁས་བླངས་པ་ལ་ཁ་ཅིག བྱམས་པ་ཆོས་ཅན། འགྲོ་ལ་ཕན་པར་བྱེད་རྣམས་ཞེས་པའི་སྐབས་ཀྱི་རྟེན་གྱི་གང་ཟག་མིན་པར་ཐལ། བྱང་སེམས་མིན་པའི་ཕྱིར། ཡང་ཐུབ་རྣམས་ཞེས་པའི་སྐབས་ཀྱི་རྟེན་གྱི་གང་ཟག་ཏུ་ཐལ། སངས་རྒྱས་འཕགས་པ་ཡིན་པའི་ཕྱིར། འདོད་ན། ཆོས་འཁོར་རིམ་པ་གསུམ་དངོས་སུ་བསྐོར་བར་ཐལ་ལོ། །ཡང་བྱམས་ཆོས་ལྔ་པོ་བཀར་ཐལ་བ་དང་། བསྟན་པ་གཅིག་ལ་སྟོན་པ་གཉིས་ཡོད་པར་ཐལ་བ་དང་། བྱང་སེམས་ཉེ་བའི་སྲས་བརྒྱད་གྲངས་མ་ཚང་བར་ཐལ། བྱམས་པ་སངས་རྒྱས་ཡིན་པའི་ཕྱིར། བྱམས་པ་བྱང་སེམས་སུ་ཐལ། ཤེར་ཕྱིན་གྱི་མདོར་བྱང་ཆུབ་སེམས་དཔའ་བྱམས་པ་དང་ཞེས་བཤད་པའི་ཕྱིར། ཞེས་པའི་ཐལ་འགྱུར་དྲུག་ལས། དང་པོ་ལ་རང་སངས་རྒྱས་ཆོས་ཅན། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པའི་སྐབས་ཀྱི་རྟེན་གྱི་གང་ཟག་མིན་པར་ཐལ། ཉན་ཐོས་མིན་པའི་ཕྱིར། འདོད་ན། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་པའི་ལུང་དང་འགལ་ལོ། །གཉིས་པ་ལ། ལོངས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁས་བླངས་ཏེ་སྔ་མ་བཞིན་འཕེན་ནོ། །གསུམ་པ་ལ། ཀཽ་ཤི་ཀས་སྨྲས་པའི་ཤེར་ཕྱིན་གྱི་མདོ་ཚིག་དེ་བསྟན་བཅོས་སུ་ཐལ། ཀཽ་ཤི་ཀ་དེ་སེམས་ཅན་ཡིན་པའི་ཕྱིར། བཞི་པ་ལ། བསྟན་པ་གཅིག་ལ་སྟོན་པ་ལྔ་ཡོད་པར་ཐལ། རྒྱལ་བ་རིགས་ལྔ་སངས་རྒྱས་ཡིན་པའི་ཕྱིར། ལྔ་པ་ལ། བསྐལ་བཟང་གི་སངས་རྒྱས་སྟོང་གྲངས་མ་ཚང་བར་ཐལ། བྱམས་པ་སངས་རྒྱས་མིན་པའི་ཕྱིར། དྲུག་པ་ལ། ཀུན་དགའ་བོ་དེ་རྒྱུན་ཞུགས་སུ་ཐལ། ཤེར་ཕྱིན་གྱི་མདོར། གང་ཟག་གཅིག་མ་གཏོགས་པ་འདི་ལྟ་སྟེ། སློབ་པ་རྒྱུན་དུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཞེས་གསུངས་པའི་ཕྱིར། རང་ལུགས་ནི། གོང་གི་ཐལ་འགྱུར་གྱི་ནུས་པ་ལས་ཀྱང་ཤེས་ཤིང་། བྱམས་ཆོས་འདིར་ནི། སྤྱིར་ས་བཅུ་པའི་བྱང་སེམས་ཀྱིས་མཛད་པ་བཅུ་གཉིས་ཀྱིས་ཚུལ་སྟོན་པ་ཡོད་པར་བཞེད་ཀྱང་། བསྐལ་བཟང་གི་སངས་རྒྱས་སྟོང་གིས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ནི། ཐོག་མར་ཆོས་སྐུ་མངོན་དུ་བྱས་ནས་སྤྲུལ་སྐུའི་མཛད་པར་བཞེད་དོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས། །ཞེས་པའི་སྐབས་སུ། མཆོད་ཡུམ་གྱི་མཐའ་དཔྱད་པ་ལ། མཚན་གཞི་ལ་དཔྱད། མཚན་ཉིད་དབྱེ་བ་དང་བཅས་པ་ལ་དཔྱད། ཡུམ་སྲས་ཀྱི་དོན་ལ་དཔྱད། གོ་རིམ་ལ་དཔྱད་པ་དང་བཞི་ལས། དང་པོ་ལ། འབྲས་བུ་ཤེར་ཕྱིན་ཁོ་ན་ལ་འདོད་པ་དགག འཕགས་རྒྱུད་ཀྱི་མཁྱེན་པ་ཁོ་ན་ལ་འདོད་པ་དགག གཞུང་ལམ་འབྲས་བུ་ཤེར་ཕྱིན་གསུམ་ཀ་ལ་འདོད་པ་དགག་པའོ། །དང་པོ་ནི་ཨར་ན་རེ། སྤྱིར་མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་ལ་མཚན་བཏགས་མ་ཕྱེ་བར་དབྱེ་ན། གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཀ་ཡོད་ཀྱང་། མཆོད་ཡུམ་མཚན་ཉིད་པ་ཡིན་ན། འབྲས་བུ་ཡུམ་ཡིན་དགོས་ཏེ། ཤེར་ཕྱིན་ཡིན་ན་འབྲས་བུ་ཤེར་ཕྱིན་ཡིན་དགོས་པའི་ཕྱིར། ཞེས་ཟེར་རོ། །བུ་སྟོན་ཡང་མཆོད་ཡུམ་ཡིན་ན་འབྲས་ཡུམ་ཡིན་དགོས་ཏེ། འགྲེལ་པར། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་ཞེས་དང་། དེའི་ཕྱིར་བཅོམ་ལྡན་འདས་མ་ལ་རབ་ཏུ་དྭང་བ་ནི་ཞེས་དང་། བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་ཞེས་བཅོམ་ལྡན་འདས་མའི་སྒྲས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཡུམ་དེ་ལ་ཕྱག་འཚལ་ཞེས་པའི་དངོས་བསྟན་གྱི་ཡུམ་དེ་ཆོས་ཅན། འབྲས་ཡུམ་དུ་ཐལ། མཆོད་ཡུམ་ཡིན་པའི་ཕྱིར། འདོད་ན། དངོས་པོ་བརྒྱད་ཀྱི་སྒོ་ནས་བཤད་པའི་གཞིར་གྱུར་པའི་ཤེར་ཕྱིན་དེ་འབྲས་བུ་ཤེར་ཕྱིན་དུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། བྱམས་པས་མཆོད་ཡུམ་དེ་ལ་མཁྱེན་པ་གསུམ་གྱིས་སྒོ་ནས་བསྟོད་ཅིང་། དེ་ཉིད་མངོན་པར་རྟོགས་པ་བརྒྱད་ཀྱི་སྒོ་ནས་བཤད་པའི་ཕྱིར། ཡང་མཁྱེན་གསུམ་ཆོས་ཅན། མཆོད་ཡུམ་དུ་ཐལ། རྒྱན་གྱི་མཆོད་བརྗོད་ཀྱི་ཡུལ་གང་ཞིག ཡུམ་ཡིན་པའི་ཕྱིར། ཕྱི་ཟུར་མ་གྲུབ་ན་དེར་ཐལ། འཕགས་པ་བཞི་པོ་དེ་སྲས་ཡིན་པའི་ཕྱིར། ཡང་འཕགས་པ་འོག་མ་གསུམ་ལ་ཡུམ་གཏན་ནས་མེད་པ་ཡིན་ནམ། རྣམ་མཁྱེན་གཅིག་པུས་དེ་རྣམས་ཀྱི་ཡུམ་བྱེད་པ་གང་ཡིན། དང་པོ་ལྟར་ན། ཉན་རང་འཕགས་པ་ཉེར་ཞི་གཉིས་སུ་ཁྲིད་པར་བྱེད་པའི་མཁྱེན་པ་དང་། བྱང་སེམས་འཕགས་པས་གཞན་དོན་སྒྲུབ་པའི་ཐབས་སུ་གྱུར་པའི་མཁྱེན་པ་མེད་པར་ཐལ། དེ་དག་ལ་ཡུམ་མེད་པའི་ཕྱིར། གཉིས་པ་ལྟར་ན། འོག་ཏུ་འགོག་གོ །བུ་སྟོན་གྱི་ལུང་ཁྱབ་གཉིས་ལ་རིམ་བཞིན་ཐེག་པ་ཡིན་ན་ཐེག་ཆེན་གྱི་ཐེག་པ་ཡིན་དགོས་པར་ཐལ། བསམ་གྱིས་མི་ཁྱབ་པར་བསྟོད་པར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པར་དབྱེར་མ་མཆིས། །ཞེས་སོ། །ས་བཅུ་པའི་ཡེ་ཤེས་ཡིན་ན། སངས་རྒྱས་ཀྱི་ཡེ་ཤེས་ཡིན་དགོས་པར་ཐལ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཁ་ཅིག མཆོད་ཡུམ་ཡིན་ན་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་དགོས་ཏེ། མཆོད་བརྗོད་ཡུལ་དུ་གྱུར་པའི་ཐེག་དམན་གྱི་ཡུམ་དང་། བྱང་སེམས་ཀྱི་ཡུམ་ཡིན་ན་ཐེག་དམན་འཕགས་པ་དང་བྱང་སེམས་འཕགས་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར་ཏེ། དེ་དང་དེ་ཡིན་ན་གཞི་ཤེས་དང་ལམ་ཤེས་ཡིན་དགོས་པའི་ཕྱིར་ཏེ། ཉིར་སྣང་དུ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་ཁ་ཅིག་བྱང་སེམས་མཐོང་ལམ་པ་ཆོས་ཅན། སྲས་བྱང་སེམས་མ་ཡིན་པར་ཐལ། རང་རྒྱུ་ཡུམ་ལས་མ་བྱུང་བའི་ཕྱིར། ཞེས་ཟེར་བ་ནི་ཅུང་ཟད་རྩིངས་ཏེ། འཇུག་པ་སེམས་བསྐྱེད་རྒྱུད་ལ་སྐྱེས་མ་ཐག་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར་མ་གྲུབ་ན་ལམ་མ་ཞུགས་ཀྱི་གནས་སྐབས་ན་བྱང་སེམས་ཀྱི་ཡུམ་ཡོད་པར་ཐལ་ལོ། །རྩ་བར་འདོད་ན། དེ་སྲས་བྱང་སེམས་སུ་ཐལ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ནི་འདི་ལྟར་འཕེན་ཏེ། བྱང་སེམས་མཐོང་ལམ་པ་ཆོས་ཅན། སྲས་འཕགས་པ་མ་ཡིན་པར་ཐལ། རང་རྒྱུ་ཡུམ་ལས་མ་བྱུང་བའི་ཕྱིར། ཁྱབ་སྟེ། མདོ་ལས། འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བའོ་ཞེས་གསུངས་པའི་ཕྱིར། ཡང་ཐེག་ཆེན་འཕགས་པ་ཡིན་ན། རང་རྒྱུ་ཐེག་ཆེན་གྱི་ཆོས་ལ་མོས་པ་སོགས་རྒྱུ་བཞི་ལས་སྐྱེས་པས་མ་ཁྱབ་པར་ཐལ། བྱང་སེམས་འཕགས་པ་ཡིན་ན། རང་རྒྱུ་ཡུམ་ལས་སྐྱེས་པས་མ་ཁྱབ་པའི་ཕྱིར། འདོད་ན། མངལ་སྐྱེས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཡིན་ན། རང་རྒྱུ་ཡབ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ས་བོན་སོགས་ཆོས་བཞི་ལས་སྐྱེས་པས་མ་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། རྒྱུད་བླར། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེ་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པའི་ཕྱིར། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་གཅིག་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་མཁྱེན་པ་དེ་མཆོད་ཡུམ་མིན་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། འདོད་ན། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། ཞེས་བྱ་བ་ལ་སོགས་པའི་ཚད་མས་ཞེས་པའི་གཞུང་དེས། མཆོད་བརྗོད་ངག་གི་བསྟན་བྱར་གྱུར་པའི་མཆོད་ཡུམ་དེ་མ་བསྟན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མཆོད་བརྗོད་ངག་གི་གདུལ་བྱ་དབང་རྣོན་གྱིས་གཅིག་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་བློ་དེ་ལ་ཚད་མས་གནོད་པ་མ་མཐོང་བས་མཆོད་བརྗོད་ངག་གི་བསྟན་བྱར་གྱུར་པའི་ཡུམ་དེ་ལ་ཚད་མས་གནོད་པ་མ་མཐོང་བར་མི་གྲུབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན་གཞུང་དེས་མཆོད་བརྗོད་ངག་གི་གདུལ་བྱ་དབང་རྣོན་ཡུམ་ལ་དྭང་བ་སྐྱེ་ཚུལ་བསྟན་པ་ལ་དགོས་པ་མེད་པར་ཐལ་ལོ། །ཡང་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་གཅིག་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་ཤེས་རབ་ཆོས་ཅན། མཆོད་ཡུམ་དུ་ཐལ། རྣམ་རྫོགས་སྦྱོར་བས་བསྡུས་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུམ་མཁྱེན་པ་གསུམ་ལ་བསྟོད་པས་མངོན་པར་རྟོགས་པ་བརྒྱད་ཀ་ལ་བསྟོད་པར་འགྱུར་བའི་ཕྱིར། ཡང་སངས་རྒྱས་འཕགས་པའི་ཡུམ་ཡིན་ན། དེའི་མཁྱེན་པ་ཡིན་དགོས་པར་ཐལ། མཆོད་ཡུམ་ཡིན་ན་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་དགོས་པའི་ཕྱིར། འདོད་ན། ཐེག་ཆེན་སློབ་པའི་རྒྱུད་ཀྱི་ཆོས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་དེ་དེར་ཐལ། སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཉིར་སྣང་གི་ལུང་གི་དོན་ནི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གྱི་དབང་དུ་བྱས་པ་ཡིན་ལ། གཞན་དུ་ན་བྱང་ཕྱོགས་སོ་བདུན་པོ་གང་རུང་ཡིན་ན། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་དགོས་པར་ཐལ། བྱང་ཕྱོགས་སོ་བདུན་གྱི་སྐབས་སུ་ཉིར་སྣང་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་བསྡུས་པར་འགྱུར་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག མཆོད་ཡུམ་གྱི་མཚན་གཞི་ནི། གཞུང་ཤེར་ཕྱིན་དང་དངོས་བརྒྱད་འདུས་བྱས་ཀྱི་ཆ་རྣམས་ཡིན་ལ། གཞུང་ཤེར་ཕྱིན་ཆོས་ཅན། མཆོད་ཡུམ་ཡིན་ཏེ། མཆོད་བརྗོད་ངག་གི་གདུལ་བྱ་ཡུམ་ལ་གུས་པ་སྐྱེ་བའི་གུས་ཡུལ་ཡིན་པའི་ཕྱིར་ཏེ། དེ་ལ་རབ་ཏུ་དྭང་བས་ཀྱང་དེའི་ཡོན་ཏན་མངོན་པར་འདོད་པའི་གང་ཟག་ཅེས་སོགས་གསུངས་པའི་ཕྱིར། ཡང་གཞུང་ཤེར་ཕྱིན་དེ་ཡུམ་ཡིན་པར་ཐལ། འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས་ཞེས་པ་དང་། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་གསུངས་ཞེས་དང་། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་དང་། སྡུད་པ་ལས། གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང་། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་འབྱུང་། །ཞེས་གསུངས་པའི་ཕྱིར་ཟེར་རོ། །རིམ་པ་བཞིན། རྫོགས་པའི་སངས་རྒྱས་ཀྱིས་སྤྱོད་ལམ་རྣམ་བཞི་མཛད་པའི་གནས་དེ་ཆོས་ཅན། རྫོགས་པའི་སངས་རྒྱས་སུ་ཐལ། རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་བའི་ཡུལ་ཡིན་པའི་ཕྱིར། བདེ་གཤེགས་གང་དུ་བཞུགས་པ་དང་། །འཆགས་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་འཁོར་གསུམ་མོ། །མཆོད་ཡུམ་བཅོམ་ལྡན་འདས་མར་ཐལ། བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ། །ཞེས་དང་། དེའི་ཕྱིར་བཅོམ་ལྡན་འདས་མ་ལ་རབ་ཏུ་དྭང་བ་ནི། ཞེས་གསུངས་པའི་ཕྱིར། གཞུང་ཤེར་ཕྱིན་དེ་ཤེར་ཕྱིན་དུ་ཐལ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཞེས་སོགས་གསུངས་པའི་ཕྱིར། གང་དག་འདས་དང་ཞེས་སོགས་ཀྱི་མདོ་དེས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཞུང་ཤེར་ཕྱིན་ལས་བྱུང་བར་བསྟན་པར་ཐལ། མདོ་དེས་གཞུང་ཤེར་ཕྱིན་མཆོད་ཡུམ་དུ་བསྟན་པའི་ཕྱིར། འདོད་ན། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་ཞེས་སོགས་ཚིགས་རྐང་གཉིས་པོ་དེས་གཞུང་ཤེར་ཕྱིན་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་དུ་བསྟན་པར་ཐལ་ལོ། །རང་ལུགས་འོག་ཏུ་འབྱུང་ངོ་། །གཉིས་པ་ལ། མཁན་ཆེན་པ་ན་རེ། རང་སྲས་འཕགས་པའི་བཞེད་དོན་སྒྲུབ་ནུས་དེ་མཆོད་ཡུམ་གྱི་མཚན་ཉིད། དབྱེ་ན་གཞུང་ལམ་འབྲས་བུ་རང་བཞིན་གྱི་ཤེར་ཕྱིན་དང་བཞིར་ཡོད་ཟེར། དེའི་རྗེས་འབྲང་ཁ་ཅིག རང་སྲས་འཕགས་པ་ལ་ཕན་འདོགས་པའི་ཆར་གྱུར་པ་དེ་དེའི་མཚན་ཉིད། དབྱེ་ན་སྐྱེད་བྱེད་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས། དང་པོ་ལ་ཉེར་ལེན་གྱི་རྒྱུ། ལྷན་ཅིག་བྱེད་རྐྱེན་གཉིས། སྔ་མ་ནི་ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན་ཡིན་ཞིང་། ཕྱི་མ་ནི་བསམ་གཏན་སོགས་རྒྱུ་གཞན་བཞི་པོ་ཡིན་ནོ། །གཉིས་པ་ལ་དབྱེ་ན། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་གཞི་ཤེས་ལམ་ཤེས་རྣམ་མཁྱེན་གསུམ་གྱི་མཚན་ཉིད་རིམ་པ་བཞིན། གནས་སྐབས་ཐེག་དམན་དུ་རིགས་ངེས་པའི་ཐེག་དམན་སློབ་པ་འཕགས་པ་ཉེར་ཞི་གཉིས་སུ་འཁྲིད་པར་བྱེད་པའི་མཁྱེན་པ་དང་། བྱང་སེམས་འཕགས་པས་གཞན་དོན་སྒྲུབ་པའི་ཐབས་སུ་གྱུར་པའི་མཁྱེན་པ་དང་། སངས་རྒྱས་འཕགས་པས་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པའོ་ཞེས་ཟེར་རོ། །ཁ་ཅིག རང་སྲས་ཀྱི་བཞེད་དོན་ཕུན་ཚོགས་སྒྲུབ་ནུས་ཀྱི་མཁྱེན་པ་མཆོད་ཡུམ་གྱི་མཚན་ཉིད། དབྱེ་ན་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ཡུམ་གསུམ་མོ། །མཚན་གཞི་དངོས་པོ་བརྒྱད་ཀ་ཡིན་ཟེར། ཁ་ཅིག རང་སྲས་འཕགས་པ་སྐྱེད་པའི་ཡོན་ཏན་དང་ལྡན་པའི་ཆ་ནས་རྒྱན་མཛད་པའི་བསྟོད་ཕྱག་གི་ཡུལ་དུ་ཚད་མས་དམིགས་པ་མཆོད་ཡུམ་གྱི་མཚན་ཉིད་ཡིན་ཟེར། དེ་ལྟར་ལུགས་བཞི་ལས་དང་པོ་འགོག་པ་ལ་ཁ་ཅིག་ན་རེ། རང་བཞིན་གྱི་མྱང་འདས་དེ་མྱང་འདས་སུ་ཐལ་རང་བཞིན་གྱི་ཤེར་ཕྱིན་དེ་ཤེར་ཕྱིན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མྱང་འདས་མིན་པར་ཐལ། གཞི་གྲུབ་ན་ཁྱོད་ཡིན་དགོས་པའི་ཕྱིར། ཟེར་བ་ནི་མི་འཐད་དེ། དོན་དམ་པར་རང་བཞིན་གྱི་མྱང་འདས་ཡིན་ན། རང་བཞིན་གྱི་མྱང་འདས་ཡིན་དགོས་པར་ཐལ། གཞི་གྲུབ་ན་རང་བཞིན་མྱང་འདས་ཡིན་དགོས་པའི་ཕྱིར། འདོད་ན། ཆོས་ཐམས་ཅད་ཆོས་ཅན། ཆོས་ཀྱི་དབྱིངས་སུ་ཐལ། དོན་དམ་པར་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག རང་བཞིན་ཤེར་ཕྱིན་ཆོས་ཅན། མཆོད་ཡུམ་མིན་པར་ཐལ། བསྟོད་ཕྱག་གི་ཡུལ་དེ་མི་འཐད་པའི་ཕྱིར་ཏེ། རང་བཞིན་རྣམ་དག་གི་ཆོས་ཉིད་ཡིན་པའི་ཕྱིར། ཞེ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བསྟོད་ཕྱག་གི་ཡུལ་མ་ཡིན་པར་ཐལ། རང་བཞིན་གྱི་ཤེར་ཕྱིན་དེ་དེ་མིན་པའི་ཕྱིར། འདོད་ན། དེ་ཡིན་པར་ཐལ། ཆོས་དབྱིངས་བསྟོད་པར། གང་ཞིག་ཡོངས་སུ་མ་ཤེས་པས། །སྲིད་པ་གསུམ་ན་འཁོར་འགྱུར་ཞིང་། །སེམས་ཅན་རྣམས་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། རང་ལུགས་ནི། རང་བཞིན་གྱི་ཤེར་ཕྱིན་ཆོས་ཅན། མཆོད་ཡུམ་མིན་པར་ཐལ། རང་སྲས་འཕགས་པ་སྐྱེད་བྱེད་དང་། བཞེད་དོན་སྒྲུབ་བྱེད་གང་རུང་མ་ཡིན་པའི་ཕྱིར། མཚན་ཉིད་ལ་རྒྱལ་བ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཡུམ་མིན་པར་ཐལ། ཡབ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ས་བོན་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཀྱི་ཡུམ་ཡིན་པར་ཐལ། ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན་དེ་བྱང་འཕགས་ཀྱི་ཡུམ་ཡིན་པའི་ཕྱིར། ཁྱབ་པ་ནི་སྔར་གྱི་རྒྱུ་བླའི་ལུང་གིས་གྲུབ་བོ། །འདིའི་མཆོད་ཡུམ་གཞི་ཤེས་ཀྱི་མཚན་ཉིད་ལ། ཉན་ཐོས་ཀྱི་སྒོམ་ལམ་ནས་ཐེག་ཆེན་ལམ་དུ་འཇུག་པར་ངེས་པའི་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཉན་ཐོས་ཀྱི་མཐོང་ལམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གནས་སྐབས་ཐེག་དམན་དུ་རིགས་ངེས་པའི་ཐེག་དམན་སློབ་པ་འཕགས་པ་དམན་པའི་ལྷག་མེད་མྱང་འདས་སུ་ཁྲིད་པར་བྱེད་པའི་མཁྱེན་པ་ཡིན་པར་ཐལ་ལོ། །ལུགས་གསུམ་པ་ལ། དངོས་པོ་བརྒྱད་ཀ་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། འབྲས་བུ་ཆོས་སྐུ་དེ་དངོས་པོ་བརྒྱད་གང་རུང་མིན་པར་ཐལ་ལོ། །ཡང་མཆོད་ཡུམ་ཡིན་ན། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་དགོས་པར་ཐལ། དེ་ཡིན་ན་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ཡིན་དགོས་པའི་ཕྱིར། མ་གྲུབ་ན་མཚན་ཉིད་དང་འགལ། འདོད་ན། མཚན་གཞི་དང་འགལ་ལོ། །ལུགས་བཞི་པ་ལ། སངས་རྒྱས་འཕགས་པ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རང་ལུགས་འོག་ཏུ་འཆད་དོ། །གསུམ་པ་ཡུམ་སྲས་ཀྱི་དོན་ལ། དགག་གཞག་གཉིས་ལས། དང་པོ་ལ་ཨར་ན་རེ། མཁྱེན་གསུམ་དང་འཕགས་བཞི་ཡུམ་སྲས་སུ་བཞག་པ་ནི་རྣམ་པར་བཞག་འཇོག་གི་ཡུམ་སྲས་ཡིན་གསུངས་སོ། །རེད་མདའ་བ་ན་རེ། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ཡུམ་གྱི་གཙོ་བོ་ཡིན་ཏེ། དེས་བདག་རྐྱེན་བྱས་ནས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བས་རང་རང་གི་རིགས་དང་མཐུན་པའི་གཞི་ཤེས་ཀྱི་རྟོགས་པ་སྐྱེས་ནས་ཉེར་ཞི་གཉིས་སུ་ཁྲིད་པར་བྱེད། ལམ་ཤེས་ཀྱི་རྟོགས་པ་སྐྱེས་ནས་འཇིག་རྟེན་གྱི་དོན་སྒྲུབ་པར་བྱེད་ཅིང་། མཐར་ཐུག་དེ་གཉིས་ཀྱང་རྣམ་མཁྱེན་གྱི་རྟོགས་པ་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་འབྱུང་བའི་ཕྱིར། དེས་ན་ཡུམ་སྲས་ནི་རྒྱུད་ཐ་དད་པ་སྔ་ཕྱི་བ་ཁོ་ན་ལ་འཇོག་སྟེ། སངས་རྒྱས་སྔ་མའི་རྣམ་མཁྱེན་དེས་འཕགས་པ་ཕྱི་མ་བཞིའི་ཡུམ་བྱེད་པའི་ཕྱིར། གལ་ཏེ་རྒྱུད་ཐ་དད་པ་སྔ་ཕྱི་བ་ལ་ཡུམ་སྲས་མི་རུང་ན། སངས་རྒྱས་དང་བྱང་སེམས་ལྟ་བུའི་ཡབ་སྲས་ཀྱང་མི་རུང་བར་འགྱུར་ཞེས་གསུངས་སོ། །ཁ་ཅིག་ཡུམ་སྲས་ཀྱི་དོན་བསྐྱེད་བྱ་སྐྱེད་བྱེད་ཡིན་པས་གཞུང་ཤེར་ཕྱིན་དང་དངོས་བརྒྱད་མངོན་རྟོགས་ཀྱི་ཆར་གྱུར་པ་རྣམས་ཀྱིས་རང་སྲས་འཕགས་པ་སྐྱེས་པར་བྱེད་དེ། མོས་སྤྱོད་ཀྱི་གནས་སྐབས་སུ་གཞུང་ཤེར་ཕྱིན་དམིགས་པ། མཁྱེན་གསུམ་ཤེས་བྱ། སྦྱོར་བཞི་སྦྱོར་བ། ཆོས་སྐུ་འདུས་བྱས་ཀྱི་ཆ་རྣམས་འབྲས་བུར་གཞག་ནས་སྦྱོར་བས་ཉམས་སུ་བླངས་པ་ལས་རང་སྲས་འཕགས་པ་འབྱུང་། དེ་ལས་རང་སྲས་ཉན་ཐོས་རང་རྒྱལ་བྱང་སེམས་རྣམས་འབྱུང་བའི་ཕྱིར། སངས་རྒྱས་འཕགས་པའི་ཡུམ་ལ་སྐྱེད་བྱེད་ཀྱི་ཡུམ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ཡོད་པའི་དང་པོ་སྔར་བཤད་པ་ལྟར་ཡིན་ཞིང་། ཕྱི་མ་ནི་རྣམ་མཁྱེན་ལྟ་བུ་ཡིན་ཀྱང་། དེ་ཡུམ་བརྟགས་པ་བ་ཡིན་ལ། དེས་མཁྱེན་པ་གཞན་གཉིས་ལ་འགྲེའོ་ཞེས་ཟེར་རོ། །དེ་ལྟར་ལུགས་གསུམ་ལས། དང་པོ་ལ་གཞི་ཤེས་ཆོས་ཅན། ཐེག་དམན་འཕགས་པའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་མ་ཡིན་པར་ཐལ། དེའི་མཚན་ཉིད་མ་ཡིན་པའི་ཕྱིར། གལ་ཏེ་རྣམ་མཁྱེན་དེ་སངས་རྒྱས་འཕགས་པའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་ཡིན་ཏེ། དེ་རྒྱུད་ལ་ལྡན་པའི་རྟེན་གྱི་གང་ཟག་དེ་སངས་རྒྱས་འཕགས་པར་འཇོག་ནུས་པའི་ཕྱིར་ཞེ་ན། དག་སའི་ཡེ་ཤེས་དེ་ཐེག་ཆེན་འཕགས་པའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་ཡིན་པར་ཐལ། དེ་རྒྱུད་ལ་ལྡན་པའི་རྟེན་གྱི་གང་ཟག་དེ་དེར་འཇོག་ནུས་པའི་ཕྱིར། གཉིས་པ་ལ། ས་བཅུའི་ཡེ་ཤེས་དེ་ཡུམ་གྱི་གཙོ་བོ་ཡིན་པར་ཐལ། དེས་བདག་རྐྱེན་བྱས་ནས་ཆོས་འཁོར་བསྐོར་བས་སྔར་ལྟར་འབྱུང་བའི་ཕྱིར། མ་གྲུབ་ན་དེར་ཐལ། ས་བཅུའི་བྱང་སེམས་དེ་གཞན་ངོར་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཚུངས་པའི་ཕྱིར། རྩ་བར་འདོད་ན། ཁས་བླངས་དང་འགལ་ལོ། །ཡང་མཆོད་བརྗོད་ཀྱི་ཚིག་རྐང་དང་པོ་གསུམ་པོ་དེས་འཕགས་བཞིའི་ཡུམ་མཚན་ཉིད་པ་མ་བསྟན་པར་ཐལ། ཐེག་དམན་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ཡིན་ན། དེའི་ཡུམ་མིན་དགོས། བྱང་སེམས་འཕགས་པའི་རྒྱུད་ཀྱི་ལམ་ཤེས་ཡིན་ན། དེའི་ཡུམ་མིན་དགོས། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་ཡིན་ན། དེའི་ཡུམ་མིན་དགོས་པའི་ཕྱིར། འདོད་ན་འཕགས་བཞིའི་ཡུམ་མཚན་ཉིད་པ་སྟོན་བྱེད་ཀྱི་རྒྱན་གཞུང་མེད་པར་ཐལ་ལོ། །གལ་ཏེ་སྐྱོན་མེད་དེ། མཆོད་བརྗོད་ཀྱི་ཚིག་རྐང་ཐ་མ་དེས་དེ་བསྟན་པའི་ཕྱིར་ཞེ་ན། ཚིག་རྐང་དང་པོ་གསུམ་པོ་དེས་དེ་བསྟན་པར་ཐལ། ཐ་མ་དེས་དེ་བསྟན་པ་གང་ཞིག