མཛོད་ཀྱི་བཤད་ཐབས་ངོ་མཚར་གསུམ་ལྡན། ཁ༽

།འོ་ན་རྔ་དང་དབྱུག་གུ་ལས་སྒྲ་ཇི་ལྟར་འབྱུང་ཞེ་ན། མ་རེག་པ་དེ་ཉིད་ཀྱི་ཕྱིར་སྒྲ་འབྱུང་སྟེ། རེག་པར་འགྱུར་ན་འདག་པ་ལ་འདག་པ་བསྣུན་པ་བཞིན་དུ་འབྱིང་བར་འགྱུར་བས་སྒྲ་མི་འབྱུང་ངོ་། །འོ་ན་འདུས་པའི་གོང་བུའི་རྡུལ་སོ་སོར་གནས་པས་འབྱེས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་རླུང་གིས་བཟུང་བའི་ཕྱིར་རོ། །འོ་ན་རླུང་གི་གཏོར་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། འཇིག་པའི་རླུང་ལྟ་བུར་རླུང་ཁ་ཅིག་འཇིག་པར་བྱེད་པ་དང་། འཆགས་པའི་རླུང་ལྟ་བུ་ཁ་ཅིག་འཛིན་པར་ཞུགས་པ་གཉིས་ཡོད་པ་ལས། ཕྱི་མས་བཟུང་བའི་ཕྱིར་རོ། །སློབ་དཔོན་བཙུན་པ་ན་རེ། རྡུལ་འབྱར་བའམ་རེག་པ་ནི་མེད་ཀྱི། གཡག་རྔ་དང་ནེའུ་སིང་ལྟར་བར་མེད་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ་ཞེས་གསུང་། སློབ་དཔོན་ལུགས་འདི་བཞེད་དེ། དེ་ལྟ་མ་ཡིན་པར་རྡུལ་ཕྲན་བར་དང་བཅས་ན་བར་སྟོང་པ་དེར་རྡུལ་གཞན་འགྲོ་བར་སུས་ཀྱང་འགོག་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་དབང་པོས་ཡུལ་མཉམ་པའམ་མི་མཉམ་པ་གང་འཛིན་ཞེ་ན། སྣ་ལྕེ་ལུས་གསུམ་གྱིས་ནི་རང་དང་ཕྲད་ནས་འཛིན་དགོས་པས་མཉམ་པ་ཁོ་ན་འཛིན་དགོས་ལ། མིག་གིས་ནི་ཆུང་ངུ་སྐྲ་ཡི་རྩེ་མོ་དང་། ཆེན་པོ་རི་བོ་ལ་སོགས་པ་དང་། མཉམ་པ་རྒུན་འབྲུམ་ཙམ་ལ་སོགས་པ་འཛིན་ཅིང་། རྣ་བས་ཀྱང་ཆུང་ངུ་སྦྲང་བུའི་སྒྲ་དང་། ཆེན་པོ་འབྲུག་གི་སྒྲ་དང་། མཉམ་པ་རྣ་བའི་ནང་དུ་འདྲུབ་པའི་སྒྲ་ཡིན་ལ། ཡིད་ནི་ལུས་ཅན་མ་ཡིན་པས་ཆད་ཡོངས་སུ་ཆད་པ་མེད་དོ། །ལུས་ལ་འོག་མའི་མིག་མ་ཡིན། །ཞེས་པའི་སྐབས་སུ། ལུས་རྟེན་གང་ལ་གནས་ཏེ་མིག་གིས་གཟུགས་རྣམས་ལྟ་བ་ན་ཅི་ལུས་དང་། མིག་དང་། གཟུགས་དང་། རྣམ་ཤེས་དེ་རྣམས་ས་གཅིག་པ་ཞིག་ཡིན་ནམ། འོན་ཏེ་མི་གཅིག་པ་ཡིན་ཞེ་ན། འདི་ལ་དབང་པོ་དྲུག་གི་ཆོས་བཞིའི་ངེས་པ་བརྩི་བ་དང་། གཞུང་གི་འབྲུ་ལ་སྦྱར་ཏེ་ས་མཚུངས་དངོས་དང་། ས་རེ་རེ་ལ་ལྟོས་པའི་ས་མཚུངས་ཀྱི་གྲངས་དཔྱད་པ་གསུམ་ལས་དང་པོ་ནི། མིག་དང་རྣ་བ་གཉིས་ཀྱི་རྟེན་དང་། དབང་པོ་དང་ཡུལ་གསུམ་ནི། འདོད་པ་ནས་བསམ་གཏན་བཞི་པའི་བར་གྱི་ས་ལྔ་པ་ཡིན་ལ། སྣ་ལྕེ་གཉིས་ཀྱི་རྟེན་དང་། དབང་པོ་སྔར་བཤད་པ་ལྟར་ས་ལྔ་པ་ཡིན་ཀྱང་ཡུལ་དྲི་རོ་གཉིས་པོ་ནི། འདོད་པའི་ས་པ་ཁོ་ནའོ། །ལུས་ཀྱི་ཆོས་གསུམ་ཡང་སྔར་བཤད་པ་ལྟར་ས་ལྔ་པའོ། །མིག་རྣ་ལུས་ཀྱི་དབང་པོའི་རྣམ་པར་ཤེས་པ་གསུམ་ནི་འདོད་པ་དང་། བསམ་གཏན་དང་པོའི་ས་གཉིས་པ་ཡིན་གྱི་བསམ་གཏན་གཉིས་པ་ཡན་ཆད་ན་རྟོག་དཔྱོད་མེད་པས་རང་སས་བསྡུས་པའི་དབང་ཤེས་མེད་དོ། །སྣ་ལྕེའི་རྣམ་པར་ཤེས་པ་གཉིས་ནི་འདོད་པའི་ས་པ་ཁོ་ན་ཡིན་གྱི། བསམ་གཏན་དང་པོ་ན་ཡང་མེད་དེ། ཡུལ་དྲི་རོ་གཉིས་མེད་པའི་ཕྱིར་རོ། །འོ་ན་དབང་པོ་གཉིས་ཀྱང་མེད་པར་འགྱུར་རོ་སྙམ་ན་རྟེན་མཛེས་པར་བྱ་བའི་ཕྱིར་དུ། ལས་ཀྱི་དབང་གིས་དབང་པོ་གཉིས་ཡོད་ཅེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །ཡིད་ཀྱི་རྟེན་ལུས་ནི་ས་ལྔ་པ་ཡིན་ལ་ཆོས་གཞན་གསུམ་ནི་འདོད་པ་ནས་སྲིད་རྩེའི་བར་གྱི་ས་དགུ་པ་ཡིན་ནོ། །གཉིས་པ་ནི། ས་གོང་མའི་ལུས་ལ་ས་འོག་མའི་མིག་མངོན་དུ་བྱེད་པ་མ་ཡིན་ཏེ། རང་ས་ན་མིག་མཆོག་ཏུ་གྱུར་པ་ཡོད་པས་འོག་མའི་མིག་དམན་པ་མངོན་དུ་བྱེད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེའི་ཤུགས་ཀྱིས་རང་སའི་ལུས་ལ་རང་སའི་མིག་དང་། གོང་སའི་མིག་མངོན་དུ་བྱེད་པར་རུང་བར་བསྟན་པས་འདོད་པའི་མིག་ས་གཅིག་གི་རྟེན་ཅན་ཡིན་པ་ནས། བཞི་པའི་མིག་ས་ལྔ་པའི་རྟེན་ཅན་གྱི་བར་དུ་སྦྱར་བར་བྱའོ། །ས་འོག་མའི་མིག་གིས་གོང་མའི་གཟུགས་མཐོང་བ་མ་ཡིན་ཏེ། དམན་པའི་ཡུལ་མཆོག་མ་ཡིན་པའི་ཕྱིར་རོ། །དེའི་ཤུགས་ཀྱིས་རང་ས་དང་འོག་སའི་གཟུགས་མཐོང་བས་འདོད་པའི་མིག་གིས་ཡུལ་ས་གཅིག་ནས་བསམ་གཏན་བཞི་པའི་མིག་གིས་ཡུལ་ས་ལྔ་པའི་བར་དུ་སྦྱར་བར་བྱའོ། །རྣམ་པར་ཤེས་པའང་ཞེས་པ་ནི། ལུས་ལ་འོག་མའི་མིག་མ་ཡིན། །ཞེས་པའི་ཚབ་ཏུ། མིག་ལ་གོང་མའི་ཤེས་མ་ཡིན། །ཞེས་སྦྱར་ཏེ། སེང་གེའི་འོ་མ་རྫ་ལ་མི་ཆགས་པ་ལྟར་རྟེན་དམན་པ་འོག་མའི་མིག་ལ་བརྟེན་པ་ཁྱད་པར་ཅན་གོང་མའི་རྣམ་པར་ཤེས་པ་བརྟེན་དུ་མི་རུང་བས། འདོད་པ་དང་བསམ་གཏན་དང་པོར་རང་སའི་མིག་ལ་རང་སའི་རྣམ་ཤེས་བརྟེན་ལ། གཉིས་པ་ཡན་ཆད་ལ་གོང་མའི་མིག་ལ་འོག་ས་བསམ་གཏན་དང་པོའི་རྣམ་ཤེས་མངོན་དུ་བྱེད་དགོས་ཏེ། འོག་མའི་མིག་ལ་མི་བརྟེན་ཅིང་། རང་ས་ན་མིག་གི་རྣམ་ཤེས་མེད་པས་སོ། །འོན་ཀྱང་གོང་མ་བསམ་གཏན་བཞི་ན་འོག་མ་འདོད་པའི་རྣམ་ཤེས་མངོན་དུ་མི་བྱེད་དེ། བསམ་གཏན་དང་པོ་ན་མཆོག་ཡོད་པས་སོ། །བསམ་གཏན་དང་པོའི་མིག་གི་རྣམ་ཤེས་དེའི་ཡུལ་གཟུགས་ལ་འོག་གི་ཐམས་ཅད་དུ་ཞེས་པ་སྦྱར་ཏེ། དང་པོའི་མིག་ལ་བརྟེན་པའི་ཚེ་འདོད་པ་དང་། དང་པོའི་གཟུགས་མཐོང་བ་ན་ས་བཞི་པའི་མིག་ལ་བརྟེན་པའི་ཚེ་ས་ལྔ་ཆར་གྱི་གཟུགས་མཐོང་བའི་བར་དུའོ། །དམན་པའི་ཡུལ་མཆོག་མ་ཡིན་པར་འདོད་པ་འདི་ལ་ཡང་མཚུངས་སམ་ཞེ་ན། མི་སྟོབས་ཆུང་ཡང་རྒྱལ་པོ་ལ་བརྟེན་ན་སྟོབས་ཆེ་བར་འགྱུར་བ་ལྟར་གོང་མའི་མིག་མཆོག་ལ་བརྟེན་པས་སོ། །རྟེན་ལུས་ཀྱིའང་ཡུལ་གཟུགས་དང་། རྣམ་ཤེས་གཉིས་ཀ་ཐམས་ཅད་ཀྱི་ཡུལ་ཅན་དང་རྟེན་ཡིན་ཏེ། ས་ལྔ་ཀའི་ལུས་ལ་བརྟེན་ན་ས་ལྔ་ཀའི་གཟུགས་མཐོང་ཞིང་། རྣམ་ཤེས་ནི་འདོད་པའི་ལུས་ལ་འདོད་པ་དང་། བསམ་གཏན་དང་པོ་གཉིས་ཀའི་རྣམ་ཤེས་བརྟེན་ལ། བསམ་གཏན་བཞི་པའི་ལུས་ལ་ནི་དང་པོ་ཁོ་ནའི་རྣམ་ཤེས་བརྟེན་ནོ། །རྣ་བའི་ཆོས་བཞིའི་ས་མཚུངས་ནི། མིག་ལ་བཤད་པ་དེ་བཞིན་ཏེ། །ལུས་ལ་འོག་མའི་རྣ་མ་ཡིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་ཅི་ལྟ་བ་བཞིན་སྦྱར་བར་བྱའོ། །སྣ་ལྕེ་ལུས་གསུམ་གྱིས་ནི་ཡུལ་དང་ཕྲད་ནས་འཛིན་པས་བར་དུ་ཆོད་པ་དང་། རྒྱང་རིང་པོ་ཡུལ་དུ་བྱེད་པའི་མངོན་ཤེས་མེད་པའི་ཕྱིར་ན་རྟེན་དང་། དབང་པོ་དང་། ཡུལ་དང་། རྣམ་ཤེས་ཐམས་ཅད་རང་གིས་ས་པ་ཉིད་ཡིན་ནོ། །འོ་ན་རྟེན་དང་དབང་པོ་གོང་མ་ན་ཡང་ཡོད་པ་མ་ཡིན་ནམ་སྙམ་ན། རྟེན་དེ་ལ་བརྟེན་ནས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པས་ཡུལ་འཛིན་པའི་ཚེ་ན་བཞི་ཆར་ས་མཚུངས་ཞེས་པའི་དོན་ཡིན་པས་སྐྱོན་མེད་དོ། །ཐམས་ཅད་དེ་ལྟར་ཡིན་ནམ་ཞེ་ན། དམིགས་ཀྱི་བསལ་བ་ནི། བསམ་གཏན་གོང་མ་གསུམ་དུ་སྐྱེས་པའི་ཚེ་རེག་བྱ་ལ་རེག་པ་ན་ལུས་ཀྱི་རྣམ་ཤེས་འོག་བསམ་གཏན་དང་པོའི་ལུས་ཤེས་མངོན་དུ་བྱེད་པ་དང་། འདོད་པ་དང་བསམ་གཏན་དང་པོའི་རེག་བྱ་རེག་པ་ན་རང་གི་སའི་རྣམ་ཤེས་མངོན་དུ་བྱེད་པས་འདིའི་རྣམ་ཤེས་ལ་ས་མི་མཚུངས་པ་ཡང་ཡོད་དོ། །ཡིད་ཀྱི་ཆོས་བཞི་ལ་འདོད་པའི་རྟེན་ལ་འདོད་པའི་རྣམ་ཤེས་ནས་སྲིད་རྩེའི་རྣམ་ཤེས་ཀྱི་བར་དགུ་བསྐྱེད་པ་ཡོད་ཅིང་། བསམ་གཏན་དང་པོའི་རྟེན་ལ་བསམ་གཏན་དང་པོའི་རྣམ་ཤེས་ནས་སྲིད་རྩེའི་རྣམ་ཤེས་ཀྱི་བར་བརྒྱད་བསྐྱེད་པ་ཡོད་པ་སོགས་འོག་མ་འོག་མའི་རྟེན་ལ་གོང་མ་གོང་མའི་རྣམ་ཤེས་བསྐྱེད་པ་ཡོད་ཅིང་། དེའི་ཚེ་དེ་དག་གི་ཡུལ་ས་གོང་འོག་ཐམས་ཅད་རུང་བས་ས་མཚུངས་པ་དང་། མི་མཚུངས་པ་ཅི་རིགས་པ་ཡོད་དོ། །གསུམ་པ་ནི། འདོད་པའི་རྟེན་ལ་འདོད་པའི་མིག་གིས་འདོད་པའི་གཟུགས་ལ་བལྟ་བའི་ཚེ་བཞི་ཆར་ས་མཚུངས་པ་དང་། ཡང་རྟེན་དེ་ཉིད་ལ་བསམ་གཏན་དང་པོའི་མིག་གིས་འདོད་པའི་གཟུགས་ལ་ལྟ་བའི་ཚེ་རྟེན་དང་ཡུལ་གཉིས་ས་མཚུངས། དབང་པོ་དང་རྣམ་ཤེས་གཉིས་ས་མི་མཚུངས་པ་ལྟ་བུ་དང་། ཡང་རྟེན་དེ་ཉིད་ལ་བསམ་གཏན་དང་པོའི་མིག་གིས་བསམ་གཏན་དང་པོའི་གཟུགས་ལ་ལྟ་བའི་ཚེ་གསུམ་ས་མཚུངས། རྟེན་ས་མི་མཚུངས་པ་ནས་བཟུང་སྟེ། ཡང་རྟེན་དེ་ཉིད་ལ་བསམ་གཏན་བཞི་པའི་མིག་གིས་བསམ་གཏན་གཉིས་པའི་གཟུགས་ལ་ལྟ་བའི་ཚེ་བཞི་ཆར་ས་མི་མཚུངས་པ་སོགས་ཞིབ་ཏུ་ཕྱེ་ལ་རྒྱ་ཆེར་སྤྲོ་བར་བྱའོ། །ཁམས་བསྟན་པའི་གནས་ཀྱི་དཀའ་བའི་གནས་རྣམས་བཤད་ཟིན་ཏོ།།  །།ལྔ་པོ་རྣམས་ནི་དོན་བཞི་ལ། །ཞེས་པའི་སྐབས་སུ། དབང་པོར་འཇོག་པའི་རྒྱུ་མཚན་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་བརྗོད། སློབ་དཔོན་རང་གི་ལུགས་བཞག་པ་གཉིས་ལས། དང་པོ་ནི། དབང་པོའི་སྐད་དོད་ལ་ཨིནྡྲ་ཞེས་པའི་དོན་མུ་སྟེགས་བརྡ་སྤྲོད་པ་དག་བདག་གི་རྟགས་སམ། མཚན་མར་གྱུར་པས་དབང་པོ་ཞེས་ཟེར་ལ། ནང་པས་རྐྱེན་བྱིན་ཏེ། ཨིནྡྲ་ཨི་ཤྭ་ར་ཞེས་པས་དབང་ནི་དབང་ཕྱུག་དམ་པའོ་ཞེས་པར་འགྱུར་ཞིང་། དེ་ནི་ཤིན་ཏུའམ་ལྷག་པར་དབང་བྱེད་པས་དབང་པོ་སྟེ། གང་ཞིག་གང་ལ་དབང་བྱེད་ཅེ་ན། མིག་སོགས་ལྔ་པོ་རྣམས་ནི་དོན་བཞི་བཞི་ལ་དབང་བྱེད་དེ། མིག་ལོང་བ་དང་། རྣ་བ་འོན་པ་དང་། ལྕེ་མེད་པ་དང་། ལུས་ཉམས་པ་ནི་མི་མཛེས་པས་རྟེན་མཛེས་པ་དང་། མིག་དང་རྣ་བས་གཟུགས་སྒྲ་ཡ་ང་བ་སྤང་བ་དང་། སྣ་ལྕེ་ལུས་གསུམ་གྱིས་དྲི་རོ་རེག་བྱའི་ཁམ་ཟས་ལ་ལོངས་སྤྱོད་པས། དབང་པོ་རྟེན་བཅས་རྒྱས་ཤིང་ལུས་བསྲུང་བ་དང་། མཐོང་ངོ་ཞེས་པ་ལ་སོགས་པ་གཞན་ལ་མེད་པའི་ཐ་སྙད་ཐུན་མོང་མ་ཡིན་པ་དང་། རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་པ་ལ་དབང་བྱེད་དོ། །ཕོ་མོ་སྲོག་ཡིད་བཞི་པོ་རྣམས་དོན་གཉིས་གཉིས་ལ་དབང་བྱེད་དེ། ཕོ་མོས་ནི་འདི་ནི་ཕོ་དང་མོའི་ཞེས་བྱེ་བྲག་དང་། ཕོ་ནི་ཁ་དོག་དཀར་བ་དང་། ནུ་མ་ཆུང་བ་དང་། ང་རོ་གསང་མཐོ་བ་སོགས་ཡིན་ལ། མོ་ནི་དེ་ལས་བཟློག་པ་ཡིན་པས་ཁྱད་པར་ལ་དབང་བྱེད་ཅིང་། སྲོག་ནི་ཉིང་མཚམས་སྦྱོར་བ་དང་། རིས་མཐུན་གནས་པ་ལ་དབང་བྱེད། ཡིད་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང་། ཡིད་ཀྱི་རྗེས་སུ་ལུས་ངག་གི་ལས་ལ་སོགས་པ་མཐུན་པར་འཇུག་པས་དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་དོ། །ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །ཞེས་པ་ནི་གོ་བར་ཟད་དོ། །གཉིས་པ་ནི། །ལོ་ཞེས་པ་ནི་སློབ་དཔོན་དེ་དག་ལ་མ་རངས་པ་སྟེ། ལྔ་བཞི་ལ་དབང་བྱེད་པ་མིན་ཏེ། རྟེན་མཛེས་པ་ནི་དབང་རྟེན་གྱིས་བྱེད་ལ་ལུས་བསྲུང་བ་དང་། ཐ་སྙད་ཐུན་མོང་མ་ཡིན་པ་ཡུལ་འཛིན་པ་ལ་ལྟོས་པས་རྣམ་ཤེས་ཁོ་ནས་བྱེད་པའི་ཕྱིར་རོ། །ཐ་མ་གཅིག་པུ་འཐད་ཅིང་། བསྐལ་པ་དང་པོའི་མི་དང་གཟུགས་ཀྱི་ལྷ་ཡང་ཕོ་མོ་མིན་པས་སེམས་ཅན་གྱི་བྱེ་བྲག་ཕོ་མོའི་དབང་པོས་བྱས་པ་མིན་གྱི་ཁྱད་པར་ཁོ་ནས་བྱས་པ་ཡིན་ལ། སྲོག་ཀྱང་ཉིང་མཚམས་སྦྱོར་བ་མ་ཡིན་ཞིང་། ཡིད་ཀྱི་གཉིས་ནི་སྐྱོན་མེད་ཡིན་ནོ་ཞེས་སུན་ཕྱུངས་ནས་རང་ལུགས་མདོ་སྡེ་པ་ལྟར་བཞེད་དེ། རང་གི་དོན་དང་ཐམས་ཅད་ལ། །ཞེས་སོགས་ཀྱི་གཞུང་གིས་སྟོན་ཏོ། །སེམས་ཀྱི་རྟེན་དང་དེའི་བྱེ་བྲག །ཞེས་པའི་སྐབས་སུ་དབང་པོའི་གྲངས་ངེས་ལ། གྲངས་གཞན་འགོག་པ་དང་། གྲངས་ངེས་སྒྲུབ་པ་གཉིས་ལས་དང་པོ་ནི། སྤྱིར་དབང་བྱེད་པས་དབང་པོ་ཡིན་ན། ཉུང་བར་སྨྲས་པ་སྟེ། གྲངས་ཅན་པ་དག་དབང་པོ་བཅུ་གཅིག་འདོད་པས། ངག་དང་། ལག་པ་དང་། རྐང་པ་དང་། ཉེར་གནས་དང་། འདོམས་ཏེ། ལས་ཀྱི་དབང་པོ་ལྔས་རིམ་པ་ལྟར་སྨྲ་བ་དང་། ལེན་པ་དང་། འགྲོ་བ་དང་། ཟག་པ་འདོར་བ་དང་། ཀུན་དགའ་བ་ལ་དབང་བྱེད་པ་དང་། རང་གི་སྡེ་པ་ལ་གྲགས་པའི་མ་རིག་པ་ལ་སོགས་པ་ཡན་ལག་སྔ་མ་སྔ་མ་རྣམས་ཀྱིས་འདུ་བྱེད་ལ་སོགས་པའི་ཡན་ལག་ཕྱི་མ་ཕྱི་མ་ལ་དབང་བྱེད་པས་དེ་དག་ཀྱང་ཁ་བསྐང་བར་བྱ་དགོས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ངག་སྨྲ་བ་སློབ་པ་ལ་ལྟོས་པ་དང་། རྐང་ལག་མེད་པའི་སྦྲུལ་ཡང་འགྲོ་ཞིང་ལེན་པ་དང་། ཟག་པ་འདོར་བ་ཡང་རྫས་ལྕི་བ་ནམ་མཁའ་ལ་བཞག་པ་ལྟར་རང་གི་ངང་གིས་སམ། རླུང་གིས་ཀྱང་འབྱུང་བར་བྱེད་པ་དང་། ཀུན་དགའ་བ་ཡང་ཕོ་མོའི་དབང་པོས་བྱེད་པ་མ་ཡིན་པས་དེ་དག་ལྷག་པར་དབང་བྱེད་པར་མི་གྲུབ་པའི་ཕྱིར་རོ། །ཅུང་ཟད་དབང་བྱེད་པ་ཙམ་གྱིས་དབང་པོར་འཇོག་ན། ལྐོག་མ་དང་། སོ་དང་། མིག་གི་ལམ་དང་། ཚིགས་རྣམས་ཀྱང་། མིད་པ་དང་། བཅའ་བ་དང་། འབྱེད་འཛུམ་དང་། བསྐུམ་པ་དང་བརྐྱང་བའི་བྱ་བ་དག་ལ་དབང་པོ་ཉིད་དུ་འགྱུར་ཅིང་། རྒྱུར་གྱུར་པ་ཐམས་ཅད་རང་རང་གི་བྱ་བ་ལ་དབང་པོ་ཉིད་དུ་འགྱུར་རོ། །གཉིས་པ་ནི། མདོར། སྐྱེས་བུ་ལ་ཉེ་བར་མཁོ་བའི་དབང་བསྒྱུར་བྱ་ཉི་ཤུ་རྩ་གཉིས་ཁོ་ན་ལ་དབང་བྱེད་པའི་བདག་ནི་མེད་ཀྱི། ཆོས་གང་ཞིག་གནས་སྐབས་གང་ལ་ལྷག་པར་བྱེད་པ་ལ་དགོངས་ནས་ཉི་ཤུ་རྩ་གཉིས་སུ་གྲངས་ངེས་པར་མཛད་དེ། དེ་ཡང་བྱེ་བྲག་ཏུ་སྨྲ་བས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྟེན་དང་བཅས་པའི་དབང་དུ་བྱས་ནས་གྲངས་ངེས་པ་ནི། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །ཞེས་སོགས་ཀྱིས་བསྟན་ནོ། །མདོ་སྡེ་པས་འཁོར་བར་འཇུག་ལྡོག་གི་དབང་དུ་བྱས་ནས་གྲངས་ངེས་པ་ནི། ཡང་ན་འཇུག་པའི་རྟེན་དང་ནི། །ཞེས་སོགས་ཀྱིས་སྟོན་ཏོ། །སྲོག་ནི་རྣམ་སྨིན་ཞེས་པའི་སྐབས་སུ། དངོས་དང་། དོགས་པ་བཅད་པ་གཉིས་ལས། དང་པོ་ནི། སྲོག་ནི་མཐོ་རིས་དང་ངན་སོང་ན་དགེ་མི་དགེའི་རྣམ་སྨིན་གྱི་འབྲས་བུ་ཁོ་ནའོ། །གཉིས་པ་ནི། འོ་ན་དགྲ་བཅོམ་པ་སྐུ་ཚེ་གཏོང་འཇོག་བྱེད་པར་བཤད་པས་རྣམ་སྨིན་གྱི་འབྲས་བུ་ཡིན་ན་འདོད་དགུར་འབྱུང་བ་འགལ་ལོ་ཞེ་ན། འདི་ལ་རྣམ་སྨིན་ཁོ་ནར་འདོད་པའི་ལུགས། ཕལ་ཆེར་རྣམ་སྨིན་དུ་འདོད་པའི་ལུགས། ཞར་ལ་སྐུ་ཚེ་གཏོང་འཇོག་བཤད་པ་གསུམ་ལས། དང་པོ་ནི། ཁ་ཅིག་བསྟན་བཅོས་ལས་དགྲ་བཅོམ་པ་རབ་མཐའི་བསམ་གཏན་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ཏེ་དགེ་འདུན་ནམ་གང་ཟག་ལ་འཚོ་བའི་ཡོ་བྱད་ཕུལ་ཏེ་བདག་གི་ལོངས་སྤྱོད་ཀྱི་རྣམ་སྨིན་དེ་ཚེའི་རྣམ་སྨིན་དུ་གྱུར་ཅིག་ཅེས་སྨོན་ཞིང་ངག་ཏུ་ཡང་སྨྲས་པས་ཚེ་རིང་བར་འགྱུར་རོ་ཞེས་གསུངས་པས། དེ་ཉིད་མཐོང་ཆོས་ཀྱི་ལས་འཕེན་རྫོགས་གཉིས་ཀ་ཡིན་པའམ། བདེན་པ་མཐོང་ལ་འཕེན་བྱེད་མེད་པ་ལྟར་ན། རྫོགས་བྱེད་ཀྱི་རྣམ་སྨིན་དེ་མཐོང་ཆོས་ཀྱི་ལས་ཀྱི་རྣམ་སྨིན་དུ་དངོས་སུ་ཁས་ལེན་དགོས་སོ། །ཁ་ཅིག་དགྲ་བཅོམ་པ་ཐམས་ཅད་ལ་ཚེ་སྲིང་དུ་ཡོད་པ་མ་ཡིན་གྱི་སྔོན་ཚེ་ལོ་བརྒྱ་ཐུབ་པར་འཕངས་པ་ལས་རྐྱེན་གྱིས་དུས་མིན་པར་བྲིད་ནས་ཚེ་ལྷག་ལུས་པ་འགའ་ཞིག་དེས་མཐོང་སྟེ། སྔར་གྱི་སྦྱོར་བས་འདིར་འདྲེན་པར་འདོད་དེ། འདིས་མཐོང་ཆོས་ཀྱི་འབྲས་བུ་རྣམ་སྨིན་གྱི་རྒྱུས་འབྲས་བུ་བསྐྱེད་པ་དང་འདྲ་བས་རྣམ་སྨིན་དུ་བཏགས་པ་ཙམ་དུ་ཁས་བླངས་དགོས་སོ། །གཉིས་པ་ནི། བཙུན་པ་དབྱངས་སྒྲོག་ན་རེ། ཚེ་བསྲིང་བ་ལུས་དེ་ཉིད་ལ་རབ་མཐའི་བསམ་གཏན་གྱི་སྟོབས་ཀྱིས་བསམ་གཏན་བཞི་པའི་འབྱུང་བ་ཚེ་དང་མཐུན་པ་དག་བསྐྱེད་ནས། ལས་ལས་བྱུང་བའི་དབང་པོའི་འབྱུང་བ་དང་སྡོམ་ནས་ཚེ་བསྲིང་ལ། གཏོང་བ་ན་ཚེ་དང་འགལ་བའི་འབྱུང་བ་དག་བསྐྱེད་དེ། དེས་ན་དེ་ཉིད་ལས་ཀྱི་འཕེན་པ་ཟད་ནས་ཏིང་ངེ་འཛིན་གྱི་མཐུས་འཕེན་པས་རྣམ་སྨིན་མ་ཡིན་ཡང་སྲོག་ནི་རྣམ་སྨིན་ཞེས་པ་ཕལ་ཆེ་བ་ལ་དགོངས་སོ་ཞེས་པ། བཙུན་པ་གོ་ཆ་མཐའ་ཡས་ན་རེ། དེ་བཞི་སྐྱོན་དང་བཅས་པ་ཡིན་ཏེ། དང་པོ་ནི། ཚེ་རྫོགས་བྱེད་ཀྱི་འབྲས་བུར་འདོད་ན། སྤྱིར་སྲོག་འཕན་བྱེད་ཀྱི་འབྲས་བུར་བྱེད་པ་དང་འགལ་ཞིང་། གཉིས་པ་ནི། སྔོན་གྱི་ཚེ་ལྷག་འདིར་འབྱུང་བས་མཐོང་ཆོས་ལ་མྱོང་བ་ལ་སོགས་པའི་ངེས་པ་མེད་པར་འགྱུར་ལ། གསུམ་པ་ནི། གཟུགས་ཀྱི་འབྱུང་བས་གནས་ན་དེ་ལ་འདོད་པའི་ཚེ་དང་འགལ་བ་མི་སྲིད་པས་གཏན་དུ་གནས་པར་འགྱུར་ཞིང་། བཞི་པ་ནི། ལས་ཀྱི་འཕེན་པ་ཟད་པས་ཤི་འཕོས་པར་འགྱུར་རོ་ཞེས་སོ། །གསུམ་པ་ལ་དྲུག་སྟེ། རྟེན་གང་ལ། གང་ཟག་གང་གིས། ཚུལ་ཇི་ལྟར། དགོས་པ་གང་གི་ཕྱིར་གཏོང་འཇོག་བྱེད་པ། སྲོག་དང་ཚེའི་ཁྱད་པར། བྱེ་བྲག་ཏུ་སྟོན་པའི་སྐུ་ཚེ་གཏོང་འཇོག་བྱས་པའི་དགོས་པའོ། །དང་པོ་ནི། བློ་གསལ་བས་གླིང་གསུམ་གྱི་ཕོ་མོའི་རྟེན་ཅན་ནོ། །གཉིས་པ་ནི། དགྲ་བཅོམ་པ་རབ་མཐའི་བསམ་གཏན་ཐོབ་པ། དུས་དང་མི་སྦྱོར་བ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་སྟེ། ཉོན་མོངས་མེད་ཅིང་དབང་པོ་རྣོ་བས་ཏིང་ངེ་འཛིན་ལ་དབང་འབྱོར་བའི་ཕྱིར་རོ། །གསུམ་པ་ནི། འཇོག་ཚུལ་ནི་བསམ་གཏན་ལ་འཇུག་ཅིང་ཡོ་བྱད་ཕུལ་ནས་བདག་གི་ལོངས་སྤྱོད་ཀྱིས་འབྲས་བུ་ཚེར་གྱུར་ཅིག་ཅེས་དང་། གཏོང་ཚུལ་ནི། བསམ་གཏན་ལ་འཇུག་ཅིང་ཡོ་བྱད་ཕུལ་ནས་བདག་གི་ཚེའི་རྣམ་སྨིན་ལོངས་སྤྱོད་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའོ། །བཞི་པ་ནི། གཞན་ལ་ཕན་པའམ་བསྟན་པ་བསྲུང་ཞིང་གནས་པའི་དོན་དུ་ཚེ་བསྲིང་ལ་གསོན་ཡང་དོན་གཉིས་མ་མཐོང་བ་དང་འཁོར་བས་སྐྱོ་བས་གཏོང་སྟེ། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ལམ་ལའང་ཤིན་ཏུ་བསྒོམ་ན་ནི། །ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཅེས་སོ། །ལྔ་པ་ནི། མདོར། སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་གཏང་ངོ་ཞེས་པའི་ཁྱད་པར་ཅི་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། ཁྱད་པར་མེད་དེ། གདགས་པ་ལས། སྲོག་གང་ཞེ་ན་ཁམས་གསུམ་པའི་ཚེའོ་ཞེས་གསུངས་པས་སོ། །མདོ་སྡེ་པ་ནི། སྔོན་གྱི་ལས་ཀྱི་འབྲས་བུ་ཚེ་དང་། ད་ལྟར་གྱི་ལས་ཀྱི་འབྲས་བུ་སྲོག་ཡིན་ལ། འདུ་བྱེད་ཅེས་པ་ནི་མུ་སྟེགས་པ་ལྟར། སྲོག་རྟག་པ་གཅིག་པུར་མེད་པའམ། མི་ལྡན་པའི་འདུ་བྱེད་ཀྱི་རྫས་མེད་ཀྱི་ཕུང་པོའི་རྒྱུན་གནས་པ་ཙམ་དུ་སྟོན་པའོ་ཞེས་འདོད་དོ། །དྲུག་པ་ནི། སྐུ་ཚེ་ལ་མངའ་བརྙེས་པར་བསྟན་པའི་ཕྱིར་ཏེ། དེ་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་བསྐལ་པའམ་དེ་ལས་ལྷག་པར་བཞུགས་པར་ནུས་སོ་ཞེས་པའི་དམ་བཅའ་སྒྲུབ་པ་དང་། ཀུན་ཏུ་རྒྱུ་རབ་བཟངས་འདུལ་བའི་ཕྱིར། ཟླ་བ་གསུམ་བྱིན་གྱིས་བརླབས་ལ་དེ་ཕྱིན་ཆད་གདུལ་བྱའི་དོན་མེད་པའི་ཕྱིར་གཏང་ངོ་ཞེས་སློབ་དཔོན་བཞེད་དོ། །བྱེ་བྲག་ཏུ་སྨྲ་བ་ནི། བདུད་བཞི་ལས་རྒྱལ་བར་བསྟན་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐུན་དང་པོ་ལ་ལྷའི་བུ་དང་། ཐུན་གཉིས་པ་ལ་ལྷའི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཤིང་། གསུམ་པ་ལ་ཉོན་མོངས་པ་དང་། ཡངས་པ་ཅན་དུ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་པས་འཆི་བདག་དང་། སྐུ་ཤའི་གྲོང་བརྒྱད་ཀྱི་ཉེ་འཁོར་དུ་ཚེའི་འདུ་བྱེད་གཏོང་བས་ཕུང་པོའི་བདུད་ལས་རྒྱལ་ལོ་ཞེས་འདོད་དོ། །སེམས་བྱུང་རྣམ་ལྔ་སྟེ་ཞེས་པའི་སྐབས་སུ་སྤྱིའི་དོན་བརྒྱད་དེ། སེམས་བྱུང་སྤྱིའི་མཚན་ཉིད། ནང་གསེས་ཀྱི་རབ་ཏུ་དབྱེ་བ། རྫས་དང་བཏགས་པའི་ཁྱད་པར། གཙོ་འཁོར་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར། རྣམ་ཤེས་གང་གི་འཁོར་དུ་འབྱུང་བ། སྡེ་ཚན་གྱི་གོ་རིམ། སྤྱིའི་སྒྲ་དོན་ནོ། །དང་པོ་ནི། སེམས་དང་མཚུངས་པ་རྣམ་པ་ལྔས་མཚུངས་པར་ལྡན་པ་སྟེ། དེ་གཉིས་རྟེན་གཅིག་ལ་བརྟེན་པས་རྟེན་མཚུངས་པ་དང་། ཡུལ་གཅིག་ལ་དམིགས་པས་དམིགས་པ་མཚུངས་པ་དང་། ཡུལ་དེའི་འཛིན་སྟངས་གཅིག་པ་ཅན་ཡིན་པས་རྣམ་པ་མཚུངས་པ་དང་། སྐྱེ་གནས་འཇིག་གསུམ་དུས་གཅིག་ལ་བྱེད་པས་དུས་མཚུངས་པ་དང་། རྣམ་ཤེས་རྫས་རེ་རེ་བ་ཡིན་པ་ལྟར། སེམས་བྱུང་ཚོར་བ་ལ་སོགས་པའང་རྫས་རེ་རེ་བ་ཡིན་པས་རྫས་མཚུངས་པ་སྟེ། འདི་ནི་སེམས་སེམས་བྱུང་རྫས་ཐ་དད་དུ་འདོད་པའི་ལུགས་སོ། །རྫས་གཅིག་པ་ལྟར་ན། དང་པོ་བཞི་གཅིག་པ་ལ་འཆད་པ་ལྟར་འདིའང་གཅིག་པ་ལ་འཆད་དེ་འཆད་ཚུལ་འགལ་བ་མེད་པའོ། །གཉིས་པ་ནི། མངོན་པ་གོང་མར་སེམས་བྱུང་ལྔ་བཅུ་རྩ་གཅིག་གསུངས་པ་ལས་འདིར་གྲངས་ཀྱི་དབྱེ་བ་བསྡུ་བའི་ཚུལ་བཤད་ན་རྫས་ཡོད་བཞི་བཅུ་ཞེ་དྲུག བཏགས་ཡོད་ལྔ། དེའི་སྟེང་དུ་གཞི་ཕྲན་ཚེགས་ཀྱི་ཉེར་བཞི་རྣམས་ལས། དང་པོ་ལ་ངེས་པའི་སྡེ་ཚན་དང་། མ་ངེས་པའི་སྡེ་ཚན་གཉིས། དང་པོ་ལ་སྡེ་ཚན་ལྔ་ལས། ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ་ནི། འདིར་སེམས་ཀྱི་ས་མང་པོ་པ་ཞེས་བཞག་སྟེ། ཚོགས་དྲུག ཟག་བཅས། ཟག་མེད། ཁམས་གསུམ་ཆར་གྱི་སེམས་བྱུང་ཐམས་ཅད་ལ་འབྱུང་བས་སོ། །དགེ་བ་བཅུ་གཅིག་གི་གཏི་མུག་མེད་པ་མ་གཏོགས་གཞན་བཅུ་པོ་དགེ་བའི་ས་མང་པོ་པར་བཞག་སྟེ། ཚོགས་དྲུག་ཟག་བཅས། ཟག་མེད། ཁམས་གསུམ་གྱི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བས་སོ། །རྩ་ཉོན་གྱི་ནང་ནས་མ་རིག་པ་དང་། ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་བག་མེད་སོགས་ལྔ་སྟེ་དྲུག་ནི་ཉོན་མོངས་པའི་ས་མང་པོ་པར་བཞག་སྟེ། ཚོགས་དྲུག་དང་ཁམས་གསུམ་གྱི་ཉོན་མོངས་ཅན་གྱི་སེམས་ཐམས་ཅད་ལ་འབྱུང་བས་སོ། །ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་ནི་མི་དགེ་བའི་ས་མང་པོ་པར་བཞག་སྟེ། ཚོགས་དྲུག་གི་མི་དགེ་བའི་སེམས་ཐམས་ཅད་ལ་བྱུང་བས་སོ། །ཁྲོ་བ་སོགས་ཉེ་ཉོན་བཅུ་ཚན་དང་པོ་ནི། ཉོན་མོངས་ཆུང་ངུའི་ས་པར་བཞག་སྟེ། ཆགས་སྡང་སོགས་ལྔ་དང་རྣམ་པ་འགལ་བས་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང་། བདེན་པ་ལ་ལོག་པར་མི་རྟོག་པས་བསྒོམ་སྤང་གི་སེམས་དང་མཚུངས་པར་ལྡན་པ་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པས་ཡིད་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །མ་ངེས་པའི་སྡེ་ཚན་ནི། གཞན་འགྱུར་བཞི་དང་། མ་རིག་པ་དང་ལྟ་བ་མ་གཏོགས་པའི་རྩ་ཉོན་གཞན་བཞི་ལ་བཞག་སྟེ། སྔར་གྱི་སྡེ་ཚན་གང་དུ་ཡང་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །དེའི་སྡོམ་ཚིག་ནི་དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ཡིད་དང་ཐེ་ཚོམ་ཅེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་སོ། །དེ་ལ་ཡིད་ཅེས་པ་ནི། ཡིད་ལ་མ་ན་ཞེས་ཐུང་བ་དང་། ང་རྒྱལ་ལ་མཱ་ན་ཞེས་རིང་བར་ཡོད་པ་ལོ་ཙཱ་བས་སྒྲ་ནོར་བ་སྟེ། དོན་ང་རྒྱལ་ཡིན་ཞེས་མཆིམས་ཀྱིས་བཞེད་དོ། །རྒྱལ་པོའི་སྲས་ཀྱིས་ལྟ་བ་ཡང་མ་ངེས་པ་ཡིན་པས་སྡོམ་ཚིག་དེ་རྣ་བར་མི་འོང་ཞེས་འཆད་ཀྱང་། མཁས་པ་སྔ་མ་དག ལྟ་བ་རྫས་ཡོད་མ་ཡིན་པས་སྐྱོན་མེད་ཅེས་གསུངས་པ་ལེགས་སོ། །གཉིས་པ་བཏགས་ཡོད་ནི། དགེ་བ་བཅུ་གཅིག་གི་ནང་ནས་གཏི་མུག་མེད་པ་དང་། རྩ་ཉོན་གྱི་ནང་ནས་ལྟ་བ་དང་། ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་ཤེས་བཞིན་མ་ཡིན་པ་གསུམ་ནི། ཤེས་རབ་ཉོན་མོངས་ཅན་ཡིན་པས་ཤེས་རབ་ལ་བཏགས། བརྗེད་ངས་ནི་དྲན་པ་ཉོན་མོངས་ཅན་དང་། རྣམ་གཡེང་ནི་ཏིང་ངེ་འཛིན་ཉོན་མོངས་ཅན་ཡིན་པས་དེ་དག་ལ་བཏགས་པའོ། །གཞི་ཕྲན་ཚེགས་ཀྱི་ཉི་ཤུ་རྩ་བཞི་ནི། མི་དགའ་བ་དང་གླལ་བྱེད་པ་དང་། སེམས་ཞུམ་པ་ཉིད་དང་། རྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་ཉིད་དང་། ཐ་དད་པ་ཉིད་འདུ་ཤེས་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རུ་རྡུག་དང་། འཕྱ་སྨོད་དང་། བསྣམ་པ་ཉིད་དང་། མི་བསྣམ་པ་ཉིད་དང་། རང་བཞིན་དུ་མི་འདུག་པ་ཉིད་དང་། འདོད་པའི་དང་། འཚེ་བའི་དང་། ཉེ་དུའི་དང་། ཡུལ་མིའི་དང་། མི་འཆི་བའི་དང་། བརྙས་པ་དང་ལྡན་པའི་དང་། རིགས་སྙེམས་པ་དང་ལྡན་པའི་རྣམ་པར་རྟོགས་པ་དང་། མྱ་ངན་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཏེ། མཆིམས་ཀྱིས་འདི་དག་རྫས་ཡོད་ཡིན་པས་རྫས་ཡོད་བདུན་ཅུ་ཐམ་པའོ། །ཞེས་བཞེད་ཀྱང་རིགས་ལ་བརྟགས་ན་བརྟགས་ཡོད་དུ་འཐད་དོ། །གསུམ་པ་ནི། སྤྱིར་རྫས་ཡོད་ལ་རིགས་པས་དཔྱད་བཟོད་དང་། རྟག་ཅིང་བརྟན་པ་དང་། དོན་བྱེད་ནུས་པ་དང་། རང་རྐྱ་ཐུབ་པ་དང་བཞི་ལས། འདིར་ནི་རང་དབང་དུ་བློ་ཡི་ཡུལ་དུ་འགྱུར་བ་ཡིན་ནོ། །བཏགས་ཡོད་ལའང་སྒྲོ་བཏགས་པ་དང་། གནས་སྐབས་ལ་བཏགས་པ་དང་། ཆ་ལ་བཏགས་པ་དང་། དེ་ལས་གཞན་པ་ལ་བཏགས་པ་བཞི་ལས། འདིར་ནི་གསུམ་པ་སྟེ། གཞན་ལ་ལྟོས་ནས་བློའི་ཡུལ་དུ་འགྱུར་བའོ། །མཚན་གཞི་ནི་སྔར་བཤད་ཟིན་ཏོ། །བཞི་པ་ནི། དབུས་མཐར། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པའི་དོན་བྱེ་བྲག་ཏུ་སྨྲ་བས། རང་སྟོབས་ཀྱིས་དོན་ཙམ་འཛིན་པ་ནི་སེམས་དང་། རང་སྟོབས་ཀྱིས་དོན་གྱི་ཁྱད་པར་སིམ་གདུང་ལ་སོགས་པར་འཛིན་པ་ནི་སེམས་ལས་བྱུང་བ་ཡིན་ཞེས་འདོད་དགོས་ཏེ། དཔེར་ན། སྔོ་འཛིན་མིག་གི་རྣམ་པར་ཤེས་པས་སྔོ་ཙམ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ཅིང་། དེའི་འཁོར་གྱི་ཚོར་བ་ལ་སོགས་པས་སྔོ་ཙམ་འཛིན་པ་ནི་གཞན་སྔོ་འཛིན་མིག་གི་རྣམ་པར་ཤེས་པའི་སྟོབས་ཀྱི་ཡིན་ཏེ། རྣམ་ཤེས་གཞན་གྱི་འཁོར་དུ་བྱུང་བའི་ཚེ་དེ་འཛིན་པར་མ་ངེས་པའི་ཕྱིར་རོ། །ཡང་དེའི་འཁོར་གྱི་ཚོར་བ་བདེ་བའི་སྔོན་པོ་ཡིད་དུ་འོང་བ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ཞིང་། སྔོ་འཛིན་མིག་གི་རྣམ་པར་ཤེས་པས་དེ་འཛིན་པ་ནི་གཞན་སྟོབས་ཀྱི་ཡིན་ཏེ་ཚོར་བ་སྡུག་བསྔལ་སོགས་དང་མཚུངས་པར་ལྡན་པའི་ཚེ་དེ་འཛིན་པར་མ་ངེས་པའི་ཕྱིར་རོ། །རིགས་པའི་རྗེས་འབྲང་གི་མདོ་སེམས་གཉིས་ཀྱིས་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་པ་ལྟར་ན་ཤེས་པ་རྫས་གཅིག་གི་སྟེང་གི་དོན་གྱི་ངོ་བོ་ཙམ་འཛིན་པའི་ཆ་གཙོ་སེམས་དང་། དོན་གྱི་ཁྱད་པར་འཛིན་པའི་ཆ་སེམས་བྱུང་དུ་འཇོག་པས་རང་སྟོབས་གཞན་སྟོབས་ཁས་ལེན་མི་དགོས་ཤིང་། དབུས་མཐའི་འགྲེལ་ཆེན་དུ་སློབ་དཔོན་བློ་བརྟན་གྱིས་སེམས་སེམས་བྱུང་རྣམ་པ་མི་མཚུངས་པར་བཤད་པ་ཡང་། ངོ་བོ་དང་ཁྱད་པར་གྱི་རྣམ་པ་མི་མཚུངས་པའི་དོན་ཡིན་པར་དཔང་ལོ་ཆེན་པོས་བཞེད་པ་ཉིད་རྩ་འགྲེལ་གཉིས་ཆར་གྱི་དགོངས་པར་མཐོང་ངོ་། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་མཐའ་གཅིག་ཏུ་རྣམ་པ་མཚུངས་པར་འདོད་པས་རྣམ་པ་མི་མཚུངས་པའི་དོན་བཤད་མི་དགོས་པར་སེམས་སོ། །དོན་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱང་གྲུབ་མཐའི་རྣམ་དབྱེ་མ་ཕྱེད་པའི་ཅལ་ཅོལ་མང་པོ་གསུངས་པར་འདུག་གོ །ལྔ་པ་ནི། སྡེ་ཚན་དང་པོ་གསུམ་དང་། ལྔ་པའི་རྒྱགས་པ་དང་། མ་ངེས་པའི་ཆགས་པ་དང་། ང་རྒྱལ་དང་ཐེ་ཚོམ་རྣམས་ནི་ཁམས་གསུམ་ཆར་དང་། སྡེ་ཚན་བཞི་པ་དང་ལྔ་པའི་གཡོ་སྒྱུ་རྒྱགས་པ་གསུམ་མ་གཏོགས་པའི་བདུན་དང་། མ་ངེས་པའི་གཉིད་འགྱོད། ཁོང་ཁྲོ་རྣམས་ནི་འདོད་པ་ཁོ་ན་དང་། ལྔ་པའི་གཡོ་སྒྱུ་དང་། མ་ངེས་པའི་རྟོག་དཔྱོད་ནི་འདོད་པ་དང་། བསམ་གཏན་དང་པོ་ཁོ་ནར་ཡོད་དོ། །དྲུག་པ་ནི། སྡེ་ཚན་དང་པོ་བཞི་དང་། མ་ངེས་པའི་རྟོག་དཔྱོད་ཆགས་སྡང་རྣམས་ནི་རྣམ་ཤེས་དྲུག་ཆར་དང་། གཞན་རྣམས་ནི་ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་ངོ་། །བདུན་པ་ནི། སྡེ་ཚན་དང་པོ་སེམས་ཐམས་ཅད་ལ་འབྱུང་བས་ཁྱབ་ཆེ་བས་ན་དང་པོར་བསྟན། གཉིས་པ་ནི། གཞན་རྣམས་ལ་ལྟོས་ནས་མཆོད་པར་འོས་པས་ན་གཉིས་པར་བསྟན། གསུམ་པ་ནི། ཉོན་མོངས་ཅན་ཐམས་ཅད་ལ་འབྱུང་བས་འོག་མ་གཉིས་ལས་ཁྱབ་ཆེ་བས་ན་གསུམ་པར་བསྟན། བཞི་པ་ནི་མི་དགེ་བ་ཐམས་ཅད་ལ་འབྱུང་སྟེ་ཐ་མ་བས་ཁྱབ་ཆེ་བས་ན་བཞི་པར་བསྟན། ལྔ་པ་ནི་གོང་མ་ཐམས་ཅད་ལས་ཁྱབ་ཆུང་བས་ན་ཐ་མར་བསྟན་ནོ། །བརྒྱད་པ་ནི། སེམས་ལ་བསྟན་ནས་སྐད་ཅིག་རེ་རེ་ཞིང་འཕྲལ་འཕྲལ་དུ་འབྱུང་བས་ན་སེམས་ལས་བྱུང་བའོ། །འོ་ན་སེམས་དང་དུས་མཉམ་ཡིན་ནམ་སྙམ་ན་འདིར་མཚུངས་ལྡན་གྱི་རྒྱུ་འབྲས་ཞེས་དུས་མཉམ་པའི་རྒྱུ་འབྲས་སུ་འདོད་པས་སྐྱོན་མེད་དོ། །དེས་ན་སེམས་སེམས་བྱུང་རྫས་ཐ་དད་པ་ལྟར་ན་སེམས་བྱུང་ལ་རྒྱུན་མེད་པར་འདོད་ཅིང་། རྫས་གཅིག་པ་ལྟར་ན། རྒྱུན་ཡོད་མེད་ཀྱི་ཁྱར་པར་མི་བཞེད་དོ། །འདི་དག་ནི་གཞུང་ལུགས་འདིའི་ལུགས་ཀྱི་སེམས་སེམས་བྱུང་གི་འཇོག་ཚུལ་ཐུན་མོང་མ་ཡིན་པ་ཡིན་ལ། མངོན་པ་གོང་མའི་ལུགས་ནི་གཞན་དུ་རྒྱ་ཆེར་བཤད་ཟིན་པས་དེར་བལྟ་བར་བྱའོ།།  །།མི་ལྡན་པ་ཡི་འདུ་བྱེད་རྣམས། །ཞེས་པའི་སྐབས་སུ། མི་ལྡན་པའི་འདུ་བྱེད་ཀྱི་མཚན་ཉིད། དབྱེ་བ། རྫས་སུ་གྲུབ་པའི་སྒྲུབ་བྱེད་དང་གསུམ་ལས། དང་པོ་ནི། སེམས་དང་ལྡན་པ་མིན་པའི་འདུ་བྱེད་ཅེས་ཏེ། ལྡན་པ་མིན་པ་ཅེས་པས་མཚུངས་ལྡན་དང་། འདུ་བྱེད་ཅེས་པས་ཕུང་པོ་གཞན་བཞི་དང་འདུས་མ་བྱས་བསལ་ལོ། །གཉིས་པ་དབྱེ་བ་ནི། འདིར་བཅུ་བཞི་དང་། མངོན་པ་གོང་མར་ཉེར་གསུམ་གསུངས་ལ། ཡང་ཞེས་པའི་སྒྲས་མངོན་པ་གོང་མར་གསུངས་པའི་ཆ་མཐུན་དགུ་དང་། དབུ་མ་རྩ་བར། ཇི་ལྟར་དཔངས་རྒྱ་དེ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །ཞེས་དང་། ལས་གྲུབ་པའི་རབ་ཏུ་བྱེད་པ་ལས། མང་པོས་བཀུར་བའི་སྡེ་པ་ཆུད་མི་ཟ་བའི་ཆོས་ཀྱིས་འབྲས་བུ་འབྱིན་པར་འདོད་ཅེས་བཤད་པའི་ཆུད་མི་ཟ་དང་། དགེ་འདུན་གྱིས་དབྱེན་ལ་སོགས་པ་སྡུད་དོ། །གསུམ་པ་རྫས་སུ་གྲུབ་པའི་སྒྲུབ་བྱེད་ནི། སྤྱིར་དབྱེ་གཞི་ལྔ་ཆར་རྫས་སུ་གྲུབ་པས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི་ཡང་རྫས་སུ་ཡོད་དགོས་ཤིང་། སོ་སོར་ཕྱེ་ན་ཐོབ་པ་རྫས་སུ་ཡོད་དེ། གང་ཟག་དེ་ལ་ཆོས་དེ་ལྡན་པར་བྱེད་པའི་རྫས་མེད་ན་ཆོས་དེ་དང་བྲལ་བར་འགྱུར་བའི་ཕྱིར་དང་། མ་ཐོབ་པ་རྫས་སུ་ཡོད་དེ། གང་ཟག་དེ་ལ་བྲལ་བྱའི་ཆོས་དེ་མི་ལྡན་པར་བྱེད་པའི་རྫས་མེད་ན་ཆོས་དེ་དང་ལྡན་པར་འགྱུར་བའི་ཕྱིར། ཞེས་སོགས་སོ་སོའི་བྱེད་ལས་ལ་དཔག་སྟེ་རྫས་སུ་ཡོད་པར་ཤེས་པར་བྱའོ། །ཐོབ་དང་མ་ཐོབ་ཅེས་པའི་སྐབས་སུ། ཐོབ་པ་དང་མ་ཐོབ་པའི་མཐའ་དཔྱད་པ་ལ། མཚན་ཉིད། དབྱེ་བ། དེ་ཆོས་གང་གི་ཡིན་པ། རྫས་སུ་ཡོད་པའི་སྒྲུབ་བྱེད། དེ་སུན་ཕྱུང་ནས་སློབ་དཔོན་རང་གི་ལུགས་བཞག་པ། བྱེ་བྲག་ཏུ་སྨྲ་བའི་འདོད་པ་བསྡུས་ཏེ་བསྟན་པ་དང་དྲུག་ལས། དང་པོ་ནི། ཐོབ་བྱའི་ཆོས་གང་ཟག་དེ་ལ་ལྡན་པར་བྱེད་པའི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་པ་དང་། ཐོབ་བྱའི་ཆོས་དེ་ལྡན་པའི་གེགས་སུ་གྱུར་པའི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་པ་རིམ་པ་བཞིན་ནོ། །གཉིས་པ་ནི། ཐོབ་པ་ལ་དབྱེ་ན་ལྔ་སྟེ། ཟག་མེད་སྐད་ཅིག་དང་པོའི་ཐོབ་པ་ལྟ་བུ་གཏན་མ་རྙེད་པ་ལས་གསར་དུ་རྙེད་པ་དང་། བསམ་གཏན་གྱི་སྡོམ་པའི་ཐོབ་པ་ལྟ་བུ་སྔོན་ཐོབ་པ་ཉམས་ནས་སླར་ཐོབ་པ་སྐད་ཅིག་དང་པོ་ནི་རྣམ་པ་ཉམས་པ་ལས་གསར་དུ་རྙེད་པ་སྟེ་གཉིས་དང་། དེ་གཉིས་ཀྱི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུན་ལྡན་པ་གཉིས་དང་། སོ་སྐྱེ་ལ་སྲིད་རྩེའི་ཉོན་མོངས་ལྟ་བུ་ཡེ་ནས་ལྡན་པ་རྣམས་སོ། །མ་ཐོབ་པ་ལ་དབྱེ་ན་གསུམ་སྟེ། སྐད་ཅིག་མ་བཅུ་དྲུག་པའི་ཚེ་དང་པོའི་མ་ཐོབ་པ་ལྟ་བུ་རྣམ་པར་ཉམས་པའི་མ་རྙེད་པ་དང་། དེ་ཕྱིན་ཆད་དེའི་རྒྱུན་མི་ལྡན་པ་དང་། སོ་སོ་སྐྱེ་བོ་ལ་ཟག་མེད་ཀྱི་ལམ་ལྟ་བུ་ཡེ་ནས་མི་ལྡན་པ་རྣམས་སོ། །གསུམ་པ་ནི། ཐོབ་པ་དང་མ་ཐོབ་པ་འདི་དག་ཆོས་གང་གི་ཡིན་ཞེ་ན། རང་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཀྱི་ཡིན་ཏེ། རྒྱུ་དང་མ་འབྲེལ་བའི་བུམ་སྣམ་ལྟ་བུ་ཡིན་ན། གཞན་དང་ཐུན་མོང་བ་སྲིད་པའི་ཕྱིར་དང་། རྒྱུད་དང་འབྲེལ་ཡང་གཞན་རྒྱུད་ཀྱི་ཐོབ་པ་འབྱུང་ན། དགྲ་བཅོམ་པ་ལ་བྱིས་པའི་ཉོན་མོངས་དང་། བྱིས་པ་ལས་ཡང་འཕགས་པའི་ལམ་གྱི་ཐོབ་པ་འབྱུང་བར་འགྱུར་བས་འབད་པ་དོན་མེད་པ་དང་། མ་འབད་ཀྱང་གྲོལ་བར་འགྱུར་བའི་ཕྱིར་རོ། །དམིགས་ཀྱིས་བསལ་བ་ནི་འགོག་པ་གཉིས་རྒྱུད་དང་མ་འབྲེལ་ཡང་དགག་བྱ་རྒྱུད་དང་འབྲེལ་བས་དེ་བཀག་པའི་ཐོབ་པ་དང་། མ་ཐོབ་པ་ཡོད་དེ། སོ་སོར་བརྟགས་མིན་གྱི་འགོག་པ་ནི་ཆོས་ཅི་རིགས་པའི་རྐྱེན་མ་ཚང་བ་ཡིན་པས་སེམས་ཅན་ཐམས་ཅད་ལ་ལྡན་པའི་ཕྱིར་ཏེ། བསྟན་བཅོས་ལས། ཟག་མེད་ཀྱི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སེམས་ཅན་ཐམས་ཅད་དོ་ཞེས་འབྱུང་བའི་ཕྱིར་དང་། བརྟགས་འགོག་ནི་འཆིང་བ་མཐའ་དག་དང་ལྡན་པ་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་ས་དང་ས་ལ་འདོད་ཆགས་དང་བྲལ་བ་ཁ་ཅིག་ཀྱང་ལྡན་པའི་ཕྱིར། ནམ་མཁའ་ལ་ནི་ཐོབ་པ་མེད་དེ། འགྲེལ་པར་ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་དེ་ཞེས་གསུངས་པའི་དོན་རྒྱལ་པོའི་སྲས་ཀྱིས་འདིས་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་དང་། གང་སྤེལ་ལས། གང་དང་ཡང་འབྲེལ་པ་མེད་དེ། དགག་བྱ་དང་འགོག་པ་མེད་པའི་ཕྱིར་རོ་ཞེས་སོ། །གང་ལ་ཐོབ་པ་ཡོད་པ་དང་མེད་པ་ལ་མ་ཐོབ་པ་ཡང་ཡོད་པ་དང་མེད་པ་ནི་གྲུབ་པའི་མཐའོ། །བཞི་པ་ནི། ཐོབ་པ་ཞེས་བྱ་བ་རྫས་སུ་གྲུབ་པ་ཡོད་པའི་སྒྲུབ་བྱེད་གང་ཞེ་ན། ལུང་དང་རིགས་པས་ཤེས་ཏེ། ལུང་ནི་མདོར། དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་སྐྱེད་ཅིང་སོ་སོར་ཐོབ་ལ་ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་འགྱུར་རོ་ཞེས་གསུངས་པས་སོ། །རིགས་པ་ནི་ཐོབ་པ་མེད་ན་འཇིག་རྟེན་པའི་ཡིད་དང་ལྡན་པའི་འཕགས་པ་དང་། སོ་སོའི་སྐྱེ་བོ་དག་ལ་ཁྱད་པར་མེད་པར་འགྱུར་བ་ལས་ཟག་མེད་ཀྱི་ལམ་ཐོབ་པ་འཕགས་པ་དང་། མ་ཐོབ་པ་སོ་སོའི་སྐྱེ་བོར་འཇོག་པ་ཤེས་སོ། །དེའི་ཕྱིར་མ་ཐོབ་པ་ཡང་ཡོད་དེ། ཐོབ་པ་གང་ལ་ཡོད་པའི་ཆོས་དེ་ལ་མ་ཐོབ་པ་ཡང་ཡོད་པའི་ཕྱིར་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །ལྔ་པ་ནི། སློབ་དཔོན་གྱིས་ལུང་གི་སྒྲུབ་བྱེད་མི་འཐད་དེ། མདོ་དེར་ནི་དབང་བ་ཉིད་ལ་ལྡན་པའི་སྒྲར་གསུངས་པ་ཡིན་གྱི། གཞན་དུ་ན་སེམས་ཅན་དུ་མི་སྟོན་པའི་ནོར་བུ་སོགས་དང་། སེམས་ཅན་གཞན་རྟ་གླང་སོགས་དག་དང་ཡང་ལྡན་པའི་ཐོབ་པ་ཡོད་པར་འགྱུར་ཏེ། མདོ་ལས་དགེ་སློང་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞེས་གསུངས་པའི་ཕྱིར་རོ། །རིགས་པའི་སྒྲུབ་བྱེད་ཀྱང་མི་འཐད་དེ། འཕགས་པ་དང་བྱིས་པའི་བྱེ་བྲག་ནི་མཐོང་སྤང་གི་ཉོན་མོངས་པ་སྤངས་པ་དང་མ་སྤངས་པའི་བྱེ་བྲག་ལས་འབྱུང་བར་འོས་པའི་ཕྱིར་རོ། །གལ་ཏེ་དེ་ཡང་ཐོབ་པ་ཡོད་པ་དང་མེད་པའི་བྱེ་བྲག་ལས་འབྱུང་བ་ཡིན་ནོ་སྙམ་ན་མ་ཡིན་ཏེ། ཟག་མེད་ཀྱི་ལམ་གྱིས་ཉོན་མོངས་པའི་ས་བོན་སྤངས་པའི་འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་པར་བྱས་པ་དེ་ནི་ཉོན་མོངས་སྤངས་པ་ཞེས་བྱ་བ་ཡིན་ལ། བཟློག་པ་ནི་མ་སྤངས་པ་ཡིན་པས། གང་མ་སྤངས་པ་དེ་དང་ནི་ལྡན། གང་སྤངས་པ་དེ་དང་ནི་མི་ལྡན་ཞེས་བྱ་བར་འོས་པའི་ཕྱིར་རོ། །གལ་ཏེ་ཆོས་རྣམས་སྐྱེ་བའི་རྒྱུ་ལ་ཐོབ་པ་ཞེས་བྱའོ་ཞེ་ན། འོ་ན་འདུས་མ་བྱས་གཉིས་པོ་རྣམས་ཀྱི་ཐོབ་པ་ཡོད་པར་མི་འགྱུར་ཏེ། དེ་དག་སྐྱེ་བའི་རྒྱུ་མེད་པའི་ཕྱིར་དང་། ཆོས་གང་དག་མ་ཐོབ་པ་རྣམས་དང་། གང་དག་ས་འཕོས་ནས་གཏོང་བ་དང་། འདོད་ཆགས་དང་བྲལ་བས་གཏོང་བ་དེ་དག་སྐྱེ་བར་མི་འགྱུར་བས་དེ་དག་གིའང་ཐོབ་པ་མེད་པར་འགྱུར་བའི་ཕྱིར་རོ། །སྒྲུབ་བྱེད་མེད་པར་མ་ཟད་གནོད་བྱེད་ཀྱང་ཡོད་དེ། གཟུགས་སྒྲ་ལ་སོགས་པ་དང་། ཆགས་སྡང་ལ་སོགས་པ་ལྟར་འདིའི་རང་གི་ངོ་བོའང་མ་ཡིན་ཞིང་། མིག་དང་རྣ་བ་ལ་སོགས་པ་ལྟར་བྱ་བའང་མི་སྣང་བའི་ཕྱིར་རོ། །དེ་ན་དབང་དང་ལྡན་པ་དང་། ས་བོན་དང་ལྡན་པ་དང་། མངོན་གྱུར་དུ་ལྡན་པ་གསུམ་ལས། དང་པོ་གཉིས་ཡོད་པ་དང་མེད་པ་ལ་ཐོབ་པ་དང་མ་ཐོབ་པའམ། ལྡན་པ་དང་མི་ལྡན་པར་གདགས་སོ་ཞེས་བཞེད་དོ། །དྲུག་པ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། གཉིས་ཀ་རྫས་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་ཡིན་ནོ་ཞེས་ཟེར་རོ།།  །།ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ་ཞེས་པའི་སྐབས་སུ། དྲི་མེད་ཀྱི་ཡང་ཞེས་པའི་དོན་ཟག་མེད་ཀྱི་མ་ཐོབ་པ་ཡང་ཁམས་གསུམ་དུ་གཏོགས་པར་བསྟན་པས་ཟག་མེད་ཀྱི་ཐོབ་པ་ཟག་མེད་ཡོད་པ་ལྟར། ཟག་མེད་ཀྱི་མ་ཐོབ་པ་ཟག་མེད་ཡོད་པར་ནི་མི་བཞེད་དོ། །ཅིའི་ཕྱིར་ཞེ་ན། ཟག་མེད་ཀྱི་མ་ཐོབ་པ་ནི་སོ་སོའི་སྐྱེ་བོ་ཉིད་དུ་འདོད་དེ། བསྟན་བཅོས་ལས། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་ཀྱིས་མ་རྙེད་པའོ་ཞེས་འབྱུང་ཞིང་། སོ་སོའི་སྐྱེ་བོ་ནི་ཟག་མེད་དུ་མི་འོས་པའི་ཕྱིར་དང་། མ་ཐོབ་པ་ཟག་མེད་ཡོད་ན་དེ་འདུས་བྱས་སུ་གྱུར་པའི་ཟག་མེད་ཡིན་པས་ལམ་བདེན་དུ་འགྱུར་ལ། དེ་ལྟར་ན་བྱིས་པ་ལ་ཟག་མེད་ཀྱི་ཆོས་ཀྱིས་མ་ཐོབ་པ་ཡོད་པས་ལམ་མངོན་དུ་གྱུར་པ་ཁས་བླང་དགོས་པའི་ཕྱིར་རོ། །འོ་ན་ཐེག་པ་གསུམ་གྱི་ལམ་གང་མ་ཐོབ་པ་དེ་སོ་སོའི་སྐྱེ་བོ་ཉིད་ཡིན་ན། ཉན་ཐོས་ཀྱི་ཡིན་ན་ཕྱི་མ་གཉིས་དང་། རང་རྒྱལ་གྱི་ཡིན་ན་སྔ་མ་གཉིས་དང་། ཐེག་ཆེན་གྱི་ཡིན་ན་སྔ་མ་གཉིས་སོ་སོའི་སྐྱེ་བོ་ཉིད་དུ་འགྱུར་རོ་ཞེ་ན། བསྟན་བཅོས་ལས་ཁྱད་པར་མེད་པར་སྤྱིར་འབྱུང་བས་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་མ་ཐོབ་པ་ཡིན་ནོ། །འོ་ན་ལམ་གྱིས་མ་ཐོབ་པ་ཁོ་ན་ཞེས་པའི་སྒྲ་འདོན་དགོས་སོ་ཞེ་ན། མི་དགོས་ཏེ་དོན་གྱིས་གོ་བའི་ཕྱིར། དཔེར་ན་ཆུ་འཐུང་རླུང་ཟ་ཞེས་པ་བཞིན་ནོ། །དེས་ན་བྱེ་བྲག་ཏུ་སྨྲ་བས་སོ་སོའི་སྐྱེ་བོ་ཉིད་དམ་དེ་དང་ལྡན་པའི་གང་ཟག་ཐ་དད་དུ་བྱེད་དེ། སྔ་མ་ནི་ཕུང་པོ་རྫས་ཡོད་དང་། ཕྱི་མ་ནི་གང་ཟག་བཏགས་ཡོད་དུ་འདོད་པའི་ཕྱིར་རོ། །འོ་ན་འཕགས་པ་དང་། དེ་དང་ལྡན་པའི་གང་ཟག་ཀྱང་ཐ་དད་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་ཡང་བྱེད་དེ། སྔ་མ་ནི་མཐོང་སྒོམ་མི་སློབ་ལམ་གྱིས་བསྡུས་པའི་ལམ་ཟག་མེད་དང་། ཕྱི་མ་ནི་གང་ཟག་བཏགས་ཡོད་དུ་འདོད་པའི་ཕྱིར་རོ། །མདོ་སྡེ་པ་ནི་འཕགས་ལམ་མ་སྐྱེས་པའི་རྒྱུད་