དེ་དེ་གསུམ་གྱི་དོན་བསྡུ་ཡིན་པའི་ཕྱིར། ཡང་ཉན་ཐོས་མཐོང་ལམ་པ་ཆོས་ཅན། སངས་རྒྱས་ཀྱི་སྲས་སུ་ཐལ། རྣམ་མཁྱེན་གྱི་སྲས་སུ་གྱུར་པའི་སློབ་པ་ཡིན་པའི་ཕྱིར། ཡང་སྲས་འཕགས་པ་ཐོབ་པའི་ཆེད་དུ་རང་རྒྱུད་ཀྱི་ཡུམ་ཉམས་སུ་ལེན་པ་མེད་པར་ཐལ། ཡུམ་སྲས་ཡིན་ན་རྒྱུད་ཐ་དད་པ་ཁོ་ན་ཡིན་དགོས་པའི་ཕྱིར། འདོད་ན། ཉམས་སུ་ལེན་པའི་ཆེད་དུ་ཡུམ་བརྗོད་བྱར་སྟོན་པའི་བསྟན་བཅོས་རྩོམ་པ་ལ་དགོས་པ་མེད་པར་ཐལ་ལོ། །ཡང་བྱང་སེམས་སྦྱོར་ལམ་པ་དང་རྒྱུད་ཐ་དད་པ་ལ་བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་མི་རུང་བར་ཐལ། དེ་དང་རྒྱུད་ཐ་དད་པ་ལ་དེའི་ནང་གི་ཡོངས་འཛིན་མི་རུང་བའི་ཕྱིར། མ་ཁྱབ་ན། རྒྱུད་ཐ་དད་པ་ལ་ཡུམ་སྲས་མི་རུང་ན། རྒྱུད་ཐ་དད་པ་ལ་ཡབ་སྲས་མི་རུང་བས་ཁྱབ་པ་བུད། གསུམ་པ་ལ། ཆོས་ཐམས་ཅད་ཀྱི་རང་སྲས་འཕགས་བཞི་བསྐྱེད་པར་ཐལ། མོས་སྤྱོད་ཀྱི་གནས་སྐབས་སུ་ཆོས་ཐམས་ཅད་དམིགས་པ་མཁྱེན་གསུམ་ཤེས་བྱ་སོགས་སྔར་བཤད་པ་ལྟར་འབྱུང་བའི་ཕྱིར། རྟགས་ཁྱབ་ཁས་བླངས། ཡང་དངོས་པོ་བརྒྱད་ཀྱི་རང་སྲས་འཕགས་བཞི་སྐྱེད་པར་ཐལ། མོས་སྤྱོད་ཀྱི་གནས་སྐབས་སུ་དམིགས་པ་སོགས་གསུམ་པོ་སྔར་བཞིན་ལ། ཆོས་སྐུ་འབྲས་བུར་བཞག་ནས་སྦྱོར་བ་ཉམས་སུ་བླངས་པ་ལས་སྔར་ལྟར་འབྱུང་བའི་ཕྱིར། གཞན་ཡང་མོས་སྤྱོད་ཀྱི་གནས་སྐབས་སུ་སྦྱོར་བཞི་སྦྱོར་བར་བཞག་པའི་དོན་དེ་སྦྱོར་བཞི་སྦྱོར་བ་ཡིན་པར་ཤེས་པ་ལ་བྱེད་དམ། སྐབས་དེར་སྦྱོར་བཞི་སྦྱོར་བ་ཡིན་པ་ལ་བྱེད། དང་པོ་ལྟར་ན། མོས་སྤྱོད་ཀྱི་གནས་སྐབས་སུ་མཁྱེན་གསུམ་ཤེས་བྱར་བཞག་པ་ལས་ལོགས་སུ་སྦྱོར་བཞི་སྦྱོར་བར་གཞག་པ་ལ་དགོས་པ་མེད་པར་ཐལ། དེའི་ཕྱིར། གཉིས་པ་ལྟར་ན། སྐབས་དེར་སྦྱོར་བཞི་ཡོད་པར་ཐལ། སྐབས་དེར་སྦྱོར་བཞི་སྦྱོར་བ་ཡིན་པའི་ཕྱིར། ཡང་སངས་རྒྱས་འཕགས་པ་ཆོས་ཅན། ཁྱོད་ལ་རང་སྲས་ཉན་ཐོས་འཕགས་པ་དང་། རང་རྒྱལ་འཕགས་པ་འབྱུང་བ་མེད་པར་ཐལ། ཁྱོད་ཀྱིས་སྲས་སུ་གྱུར་པའི་ཉན་རང་འཕགས་པ་མེད་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པའི་སྲས་སུ་གྱུར་པའི་ཉན་རང་འཕགས་པ་ཆོས་ཅན། རྒྱལ་བའི་སྲས་ཡིན་པར་ཐལ། སངས་རྒྱས་འཕགས་པའི་སྲས་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་། ཉན་ཐོས་སློབ་པའི་རྒྱུད་ཀྱི་གཞི་ཤེས་དེས་དེ་ཉེར་ཞི་གཉིས་སུ་ཁྲིད་པར་མི་བྱེད་པར་ཐལ། དེ་དེའི་ཡུམ་བཏགས་པ་བ་ཡིན་པའི་ཕྱིར། རྟགས་ཁས། དེས་མཁྱེན་པ་གཞན་གཉིས་ལ་འགྲེའོ། །གཉིས་པ་རང་ལུགས་ནི། སྤྱིར་ཡུམ་ཡིན་ན། བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་ཏེ། རྒྱུད་བླར་ཤེས་རབ་ནི། སངས་རྒྱས་ཆོས་སྐྱེད་མ་དང་ཞེས་དང་། འཇུག་པར་ཤེས་རབ་ཡུམ་གྱིས་བསྐྱེད་པ་ཞེས་དང་། འདིར་ཡང་ཀུན་མཁྱེན་གསུམ་པོ་ཉིད་ཡུམ་དུ་བཤད་པ་དང་། ལུང་ལས་ཀྱང་། བདག་མེད་བརྗོད་བྱའི་གཙོ་བོར་སྟོན་པའི་གསུང་རབ་རྣམས་ལ་ཡུམ་གྱི་ཐ་སྙད་གསུངས་པའི་ཕྱིར། དེ་ཡང་རང་སྲས་དང་རྒྱུད་གཅིག་པ་ཞིག་དགོས་ཏེ། སྤྱིར་ཡུམ་ལ་སྐྱེད་བྱེད་ཀྱི་ཡུམ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ལས། དང་པོ་ནི། སྔར་རང་རྒྱུད་ལ་སྔར་ཉམས་སུ་མྱོང་བའི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར་དང་། ཕྱི་མ་ནི་རང་དང་དུས་མཉམ་པའི་རང་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར། ཡབ་ལ་ནི་རང་རྒྱུད་ཀྱི་ནང་གི་ཐབས་མཁས་ལ་ཡབ་ཏུ་བཞག་པ་ཡོད་དེ། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ནི་ཐབས་ལ་མཁས་པ་སྟེ། ཞེས་སོ། །འདི་ནི་བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཐབས་མཁས་གསུངས་པ་དང་དོན་གཅིག་གོ །རང་དང་རྒྱུད་ཐ་དད་པའི་གང་ཟག་ལ་ཡབ་ཏུ་བཞག་པ་ཡང་ཡོད་དེ། རྗེས་དྲན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། །ཅེས་གསུངས་པའི་ཕྱིར། །འདི་ནི་བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་དགེ་བཤེས་གསུངས་པ་དང་དོན་གཅིག་གོ །སྲས་ལ་ཡུམ་གྱི་སྒོ་ནས་སྲས་སུ་བཞག་པ་ནི། འཕགས་པ་བཞི་ཆར་ལ་ཡོད་དེ། འཕགས་པ་ཡིན་ན་རང་རྒྱུ་བདག་མེད་རྟོགས་པའི་མཁྱེན་པ་ལས་བྱུང་དགོས་པའི་ཕྱིར། ཡབ་ཀྱི་སྒོ་ནས་སྲས་སུ་བཞག་པ་ནི། བྱང་སེམས་ཁོ་ན་ལ་ཡོད་དེ། བྱང་ཆུབ་ཀྱི་སེམས་རྒྱུད་ལ་མ་སྐྱེས་ན་ཡབ་དེ་བཞིན་གཤེགས་པའི་སྲས་སུ་མི་འགྱུར་བའི་ཕྱིར་ཏེ། རྗེས་དྲན་ལས། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། ཞེས་ཟུང་བཞི་ཡ་བརྒྱད་ཀྱི་འཕགས་པ་རྣམས་སངས་རྒྱས་ཀྱི་བྲན་དུ་བཤད་ཀྱིས། སྲས་སུ་མ་བཤད་པའི་གནད་ཀྱང་འདི་ཡིན་ནོ། །དེས་ན་མཆོད་ཡུམ་གྱི་མཚན་ཉིད། རང་སྲས་འཕགས་པའི་སྐྱེད་བྱེད་དང་རང་སྲས་འཕགས་པའི་བཞེད་དོན་སྒྲུབ་བྱེད་གང་རུང་དུ་གྱུར་པའི་བདག་མེད་རྟོགས་པའི་མཁྱེན་པ། དེ་ལ་དབྱེ་ན་སྐྱེད་བྱེད་ཀྱི་ཡུམ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས། དང་པོ་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། བདག་མེད་གསུམ་གང་རུང་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་སྲས་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པ། གཉིས་པ་ལ་རང་སྲས་ཉན་ཐོས་འཕགས་པ་དང་། རང་སྲས་རང་རྒྱལ་འཕགས་པ། རང་སྲས་བྱང་སེམས་འཕགས་པ། རང་སྲས་སངས་རྒྱས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་དང་བཞི་ལས། དང་པོའི་མཚན་ཉིད། གཞི་གང་ཟག་གི་བདག་གི་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་ཉན་ཐོས་འཕགས་པ་སྐྱེད་པར་བྱེད་པའི་མཁྱེན་པ། དེ་ལ་དབྱེ་ན། གཞི་གང་ཟག་གི་བདག་གི་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། མངོན་སུམ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས་ལས། སྔ་མ་ནི་ཉན་ཐོས་ཀྱི་ཚོགས་སྦྱོར་ན་ཡོད། ཕྱི་མ་ནི་ཉན་ཐོས་ཀྱི་མཐོང་ལམ་ནས་ཐེག་ཆེན་ལམ་དུ་འཇུག་ཁའི་སྔ་ལོགས་ན་ཡོད། གཉིས་པའི་མཚན་ཉིད། གཞི་གཟུང་བ་ཆོས་ཀྱི་བདག་གི་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་རྒྱལ་འཕགས་པ་སྐྱེད་བྱེད་ཀྱི་མཁྱེན་པ། དབྱེ་བ་ས་མཚམས་སྔོན་མས་དཔགས་ཏེ་ཤེས་སོ། །གསུམ་པའི་མཚན་ཉིད། ལམ་འཛིན་པ་ཆོས་ཀྱི་བདག་གི་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་བྱང་སེམས་འཕགས་པ་སྐྱེད་བྱེད་ཀྱི་མཁྱེན་པ། དབྱེ་ན། ལམ་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། མངོན་སུམ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས། དང་པོ་ནི། ཐེག་ཆེན་གྱི་ཚོགས་སྦྱོར་ན་ཡོད། གཉིས་པ་ས་དང་པོ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད། ཉན་རང་ཐེག་ཆེན་ལམ་དུ་འཇུག་ཁ་མ་དང་། བྱང་སེམས་ཀྱི་རྒྱུན་མཐའི་གནས་སྐབས་སུ་དེ་དང་དེའི་སྐྱེད་བྱེད་ཀྱི་ཡུམ་མེད་དེ། དེའི་སྐད་ཅིག་ཕྱི་ལོགས་ནས་དེ་དང་དེའི་འཕགས་པ་མི་འགྱུར་བའི་ཕྱིར། བཞི་པའི་མཚན་ཉིད། རྣམ་པ་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གིས་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་སངས་རྒྱས་འཕགས་པ་སྐྱེད་བྱེད་ཀྱི་མཁྱེན་པ། དབྱེ་ན་རྣམ་པ་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། མངོན་སུམ་དུ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས། སྔ་མ་ནི་ཐེག་ཆེན་གྱི་ཚོགས་སྦྱོར་ན་ཡོད། ཕྱི་མ་ནི་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །དེས་ན་རྗེ་བཙུན་ཤེས་བྱ་ཀུན་རིག་གིས། ཚོགས་སྦྱོར་ན་ཡུམ་འཇོག་པ་ནི་ཁོ་བོས་ཀྱང་གསུང་རབ་མཐའ་དག་གི་གནད་དུ་མཐོང་ཞིང་། འོན་ཀྱང་ཡུམ་གྱི་སྒོ་ནས་སྲས་སུ་གཞག་པ་ནི་འཕགས་པ་ཁོ་ན་ལ་འཇོག་ལ། ཡབ་ཀྱི་སྒོ་ནས་སྲས་སུ་འཇོག་པ་ནི་ཐེག་ཆེན་གྱི་ཚོགས་སྦྱོར་ནའང་ཡོད་དོ། །གཉིས་པ་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གྱི་མཚན་ཉིད། བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་འཕགས་པའི་བཞེད་དོན་གྱི་གཙོ་བོ་སྒྲུབ་པའི་རིགས་སུ་གནས་པའི་མཁྱེན་པ། དབྱེ་ན། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་གཞི་ཤེས། ལམ་ཤེས། རྣམ་མཁྱེན་གསུམ། དང་པོའི་མཚན་ཉིད། གཞི་གང་ཟག་གི་བདག་གི་སྐྱེ་མེད་དང་། གཟུང་བ་ཆོས་ཀྱི་བདག་གི་སྐྱེ་མེད་གང་རུང་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་ཐེག་དམན་འཕགས་པ་ཉེར་ཞི་གཉིས་སུ་ཁྲིད་པར་བྱེད་པའི་རིགས་སུ་གནས་པའི་མཁྱེན་པ། ས་མཚམས་ཐེག་དམན་གྱི་མཐོང་ལམ་ནས་ཐེག་ཆེན་གྱི་ལམ་དུ་འཇུག་ཁ་མའི་བར་ན་ཡོད། གཉིས་པའི་མཚན་ཉིད། ལམ་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་བྱང་སེམས་འཕགས་པའི་འཇིག་རྟེན་གྱི་དོན་སྒྲུབ་པར་བྱེད་པའི་མཁྱེན་པ། ས་མཚམས་ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད། གསུམ་པའི་མཚན་ཉིད། རྣམ་པ་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་སྒོ་ནས་རང་རྒྱུད་ལ་ལྡན་པའི་སངས་རྒྱས་འཕགས་པས་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །དེས་ན་བསྟན་བཅོས་རྩ་བ་ལས་ཀུན་ཤེས་ཉིད། ཅེས་སོགས་ཐབས་སྟོན་པའི་གཞུང་གསུམ་གྱིས། སྐྱེད་བྱེད་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ཀ་བསྟན་ཞིང་། ཉེར་ཞི་ཁྲིད་མཛད་ཅེས་སོགས་འབྲས་བུ་སྟོན་པའི་གཞུང་གསུམ་གྱིས། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་བསྟན་སྟེ། སློབ་དཔོན་གྱིས་དགོས་དོན་གྱི་སྐབས་སུ་སྐྱེད་བྱེད་ཀྱི་ཡུམ་དང་། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས་ཀ་བསྟན་ཅིང་ཚིག་དོན་གྱི་སྐབས་སུ་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གསུངས་པའི་ཕྱིར། གནད་འདི་དག་ནི་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པར་སྣང་ངོ་། །བཞི་པ་གོ་རིམ་ལ་མཁས་པའི་ལུགས་དགོད། དེ་ལ་ལོག་རྟོག་དགག རང་ལུགས་གཞག་པ་དང་གསུམ། དང་པོ་ནི། ཨར་ན་རེ། མཆོད་བརྗོད་ཀྱི་སྐབས་སུ་གཞི་ཤེས་དང་། ལམ་ཤེས་དང་། རྣམ་མཁྱེན་གསུམ་གོ་རིམ་བཞིན་དུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། མཆོད་བརྗོད་གླེང་གཞིའི་འགྲེལ་པ་ཡིན་ཞིང་། གླེང་གཞི་ལས་གོ་རིམ་དེ་ལྟར་དུ་བཤད་པའི་ཕྱིར་ཏེ། དགེ་སློང་གི་དགེ་འདུན་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་སོགས་ཀྱིས་གཞི་ཤེས་ཀྱི་རྟེན་གྱི་གང་ཟག་དང་། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་སོགས་ཀྱིས་འབྲས་བུ་ཉེར་ཞི་དངོས་སུ་བསྟན་ཞིང་། དེ་ཉིད་བསྟན་བཅོས་ལས་ཉན་ཐོས་ཞེས་སོགས་དང་། ཉེར་ཞི་ཞེས་པས་བསྟན་པའི་ཕྱིར་དང་། དེའི་རྗེས་སུ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དུ་མ་དང་། ཞེས་སོགས་ཀྱིས་ལམ་ཤེས་ཀྱི་རྟེན་གྱི་གང་ཟག་དང་། ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་སོགས་ཀྱིས་འབྲས་བུས་འཇིག་རྟེན་གྱི་དོན་སྒྲུབ་པ་དངོས་སུ་བསྟན་ཞིང་། དེ་ཉིད་བསྟན་བཅོས་ལས། འགྲོ་ལ་ཕན་པར་བྱེད་རྣམས་ཞེས་དང་། འཇིག་རྟེན་དོན་སྒྲུབ་ཅེས་པས་བསྟན་པའི་ཕྱིར་དང་། དེའི་རྗེས་སུ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ཞེས་སོགས་སྐུའི་སྣང་བ་བྱུང་བ་རྣམས་ཀྱིས་རྣམ་མཁྱེན་གྱི་རྟེན་གྱི་གང་ཟག་དང་། ཆོས་སྟོན་པའི་སྣང་བ་བྱུང་བ་རྣམས་ཀྱིས་འབྲས་བུ་ཆོས་འཁོར་བསྐོར་བ་དངོས་སུ་བསྟན་ཅིང་། དེ་ཉིད་བསྟན་བཅོས་ལས། ཐུབ་རྣམས་ཞེས་པ་དང་། སྣ་ཚོགས་འདི་གསུངས་པ་ཞེས་པས་བསྟན་པའི་ཕྱིར་དང་། གསུམ་ཀའི་ཐབས་མཁྱེན་པ་གསུམ་པོ་དེ་མདོའི་སྦས་དོན་དུ་ཡོད་པར་བསྟན་བཅོས་ལས། ཀུན་ཤེས་ཉིད་ཀྱིས་ཞེས་སོགས་གསུམ་གྱིས་བསྟན་པའི་ཕྱིན་ཞེས་བཞེད་དོ། །གཉིས་པ་ལ། ཁ་ཅིག མཆོད་བརྗོད་གླེང་གཞིའི་འགྲེལ་པ་མིན་པར་ཐལ། འཕགས་སེང་གཉིས་ཀྱིས་དེ་གཉིས་རྩ་འགྲེལ་དུ་མ་སྦྱར་ཞིང་། སློབ་དཔོན་གྱིས་གླེང་གཞིའི་བཤད་པ་གཞན་དུ་མཛད་པའི་ཕྱིར་ཞེ་ན། མཆོད་བརྗོད་ཤེར་ཕྱིན་གྱི་མདོའི་འགྲེལ་པ་མིན་པར་ཐལ། འཕགས་སེང་གཉིས་ཀྱིས་དེ་གཉིས་རྩ་འགྲེལ་དུ་མ་སྦྱར་ཞིང་། སློབ་དཔོན་གྱིས་མདོའི་བཤད་པ་གཞན་དུ་མཛད་པའི་ཕྱིར། རྟགས་ཁྱབ་ཁས། གཞན་ཡང་། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས་ཀྱི་ཚིགས་བཅད་དེ་ཡང་ཤེར་ཕྱིན་གྱི་མདོའི་འགྲེལ་པ་མིན་པར་ཐལ་ལོ། །ཁ་ཅིག འོ་ན་མཆོད་བརྗོད་ཀྱི་ཚིགས་བཅད་གསུངས་པ་དེ། དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་སོགས་ཀྱི་མདོ་ཚིག་གསུམ་པོ་དེའི་འགྲེལ་པ་ཡིན་པར་ཐལ། མདོ་ཚིག་གསུམ་པོ་དེས་ཐབས་མཁྱེན་པ་གསུམ་དང་རྟེན་གྱི་གང་ཟག་གསུམ་དངོས་སུ་བསྟན་ཞིང་། འབྲས་བུ་གསུམ་སྦས་དོན་དུ་ཡོད་པར་མཆོད་བརྗོད་ཀྱི་ངག་གིས་དངོས་བསྟན་ལ་སྦྱོར་དུ་རུང་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ལྟ་བུའི་མདོ་ཚིག་གསུམ་པོ་ཆོས་ཅན། མཆོད་བརྗོད་ཀྱི་ཚིགས་བཅད་དེ་ཁྱོད་ཀྱི་འགྲེལ་པ་མིན་པར་ཐལ། ཁྱོད་བདག་ཉིད་ཇི་བཞིན་ཀུན་མཁྱེན་ཉིད། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དག །ཅེས་པའི་སྐབས་ཀྱི་མདོ་ཡིན་པའི་ཕྱིར། དེས་ན་རང་ལུགས་ནི། ཐེག་ཆེན་གྱི་རིགས་ཅན་དབང་པོ་རྣོན་པོས་རགས་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་པོར་སྐྱེས་ནས་དེའི་རྗེས་སུ་ཆོས་ཀྱི་བདག་མེད་ཕྲ་མོ་བསྐྱེད་དེ་ལམ་ལ་འཇུག་པའི་རིམ་པ་གོ་བའི་ཕྱིར་དུ་དེ་ལྟར་སྟོན་པའི་ཕྱིར་ཞེས་སྨྲའོ། །འོ་ན་ཐེག་ཆེན་གྱི་རིགས་ཅན་དབང་པོ་རྣོན་པོས་དང་པོར་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཕྲ་མོ་སྐྱེད་ནས། དེའི་རྗེས་ལ་རགས་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་དེ་ལམ་ལ་འཇུག་པའི་རིམ་པ་གོ་བའི་ཕྱིར་དུ་བསྟན་བཅོས་ལུས་ལས། དང་པོར་རྣམ་མཁྱེན་ལམ་ཤེས་གཞི་ཤེས་གསུམ་རིམ་པ་བཞིན་བསྟན་པར་ཐལ། རང་ལུགས་ཀྱི་རྟགས་དེའི་ཕྱིར། འདིའི་ཁྱབ་པ་བསྒྲིགས་མཚམས་སྔར་གྱི་རྟགས་དང་ཁྱད་པར་མེད་དེ། ནམ་མེད་དུ་མཚུངས་པའི་ཕྱིར། ཡང་དེ་ལ་ཐམས་ཅད་ཤེས་པ་ཞེས་སོགས་ཀྱི་མདོ་ཚིག་གསུམ་པ་ཆོས་ཅན། དེ་རབ་ཅེས་པའི་གཞུང་དེ་ཁྱོད་ཀྱི་འགྲེལ་པ་མིན་པར་ཐལ། ཁྱོད་བདག་ཉིད་ཇི་བཞིན་ཀུན་མཁྱེན་ཉིད། ཅེས་པའི་ཐད་ཀྱི་མདོ་ཡིན་པའི་ཕྱིར། ཁྱབ་པ་ཁས། གལ་ཏེ་མི་མཚུངས་ཏེ། དེ་རབ་ཅེས་པའི་གཞུང་དེ་རྩེ་སྦྱོར་གྱི་གཞུང་རྒྱས་པ་དེའི་དོན་བསྡུས་ཡིན་པའི་ཕྱིར་ཞེས་ཟེར་ན། འོ་ན་སྔོན་མ་ལ་མ་ཁྱབ་པར་ཐལ། མཆོད་བརྗོད་ཀྱི་ཚིག་བཅད་དེ་བསྟན་བཅོས་ལུས་ཀྱི་མདོར་བསྟན་ཡིན་པའི་ཕྱིར། རེད་མདའ་བ་ན་རེ། གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་འཇུག་པའི་དབང་དུ་བྱས་ནས་གོ་རིམ་དེ་ལྟར་དུ་བསྟན་ཞེས་ཟེར་བ་ལ། ཁ་ཅིག་མི་འཐད་དེ། མཆོད་བརྗོད་ངག་གི་གདུལ་བྱའི་གཙོ་བོ་དེ་ཐེག་ཆེན་གྱི་རིགས་ཅན་ཡིན་པའི་ཕྱིར་ཞེ་ན། འོ་ན་རྒྱན་ལ་དགོས་སོགས་ཆོས་བཞི་མེད་དམ་སྙམ་པའི་དོན་མི་འགྱུར་གྱི་ཐེ་ཚོམ་བསལ་ནས་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་ཕྱིར་དུ་དགོས་འབྲེལ་གྱི་ངག་གསུངས་པ་མིན་པར་ཐལ། དགོས་འབྲེལ་ངག་གི་གདུལ་བྱའི་གཙོ་བོ་དེ་ཐེག་ཆེན་གྱི་རིགས་ཅན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། གསུམ་པ་ནི། སྤྱིར་མཆོད་བརྗོད་གླེང་གཞིའི་འགྲེལ་པ་ཡིན་པ་འཐད་དེ། རྒྱུད་བླ་མདོ་སྡེ་དུ་མའི་དགོངས་འགྲེལ་དུ་བརྩམས་པའི་ཚེ་ན་ཡང་རྡོ་རྗེའི་གནས་དང་པོ་གསུམ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོའི་གླེང་གཞི་དང་སྦྱར་ན་འདི་མདོ་སྡེ་གཅིག་གི་དགོངས་འགྲེལ་དུ་བརྩམས་པའི་ཚེ་ཤིན་ཏུ་ཡང་འཐད་པའི་ཕྱིར། འོན་ཀྱང་གོ་རིམ་ནི་མདོའི་དངོས་བསྟན་ལ་མཁྱེན་གསུམ་སྨོས་པ་ཐམས་ཅད་ལ་གོ་རིམ་དེ་ལྟར་འབྱུང་བས་དེའི་དབང་དུ་བྱས་པ་ཡིན་ལ། དེ་ཡང་ཐེག་པ་གསུམ་དང་ཕར་ཕྱིན་དྲུག་གི་གོ་རིམ་ལྟར་དམན་མཆོག་གི་གོ་རིམ་མོ། །འོ་ན་བསྟན་བཅོས་ལུས་ལས་དང་པོར་རྣམ་མཁྱེན་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེས་དོགས་པ་གསར་དུ་སྐྱེ་རིགས་པ་ལས། དེའི་རྒྱུ་མཚན་སློབ་དཔོན་གྱི་འགྲེལ་པའི་མཚམས་སྦྱར་དུ་བཀོད་དོ། །གཞན་དུ་ན་རྣམ་པ་དང་ལམ་ཤེས་སྟོན་པའི་སྐབས་ལ་སོགས་པ་ཐམས་ཅད་དུ་གོ་རིམ་འདི་ལྟར་བསྟན་པ་ལ་དོགས་པ་མི་གཅོད་པར་འདི་ཁོ་ན་ལ་གཅོད་དགོས་པའི་རྒྱུ་མཚན་གང་ཡང་མེད་དོ། །འདི་ཡང་གཞན་གྱིས་མ་རྟོགས་པར་སྣང་ངོ་། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ་ཞེས་པའི་སྐབས་སུ། དགག་གཞག་གཉིས་ལས། དང་པོ་ལ་གསུམ་གྱིས་ལྔ་བསྡུས་པ་དགག གཅིག་གིས་བརྒྱད་བསྡུས་པ་དགག གསུམ་གྱིས་བརྒྱད་བསྡུས་ཚུལ་གཞན་དགག་པའོ། །དང་པོ་ལ། ལོ་ཙཱ་བ་ན་རེ། མཁྱེན་གསུམ་རྒྱ་ཆེ་བ་དང་། སྦྱོར་བཞི་དང་ཆོས་སྐུ་རྒྱ་ཆུང་བས་རྒྱ་ཆེ་བས་རྒྱ་ཆུང་བ་བསྡུས་པའི་ཚུལ་ཡིན་ཞེས་གསུངས་པ་ལ། འབྲེ་ན་རེ། མཁྱེན་གསུམ་དང་སྦྱོར་བཞི་ལ་རྒྱ་ཆེ་ཆུང་གི་ཁྱད་པར་མི་འཐད་པར་ཐལ། མཁྱེན་གསུམ་དུས་གསུམ་ཆར་དང་གང་ཟག་རང་གཞན་གཉིས་ཀས་བསྡུས་པ་ལ་འཇོག་ན། སྦྱོར་བཞི་ཡང་དེ་ལྟར་འཇོག་དགོས་པར་མཚུངས། སྦྱོར་བཞི་དུས་ད་ལྟར་བ་དང་གང་ཟག་རང་རྒྱུད་ཁོ་ནས་བསྡུས་པ་ལ་འཇོག་ན། མཁྱེན་གསུམ་ཡང་དེ་ལྟར་འཇོག་དགོས་པའི་ཕྱིར་ཞེས་བགག་ནས། འབྲེ་རང་ལུགས་ལ། མཁྱེན་གསུམ་རང་བཞིན་དང་སྦྱོར་བཞི་དང་ཆོས་སྐུ་གནས་སྐབས་ཡིན་པས། རང་བཞིན་གྱིས་གནས་སྐབས་བསྡུས་པའི་ཚུལ་གྱིས་བསྡུས་ཟེར། དེ་ལ་ཁ་ཅིག སྔར་གྱི་སྐྱོན་དེ་ལོ་ཙཱ་བ་ལ་མི་འཇུག་སྟེ། ལོ་ཙཱ་བས་མཁྱེན་གསུམ་དང་སྦྱོར་བཞི་ལ་རྒྱ་ཆེ་ཆུང་ཁས་མ་བླངས་པའི་ཕྱིར། དེས་ན་ལོ་ཆེན་གྱི་དགོངས་པ་ནི། མངོན་པར་རྟོགས་པ་བརྒྱད་གང་ཟག་གཅིག་སངས་རྒྱ་བའི་ཆ་རྐྱེན་དུ་བཞག་པའི་ཚེ། ཤེས་བྱའི་མཁྱེན་པ་གསུམ་ནི་ཤེས་བྱ་ལ་སྲིད་ཚད་ཀྱི་མཁྱེན་གསུམ་དང་། ཉམས་ལེན་གྱི་སྦྱོར་བ་ནི། གང་ཟག་རང་རྒྱུད་ཀྱིས་སྦྱོར་བ་དང་། ཆོས་སྐུ་ནི་རང་རྒྱུད་ལ་འབྱུང་རུང་གི་ཆོས་སྐུ་ལ་འཇོག་པ་ཡིན་ཏེ། ཊཱིཀ་ཆུང་ལས། ཇི་ལྟར་གསུམ་དུ་བརྒྱད་འདུ་ཞེ་ན་སོ་སོར་ངེས་པའི་གང་ཟག་གཅིག་ལ་ལྟོས་ཏེ། ཤེས་པར་བྱ་བའི་རང་བཞིན་ཀུན་མཁྱེན་གསུམ་ཡིན་ལ། སྦྱོར་བ་བཞི་དང་ཆོས་སྐུ་ནི་རང་རྒྱུད་ལ། སྐྱེད་པར་ཡིན་པས་སྤྱི་དང་ཁྱད་པར་རམ། ཐུན་མོང་དང་ཐུན་མོང་མིན་པའི་ཁྱད་པར་ཡོད་ཀྱང་། སྤྱིར་བྱེ་བྲག་འདུས་པ་འཐད་པས་དེ་སྐད་བརྗོད་དོ་ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། མངོན་པར་རྟོགས་པ་བརྒྱད་བྱང་སེམས་ཚོགས་ལམ་པ་སངས་རྒྱ་བའི་ཆ་རྐྱེན་དུ་བཞག་པའི་ཚེ་ཤེས་བྱའི་མཁྱེན་གསུམ་དང་ཉམས་ལེན་གྱི་སྦྱོར་བ་ལ་ཐུན་མོང་དང་ཐུན་མོང་མིན་པའི་ཁྱད་པར་མི་འཐད་པར་ཐལ། དེའི་ཚེ་ཤེས་བྱའི་མཁྱེན་གསུམ་དེ་གང་ཟག་གཞན་རྒྱུད་ཀྱིས་བསྡུས་པ་ཁོ་ན་ཡིན་པའི་ཕྱིར། ཡང་དེ་གཉིས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་མི་འཐད་པར་ཐལ། དེའི་ཚེ་སྦྱོར་བ་བཞི་པོ་མཁྱེན་གསུམ་གང་རུང་གི་བྱེ་བྲག་མིན་པའི་ཕྱིར། ཡང་དེའི་ཚེ་འབྱུང་རུང་གི་སྐད་ཅིག་མའི་སྦྱོར་བ་དེ་ལམ་ཤེས་ཡིན་ན་ཐུན་མོང་བར་འགྱུར་ཞིང་། མིན་ན་འབྱུང་རུང་གི་ཆོས་སྐུ་དེ་ཡང་ཆོས་སྐུ་མིན་པར་འགྱུར་རོ། །འབྲེའི་བཞེད་པ་ལ་ཨར་གྱིས། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ལ་རང་བཞིན་མཁྱེན་གསུམ་ཡོད་པར་ཐལ། དེའི་རྒྱུད་ལ་གནས་སྐབས་ཀྱི་སྦྱོར་བ་དང་པོ་གསུམ་ཡོད་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ་སྡུད་བྱེད་མཁྱེན་པ་གསུམ་ནི་སེམས་སྐྱེད་ལ་སོགས་པའི་མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ཡིན་ལ། དེས་སྦྱོར་བཞི་དང་འབྲས་བུ་ཆོས་སྐུ་བསྡུ་ཞེས་ཟེར། འོ་ན་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་ཆོས་ཅན། བྱམས་པའི་བསྟོད་ཕྱག་གི་ཡུལ་དུ་ཐལ་བ་དང་། མཆོད་ཡུམ་ཡིན་པར་ཐལ། འདིར་བསྟན་སྡུད་བྱེད་ཀྱི་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་ན་ཁྱོད་ཀྱི་ནང་ཚན་ཡིན་དགོས་པའི་ཕྱིར། གསུམ་ཆར་ལ་ཐུན་མོང་དུ་དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ལ། ཞེས་སོགས་ཀྱི་གཞུང་དེ་ཆོས་ཅན། གསུམ་གྱིས་བརྒྱད་བསྡུས་པའི་ཚུལ་མ་བསྟན་པར་ཐལ། གསུམ་གྱིས་ལྔ་བསྡུས་པའི་ཚུལ་ཁོ་ན་བསྟན་པའི་ཕྱིར། རྟགས་ཁས། གཉིས་པ་ནི། རེ་མདའ་བ་ན་རེ། ངོ་བོ་སངས་རྒྱས་སའི་ཤེར་ཕྱིན་ལ་གནས་སྐབས་མཁྱེན་པ་གསུམ་དུ་ཕྱེ་བའི་མཁྱེན་གསུམ་དེས་དོན་བརྒྱད་བསྡུས་པ་ཡིན་ཞེས་སྨྲའོ། །འོ་ན་མཆོད་བརྗོད་ངག་གི་དངོས་བསྟན་དུ་གྱུར་པའི་མཁྱེན་པ་གསུམ་པོ་དེ་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ། འདིར་བསྟན་སྡུད་བྱེད་མཁྱེན་གསུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྐབས་དོན་ལས་ཉམས་སོ། །འདོད་ན། མཆོད་ཡུམ་འབྲས་ཡུམ་ཡིན་པ་འགོག་པའི་རིགས་པ་རྣམས་སྦྱར་རོ། །གསུམ་པ་ནི་ཁ་ཅིག ཐེག་པ་གསུམ་གང་རུང་གི་མངོན་རྟོགས་ཡིན་ན། མཁྱེན་གསུམ་གང་རུང་ཡིན་པས་ཁྱབ་པ་ལ་དགོངས་ནས་མཁྱེན་གསུམ་གྱིས་དངོས་བརྒྱད་བསྡུས་པར་གསུངས་པ་ཡིན་ལ། དེའི་ཕྱིར་ཚོགས་སྦྱོར་ན་གཞི་ཤེས་དང་ལམ་ཤེས་ཀྱང་ཡོད་པ་ཡིན་ནོ་ཞེས་ཟེར། འོ་ན། ང་རྒྱལ་མངོན་གྱུར་བ་དང་ལྡན་པའི་གང་ཟག་གི་རྒྱུད་ལ་ལམ་ཤེས་ཡོད་པར་ཐལ་ལོ། །འདོད་ན། ལམ་ཤེས་དངོས་སུ་བསྐྱེད་པའི་རྟེན་གྱི་གང་ཟག་ལ། གེགས་ང་རྒྱལ་མངོན་གྱུར་བ་དང་བྲལ་བ་གཅིག་མི་དགོས་པར་ཐལ་ལོ། །ཡང་ལམ་གསུམ་རང་བཞིན་མེད་པར་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཁྱེན་པ་དེ་ལམ་ཤེས་ཡིན་པར་ཐལ། བྱང་སེམས་ཚོགས་ལམ་པའི་རྒྱུད་ལ་ལམ་ཤེས་ཡོད་པའི་ཕྱིར། འདོད་ན། མདོར། ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་ཞེས་པའི་འགྲེལ་པར། ཉིར་སྣང་ལས། རྗེས་སུ་དཔག་པའི་ཤེས་པ་བསལ་བའི་ཕྱིར་དུ་མཐོང་བ་སྨོས་ལ། འཁྲུལ་པའི་མཐོང་བ་བསལ་བའི་ཕྱིར་དུ་ཤེས་པ་སྨོས་པའི་ཕྱིར་ཞེས་པ་དང་འགལ་ལོ། །ཁ་ཅིག མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པ་ཡིན་ཏེ། མཁྱེན་གསུམ་རྫོགས་པར་ཉམས་སུ་བླངས་པས་མངོན་རྟོགས་བརྒྱད་རྫོགས་པར་ཉམས་སུ་བླངས་པར་འགྱུར་བའི་ཕྱིར་དང་། མཁྱེན་གསུམ་ལ་བསྟོད་པར་བཞེད་ནས་མངོན་པར་རྟོགས་པ་བརྒྱད་ལ་བསྟོད་པར་མི་བཞེད་པའི་མཁས་པ་མེད་པའི་ཕྱིར་དང་། མཁྱེན་གསུམ་བསྟོད་བྱའི་ཡོན་ཏན་ཅན་དུ་མཐོང་ནས་མངོན་པར་རྟོགས་པ་བརྒྱད་དེར་མ་མཐོང་བས་གང་ཟག་མི་སྲིད་པའི་ཕྱིར་ཞེས་སྨྲའོ། །འོ་ན་ཐེག་ཆེན་གྱི་སྒོམ་ལམ་གཅིག་པུས་མངོན་པར་རྟོགས་པ་བརྒྱད་ཀ་བསྡུས་པར་ཐལ། ཐེག་ཆེན་གྱི་སྒོམ་ལམ་རྫོགས་པར་ཉམས་སུ་བླངས་ན་སོགས་རྟགས་རིགས་འགྲེའོ། །ཁ་ཅིག སྡུད་བྱེད་མཁྱེན་གསུམ་ནི། ཐེག་དམན་བྱང་སེམས་སངས་རྒྱས་ཀྱི་མཁྱེན་པ་ཙམ་ཡིན་ལ། བསྡུ་བྱ་བརྒྱད་ནི་མངོན་པར་རྟོགས་པ་བརྒྱད་མཚན་ཉིད་པའོ་ཞེས་ཟེར་རོ། །འོ་ན་སྡུད་བྱེད་རྣམ་མཁྱེན་དེ་ཚོགས་ལམ་ནས་སངས་རྒྱས་སའི་བར་ན་ཡོད་པར་ཐལ། སྡུད་བྱེད་གཞི་ཤེས་དང་ལམ་ཤེས་གཉིས་པོ་ཚོགས་ལམ་ནས་སངས་རྒྱས་སའི་བར་ན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། དེ་སངས་རྒྱས་ཀྱི་མཁྱེན་པ་ཙམ་ལ་འཇོག་པ་དང་འགལ་ལོ། །ཊཱི་ཀ་ལས། འཕགས་བཞིའི་མངོན་རྟོགས་ལ་མཁྱེན་གསུམ་དུ་བཞག་པ་ནི་མཁྱེན་གསུམ་སྤྱིས་བསྡུས། སྦྱོར་བཞི་ལམ་ཤེས་ཀྱིས་བསྡུས། ཆོས་སྐུ་རྣམ་མཁྱེན་གྱིས་བསྡུས་ཞེས་པའི་དགོངས་པ་ལ། ཁ་ཅིག་སྦྱོར་བཞི་ལམ་ཤེས་ཀྱིས་བསྡུས་ཚུལ་ནི། བྱང་སེམས་སོ་སྐྱེའི་སྦྱོར་བ་རྣམས་རྒྱུ་ཡིན་པའི་ཚུལ་གྱིས་བསྡུས། བྱང་སེམས་འཕགས་པའི་སྦྱོར་བ་རྣམས་ངོ་བོ་ཡིན་པའི་ཚུལ་གྱིས་བསྡུས། ཆོས་སྐུ་རྣམ་མཁྱེན་གྱིས་བསྡུས་པའི་ཚུལ་ནི། རྟོགས་པ་ཡེ་ཤེས་ཆོས་སྐུ་ངོ་བོ་ཡིན་པའི་ཚུལ་གྱིས་བསྡུས། ངོ་བོ་ཉིད་སྐུ་དེ་ཆོས་ཅན་གྱིས་ཆོས་ཉིད་བསྡུས་པའི་ཚུལ་གྱིས་བསྡུས། གཟུགས་སྐུ་གཉིས་རྟེན་གྱིས་བརྟེན་པ་བསྡུས་པའི་ཚུལ་གྱིས་བསྡུས་ཞེས་ཟེར་བ་ལ་ཡང་། ཐེག་ཆེན་གྱི་མཐོང་ལམ་གཅིག་པུས་མངོན་པར་རྟོགས་པ་བརྒྱད་ཀ་བསྡུས་པའི་སྐྱོན་ཡོད་དོ། །གཉིས་པ་རང་ལུགས་ལ། ཊཱི་ཀའི་དགོངས་པ་ནི། འདིར་བསྟན་སྡུད་བྱེད་མཁྱེན་པ་གསུམ་ནི། གཞི་གང་ཟག་བདག་གི་སྐྱེ་མེད་དུ་རྟོགས་པའི་མཁྱེན་པ་དང་། ལམ་སྐྱེ་མེད་དུ་རྟོགས་པའི་མཁྱེན་པ་དང་། རྣམ་པ་སྐྱེ་མེད་དུ་རྟོགས་པའི་མཁྱེན་པ་གསུམ་ལ་བྱེད་དེ། སྡུད་བྱེད་ཀྱི་མཁྱེན་གསུམ་ནི་མཆོད་བརྗོད་ཀྱི་དངོས་བསྟན་གྱི་མཁྱེན་གསུམ་ལ་འཇོག་པ་སྐབས་ཀྱི་དོན་ཡིན་ལ། དེའི་མ་མཐའི་ས་མཚམས་སློབ་དཔོན་གྱིས་གཅིག་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་མཁྱེན་པ་ལ་བཞག་ཅིང་། དེ་ཉིད་རྒྱུ་མཚན་དུ་བྱས་ནས་ཊཱི་ཀ་ལས་ཚོགས་སྦྱོར་ན་ཡུམ་ཡོད་པར་གསུངས་པའི་ཕྱིར། བསྡུ་བྱའི་མཁྱེན་གསུམ་ནི་འཕགས་རྒྱུད་ཀྱི་མཁྱེན་གསུམ་སོ་སོ་དང་། བསྡུ་བྱའི་ཆོས་སྐུ་ནི་ཡེ་ཤེས་ཆོས་སྐུ་ལ་འཇོག་པས། སྤྱི་དང་བྱེ་བྲག་གི་ཚུལ་གྱིས་བསྡུས་པ་ཡིན་གྱི། གཞན་དུ་ན་བསྡུ་བྱའི་རྣམ་མཁྱེན་དང་། སྡུད་བྱེད་ཀྱི་རྣམ་མཁྱེན་ལ་ཁྱད་པར་མེད་པའི་སྐྱོན་གནས་སོ། །དཀའ་འགྲེལ་དུ་གསུངས་པ་ནི་འདི་དང་མི་གཅིག་སྟེ། དེར་བསྡུ་བྱའི་མཁྱེན་གསུམ་ནི་སྐྱེ་འཕགས་གཉིས་ཀ་ལ་བཞག་པའི་ཕྱིར་རོ། །ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ། ཞེས་པའི་སྐབས་སུ། མྱང་འདས་ཀྱི་མཚན་ཉིད་ལ་དཔྱད། ཐེག་དམན་ལ་མྱང་འདས་མཚན་ཉིད་པ་ཡོད་མེད་ལ་དཔྱད་པ་གཉིས། དང་པོ་ལ། དགག་གཞག་གཉིས་ལས་དང་པོ་ནི། དམན་པའི་ལྷག་བཅས་མྱང་འདས་དང་ལྷག་མེད་མྱང་འདས་ཀྱི་མཚན་ཉིད་ལ་ཁ་ཅིག ཀུན་འབྱུང་ཟད་པར་སྤངས་ཤིང་སྡུག་བསྔལ་གྱི་ཕུང་པོ་ལྷག་མ་དང་བཅས་པའི་དམན་པའི་སོ་སོར་བརྟགས་འགོག་དང་། སྡུག་ཀུན་གཉིས་ཀ་ཟད་པར་སྤངས་པའི་དམན་པའི་སོ་སོར་བརྟགས་འགོག་ཅེས་ཟེར། འོ་ན་ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་ཆོས་ཅན། ཀུན་འབྱུང་ཟད་པར་སྤངས་པར་ཐལ། ལྷག་བཅས་མྱང་འདས་ཡིན་པའི་ཕྱིར། འདོད་ན་མིན་པར་ཐལ། ལས་ཀྱི་ཀུན་འབྱུང་ཟད་པར་མ་སྤངས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་འགྲེལ་ལས། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། །ཞེས་དང་། སྤྱོད་འཇུག་ལས། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་གསུངས་པའི་ཕྱིར། མཚན་ཉིད་ཕྱི་མ་ལ་ཁ་ཅིག དམན་པའི་ལྷག་བཅས་མྱང་འདས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། འཁོར་བ་ཟད་པར་སྤངས་པའི་དམན་པའི་སོ་སོར་བརྟགས་འགོག་ཡིན་པའི་ཕྱིར་ཏེ། ཐེག་དམན་དགྲ་བཅོམ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་ཡིན་པའི་ཕྱིར་རོ་ཞེ་ན། འདོད་པའི་རྟེན་གྱི་ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། འདོད་ཁམས་ཟད་པར་སྤངས་པར་ཐལ། འཁོར་བ་ཟད་པར་སྤངས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། འདོད་པ་ཁམས་སུ་ལས་ཉོན་གྱིས་སྐྱེ་བ་བླངས་ནས་ཤི་མ་འཕོས་པའི་གང་ཟག་ཡིན་པའི་ཕྱིར། ཡང་ཁ་ཅིག ལས་ཀྱི་ཀུན་འབྱུང་ཟད་པར་སྤངས་ཤིང་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་ལྷག་མ་དང་བཅས་པའི་དམན་པའི་སོ་སོར་བརྟག་འགོག་དེ་དང་པོའི་མཚན་ཉིད་ཡིན་ཟེར། ཁ་ཅིག འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པའི་དམན་པའི་སོ་སོར་བརྟག་འགོག་དེ་ཕྱི་མའི་མཚན་ཉིད་ཡིན་ཟེར་ན། དང་པོ་ལ་ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་དེས་ལས་ཀྱི་ཀུན་འབྱུང་ཟད་པར་སྤངས་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་ཟག་བཅས་ཀྱི་ལས་ཀྱི་ནུས་པ་མ་སྤངས་པའི་ཕྱིར་ཏེ། རྟགས་སྔར་གྱི་སྤྱོད་འཇུག་གི་ལུང་གིས་གྲུབ་བོ། །ཕྱི་མ་ལ། དམན་པའི་ལྷག་མེད་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་དེ་ཐེག་ཆེན་ལམ་དུ་འཇུག་པ་མི་སྲིད་པར་ཐལ། དེའི་སྐབས་སུ་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པའི་ཕྱིར། རྟགས་ཁས། འདོད་ན། མཐར་ཐུག་ཐེག་པ་གསུམ་གྲུབ་པར་ཐལ་ལོ། །ཡང་གང་ཟག་དེ་དག་པའི་ཞིང་དུ་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་ནས། ཕྱིས་དེ་པའི་གསུང་གི་འོད་ཟེར་གྱིས་སད་པར་བྱེད་པ་མི་སྲིད་པར་ཐལ། དེའི་སྐབས་སུ་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པའི་ཕྱིར། འདོད་མི་ནུས་ཏེ། དམ་ཆོས་པད་དཀར་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ན་སངས་པ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཤེས་བྱ་བ་ཐོབ། །ཅེས་གསུངས་པས་སོ། །ཡང་ཁ་ཅིག ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་ཤིང་སྔ་མའི་ལས་ཉོན་གྱིས་འཕངས་པའི་གཟུགས་ཕུང་རགས་པ་དང་བཅས་པའི་ཐེག་དམན་དགྲ་བཅོམ་སྐུ་ཚེའི་འདུ་བྱེད་མ་བཏང་བའི་སོ་སོར་བརྟགས་འགོག་དང་། སྔ་མའི་ལས་ཉོན་གྱི་འབྲས་བུ་གཟུགས་ཕུང་རགས་པ་དང་བྲལ་བའི་ཐེག་དམན་དགྲ་བཅོམ་སྐུ་ཚེའི་འདུ་བྱེད་བཏང་བའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན་ཡིན་ཟེར་ན། བར་སྲིད་ཀྱི་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་ཆོས་ཅན། དེར་ཐལ། ལྷག་བཅས་མྱང་འདས་ཡིན་པའི་ཕྱིར་ཏེ། སྐུ་ཚེའི་འདུ་བྱེད་མ་བཏང་བའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་ཡིན་པའི་ཕྱིར། རྩ་བར་འདོད་ན། བར་སྲིད་ཀྱི་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་པ་དེ་ལ་གཟུགས་ཕུང་རགས་པ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་མེད་པར་ཐལ། བར་སྲིད་ཀྱི་གཟུགས་ཕུང་དེ་གཟུགས་ཕུང་ཕྲ་བ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཅེས་གསུངས་པའི་ཕྱིར། མཚན་ཉིད་ཕྱི་མ་ལ། གཟུགས་མེད་ཀྱི་རྟེན་གྱི་ཉན་ཐོས་དགྲ་བཅོམ་པ་ཡིན་ན། ལྷག་མེད་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཡིན་དགོས་པར་ཐལ། དེ་ཡིན་ན་གཟུགས་ཕུང་རགས་པ་དང་བྲལ་བས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་རང་ལུགས་ནི། ཉོན་མོངས་པའི་ཀུན་འབྱུང་སྤངས་ཤིང་དགྲ་བཅོམ་དང་པོར་ཐོབ་པའི་ལུས་རྟེན་དང་བཅས་པ་དང་། དེ་དང་བྲལ་བའི་དམན་པའི་སོ་སོར་བརྟགས་འགོག་དེ་དེ་གཉིས་ཀྱི་མཚན་ཉིད་ཡིན་ནོ། །གཉིས་པ་ལ་དགག་གཞག་གཉིས། དང་པོ་ལ་ཁ་ཅིག ཐེག་དམན་ལ་མྱང་འདས་མཚན་ཉིད་པ་མེད་དེ། ཐེག་དམན་ལ་སྤངས་པ་མཐར་ཐུག་མེད་པ་གང་ཞིག འཁོར་བའི་སྡུག་བསྔལ་སྤངས་པ་ཙམ་གྱིས་མྱང་འདས་ཀྱི་གོ་མི་ཆོད་པའི་ཕྱིར་ཏེ། དམ་ཆོས་པད་དཀར་ལས། འཁོར་བའི་སྡུག་བསྔལ་དག་ལས་ཁྱོད་ཐར་ཡང་། །ཁྱོད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་དག་བཙལ་བར་བྱ། །ཞེས་གསུངས་པའི་ཕྱིར། ཡང་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་མྱང་འདས་མ་ཐོབ་པར་ཐལ། ཁྱོད་ཀྱིས་སངས་རྒྱས་མ་ཐོབ་པའི་ཕྱིར། ཁྱབ་སྟེ། རྒྱུད་བླར། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ཐོབ་སྟེ། །ཞེས་གསུངས་པའི་ཕྱིར་ཞེ་ན། མཆོད་བརྗོད་ཀྱི་ཚིག་བཅད་དེས་ཡུམ་གྱི་ཡོན་ཏན་ཇི་ལྟར་ཡོད་པ་བཞིན་མ་བརྗོད་པར་ཐལ། དེས་གཞི་ཤེས་ཀྱི་ཉན་རང་གི་རིགས་ཅན་མྱང་འདས་སུ་ཁྲིད་པའི་ཡོན་ཏན་བརྗོད་པ་གང་ཞིག གཞི་ཤེས་ལ་ཉན་རང་གི་རིགས་ཅན་མྱང་འདས་སུ་ཁྲིད་པའི་ཡོན་ཏན་མེད་པའི་ཕྱིར། རྟགས་ཕྱི་མ་ཁས། འདོད་ན། དེ་དག་གིས་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་ཞེས་པ་དང་འགལ་ལོ། །ཡང་ཐེག་དམན་གྱི་མི་སློབ་ལམ་དེ་མི་སློབ་ལམ་མིན་པར་ཐལ། དེའི་མྱང་འདས་དེ་མྱང་འདས་མིན་པའི་ཕྱིར། འདོད་ན། དེ་སློབ་ལམ་དུ་ཐལ་ལོ། །ཡང་ཉན་ཐོས་དགྲ་བཅོམ་པ་དེ་དགྲ་བཅོམ་འབྲས་གནས་མིན་པར་ཐལ། ཐེག་དམན་གྱི་མྱང་འདས་དེ་མྱང་འདས་མིན་པའི་ཕྱིར། འདོད་ན། ཉན་ཐོས་ལ་གང་ཟག་ཟུང་བཞི་མེད་པར་ཐལ་བ་དང་། དགྲ་བཅོམ་བསད་པའི་མཚམས་མེད་ཀྱི་ལས་མི་སྲིད་པར་ཐལ་ལོ། །དེ་ལ་ཁོ་ན་རེ། ཐེག་དམན་དགྲ་བཅོམ་པ་དེ་དགྲ་བཅོམ་མཚན་ཉིད་པ་མ་ཡིན་ཏེ། ཐེག་དམན་དགྲ་བཅོམ་པ་དེ་འཇིགས་པ་དང་བཅས་པའི་སྒོ་ནས་ལྷ་གཞན་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར་དང་། དེས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱ་དགོས་པའི་ཕྱིར་ཏེ། དཔལ་ཕྲེང་གིས་ཞུས་པའི་མདོ་ལས། དགྲ་བཅོམ་པ་རྣམས་ལ་འཇིགས་པ་མཆིས་ཏེ། གང་གིས་འཇིགས་པའི་དགྲ་བཅོམ་པ་དེ་རྣམས་ཀྱང་བཅོམ་ལྡན་འདས་ཉིད་ལ་སྐྱབས་སུ་མཆིའོ། །ཞེས་དང་། སྐྱབས་གསུམ་བདུན་ཅུ་པ་ལས། ཤཱ་རིའི་ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཕྱིར། །ཞེས་གསུངས་པའི་ཕྱིར་ཞེ་ན། འཇིགས་པ་དང་བཅས་པའི་སྒོ་ནས་དེ་པ་ལ་སྐྱབས་སུ་འགྲོ་བའི་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་ལ་ཕྱག་བྱ་དགོས་པའི་དགྲ་བཅོམ་པ་མེད་པར་ཐལ། ཐེག་དམན་དགྲ་བཅོམ་པ་དེ་དགྲ་བཅོམ་པ་མིན་པའི་ཕྱིར། འདོད་ན། སྔར་གྱི་ལུང་དང་འགལ་ལོ། །གཉིས་པ་རང་ལུགས་ལ། ཐེག་དམན་ལ་མྱང་འདས་མཚན་ཉིད་པ་ཡོད་དེ། ཐེག་པ་གསུམ་པོ་རེ་རེ་ལ་རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པ་མཚན་ཉིད་པ་གཉིས་གཉིས་ཡོད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ། ཞེས་པའི་སྐབས་སུ། ཆོས་འཁོར་གྱི་མཚན་གཞི་ལ་དཔྱད། མཚན་ཉིད་ལ་དཔྱད། རིམ་ཅན་དང་ཅིག་ཆར་གང་དུ་བསྐོར་བ་ལ་དཔྱད་པ་གསུམ་ལས་དང་པོ་ནི། ངོ་བོ་ཉིད་སྐུ་ཆོས་ཅན། ཆོས་འཁོར་ཡིན་ཏེ། རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར་ཏེ། ཟག་མེད་རྣམ་བྱང་གི་བདེན་པ་ཡིན་པའི་ཕྱིར། བཀའ་བརྒྱད་སྟོང་པ་ཆོས་ཅན། ཆོས་འཁོར་ཡིན་ཏེ་ལུང་གི་ཆོས་འཁོར་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། ངོ་བོ་ཉིད་སྐུ་ཆོས་ཅན། མི་མཐུན་ཕྱོགས་འཇོམས་ནུས་ཡིན་པར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་མ་ལུས་པ་ཞེས་གསུངས་པའི་ཕྱིར། ཡང་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་སུ་ཐལ། ཆོས་འཁོར་ཡིན་པའི་ཕྱིར། བཀའ་བརྒྱད་སྟོང་པ་ཆོས་ཅན། ཤེར་ཕྱིན་དུ་ཐལ། ལུང་གི་ཤེར་ཕྱིན་ཡིན་པའི་ཕྱིར། ཁྱབ་པ་བསྒྲིག་ཟེར་ན། ངོ་བོ་ཉིད་སྐུ་ཆོས་ཅན། མི་མཐུན་ཕྱོགས་འཇོམས་པའི་མཐུ་དང་ལྡན་པར་ཐལ། དཀོན་མཆོག་ཡིན་པའི་ཕྱིར་ཁྱབ་པ་ཁས་བླངས་ཏེ། དཀོན་མཆོག་གི་སྒྲ་དོན་འཆད་པའི་སྐབས་སུ། མཐུ་ལྡན་ཕྱིར་ཞེས་གསུངས་པའི་ཕྱིར། ཡང་དེ་ཆོས་ཅན། ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པར་ཐལ། དཀོན་མཆོག་ཡིན་པའི་ཕྱིར། ལུང་གི་དམ་ཆོས་ཡིན་ན། དམ་ཆོས་ཡིན་པས་མ་ཁྱབ་པར་ཐལ། ལུང་གི་ཤེར་ཕྱིན་ཡིན་ན། ཤེར་ཕྱིན་ཡིན་པས་མ་ཁྱབ་པའི་ཕྱིར། གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། ཆོས་འཁོར་གྱི་མཚན་ཉིད་ཁ་ཅིག སྟོན་པས་གསུངས་པའི་དམ་ཆོས་གང་ཞིག བཤད་པ་གདུལ་བྱའི་རྒྱུད་ལ་འཕོ་བ་ཞེས་དང་། དེ་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བའམ་འཕོ་བྱེད་གང་རུང་དུ་སྣང་བ་ཞེས་དང་། དེ་གང་ཞིག མི་མཐུན་ཕྱོགས་འཇོམས་པར་བྱེད་པ་ཞེས་དང་། མི་མཐུན་ཕྱོགས་གཅོད་བྱེད་དང་། མི་མཐུན་ཕྱོགས་འཇོམས་ནུས་དང་། མི་མཐུན་ཕྱོགས་གཅོད་ནུས་ཞེས་པ་དང་དྲུག་ལས། དང་པོ་ལ་ཤཱཀྱ་ཐུབ་པའི་རྒྱུད་ཀྱི་རྣམ་མཁྱེན་ཆོས་ཅན། མཚན་ཉིད་ཀྱི་ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན་དེའི་གདུལ་བྱས་མ་འོངས་པ་ན་ཐོབ་པར་འགྱུར་བའི་རྣམ་མཁྱེན་དེ་དེའི་རྒྱུད་ཀྱི་རྣམ་མཁྱེན་ཡིན་པར་ཐལ་ལོ། །དེ་ལ་ཁོ་ན་རེ། དེའི་རྒྱུད་ཀྱི་རྣམ་མཁྱེན་དེ་བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བར་ཐལ། དེས་རང་གི་གདུལ་བྱ་ལ་རྣམ་མཁྱེན་ཐོབ་པའི་ཐབས་བཤད་པས། གདུལ་བྱ་དེས་རྣམ་མཁྱེན་ཐོབ་པ་ཡོད་པའི་ཕྱིར་ཞེ་ན། གཟུགས་སྐུ་གཉིས་པོ་དེ་བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བར་ཐལ། རྟགས་རིགས་འགྲེ། འདོད་ན། གཟུགས་སྐུ་གཉིས་པོ་དེ་གཞན་རྒྱུད་ཀྱིས་བསྡུས་པར་ཐལ་ལོ། །གཉིས་པ་ལ། སྟོན་པ་ཐུབ་པའི་རྒྱུད་ཀྱི་རྣམ་མཁྱེན་ཆོས་ཅན། མཚན་ཉིད་ཀྱི་ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བ་ཡིན་པར་ཐལ། འདོད་པ་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བྱེད་ཡིན་པའི་ཕྱིར། འདོད་ན། ཤཱཀྱ་ཐུབ་པས་རང་རྒྱུད་ཀྱི་རྣམ་མཁྱེན་དེ་བཤད་པས་གདུལ་བྱའི་རྒྱུད་ལ་སྤོ་ནུས་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཤཱཀྱ་ཐུབ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། ཟུར་ཕྱི་མར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། འདོད་ན། བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བ་ཡིན་པར་ཐལ། འདོད་པ་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བྱེད་ཡིན་པའི་ཕྱིར། འདོད་ན། དེ་ཚིག་ཏུ་བརྗོད་པའི་སྒོ་ནས་རྒྱུད་གཞན་ལ་སྦྱིན་དུ་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། རྒྱན་ལས། གཞན་ལ་སྦྱིན་དུ་མེད་པ་དང་། །ཞེས་དང་། དེའི་འགྲེལ་པར། གང་གི་ཕྱིར་འགོག་པའི་བདེན་པའི་དོན་ཚིག་ཏུ་བརྗོད་པས་རྒྱུད་གཞན་ལ་སྦྱིན་དུ་མེད་པ་དང་ཞེས་སོ། །གཉིས་ཀའི་རྟགས་ཟུར་ཕྱི་མ་སྒྲུབ་པ་ལ། དེ་གཉིས་ཆོས་ཅན། བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བྱེད་མིན་པར་ཐལ། ལུང་གི་དམ་ཆོས་མིན་པའི་ཕྱིར། བར་པ་གཉིས་ལ་རྣམ་མཁྱེན་ཆོས་ཅན། ཟུར་ཕྱི་མར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མི་མཐུན་ཕྱོགས་མ་ལུས་པར་སྤངས་ཟིན་པའི་ཕྱིར། ཐ་མ་གཉིས་ལ་ངོ་བོ་ཉིད་སྐུ་ཆོས་ཅན། ཟུར་ཕྱི་མར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟག་པ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་དེ་ཆོས་འཁོར་གྱི་མཚན་ཉིད། དབྱེ་ན། ལུང་གི་ཆོས་འཁོར་དང་རྟོགས་པའི་ཆོས་འཁོར་གཉིས། དང་པོ་ལ། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་སོགས་གསུམ་ཡོད་ཅིང་། དེ་རེ་རེ་ལ་ཡང་དང་པོའི་དང་པོ་སོགས་གསུམ་གསུམ་ཡོད་དོ། །གཉིས་པ་ལ་འགོག་པ་དང་ལམ་གཉིས་ལས། ཕྱི་མ་ལ་ཐེག་པ་གསུམ་གྱི་ལམ་ལྔ་གསུམ་བཅོ་ལྔ་ཡོད་དོ། །གསུམ་པ་ནི། ལུང་རྟོགས་གཉིས་ཀས་བསྡུས་པའི་བསྟན་པའི་དམ་ཆོས་ཆོས་ཅན། དེར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ལུང་གིས་ཀྱང་བསྡུས་པའི་དམ་ཆོས་མིན། རྟོགས་པས་བསྡུས་པའི་དམ་ཆོས་ཀྱང་མིན་པའི་ཕྱིར་ཞེ་ན། ལུང་ཆོས་ཅན། ལུང་རྟོགས་གང་རུང་གིས་མ་བསྡུས་པར་ཐལ། ལུང་གིས་ཀྱང་མ་བསྡུས། རྟོགས་པས་ཀྱང་མ་བསྡུས་པའི་ཕྱིར། གསུམ་པ་ནི། ཁ་ཅིག སངས་རྒྱས་ཀྱིས་ཆོས་འཁོར་ཅིག་ཆར་དུ་བསྐོར་ཏེ། གསུང་གཅིག་ཉིད་དུ་གསུངས་མོད་ཀྱང་། །དུ་མ་ཉིད་དུ་སོ་སོར་གོ །ཞེས་གསུངས་པའི་ཕྱིར་ཞེ་ན། ཐེག་པ་གསུམ་ཅིག་ཆར་དུ་གྲུབ་པར་ཐལ། རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་འབྱུང་། །ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་སྔོན་དུ་མ་སོང་བའི་ཉན་ཐོས་ཀྱི་ཐེག་པ་ཡོད་པར་ཐལ་ལོ། །ཡང་ཆོས་འཁོར་བསྐོར་བའི་གདུལ་བྱ་ཅིག་ཆར་དུ་གྲུབ་པར་ཐལ། ཆོས་འཁོར་ཅིག་ཆར་དུ་བསྐོར་བའི་ཕྱིར་རོ། །ཁ་ཅིག གདུལ་བྱ་དབང་རྣོན་གྱི་ངོར་ཅིག་ཅར་དུ་བསྐོར། དབང་རྟུལ་གྱི་ངོར་རིམ་ཅན་དུ་བསྐོར་ཞེ་ན། སངས་རྒྱས་ཀྱི་ཆོས་འཁོར་དང་པོའི་གདུལ་བྱ་དབང་རྣོན་དང་། བར་པའི་གདུལ་བྱ་དབང་རྣོན་དང་། ཐ་མའི་གདུལ་བྱ་དབང་རྣོན་གྱི་ངོར་ཅིག་ཆར་དུ་བསྐོར་བར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སྟོན་པས་ཆོས་འཁོར་ཅིག་ཆར་དུ་བསྐོར་བར་ཐལ། འདོད་པ་དེའི་ཕྱིར། ཁ་ཅིག སངས་རྒྱས་རང་སྣང་ལ་ཅིག་ཆར་དུ་བསྐོར། གདུལ་བྱ་གཞན་སྣང་ལ་རིམ་ཅན་དུ་བསྐོར་ཞེ་ན། སངས་རྒྱས་རང་སྣང་ལ་ཆོས་འཁོར་གསུམ་གྱི་གདུལ་བྱ་ཅིག་ཆར་དུ་སྣང་བར་ཐལ། སངས་རྒྱས་རང་སྣང་ལ་ཆོས་འཁོར་གསུམ་གྱི་གདུལ་བྱ་སྣང་བ་གང་ཞིག དམ་བཅའ་སྔོན་མ་དེའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སངས་རྒྱས་རང་སྣང་ལ་ཆོས་འཁོར་ཅིག་ཆར་དུ་བསྐོར་བ་བུད། ཁ་ཅིག བདེན་བཞིའི་ཆོས་འཁོར་ཡིན་ན། སྟོན་པས་སྐུ་ཚེའི་སྟོད་དང་། མཚན་ཉིད་མེད་པའི་ཆོས་འཁོར་ཡིན་ན། དེའི་བར་དང་། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཡིན་ན། སྐུ་ཚེའི་མཇུག་ལ་བསྐོར་བས་ཁྱབ་ཅེ་ན། དེ་གསུམ་ལ་ཁྱབ་པ་མེད་པར་ཐལ། རིམ་པ་བཞིན་དུ་སྟོན་པ་མྱ་ངན་ལས་འདའ་ཁར་དྲི་ཟའི་རྒྱལ་པོ་རབ་དགའ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཕྱིར་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཁོངས་སུ་གནས་པར་བྱ། །ཞེས་པའི་མཚན་ཉིད་མེད་པའི་ཆོས་འཁོར་འདི་སྟོན་པ་སངས་རྒྱས་མ་ཐག་གསུངས་པའི་ཕྱིར། འཁོར་ལོ་ཐ་མར་གཏོགས་པའི་བྱམས་པ་གཟུགས་ཀྱི་དབྱེ་བ་ནི་གསུམ་སྟེ། ཀུན་བཏགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་སོ། །ཞེས་པ་འདི་སྟོན་པའི་སྐུ་ཚེའི་བར་ལ་གསུངས་པའི་ཕྱིར་རོ། །ཡང་ཁོ་ན་རེ། བཀའ་རྒྱས་འབྲིང་བསྡུས་གསུམ་འདི་འཁོར་ལོ་ཐ་མའི་མཚན་གཞི་ཡིན་ཏེ། ངེས་དོན་གྱིས་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། འཁོར་ལོ་དང་པོ་གཉིས་དྲང་དོན་གྱི་མདོ་དང་། ཐ་མ་ངེས་དོན་གྱི་མདོ་ཡིན་པར་དགོངས་འགྲེལ་ལས་གསུངས་པའི་ཕྱིར་ཞེ་ན། གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པར་ཐལ། དེ་ལྟར་དུ་དགོངས་འགྲེལ་ལས་གསུངས་པའི་ཕྱིར། ཡང་ཁ་ཅིག སྟོན་པའི་སྐུ་ཚེའི་སྟོད་ལ་གསུངས་པའི་མདོ་ཡིན་ན། བདེན་བཞིའི་ཆོས་འཁོར་ཡིན་པས་ཁྱབ། བདེན་བཞིའི་ཆོས་འཁོར་ཡིན་ན་རྟག་ཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་ཙམ་སྟོན་པ་དང་། མཚན་ཉིད་གསུམ་ཆར་ཕྱོགས་གཅིག་ཏུ་བདེན་གྲུབ་ཏུ་སྟོན་པའི་མདོ་ཡིན་པས་ཁྱབ། དེས་ན་འདུལ་བ་ལུང་སྡེ་བཞི་ཡང་བདེན་བཞིའི་ཆོས་འཁོར་མིན་ནོ། །བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཡིན་ན། མཚན་ཉིད་གསུམ་ཀ་ཕྱོགས་གཅིག་ཏུ་བདེན་མེད་དུ་སྟོན་པས་ཁྱབ། མཚན་གཞི་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་ཡིན། འཁོར་ལོ་ཐ་མ་ཡིན་ན། གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པ་དང་། ཀུན་བཏགས་བདེན་མེད་དུ་སྟོན་པའི་མདོ་ཡིན་པས་ཁྱབ། མཚན་གཞི་ནི་མདོ་སྡེ་དགོངས་འགྲེལ་ལྟ་བུའོ་ཞེས་སྨྲའོ། །ཐ་མ་འདི་ལ་ཤེས་བྱེད་ཅི་ཡོད་དྲིས་པས། དགོངས་འགྲེལ་ལས་དེ་ལྟར་བཤད་པའི་ཕྱིར་ཞེ་ན། འོ་ན་གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པར་ཐལ། དགོངས་འགྲེལ་ལས་དེ་ལྟར་བཤད་པའི་ཕྱིར། སྟོན་པས་ལྔ་སྡེ་བཟང་པོ་ལ་དང་པོར་གསུངས་པའི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་པའི་མདོ་ཆོས་ཅན། མཚན་ཉིད་གསུམ་ཀ་བདེན་གྲུབ་ཏུ་ཕྱོགས་གཅིག་ཏུ་སྟོན་པར་ཐལ། འཁོར་ལོ་དང་པོ་ཡིན་པའི་ཕྱིར། འདོད་ན། བདེན་བཞི་དངོས་སུ་སྟོན་པའི་མདོ་ཡིན་ན། མཚན་ཉིད་གསུམ་ཀ་བདེན་གྲུབ་ཏུ་ཕྱོགས་གཅིག་ཏུ་སྟོན་པའི་མདོ་ཡིན་པས་ཁྱབ་པར་ཐལ་ལོ། །ཡང་བདེན་བཞིའི་ཆོས་འཁོར་དེ་ཆོས་ཅན། མཚན་ཉིད་གསུམ་ཀ་བདེན་གྲུབ་ཏུ་སྟོན་པའི་མདོ་ཡིན་པར་ཐལ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་པ་ཙམ་སྟོན་པའི་མདོ་ཡིན་པའི་ཕྱིར། རྟགས་གསལ་དངོས། ཡང་རྒྱས་འབྲིང་བསྡུས་གསུམ་པོ་དེ་འཁོར་ལོ་བར་པའི་མཚན་གཞི་མིན་པར་ཐལ། གདུལ་བ་ལུང་སྡེ་བཞི་པོ་དེ་འཁོར་ལོ་དང་པོའི་མཚན་གཞི་མིན་པའི་ཕྱིར། རྟགས་གསལ་དངོས། འཁོར་ལོ་དང་པོ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་གཞི་མ་གྲུབ་པར་ཐལ། ཁྱོད་ཡིན་ན་མཚན་ཉིད་གསུམ་ཀ་ཕྱོགས་གཅིག་ཏུ་བདེན་གྲུབ་ཏུ་སྟོན་པས་ཁྱབ་པ་གང་ཞིག དེ་གཞི་མ་གྲུབ་པའི་ཕྱིར། དེས་ན་རང་ལུགས་ལ། གདུལ་བྱ་ཅིག་ཆར་ཉན་འདོད་ཡོད་པའི་ཚེ་ཆོས་ཅིག་ཆར་དུ་གསུངས་པ་ཡིན་ཏེ། སྟོན་པའི་གསུང་གཅིག་ཉིད་གདུལ་བྱ་དུ་མས་ཅིག་ཆར་དུ་ཐོས་པའི་ཚེ། རང་ཉིད་ཉན་པར་འདོད་པར་དེ་ཉིད་གསུང་བར་སྣང་བའི་ཕྱིར། གདུལ་བྱའི་རིམ་གྱིས་འབྱུང་བའི་ཚེ་ཆོས་རིམ་གྱིས་གསུངས་པ་ཡིན་ཏེ། གདུལ་བྱ་ཡོད་པའི་ཚེ་ཆོས་གསུང་དགོས་པའི་ཕྱིར། གཉིས་ཀ་ཡང་གདུལ་བྱའི་ངོར་ཡིན་ཏེ། སྟོན་པའི་གཞན་དོན་གྱི་མཛད་པ་ཐམས་ཅད་གདུལ་བྱའི་ངོར་མཛད་པའི་ཕྱིར། དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བའི། ཞེས་པའི་སྐབས་སུ། དགག་གཞག་གཉིས། དང་པོ་ནི། དར་ཊཱིཀ་པ་ན་རེ། ཁ་ཅིག་ཉན་ཐོས་ཞི་བ་ཚོལ་རྣམས་ཤེས་པའི་སྐབས་སུ། མཁྱེན་གསུམ་བརྗོད་བྱར་བྱས་པའི་བསྟན་བཅོས་བརྩམ་པར་ཤུགས་ལ་དམ་བཅས་པ་ལས་འཕྲོས་ཞེས་འདོད་པ་ནི་མི་འཐད་དེ། མཁྱེན་གསུམ་བརྗོད་བྱར་བྱས་པར་ངེས་ནས་གཞི་གཉེན་རྣམ་པ་གང་བརྗོད་བྱར་བྱེད་ཅེས་པའི་དྲི་བ་དེ་བྱིས་པའི་དྲི་བ་ཡིན་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ། མཆོད་བརྗོད་ཀྱི་གཞུང་ལས་འཕྲོས་ནས། མཁྱེན་གསུམ་བརྗོད་བྱར་བྱས་པར་ཡིད་དཔྱོད་ཀྱིས་ངེས་པའི་གང་ཟག་གིས་མཁྱེན་གསུམ་བརྗོད་བྱར་བྱེད་ན་དེའི་ཡུལ་གཞི་གཉེན་རྣམ་པ་གསུམ་ཀ་ཡང་གཏན་ལ་འབེབས་དགོས་ལ། དེ་ལྟར་ན་ཤེར་ཕྱིན་གྱི་མདོ་དང་ཟློས་པའི་སྐྱོན་ཡོད་པས། རྒྱན་རྩོམ་པ་ལ་དགོས་པ་མེད་པར་འགྱུར་ཞེས་དགོས་འབྲེལ་གྱི་མཚམས་སྦྱར་དུ་བྱུང་བ་འདི་ཉིད་དོགས་པའི་གཙོ་བོ་ཡིན་ཞིང་། འདིའི་མཐའ་དཔྱད་པའི་ཡན་ལག་ཏུ་སློབ་དཔོན་གྱིས་གཞི་གཉེན་རྣམ་གསུམ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བྱེད་དམ་སྙམ་པའི་དོགས་པ་ཁོང་ལ་ཡོད་པ་བསུ་བ་ཡིན་ཟེར་རོ། །འོ་ན་མཁྱེན་གསུམ་བརྗོད་བྱར་བྱས་པར་ཡིད་དཔྱོད་ཀྱིས་ངེས་ནས། གཞི་གཉེན་རྣམ་གསུམ་གང་རུང་རེ་རེ་ཁོ་ན་ཡོད་པ་བརྗོད་བྱར་བྱེད་དམ་སྙམ་པའི་དོགས་པ་ཁོང་ན་ཡོད་པ་བསུ་བ་མིན་པར་ཐལ། དེ་ལྟ་བུའི་དོགས་པ་དེ་བྱིས་པའི་དོགས་པ་ཡིན་པའི་ཕྱིར། འཁོར་གསུམ། ཁ་ཅིག བརྒལ་ལན་གྱི་གཞུང་འདི་རྣམས་མདོ་ལས་དངོས་སུ་འཕྲོས་པའི་བརྒལ་ལན་ཡིན་སྟེ། ཉིར་སྣང་དང་ཉི་ཁྲིའི་རྣམ་འགྲེལ་གཉིས་ལས་དགོས་འབྲེལ་གྱི་གཞུང་གི་མཇུག་ཏུ་བཀོད་པའི་ཕྱིར་དང་། འགྲེལ་ཆེན་ལས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པའི་སྐབས་ཀྱི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་བརྗོད་བྱ་ངོས་འཛིན་པའི་གཞུང་དུ་མཛད་པའི་ཕྱིར་ཞེས་སྨྲའོ། །འོ་ན་དེ་ཐོས་ནས་ཞེས་སོགས་ཀྱི་གཞུང་དེ་མདོའི་དགོས་པ་སྟོན་བྱེད་ཀྱི་གཞུང་དུ་ཐལ། དེ་མཆོད་བརྗོད་ཀྱི་ཚིགས་བཅད་ཀྱི་མཇུག་ཏུ་བཀོད་པའི་ཕྱིར། ཁྱབ་པ་ཁས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་ཀྱི་གཞུང་འདི་མདོའི་དགོས་སོགས་ཆོས་བཞི་ངོས་འཛིན་གྱི་གཞུང་མིན་པར་ཐལ། འགྲེལ་ཆེན་ལས། དེ་ལྟར་དུ་བཤད་ན་བརྒལ་ལན་གྱི་གཞུང་འདི་རྣམས་མདོ་ལས་དངོས་སུ་འཕྲོས་པའི་གཞུང་ཡིན་པས་ཁྱབ་པའི་ཕྱིར། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱི་ཚིགས་བཅད་འདི་མདོའི་མཆོད་བརྗོད་ཡིན་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། ཁྱབ་སྟེ། དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་བརྗོད་བྱར་བྱས་པའི་བསྟན་བཅོས་རྩམ་པ་ཤུགས་ལ་དམ་བཅས་པ་མཁྱེན་གསུམ་གཏན་ལ་འབེབས་པ་ལ་དེའི་ཡུལ་གཏན་ལ་འབེབས་དགོས་པས་གང་རུང་རེ་རེ་ཁོ་ན་ལ་བརྗོད་བྱར་བྱེད་དམ། གསུམ་ཀ་བརྗོད་བྱར་བྱེད། དང་པོ་ལྟར་ན། གཞུང་ལས་དངོས་སུ་བཀོད་པའི་སྐྱོན་ཡོད། ཕྱི་མ་ལྟར་ན། མདོ་དང་ཟློས་པའི་སྐྱོན་ཡོད་ཅེས་པའི་བརྒལ་བ་གཉིས་ལས། དང་པོ་མཆོད་བརྗོད་ལས་འཕྲོས་པའི་བརྒལ་བ་ཡིན་ལ། དེའི་ལན་དུ་དེ་མིན་ཏེ་ཞེས་སོགས་ཀྱི་གཞུང་འདི་མཆོད་བརྗོད་ལས་འཕྲོས་པའི་བརྒལ་ལན་ཡིན་ནོ། །གཉིས་པ་ནི་དགོས་འབྲེལ་གྱི་མཚམས་སྦྱར་ཡིན་ལ། དེའི་ལན་དུ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་ཀྱི་དགོས་པ་ལས་འཕྲོས་ནས་དགོས་སོགས་ཆོས་བཞིར་ངོས་བཟུང་བ་ཡིན་ནོ། །དེས་ན་བརྒལ་ལན་གྱི་གཞུང་འདི་རྣམས་ཀྱིས་མཆོད་བརྗོད་ཀྱི་བརྒལ་ལན་དང་། དགོས་འབྲེལ་གྱི་མཚམས་སྦྱོར་ཕྱོགས་གཅིག་ཏུ་འགྲོ་བ་ལ་དགོངས་ནས་འགྲེལ་ཆེན་གཉིས་ལས། དགོས་འབྲེལ་གྱི་མཇུག་ཏུ་གསུངས་པ་ཡིན་ལ། འདིར་ནི་མཆོད་བརྗོད་ཀྱི་མཇུག་དུ་གསུངས་པར་མངོན་ནོ། །དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཞེས་པའི་སྐབས་སུ། རྒྱན་གྱི་གཞི་གཉེན་རྣམ་པ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བསྡུས་ན་གཞུང་ལས་དངོས་སུ་བཀོད་པའི་སྐྱོན་གསུམ་པོ་ཡོད་ཀྱང་། གསུམ་ཀ་བརྗོད་བྱར་བསྡུས་པའི་ཕྱིར་སྐྱོན་མེད་ཅེས་ཁས་བླངས་པ་ལ། ཁ་ཅིག ཆོས་མངོན་པའི་མདོ་དེ་ཡུམ་བར་མ་ལ་ཟློས་པའི་སྐྱོན་ཡོད་པར་ཐལ། དེས་གཞི་ཁོ་ན་བརྗོད་བྱར་བསྡུས་པའི་ཕྱིར། རྟགས་གསལ་ཁས། མངོན་རྟོགས་རྒྱན་འདི་ཡུམ་བར་མ་དང་ཟློས་པའི་སྐྱོན་ཡོད་པར་ཐལ། དེས་གཞི་གཉེན་རྣམ་པའི་ཕྱོགས་གསུམ་ཆར་བརྗོད་བྱར་བསྡུས་པའི་ཕྱིར། ཡང་མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ཀྱིས་གཞི་ཁོ་ན་བརྗོད་བྱར་བསྡུས་པར་ཐལ། གཞི་ཁོ་ན་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། མ་གྲུབ་ན། གཞི་ཁོ་ན་ཆོས་ཅན། རྒྱན་གྱི་བརྗོད་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། གལ་ཏེ་རྒྱན་ཆོས་ཅན། ལམ་དང་རྣམ་པ་བརྗོད་བྱར་མ་བསྡུས་པར་ཐལ། གཞི་ཁོ་ན་བརྗོད་བྱར་བསྡུས་པའི་ཕྱིར་ཞེ་ན། རྣམ་པ་དང་ལམ་མ་གྲུབ་པར་ཐལ། གཞི་ཁོ་ན་གཞི་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞི་གྲུབ་ན་གཞི་ཡིན་དགོས་པའི་ཕྱིར་རོ། །ཡང་མངོན་པ་ཆོས་ཅན། རྣམ་པ་བརྗོད་བྱར་མ་བསྡུས་པར་ཐལ། གཞི་ཁོ་ན་བརྗོད་བྱར་བསྡུས་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བཤད་པའི་ཕྱིར་དུ་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་རབ་དབྱེ་ཙམ་དང་། མི་མཐུན་ཕྱོགས་སྤོང་བའི་ཆེད་དུ་གཉེན་པོའི་ལམ་ཙམ་དང་། ཤེས་བྱ་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་དུ་རྫས་ཡོད་དང་བརྟགས་ཡོད་ལ་སོགས་པའི་རྣམ་པའི་རབ་དབྱེ་ཙམ་ཞིག་བརྗོད་བྱར་བསྡུས་ནས་རྩོམ་ཞེས་དྲི་བ་གསུམ་བྱས་ནས། གསུམ་པོ་གང་ཁས་བླངས་ཀྱང་གཞུང་དུ་བཀོད་པའི་སྐྱོན་ཡོད་ཅེས་སྨྲའོ། །འོ་ན་ཆོས་མངོན་པའི་མདོ་དེ་ཡུམ་བར་མ་དང་ཟློས་པར་ཐལ། དེས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཕྱིར་དུ་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་དང་། རབ་དབྱེ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། མངོན་རྟོགས་རྒྱན་དེ་ཡུམ་བར་མ་དང་ཟློས་སྐྱོན་ཡོད་པར་ཐལ། དེའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཕྱིར་དུ་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་རབ་དབྱེ་ཙམ་དང་། མི་མཐུན་ཕྱོགས་སྤོང་བའི་ཆེད་དུ་གཉེན་པོ་ལམ་ཙམ་དང་། ཤེས་བྱ་ཐམས་ཅད་ཤེས་པར་བྱ་བའི་ཆེད་དུ་རྫས་ཡོད་དང་། བརྟགས་ཡོད་ལ་སོགས་པའི་རྣམ་པའི་རབ་དབྱེ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། གཉིས་ཆར་གྱི་འཁོར་གསུམ་བསྒྲིགས་མཚམས་དང་བཅས་པ་ཁས་བླངས། ད་དུང་མ་གྲུབ་ན། རྒྱན་ཆོས་ཅན། རྟགས་དང་པོ་དེར་ཐལ། ཁྱོད་ཀྱིས་དེ་བརྗོད་བྱར་བསྡུས་པ་གང་ཞིག ཁྱོད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཕྱིར་རྩོམ་པ་ཡིན་པའི་ཕྱིར། དང་པོ་ཁས་བླངས་ཏེ། དེ་ཆོས་ཅན། ཁྱོད་ཀྱིས་དེ་བརྗོད་བྱར་བསྡུས་པར་ཐལ། དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཏེ། དེ་ཆོས་ཅན། རྒྱན་གྱི་བརྗོད་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། གལ་ཏེ་རྒྱན་ཆོས་ཅན། ལམ་དང་རྣམ་པ་བརྗོད་བྱར་མ་བསྡུས་པར་ཐལ། གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་དང་། རབ་དབྱེ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར་ཞེ་ན། ལམ་དང་རྣམ་པ་གཞི་མ་གྲུབ་པར་ཐལ། གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་ཉིད་དང་རབ་དབྱེ་ཙམ་ཞིག་གཞི་གྲུབ་པའི་ཕྱིར་ཏེ། གཞི་གྲུབ་ན་ཕུང་ཁམས་སྐྱེ་མཆེད་གང་རུང་ཡིན་དགོས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། ཞེས་པའི་སྐབས་སུ། ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་། ལམ་ཐམས་ཅད་ཤེས་པར་བྱའོ་ཞེས་པ་ལ་བརྟེན་ནས། བྱང་སེམས་ཀྱི་བསྐྱེད་བྱ་དང་ཤེས་བྱའི་ལམ་ངོས་གཟུང་། དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་། དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ་ཞེས་པ་ལ་བརྟེན་ནས། ཉན་རང་གི་ལམ་གྱི་སྤང་རྟོགས་རྫོགས་པའི་ཚད་ལ་དཔྱད། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་ཞེས་སོགས་ལ་བརྟེན་ནས་རྫོགས་སྨིན་སྦྱངས་གསུམ་གྱི་ཚད་ལ་དཔྱད་པ། དེ་དག་གིས་ཡང་དག་པའི་མཐའ་མངོན་དུ་མི་བྱའོ་ཞེས་པ་ལ་བརྟེན་ནས། ཡང་དག་མཐའ་ངོས་གཟུང་ནས་དེ་མངོན་དུ་བྱས་པའི་ཚད་ལ་དཔྱད་པ་དང་བཞིའོ། །དང་པོ་ནི། སྐབས་གཉིས་པར་འཆད། གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ལ། ཉ། གསེར། ཨར་གསུམ་ན་རེ། ཉན་རང་གི་རྟོགས་པ་ས་དང་པོ་ནས་རྫོགས་ཏེ། དེར་གང་ཟག་གི་བདག་མེད་རྟོགས་པར་མཐར་ཐུག་པའི་ཕྱིར། སྤངས་པ་ས་བརྒྱད་པ་ནས་རྫོགས་པ་ཡིན་གྱི་སྔ་རོལ་དུ་ནི་མིན་ཏེ། དེར་ཉོན་ཡིད་གནས་མ་གྱུར་པའི་ཕྱིར་ཞེས་ཟེར། འོ་ན་ཉོན་ཡིད་དེ་བག་ལ་ཉལ་གྱི་ཉོན་སྒྲིབ་ལ་བྱེད་དམ། འཁོར་བ་འཆིང་བྱེད་ཀྱི་ཉོན་སྒྲིབ་ལ་བྱེད། དང་པོ་ལྟར་ན། ཉན་རང་དགྲ་བཅོམ་པས་ཉན་རང་གི་སྤངས་རྟོགས་མ་རྫོགས་པར་ཐལ། དེས་བག་ལ་ཉལ་གྱི་ཉོན་སྒྲིབ་མ་སྤངས་པའི་ཕྱིར་ཏེ། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་མ་སྤངས་པའི་ཕྱིར། ཕྱི་མ་ལྟར་ན་ས་དང་པོ་ལ་གནས་པའི་བྱང་སེམས་དེས་ཉན་རང་གི་སྤངས་རྟོགས་རྫོགས་པར་ཐལ། དེས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཟད་པར་སྤངས་པའི་ཕྱིར། ཡང་བྱང་སེམས་ཀྱི་བདག་མེད་བསྒོམས་པའི་ནུས་པ་ལས། ཉན་ཐོས་ཀྱི་བདག་མེད་བསྒོམས་པའི་ནུས་པ་ལྷག་པར་ཐལ། བྱང་སེམས་དེས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་བསྐལ་པ་གྲངས་མེད་གཅིག་ཏུ་བསྒོམས་ཀྱང་ཉོན་སྒྲིབ་སྤོང་མ་ནུས་པ་གང་ཞིག ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཚེ་གཅིག་ལ་བསྒོམས་པས་ཉོན་སྒྲིབ་སྤོང་ནུས་པའི་ཕྱིར། འདིའི་དོན་ཕྱོགས་སྔ་དང་བསྟུན་ནས་འདི་ལྟར་འཆད་དགོས་པ་ཡིན་གྱི། བདག་མེད་རྟོགས་པའི་བློ་ཙམ་གྱི་ཡུན་རིང་ཐུང་ལ་བྱེད་ན། སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་ཀྱིས་བསྐལ་པ་གྲངས་མེད་གཅིག་ཏུ་བདག་མེད་བསྒོམས་ཀྱང་ཉོན་སྒྲིབ་སྤོང་མ་ནུས་པས། སྔར་གྱི་ཐལ་བ་དེ་རང་ལ་བཟློག་པར་འགྱུར་རོ། །བྱང་སེམས་སོ་སྐྱེའི་བདག་མེད་བསྒོམ་པའི་ནུས་པ་ལས་ཉན་རང་འཕགས་པའི་བདག་མེད་བསྒོམས་པའི་ནུས་པ་ལྷག་པར་ཐལ་བ་ནི་འདོད་དེ། སྔོན་མས་མངོན་སུམ་མ་རྟོགས་ཤིང་། ཕྱི་མས་མངོན་སུམ་རྟོགས་པའི་ཕྱིར། གནད་འདི་ནི་ཁོ་བོ་འབའ་ཞིག་གིས་རྟོགས་པས་ཕྱིན་ཆད་གཞན་གྱིས་སྨྲ་བ་རྣམས་ནི་རྐུས་པའམ། བླངས་པ་འབའ་ཞིག་ཏུ་ཟད་དོ། །ཊཱི་ཀའི་ལུགས་དེ་ལྟར་ཡིན་པ་ལ། དར་ཊཱིཀ་པ་ན་རེ། ཉན་རང་དགྲ་བཅོམ་པས་བག་ལ་ཉལ་གྱི་ཉོན་སྒྲིབ་མ་སྤངས་པ་མི་འཐད་དེ། དེས་ཉོན་སྒྲིབ་ཀྱི་ས་བོན་སྤངས་པར་ཤིང་རྟ་ཆེན་པོ་དག་གིས་བཤད་པའི་ཕྱིར། གཞན་དུ་ན། ཉོན་སྒྲིབ་ཀྱི་ས་བོན་ཟད་པར་མ་སྤངས་ན། ཉན་ཐོས་ཀྱི་མཐོང་ལམ་དེས་ཉོན་སྒྲིབ་ཀུན་བཏགས་ཀྱི་ས་བོན་ཟད་པར་མ་སྤངས་པར་འགྱུར་ཞིང་། འདོད་ན། ཉན་ཐོས་སློབ་པ་འཕགས་པ་རྣམས་དགེ་འདུན་དཀོན་མཆོག་མིན་པར་འགྱུར་རོ། །ཉན་རང་དགྲ་བཅོམ་པས་བག་ལ་ཉལ་གྱི་ཉོན་སྒྲིབ་མ་སྤངས་པའི་ཤེས་བྱེད་དུ། དེས་མ་རིག་བག་ཆགས་ཀྱིས་མ་སྤངས་པ་བཀོད་པ་ལ་འབྲེལ་མེད་དེ། མ་རིག་བག་ཆགས་ཀྱིས་དེ་བག་ལ་ཉལ་གྱི་ཉོན་སྒྲིབ་མིན་པའི་ཕྱིར་ཏེ། དེ་ཤེས་སྒྲིབ་ཡིན་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ། དེས་བག་ལ་ཉལ་གྱི་ཉོན་སྒྲིབ་ཟད་པར་སྤངས་ཤིང་། བྱང་སེམས་འཕགས་པས་དེ་མ་སྤངས་པས། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱིས་ཉན་རང་གི་སྤངས་རྟོགས་རྫོགས་པ་དང་། རྣམ་མཁྱེན་ཐོབ་པ་དུས་མཉམ་ཟེར་རོ། །འོ་ན་ཉན་རང་དགྲ་བཅོམ་པས་བག་ལ་ཉལ་གྱི་ཉོན་སྒྲིབ་ཟད་པར་སྤངས་པ་འཐད་པའི་ཤེས་བྱེད་དུ། ཉོན་སྒྲིབ་ཀྱི་ས་བོན་ཟད་པར་སྤངས་པ་བཀོད་པ་ལ་ཡང་འབྲེལ་མེད་དེ། བག་ལ་ཉལ་གྱི་ཉོན་སྒྲིབ་དེ་ཉོན་སྒྲིབ་ཀྱི་ས་བོན་མ་ཡིན་པའི་ཕྱིར་ཏེ། ཉོན་སྒྲིབ་ཀྱི་བག་ཆགས་དེ་ཉོན་སྒྲིབ་མིན་པའི་ཕྱིར། མ་གྲུབ་ན། མ་རིག་བག་ཆགས་ཀྱི་ས་དེ་མ་རིག་པའི་ས་བོན་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། མ་རིག་པའི་ས་བོན་མིན་པར་ཐལ། ཉོན་སྒྲིབ་ཀྱི་ས་བོན་མིན་པའི་ཕྱིར་ཏེ། ཤེས་སྒྲིབ་ཡིན་པའི་ཕྱིར། རྟག་ཁྱབ་ཁས། ཉན་ཐོས་སློབ་པ་འཕགས་པ་རྣམས་དགེ་འདུན་དཀོན་མཆོག་མིན་པར་ཐལ། ཉན་ཐོས་ཀྱི་མཐོང་ལམ་དེས་ཉོན་སྒྲིབ་ཀུན་བརྟགས་ཀྱི་ས་བོན་ཟད་པར་མ་སྤངས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཉན་ཐོས་མཐོང་ལམ་པ་དེས་དེ་མ་སྤངས་པའི་ཕྱིར་ཏེ། ཉན་ཐོས་མཐོང་ལམ་པ་དེ་དེའི་དངོས་གཉེན་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། མ་རིག་བག་ཆགས་ཀྱི་ས་བོན་བག་ལ་ཉལ་གྱི་ཉོན་སྒྲིབ་ཡིན་པར་ཐལ། བྱང་སེམས་འཕགས་པས་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་སྒྲིབ་པའི་བག་ཆགས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། བྱང་སེམས་འཕགས་པ་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་སྒྲིབ་པའི་བག་ཆགས་ཡིན་པའི་ཕྱིར། ཡང་མ་རིག་བག་ཆགས་ཀྱི་ས་དེ་ཤེས་སྒྲིབ་ཡིན་པར་ཐལ། འཇུག་འགྲེལ་ལས། དེ་ལ་མ་རིགས་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པའོ་ཞེས་གསུངས་པའི་ཕྱིར་ཞེ་ན་བདེན་མོད། བག་ལ་ཉལ་གྱི་ཉོན་སྒྲིབ་དེ་ཡང་ཤེས་སྒྲིབ་ཏུ་ཐལ། རྒྱུད་བླར། ཤེས་སྒྲིབ་ངོས་འཛིན་དུས། ཉེ་བའི་ཉོན་མོངས་བག་ཆགས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན་ཉན་རང་དགྲ་བཅོམ་གྱི་སྤངས་རྟོགས་ཀྱི་རིགས་རྫོགས་པ་དང་། རྣམ་མཁྱེན་ཐོབ་པ་དུས་མཉམ་པ་ཡིན་ཏེ། ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་ཟད་པར་སྤངས་ཤིང་། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པས་རྣམ་མཁྱེན་མ་ཐོབ་ཀྱི་བར་ཉོན་སྒྲིབ་མ་སྤངས་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། ཅིག་ཆར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་། ཅིག་ཆར་དགྲ་བཅོམ་པ་དང་དེ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཞེ་ན། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས་ན། ཉོན་སྒྲིབ་ཟད་པར་སྤངས་པས་ཁྱབ་པར་ཐལ། ཉན་ཐོས་དགྲ་བཅོམ་པས་ཉོན་སྒྲིབ་ཟད་པར་སྤངས་པ་གང་ཞིག དེས་བག་ལ་ཉལ་གྱི་ཉོན་སྒྲིབ་ཟད་པར་མ་སྤངས་པའི་ཕྱིར། འདོད་ན། ཁས་བླངས་ཏེ། དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱུད་བླར། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པའི་ཕྱིར། གཞན་ཡང་། བྱང་འཕགས་ཀྱི་རྒྱུད་ཀྱི་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་ཆོས་ཅན། བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་ཉོན་མོངས་པ་ཡིན་པར་ཐལ། བྱང་འཕགས་ཀྱི་རྒྱུད་ཀྱི་ཉོན་སྒྲིབ་ཡིན་པའི་ཕྱིར། རྟགས་དང་ཆོས་ཅན་ཁས། འདོད་ན། བྱང་འཕགས་གཞན་དོན་དུ་འཁོར་བར་སྐྱེ་བའི་རྒྱུར་གྱུར་པའི་ཉོན་མོངས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་འཕགས་ཆོས་ཅན། ལས་ཉོན་གྱིས་དབང་གིས་འཁོར་བར་སྐྱེ་བ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་དེ་ཁྱོད་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག ཉན་རང་དགྲ་བཅོམ་གྱི་སྤངས་རྟོགས་ཀྱི་རིགས་ས་དང་པོ་ནས་རྫོགས་ཀྱང་། དེ་དང་བྱང་སེམས་འཕགས་པ་གཉིས་ཆར་གྱི་ཉོན་སྒྲིབ་ཟད་པར་མ་སྤངས་ཏེ། བག་ལ་ཉལ་གྱི་ཉོན་སྒྲིབ་ཟད་པར་མ་སྤངས་པའི་ཕྱིར་ཞེ་ན། ཉན་རང་དགྲ་བཅོམ་པ་ཆོས་ཅན། དགྲ་བཅོམ་གྱི་འབྲས་བུ་མ་ཐོབ་པར་ཐལ། ཉོན་སྒྲིབ་མ་སྤངས་པའི་ཕྱིར། ཁྱབ་སྟེ། ཤེས་སྒྲིབ་མ་སྤངས་ན་ཐམས་ཅད་མཁྱེན་པ་མ་ཐོབ་པས་ཁྱབ་པའི་ཕྱིར། གཉིས་པ་ནི། ཤེར་ཕྱིན་གྱི་མདོའི་དངོས་བསྟན་ལ་རྣམ་ཤེས་ཚོགས་དྲུག་ལས་མ་གསུངས་ཤིང་། དེ་ཉིད་དབུ་མར་འགྲེལ་པ་མངོན་རྟོགས་རྒྱན་གྱིས་སྤངས་རྟོགས་འཆད་པའི་ཚེ་ཉན་རང་གི་སྤངས་རྟོགས་རིགས་ས་དང་པོ་ནས་རྫོགས་ཏེ། དེའི་ཚེ་ཉོན་ཡིད་ཁས་མི་ལེན་ཅིང་། གཉིས་ཀས་ཀྱང་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས། བག་ལ་ཉལ་གྱི་ཉོན་སྒྲིབ་མ་སྤངས་པར་མཚུངས་པའི་ཕྱིར་དང་། གང་ཟག་གི་བདག་མེད་རྟོགས་པའི་དགོས་པ་མཐར་ཐུག་པ་ནི་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤོང་བ་དང་། གཞན་དོན་དུ་རྟོགས་རིགས་མངོན་སུམ་དུ་ཤེས་པ་གཉིས་སུ་འདུས་ཤིང་། དེ་གཉིས་ཀ་ཡང་ས་དང་པོ་ནས་ཐོབ་པའི་ཕྱིར། ཉོན་ཡིད་ཀྱི་རྣམ་གཞག་ནི། མདོ་སྡེ་རྒྱན་དང་སུམ་ཅུ་པའི་རབ་བྱེད་སོགས་སེམས་ཙམ་པའི་གཞུང་རྣམས་ལས་བཤད་པ་ཡིན་ལ། དེ་ཁས་ལེན་པའི་ཚེ་ས་དང་པོ་ནས་ཉན་རང་གི་སྤངས་རྟོགས་མ་རྫོགས་ཏེ། གཞུང་དེ་དག་ལས་དགྲ་བཅོམ་ཐོབ་པའི་ཚེ་ཉོན་ཡིད་སྤངས་པར་གསུང་ཞིང་། ཐེག་ཆེན་གྱིས་ས་བརྒྱད་པ་མ་ཐོབ་བར་དུ་མ་སྤངས་པ་གསུངས་པའི་ཕྱིར། ཤེར་ཕྱིན་གྱི་དགོངས་པ་དབུ་མར་འགྲེལ་བའི་ཚེ་ས་དང་པོ་ནས་ཉན་རང་གི་སྤངས་རྟོགས་རྫོགས་པའི་ཤེས་བྱེད་གང་ཞེ་ན། རྒྱུད་བླར། ས་དང་པོ་ནས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས་པར་གསུངས་པ་དང་། མདོ་ལས། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ཏེ། ཞེས་པའི་འགྲེལ་པར། ཉིར་སྣང་ལས། བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །འདི་གང་ལས་ཤེས་ཞེ་ན། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང་། དབང་པོ་དང་། ཚོགས་ཁྱད་ཞུགས་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པར་འདུས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེའི་བཟོད་པ་ཡིན་གྱི། རྟོགས་པའི་ཚད་འདི་ཙམ་མིན་ནོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་པ་འདི། མངོན་རྟོགས་རྒྱན་གྱི་དགོངས་པ་འགྲེལ་པ་ལ་ཚད་མ་ཡིན་པའི་ཕྱིར་རོ། །འདིའི་དོན་ལ། དར་ཊཱིཀ་པ་ན་རེ། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་ཞེས་པའི་དོན་ནི། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་བྱེད་པར་ཉན་རང་གི་གང་ཟག་གི་བདག་མེད་རྟོགས་པའི་བྱེད་པ་མ་ལུས་པར་འདུས་པའི་དོན་ཡིན་ལ། རྟོགས་པའི་ཚད་འདི་ཙམ་མིན་ནོ་ཞེས་པའི་དོན་ནི་གང་ཟག་གི་བདག་མེད་རྟོགས་པའི་ནུས་པ་མ་ལུས་པ་མཐོང་ལམ་དུ་མ་རྫོགས་ཞེས་པའི་དོན་ཡིན་ནོ་ཞེས་སྨྲ་བ་ནི་ཁས་བླངས་འགལ་ཏེ། བྱང་སེམས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་གནས་སྐབས་སུ་བག་ལ་ཉལ་གྱི་ཉོན་སྒྲིབ་སྤངས་པར་ཐལ། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་བྱེད་པར་ཉན་རང་གི་གང་ཟག་གི་བདག་མེད་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པ་གང་ཞིག དེའི་བྱེད་པ་དེས་བག་ལ་ཉལ་གྱི་ཉོན་སྒྲིབ་སྤོང་ནུས་པའི་ཕྱིར། རྟགས་གཉིས་ཁས་སོ། །དེས་ན་ལུང་དེའི་དོན། གང་ཟག་གི་བདག་མེད་རྟོགས་པའི་དགོས་པ་མཐར་ཐུག་པ་ནི། སྔར་བཤད་པ་ལྟར་གྱི་གཉིས་པོ་དེ་ཡིན་པས། དེ་བྱང་སེམས་ཀྱི་ས་མཐོང་ལམ་དུ་ཐོབ་ཞེས་པའི་དོན་ཡིན་ལ། ས་དང་པོའི་རྟོགས་པའི་ཚད་ནི་དེ་ཙམ་མིན་ཏེ། ཐེག་ཆེན་གྱི་རྟོགས་རིགས་ཀྱི་ཁྱད་པར་འཕགས་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་ལ་གསུམ་ལས། དང་པོ་སྨོན་ལམ་རྫོགས་པའི་ཚད་ལ། དགག་གཞག་གཉིས། དང་པོ་ནི། མཁན་ཆེན་པ་ན་རེ། ཆོས་དབྱིངས་ལས་རྟག་ཏུ་མཉམ་པར་གཞག་པ་ལས་མ་གཡོས་བཞིན་དུ་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག་ཅེས་པའི་སྨོན་ལམ་གྲུབ་པ་ལ་བྱེད་གསུངས་པ་ལ་དར་ཊཱིཀ་པ་ན་རེ། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མ་བྱེད་ཅིག་ཅེས་གདམས་པ་དེ་ཆོས་སྐུ་མངོན་དུ་མ་བྱས་ཀྱི་གོང་དུ་ཆོས་སྐུ་མངོན་དུ་མ་བྱེད་ཅིག་ཅེས་པའི་དོན་ཡིན་པར་ཐལ། སྨོན་ལམ་རྫོགས་པའི་ཚད་དེ་ལ་འཇོག་པ་འཐད་པའི་ཕྱིར་ཞེས་བཀག་ནས། རང་ལུགས་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་མངོན་ཤེས་དང་མི་ལྡན་པའི་སེམས་ཅན་མེད་པ་ལྟ་བུ་སྤྲུལ་སྐུའི་ཞིང་ཁྱད་པར་ཅན་དུ་དམ་བཅས་པའི་སྨོན་ལམ་ཡོངས་སུ་རྫོགས་པ་དང་། བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་འཁོར་དུ་ཐེག་པ་ཆེན་པོའི་འཕགས་པ་ཤ་སྟག་འབྱུང་བའི་ནུས་པ་ཐོབ་པ་ལྟ་བུ་ལོངས་སྐུའི་ཞིང་ཁྱད་པར་ཅན་གྱི་ཆེད་དུ་དམ་བཅས་པའི་སྨོན་ལམ་ཡོངས་སུ་རྫོགས་པ་ལ་བྱེད་ཟེར་བ་ལ་ནི་སྔ་མ་བཞིན་འཕངས་པས་འཁོར་གསུམ་དུ་འགྱུར་རོ། །ཡང་ཤཱཀྱ་ཐུབ་པས་སྤྲུལ་སྐུའི་ཞིང་ཁྱད་པར་ཅན་གྱི་ཆེད་དུ་དམ་བཅས་པའི་སྨོན་ལམ་ཡོངས་སུ་མ་རྫོགས་པར་ཐལ། དེ་སངས་རྒྱས་པའི་ཞིང་ན་མངོན་ཤེས་དང་མི་ལྡན་པའི་སེམས་ཅན་ཡོད་པའི་ཕྱིར། འདོད་ན། དེ་སྨོན་ལམ་ཡོངས་སུ་མ་རྫོགས་པར་ཐལ་ལོ། །ཡང་ཁ་ཅིག སྨོན་ལམ་ཐམས་ཅད་རྫོགས་པ་ལ་བྱེད་ཟེར་ན། ཤཱཀྱ་ཐུབ་པ་ཆོས་ཅན། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པར་ཐལ། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱ་བར་གྱུར་ཅིག་ཅེས་པའི་སྨོན་ལམ་བཏབ་པ་ནི་གང་ཞིག ཁྱོད་ཀྱི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར། དེ་ལ་ཁ་ཅིག ཤཱཀྱ་ཐུབ་པའི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་ཐལ། དེའི་རྒྱུད་ཀྱི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པའི་སྨོན་ལམ་ཡིན་པའི་ཕྱིར། མ་གྲུབ་ན། ཤཱཀྱ་ཐུབ་པའི་རྒྱུད་ཀྱི་སྨོན་ལམ་ཐམས་ཅད་ཆོས་ཅན། ཡོངས་སུ་རྫོགས་པའི་སྨོན་ལམ་ཡིན་པར་ཐལ། མཐར་ཐུག་པའི་སྨོན་ལམ་ཡིན་པའི་ཕྱིར་ཞེ་ན། ཤཱཀྱ་ཐུབ་པའི་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཐལ། དེའི་རྒྱུད་ཀྱི་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། འདོད་ན། རྒྱུད་བླར། མཛད་པ་ཡོངས་སུ་མ་རྫོགས་དང་། །ཞེས་པ་དང་འགལ་ལོ། །མ་གྲུབ་ན་སྔ་མ་བཞིན་བསྒྲེའོ། །གཉིས་པ་ནི། སྨོན་ལམ་གྱི་གཙོ་བོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་ཡིན་པས་དེ་རྫོགས་པ་ལ་བྱེད་དེ། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱི་དབུ་ཤིན་ཏུ་རྒྱས་པ་ཉིད་དང་ཞེས་སོ། །གཉིས་པ་སེམས་ཅན་སྨིན་པའི་ཚད་ལ། དགག་གཞག་གཉིས། དང་པོ་ནི། ཁ་ཅིག སེམས་ཅན་ཐམས་ཅད་སྒྲིབ་པ་སྤོང་རུང་དང་གཉེན་པོ་སྐྱེ་རུང་དུ་བྱས་པ་ལ་བྱེད་ཟེར། འོ་ན་སེམས་ཅན་ཐམས་ཅད་སྨིན་ཟིན་པར་ཐལ། སེམས་ཅན་ཐམས་ཅད་སྒྲིབ་པ་སྤོང་རུང་དང་དེ་སྐྱེ་རུང་ཡིན་པའི་ཕྱིར། ཁ་ཅིག སེམས་ཅན་ཐམས་ཅད་སྒྲིབ་པ་དངོས་སུ་སྤོང་རུང་དང་གཉེན་པོ་དངོས་སུ་སྐྱེ་རུང་དུ་བྱས་པ་ལ་བྱེད་ཟེར། འོ་ན་སེམས་ཅན་ཐམས་ཅད་སྨིན་པར་བྱས་པ་མི་སྲིད་པར་ཐལ། དེ་ལྟ་བུ་བྱས་པ་མི་སྲིད་པའི་ཕྱིར། ཁ་ཅིག རང་གི་སྐུ་དངོས་ཀྱི་གདུལ་བྱ་ཐམས་ཅད་སྒྲིབ་པ་དངོས་སུ་སྤོང་རུང་དང་གཉེན་པོ་དངོས་སུ་སྐྱེ་རུང་དུ་བྱས་པ་ལ་བྱེད་ཟེར་ན། ཤཱཀྱ་ཐུབ་པ་ཆོས་ཅན། སེམས་ཅན་སྨིན་པར་མ་བྱས་པར་ཐལ། དེ་ལྟ་བུ་མ་བྱས་པའི་ཕྱིར། མ་གྲུབ་ན་དེར་ཐལ། ཁྱོད་ཀྱི་སྐུ་དངོས་ཀྱི་གདུལ་བྱ་ཡང་ཡིན། ལམ་མ་ཞུགས་ཀྱི་གང་ཟག་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། ཁ་ཅིག རང་གི་སྐུ་དངོས་ཀྱི་གདུལ་བྱ་འགའ་ཞིག་སྒྲིབ་པ་དངོས་སུ་སྤོང་རུང་དང་གཉེན་པོ་དངོས་སུ་སྐྱེ་རུང་དུ་བྱས་པ་ལ་བྱེད་ཟེར་ན། ས་བཅུ་པ་ལ་གནས་པའི་བྱང་སེམས་ཆོས་ཅན། སེམས་ཅན་སྨིན་པར་བྱས་པར་ཐལ། དེ་ལྟར་བྱས་པའི་ཕྱིར་ཏེ། རྗེས་ཐོབ་ཏུ་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཚུངས་པའི་ཕྱིར། དར་ཊཱིཀ་པ་ན་རེ། དུས་སྐད་ཅིག་མ་གཅིག་ལ་ཞིང་བྱེ་བ་ཕྲག་བརྒྱར་སྐུའི་བཀོད་པ་གྲངས་དེ་སྙེད་སྟོན་ཞིང་། སྐུའི་བཀོད་པ་རེ་རེའི་འཁོར་དུ་སེམས་ཅན་ཚད་མེད་པ་ཚིགས་སུ་བཅད་པ་རེ་རེས་འཕགས་པའི་གོ་འཕང་ལ་འགོད་ནུས་པའི་ནུས་པ་ཐོབ་པ་ལ་བྱེད་ཟེར། འོ་ན་ས་བཅུའི་བྱང་སེམས་དེས་དེ་འདྲའི་ནུས་པ་ཐོབ་བམ་མ་ཐོབ། ཐོབ་ན་དེས་སེམས་ཅན་སྨིན་པར་བྱས་པར་ཐལ་ཅིང་། མ་ཐོབ་ན་དེའི་ནུས་པ་ཐོབ་ན་རྫོགས་པའི་སངས་རྒྱས་ཡིན་དགོས་པར་ཐལ། ས་བཅུའི་བྱང་སེམས་ཀྱི་ཀྱང་དེའི་ནུས་པ་མ་ཐོབ་པའི་ཕྱིར། འདོད་ན། གོང་དུ་སྨོན་ལམ་རྫོགས་པའི་ཚད་ལ་མཁན་ཆེན་པ་ལ་འཕངས་པའི་སྐྱོན་དེ་བརྗོད་པས་འཁོར་གསུམ་ཡིན་ནོ། །ཡང་ས་བཅུ་པ་ལ་གནས་པའི་བྱང་སེམས་དེས་དེ་ཐོབ་པར་ཐལ། འཇུག་པ་ལས། རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་གྱུར་ཞིང་། །ངག་གི་སྤྱོད་ཡུལ་མ་ཡིན་སྡོམས་རྣམས་ན། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། སེམས་ཅན་སྨིན་པའི་ཚད་དང་། སྨིན་པར་བྱས་པའི་ཚད་གཉིས་ལས། དང་པོ་ནི། སེམས་ཅན་གང་དང་གང་གི་རྒྱུད་ལ་སྤང་བྱ་མཐོང་སྤངས་སུ་གྱུར་པའི་སྒྲིབ་པ་དངོས་སུ་སྤོངས་རུང་དང་། གཉེན་པོ་མཐོང་ལམ་དངོས་སུ་སྐྱེ་རུང་བ་ལ་བྱེད་ཅིང་། ཕྱི་མ་ནི་རང་ཉིད་སྤྲུལ་སྐུར་སངས་རྒྱས་ནས་ཆོས་འཁོར་བསྐོར་བའི་ཐོག་མའི་གདུལ་བྱ་དེ་ཉིད་སློབ་པ་ལམ་གྱི་གནས་སྐབས་སུ་ཆོས་བསྟན་པས་སྔ་མ་ལྟར་བྱས་པའོ། །གསུམ་པ་སངས་རྒྱས་ཀྱི་ཞིང་སྦྱང་བའི་ཚད་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། དར་ཊཱིཀ་པ་ན་རེ། སྤྲུལ་སྐུའི་ཞིང་ཁྱད་པར་ཅན་དང་། ལོངས་སྐུའི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུར་གྱུར་པའི་དགེ་རྩ་ཡོངས་སུ་རྫོགས་པ་ལ་འདོད་པ་ནི། སྔར་སྨོན་ལམ་རྫོགས་པའི་ཚད་ཀྱི་སྐབས་བཞིན་དུ་འཕངས་པས་འཁོར་གསུམ་ཡིན་ནོ། །ཁ་ཅིག ཞིང་སྦྱང་བའི་ཚད་འདི་གཙོ་བོར་ལོངས་སྐུའི་དབང་དུ་བྱས་ནས་བཤད་རིགས་ཏེ། ཞིང་དག་སྦྱོར་བ་དེ་ལོངས་སྐུའི་ཐུན་མོང་མིན་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཕྲིན་ལས་དེ་གཙོ་བོར་སྤྲུལ་སྐུའི་དབང་དུ་བྱས་ནས་འཆད་རིགས་པར་ཐལ། ཐབས་མཁས་སྦྱོར་བ་དེ་སྤྲུལ་སྐུའི་ཐུན་མོང་མིན་པའི་རྒྱུ་ཡིན་པའི་ཕྱིར། ཁ་ཅིག རྫོགས་སྨིན་སྦྱངས་པ་གསུམ་ཀ་ལོངས་སྐུ་ཁོ་ནའི་དབང་དུ་བྱས་པ་ཡིན་ཟེར་ན། སྤྲུལ་སྐུས་རྫོགས་སྨིན་སྦྱངས་པ་གསུམ་མ་བྱས་པར་ཐལ་ལོ། །གཉིས་པ་ནི། སངས་རྒྱས་རང་སྣང་ལ་སྣོད་བཅུད་ཀྱི་ཞིང་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་བ་ནི་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ལགས་སོ། །གསུམ་པ་ནི། དར་ཊཱིཀ་པ་ན་རེ། མ་དག་པའི་སྣང་བ་དེ་ཆོས་ཅན། རྫོགས་པའི་སངས་རྒྱས་ཀྱིས་མངོན་སུམ་མ་གཟིགས་པར་ཐལ། སངས་རྒྱས་རང་སྣང་ལ་ཁྱོད་མ་ཤར་བའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མེད་པར་ཐལ། འདོད་པ་གང་ཞིག རྫོགས་པའི་སངས་རྒྱས་ཀྱིས་ཤུགས་ལ་མ་རྟོགས་པའི་ཕྱིར་ཞེས་དང་། ཁ་ཅིག སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དག་པ་ཡིན་པར་ཐལ། སངས་རྒྱས་ལ་དེ་དག་པར་སྣང་བའི་ཕྱིར། ཞེས་དང་། མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཆོས་ཅན། སངས་རྒྱས་ལ་ཁྱོད་སྣང་བར་ཐལ། དེ་ལ་ཁྱོད་དག་པར་སྣང་བའི་ཕྱིར། འདོད་ན། སངས་རྒྱས་རང་སྣང་ལ་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་སྣང་བ་བུད་དོ་ཞེས་ཟེར། དང་པོ་དེ་ལ་འཁྲུལ་པའི་སྣང་བ་ཆོས་ཅན། རྫོགས་པའི་སངས་རྒྱས་ཀྱིས་མངོན་སུམ་མ་གཟིགས་པར་ཐལ། སངས་རྒྱས་རང་སྣང་ལ་ཁྱོད་མ་ཤར་བའི་ཕྱིར། མ་གྲུབ་ན། དེར་ཐལ། དེས་དེ་ཟད་པར་སྤངས་པའི་ཕྱིར། རྩ་བར་འདོད་ན། དེ་མེད་པར་ཐལ་ལོ། །གཉིས་པ་ལ། ཤེས་བྱ་ཐམས་ཅད་མངོན་སུམ་ཡིན་པར་ཐལ། སངས་རྒྱས་ལ་ཤེས་བྱ་ཐམས་ཅད་མངོན་སུམ་དུ་སྣང་བའི་ཕྱིར་རོ། །གསུམ་པ་ལ། རོ་མི་ཞིམ་པ་ཆོས་ཅན། ལོངས་སྐུ་ལ་ཁྱོད་སྣང་བར་ཐལ། དེ་ལ་ཁྱོད་རོའི་མཆོག་ཏུ་སྣང་བའི་ཕྱིར། འདོད་ན། ལོངས་སྐུ་ལ་རོ་ཐམས་ཅད་ཞིམ་པའི་མཆོག་ཏུ་སྣང་བ་མིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་ཁས། རྩ་བའི་རྟགས་མ་གྲུབ་པ་དང་། འདིར་འདོད་པ་གཉིས་ཀ་ལ། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །ཞེས་པའི་དོན་དྲི་བར་བྱའོ། །བཞི་པ་ལ། ཡང་དག་མཐའ་ངོས་གཟུང་བ་དང་། དེ་མངོན་སུམ་བྱས་པའི་ཚད་གཉིས། དང་པོ་ལ་དགག་གཞག་གཉིས། དང་པོ་ནི་ཁ་ཅིག འདིར་བསྟན་ཡང་དག་མཐའ་ལ་འདུས་བྱས་ཡང་དག་མཐའ་དང་། འདུས་མ་བྱས་ཡང་དག་མཐའ་གཉིས་ལས། དང་པོ་ནི། ཡེ་ཤེས་ཆོས་སྐུ། ཕྱི་མ་གློ་བུར་དྲི་བྲལ་གྱི་ཆོས་དབྱིངས་ཡིན་ཟེར་ན། བྱང་འཕགས་ཀྱིས་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་སུམ་བྱས་པ་མི་སྲིད་པར་ཐལ། དེས་དེ་མ་བྱས་པར་དེ་གཉིས་མངོན་དུ་བྱས་པ་མི་སྲིད་པའི་ཕྱིར། འདོད་ན། རྫོགས་པའི་སངས་རྒྱས་ཀྱིས་བྱང་སེམས་འཕགས་པ་རྣམས་ལ་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མ་བྱེད་ཅིག་ཅེས་གདམས་པ་དགོས་མེད་དུ་ཐལ་ལོ། །ཡང་ཡེ་ཤེས་ཆོས་སྐུ་ཆོས་ཅན། འདུས་བྱས་མིན་པར་ཐལ། ཡང་དག་མཐའ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུད་བླར། ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ཡང་དག་མཐའ་དེ་དམན་པའི་མྱང་འདས་ལ་བྱེད་དེ། སྐྱོན་གྱི་སྐབས་སུ། འགྲེལ་ཆེན་ལས་ཡང་དག་པའི་མཐའ་མངོན་དུ་བྱེད་ཅིང་ཞེས་པ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ་ཞེས་དང་། གནོད་འཇོམས་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་ཡུལ་ཉན་ཐོས་དང་རང་རྒྱལ་གྱིས་མྱ་ངན་ལས་འདས་པ་ནི་ཡང་དག་པའི་མཐའ་སྟེ་ཞེས་གསུངས་པའི་ཕྱིར་ཞེས་ཟེར། དེ་ལ་གཞན་དག་ན་རེ། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། རྫོགས་སྨིན་སྦྱངས་གསུམ་བྱས་པར་ཐལ། ཡང་དག་མཐའ་མངོན་དུ་བྱས་པའི་ཕྱིར། རྟགས་ཁས། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ས་བརྒྱད་པའི་བྱང་སེམས་ཆོས་ཅན། གཞན་དོན་རྒྱུན་ཆད་པར་འགྱུར་བར་ཐལ། རྫོགས་སྨིན་སྦྱངས་གསུམ་མ་བྱས་པ་ཡང་དག་མཐའ་མངོན་དུ་བྱས་པའི་ཕྱིར། རྟགས་ཁྱབ་ཁས། ཞེས་སུན་འབྱིན་སྨྲའོ། །མི་འཐད་དེ་སྔར་ལྟར་གདམས་པ་ལ་དགོས་པ་མེད་པར་ཐལ། ཐལ་འགྱུར་དང་པོ་ལ་ཁྱབ་པ་ཡོད་པའི་ཕྱིར། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ས་བརྒྱད་པའི་བྱང་སེམས་ཆོས་ཅན། གཞན་དོན་རྒྱུན་ཆད་པར་འགྱུར་བར་ཐལ། ཆོས་གསུམ་མ་བྱས་པར་དམན་པའི་མྱང་འདས་མངོན་དུ་བྱས་པའི་ཕྱིར། ཁྱབ་པ་ཁས། ལུགས་སྔ་མ་ཡང་མི་འཐད་དེ། བྱང་སེམས་འཕགས་པས་ཆོས་གསུམ་བྱས་ནས་དམན་པའི་མྱང་འདས་མངོན་དུ་བྱེད་པར་ཐལ། དམན་པའི་མྱང་འདས་དེ་འདིར་བསྟན་ཡང་དག་མཐའ་ཡིན་པའི་ཕྱིར། ཁྱབ་སྟེ། ཡང་དག་པ་ཉིད་ཀྱི་མཐའ་རྟོགས་པ་དང་ཞེས་གསུངས་པའི་ཕྱིར། ཁ་ཅིག ཡང་དག་མཐའ་དེ་ཐེག་པ་ཆེ་ཆུང་གི་མྱང་འདས་ཙམ་ལ་བྱེད་དེ། མདོ་ལས། ཡང་དག་པའི་མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་སོ་ཞེས་དང་། ཆོས་བཤེས་ཀྱི་ཡང་དག་པའི་མཐའ་མངོན་དུ་བྱེད་ཅིང་ཞེས་པ་ནི་གང་ཟག་གི་བདག་མེད་པའི་མཐའ་ཞི་བ་ཉིད་དེ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ས་བརྒྱད་པའི་བྱང་སེམས་དེས་ཆོས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་པ་མི་སྲིད་པར་ཐལ། དེས་དེ་མ་བྱས་པར་དམན་པའི་མྱང་འདས་མངོན་དུ་བྱས་པ་ཡང་མེད། ཐེག་ཆེན་གྱི་མྱང་འདས་མངོན་དུ་བྱས་པ་ཡང་མི་སྲིད་པའི་ཕྱིར། གལ་ཏེ་ཕྱི་མ་མ་གྲུབ་སྟེ། དེའི་རྒྱུད་ཀྱི་འགོག་བདེན་དེ་ཐེག་ཆེན་གྱི་མྱང་འདས་ཡིན་པའི་ཕྱིར་ཞེ་ན། འོ་ན་ས་བརྒྱད་པའི་བྱང་སེམས་ཡིན་ན། ཆོས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་པས་ཁྱབ་པར་ཐལ། དེ་ཡིན་ན་ཆོས་གསུམ་མ་བྱས་པར་ཐེག་ཆེན་གྱི་མྱང་འདས་མངོན་དུ་བྱས་པས་ཁྱབ་པའི་ཕྱིར། རྟགས་ཁྱབ་ཁས། གཉིས་པ་ནི། ཡང་དག་མཐའ་ནི་སྤྲོས་བྲལ་གྱི་ཆོས་དབྱིངས་ཙམ་ལ་བྱེད་པ་ཡིན་ཏེ། འདིར་བཤད་པའི་ཡང་དག་པའི་མཐའ་དང་། མདོ་སྡེ་ས་བཅུ་པ་ནས་བཤད་པའི་འགོག་པ་དང་། གཞན་ཡང་དེ་བཞིན་ཉིད་དང་། ཆོས་དབྱིངས་དང་། མཚན་མ་མེད་པ། དོན་དམ་པ་རྣམས་རྣམ་གྲངས་ཡིན་པའི་ཕྱིར་ཏེ། ཡང་དག་པའི་མཐའ་མངོན་དུ་མི་བྱའོ་ཞེས་པའི་མདོ་འཆད་པའི་ཚེ། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་ཞེས་དང་། སྦྱོར་བའི་སྐབས་སུ་འགྲེལ་ཆེན་ལས། ཡང་དག་པའི་མཐའ་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཞེས་དང་། འཇུག་པར། དེ་བཞིན་ཉིད་དང་ཡང་དག་མཐའ། །དེ་བཞིན་དངོས་པོའི་སྟོང་ཉིད་དོ། །ཞེས་དང་། དབུས་མཐར། སྟོང་པ་ཉིད་དེ་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་དང་། འཇུག་འགྲེལ་ལས། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་སྟེ། འདིར་སྤྲོས་པ་ཐམས་ཅད་འགག་པར་འགྱུར་བའི་ཕྱིར་ཞེས་སོ། །མདོར་ན། བྱམས་ཆོས་འདིར་ཆོས་ཀྱི་བདག་མེད་ཀྱི་ཐ་སྙད་མཛད་པའི་བྱང་སེམས་རང་གི་རྟོགས་བྱའི་ཡུལ་ཐུན་མོང་མིན་པ་སྤྲོས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ལ་གཟུང་བར་བྱ་བ་ཡིན་གྱི། བདེན་པ་བཀག་ཙམ་གྱི་མེད་དགག་ལ་ཆོས་ཉིད་དུ་བྱས་པ་འདི་མིན་ནོ། །གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག ཆོས་དབྱིངས་ལ་དུས་རྟག་ཏུ་མཉམ་པར་བཞག་པ་ལ་བྱེད་ཟེར། འོ་ན་ས་བརྒྱད་པའི་བྱང་སེམས་ཀྱིས་འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པ་མི་སྲིད་པར་ཐལ། དེས་ཆོས་དབྱིངས་ལ་དུས་རྟག་ཏུ་མཉམ་པར་བཞག་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟ་བུའི་དེ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། རྒྱུན་མཐའི་བྱང་སེམས་དེས་ཆོས་དབྱིངས་ལ་དུས་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་ཞེ་ན། རྒྱུན་མཐའི་བྱང་སེམས་ཆོས་ཅན། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་པར་ཐལ། ཆོས་གསུམ་མ་བྱས་པར་ཆོས་དབྱིངས་ལ་དུས་རྟག་ཏུ་མཉམ་པར་བཞག་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག ཆོས་དབྱིངས་ལས་ལྡང་བ་མེད་པའི་ཚུལ་གྱིས་མཉམ་པར་གཞག་པ་ལ་བྱེད་ཟེར། འོ་ན་རྒྱུན་མཐའི་བྱང་སེམས་དེས་ཆོས་དབྱིངས་ལས་ལྡང་བ་མེད་པའི་ཚུལ་གྱིས་མཉམ་པར་བཞག་གམ་མ་གཞག དང་པོ་ལྟར་ན་དེ་ཆོས་ཅན། ཆོས་གསུམ་མངོན་དུ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་པར་ཐལ། ཆོས་གསུམ་མ་བྱས་པར་ཆོས་ཉིད་ལས་ལྡང་བ་མེད་པའི་ཚུལ་གྱིས་མཉམ་པར་བཞག་པའི་ཕྱིར། གཉིས་པ་ལྟར་ན་དེ་ཆོས་ཅན། ཆོས་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་དེ་ལས་ལངས་སྲིད་པར་ཐལ། ཆོས་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་ལ་གནས་བཞིན་པ་གང་ཞིག ཁས་བླངས་ཕྱི་མ་དེའི་ཕྱིར། ཁ་ཅིག ཡང་དག་མཐའ་ལ་མཉམ་པར་བཞག་པ་དེ་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཡིན་ཞེས་པའི་འདོད་པ་འོག་རྩོད་སྤོང་གི་སྐབས་སུ་འགོག་གོ །གཉིས་པ་ལ། ཆོས་གསུམ་བྱས་ནས་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་དང་། དེ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་གཉིས། དང་པོ་ནི། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བཞིན་དུ་ཆོས་ཉིད་ལ་དུས་རྟག་ཏུ་མཉམ་པར་བཞག་པའོ། །གཉིས་པ་ནི། ཆོས་ཉིད་ལ་རྩོལ་མེད་དུ་ཡུན་རིང་དུ་མཉམ་པར་བཞག་པའི་སྒོ་ནས་རེ་ཞིག་གཞན་དོན་རྒྱུན་ཆད་པར་འགྱུར་བའོ། །ཕྱི་མ་འདི་ལ་ས་བདུན་པ་མན་ན་མེད་དེ། དེ་མན་ཆད་ན་ཆོས་དབྱིངས་ལ་འབད་རྩོལ་མེད་པར་མཉམ་པར་བཞག་མི་ནུས་པའི་ཕྱིར། ས་བརྒྱད་པ་ཡན་ཆད་ན་ཡོད་དེ། ས་བརྒྱད་པའི་བྱང་སེམས་ཡུན་རིང་དུ་འགོག་པ་ལ་མཉམ་པར་བཞག་པ་ལས་རྒྱལ་བ་རྣམས་ཀྱིས་སློང་བ་ཡོད་པའི་ཕྱིར། དེས་ན་མངོན་དུ་མ་བྱེད་ཅིག་ཅེས་པའི་གདམས་པ་ཡང་ས་བདུན་པ་མན་ཆད་ཀྱི་བྱང་སེམས་ལ་མཛད་པ་མིན་ཏེ། དེ་མན་ཆད་དུ་མཚན་འཛིན་སྤང་དགོས་པས་རྒྱུན་རིང་དུ་མཉམ་པར་བཞག་ན་དགོས་པ་ཁྱད་པར་ཅན་ཡོད་པ་དང་། འབད་རྩོལ་དང་བཅས་པས་གདམས་པ་མ་མཛད་ཀྱང་། རྩོལ་མེད་དུ་མཉམ་པར་བཞག་མི་ནུས་པ་དང་། ཕལ་ཆེར་དོན་ཡོད་པའི་སྐབས་ཡིན་པས་ཚོགས་གཉིས་ཀྱི་ནང་ནས་ཡེ་ཤེས་ཀྱི་ཚོགས་ལ་གཙོ་བོར་འབད་པའི་སྐབས་ཡིན་པའི་ཕྱིར་དང་། གལ་ཏེ་དེའི་ཚེ་གདམས་པ་མཛད་ན་ཡང་ནམ་ཞིག་ས་བརྒྱད་པ་ཐོབ་པའི་ཚེ་མངོན་སུམ་མ་བྱེད་ཅིག་ཅེས་པའི་ཚུལ་གྱིས་མཛད་པ་ཡིན་ཞེས་གསུངས་སོ། །དེས་ན་དེ་ལྟ་བུའི་གདམས་པ་དེ་དག་སའི་བྱང་སེམས་ལ་མཛད་པ་ཡིན་ཏེ། དག་སར་མཚན་འཛིན་སྤངས་ཟིན་པས་ཡུན་རིང་དུ་མཉམ་པར་བཞག་པ་ལ་དགོས་པ་མེད་པ་དང་། ཤེས་སྒྲིབ་ཀྱི་བག་ཆགས་སྤོང་བ་ལ་རྗེས་ཐོབ་ཏུ་རྫོགས་སྨིན་སྦྱངས་གསུམ་བྱ་དགོས་པ་དང་། དེར་འབད་རྩོལ་མེད་པས་རྩོལ་མེད་དུ་མཉམ་པར་བཞག་ནུས་པ་དང་། རྣམ་ཀུན་དོན་ཡོད་པའི་སྐབས་ཡིན་པས་ཚོགས་གཉིས་ཀྱི་ནང་ནས་བསོད་ནམས་ཀྱི་ཚོགས་ལ་གཙོ་བོར་འབད་པའི་སྐབས་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག མ་དག་སར་ཡང་དག་མཐའ་མངོན་དུ་བྱས་པ་ཡོད་པར་ཐལ། ས་དྲུག་པའི་སྐབས་སུ་སྤྲོས་པ་མཐའ་དག་དང་བྲལ་བའི་འགོག་པ་ལ་མཉམ་པར་གཞག་པ་དང་། ས་བདུན་པར་སྐད་ཅིག་རེ་རེ་ལ་འཇུག་ལྡང་བྱེད་ནུས་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། མདོ་སྡེ་ས་བཅུ་པ་ལས། བྱང་ཆུབ་སེམས་དཔའ་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་དང་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་དུ་བྱས་ཞེས་ནི་མི་བྱའོ་ཞེས་རྒྱས་པར་གསུངས་པའི་ཕྱིར་རོ། །ཁ་ཅིག བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། ཡང་དག་མཐའ་མངོན་དུ་བྱས་པར་ཐལ། ཆོས་དབྱིངས་མངོན་དུ་བྱས་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན་དེར་ཐལ། ཆོས་དབྱིངས་མངོན་སུམ་དུ་རྟོགས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། དེ་བཞིན་ཉིད་མངོན་དུ་བྱས་པར་ཐལ། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། འདོད་ན། གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་པར་བྱས་ཀྱང་དེ་མངོན་དུ་མི་བྱེད་ཅེས་པ་དང་འགལ་ལོ། །ཡང་བྱང་འཕགས་ཆོས་ཅན། ལོངས་སྐུ་མངོན་དུ་བྱས་པར་ཐལ། དེ་མངོན་སུམ་དུ་རྟོགས་པའི་ཕྱིར། གཞན་ཡང་ས་བརྒྱད་པའི་བྱང་སེམས་ཡང་དག་མཐའ་ལ་མཉམ་པར་བཞག་པ་རྫོགས་པའི་སངས་རྒྱས་ཀྱིས་བཀག་པར་ཐལ། དེས་ཡང་དག་མཐའ་མངོན་དུ་བྱས་པ་རྫོགས་པའི་སངས་རྒྱས་ཀྱིས་བཀག་པའི་ཕྱིར། འདོད་ན། དེས་སྒོམ་སྤང་ཆུང་ངུའི་ཆེན་པོ་སོགས་ཀྱི་དངོས་གཉེན་བསྒོམ་པ་རྫོགས་པའི་སངས་རྒྱས་ཀྱིས་བཀག་པར་ཐལ་ལོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པའི་སྐབས་སུ། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ལ་དཔྱད། དགོས་སོགས་ཆོས་བཞིའི་ངོ་བོ་ལ་དཔྱད། ཆོས་སྤྱོད་བཅུ་ངོས་གཟུང་བ་དང་གསུམ། དང་པོ་ནི། སེང་གེ་བཟང་པོ་དང་། ཆོས་མཆོག་གཉིས་ན་རེ། བསྟན་བཅོས་ཀྱི་གདུལ་བྱ་དབང་རྣོན་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་མེད་དམ་སྙམ་པའི་དོན་མིན་འགྱུར་གྱི་ཐེ་ཚོམ་བསལ་ནས། ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་ཕྱིར་བཀོད་པར་བཞེད་དེ། འགྲེལ་པར། དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་འཇུག་པའི་ཡན་ལག་ཅེས་དང་། ཆོས་མཆོག་གིས། གང་ཕྱིར་འཇིག་རྟེན་དོན་གཉེར་བ། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ལོ་ཆེན་ན་རེ། དམ་བཅའ་དེ་མི་འཐད་པར་ཐལ། བསྟན་བཅོས་ཀྱི་མཆོད་བརྗོད་ཀྱི་ངག་ལ་བརྟེན་ནས་ཀྱང་བསྟན་བཅོས་ཀྱི་གདུལ་བྱ་དབང་རྣོན་བསྟན་བཅོས་ལ་འཇུག་པར་འགྱུར་བའི་ཕྱིར་ཞེས་བཀག་ནས་རང་ལུགས་ལ། བསྟན་བཅོས་ཀྱི་ལུས་མཛེས་པའི་ཆེད་དུ་བསྟན་བཅོས་ཀྱི་དགོས་འབྲེལ་གྱི་ངག་བཀོད་པ་ཡིན་ནོ་ཞེས་བཞེད་དོ། །དེ་ཡང་མི་འཐད་པར་ཐལ། བསྟན་བཅོས་ཀྱི་མཆོད་བརྗོད་ཀྱི་ངག་ལ་བརྟེན་ནས་ཀྱང་བསྟན་བཅོས་ཀྱི་ལུས་མཛེས་པར་འགྱུར་བའི་ཕྱིར། འཁོར་གསུམ། ཁ་ཅིག ལུགས་སྔ་མ་དེ་མི་འཐད་དེ། དགོས་འབྲེལ་གྱི་ངག་མ་བཀོད་པའི་རིགས་པ་དྲུག་ཅུ་པ་ལྟ་བུ་ལ་ཡང་དེའི་གདུལ་བྱ་འགའ་ཞིག་དགོས་སོགས་ཆོས་བཞི་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེ་བ་ཡོད་པའི་ཕྱིར། ཁ་ཅིག དེ་ཡང་མི་འཐད་དེ། བསྟན་བཅོས་ཀྱི་གདུལ་བྱ་དབང་རྣོན་དོན་འགྱུར་གྱི་ཐེ་ཚོམ་གྱི་སྒོ་ནས་བསྟན་བཅོས་ལ་འཇུག་པར་འགྱུར་བ་མི་འཐད་དེ། གདུལ་བྱ་དབང་རྣོན་བླང་དོར་གྱི་གནས་ལ་འཇུག་པ་ནི་བླང་དོར་གྱི་གནས་ཚད་མར་ངེས་པའི་སྒོ་ནས་འཇུག་དགོས་པའི་ཕྱིར་ཞེས་ཟེར། དང་པོ་ལ། བསྟན་བཅོས་ཀྱི་ལུས་རྣམ་བཞག་འདི་ཉན་པ་པོ་ཉན་སླ་བ་དང་། འཆད་པ་པོ་འཆད་སླ་བའི་ཕྱིར་བཀོད་པ་མིན་པར་ཐལ། ལུས་རྣམ་བཞག་མེད་པའི་རིགས་པ་དྲུག་ཅུ་པ་ལྟ་བུ་ལ་ཡང་ཉན་པ་པོ་ཉན་སླ་བ་དང་། འཆད་པ་པོ་འཆད་སླ་བ་ཡོད་པའི་ཕྱིར། གཉིས་པ་ལ། རྒྱན་གྱི་མཆོད་བརྗོད་ཀྱི་ངག་འདི་གདུལ་བྱ་དབང་རྣོན་རྒྱན་ལ་འཇུག་པའི་ཕྱིར་བཀོད་པ་མིན་པར་ཐལ། གདུལ་བྱ་དབང་རྣོན་དེ་ངག་ཙམ་ལ་བརྟེན་ནས་བསྟན་བཅོས་ལ་འཇུག་པ་མིན་པའི་ཕྱིར་ཏེ། དེ་བླང་དོར་གྱི་གནས་ལ་འཇུག་པ་ནི། བླང་དོར་གྱི་གནས་ཚད་མས་ངེས་པའི་སྒོ་ནས་འཇུག་དགོས་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །རྩ་བར་འདོད་ན། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཞེས་སོགས་ལ་སོམས་ཤིག་གོ །གཉིས་པ་ནི། ཁ་ཅིག བསྟན་བཅོས་མངོན་རྟོགས་རྒྱན་གྱིས་གཏན་ལ་དབབ་པར་བྱ་བ་དེ་རྒྱན་གྱི་བརྗོད་བྱའི་མཚན་ཉིད་དུ་བཞག་པ་ལ། ཁ་ཅིག ཐེག་ཆེན་སེམས་བསྐྱེད་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པའི་ཕྱིར། འདོད་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་གཞུང་འདི་མངོན་རྟོགས་རྒྱན་ཡིན་པར་ཐལ། འདོད་པ་དེའི་ཕྱིར་ཟེར་རོ། །འོ་ན་ལྷ་སྦྱིན་གྱི་རྣ་བ་དེ་ལྷ་སྦྱིན་དུ་ཐལ། ལྷ་སྦྱིན་གྱི་རྣ་རྒྱན་དེ་ལྷ་སྦྱིན་གྱི་རྒྱན་ཡིན་པའི་ཕྱིར། ཁ་ཅིག རྒྱན་གྱི་དགོས་པའི་མཚན་ཉིད། རྒྱན་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་མདོ་དོན་བདེ་བླག་ཏུ་རྟོགས་པ་ཞེས་དང་། དེ་རྟོགས་པའི་རྟོགས་པ་ཞེས་དང་། རྒྱན་ལ་བརྟེན་ནས་གནས་སྐབས་སུ་ཐོབ་པའི་ཡོན་ཏན་ཞེས་ཟེར་ན། དང་པོ་ལ། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། གཉིས་པ་ལ་རྒྱན་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་ཐོབ་པའི་འགོག་བདེན་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། གསུམ་པ་ལ། རྒྱན་ལ་ཐོས་བསམ་བྱས་པ་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། དེར་ཐལ། རྒྱན་གྱིས་མཐར་ཐུག་གི་དགོས་པ་ཡིན་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། རྒྱན་གྱིས་དགོས་པ་དང་ཉིང་དགོས་འགལ་བའི་ཕྱིར་ཞེ་ན། རྒྱན་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་གྱི་སྦྱོར་ལམ་ཆོས་ཅན། རྒྱན་གྱི་དགོས་པ་མིན་པར་ཐལ། དེའི་དགོས་པའི་དགོས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན་དེར་ཐལ། རྒྱན་ལ་བརྟེན་ནས་ཐོབ་པའི་རྣམ་མཁྱེན་གྱི་ཚོགས་ལམ་དེ་རྒྱན་གྱི་དགོས་པ་ཡིན་པའི་ཕྱིར། རྒྱན་གྱི་ཉིང་དགོས་ཀྱི་མཚན་ཉིད་ལ་ཁ་ཅིག རྒྱན་ལ་བརྟེན་ནས་མངོན་པར་རྟོགས་པ་བརྒྱད་མངོན་སུམ་བྱེད་པར་འགྱུར་བ་ཞེ་ན། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རང་ལུགས་ལ། རྒྱན་གྱི་བརྗོད་བྱ་དགོས་པ་ཉིང་དགོས་གསུམ་གྱི་མཚན་ཉིད་རིམ་བཞིན། རྒྱན་གྱི་བཤད་པར་བྱ་བ་དང་། རྒྱན་ལ་བརྟེན་ནས་ཐོབ་པའི་བདེ་ལེགས་དང་། རྒྱན་ལ་བརྟེན་ནས་ཐོབ་པའི་འབྲས་བུ་ཆོས་སྐུ་རྣམས་སོ། །འབྲེལ་པ་ནི་རྒྱན་ལ་བརྟེན་ནས་གནས་སྐབས་ཀྱི་དགོས་པ་འབྱུང་ཞིང་། དེ་ལས་མཐར་ཐུག་གི་དགོས་པ་འབྱུང་བའོ། །གསུམ་པ་འདི་བསྟན་ཆོས་སྤྱོད་བཅུ་ནི། ལོ་ཙཱ་བ་དཔོན་སློབ་གསུམ་ནི་ཕར་ཕྱིན་བཅུ་ལ་བཞེད་དེ། འགྲེལ་པར་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་སྒྲུབ་པའི་སྤྱོད་པ་ཞེས་གསུངས་པའི་ཕྱིར་ཞེས་ཟེར། སློབ་དཔོན་ཤཱནྟི་པས། ཡི་གེ་འབྲི་མཆོད་སྦྱིན་པ་སོགས་བཅུ་ལ་བཞེད། ཨར་ནི། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལ་བཞེད་པ་དང་གསུམ་ལས། དང་པོ་ལ་བྱང་ཆུབ་ཀྱི་སེམས་དེ་ཆོས་སྤྱོད་བཅུའི་དང་པོ་ཡིན་པར་ཐལ། འགྲེལ་པར། བྱང་ཆུབ་ཀྱི་སེམས་ཞེས་སོགས་གསུངས་པའི་ཕྱིར། གསུམ་ཆར་ཁས་བླངས། གཉིས་པ་ལ་ཡི་གེ་འབྲི་མཆོད་སྦྱིན་པ་སོགས་བཅུ་པོ་དེས་ཤེར་ཕྱིན་གྱི་མདོའི་དོན་མ་ལུས་པར་བསྡུས་པར་ཐལ། དམ་བཅའ་དེའི་ཕྱིར། ཁྱབ་སྟེ། རྩ་བར། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་ཞེས་དང་། འགྲེལ་པར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོའི་དོན་མ་ལུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་དང་ཞེས་གསུངས་པའི་ཕྱིར། དེས་ན་གསུམ་པ་འཐད་དེ། འགྲེལ་ཆེན་ལས། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོའི་དོན་བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་སྒྲུབ་པའི་རང་བཞིན་གནས་སྐབས་བརྒྱད་ཀྱི་དབྱེ་བས་ཕྱེ་བ་ཐམས་ཅད་ཅེས་གསུངས་པའི་ཕྱིར། ཡང་དམ་བཅའ་དེ་ཡིན་པར་ཐལ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པའི་ལམ་དེ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལ་འཇོག་པ་འཐད་པའི་ཕྱིར། ཁྱབ་སྟེ། རྒྱན་གྱི་བརྗོད་བྱར་བྱས་པ་དེ་ཉིད་དྲན་པའི་ཤེས་པ་ལ་གཞག་པའི་རིམ་གྱིས་ཉིང་དགོས་ཐོབ་པར་འགྱུར་ཞེས་འགྲེལ་པའི་ཕྱིར། ཁོ་ན་རེ། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་དེ་སྒྲུབ་པའི་སྤྱོད་པ་ཡིན་པར་ཐལ། སྦྱིན་པ་ལ་སོགས་སྒྲུབ་པའི་སྤྱོད་པ་ཞེས་གསུངས་པའི་ཕྱིར་ཞེ་ན། དེར་ཐལ། འགྲེལ་ཆེན་ལས། བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་སྒྲུབ་པའི་རང་བཞིན་ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས་སོ། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པའི་སྐབས་སུ། ཤེར་ཕྱིན་གྱི་ས་མཚམས་དང་། མཚན་ཉིད་གཉིས། དང་པོ་ནི། གསེར་ཕྲེང་པ་ན་རེ། སློབ་ལམ་ན་ཤེར་ཕྱིན་མེད་ན་སྦྱིན་པའི་ཕར་ཕྱིན་ཡིན་ན་སྦྱིན་པ་རབ་ཀྱི་མཐར་ཕྱིན་པ་ཡིན་དགོས་པར་ཐལ། ཤེར་ཕྱིན་ཡིན་ན་ཤེས་པ་རབ་ཀྱི་མཐར་ཕྱིན་པ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། འཇུག་འགྲེལ་ལས། དེ་ལ་ཕ་རོལ་ཞེས་བྱ་བ་ན། གང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང་ངོགས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། །ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནས་ཚུལ་ཁྲིམས་ལ་སོགས་པ་ནས་འཆད་པར་འགྱུར་བ་དག་ཀྱང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་དང་། དེའི་རྗེས་འབྲང་དག་ཐེག་པ་གསུམ་གྱི་ལམ་ལྔ་ཆར་ཤེར་ཕྱིན་མཚན་ཉིད་པ་ཡིན་ཅིང་། ཕྱོགས་གླང་དང་། སློབ་དཔོན་གྱི་དགོངས་པ་གཙོ་བོ་དང་ཕལ་པ་ལ་དགོངས་པ་སྟེ། བརྒྱད་སྟོང་དོན་བསྡུའི་འགྲེལ་པར། སློབ་དཔོན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་དོན་ནི་གཉིས་ཏེ། གཙོ་བོ་དང་ཕལ་པའོ། །དེ་ལ་གཙོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཕལ་པ་ནི་གཞུང་དང་ལམ་གྱི་རང་བཞིན་ནོ་ཞེས་གསུངས་པའི་ཕྱིར། གཞུང་ཤེར་ཕྱིན་ཤེས་པ་ཙམ་ཡང་མིན་པས་ཤེར་ཕྱིན་ཏུ་མི་རུང་ལ། ལམ་ཤེར་ཕྱིན་ཤེར་ཕྱིན་ཕལ་པ་ཡིན་པས་ཤེར་ཕྱིན་དུ་འགྲུབ་སྟེ། མི་ཕལ་པས་མིའི་གོ་ཆོད་པ་བཞིན་ནོ་ཟེར་རོ། །ལུགས་དང་པོ་ལ། ཤེར་ཕྱིན་ཡིན་ན་ཤེས་པ་རབ་ཀྱི་མཐར་ཕྱིན་པ་ཡིན་དགོས་པར་ཐལ། འཇུག་འགྲེལ་གྱི་ལུང་དེ་ཉིད་ཀྱི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་ལུང་དེ་ཉིད་ཀྱིས་སྦྱིན་པའི་ཕར་ཕྱིན་དང་ཤེར་ཕྱིན་གཉིས་རབ་ཀྱི་མཐར་ཕྱིན་པ་ཡིན་མིན་མཚུངས་པར་བསྟན་པ་མིན་པར་ཐལ། འཇུག་འགྲེལ་གྱི་ལུང་དེ་ཉིད་ཀྱི་བར་ཏུ་ཤེས་རབ་གཟུང་ནས་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ན་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་པའི་ཕྱིར། ལུགས་གཉིས་པ་ལ། བྲམ་ཟེའི་ཁྱེའུ་ཆོས་ཅན། སེང་གེ་ཞེས་པའི་སྒྲ་དེ་ཁྱོད་ལ་ཕལ་པའི་ཚུལ་གྱིས་མི་འཇུག་པར་ཐལ། དེ་ཁྱོད་ལ་བཏགས་མིང་དུ་འཇུག་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྣམ་འགྲེལ་ལས། ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །དངོས་དང་དེ་དང་མཚུངས་པའི་ཕྱིར། །གང་ལ་དེ་སྐད་བརྗོད་ཕལ་པ། །ཞེས་པ་དང་འགལ་ལོ། །ཡང་ལམ་ཤེར་ཕྱིན་ཤེར་ཕྱིན་ཕལ་པ་ཡིན་པ་ལ་ཤེས་བྱེད་ཅི་ཡོད། ཕལ་པ་ནི་གཞུང་དང་ལམ་གྱི་རང་བཞིན་ནོ་ཞེས་གསུངས་པའི་ཕྱིར་ཟེར་ན། གཞུང་ཤེར་ཕྱིན་དེ་ཡང་དེར་ཐལ། ལུང་དེ་ཉིད་ཀྱི་ཕྱིར། གསུམ་ཆར་ཁས་སོ། །ཐེག་ཆེན་གྱི་སྦྱོར་ལམ་དེ་ལམ་ཤེར་ཕྱིན་ཡིན་པར་ཐལ། དེ་ཤེར་ཕྱིན་ཡིན་པའི་ཕྱིར། འདོད་ན། འགྲེལ་ཆེན་ལས། མཐོང་བ་ལ་སོགས་པའི་ལམ་ལ་ཡང་ཞེས་ལམ་ཤེར་ཕྱིན་གྱི་མ་མཐའ་ས་དང་པོ་ནས་བཤད་པ་དང་འགལ་ལོ། །ཐེག་དམན་ལ་ཤེར་ཕྱིན་ཡོད་པ་ཡང་མི་འཐད་པར་ཐལ། བཤད་སྦྱར་ལས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག སློབ་ལམ་ན་ཤེར་ཕྱིན་ཡོད་པར་ཐལ། དེར་ཕར་ཕྱིན་དྲུག་ཡོད་པའི་ཕྱིར་ཞེས་དང་། དེར་ས་བཅུ་པོ་རེ་རེའི་སྐབས་སུ་ཡང་ཕྱིན་དྲུག་རེ་རེ་ལ་གཙོ་བོར་སྤྱོད་པའི་ཁྱད་པར་འཐད་པའི་ཕྱིར་ཞེས་དང་། དེར་ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཉམས་ལེན་ཡོད་པའི་ཕྱིར་ཞེས་དང་། དེར་ཕར་ཕྱིན་དང་པོ་ལྔ་སངས་རྒྱས་ཀྱི་སར་ཁྲིད་པར་བྱེད་པའི་ལམ་ཡོད་པའི་ཕྱིར་ཏེ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །ཞེས་དང་། དབུས་མཐར། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་དང་། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་དང་། སྡུད་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ནི། །དམིགས་བུ་མེད་པས་བྱང་ཆུབ་རེག་པ་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་འགྱུར་ཞིང་འདི་ཡི་མིང་འཐོབ་བོ། །ཞེས་གསུངས་པའི་ཕྱིར་ཞེ་ན། དང་པོ་ལ། སངས་རྒྱས་ཀྱི་ས་ན་རྟོགས་པ་ཡོད་པར་ཐལ། དེ་ན་འཕགས་ལམ་ཡན་ལག་བརྒྱད་ཡོད་པའི་ཕྱིར། གཉིས་པ་ལ་ཡང་དེར་ཐལ། དེར་བསམ་གཏན་དང་པོའི་དངོས་གཞི་དང་གཉིས་པའི་དངོས་གཞི་གཉིས་ལ་རྟོག་དཔྱོད་གཉེན་པོའི་ཡན་ལག་དུ་ལྡན་མི་ལྡན་གྱིས་ཁྱད་པར་ཡོད་པའི་ཕྱིར། གསུམ་པ་ལ། སློབ་ལམ་ན་རྣམ་མཁྱེན་ཡོད་པར་ཐལ། དེར་རྣམ་མཁྱེན་ཀྱི་རྣམ་པ་བརྒྱ་དང་བཅུ་ཉམས་སུ་ལེན་པའི་ཉམས་ལེན་ཡོད་པའི་ཕྱིར། བཞི་པ་ལ། སློབ་ལམ་དུ་མཆོག་གི་སྤྲུལ་སྐུ་ཡོད་པར་ཐལ། དེར་བྱང་སེམས་སྦྱོར་ལམ་པ་གནས་སྐབས་ཐེག་དམན་དུ་མི་ལྷུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པའི་ཡོངས་འཛིན་ཡོད་པའི་ཕྱིར། རང་ལུགས་འོག་ཏུ་ཤེས་སོ། །གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག ཤེར་ཕྱིན་གྱི་མཚན་ཉིད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གང་ཞིག སྲིད་ཞིའི་ཕ་རོལ་ཏུ་སོན་པའམ་སོན་བྱེད་གང་རུང་ཞེས་དང་། ཁ་ཅིག དེ་གང་ཞིག སྲིད་ཞིའི་ཕ་རོལ་ཏུ་སོན་པ་མཐར་ཐུག་པའི་ཡེ་ཤེས་ཞེས་ཟེར་ན། དང་པོ་ནི། སློབ་ལམ་ན་ཤེར་ཕྱིན་ཡོད་པའི་ལུགས་ཡིན་པས་བཀག་ཟིན་ལ། གཉིས་པ་ཡང་མི་འཐད་དེ། བློ་དང་ཡེ་ཤེས་ལ་ཟློས་སྐྱོན་ཡོད་པའི་ཕྱིར་དང་། མཐར་ཐུག་ལ་རྣམ་བཅད་མེད་པའི་ཕྱིར་རོ། །གཉིས་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེར་ཕྱིན་ནི་དངོས་བརྟགས་མ་ཕྱེ་བའི་དབང་དུ་བྱས་པ་ཡིན་ཏེ། མངོན་པར་རྟོགས་པ་བརྒྱད་ཀ་འདིའི་སྐབས་ཀྱི་ཤེར་ཕྱིན་ཡིན་པའི་ཕྱིར་ཏེ། མངོན་པར་རྟོགས་པ་བརྒྱད་ཆར་ཡུམ་དེ་ལ་ཕྱག་འཚལ་ཞེས་པའི་སྐབས་ཀྱི་ཡུམ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུམ་དེ་ལ་མཁྱེན་པ་གསུམ་གྱི་སྒོ་ནས་བསྟོད་ཅིང་། དེ་ཉིད་མངོན་པར་རྟོགས་པ་བརྒྱད་ཀྱི་སྒོ་ནས་བཤད་ཅེས་འགྲེལ་པའི་ཕྱིར། སྤྱིར་ཡུམ་དང་ཤེར་ཕྱིན་གཅིག་པ་ནི་མིན་ཏེ། སྔ་མ་རང་སྲས་འཕགས་པའི་བཞེད་དོན་སྒྲུབ་པ་དང་། བསྐྱེད་པའི་ཆ་ནས་སློབ་ལམ་ན་ཡང་མཚན་ཉིད་པ་ཡོད་ཅིང་། ཕྱི་མ་ནི་རབ་ཀྱི་མཐར་ཕྱིན་པའི་ཆ་ནས་འཇོག་པས་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པའི་ཕྱིར། དེ་གཉིས་སྒྲ་འཇུག་པའི་གཞི་ནི་གཅིག་སྟེ། གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཆར་ལ་ཡང་དེ་གཉིས་ཆར་གྱི་སྒྲ་འཇུག་པའི་ཕྱིར། དེས་ན། སྐབས་འདིའི་ཤེར་ཕྱིན་ལ་ཤེར་ཕྱིན་མཚན་ཉིད་པ་དང་བཏགས་པ་བ་གཉིས་ལས། དང་པོ་ནི། རྣམ་མཁྱེན་དང་འབྲས་བུ་ཆོས་སྐུས་བསྡུས་པའི་མངོན་པར་རྟོགས་པ་རྣམས་ཡིན་ལ། ཕྱི་མ་ནི་མངོན་པར་རྟོགས་པ་གཞན་དྲུག་དང་གཞུང་ཤེར་ཕྱིན་ནོ། །དེ་གཉིས་ལ་འདོགས་པའི་རྒྱུ་མཚན་ནི། སྔ་མ་ནི་ཤེར་ཕྱིན་ཐོབ་བྱེད་ཀྱི་རྒྱུ་དང་། ཕྱི་མ་ནི་དེ་བརྗོད་བྱར་སྟོན་པའི་ཕྱིར་ཏེ། བཏགས་པའི་དགོས་པ་ནི་ཤེར་ཕྱིན་དོན་དུ་གཉེར་བས་སྔ་མ་ཉམས་སུ་ལེན་པ་དང་། ཕྱི་མ་ལ་ཐོས་བསམ་བྱེད་དགོས་པ་ཤེས་པའི་ཆེད་ཡོད་པའི་ཕྱིར། དངོས་ལ་གནོད་བྱེད་ནི་མཚན་ཉིད་མ་ཚང་བའི་ཕྱིར། ཚོགས་སྦྱོར་གྱི་གནས་སྐབས་ཀྱི་རྣམ་རྫོགས་སྦྱོར་བ་སོགས་ནི་ཤེར་ཕྱིན་བཏགས་པ་བ་ཡིན་ཡང་ལམ་ཤེར་ཕྱིན་དུ་མི་བཞེད་དོ། །དེས་ན་ཤེར་ཕྱིན་གྱི་མཚན་ཉིད། ཆོས་རབ་རྣམ་འབྱེད་ཀྱི་བློ་གང་ཞིག སྲིད་བཞིའི་ཕ་རོལ་ཏུ་སོན་པ་སྟེ། འགྲེལ་ཆེན་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་། མཐོང་བ་ལ་སོགས་པ་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལས་དེ་སྒྲ་ཡིན། །ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་དེ་དང་འབྲེལ་བ་གཟུགས་ཅན་དང་བྲལ་བ་རྣམ་པ་གསུམ་ཀ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཞེས་ངེས་པར་གཟུང་བ་སྟེ། གཙོ་བོ་ལས་དབང་དུ་བྱས་པའོ། །དེ་རྣམས་ཉིད་ཀྱིས་ནི་མིན་ཏེ། འདི་མེད་ན་མི་འབྱུང་བས་བྱང་ཆུབ་གསུམ་ཀའི་དབང་དུ་བྱས་པའི་ཕྱིར་ཞེས་གསུངས་པའི་ཕྱིར། གསུམ་པ་ནི་ཁ་ཅིག བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཡིན་པའི་ཕྱིར་ཞེ་ན། སྙིང་རྗེའི་སྟོབས་ཀྱིས་ཞི་མཐའ་གནོན་ནུས་ཀྱི་གཞི་ཤེས་ཡིན་ན་ཞི་བ་མཐར་ཐུག་ཐོབ་པས་ཁྱབ་པར་ཐལ། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཡིན་ན། སྲིད་གཞིའི་ཕ་རོལ་ཏུ་སོན་པས་ཁྱབ་པའི་ཕྱིར། འདོད་ན། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མྱང་འདས་མཐར་ཐུག་ཐོབ་པར་ཐལ་ལོ། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཅེས་པའི་སྐབས་སུ། མཁྱེན་གསུམ་གྱི་ས་མཚམས་ལ་དཔྱད་པ་དང་། མཚན་ཉིད་ལ་དཔྱད་པ་གཉིས། དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ། སློབ་ལམ་ན་རྣམ་མཁྱེན་ཡོད་པ་དགག ཚོགས་སྦྱོར་ན་ལམ་ཤེས་ཡོད་པ་དགག མཁྱེན་གསུམ་གང་ཟག་སོ་སོ་ལ་འཇོག་པ་དགག སངས་རྒྱས་ཀྱི་སར་མཁྱེན་གསུམ་འཇོག་ཚུལ་གཞན་དགག་པ་དང་བཞིའོ། །དང་པོ་ནི། ཁ་ཅིག་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། རྣམ་མཁྱེན་ཡིན་ཏེ། རྣམ་པ་རང་བཞིན་མེད་པར་མངོན་སུམ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཡང་ཐེག་ཆེན་མཐོང་ལམ་པའི་རྒྱུད་ལ་རྣམ་མཁྱེན་ཡོད་པར་ཐལ། ཐེག་ཆེན་མཐོང་ལམ་པ་དེས་རང་རྣམ་མཁྱེན་ལ་གནས་ནས་གདུལ་བྱ་གཞན་དེ་ལ་དགོད་པར་མཛད་པའི་ཕྱིར་ཏེ། ཐེག་ཆེན་མཐོང་ལམ་གྱི་རྣམ་པ་འཆད་པའི་སྐབས་སུ། རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་། ཞེས་གསུངས་པའི་ཕྱིར་ཞེས་ཟེར་ན། རིམ་བཞིན་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། འཁྲུལ་ཤེས་སུ་ཐལ། འཁྲུལ་པ་རང་བཞིན་མེད་པར་མངོན་སུམ་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་གྱི་གནས་སྐབས་ན་སྒྲིབ་པའི་བག་ལ་ཉལ་མ་ལུས་པར་འཇོམས་པ་ཡོད་པར་ཐལ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་གནས་སྐབས་སུ་བག་ལ་ཉལ་ཀུན་འཇོམས་པ་དང་། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཁ་ཅིག ལམ་ཤེས་ཀྱི་མ་མཐའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་འབྲིང་ནས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ལ་གནས་པའི་བྱང་སེམས་དེ་ལམ་ཤེས་དངོས་སུ་སྐྱེ་རུང་གི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། དེར་ཐལ། གེགས་ང་རྒྱལ་མངོན་གྱུར་བ་དང་བྲལ། མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རྒྱུ་རང་བཞིན་གནས་རིགས་དང་ལྡན་པའི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར། མ་ཁྱབ་ན། ལམ་ཤེས་ཀྱི་ཡན་ལག་དང་པོ་གསུམ་ལམ་ཤེས་དངོས་སུ་སྐྱེ་བའི་ཡན་ལག་མིན་པར་ལམ་ཤེས་སྐྱེ་རུང་ཙམ་གྱི་ཡན་ལག་ཏུ་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་ཐལ། ལམ་ཤེས་སྐྱེ་རུང་གི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ས་གཉིས་པའི་བྱང་སེམས་ཆོས་ཅན། རྣམ་མཁྱེན་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཏུ་ཐལ། འགལ་རྐྱེན་མཐོང་སྤངས་ཀྱི་སྒྲིབ་པ་དང་བྲལ། མཐུན་རྐྱེན་རྣམ་པར་མི་རྟོགས་པའི་ཡེ་ཤེས་སྐྱེས། རྒྱུ་རང་བཞིན་གནས་རིགས་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་ལམ་ཤེས་ཀྱི་སྦྱོར་བ་ཡིན་ན་ལམ་ཤེས་ཡིན་དགོས་པར་ཐལ། ཐེག་ཆེན་གྱི་ཚོགས་ལམ་ན་ལམ་ཤེས་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ན་ལམ་ཤེས་ཡོད་པར་ཐལ། དེ་ན་ལམ་ཤེས་ཀྱི་སྦྱོར་བ་ཡོད་པའི་ཕྱིར། ཁ་ཅིག ཐེག་ཆེན་ཚོགས་ལམ་ཆུང་ངུ་ན་ལམ་ཤེས་ཡོད་དོ་ཞེ་ན། ཐེག་ཆེན་གྱི་ཚོགས་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཏུ་ཐལ། ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་ཐེག་ཆེན་གྱི་ཚོགས་ལམ་ན་ལམ་གསུམ་རྟོག་བྲལ་མ་འཁྲུལ་པའི་ཚུལ་གྱིས་རྟོགས་པའི་མཁྱེན་པ་ཡོད་པར་ཐལ། དེར་ལམ་ཤེས་ཡོད་པའི་ཕྱིར། ཁྱབ་སྟེ། སློབ་དཔོན་གྱི་འགྲེལ་ཆེན་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་བཀའ་བ་ཡིན། །ཞེས་པའི་ལུང་ཁུངས་སུ་མཛད་ནས། ལམ་ཤེས་ཡིན་ན་ལམ་གསུམ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་ཤེས་དགོས་པར་གསུངས་པའི་ཕྱིར། གསུམ་པ་ལ་བུ་དགེ་གཉིས་ན་རེ། གཞི་ཤེས་ཡིན་ན་ཐེག་དམན་གྱི་མཁྱེན་པ་ཡིན་པས་ཁྱབ། ལམ་ཤེས་ཡིན་ན་བྱང་སེམས་ཀྱི་མཁྱེན་པ་ཡིན་པས་ཁྱབ། རྣམ་མཁྱེན་ཡིན་ན་སངས་རྒྱས་ཀྱི་མཁྱེན་པ་ཡིན་པས་ཁྱབ་སྟེ། མཆོད་བརྗོད་ཀྱི་སྐབས་སུ། མཁྱེན་གསུམ་གྱི་རྟེན་གྱི་གང་ཟག་སོ་སོར་གསུངས་པ་དང་། ལུས་རྣམ་གཞག་ཏུ། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་དང་། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་དང་། ཉན་ཐོས་ལ་སོགས་མཐོང་བའི་ལམ། །ཞེས་དང་། མདོ་ལས་ཀྱང་། ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་སོགས་གསུངས་པའི་ཕྱིར། གཞན་དུ་ན། རྣམ་མཁྱེན་ཆོས་ཅན། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཐལ་བ་དང་། ཡང་དག་མཐའ་མངོན་དུ་མ་བྱས་པར་ཐལ། ལམ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་དང་། དེ་ཁོ་ན་ཉིད་མངོན་སུམ་མི་བྱེད་པའི་རྟེན་ཅན་ཞེས་དང་། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་ཞེས་གསུངས་པའི་ཕྱིར་ཟེར། འོ་ན་བྱང་ཕྱོགས་སོ་བདུན་པོ་དེ་ཉན་ཐོས་ཁོ་ནའི་རྟོགས་པ་དང་། གཉེན་པོའི་ལམ་ལ་སོགས་པ་སོ་བཞི་པོ་དེ་བྱང་སེམས་ཁོ་ནའི་རྟོགས་པ་ཡིན་པར་ཐལ། སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་གསུངས་པའི་ཕྱིར། ཉན་ཐོས་དགྲ་བཅོམ་པའི་མངོན་པར་རྟོགས་པ་ཆོས་ཅན། ཉན་རང་གི་རིགས་ཅན་ཉེར་ཞི་གཉིས་སུ་ཁྲིད་པར་བྱེད་པ་ཡིན་པར་ཐལ། གཞི་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། མྱ་ངན་ལས་འདའ་བར་འདོད་པ་རྣམས་གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱི་ཕུང་པོ་དང་བཅས་པ་དང་། ཕུང་པོ་མེད་པའི་ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་གཞི་ཤེས་ཡིན་ན་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་དགོས་པར་ཐལ། དེ་ཡིན་ན་ཐེག་དམན་གྱི་རྒྱུད་ཀྱི་གཞི་ཤེས་ཡིན་དགོས་པའི་ཕྱིར། འདོད་ན། ཚུ་རོལ་ཕ་རོལ་ཞེས་པ་འདི་གཞི་ཤེས་སྟོན་བྱེད་མིན་པར་ཐལ་ལོ། །བཞི་པ་ལ། ལོ་ཆེན་ན་རེ། གང་ཟག་སོ་སོའི་རྒྱུད་ཀྱི་མཁྱེན་གསུམ་ཐ་དད་ཡིན་པ་ལ་རྩོད་པ་མེད་ཅིང་། སངས་རྒྱས་སའི་མཁྱེན་པ་གསུམ་པོ་དེ་ཡང་ངོ་བོ་ཐ་དད་ཡིན་ཏེ། སངས་རྒྱས་སའི་གཞི་ཤེས་དེས་གཞི་ཁོ་ན་ཤེས་ལམ་དང་རྣམ་པར་མི་ཤེས། སངས་རྒྱས་སའི་ལམ་ཤེས་དེས་གཞི་དང་རྣམ་པར་མི་ཤེས་ཞེས་ཟེར། དེ་ལ་ཨར་ལ་སོགས་པ་རྣམས་ན་རེ། རྣམ་མཁྱེན་དེས་གཞི་ཤེས་སམ་མི་ཤེས་ཤེས་ན་གཞི་ཤེས་སུ་འགྱུར། མི་ཤེས་ན་དེ་ཆོས་ཅན། བརྟེན་པ་རྣམ་པ་མི་ཤེས་པར་ཐལ། རྟེན་གཞི་མི་ཤེས་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་འབྱེད་པ་མིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་པ་དང་འགལ། སངས་རྒྱས་སའི་གཞི་ཤེས་དེ་རྟོག་པ་ཡིན་ནམ་རྟོག་མེད་ཡིན། དང་པོ་ལྟར་ན་མི་འཐད་དེ། དེས་རྟོག་པ་ཟད་པར་སྤངས་པའི་ཕྱིར། ཕྱི་མ་ལྟར་ན། རྟོག་མེད་འཁྲུལ་ཤེས་ཡིན་ནམ། མ་འཁྲུལ་ཤེས་ཡིན། དང་པོ་མི་འཐད་དེ། དེས་འཁྲུལ་པའི་དྲི་མ་ཟད་པར་སྤངས་པའི་ཕྱིར། ཕྱི་མ་ལྟར་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། གཞི་དང་བདག་གཅིག་ཏུ་གྱུར་པའི་ལམ་དང་རྣམ་པ་སྣང་བར་ཐལ། གཞི་ལ་སྒྲུབ་པས་འཇུག་པའི་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དོན་གྱི་རང་བཞིན་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་གཞན་གྱི་བརྟག་བྱ་གང་། །ཞེས་གསུངས་པའི་ཕྱིར། འདོད་ན། གཞི་དང་བདག་གཅིག་པའི་ལམ་དང་རྣམ་པར་ཤེས་པར་ཐལ། དེ་སྣང་བའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། སྣང་ཡང་མི་ངེས་པའི་ཕྱིར་རོ་ཟེར་ན། རྟགས་མ་གྲུབ་སྟེ། སངས་རྒྱས་ལ་རང་ཡུལ་སྣང་ལ་མ་ངེས་པའི་བློ་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། ཞེས་པའི་སྐྱོན་བརྗོད་པར་མཛད་དོ། །དེ་ལ་སྐྱོན་སྤོང་བར་མཛད་པ་ཁ་ཅིག སངས་རྒྱས་འཕགས་པ་དེ་ཉན་ཐོས་སུ་ཐལ། དེས་གང་ཟག་གི་བདག་མེད་མངོན་སུམ་རྟོགས་པའི་ཕྱིར། མ་ཁྱབ་ན། རྣམ་མཁྱེན་གྱིས་གཞི་ཤེས་ན། དེ་གཞི་ཤེས་ཡིན་པས་ཁྱབ་པ་བུད་ཟེར། སངས་རྒྱས་འཕགས་པའི་མཁྱེན་པ་ཡིན་ན་གཞི་ཤེས་མིན་དགོས་པར་ཐལ། དེ་ཡིན་ན་ཉན་ཐོས་མིན་དགོས་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཀྱི་སར་མཁྱེན་པ་གསུམ་ཀ་ཡོད་དེ། ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་དང་། དེའི་འགྲེལ་པར། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སློབ་ལམ་དུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་ཉམས་སུ་བླངས་པ་ལ་བརྟེན་ནས་མི་སློབ་ལམ་གྱི་གནས་སྐབས་སུ་མཁྱེན་གསུམ་གྱི་རྟོགས་པ་མཐར་ཐུག་པ་ཐོབ་པ་ཡིན་པའི་ཕྱིར། མཁྱེན་གསུམ་ངོ་བོ་གཅིག་ཡིན་ཏེ། བྱང་སེམས་འཕགས་པའི་མཁྱེན་པ་ངོ་བོ་གཅིག་ཉིད་ལ་ཡུལ་གྱི་སྒོ་ནས་གཞི་ཤེས་དང་། ལམ་ཤེས་གཉིས་སུ་ཕྱེ་བ་ཡིན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་ཡུལ་གྱི་སྒོ་ནས་མཁྱེན་པ་གསུམ་དུ་ཕྱེ་བ་ཡིན་པའི་ཕྱིར། གསུམ་པ་ལ། ཁ་ཅིག སངས་རྒྱས་ཀྱི་ས་ན་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡོད་པར་ཐལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ལམ་རྣམས་དང་ཞེས་གསུངས་པའི་ཕྱིར། ཁྱབ་པ་ནི་གོང་གི་ལུང་གི་སྒྲུབ་བྱེད་ལ་ཁས་བླངས། ཡང་རྣམ་མཁྱེན་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་ཡིན་པར་ཐལ། གཞི་ཤེས་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཕྱིར་ཞེ་ན། དང་པོ་ལ་གཞི་ཤེས་ཡིན་ན། མཁྱེན་གསུམ་གང་རུང་ཡིན་པས་མ་ཁྱབ་པར་ཐལ། དྲན་པ་ཉེར་གཞག་ཡིན་ན། དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་ཡིན་པས་མ་ཁྱབ་པའི་ཕྱིར། གཉིས་པ་ལ། སངས་རྒྱས་སའི་བྱང་ཕྱོགས་སོ་བདུན་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་མིན་པར་ཐལ། རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཕྱིར། གཉིས་པ་མཚན་ཉིད་ལ་དགག་གཞག་གཉིས། དང་པོ་ནི། ལོ་ཆེན་གྱི་བཞེད་པ་ལ། རྣམ་མཁྱེན། ལམ་ཤེས། གཞི་ཤེས་གསུམ་གྱི་མཚན་ཉིད་རིམ་བཞིན། དམིགས་པ་ཤེས་པ་དང་ཤེས་བྱ་མ་ལུས་པ་རྣམ་པ་རང་སྤྱིའི་མཚན་ཉིད་མཐའ་དག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་། དམིགས་པ་ལམ་གསུམ་ཡུལ་དང་བཅས་པ་རྣམ་པ་ཆོས་ཀྱི་བདག་མེད་པ་ཁོ་ནར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། དམིགས་པ་བཞིའི་རིགས་མ་ལུས་པ། རྣམ་པ་སྤྱིའི་མཚན་ཉིད་གང་ཟག་གི་བདག་མེད་པ་ཁོ་ནར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཞེས་ཟེར། འོ་ན་སངས་རྒྱས་སའི་བྱང་ཕྱོགས་སོ་བདུན་ཆོས་ཅན། མཚན་ཉིད་དེར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་སའི་གཞི་ཤེས་དེ་ཡང་རྣམ་མཁྱེན་གྱི་མཚན་ཉིད་དུ་ཐལ་ལོ། །འདོད་ན། ཁས་བླངས་དང་འགལ་ལོ། །རྩ་རྟགས་མ་གྲུབ་ན་དེར་ཐལ། རྣམ་མཁྱེན་གྱི་རྣམ་པ་དེ་ལ་བརྒྱ་དང་བཅུ་ཡོད་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ཀྱི་ལམ་ཤེས་པ་ཆོས་ཅན། དེར་ཐལ། ལམ་ཤེས་ཡིན་པའི་ཕྱིར། གཞི་ཤེས་ཆོས་ཅན། དེར་ཐལ། གཞི་ཤེས་ཡིན་པའི་ཕྱིར། གཉིས་ཀར་འདོད་ན། གཉིས་ཀ་ཆོས་ཅན། རྣམ་པ་མངོན་སུམ་རྟོགས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན་ཁས་བླངས་དང་འགལ་ལོ། །བུ་ན་རེ། དེ་གསུམ་གྱི་མཚན་ཉིད་རིམ་བཞིན་ཏེ། རྣམ་པ་སྐྱེ་མེད་དུ་མངོན་སུམ་རྟོགས་པའི་དོན་གཉིས་མཐར་ཐུག་པ། ལམ་གསུམ་རང་བཞིན་མེད་པར་མངོན་སུམ་རྟོགས་ཤིང་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་པར་གཞན་དོན་བྱེད་པ། གཞི་བདག་མེད་པར་མངོན་སུམ་དུ་རྟོགས་ཤིང་སྤངས་རྟོགས་ཉི་ཚེ་བར་གྱུར་པ་ཞེས་བཞག་ནས། འབྲས་བུ་ཆོས་སྐུ་ཆོས་ཅན། རྣམ་མཁྱེན་དུ་ཐལ། དེའི་མཚན་ཉིད་དེའི་ཕྱིར། ཞེས་དང་། སྦྱོར་གཞི་དང་གཉེན་པོ་གཞི་ཤེས་ཆོས་ཅན། ལམ་ཤེས་སུ་ཐལ། མཚན་ཉིད་དེའི་ཕྱིར། ཞེས་པ་ལ་ནི་འདོད་ལན་འདེབས་པ་ཡིན་གསུང་ངོ་། །མི་འཐད་དེ། འབྲས་བུ་ཆོས་སྐུ་ཆོས་ཅན། རྣམ་མཁྱེན་མིན་པར་ཐལ། ཁྱོད་དང་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར། སྦྱོར་གཞི་དེ་ལམ་ཤེས་མིན་པར་ཐལ། རྣམ་རྫོགས་སྦྱོར་བ་ལམ་ཤེས་མིན་པའི་ཕྱིར། ཉན་ཐོས་འཕགས་པ་ཆོས་ཅན། གཞི་ཤེས་སུ་ཐལ། དེའི་མཚན་ཉིད་དེའི་ཕྱིར། གལ་ཏེ་མཚན་ཉིད་རྣམས་ལ་མཁྱེན་པ་སྦྱོར་བའི་དབང་དུ་བྱས་པ་ཡིན་ཟེར་ན་ཡང་། མཁྱེན་གསུམ་གང་ཟག་སོ་སོ་ལ་འཇོག་པ་བཀག་ཟིན་ཏོ། །དར་ཊཱིཀ་པ་ན་རེ། སེམས་བསྐྱེད་ལ་སོགས་པ་ཆོས་བཅུ་མངོན་སུམ་མ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་རྣམ་མཁྱེན་གྱི་མཚན་ཉིད་ཡིན་ལ། ཁ་ཅིག བདེན་གཉིས་ཀྱི་རྣམ་པ་མ་ལུས་པར་མཁྱེན་པའི་ཡེ་ཤེས་རྣམ་མཁྱེན་གྱི་མཚན་ཉིད་དུ་འདོད་པ་ནི་མི་འཐད་དེ། རང་གི་ཐོབ་བྱ་རྣམ་མཁྱེན་གྱི་རྟོགས་བྱའི་ཡུལ་བསྟན་པས་ཐེག་ཆེན་གྱི་ལམ་གྱི་ལུས་མ་ལུས་པ་བློ་ཡུལ་དུ་འཆར་ནུས་པ་ཞིག་དགོས་པའི་ཕྱིར། ཡང་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་སྐྱེས་བུའི་མངོན་པར་རྟོགས་པ་དེ་ལམ་ཤེས་ཀྱི་མཚན་ཉིད། ཁ་ཅིག་ལམ་གསུམ་རང་བཞིན་མེད་པར་མངོན་སུམ་རྟོགས་པའི་ཡེ་ཤེས་ལམ་ཤེས་ཀྱི་མཚན་ཉིད་དུ་འཇོག་པ་མི་འཐད་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དེས་བདེན་གཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་མ་རྟོགས་པར་ཐལ། དེས་ལམ་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་གཞི་ཤེས་དེ་ས་དང་པོ་ནས་སྐྱེ་བ་མིན་པར་ཐལ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་བྱང་ཆུབ་སེམས་དཔས་ལམ་ཤེས་གསུམ་གྱི་དང་པོ་སྒོམ་པ་དོན་མེད་པའི་ཕྱིར། གལ་ཏེ་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་རྟོགས་པའི་ལམ་ཤེས་དེས་ལམ་གསུམ་རང་བཞིན་མེད་པར་མངོན་སུམ་རྟོགས་ན། སློབ་ལམ་ན་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་ཡོད་པར་ཐལ་བ་དང་། སློབ་ལམ་ན་མཉམ་རྗེས་ངོ་བོ་གཅིག་པ་ཡོད་པར་ཐལ་ལོ། །ཡང་ལམ་ཤེས་ལ་ཞི་མཐའ་གནོན་ནུས་པའི་སྙིང་རྗེ་ཆེན་པོ་ལམ་ཤེས་ཀྱིས་བསྡུས་པ་མེད་པར་ཐལ། ལམ་ཤེས་མིན་ན་ལམ་གསུམ་རང་བཞིན་མེད་པར་རྟོགས་པས་ཁྱབ་པའི་ཕྱིར། ཡང་རྟགས་དེ་ལ་ཁྱབ་པ་མེད་པར་ཐལ། བྱང་འཕགས་ཀྱི་རྒྱུད་ཀྱི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལ་ཡང་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མེད་པའི་ཕྱིར། ཡང་གཞི་གང་ཟག་གི་བདག་མེད་པར་མངོན་སུམ་རྟོགས་པའི་ཡེ་ཤེས་གང་ཞིག་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ་གཞི་ཤེས་ཀྱི་མཚན་ཉིད་ཡིན་ལ། ཁ་ཅིག གཞི་བདེན་སྟོང་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གཉེན་པོ་གཞི་ཤེས་ཀྱི་ཐ་སྙད་བྱེད་པ་ནི། སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གང་ལས་ཀྱང་མ་བཤད་པས་མི་འཐད་དོ་ཞེས་སྐད་ངར་ཆེན་པོ་དང་བཅས་ཏེ་སྨྲའོ། །འོ་ན་སེམས་གཟུ་བོར་གནས་པར་གྱིས་ལ་ཉོན་ཅིག ཁྱེད་རང་གི་རྣམ་མཁྱེན་གྱི་མཚན་ཉིད་དེ་མི་འཐད་པར་ཐལ། རང་གི་ཐོབ་བྱ་རྣམ་མཁྱེན་གྱིས་རྟོགས་བྱའི་ཡུལ་བསྟན་ནས་ཐེག་ཆེན་ལམ་གྱི་ལུས་མ་ལུས་པ་བློ་ཡུལ་དུ་འཆར་ནུས་པ་ཞིག་དགོས་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། སེམས་བསྐྱེད་སོགས་ཆོས་བཅུ་ཞེས་བརྗོད་པས་ཐེག་ཆེན་ལམ་གྱི་ལུས་མ་ལུས་པ་བློ་ཡུལ་དུ་འཆར་ནུས་པའི་ཕྱིར་ཞེ་ན། སྔ་མ་ཡང་མི་འཐད་པར་ཐལ། བདེན་གཉིས་ཀྱི་རྣམ་པར་ཞེས་བརྗོད་པས་ཀྱང་དེ་ནུས་པའི་ཕྱིར། མ་གྲུབ་ན། སྔ་མའི་གཏན་ཚིགས་སྒྲུབས་ཤིག་བྱས་པས་སྔ་མའི་རྟགས་དེར་ཐལ། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་པོ་དེས་ཐེག་ཆེན་གྱི་ལམ་གྱི་ལུས་མ་ལུས་པ་བསྡུས་པའི་ཕྱིར་ཞེ་ན། ཕྱི་མ་ཡང་དེར་ཐལ། བདེན་གཉིས་ཀྱི་རྣམ་པས་ཐེག་ཆེན་ལམ་གྱི་ལུས་མ་ལུས་པ་བསྡུས་པའི་ཕྱིར། ཡང་སྔ་མའི་རྟགས་དེར་ཐལ། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་པོ་དེ་ཐེག་ཆེན་ལམ་གྱི་ལུས་ཡིན་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། ཐེག་ཆེན་སྒྲུབ་པའི་དམིགས་པ་དེ་ཐེག་ཆེན་གྱི་ལམ་མིན་པའི་ཕྱིར། རྣམ་རྟགས་མཚན་མས་བསྡུས་པའི་ཆོས་མ་ལུས་པ་དེ་མཁྱེན་པ་གསུམ་གྱི་ནང་ནས་རྣམ་མཁྱེན་གྱི་ཡུལ་དུ་བསྟན་པ་དེ་མི་འཐད་པར་ཐལ། རང་གི་ཐོབ་བྱ་རྣམ་མཁྱེན་གྱི་རྟོགས་བྱའི་ཡུལ་བསྟན་པས་ཐེག་ཆེན་ལམ་གྱི་ལུས་མ་ལུས་པ་བློ་ཡུལ་དུ་འཆར་ནུས་པ་ཞིག་དགོས་པའི་ཕྱིར། རྟགས་ཁས། འདོད་ན། རབ་འབྱོར་རྣམ་པ་གང་དག་དང་ཞེས་སོགས་དང་འགལ་ལོ། །ཡང་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དེས་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་མ་རྟོགས་པར་ཐལ། དེས་དེ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་ཕྱིར། ཁྱབ་གསལ་ཁས། མ་གྲུབ་ན། དེར་ཐལ། དེས་དེ་མི་དམིགས་པར་རྟོགས་པ་གང་ཞིག དེས་དེ་མི་དམིགས་པར་དོན་སྤྱིའི་ཚུལ་གྱིས་མ་རྟོགས་པའི་ཕྱིར། རྟགས་སྔ་མ་དེར་ཐལ། འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཞེས་གསུངས་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། གཞན་ཡང་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་ན། མི་རྟག་ལ་སོགས་བཅུ་དྲུག་རང་བཞིན་མེད་པར་མངོན་སུམ་མ་རྟོགས་པས་ཁྱབ་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དེས་མི་རྟག་ལ་སོགས་བཅུ་དྲུག་མི་དམིགས་པར་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལ་དམིགས་པའི་བྱང་སེམས་ཀྱི་སྦྱོར་ལམ་ཡིན་ན། དེ་རང་བཞིན་མེད་པར་དོན་སྤྱིའི་ཚུལ་གྱིས་མ་རྟོགས་པས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དམིགས་པའི་སྒོ་ནས་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་འཕགས་པའི་སྦྱོར་ལམ་ཡིན་ན། རྣམ་པའི་སྒོ་ནས་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་འཕགས་པའི་སྦྱོར་ལམ་མིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། ཡང་སློབ་ལམ་ན་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་ཡོད་པར་ཐལ། དེ་ན་སྦྱིན་པའི་འཁོར་གསུམ་མི་དམིགས་པར་མངོན་སུམ་རྟོགས་པའི་སྦྱིན་པའི་ཕར་ཕྱིན་ཡོད་པའི་ཕྱིར་ཏེ། འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བཤད། །ཅེས་སོ། །ཡང་སློབ་ལམ་ན་མཉམ་རྗེས་ངོ་བོ་གཅིག་པ་ཡིན་པ་ཡོད་པར་ཐལ། སློབ་ལམ་ན་སྦྱིན་པའི་ཕར་ཕྱིན་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པ་ཡོད་པའི་ཕྱིར། ཡང་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དེ་ལ་སྲིད་མཐའ་འགོག་ནུས་ཀྱི་ཤེས་རབ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱིས་བསྡུས་པ་མེད་པར་ཐལ། དེས་བདེན་སྟོང་མངོན་སུམ་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། ལམ་ཤེས་ལ་ཞི་མཐའ་འགོག་ནུས་ཀྱི་སྙིང་རྗེ་ཆེན་པོ་ཡོད་པ་དང་འགལ་ལོ། །ཡང་བྱང་འཕགས་ཀྱི་རྒྱུད་ཀྱི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དེས་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པར་ཐལ། དེས་སྟོང་ཉིད་རྟོགས་པ་གང་ཞིག དེས་སྟོང་ཉིད་མངོན་སུམ་མ་རྟོགས་པའི་ཕྱིར། རྟགས་སྔ་མ་དེར་ཐལ། འཇུག་པར། འགྲོ་བ་གཡོ་བ་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡིས། །ཞེས་གསུངས་པའི་ཕྱིར། ཡང་རང་རྒྱལ་དགྲ་བཅོམ་པའི་རྒྱུད་ཀྱི་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། གཞི་ཤེས་ཀྱི་མཚན་ཉིད་ཀྱི་ཟུར་ཕྱི་མར་ཐལ། གཞི་ཤེས་ཡིན་པའི་ཕྱིར། ལན་ཅི་སྨྲ། ཡང་གཞི་བདེན་སྟོང་སྤྲོས་བྲལ་དུ་མངོན་སུམ་རྟོགས་པའི་གཞི་ཤེས་ལ་གཉེན་པོ་གཞི་ཤེས་ཀྱི་ཐ་སྙད་འཐད་པར་ཐལ། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་པའི་མཚམས་སྦྱར་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟློག་སྟེ་གཉེན་པོ་ཡིན་པའི་ཕྱིར། ཞེས་དང་། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོ་ཕྱོགས་དག་གིས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། རྣམ་མཁྱེན་ཀྱི་མཚན་ཉིད། བདེན་གཉིས་ཀྱི་རྣམ་པ་མ་ལུས་པར་མངོན་སུམ་རྟོགས་པའི་ཡེ་ཤེས་མཐར་ཐུག ཡུལ་གྱི་སྒོ་ནས་དབྱེ་ན། ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དང་། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གཉིས། བསྟན་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པའི་རྣམ་མཁྱེན་དང་། ཤེས་བྱ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་གཉིས། དང་པོ་ནི། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པའི་སྐབས་ནས་བསྟན་པ་ལྟ་བུའོ། །ཕྱི་མ་ནི། རབ་འབྱོར་རྣམ་པ་གང་དག་དང་། །ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟ་བུའོ། །ལམ་ཤེས་ཀྱི་མཚན་ཉིད་ལམ་གསུམ་རང་བཞིན་མེད་པར་མངོན་སུམ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། དབྱེ་ན་འབྲས་བུའི་ལམ་ཤེས་དང་། རྒྱུའི་ལམ་ཤེས་གཉིས། དང་པོ་ནི། སངས་རྒྱས་འཕགས་པའི་ལམ་ཤེས་ལྟ་བུའོ། །གཉིས་པ་ནི་སྐབས་གཉིས་པར་བསྟན་པའི་ལམ་ཤེས་གསུམ་ཡོད་དོ། །གཞི་ཤེས་ཀྱི་མཚན་ཉིད་གཞི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། དབྱེ་ན་འབྲས་བུའི་གཞི་ཤེས་དང་། རྒྱུའི་གཞི་ཤེས་གཉིས། དང་པོ་ནི། སངས་རྒྱས་སའི་གཞི་ཤེས་ལྟ་བུའོ། །ཕྱི་མ་ལ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོ་གཞི་ཤེས་གཉིས། དང་པོ་ཐེག་དམན་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ལྟ་བུའོ། །གཉིས་པ་ནི། བྱང་སེམས་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ལྟ་བུའོ། །གང་དག་སངས་རྒྱས་སའི་ལམ་ཤེས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་སོགས་གསུམ་དུ་འདོད་པ་དང་། སངས་རྒྱས་སའི་གཞི་ཤེས་གཉེན་པོ་གཞི་ཤེས་སུ་འདོད་པ་དེ་དག་གིས་སྐབས་གཉིས་པ་དང་། གསུམ་པའི་བརྗོད་དོན་ངོས་མ་ཟིན་པར་ཟད་དོ། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་སྐབས་སུ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་གཞི། མཚན་ཉིད། དབྱེ་བ། ས་མཚམས་དང་བཞི། དང་པོ་ལ་འཕགས་སེང་གཉིས་ཀྱི་གཙོ་བོ་སེམས་སུ་བཞེད་དེ། ཉིར་སྣང་ལས་སེམས་བསྐྱེད་པ་ཞེས་བྱ་བ་ལ་ནི། སེམས་ནི་རྣམ་པར་རིགས་པ་སྟེ་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་དེ་ལ་སྲིད་པའི་ཕྱིར་ཞེས་དང་། དོན་གསལ་ལས། སེམས་བྱུང་མིན་པར་ཐལ། སེམས་བསྐྱེད་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་བཀོད་ནས་བདེན་མོད་ཀྱི་ཞེས་པའི་ལན་བཏབ་པའི་ཕྱིར། ཐོགས་མེད་སྐུ་མཆེད་སེམས་བྱུང་ལ་བཞེད་དེ། བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ་ཞེས་དང་། དོན་གཉིས་ལྡན་པའི་སེམས་བྱུང་བ་ཞེས་པའི་འགྲེལ་པར། དབྱིག་གཉེན་གྱིས། ཡོན་ཏན་གཅིག་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པའོ་ཞེས་སོ། །ཤཱནྟི་པས། སེམས་སེམས་བྱུང་གཉིས་ཀ་ལ་འདོད་དེ། དག་ལྡན་ལས། སེམས་བསྐྱེད་པའི་དངོས་པོ་ཞེས་བྱ་བ་ལ་སེམས་ནི་འདོད་པ་དང་ཡིད་དོ་ཞེས་སོ། །དེ་ཡང་བསྐྱེད་པར་བྱ་བས་ན་སེམས་བསྐྱེད་ཅེས་བྱ་བ་ལས་ལ་བཤད་ན་གཙོ་བོ་སེམས་དང་། སེམས་བསྐྱེད་པར་བྱས་པས་ན་སེམས་བསྐྱེད་ཅེས་བྱེད་པ་ལ་བཤད་ན། སེམས་བྱུང་ལ་འཇུག་པ་ཡིན་པས། གཉིས་ཀས་སེམས་བསྐྱེད་ཀྱི་སྒྲ་དོན་མི་འདོར་བ་ཡིན་ནོ། །དེ་ལ་ཁ་ཅིག སེམས་བྱུང་སེམས་པ་ཡིན་ན་སེམས་བསྐྱེད་མིན་དགོས་པར་ཐལ། སེམས་བྱུང་ཡིན་ན་སེམས་བསྐྱེད་མིན་དགོས་པའི་ཕྱིར། རྟགས་བདེན་མོད་ཀྱི་ཞེས་པའི་སྐབས་སུ་ཁས་བླངས། བསལ་བ་ད་ལྟ་ཁས་བླངས་ཟེར་རོ། །བསལ་བ་ད་ལྟ་ཁས་བླངས་པའི་དོན་དེ་སེམས་བྱུང་སེམས་པ་ཡིན་ན། སེམས་བསྐྱེད་མིན་དགོས་ན། སེམས་བྱུང་སེམས་པ་དེས་སེམས་བསྐྱེད་ཀྱི་སྒྲ་དོན་མི་འདོར་བ་བུད་ཅེས་འབུད་དམ། ཐོགས་མེད་སྐུ་མཆེད་ཀྱི་ལུགས་ལ་སེམས་བྱུང་སེམས་པ་ཡིན་ན་སེམས་བསྐྱེད་མིན་དགོས་པ་བུད་ཅེས་འབུད། དང་པོ་ལྟར་ན་གཞན་དོན་རྗེས་དཔག་གིས་རྗེས་དཔག་གི་སྒྲ་དོན་འདོར་བར་ཐལ། དེ་ཡིན་ན་རྗེས་དཔག་མིན་དགོས་པའི་ཕྱིར། གཉིས་པ་ལྟར་ན། དབྱིག་གཉེན་གྱི་ལུགས་ལ་མཐར་ཐུག་ཐེག་པ་གསུམ་གྲུབ་པར་སྟོན་པའི་མདོ་ཡིན་ན། ངེས་དོན་གྱི་མདོ་ཡིན་དགོས་པར་ཐལ། མཐར་ཐུག་ཐེག་པ་གསུམ་གྲུབ་པར་སྟོན་པའི་མདོ་ཡིན་ན། ངེས་དོན་གྱི་མདོ་ཡིན་དགོས་པའི་ཕྱིར། གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག གཞན་དོན་ཕུན་ཚོགས་དང་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོར་སྣང་ཞིང་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིག་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཟེར་བ་ལ། བུ་ན་རེ། སོ་སོ་སྐྱེ་བོ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་མེད་པར་ཐལ། ཁྱོད་ལ་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོ་མི་སྣང་བའི་ཕྱིར། ཞེས་བཀག་ནས་རང་ལུགས་ལ། གཙོ་བོ་རྣམ་རིག་གང་ཞིག གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བའོ། །སངས་རྒྱས་ཀྱི་སེམས་བསྐྱེད་ལ་མ་ཁྱབ་པ་མིན་ཏེ། གཞན་དོན་དུ་རྫོགས་བྱང་འདོད་པར་བྱས་ཟིན་པའི་ཕྱིར། ཞེས་གསུངས། དེ་ལ་ཁ་ཅིག ས་དང་པོའི་བྱང་སེམས་ཀྱི་རྒྱུད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཅན། ཟུར་ཕྱི་མར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཐེག་ཆེན་གྱི་དོན་དམ་སེམས་བསྐྱེད་ཡིན་པའི་ཕྱིར། མ་གྲུབ་ན་དེར་ཐལ། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པའི་ཕྱིར་ཟེར། འོ་ན་ཐེག་ཆེན་སེམས་བསྐྱེད་ཡིན་ན་སེམས་བྱུང་ཡིན་དགོས་པར་ཐལ། རྒྱན་ལས། དོན་གཉིས་ལྡན་པའི་སེམས་བྱུང་པ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག ས་དང་པོའི་དོན་དམ་སེམས་བསྐྱེད་ཆོས་ཅན། ཟུར་ཕྱི་མར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། གཞན་དོན་དང་རྫོགས་བྱང་དངོས་ཡུལ་དུ་བྱེད་པར་ཐལ་ལོ། །འདོད་ན། དེའི་རྣམ་པ་སྣང་བར་ཐལ། འདོད་ན། མཐར་ཐུག་དཔྱད་པའི་སློབ་པའི་ཡེ་ཤེས་མིན་པར་ཐལ་ལོ་ཟེར་ན། སྦྱིན་པའི་ཕར་ཕྱིན་དང་མཚུངས་པར་ལྡན་པའི་ས་དང་པོའི་དོན་དམ་སེམས་བསྐྱེད་ཆོས་ཅན། སྦྱིན་པ་དངོས་ཡུལ་དུ་བྱེད་པར་ཐལ། སྦྱིན་པའི་ཕར་ཕྱིན་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྔ་མ་བཞིན་བསྒྲེའོ། །མ་གྲུབ་ན་དེར་ཐལ་ཏེ། དེ་འདྲ་ཡོད་པའི་ཕྱིར། སྦྱིན་པའི་ཕར་ཕྱིན་དང་མཚུངས་པར་ལྡན་པའི་སྡུག་བསྔལ་ཆོས་བཟོད་ཀྱིས་བསྡུས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་ཏེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དེ་ཕར་ཕྱིན་རེ་རེའི་ནང་དུ་ཕར་ཕྱིན་ལྔ་ལྔ་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཉམས་ལེན་ཁྱད་པར་ཅན་ཡིན་པའི་ཕྱིར། ཡང་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་གཙོ་བོ་རྣམ་རིག་གཞག་པ་ལ། ཁ་ཅིག ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཡོད་པར་ཐལ། དེའི་རྒྱུད་ལ་མཚན་ཉིད་དེ་ཡོད་པའི་ཕྱིར་ཞེས་བཀག་ནས་རང་ལུགས་ལ། གཞན་དོན་དུ་རྫོགས་བྱང་ལ་མྱོང་བ་ཐོན་པའི་ཚུལ་གྱིས་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་ཟེར། འོ་ན་མྱང་བ་ཐོན་པའི་དོན་དེ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་བློ་དེ་རྒྱུན་རིང་དུ་གོམས་པ་ལ་བྱེད་དམ། བློ་དེ་ལས་སླར་ལྡོག་མི་སྲིད་པ་ལ་བྱེད། དང་པོ་ལྟར་ན། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་མ་ཐག་པའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་དེ་ཆོས་ཅན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་བློ་རྒྱུན་རིང་དུ་གོམས་པར་བྱས་པར་ཐལ། མཚན་ཉིད་དེའི་ཕྱིར་འདོད་ན། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་བློ་དེ་རྒྱུན་རིང་དུ་གོམས་པར་བྱས་པ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཡོད་པར་ཐལ་ལོ། །ཕྱི་མ་ལྟར་ན། གནས་སྐབས་ཐེག་དམན་ལམ་དུ་འཇུག་པར་ངེས་པའི་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་བློ་དེ་ལས་སླར་ལྡོག་མི་སྲིད་པར་ཐལ། མཚན་ཉིད་དེའི་ཕྱིར། སྔ་ཕྱི་གཉིས་ཀའི་རྟགས་ཁྱབ་ཁས་སོ། །འདོད་ན། དེ་འདྲའི་ཐེག་ཆེན་ཚོགས་ལམ་པ་དེ་ཐེག་དམན་ལམ་དུ་འཇུག་པ་མི་སྲིད་པར་ཐལ་ལོ། །གཞན་ཡང་ཐེག་ཆེན་སེམས་བསྐྱེད་ཡིན་ན་མྱོང་བ་ཐོན་པའི་སེམས་བསྐྱེད་ཡིན་དགོས་པར་ཐལ། དེ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། འདོད་ན། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་བློ་ཡིན་ན་གཞན་དོན་དུ་རྫོགས་བྱང་ལ་མྱོང་བ་ཐོན་པའི་ཚུལ་གྱིས་དམིགས་པའི་བློ་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་བློ་ཆོས་ཅན་དེར་ཐལ་དེའི་ཕྱིར། གསུམ་ཆར་འཁོར་གསུམ་ཁ་ཅིག ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་དཀར་པོ་ཡིད་ཀྱི་རྣམ་པར་ཤེས་པ་དེ་དེའི་མཚན་ཉིད་དུ་གཞག་པ་ལ་གཞན་དག་ན་རེ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་གཙོ་བོ་རྣམ་རིག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཀུན་རྫོབ་སེམས་བསྐྱེད་ཡིན་པར་ཐལ། འདོད་པ་གང་ཞིག་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་སློབ་པའི་ཡེ་ཤེས་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཡིན་པར་ཐལ། ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་ཟིན་པའི་ཐེག་ཆེན་གྱི་གཙོ་བོ་རྣམ་རིག་ཡིན་པའི་ཕྱིར། ལུགས་སྔ་མ་ཡང་མི་འཐད་དེ། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་མེད་པར་ཐལ། དེའི་རྒྱུད་ལ་མཚན་ཉིད་དེ་མེད་པའི་ཕྱིར་ཏེ། དེ་ཐེག་ཆེན་གྱི་ལམ་ཞུགས་སྐྱེས་བུ་མིན་པའི་ཕྱིར། རྩ་བར་འདོད་ན། འོག་ས་མཚམས་སྐབས་སུ་འཆད་དོ། །གཉིས་པ་ལ་མཚན་ཉིད་སྔར་ལྟར་གཞག་ནས། སངས་རྒྱས་ཀྱི་སར་མ་ཁྱབ་པ་ལ་བུ་སྟོན་གྱི་བཞེད་པ་ལྟར་སྐྱོན་སྤོང་བྱེད་པའམ། ཡང་ན་གཞན་དོན་དུ་རང་གཞན་གང་རུང་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིག་གོ །གསུམ་པ་ནི། ཁ་ཅིག ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དེ་ཁྱོད་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་ཡིན་པར་ཐལ། ཁྱོད་དེ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོར་རྣམ་རིག་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་འདོད་པ་ཆོས་ཅན། ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་ཤེས་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། བྱང་སེམས་སྦྱོར་ལམ་པའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། སྔར་བཞིན་བསྒྲེའོ་ཞེ་ན། ལོངས་སྐུ་ཡིན་ན་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་ཡིན་པས་མ་ཁྱབ་པར་ཐལ། དེ་ཡིན་ན་འཁོར་ངེས་པ་བྱང་སེམས་འཕགས་པ་ཁོ་ནས་བསྐོར་བས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། རེ་ཞིག་ཁས་བླངས། ཤར་ཕྱོགས་ཀྱི་ལོངས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རེ་ཞིག་ཁས་བླངས། དེ་ཆོས་ཅན། འཁོར་ངེས་པ་བྱང་སེམས་འཕགས་པ་དེ་ཁྱོད་ཀྱི་འཁོར་དུ་བྱུང་བའི་གང་ཟག་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན་འཁོར་ངེས་པ་བྱང་སེམས་འཕགས་པ་ཆོས་ཅན། དེ་མིན་པར་ཐལ། ནུབ་ཕྱོགས་ཀྱི་ལོངས་སྐུའི་འཁོར་དུ་བྱུང་བའི་བྱང་སེམས་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན་སྔ་མ་ལྟར་བསྒྲེའོ། །གསུམ་པ་དབྱེ་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རྟོགས་དཀའ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཐེག་ཆེན་སེམས་བསྐྱེད་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། མོས་པས་སྤྱོད་པ། ལྷག་བསམ་དག་པ། རྣམ་པར་སྨིན་པ། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞིའོ། །དཔེའི་སྒོ་ནས་དབྱེ་ན་ས་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉེར་གཉིས། གྲོགས་ཀྱི་སྒོ་ནས་དབྱེ་ན་འདུན་པ་དང་མཚུངས་ལྡན་ནས་ཆོས་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཀྱི་བར་ཉེར་གཉིས། ཆོས་མཐུན་གྱི་སྒོ་ནས་དབྱེ་ན་ཆོས་དཀར་པོ་ཐམས་ཅད་ཀྱི་རྟེན་བྱེད་པའི་སེམས་བསྐྱེད་སོགས་ཉེར་གཉིས། བྱེད་ལས་ཀྱི་སྒོ་ནས་དབྱེ་ན། སྨོན་འཇུག་གཉིས། ངོ་བོའི་སྒོ་ནས་དབྱེ་ན་དོན་དམ་དང་ཀུན་རྫོབ་སེམས་བསྐྱེད་གཉིས་སོ། །གཉིས་པ་ལ་སྨོན་འཇུག་གཉིས་ཀྱི་ངོ་བོ་བཤད་པ་དང་། དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་ཀྱི་ངོ་བོ་བཤད་པ་གཉིས། དང་པོ་ལ་དགག་གཞག་སྤང་གསུམ། དང་པོ་ལ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། བྱང་སེམས་སོ་སྐྱེའི་སེམས་བསྐྱེད་ཐམས་ཅད་སྨོན་པ་སེམས་བསྐྱེད་དང་། བྱང་འཕགས་ཀྱི་སེམས་བསྐྱེད་ཐམས་ཅད་འཇུག་པ་སེམས་བསྐྱེད་དུ་བཞེད་དེ། དེས་མཛད་པའི་འགྲེལ་པར། སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་ས་དང་པོ་རབ་ཏུ་དགའ་བ་ནས་བརྩམས་ཏེ་ཞེས་གསུངས་པའི་ཕྱིར། མི་འཐད་དེ། བྱང་སེམས་ཚོགས་ལམ་པའི་རྒྱུད་ལ་བྱང་སེམས་ཀྱི་སྡོམ་པས་ཟིན་པའི་སེམས་བསྐྱེད་མེད་པར་ཐལ། དེའི་རྒྱུད་ལ་འཇུག་པ་སེམས་བསྐྱེད་མེད་པའི་ཕྱིར། འདོད་ན། དེ་བྱང་སེམས་ཀྱི་སྡོམ་པའི་རྩ་ལྟུང་གི་དབང་གིས་ངན་སོང་དུ་སྐྱེ་བ་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། སྤྱོད་འཇུག་ལས། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲིས་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་པ་དང་འགལ་ལོ། །པཎྜི་ཏ་ཡེ་ཤེས་གྲགས་ན་རེ། སྨོན་སེམས་བྱང་སེམས་ཀྱི་ཚོགས་ལམ་ཁོ་ན་དང་། འཇུག་སེམས་བྱང་སེམས་ཀྱི་སྦྱོར་ལམ་ཡན་ཆད་ན་ཡོད་པར་བཞེད་དེ། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་སེམས་དག་ནི། །བཅུ་དགུ་དག་ཏུ་བཞེད་པ་ཡིན། །ཞེས་གསུངས་པའི་ཕྱིར། འོ་ན་སངས་རྒྱས་ཀྱི་ས་ན་འཇུག་སེམས་ཡོད་པར་ཐལ། དེ་ན་ཆོས་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེར་ཐེག་ཆེན་གྱི་བསླབ་པས་ཟིན་པའི་སེམས་བསྐྱེད་ཡོད་པར་འགྱུར་རོ། །ཁ་ཅིག ཆོས་བཤེས་ཀྱི་ཚིག་གསལ་ལས། ཆོ་གས་མ་བླངས་པའི་སེམས་བསྐྱེད་ཐམས་ཅད་སྨོན་སེམས་དང་། ཆོ་གས་བླངས་པའི་ཐེག་ཆེན་སེམས་བསྐྱེད་ཐམས་ཅད་འཇུག་པ་སེམས་བསྐྱེད་དུ་བཤད་པ་ཡང་མི་འཐད་དེ། སྨོན་སེམས་ལ་ཆོ་ག་མེད་པའི་ཤེས་བྱེད་མེད་པའི་ཕྱིར་དང་། སློབ་དཔོན་ནག་པོ་པས། སྨོན་འཇུག་གཉིས་ཀྱི་ཆོ་ག་སོ་སོར་བཤད་པའི་ཕྱིར་དང་། དེའི་ཕྱག་ལེན་སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ཕྱིར་ཞེས་བཀག་ནས་རང་ལུགས་ལ། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཐེག་ཆེན་སེམས་བསྐྱེད་གང་ཞིག བྱང་ཆུབ་སྒྲུབ་པའི་གྲོགས་ཀྱིས་མ་ཟིན་པ་དང་། ཟིན་པ་ཡིན་ལ། ས་མཚམས་ལ་དང་པོ་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ཁོ་ན་དང་། ཕྱི་མ་ཐེག་ཆེན་གྱི་ཚོགས་ལམ་འབྲིང་ནས་ཡོད་དེ། ལྷ་དབང་བློས་མཛད་པའི་ཤེར་ཕྱིན་གྱི་མདོའི་འགྲེལ་པར། སྨོན་པ་བྱང་ཆུབ་ཀྱི་སེམས་ནི་ས་ལྟ་བུ་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་གསེར་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཅིག་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཐེག་ཆེན་ཚོགས་ལམ་ཆུང་ངུའི་གནས་སྐབས་ན་ཐེག་ཆེན་གྱི་སྒྲུབ་པས་ཟིན་པའི་སེམས་བསྐྱེད་མེད་པར་ཐལ། དེ་ན་བྱང་ཆུབ་སྒྲུབ་པའི་བྱ་བས་ཟིན་པའི་སེམས་བསྐྱེད་མེད་པའི་ཕྱིར། འདོད་ན། དེ་ན་ཐེག་ཆེན་གྱི་སྒྲུབ་པ་མེད་པར་ཐལ་ལོ། །ཡང་བྱང་ཆུབ་སྒྲུབ་པའི་བྱ་བས་ཟིན་པའི་སྨོན་སེམས་ཡོད་པར་ཐལ། ཐེག་ཆེན་གྱི་བསླབ་པས་ཟིན་པའི་སྨོན་སེམས་ཡོད་པའི་ཕྱིར། མ་གྲུབ་ན། ཆོ་ག་ལ་བརྟེན་ནས་སྐྱེས་པའི་སྨོན་སེམས་ཡོད་པ་བུད། ཡང་སངས་རྒྱས་ས་ན་འཇུག་སེམས་ཡོད་པར་ཐལ། དེ་ན་སྤྲིན་ལྟ་བུའི་སེམས་བསྐྱེད་ཡོད་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། འབྲས་བུ་བྱང་ཆུབ་ལ་དམིགས་པའི་ཐེག་ཆེན་སེམས་བསྐྱེད་དང་། བྱང་ཆུབ་ཀྱི་ཆེད་དུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་དམིགས་པའི་ཐེག་ཆེན་སེམས་བསྐྱེད་ཡིན་ཞིང་དེ་གཉིས་འགལ་བར་བཞེད་དོ། །འོ་ན་འཇུག་སེམས་ཀྱི་མཚན་ཉིད་དེ་ཆོས་ཅན། སྨོན་སེམས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། གཞན་དོན་དུ་བྱང་ཆུབ་ལ་དམིགས་པའི་ཐེག་ཆེན་སེམས་བསྐྱེད་དེ་གཞན་དོན་ལ་དམིགས་པའི་སེམས་བསྐྱེད་ཡིན་པའི་ཕྱིར། མ་གྲུབ་ན། གཞན་དོན་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་པ་མིན་པར་ཐལ་ལོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་དམིགས་པའི་ཐེག་ཆེན་སེམས་བསྐྱེད་ཡིན་ན། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པས་ཟིན་པའི་ཐེག་ཆེན་སེམས་བསྐྱེད་ཡིན་དགོས་པར་ཐལ། འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་དེ་ཡིན་ན། འཇུག་པ་སེམས་བསྐྱེད་ཡིན་དགོས་པའི་ཕྱིར། འདོད་ན། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་དེ་ཆོས་ཅན། སྟོང་ཉིད་མངོན་སུམ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་བསྐྱེད་ཡིན་པར་ཐལ། དེ་ལ་དམིགས་པའི་སེམས་བསྐྱེད་ཡིན་པའི་ཕྱིར་ཏེ། དོན་དམ་སེམས་བསྐྱེད་ལ་དམིགས་པའི་སེམས་བསྐྱེད་ཡིན་པའི་ཕྱིར། གཞན་ཡང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་གཞུང་འདིས་སྨོན་སེམས་ཁོ་ནར་བསྟན་པར་ཐལ། སྨོན་སེམས་ཀྱི་མཚན་ཉིད་དེ་འཐད་པའི་ཕྱིར། ཁ་ཅིག ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཀྱི་ཟུར་དུ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཅེས་སྦྱོར་ན། ས་དང་པོའི་དོན་དམ་སེམས་བསྐྱེད་ཆོས་ཅན། དེར་ཐལ། འཇུག་སེམས་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་ཟིན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། འཇུག་སེམས་ཡིན་པར་ཐལ། བྱང་ཆུབ་སེམས་པའི་རྒྱུད་ཀྱི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་བསྡུས་པའི་ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར་ཏེ། བྱང་འཕགས་ཀྱི་རྒྱུད་ཀྱི་ཕར་ཕྱིན་དྲུག་པོ་གང་རུང་གིས་བསྡུས་པའི་ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར། ྎ མདོར་ན། ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གྱིས་མ་བསྡུས་པའི་བྱང་སེམས་བསླབ་པ་མེད་ཅིང་། དེས་ཟིན་པའི་སེམས་བསྐྱེད་ཐམས་ཅད་འཇུག་པ་སེམས་བསྐྱེད་དུ་འཇོག་དགོས་པས། བྱང་སེམས་ཀྱི་སྦྱོར་ལམ་ནས་ས་བཅུ་རྒྱུན་མཐའི་བར་དུ་འཇུག་པ་སེམས་བསྐྱེད་མིན་པའི་ཐེག་ཆེན་སེམས་བསྐྱེད་གཏན་ནས་མེད་པར་ཤེས་པར་བྱའོ། །དེས་ན་སྨོན་འཇུག་གཉིས་པོ་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་དབྱེ་བར་བྱེད་པ་ནི་རི་བོང་གི་ཅལ་གྱི་རྗེས་སུ་འབྲང་བའོ། །ཁ་ཅིག ཐེག་ཆེན་སེམས་བསྐྱེད་གང་ཞིག ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་མ་ཟིན་པ་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་དུ་འཇོག་ན། སངས་རྒྱས་སའི་སེམས་བསྐྱེད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རྟགས་གོང་དུ་བསྒྲུབས་ཟིན་ནོ། །གཉིས་པ་ནི། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། སོ་སྐྱེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་གང་ཞིག ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་མ་ཟིན་པ་དང་། ཐེག་ཆེན་སེམས་བསྐྱེད་གང་ཞིག ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་ཟིན་པའོ། །འདི་གཉིས་ཀྱི་ཁྱད་པར་ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་ཟིན་མ་ཟིན་གྱི་སྒོ་ནས་འཇོག་པ་ནི། གསུང་རབ་ཀྱི་དགོངས་པ་བླ་ན་མེད་པ་སྟེ་ཆོས་བཤེས་ཀྱི་ཚིགས་གསལ་ལས། དེ་ལ་སྨོན་པ་ཞེས་བྱ་བ་ནི་སྨོན་པ་ཙམ་སྟེ། སེམས་བསྐྱེད་པའི་ཆོ་གས་བླང་བ་མ་བྱས་སོ་ཞེས་དང་། བསླབ་བཏུས་ལས། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་། བྱང་ཆུབ་ཏུ་ཆས་པའི་སེམས་སོ། །ཞེས་དང་། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་དང་། སྒོམ་རིམ་ལས། དང་པོར་ཁོ་ན་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བླངས་པ་ནས་བཟུང་སྟེ། ཚོགས་གཉིས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ་ཞེས་སོ། །གསུམ་པ་ལ། འཁྲི་ཆུང་བ་ཁ་ཅིག ཐེག་ཆེན་སེམས་བསྐྱེད་གང་ཞིག ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་ཟིན་པ་ཆོས་ཅན། ཆོས་དེ་ཁྱོད་ཡིན་ན། ཆོས་དེ་ཐེག་ཆེན་འཇུག་པ་སེམས་བསྐྱེད་ཡིན་དགོས་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་འཇུག་པ་སེམས་བསྐྱེད་ཆོས་ཅན། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དེ་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཡིན་པར་ཐལ། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དེ་ཐེག་ཆེན་སེམས་བསྐྱེད་གང་ཞིག ཐེག་ཆེན་གྱི་བསླབ་པའི་གྲོགས་ཀྱིས་ཟིན་པའི་ཕྱིར། མ་གྲུབ་ན། གང་མ་གྲུབ་དྲིས་ནས། ཕྱི་མ་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བོ། །རིགས་པ་འདིས་གང་ཞིག་ཡོད་པའི་མཚན་ཉིད་ཐམས་ཅད་སུན་འབྱིན་པ་ཡིན་ཞེས་སྨྲའོ། །འོ་ན་ཁྱོད་རང་གིས་དང་པོར་གཟུང་བའི་ཆོས་ཅན་དེ་ཆོས་ཅན། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དེ་ཁྱོད་ཡིན་པར་ཐལ། དེ་ཁྱོད་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན་དུ་བཟུང་ནས། བསལ་བ་དེ་མིན་པར་ཐལ། མིན་པའི་ཕྱིར། མ་གྲུབ་ན་གང་མ་གྲུབ་དྲིས་ནས། དང་པོ་དངོས་འགལ། ཕྱི་མ་ཆོས་ཅན་གྱི་སྟེང་དུ་སྒྲུབ་བོ། །རྩ་རྟགས་མ་གྲུབ་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་འཇུག་པ་སེམས་བསྐྱེད་ཆོས་ཅན་དུ་གཟུང་ནས་རྟགས་དེར་ཐལ། དེའི་ཕྱིར། འཁོར་གསུམ། རིགས་པ་འདིས་འདི་འདྲའི་རིགས་ཅན་སྨྲ་བ་ཐམས་ཅད་སུན་འབྱིན་པ་ཡིན་ནོ། །གཉིས་པ་ལ་དགག་གཞག་གཉིས། དང་པོ་ནི། ཁ་ཅིག དོན་དམ་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཆོས་ཀྱི་བདག་མེད་མངོན་སུམ་རྟོགས་པའི་ཐེག་ཆེན་སེམས་བསྐྱེད་དང་། རགས་པ་བརྡ་ལས་བྱུང་བའི་ཐེག་ཆེན་སེམས་བསྐྱེད་ཟེར་ན། ས་གཉིས་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། དོན་དམ་སེམས་བསྐྱེད་དུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཐེག་ཆེན་སེམས་བསྐྱེད་དང་ལམ་ཤེས་ཀྱི་གཞི་མཐུན་ཡིན་པའི་ཕྱིར། ཐེག་ཆེན་གྱི་རིགས་སད་པའི་སྟོབས་ལས་བྱུང་བའི་ཐེག་ཆེན་སྨོན་པ་སེམས་བསྐྱེད་ཆོས་ཅན། དེར་ཐལ། ཀུན་རྫོབ་སེམས་བསྐྱེད་ཡིན་པའི་ཕྱིར། ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། དོན་དམ་བདེན་པ་འཛིན་སྟངས་ཀྱིས་གཙོ་བོར་བྱེད་པ་དང་མི་བྱེད་པའི་ཐེག་ཆེན་སེམས་བསྐྱེད་ཟེར་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་གཙོ་བོ་རྣམ་རིག་ཆོས་ཅན། དོན་དམ་སེམས་བསྐྱེད་དུ་ཐལ། མཚན་ཉིད་དེའི་ཕྱིར། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཀུན་རྫོབ་སེམས་བསྐྱེད་དུ་ཐལ། མཚན་ཉིད་དེའི་ཕྱིར། གཉིས་པ་ནི། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པའི་གཙོ་བོ་རྣམ་རིག་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མ་བསྡུས་པའི་ཐེག་ཆེན་སེམས་བསྐྱེད་དོ། །བཞི་པ་ས་མཚམས་ལ། དགག་གཞག་གཉིས། དང་པོ་ལ་གསུམ་སྟེ། མ་མཐའ་ལ་འཁྲུལ་པ་དགག ཡ་མཐའ་ལ་འཁྲུལ་པ་དགག བར་ལ་འཁྲུལ་པ་དགག་པའོ། །དང་པོ་ནི། ཁ་ཅིག ལམ་མ་ཞུགས་ཀྱི་གནས་སྐབས་ན་ཐེག་ཆེན་སེམས་བསྐྱེད་མེད་དེ། འདུན་ལྡན་སེམས་བསྐྱེད་ཀྱི་མ་མཐའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་གཞག་པ་དང་། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་རྒྱུད་ལ་སྐྱེས་པ་དང་ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པ་དུས་མཉམ་པའི་ཕྱིར། གཞན་དུ་ན། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཡོད་པར་འགྱུར་ཞིང་། འདོད་ན་དེ་ཐེག་ཆེན་གྱི་སྐྱེས་བུ་ཡིན་པར་འགྱུར་རོ་ཞེས་ཟེར་ཏེ། ཊཱི་ཀའི་དགོངས་པ་ཡང་འདི་ཡིན་པར་སྨྲའོ། །འོ་ན་འགྲོ་བར་འདོད་པའི་བློ་སྐྱེས་ན། འགྲོ་བའི་བྱ་བས་ཟིན་པའི་ཁྱབ་པ་ཡོད་པར་ཐལ། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་སྐྱེས་ན་ཐེག་ཆེན་གྱི་ལམ་དུ་ཞུགས་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་པའི་གཞུང་འདི་སྨོན་འཇུག་གཉིས་ཀྱི་ཁྱད་པར་འཆད་པའི་གཞུང་དུ་ཁས་བླངས་པ་དང་འགལ་ལོ། །ཡང་སྨོན་སེམས་རྒྱུད་ལྡན་གྱི་གང་ཟག་ཡིན་ན། བྱང་སེམས་ཀྱི་བསླབ་པ་ཉམས་པའི་གང་ཟག་ཡིན་དགོས་པར་ཐལ། དེ་རྒྱུད་ལྡན་གྱི་ལམ་ཞུགས་ཀྱི་གང་ཟག་ཡིན་ན་དེ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། ཊཱི་ཀ་ལས། དེ་རྒྱུད་ལྡན་གྱི་ལམ་ཞུགས་ཀྱི་གང་ཟག་གི་མཚན་གཞི་ལ་བྱང་སེམས་ཀྱི་བསླབ་པ་ལས་ཉམས་ནས་སྨོན་སེམས་རྐྱང་པ་ལ་གནས་པ་དེ་ཁོ་ན་གཟུང་བའི་ཕྱིར་རོ། །གཉིས་པ་ནི། རེད་མདའ་བ་ན་རེ། སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་མེད་དེ། དེ་ན་སྨོན་འཇུག་གང་ཡང་མེད་པའི་ཕྱིར་དང་། དེ་གཉིས་ལས་མ་གཏོགས་པའི་སེམས་བསྐྱེད་མཚན་ཉིད་པ་གཞུང་གང་ལས་ཀྱང་མ་བཤད་པའི་ཕྱིར། འདིར་སེམས་བསྐྱེད་ཐ་མ་གསུམ་སངས་རྒྱས་ཀྱི་སར་ཡོད་པར་བཤད་པ་ནི་སེམས་བསྐྱེད་དངོས་མིན་ཏེ། སེམས་བསྐྱེད་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཞེས་གསུང་ངོ་། །འོ་ན་སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤང་བའི་སེམས་བསྐྱེད་མེད་པར་ཐལ་བ་དང་། ཆོས་སྐུ་དང་མཚུངས་ལྡན་གྱི་སེམས་བསྐྱེད་མེད་པར་ཐལ། དམ་བཅའ་དེའི་ཕྱིར། སེམས་བསྐྱེད་དང་པོ་བཅུ་དགུ་པོ་དེ་ཡང་སེམས་བསྐྱེད་མིན་པར་ཐལ། དེ་སེམས་བསྐྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་སྔ་མ་དང་མཚུངས་ཏེ། འགྲེལ་ཆེན་དུ། འདིར་ངེས་པར་སོ་སོ་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ནས་དེ་བཞིན་གཤེགས་པའི་རབ་ཏུ་དབྱེ་བས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་དབྱེ་བ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཕྱྭ་པ་ན་རེ། སློབ་དཔོན་གྱིས་བསྒྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས་བསྐྱེད་པ་སངས་རྒྱས་ཀྱི་ས་ཁོ་ནར་འཇོག་པ་མི་འཐད་པར་ཐལ། བསྒྲོད་པ་གཅིག་པའི་ལམ་ས་བརྒྱད་པ་ནས་ཐོབ་པའི་ཕྱིར། སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱང་སངས་རྒྱས་ཀྱིས་ས་ཁོ་ནར་འཇོག་པ་མི་འཐད་པར་ཐལ། དེ་ས་བཅུ་པ་ནས་ཀྱང་ཐོབ་པའི་ཕྱིར་ཞེས་བཀག་ནས་རང་ལུགས་ལ། ཤེར་ཕྱིན་དང་ལྡན་པ་མན་ཆད་ས་དྲུག་པར་འཇོག་པ་མན་ཆད་སློབ་དཔོན་དང་འདྲ་ལ། བཤེས་གཉེན་ལྟ་བུ་ནས་རྒྱལ་པོ་ལྟ་བུའི་བར་ལྔ་ནི་ས་བདུན་པ་དང་། བང་མཛོད་ལྟ་བུ་སོགས་གསུམ་ནི་ས་བརྒྱད་པ་དང་། བཀོད་མའི་ཆུ་དང་སྒྲ་སྙན་ལྟ་བུ་གཉིས་ནི་ས་དགུ་པ་དང་། སྤྲིན་ལྟ་བུ་ས་བཅུ་པ་དང་སངས་རྒྱས་ཀྱི་སར་འཇོག་པ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་བྱང་སེམས་ཀྱི་སྦྱོར་ལམ་ཁོ་ནར་འཇོག་པ་མི་འཐད་པར་ཐལ། བྱང་སེམས་ཀྱི་ཚོགས་ལམ་ན་ཡང་སྦྱོར་བ་ཡོད་པའི་ཕྱིར། སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ས་དང་པོ་ཁོ་ནར་འཇོག་པ་མི་འཐད་པར་ཐལ། ས་གཉིས་པ་ན་ཡང་སྦྱིན་པའི་ཕར་ཕྱིན་ཡོད་པའི་ཕྱིར་ཞེས་སོགས་ཐམས་ཅད་ལ་རིགས་བསྒྲེས་ནས་བརྗོད་པར་བྱའོ། །གཉིས་པ་ནི། སྨོན་སེམས་ནི་གཙོ་བོར་ཐེག་ཆེན་གྱི་ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ལ་ཡོད། ལམ་དུ་ཞུགས་ནས་བསླབ་པ་ཉམས་པའི་ཚེ་ལྡན་སྲིད་པ་ཙམ་ཡིན། ཐེག་ཆེན་གྱི་འཇུག་སེམས་རྒྱུད་ལ་སྐྱེས་པ་དང་ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པ་དུས་མཉམ་ཞིང་། དེ་ནས་རྒྱུན་མཐའི་བར་དུ་ཡོད་ལ་ཚོགས་ལམ་དུ་བསླབ་པ་ཉམས་པའི་ཚེ་མི་ལྡན་པ་སྲིད་པ་ཙམ་ཡིན་ནོ། །དོན་དམ་སེམས་བསྐྱེད་ས་དང་པོ་ནས་སངས་རྒྱས་སའི་བར་ན་ཡོད། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་སྨོན་སེམས་མེད་དེ། དེ་ལྟ་བུའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ནམ་སྐྱེས་པའི་ཚེ་ན་བསླབ་པས་ཟིན་པ་ཁོ་ན་སྐྱེ་བ་ཡིན་པའི་ཕྱིར། དཔེར་ན་དགེ་སློང་གི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་སྐྱེས་པ་བཞིན་ནོ། །ཊཱི་ཀའི་དགོངས་པ་འདི་ཁོ་ན་ཡིན་ཡང་གཞན་དག་གིས་མ་རྟོགས་པར་སྣང་ངོ་། །སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་པའི་སྐབས་སུ། གདམས་ངག་གི་མཚན་གཞི། མཚན་ཉིད། ཉན་པའི་ས་མཚམས་དང་གསུམ་མོ། །དང་པོ་ལ་ཁ་ཅིག གདམས་ངག་ཡིན་ན་ངག་ཡིན་པས་མ་ཁྱབ་སྟེ། བརྗོད་བྱ་དོན་གྱི་གདམས་ངག་དེ་གདམས་ངག་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་དེ་གདམས་ངག་ཡིན་པའི་ཕྱིར་ཏེ། དེ་ཐེག་ཆེན་གྱི་སྒྲུབ་པ་ཡིན་པའི་ཕྱིར། གཞན་དུ། གདམས་ངག་སྟོན་ན་སྒྲ་བཅས་ཀྱི་སྒོ་ནས་སྟོན་དགོས་པར་ཐལ། གདམས་ངག་ཡིན་ན་ངག་ཡིན་དགོས་པའི་ཕྱིར། འདོད་ན། ཆོས་སྟོན་ན་སྒྲ་བཅས་ཀྱིས་ཆོས་སྟོན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། སྒྲ་མེད་ལུས་ཀྱི་སྒོ་ནས་ཆོས་སྟོན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མེད་ཀྱང་དེ་དེ་ལྟར་སྣང་ཞེས་པ་དང་འགལ་ལོ། །ཁ་ཅིག་ཐེག་ཆེན་ཐུན་མོང་མ་ཡིན་པའི་གདམས་ངག་ཡིན་ན། སངས་རྒྱས་ཀྱི་བཀའ་ཡིན་དགོས་ཏེ། སྐབས་འདིར་དངོས་བསྟན་གྱི་གདམས་ངག་བཅུ་པོ་གང་རུང་ཡིན་ན་སངས་རྒྱས་ཀྱི་བཀའ་ཡིན་དགོས་པའི་ཕྱིར་ཟེར་རོ། །དང་པོ་ལ། སྒྲུབ་པ་རང་གི་ངོ་བོ་ཡིན་ན། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་དགོས་པར་ཐལ། ཐེག་ཆེན་གྱི་སྒྲུབ་པ་ཡིན་ན་གདམས་ངག་ཡིན་དགོས་པའི་ཕྱིར། ཆོས་སྟོན་ན་སྒྲ་བཅས་ཀྱིས་ཆོས་སྟོན་དགོས་པར་ཐལ། ལུང་འབོགས་ན་སྒྲ་བཅས་ཀྱི་སྒོ་ནས་ལུང་འབོགས་དགོས་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་ལ། ཐེག་ཆེན་ཐུན་མོང་མིན་པའི་གདམས་ངག་ཡིན་ན། སྐབས་འདིར་དངོས་བསྟན་གྱི་གདམས་ངག་བཅུ་པོ་གང་རུང་ཡིན་དགོས་པར་ཐལ། དེ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན་མངོན་རྟོགས་རྒྱན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག སྐབས་འདིར་དངོས་བསྟན་གྱི་གདམས་ངག་བཅུ་པོ་གང་རུང་ཡིན་ན། སངས་རྒྱས་ཀྱི་བཀའ་ཡིན་མི་དགོས་ཏེ། སྒྲུབ་དང་ཞེས་པའི་རྒྱན་ཚིག་དེ་འདིར་དངོས་བསྟན་གྱི་གདམས་ངག་ཡིན་པའི་ཕྱིར་ཞེ་ན། སྒྲུབ་དང་ཞེས་པའི་རྒྱན་ཚིག་དེ་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་པར་ཐལ། སྔ་མའི་རྟགས་དེའི་ཕྱིར། འདོད་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་གཞུང་འདི་ཐེག་ཆེན་སེམས་བསྐྱེད་ཡིན་པར་ཐལ་ལོ། །དེས་ན་གདམས་ངག་ཡིན་ན་ངག་ཡིན་དགོས་ཏེ།       རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*