ནི་སོ་སོའི་སྐྱེ་བོ་དང་། འཕགས་ལམ་སྐྱེས་པའི་རྒྱུད་ནི་འཕགས་པར་འདོད་ཀྱང་སྔ་མ་གང་ཟག་ཏུ་མི་འདོད་དེ། ལྡན་མིན་འདུ་བྱེད་དུ་འདོད་པའི་ཕྱིར་རོ། །ཅི་ཐོབ་པ་དང་མ་ཐོབ་པའི་ཐོབ་པ་དང་མ་ཐོབ་པ་ཡོད་དམ་ཞེ་ན། གཉིས་ཀའི་གཉིས་ཀ་ཡོད་དོ། །འོ་ན་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཕན་ཚུན་ལྡན་པའི་ཕྱིར་མ་ཡིན་ཏེ། ཐོབ་བྱའི་ཆོས་དང་། དེའི་ཐོབ་པ་དང་། ཐོབ་པའི་ཐོབ་པ་གསུམ་ལས། ཐོབ་པས་ཐོབ་བྱའི་ཆོས་དང་ཐོབ་པའི་ཐོབ་པ་ལྡན་པར་བྱེད། ཐོབ་པའི་ཐོབ་པས་ཐོབ་པ་ཁོ་ན་ལྡན་པར་བྱེད་པའི་ཕྱིར་རོ། །དེའི་སྐད་ཅིག་གཉིས་པ་ལ་དེ་གསུམ་གྱི་ཐོབ་པ་གསུམ་དང་། ཐོབ་པའི་ཐོབ་པ་གསུམ་སྟེ་དགུ་དང་། གསུམ་པ་ལ་དེ་དགུའི་ཐོབ་པ་དགུ་དང་། དགུ་པོ་དེའི་ཐོབ་པ་དགུ་སྟེ་ཉེར་བདུན་དང་། བཞི་པ་ལ་ཉེར་བདུན་ཕྲག་གསུམ་ལ་སོགས་པ་སྐྱེ་བར་འདོད། སློབ་དཔོན་གྱིས་ནི་སྐྱེ་བ་འདིས་ནི་ཐོབ་པ་རྣམས་ཀྱི་དགའ་སྟོན་ཞིག་སྟེ་བརྟས་ཏེ་ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་ཀྱི་དེ་ལྟ་མ་ཡིན་ན་སྲོག་ཆགས་གཉིས་པས་ནི་ནམ་མཁའ་ལ་གོ་སྐབས་རྙེད་པར་མི་འགྱུར་རོ་ཞེས་སུན་འབྱིན་པར་མཛད་དོ། །བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །ཞེས་པའི་སྐབས་སུ་རྒྱུ་ལ་མཚན་ཉིད། མཚན་གཞི། དབྱེ་བ། གྲངས་ངེས། དབྱེ་བ་སོ་སོའི་མཚན་ཉིད་དང་ལྔ་ལས། དང་པོ་ནི། ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པའི་རྫས་སོ། །གཉིས་པ་ནི། ཤེས་བྱ་གཞི་ལྔ་པོ་ཐམས་ཅད་དེ། རིགས་པས་དཔྱད་བཟོད་ཀྱིས་རྫས་ཡོད་ཐམས་ཅད་རྒྱུ་ཡིན་པའི་དབང་དུ་བྱས་པའོ། །གསུམ་པ་ནི། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བ་དང་། སྐལ་མཉམ་དང་། མཚུངས་པར་ལྡན་པ་དང་། ཀུན་འགྲོ་དང་། རྣམ་སྨིན་གྱི་རྒྱུ་སྟེ་དྲུག་གོ །དྲུག་ཏུ་འདོད་ཅེས་པ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་འཇོག་པའི་ཚེ་ཡང་དག་པར་བསྡུས་པའི་གཞི་ཉམས་པས་རྒྱུ་དྲུག་ཚང་བར་སྟོན་པའི་མདོ་ནི་ནུབ་ལ། སོ་སོར་སྟོན་པ་བསྡུས་ནས་དྲུག་ཏུ་འདོད་ཅེས་པ་སྟེ། དེ་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་པས་བྱེད་རྒྱུ་དང་། ལམ་གྱི་ཡན་ལག་གསུམ་པོ་འདི་དག་ནི་ཡང་དག་པའི་ལྟ་བའི་རྗེས་སུ་འབྲངས་ནས་ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པའོ་ཞེས་པས་ལྷན་ཅིག་འབྱུང་བའི་རྒྱུ་དང་། འདིའི་དགེ་བའི་རྩ་བ་ལས་དགེ་བའི་རྩ་བ་གཞན་སྐྱེ་བར་འགྱུར་བས་ཆུང་ངུ་དང་ལྷན་ཅིག་འགྱུར་བ་ཡོད་ན་འདི་ཕྱིས་ནས་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་པས་སྐལ་མཉམ་གྱི་རྒྱུ་དང་། སྐྱེས་ནས་ཤེས་པ་དང་མཚུངས་པར་ལྡན་པ་འདི་ནི་མཐོང་བའི་ལམ་གྱི་གཞི་ཅན་གྱི་དད་པའོ་ཞེས་པས་མཚུངས་ལྡན་གྱི་རྒྱུ་དང་། གང་ཟག་ལོག་ལྟ་ཅན་གྱི་ལུས་ངག་ཡིད་ཀྱི་ལས་ནི་མི་འདོད་པ་དང་མི་སྡུག་པ་ལ་སོགས་པར་འགྱུར་རོ་ཞེས་པས་ཀུན་འགྲོའི་རྒྱུ་དང་། ཆེད་དུ་བསམ་པའི་ལས་བསམ་ཞིང་བསགས་པའི་རྣམ་སྨིན་ཞེས་པས་རྣམ་སྨིན་གྱི་རྒྱུ་བསྟན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའོ། །བཞི་པ་ནི། ཅིའི་ཕྱིར་རྒྱུ་དྲུག་ཏུ་གྲངས་ངེས་ཞེ་ན། འབྲས་བུའི་རིགས་ལ་ལྟོས་ནས་ཐུན་མོང་གི་རྒྱུ་དང་། ཐུན་མོང་མ་ཡིན་པའི་རྒྱུ་གཉིས་ལས། དང་པོ་ནི་བྱེད་རྒྱུ། གཉིས་པ་ལ་དུས་མཉམ་པའི་རྒྱུ་དང་། དུས་ཐ་དད་པའི་རྒྱུ་གཉིས་ལས། དང་པོ་ལ་སྤྱིར་ལྷན་ཅིག་འབྱུང་བ་དང་། བྱེ་བྲག་མཚུངས་པར་ལྡན་པའི་རྒྱུ་གཉིས། གཉིས་པ་ལ་འདྲ་བར་སྐྱེད་པའི་རྒྱུ་དང་། མི་འདྲ་བར་སྐྱེད་པའི་རྒྱུ་གཉིས་ལས། དང་པོ་ལ་སྤྱིར་སྐལ་མཉམ་དང་། བྱེ་བྲག་ཀུན་ཏུ་འགྲོ་བའི་རྒྱུ་གཉིས། ཕྱི་མ་ནི་རྣམ་སྨིན་གྱི་རྒྱུའོ། །ལྔ་པ་ལ་དྲུག་པོ་རེ་རེ་ཡང་མཚན་ཉིད་དང་། མཚན་གཞི་གཉིས་གཉིས་ཀྱི་སྒོ་ནས་ངེས་པར་བྱ་བ་ལས། དང་པོ་བྱེད་རྒྱུ་ལ་མཚན་ཉིད་ནི། འདུས་བྱས་ཀྱི་ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པའམ། བྱ་བ་བྱེད་པའི་སྒོ་ནས་རྒྱུར་བཞག་ཏུ་རུང་བ། མཚན་གཞི་ལ་བྱེད་རྒྱུ་ནུས་མེད་དང་ནུས་བཅས་གཉིས་ལས། དང་པོ་ནི། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འདུས་བྱས་ཀྱི་བྱེད་རྒྱུ་ཡིན་པ་དང་། འདུས་བྱས་ལ་ཡང་མི་སྐྱེ་བའི་ཆོས་ཅན་རྣམས་འདུས་བྱས་གཞན་རྣམས་ཀྱི་བྱེད་རྒྱུ་དང་། སྐྱེས་ཟིན་པ་ལ་ཡང་བུམ་པ་སྣམ་བུའི་བྱེད་རྒྱུ་ཡིན་པ་སོགས་སོ། །བྱེད་རྒྱུ་ནུས་བཅས་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་ཤེས་སྐྱེ་བ་སོགས་རྒྱུ་གཞན་ལྔ་པོ་ཐམས་ཅད་དོ། །གཉིས་པ་ལ་མཚན་ཉིད་ནི། རང་དང་དུས་མཉམ་པའི་འབྲས་བུ་དེ་དང་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བའོ། །མཚན་གཞི་ནི་ཚོགས་པ་གཅིག་པའི་འབྱུང་བ་ལྟ་བུ་གཟུགས་ཕུང་ཕན་ཚུན་དང་། སེམས་དང་སེམས་ཀྱི་རྗེས་འཇུག་ལྟ་བུ་རྣམ་པར་ཤེས་པའི་ཕུང་པོ་དང་། ཕུང་པོ་བར་པ་གསུམ་ཕན་ཚུན་དང་། མཚན་གཞི་འདུས་བྱས་དང་། མཚན་ཉིད་སྐྱེ་སོགས་བཞི་ལྟ་བུ་ཕུང་པོ་ལྔ་ཆར་དང་། མི་ལྡན་པའི་འདུ་བྱེད་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བ་གསུམ་གསུངས་སོ། །གསུམ་པ་ལ་མཚན་ཉིད་ནི། རང་གི་འབྲས་བུ་ཕྱི་མ་རང་དང་རིགས་འདྲ་བར་བསྐྱེད་པའི་རྒྱུའོ། །མཚན་གཞི་ལ་ཟག་བཅས་དང་། ཟག་མེད་གཉིས་ལས། དང་པོ་ལ་རྒྱུ་འབྲས་རིགས་འདྲ་བའི་ཚད། རྒྱུ་འབྲས་གཉིས་ཀ་ཡང་དགེ་བ་དང་། ཉོན་མོངས་པ་ཅན་དང་། མ་སྒྲིབ་པ་གསུམ་པོ་གང་རུང་དུ་འདྲ་བ་སྟེ་དེ་ཡང་ས་གཅིག་པའི་སྤང་བྱ་རིས་ལྔ་པོ་གང་རུང་དུ་འདྲ་བའོ། །དེ་ཡང་ས་བོན་གྱིས་མྱུ་གུ་བསྐྱེད་པ་དང་། རྔ་དང་དབྱུག་གུས་རྔ་སྒྲ་བསྐྱེད་པ་དང་། ཆུས་ཆུ་སྒྲ་བསྐྱེད་པ་སོགས་རྒྱུ་འབྲས་གཉིས་ཀ་འདོད་པ་ལྟ་བུའི་ས་གཅིག་གིས་བསྡུས་པའི་སྒོམ་སྤངས་སུ་རིགས་འདྲ་བས་སྐལ་མཉམ་གྱི་རྒྱུར་འགྱུར་བའོ། །འདིའི་འབྲས་བུ་རྒྱུ་མཐུན་གྱི་འབྲས་བུར་འོག་འབྲས་བུའི་སྐབས་སུ་བཤད་པས་སྒྲ་ལ་རྒྱུ་མཐུན་ལས་བྱུང་བ་ཡོད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །ཚུལ་འདི་མ་ཤེས་པར་ཊཱིཀྐ་གསར་པ་བྱེད་པ་དག་གིས་སྒྲ་ལ་རྒྱུན་མེད་པས་རྒྱུ་མཐུན་ལས་བྱུང་བ་མི་འཐད་ཅེས་རྩ་བ་སུན་འབྱིན་པར་གྲག་གོ །ཟག་མེད་ཀྱི་དབང་དུ་བྱས་པ་ནི་ས་གཅིག་པ་མི་དགོས་ཏེ། ཟག་མེད་ས་དགུ་ལ་བརྟེན་པའི་ལམ་བདེན་ནི་ཕན་ཚུན་སྐལ་མཉམ་གྱི་རྒྱུར་འགྱུར་བ་ཡོད་པའི་ཕྱིར་རོ། །འདི་ལ་ཡང་། མཐོང་ལམ་སྐད་ཅིག་དང་པོ་རང་གི་རྒྱུན་ཕྱི་མ་དང་། བསྒོམ་ལམ་དང་མི་སློབ་པའི་ལམ་གསུམ་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་དང་། དེ་བཞིན་དུ་བསྒོམ་ལམ་གཉིས་ཀྱི་དང་། མི་སློབ་ལམ་གཅིག་གི་དང་། དེ་བཞིན་དུ་དབང་རྟུལ་གྱི་ལམ་གཉིས་ཀྱི་དང་། དབང་རྣོན་གྱི་ལམ་གཅིག་གི་དང་། དུས་སྦྱོར་དང་པོའི་ལམ་དྲུག་གི་དང་། མི་གཡོ་བའི་ཆོས་ཅན་གྱི་ལམ་གཅིག་གི་སྐལ་མཉམ་གྱི་རྒྱུ་ཡིན་པ་སོགས་མཉམ་པ་དང་ཁྱད་པར་ཅན་གྱི་ཡིན་གྱི་དམན་པའི་སྐལ་མཉམ་གྱི་རྒྱུ་ནི་མ་ཡིན་ནོ། །བཞི་པ་ལ་མཚན་ཉིད་ནི། རང་དང་དུས་མཉམ་པའི་འབྲས་བུ་དེ་དང་ཕན་ཚུན་རྒྱུ་འབྲས་སུ་འགྱུར་བ་གང་ཞིག མཚུངས་ལྡན་ཡིན་པ། མཚན་གཞི་ནི། དམིགས་པ་དང་། རྣམ་པ་དང་། རྫས་དང་དུས་མཚུངས་པ་ཙམ་མཚུངས་ལྡན་གྱི་རྒྱུར་འཇོག་ན་གང་ཟག་ཕན་ཚུན་གྱི་སེམས་སེམས་བྱུང་རྣམས་ཀྱང་མཚུངས་ལྡན་གྱི་རྒྱུར་འགྱུར་བས་རྟེན་དབང་པོ་གཅིག་ལ་བརྟེན་པའི་སེམས་སེམས་བྱུང་རྣམས་སོ། །ལྔ་པ་ལ་མཚན་ཉིད་ནི། ཀུན་འགྲོ་ཞེས་བྱ་བའི་ཉོན་མོངས་ཅན་གང་ཞིག རང་འབྲས་རང་སས་བསྡུས་པའི་ཉོན་མོངས་ཅན་ཕྱི་མ་བསྐྱེད་པ་སྟེ། གང་ཞིག་གིས་སྐལ་མཉམ་གྱི་རྒྱུ་གཞན་རྣམས་གཅོད། རང་སས་བསྡུས་པའི་ཉོན་མོངས་ཅན་གྱིས་རྣམ་སྨིན་གྱི་རྒྱུ་གཅོད། ཕྱི་མ་ཞེས་པས་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཅོད་དོ། །མཚན་གཞི་ལ་གང་ཞིག་གི་དོན་ནི་སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ། ཀུན་འབྱུང་མཐོང་སྤང་གི་ལོག་ལྟ་དང་། ལྟ་བ་མཐར་འཛིན་གཉིས། དེ་གཉིས་ཀྱི་ཐེ་ཚོམ་གཉིས། དེ་དང་མཚུངས་ལྡན་དང་། མ་འདྲེས་པའི་མ་རིག་པ་རིས་གཉིས་ཏེ་བཅུ་གཅིག་གོ །དེ་དག་ཀྱང་རང་དང་དུས་མཉམ་ལ་རྒྱུ་གཉིས་དང་། ཕྱི་མ་རྣམས་ལ་རྣམ་སྨིན་གྱི་རྒྱུར་འགྱུར་བ་ཡོད་ཀྱང་འདིར་ནི་རང་སས་བསྡུས་པའི་ཉོན་མོངས་ཅན་ཕྱི་མ་བསྐྱེད་པའི་ཆའོ། །དེ་ལྟར་ན་འདི་དང་སྐལ་མཉམ་གྱི་རྒྱུ་གཉིས་ལ་མུ་བཞི་ལས་གཉིས་ཀ་ཡིན་པ་ནི་སྔར་གྱི་སྤང་བྱ་རིས་གཉིས་པ་རང་གི་རིས་ཕྱི་མ་བསྐྱེད་པའི་ཆའོ། །སྐལ་མཉམ་གྱི་རྒྱུ་ཡིན་ལ་ཀུན་འགྲོའི་རྒྱུ་མ་ཡིན་པ་ནི་དེ་ལས་གཞན་པའི་སྐལ་མཉམ་གྱི་རྒྱུ་རྣམས་སོ། །ལྡོག་པ་ནི་སྔར་གྱི་སྤང་བྱ་རིས་གཉིས་པོ་རང་སས་བསྡུས་པའི་རིས་གཞན་གྱི་ཉོན་མོངས་ཅན་གྱི་རྒྱུར་འགྱུར་བ་ལྟ་བུའོ། །གཉིས་ཀ་མིན་པ་ནི་ལྷན་ཅིག་འབྱུང་བ་དང་། མཚུངས་ལྡན་དང་། རྣམ་སྨིན་གྱི་རྒྱུ་ལྟ་བུའོ། །དྲུག་པ་ལ་མཚན་ཉིད་ནི། རང་གི་འབྲས་བུའི་གཙོ་བོ་རྣམ་སྨིན་གྱི་ཕུང་པོ་བསྐྱེད་པར་བྱེད་པའོ། །མཚན་གཞི་ནི་མི་དགེ་བ་དང་དགེ་བ་ཟག་བཅས་ཁོ་ན་ཡིན་གྱི་ལུང་མ་བསྟན་མིན་ཏེ། མཐུ་ཆུང་བའི་ཕྱིར། ས་བོན་རུལ་པ་བཞིན་ནོ། །ཟག་མེད་ནི་མ་ཡིན་ཏེ། སྲེད་པའི་རླན་དང་བྲལ་བའི་ཕྱིར། ས་བོན་རླན་དང་བྲལ་བ་བཞིན་ནོ། །འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །ཞེས་པའི་སྐབས་སུ་འབྲས་བུའི་མཚན་ཉིད། དབྱེ་བ། མཚན་གཞི། དེ་ལས་འཕྲོས་པའི་བརྒལ་ལན་དང་བཞི་ལས། དང་པོ་ནི། རྒྱུས་བསྐྱེད་པར་བྱ་བའམ་ཐོབ་པར་བྱ་བའི་རིས་སུ་གནས་པའོ། །གཉིས་པ་ནི། ལྔ་སྟེ། རྣམ་སྨིན། རྒྱུ་མཐུན། བྲལ་བ། སྐྱེས་བུ། བྱེད་པ། བདག་པོའི་འབྲས་བུ་སྟེ་འདི་དག་ལ་དྲུག་པོ་གང་གི་འབྲས་བུ་གང་ཡིན་པ་དང་། སོ་སོའི་ངོ་བོ་རྣམས་ནི་གཞུང་ན་གསལ་ལོ། །གསུམ་པ་ནི། འདུས་བྱས་ཐམས་ཅད་དང་། སོ་སོར་བརྟགས་འགོག་གོ །བཞི་པ་ནི། འདུས་མ་བྱས་གསུམ་ཆར་རྒྱུ་དང་བྲལ་བའི་འབྲས་བུ་ཡིན་ཀྱང་། འདུས་མ་བྱས་ལ་རྒྱུ་དང་འབྲས་བུ་ནི་མེད་དེ། དེ་ལ་རྒྱུ་དྲུག་དང་འབྲས་བུ་ལྔ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རྒྱུ་གཞན་ལྔ་མེད་ཀྱང་བྱེད་རྒྱུ་ཅི་ཕྱིར་མེད་ཅེ་ན། དེ་ཡང་མེད་དེ། བྱེད་རྒྱུའི་དོན་ནི། ཆོས་གཞན་སྐྱེ་བ་ལ་གེགས་མི་བྱེད་པ་ཡིན་ལ། འདུས་མ་བྱས་ལ་སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་ལམ་བདེན་ཡང་བྲལ་བའི་བྱེད་རྒྱུ་མ་ཡིན་ནོ། །འོ་ན་བྲལ་བའི་ལམ་གྱི་འབྲས་བུ་ཇི་ལྟར་འཇོག་ཅེ་ན་ལམ་གྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ། །འོ་ན་ཐོབ་པའི་རྒྱུར་འགྱུར་རོ་ཞེ་ན། ནུས་པ་མི་གཅིག་སྟེ། ལམ་གྱིས་ཐོབ་པ་ནི་སྐྱེད་པར་བྱེད་ལ། བྲལ་བ་ནི་ཐོབ་པར་བྱེད་པའི་ཕྱིར་རོ། །འབྲས་བུ་གཞན་བཞི་པོ་མེད་ཀྱང་བདག་པོའི་འབྲས་བུ་ཅི་ཕྱིར་མེད་དེ། འདུས་མ་བྱས་ཆོས་གཞན་གྱི་བྱེད་རྒྱུར་འགྱུར་བའི་ཕྱིར་དང་། བདག་པོའི་འབྲས་བུ་དང་པོའི་ཡིན་ཞེས་བཤད་པས་སོ་ཞེ་ན། ཆོས་གཞན་གྱི་རྒྱུར་འགྱུར་ཡང་འདིའི་འབྲས་བུ་མེད་དེ། དུས་ཀྱིས་མ་བསྡུས་པས་འབྲས་བུ་འཛིན་འབྱིན་ལས་གྲོལ་བའི་ཕྱིར་རོ། །དེས་ན། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ན་བདག་པོའི་འབྲས། །ཞེས་པ་ཡང་ལེགས་པར་གྲུབ་བོ། །མདོར་ན་ལུགས་འདི་ལ་ཁྱོད་ཆོས་དེའི་རྒྱུ་ཡིན་ན། ཆོས་དེ་ཁྱོད་ཀྱི་འབྲས་བུ་མ་ཡིན་པ་བུད་ཅེས་དང་། ཁྱོད་རྒྱུ་ཡིན་ན། ཁྱོད་ཀྱི་འབྲས་བུ་མེད་པ་བུད་ཅེས་དང་། ཁྱོད་ཆོས་དེའི་འབྲས་བུ་ཡིན་ན། ཆོས་དེ་ཁྱོད་ཀྱི་རྒྱུ་མ་ཡིན་པར་བུད་ཅེས་དང་། ཁྱོད་འབྲས་བུ་ཡིན་ན་ཁྱོད་ཀྱི་རྒྱུ་མེད་པ་བུད་ཅེས་པ་བཞི་ལ་ཁྱབ་པ་ཁས་མི་ལེན་པ་ནི་གནད་ཀྱི་དོན་ཏོ། །འདིར་མདོ་སྡེ་པས་འདུས་མ་བྱས་རྒྱུ་མ་ཡིན་པ་དང་། རྫས་སུ་མེད་པ་དང་། དངོས་པོ་མེད་པའི་ལུང་རིགས་མང་དུ་བཀོད་པ་དང་། བྱེ་བྲག་ཏུ་སྨྲ་བས་དེ་ལས་བཟློག་པའི་བརྒལ་ལན་རྣམས་ནི་འགྲེལ་པར་བལྟ་བར་བྱའོ། །འདོད་ཡིད་དགེ་དང་མི་དགེ་དང་། །ཞེས་པའི་སྐབས་སུ། དེ་མ་ཐག་རྐྱེན་དུ་འགྱུར་བའི་སེམས་བཅུ་གཉིས་སུ་དབྱེ་བ། ཚེའམ་གནས་སྐབས་བརྒྱད་དུ་དབྱེ་བ། འགྱུར་ཚུལ་གཅིག་ལ་དཔེར་མཚོན་པ་དང་གསུམ་ལས། དང་པོ་ནི། སྤྱིར་སེམས་ལ་འདོད་པའི་བཞི། ཁམས་གོང་མ་གཉིས་ཀྱི་གསུམ་གསུམ། ཟག་མེད་གཉིས་ཏེ་བཅུ་གཉིས་སུ་དབྱེ་བ་ནི་གཞུང་ན་གསལ་ལོ། །གཉིས་པ་ནི། ཚེའམ་གནས་སྐབས་བརྒྱད་ཤེས་པར་བྱ་སྟེ། རིས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུན་གྱི་ཚེའམ། ས་གཅིག་པའི་རིས་མི་འདྲ་བ་དག་ཀྱང་འབྱུང་བས་མཚུངས་པའི་ཚེ་དང་། ཁམས་གསུམ་གྱི་སེམས་ལས་ཤི་ཡང་སྐྱེས་སེམས་ཉོན་མོངས་ཅན་ཁོ་ན་འབྱུང་བ་ཉིང་མཚམས་སྦྱོར་བའི་ཚེ་དང་། ཁམས་གསུམ་གང་རུང་གི་དགེ་བས་ཟག་བཅས་ཟག་མེད་ཀྱི་མཉམ་གཞག་ལ་སྦྱོར་བ་སྙོམས་པར་འཇུག་པའི་ཚེ་དང་། མཉམ་གཞག་དེ་ལས་ལངས་པ་ན་སྔར་གྱི་དགེ་བ་གསུམ་པོ་གང་རུང་འབྱུང་བ་སྙོམས་འཇུག་ལས་ལྡང་བའི་ཚེ་དང་། ས་གོང་མའི་ཏིང་ངེ་འཛིན་སྒོམ་པ་ན་གལ་ཏེ་ཉོན་མོངས་ཅན་དུ་འགྱུར་ན། འདི་ལས་འོག་མའི་དགེ་བའང་བླའི། གོང་སའི་ཉོན་མོངས་པ་ནི་མི་བླའོ་སྙམ་ནས། འོག་སའི་དགེ་བས་ལྡང་བར་གྱུར་ཅིག་ཅེས་འཕངས་པ་ན་འོག་སའི་དགེ་བ་ལ་གནས་པ་སྙོམས་མཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་དང་། ཟག་བཅས་ཀྱི་དགེ་བ་ལ་འདོད་གཟུགས་ཀྱི་སྤྲུལ་སེམས་ལུང་མ་བསྟན་འབྱུང་བ་སྤྲུལ་པ་ལ་འཇུག་པའི་ཚེ་དང་། སྤྲུལ་པས་སེམས་དེ་དག་ལས་ལངས་པ་ན་གཟུགས་ཀྱི་དགེ་བ་ཁོ་ན་འབྱུང་བ་སྤྲུལ་པ་ལས་ལྡང་བའི་ཚེའོ། །གསུམ་པ་ནི། འདོད་པའི་སེམས་དགེ་བ་ལས་མཇུག་ཐོག་ཏུ་སེམས་དགུ་འབྱུང་སྟེ། རྒྱུན་གྱི་ཚེ་རང་སའི་དགེ་བ་དང་། ས་མཚུངས་པའི་ཚེ་རང་སའི་གཞན་བཞི་དང་། ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་སྒྲིབ་པ་གཉིས་དང་། དགེ་བ་སྦྱོར་བྱུང་ལ་སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས་འབྱུང་བའི་ཕྱིར་རོ། །གོང་མའི་མ་བསྒྲིབས་པ་གཉིས་ཚེ་བརྒྱད་པོ་གང་ཡང་མ་ཚང་བས་མི་འབྱུང་ངོ་། །སྙོམས་པར་འཇུག་པའི་ཚེ་གཟུགས་མེད་ཀྱི་དགེ་བ་མི་འབྱུང་ངམ་སྙམ་ན། རྟེན་དང་། རྣམ་པ་དང་། དམིགས་པ་དང་། གཉེན་པོ་སྟེ་རིང་བ་བཞི་ཡིས་རིང་བས་མི་འབྱུང་ངོ་། །དེ་བཞིན་དུ་གཞན་རྣམས་ལའང་ཞིབ་ཏུ་སྦྱར་བར་བྱའོ། །སློབ་པ་བཞི་ལས་ཞེས་གསུངས་པས་ན་ལུགས་འདི་ལ་དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་པ་ཡོད་པས་མི་སློབ་པའི་སེམས་ཀྱི་རྗེས་སུའང་སློབ་པ་འབྱུང་བ་མ་ཡིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། འདིར་ནི་དེ་མ་ཐག་རྐྱེན་བྱེད་ཚུལ་འཆད་པའི་སྐབས་ཡིན་ལ། འབྲས་བུ་ལས་ཉམས་པའི་ཚེ་དང་པོར་མི་སློབ་པའི་ཟག་མེད་ཀྱི་རྗེས་སུ་རྗེས་ཐོབ་འབྱུང་། དེའི་ཚེ་ཉོན་མོངས་མངོན་དུ་གྱུར་ནས་སློབ་པར་འགྱུར་བས་ན་ཤེས་པ་རིགས་མི་མཐུན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །དེ་ན་སློབ་པ་བཞིའི་རྗེས་སུ་འབྱུང་ཞིང་། མི་སློབ་པ་ནི་བསྒོམ་ལམ་ཐ་མའི་རྗེས་སུ་ཟད་པ་ཤེས་པ་འབྱུང་བས་ལྔའི་རྗེས་སུ་འབྱུང་བ་ལེགས་པར་གྲུབ་བོ། །དབང་པོ་བསྟན་པའི་གནས་ཀྱི་དཀའ་བའི་གནས་རྣམས་བཤད་ཟིན་ཏོ།།  ༈  །།དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཞེས་པའི་སྐབས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཤེས་པར་བྱ་བའི་དོན་གཉིས་ལས། དང་པོ་ནི། བཅུད་ཀྱི་འཇིག་རྟེན་ནོ། །གཉིས་པ་ནི། བསོད་ནམས་མ་ཡིན་པས་དེར་ཁྲིད་པས་སམ། ཡི་གེ་བསྣན་པའི་ངེས་ཚིག་གིས་ན་དགག་ཚིག་གི་ར་རི་དགའ་བ། ཀ་ར་བྱེད་པ་སྟེ་དགའ་བར་བྱེད་པ་མེད་པས་ན་དམྱལ་བའོ། །སློབ་དཔོན་འདུས་བཟང་ནི་ས་ར་ཀ་ནི་མ་རྙེད་པའི་དོན་ཅན་ཡིན་པས་སྐྱབས་མི་རྙེད་ཅིང་མེད་པས་དམྱལ་བའོ་ཞེས་གསུངས་སོ། །མི་ལྟར་འགྲེངས་ཏེ་མི་འགྲོ་ཡི་དུད་དེ་འགྲོ་བས་དུད་འགྲོའོ། །ཕྱིར་མི་ལྡོག་པར་སོང་བས་སམ་སྐམ་སར་འགྲོ་བས་ཡི་དྭགས་སོ། །ཡིད་ཤས་ཆེ་བས་སམ། སྐྱེ་རྒུའི་བདག་པོ་ཤེད་ཀྱི་བུ་ཡིན་པས་མིའོ། །རྒྱལ་པོ་ཆེན་པོ་བཞིའི་རིས་སུ་གཏོགས་པས་སམ་བཞིའི་གནས་ན་ཡོད་པས་དེའོ། །ལེགས་བྱས་ལྷན་ཅིག་བྱས་པ་རྣམས་དེར་སྐྱེས་པས་སམ། འཆི་མེད་མཛོད་ཀྱི་འགྲེལ་པར། དབང་པོ་འཛིན་བྱེད་ཡང་གཞན་དང་། །འཇོག་པོ་རྒྱས་བྱེད་བསྟན་བྱ་དང་། །ཆ་ཅན་རྣམས་གནས་ཁྱབ་འཇུག་དང་། །འོད་ཆེན་བསྒྲོད་བྱེད་བཤེས་གཉེན་ཉིད། །ཅེས་པ་ཉི་མའི་མིང་ཅན་བཅུ་གཉིས་དང་། གཅིག་པུར་མ་སྐྱེས་འཆིང་བྱེད་དང་། །འཇོག་པོ་དྲག་པོ་བརྩོན་འགྲུས་ལྡན། །འཕྲོག་བྱེད་ཉིད་དང་བདེ་འབྱུང་དང་། །མིག་གསུམ་གཞན་གྱིས་མི་ཐུབ་པ། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་རྣམས་སུ་བཤད། །ཅེས་དང་། ཡིད་རྩུགས་ངེས་བྱེད་ཟླ་བ་ཅན། །འཛིན་པ་ཉིད་དང་རླུང་དང་མེ། །ཐོ་རངས་དང་ནི་རབ་གསལ་བྱེད། །ཅེས་པ་དེ་བརྒྱད་ནོར་ལྷར་བཤད། །ཅེས་པ་དང་། ཐ་སྐར་གྱི་བུ་གཉིས་ཏེ་སུམ་ཅུ་རྩ་གསུམ་ཡོད་པས་དེའོ། །ལ་ལ་ནི་བྱང་ཆུབ་དང་། སྟོབས་མཆོག་དང་། དགེ་བ་སོགས་ནོར་ལྷ་བརྒྱད། ཁྱབ་འཇུག་དང་། ཚོགས་བདག་དང་། གཤིན་རྗེ་དང་། ཙ་ར་དང་། མ་ཧཱ་ཀཱ་ལ་དང་། བྷྲྀང་གི་རི་ཊི་དང་། ཀ་ར་སོགས་དྲག་པོ་བཅུ་གཅིག་དང་། དགའ་བ་དང་། ཉེ་དགའ་དང་། དབང་ཕྱུག་དང་། འདོད་བྱེད་དང་། འོད་སྐྱོང་དང་། ཐབས་ཆེན་དང་། སེང་གེ་དང་། གང་པོ་དང་། བདེ་བ་དང་། ཤེས་ཆེན་དང་། ལེགས་ཆེན་དང་། ལྷ་མཆོག་ནི་ཉི་མ་བཅུ་གཉིས་རྣམས་སུ་སྨྲའོ། །ལྷ་དང་ལྷ་མིན་འཐབ་པ་དང་བྲལ་བས་སམ། བསོད་ནམས་ཀྱིས་སོང་བས་སམ། ལྷ་མཚེ་མར་བརྫུས་ཏེ་སྐྱེ་བས་སམ། མེལ་ཚེ་ཐུན་རེ་ལ་བསྐུལ་བའི་སྐད་འབྱུང་བས་ཡ་མའོ། །ཆོས་ཀྱི་བདེ་བ་དང་དགའ་བ་ལྷག་པར་ཆེ་བས་དགའ་ལྡན་ནོ། །རང་གི་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བར་བྱེད་པས་འཕྲུལ་དགའ་འོ། །གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བསྒྱུར་བས་གཞན་སྤྲུལ་དབང་བྱེད་དོ། །ས་འགྲེལ་དུ་སྡིག་པ་སྤོང་བ་ལ་སྤྱོད་པའི་ཕྱིར་སྡིག་པའི་ཆོས་བསལ་བས་ན་ཚངས་པ་སྟེ་དེའི་རིས་སུ་གཏོགས་པས་དེའོ། །ཚངས་པ་ཆེན་པོའི་མདུན་དུ་འདུག་སྟེ་ཚིག་འདོན་པས་དེའོ། །ཚེ་དང་ཁ་དོག་སོགས་ཚངས་པ་གཞན་པས་ཆེ་བས་ཚངས་ཆེན་ནོ། །རང་གི་ས་པ་གོང་མ་དག་ལ་ལྟོས་ནས་འོད་ཆུང་བས་འོད་ཆུང་ངོ་། །ཚད་གཟུང་བར་མི་ནུས་པས་ཚད་མེད་འོད་དོ། །གནས་གཞན་ཀུན་སྣང་བར་བྱེད་པས་འོད་གསལ་ལོ། །ཡིད་ཀྱི་ས་པའི་བདེ་བ་ལ་དགེ་བར་བཏགས་ཏེ་དེ་རང་གི་ས་པ་གོང་མ་ལས་ཆུང་བ་ཡོད་པས་དགེ་ཆུང་ངོ་། །བདེ་བ་ས་འོག་མ་ལས་ཚད་གཟུང་དུ་མེད་པ་ཡོད་པས་ཚད་མེད་དགེའོ། །བདེ་བ་ཆེར་རྒྱས་པས་དགེ་རྒྱས་སོ། །ས་གཞི་སྤྲིན་ཆགས་པ་ལྟ་བུ་འདབས་ཆགས་པ་མེད་པས་དེའོ། །མི་གཡོ་བའི་ལས་ལས་བྱུང་བས་བསོད་ནམས་སྐྱེས་སོ། །གནས་གཞན་དང་འབྲེལ་བའི་བྱིས་པ་ཀུན་ལས་འབྲས་བུ་ཆེ་བས་འབྲས་བུ་ཆེའོ། །ཚོགས་དྲུག་གི་འཁོར་གྱི་འདུ་ཤེས་རྒྱུན་བཅད་དེ་གནས་པས་འདུ་ཤེས་མེད་པའོ། །སོ་སོའི་སྐྱེ་བོ་དང་མ་འདྲེས་པའི་གནས་གཙང་མ་གོང་མ་རྣམས་ལས་མི་ཆེ་བས་དེའོ། །ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པའི་གདུང་བ་མེད་པས་མི་གདུང་བའོ། །རབ་ཏུ་ཞི་ཞིང་མིག་སྔར་མཛེས་པས་གྱ་ནོམ་སྣང་ངོ་། །མཐོང་བའམ་བལྟ་བ་རྣམ་པར་དག་ཅིང་བཟང་བས་ཤིན་ཏུ་མཐོང་ངོ་། །གནས་ཡོད་པ་ལ་འདི་ལས་ཆུ་ཞེང་ལ་སོགས་པའི་ཡོན་ཏན་མཆོག་གཞན་མེད་པས་འོག་མིན་ནོ། །ཡང་ན་གཟུགས་ཀྱི་མཐའ་ཡིན་པས་བསགས་མཐའ་འོ། །སྙོམས་འཇུག་གི་སྦྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་པའོ་སྙམ་པའི་རྣམ་པར་བྱེད་ཅིང་ལམ་དེ་ཉིད་སྐྱེད་བྱེད་ཡིན་པས་འབྲས་བུ་སྐྱེ་བ་ལའང་དེ་ཞེས་བྱའོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སོ་སྙམ་པ་དང་། ཅི་ཡང་མེད་དོ་སྙམ་པ་རྣམ་པར་བྱེད་པས་དེ་དག་གོ །འདུ་ཤེས་ནི་འབྲས་དང་ཟུག་རྔུ་ལྟ་བུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ་སྙམ་ནས་འདུ་ཤེས་གཞན་ལས་འབྱུང་བས་དེའོ། །གཉིས་པ་ཤེས་པར་བྱ་བའི་དོན་ལ་སར། གྲངས་དང་གནས་དང་ཚད་རྣམས་དང་། །ཚེ་ཡི་ཚད་དང་ལོངས་སྤྱོད་དང་། །སྐྱེ་བ་དང་ནི་ལུས་རྣམས་དང་། །རྒྱུ་དང་རྐྱེན་རྣམས་རྒྱ་ཆེར་རོ། །ཞེས་གསུངས་པ་ལྟར་བརྒྱད་ལས། དང་པོ་གྲངས་ནི། འགྲོ་བ་རིགས་དྲུག་གམ། རྒྱུད་དང་། ལམ་ལྔ་སྟེ། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་རྣམས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱར་བར་སྲིད་མིན། །ཞེས་སོ། །ལྷ་མ་ཡིན་ནི་ལྷའི་འགྲོ་བས་བསྡུས་པར་སར་གསུངས་ཤིང་། དོན་གསང་དུ་འཕེན་བྱེད་མི་དགེ་བས་འཕངས་པར་བཤད་པ་ནི་བརྟག་དགོས་ལ། དྲན་པ་ཉེར་གཞག་གི་མདོར། ལྷ་མ་ཡིན་དུད་འགྲོ་ཡིན་ནོ་ཞེས་པ་ནི་མི་བླུན་པོ་ལ་བ་ལང་ཞེས་འཐབ་པ་ལྟར་སྨད་པ་ཙམ་མོ། །ཡང་གྲུལ་བུམ་དང་། ཤ་ཟ་དང་། འབྱུང་པོ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། སྐེམ་བྱེད་དང་། གྲིབ་གནོན་དང་། སྲིན་པོ་དང་། ནམ་གྲུའི་གདོན་དང་། བྱའི་གདོན་དང་། ཚངས་པའི་སྲིན་པོ་རྣམས་ནི་ཡི་དྭགས་སུ་འདུ་བ་ཡིན་པ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོར་འཆད་ཅིང་། འཆི་མེད་མཛོད་དུ་ནི། རིག་འཛིན་ལྷ་ཡི་སྨད་འཚོང་མ། འདིར་ཚིག་བཞི་མི་ཚང་།་་་་་ྎགནོད་སྦྱིན་དང་། །སྲིན་པོ་ཤ་ཟ་མི་འམ་ཅི། །ཤ་ཟ་གསང་བ་གྲུབ་པ་དང་། །འབྱུང་པོ་ལྷ་ཡི་སྐྱེ་གནས་ཅན། །ཞེས་ཀྱང་བཤད་དོ། །བར་དོ་ནི་རིགས་དྲུག་ཏུ་མ་འདུས་པར་རྒྱ་མཚོ་སྤྲིན་དུའང་བཤད་ཅིང་། གདགས་པར་ཡང་སྲིད་པ་བར་མ་ནི་འགྲོ་བ་ལྔས་མ་བསྡུས་པའོ་ཞེས་བཞེད་དོ། །ལྟོ་འཕྱེ་ཆེན་པོ་དུད་འགྲོའོ། །གཉིས་པ་ལ་འདོད་ཁམས་ན་གནས་སུམ་ཅུ་རྩ་དྲུག་སྟེ། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས་ལྷ་མིན་རྣམས་དང་། གླིང་བཞི་གླིང་ཕྲན་བརྒྱད། འདོད་ལྷ་དྲུག་རྣམས་སོ། །འདིར་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དང་། །འདོད་པའི་ཁམས་ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ། །ཞེས་གསུངས་ཏེ། དམྱལ་བ་བརྒྱད་དང་གླིང་བཞིར་དབྱེ་བས་སོ། །གཟུགས་ཁམས་ལ་གནས་བཅོ་བརྒྱད་དེ། གཞུང་གི་བཅུ་བདུན་དང་། དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ཁོ་ན་བཞུགས་པའོ། །དེ་ཉིད་ལ་འོག་མིན་ཆེན་པོ་ཞེས་ཀྱང་ཟེར་རོ། །ཉི་འོག་བྱེ་བྲག་ཏུ་སྨྲ་བ་བཅུ་བདུན་དུ་སྨྲ་ལ། ཁ་ཆེ་བ་ནི། ཚངས་ཆེན་པ་མདུན་ན་འདོན་གྱི་དགོན་པ་ལྟ་བུ་ཡིན་པས་ན་བཅུ་དྲུག་ཏུ་སྨྲའོ། །གཟུགས་མེད་ཁམས་ནི་གནས་བཞིའམ་གནས་མེད་པ་སྟེ། གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་སོ། །དེ་ཉིད་ལས་དགུ་སྟེ། འདོད་པའི་ས་དང་། གཟུགས་ཁམས་བསམ་གཏན་ས་བཞི་དང་། གཟུགས་མེད་ས་བཞིའོ། །ཁམས་གསུམ་གྱིས་ནི་ས་དགུ་མ་བསྡུས་ཏེ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལ་མཐོང་ལམ་སོགས་བརྟེན་པ་ན་ས་བདུན་པོ་དེ་ཟག་མེད་དུ་སྐྱེས་པས་སོ། །དེས་ན་བསྡུ་བར། དབང་པོ་ཀུན་ཤེས་པ་གསུམ་སོགས་ཁམས་གསུམ་གྱིས་མ་བསྡུས་ཤིང་ས་ཡིས་བསྡུས་པར་བཤད་དོ། །ས་དགུ་ནི་ཆགས་བྲལ་གྱི་རིམ་པ་དགུའོ། །གསུམ་པ་ལུས་ཚད་ལ་དངོས་དང་། འཇལ་བྱེད་ཀྱི་ཚད་གཉིས་ལས། དང་པོ་ནི། ཆོས་མངོན་པར། ངན་སོང་གསུམ་གྱི་ལུས་ཚད་ངེས་པ་མེད་པར་བཤད་ཅིང་། རྒྱལ་བའི་ཡུམ་དུའང་དམ་པའི་ཆོས་སྤོང་བ་དམྱལ་བར་སྐྱེས་པའི་ལུས་ཚད་བཤད་དུ་མི་རུང་བར་བཀའ་སྩལ་ཏོ། །བཟང་སྐྱོང་གིས་ཞུས་པར་དམྱལ་བ་འགའ་ཞིག་མ་གཏོགས་པ་ལ་རང་གི་ཁྲུ་བརྒྱད་ཡོད་ཅེས་དང་། དྲན་པ་ཉེར་གཞག་ཏུ་མཚམས་མེད་གཅིག་བྱས་པའི་མནར་མེད་ཀྱི་ལུས་དཔག་ཚད་གཅིག་ནས་ལྔ་བྱས་པ་ལ་དཔག་ཚད་ལྔའི་བར་ཡོད་ཅེས་དང་། མྱ་ངན་ལས་འདས་པའི་མདོར། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཀྱང་གཅིག་ལ་གཅིག་མི་ཐོགས་ཞེས་དང་། དཀོན་མཆོག་ཏ་ལའི་མདོར། ཐེག་ཆེན་ལ་སྐུར་བ་བཏབ་པའི་དམྱལ་བའི་ལྕེ་ལ་དཔག་ཚད་འབུམ་ཡོད་ཅེས་དང་། ཉི་མའི་སྙིང་པོའི་མདོར། ཡི་དྭགས་ཆུང་བ་ལ་མཐོ་གང་དང་། ཆེ་བ་ལ་དཔག་ཚད་སྟོང་ཡོད་པ་དང་། དུད་འགྲོ་ཆུང་བ་ལ་སྐྲ་རྩེའི་ལྔ་བཅུའི་ཆ་དང་། གླང་པོ་རབ་བརྟན་དང་ས་སྲུང་གི་བུ་ལ་མཐའ་སྐོར་དུ་དཔག་ཚད་བདུན་དང་། རྒྱ་མཚོར་གནས་པའི་ཀླུའི་རྒྱལ་པོ་རྣམས་ཀྱིས་དེ་ལས་ལུས་མ་འཕགས་པར་རོ་སྟོད་ཀྱིས་སུམ་ཅུ་རྩ་གསུམ་དུ་ཕྱིན་ཏེ་ཐུབ་པ་ལ་ཆོས་ཉན་ཞེས་དང་། ལས་བརྒྱ་པར་ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཡོད་ཅེས་དང་། རྣམ་པར་ཤེས་པ་འཕོ་བའི་མདོར། ཀླུ་དགའ་བོ་དང་ཉེ་དགའ་བོའི་ལུས་ཀྱིས་རི་རབ་ཀྱང་གཡོ་ཞིང་དབུགས་ཀྱི་དུག་གིས་རྒྱ་མཚོའང་བཏུང་དུ་མི་རུང་བར་བྱེད་ཅེས་དང་། ལུང་གཞིར། ཀླུ་གཉིས་ཀྱིས་རི་རབ་ལ་ལན་གསུམ་དཀྲིས་པར་བཀའ་སྩལ་ཏེ། ཀླུའི་ལུས་རྣམས་ནི་སྤྲུལ་པ་ཡིན་པ་ཡང་སྲིད་དོ། །འཛམ་བུ་གླིང་པའི་མི་ལུས་རེས་ཆེ་ཞིང་རེས་ཆུང་ཡང་རང་གི་ཁྲུ་ཕྱེད་བཞིའོ། །འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་བྱང་། །ཞེས་བྱ་ཕྱི་མ་ཉིས་འགྱུར་བསྐྱེད། །ཅེས་ཏེ་ལུས་འཕགས་སོགས་ཀྱང་རང་རང་གི་ཁྲུ་ཕྱེད་དང་བཞིར་གསུངས་སོ། །བསྐལ་པ་དང་པོའི་མི་འགའ་ཞིག་ནི་བརྒྱ་བྱིན་དང་མཉམ་སྟེ། ཡབ་སྲས་འཇལ་བར་སྤྱི་བོ་སྐྱེས་དང་། བརྒྱ་བྱིན་སྟན་གཅིག་ལ་འདུག་པ་ན་མིག་འབྱེད་འཛུམ་ཡོད་མེད་མ་གཏོགས་པ་ཁྱད་པར་མེད་པར་བཀའ་སྩལ་བས་སོ། །སར། ལྷ་མ་ཡིན་རྣམས་ཀྱི་ལུས་དང་ཚེ་ཚད་སུམ་ཅུ་རྩ་གསུམ་དང་འདྲ་བར་གསུངས་སོ། །འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་ནི། །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །ཅེས་པ་དགའ་ལྡན་པ་ལ་རྒྱང་གྲགས་ཏེ་གོ་སླའོ། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་ཏེ་ཚངས་རིས་པའི་དཔག་ཚད་ཕྱེད་དང་། འོད་ཆུང་བའི་གཉིས་དང་། ཚད་མེད་འོད་པའི་བཞི་ནས་དགེ་རྒྱས་པའི་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པའི་གསུམ་དོར་བས་བརྒྱ་ཉེར་ལྔ་དང་། འོག་མིན་པའི་ཁྲི་དྲུག་སྟོང་གི་བར་སྟེ་བར་པ་རྣམས་རང་གི་བརྩིས་པས་ཤེས་སོ། །གཟུགས་མེད་ན་གཟུགས་མེད་པས་ལུས་ཚད་མེད་དོ། །དེ་ནའང་དགེ་འདུན་ཕལ་ཆེན་སྡེ་པ་དང་གོས་དམར་ཅན་གྱི་སྡེ་པ་གཟུགས་ཕྲ་བ་ཡོད་པར་འདོད་དེ། དེ་འགོག་པའི་བརྒལ་ལན་ནི་མཛོད་འགྲེལ་དུ་རྒྱས་པར་བཤད་པས་དེར་བལྟའོ། །གཉིས་པ་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་ནི་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་པ་ལ། ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུ་ལ་རྡུལ་ཕྲ་རབ་བོ་ཞེས་གསུངས་པ་ནི་མི་འཐད་དེ། དེ་ནི་ལུག་རྡུལ་ཡིན་པས་སོ། །ལུང་རྣམ་འབྱེད་དུ་སྔ་ཕྱི་རྣམས་དྲུག་འགྱུར་དང་། གདགས་པར་རྡུལ་ཕྲན་བདུན་ལ་ཉི་ཟེར་གྱི་རྡུལ་དུ་བཤད་པའང་ཡོད་དོ། །ཁྲུ་ནི་དང་པོ་ཆོས་མངོན་པ་བཤད་དུས་ཙམ་གྱི་མི་ཡི་ཁྲུ་ཡིས་བརྩིའོ་ཞེས་སློབ་དཔོན་རྒྱལ་པོའི་སྲས་སོ། །དུས་འཁོར་དུ་གཞུ་ཉིས་སྟོང་ལ་རྒྱང་གྲགས་དང་། དེ་བཞི་ལ་དཔག་ཚད་དུ་བཀའ་སྩལ་ཏོ། །བཞི་པ་ཚེ་ཚད་ལའང་གཉིས་ལས། དང་པོ་ནི། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །བ་ལང་སྤྱོད་པའི་ལྔ་བརྒྱ་དང་། །ལུས་འཕགས་ཉིས་བརྒྱ་ལྔ་བཅུའོ། །མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་པ་ཡི་ནི་ལྷ་རྣམས་ལས། །འོག་མ་རྣམས་ཀྱི་ཉིན་ཞག་སྟེ། །དེ་ཡི་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་ཏེ། ཉིན་ཞག་དེ་ཡིས་བགྲངས་པའི་ཞག་སུམ་ཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱེད་པ་སྟེ། སུམ་ཅུ་རྩ་གསུམ་པ་སོགས་ལྔའི་རིམ་པ་བཞིན་མི་ལོ་བརྒྱ་དང་། ཉིས་བརྒྱ་དང་། བཞི་བརྒྱ་དང་། བརྒྱད་བརྒྱ་དང་། སྟོང་དྲུག་བརྒྱས་རང་གི་ཉིན་ཞག་དང་། དེས་བགྲངས་པའི་རང་རང་གི་ལོ་སྟོང་ནས་ཁྲི་དྲུག་སྟོང་བར་ཚེ་ཚད་དོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་པ་སྟེ། རིམ་པ་བཞིན་གྲངས་ནི་འདྲའོ། །མཛོད་འགྲེལ་དུ་གཉའ་ཤིང་འཛིན་ཡན་ཆད་ན། ཉི་ཟླ་མེད་ཀྱང་ཉིན་མཚན་ནི་ཀུ་མུད་དང་། པདྨ་སོགས་མེ་ཏོག་ཁ་འབྱེད་འཛུམ་དང་། བྱ་རྣམས་སྐད་འབྱིན་མི་འབྱིན་དང་། གཉིད་སངས་པ་དང་བྲོ་བ་ལས་བཞག་སྟེ། སྣང་བའི་བྱ་བ་ནི་རང་གི་འོད་ཀྱིས་སོ། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ་དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ་ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་ཏེ། མིའི་ཟླ་བས་ཉིན་ཞག་བྱས་པའི་ལྔ་བརྒྱ་ནི། བཤེས་པའི་སྤྲིང་ཡིག་ཏུ། ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་པ་དང་དོན་གཅིག་གོ །གྲང་དམྱལ་རྣམས་ཀྱི་ཚེ་ཚད། སར། ཚ་དམྱལ་རྣམས་ཀྱི་ཕྱེད་ཕྱེད་ཐུབ་པར་གསུངས་ལ། འདིར་ནི། ཏིལ་རྫང་ནང་ནས་ལོ་བརྒྱ་ཞིང་། །ཞེས་སོགས་གསུངས་སོ། །ཉེ་འཁོར་བ་དང་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་ནི་ཚེ་ཚད་མ་ངེས་པར་གསུངས་སོ། །ཚངས་རིས་པས་བར་གྱི་བསྐལ་པ་ཉི་ཤུ་དང་། མདུན་ན་འདོན་པས་བཞི་བཅུ་དང་། ཚངས་ཆེན་པས་དྲུག་ཅུ་དང་། འོད་ཆུང་བས་བསྐལ་པ་ཆེན་པོ་གཉིས་དང་། ཚད་མེད་འོད་པས་བཞི་ནས། དགེ་རྒྱས་པས་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པས་བརྒྱ་ཉི་ཤུ་རྩ་ལྔ་དང་། འོག་མིན་པས་ཁྲི་དྲུག་སྟོང་ཐུབ་པའི་བར་ཏེ། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །ཞེས་སོ། །གཟུགས་མེད་པ་བཞིས་ཉི་ཁྲི་དང་། བཞི་ཁྲི་དང་། དྲུག་ཁྲི་དང་། བརྒྱད་ཁྲི་ཐུབ་སྟེ། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །ཞེས་སོ། །ཚེ་ཚད་མ་རྫོགས་པར་འཆི་བ་ནི། སྒྲ་མི་སྙན་མ་གཏོགས་པར་འཆི། །ཞེས་སོ། །གཞན་ཡང་བར་སྐབས་སུ་མི་འཆི་བ་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་དང་། རྒྱལ་བས་ལུང་བསྟན་པ་དང་། རྒྱལ་བའི་ཐད་དུ་བཏང་བའི་ཕོ་ཉ་དང་། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དག་དང་། བྱང་ཆུབ་སེམས་དཔའ་ཐ་མ་པ་དང་། འཁོར་ལོས་བསྒྱུར་བ་དང་། དེ་དག་མངལ་ན་ཡོད་པའི་ཡུམ་སོགས་སོ། །གཉིས་པ་འཇལ་བྱེད་བཤད་པ་ནི། འདིར། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །ཞེས་སོགས་གསུངས་སོ། །སྐད་ཅིག་གི་ཚད་ནི་རྣམ་འགྲེལ་ལས། རྡུལ་གཅིག་བསྒྲེས་རྡུལ་ཆུང་བ་ཡི། །མཐར་ཐུག་དུས་ནི་སྐད་ཅིག་འདོད། །ཅེས་དང་། མཛོད་འགྲེལ་དུ། ཆོས་མངོན་པ་བ་རྣམས་ན་རེ། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས་སྐད་ཅིག་དྲུག་ཅུ་རྩ་བཞི་འདའ་འོ་ཞེས་ཟེར་རོ་ཞེས་པ་ལྟར་རོ། །ཞག་མི་ཐུབ་པ་ནི་ལོ་གཅིག་ལ་དྲུག་སྟེ། མཛོད་འགྲེལ་དུ། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་ཏེ། དུས་དེ་གསུམ་ལ་ཟླ་བ་བཞི་བཞིའོ། །ཐུབ་པའི་དགོངས་རྒྱན་དུ། དེ་ནས་རྒྱལ་བ་ཅན་དང་། དབོ་དང་། ས་ག་དང་། ཆུ་སྟོད་དང་། ཁྲུམས་དང་། སྨིན་དྲུག་ཅན་རྣམས་ཀྱི་གནམ་སྟོང་ཆད་པ་ན་ཞག་ཉེར་དགུ་ཟླ་བའོ། །དགུན་ནི་སྨིན་དྲུག་ཅན་གྱི་ཉ་ནས་རྩོམ་མོ། །ལྔ་པ་ལ་དུཿཁ་དང་བདེ་བ་དང་ཁ་ཟས་དང་འཁྲིག་པའི་ལོངས་སྤྱོད་ཅི་རིགས་པར་ཏེ། དམྱལ་བའི་དུཿཁ་ནི། ལྕགས་ཀྱི་ས་བཞི་འབར་བ་མེ་ལྕེས་ཁྱབ་པ་ལྕགས་ཀྱི་རྭ་བས་ཀུན་ནས་བསྐོར་བ་ན་ཡང་སོས་ནི་ལས་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་ཀྱིས་དགྲའི་འདུ་ཤེས་ཀྱིས་ཕན་ཚུན་བཏབ་པས་བརྒྱལ་ཏེ་ས་ལ་འགྱེལ་བ་ན་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་འབྱུང་བའམ། རླུང་གྲང་མོ་ལངས་པས་ཡང་སོས་ཏེ། སྔ་མ་ལྟ་བུར་ཡང་ཡང་ལས་མ་ཟད་བར་དུ་མྱོང་ངོ་། །བསྐལ་པ་འཇིག་དུས་ཀྱི་མེ་བས་ཡང་སོས་ཀྱི་མེ་ཚ་ཞིང་དེ་བས་འོག་མ་འོག་མ་བཞི་འགྱུར་གྱི་ཚ་བར་བཤད་དོ། །ཐིག་ནག་ནི་ལུས་ལ་དམྱལ་སྲུང་གིས་ཐིག་ཆ་བཞིའམ། བརྒྱད་དམ་དུ་མར་བཏབ་སྟེ། གཤེགས་ཅིང་འཇོག་པ་དང་། བསྡུས་འཇོམས་པ་གཅིག་ཏུ་ཚོགས་པ་ན་དམྱལ་སྲུང་གིས་ལྕགས་ཀྱི་རི་རའི་གདོང་ལྟ་བུ་གཉིས་དང་། ལུག་དང་། རྟ་དང་། གླང་པོ་ཆེ་དང་། སེང་གེ་དང་། སྟག་གི་གདོང་ལྟ་བུ་གཉིས་གཉིས་ཀྱི་བར་དུ་གཙགས་མ་ཐག་ཏུ་བཙིར་བས་སྒོ་ཀུན་ནས་ཁྲག་རྒྱུན་འབབ་པ་དང་། ཡང་འདུས་པ་ན་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོས་བུད་ཤིང་ལྟར་འཚིར་ཞིང་ཁྲག་རྒྱུན་འཛག་པ་དང་། ཡང་འདུས་པ་ན་ལྕགས་ཀྱི་ཕ་བོང་གི་ཆར་པས་ས་གཞི་ལ་ཇ་ཇིར་དུ་རྡུང་བ་ན་ཁྲག་རྒྱུན་འབབ་པའོ། །ངུ་འབོད་པ་གནས་ཚོལ་བ་ན་ལྕགས་ཀྱི་ཁང་པར་ཞུགས་པ་དེར་མེ་བཏང་བ་འབར་ཞིང་འཚེད་དེ་བསྲེགས་པས་ངུ་ཞིང་སྡུག་སྐད་འབྱིན་པའོ། །ངུ་འབོད་ཆེན་པོ་བ་དེ་དང་འདྲ་བ་ལས་ཁང་སྦྲུམ་དུ་འདུག་པའོ། །ཚ་བ་པ་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་དུ་ཉ་བཞིན་བསྲེག་པ་དང་། ལྕགས་ཀྱི་གསེག་ཤིང་འབར་བས་རྐུབ་ནས་ཕུག་པས་སྤྱི་བོར་ཕྱུང་ཞིང་ལུས་ཀྱི་བུ་ག་རྣམས་དང་བ་སྤུའི་ཁུང་བུ་ཀུན་ནས་མེ་འབར་བ་དང་། ལྕགས་བསྲེགས་ཀྱི་ས་གཞི་ལ་ལྕགས་ཀྱི་ཐོ་བ་འབར་བས་བརྡུང་བའོ། །རབ་ཏུ་ཚ་བ་པ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པས་རྐུབ་ནས་ཕུག་པ་ཕྲག་པ་གཉིས་དང་སྤྱི་བོར་བྱུང་ཞིང་བུ་ག་རྣམས་ནས་མེ་ལྷབ་ལྷབ་འབར་བ་དང་། ལྕགས་ལེབ་འབར་བས་ལུས་ལ་ཀུན་ཏུ་འཁྲི་བ་དང་། བཤེས་པའི་སྤྲིང་ཡིག་ཏུ། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །འབྲས་ཀྱི་བཅུད་འཕེན་བཞིན་དུ་བསྐོལ་ཞིང་འཚེད། །ཅེས་པ་སྟེ། དེར་ཀེང་རུས་ཙམ་ལུས་པ་ན་སྲུང་མས་ས་ལ་བཀྲམ་པས་ཤ་ལྤགས་དང་ཁྲག་སླར་སྐྱེས་པ་ཡང་ནང་དུ་འཇུག་པའོ། །མནར་མེད་པ་ཕྱོགས་བཞི་ནས་ས་ཆེན་པོ་མེ་འབར་བ་འོང་བས་འདིའི་ལུས་མར་མེའི་སྡོང་བུ་ལྟར་བསྲེགས་པ་ན་མེ་ཉིད་ཀྱི་ཕུང་པོར་སྣང་ཞིང་། སྡུག་སྐད་ལས་སེམས་ཅན་ཡོད་པར་ཤེས་པ་ཙམ་དང་། ལྕགས་ཀྱི་ཞིབ་མར་ལྕགས་ཀྱི་མདག་མ་འབར་བར་འཁྲབ་པ་དང་། ལྕགས་བསྲེགས་ཀྱི་རི་ཆེན་པོ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང་། ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཕུར་བརྒྱས་བརྒྱངས་ནས་གཉེར་འཁུམ་མེད་པར་བྱེད་པ་དང་། ས་ལ་གན་རྐྱལ་དུ་བཞག་སྟེ་ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་ཟངས་བསྐོལ་བ་བླུགས་པས་ཁ་དང་ལྐོག་མ་དང་། ནང་ཁྲོལ་ཀུན་ཚིག་སྟེ་རོ་སྨད་ནས་ཕྱིར་འབྱུང་བ་སོགས་ལས་མ་ཟད་བར་དུ་མྱོང་ངོ་། །འདི་རྣམས་ཀྱི་དུཿཁ་འགའ་ཞིག་ཡན་མན་དུ་ཡོད་པར་གསལ་ལོ། །ཉེ་འཁོར་གྱི་གནས་ནི། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་རྣམས་ཀྱི་ནི་ཕྱོགས་བཞི་ན། །མེ་མ་མུར་དང་རོ་མྱགས་དང་། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་ཏེ། བརྒྱད་པོའི་ཕྱོགས་རེ་རེ་ན་མེ་མ་མུར་པུས་མོ་ནུབ་པ་ཙམ་ལ་གནས་ཚོལ་དུ་འགྲོ་བ་ན་རྐང་པ་འདེགས་འཇོག་གི་ཤ་སྐྱེ་འཇིག་བྱེད་པ་དང་། རོ་མྱག་གི་ཕྱི་སའི་འདམ་དྲི་ང་བ་འབུ་མཆུ་རྣོན་གྱིས་རུས་པའི་བར་དུ་འབུགས་པ་དང་། སྤུ་གྲིས་གཏམས་པའི་ལམ་དང་། རལ་གྲི་ལོ་མའི་ནགས་ཚལ་དུ་གྲིབ་མ་ལ་འཁོད་པ་ན་རལ་གྲི་ལྷུང་བས་གཅོད་ཅིང་འགྱེལ་ཏེ་ཁྱི་སྲེ་བོ་རྣམས་ཀྱིས་བཤུལ་ཤ་གཅོད་ཅིང་ཟ་བ་དང་། ལྕགས་ཀྱི་ཤིང་ཤལ་མ་རིའི་ནགས་ཚེར་མ་རྣོན་པོ་སོར་བཅུ་དྲུག་ཏུ་ཡན་མན་ཁ་ལྟ་བ་ལ་འཛེགས་པ་དང་འབབ་པ་ན་ལུས་འབིགས་ཤིང་། ཁྭ་ལྕགས་ཀྱི་མཆུ་ཅན་གྱིས་མིག་འབྱིན་པ་གསུམ་མཚོན་ཆར་འདྲ་བས་གཅིག་ཏུ་བྱས་པ་དང་། ཆུ་བོ་རབ་མེད་འགྱུར་བྱེད་ཀྱི་ཆུ་ཁོལ་བས་གང་བ་ལ་ལྷུང་སྟེ། ངོས་གཉིས་ནས་སྐྱེ་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་བསྲུང་ཞིང་འཚེད་ལ་མཆིལ་པས་ཕྱུངས་ནས་ས་ལ་གན་རྐྱལ་དུ་བཞག་སྟེ། ཅི་འདོད་དྲིས་པ་ན་བདག་གིས་མི་ཤེས་མི་མཐོང་སྟེ་འོན་ཀྱང་བཀྲེས་སོ་སྐོམ་མོ་ཟེར་བ་ན་ཐུ་ལུམ་དང་ཟངས་ཁུ་མནར་མེད་ལྟར་བསྙོད་པའོ། །འོ་ན་དམྱལ་སྲུང་རྣམས་སེམས་ཅན་ཡིན་ནམ་མིན་ཞེ་ན། སར་སྤྲུལ་པ་ལྟ་བུ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །མདོ་སྡེ་པས། ལས་ཀྱི་མཐུས་འབྱུང་བ་ཆེན་པོ་ས་སོགས་ཀྱི་བྱེ་བྲག་ཏུ་འདོད་ཅིང་། བྱེ་བྲག་སྨྲ་བ་འགའ་ཞིག་སེམས་ཅན་དུ་སྨྲའོ། །དེ་དག་གི་བརྒལ་ལན་རྒྱས་པ་ཉི་ཤུ་པ་རྩ་འགྲེལ་དུ་བལྟ་སྟེ། གལ་ཏེ་དེ་ཡི་ལས་ཀྱིས་དེར། །འབྱུང་བ་རྣམས་ནི་འབྱུང་བ་དང་། །དེ་ལྟར་འགྱུར་བར་འདོད་ན་གོ །རྣམ་པར་ཤེས་པ་ཅིས་མི་འདོད། །ཅེས་སོགས་སོ། །གྲང་དམྱལ་ནི་ཉི་ཟླའི་འོད་ཀྱི་སྣང་བ་མེད་པའི་མུན་ཁྲོད་འཁྱགས་པའི་སྲུབས་ན་གྲང་བས་ཉེན་ནས་ཆུ་བུར་འབྱུང་བ་དང་། ཆུ་བུར་བརྡོལ་ཏེ་འཁུམས་པ་དང་། གྲང་ནས་སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་ལྤགས་པ་སྔོན་པོ་ཁ་ལྔའམ་དྲུག་ཏུ་གས་པ་དང་། པདྨ་ལྟར་གས་པ་དམར་པོ་ཁ་བཅུའམ་དེ་ལས་ལྷག་པར་གས་པ་དང་། པདྨ་ལྟར་གས་པ་ཆེན་པོ་ཤིན་ཏུ་དམར་བ་ཁ་བརྒྱའམ་དེ་ལས་ལྷག་པར་ཡང་གས་པའོ། །ཉི་ཚེ་བ་ནི་རྒྱལ་པོའི་ཁབ་ཀྱི་བ་གླང་གི་ཤན་པར་སྐྱེས་པ་ཁང་པ་བརྩེགས་པ་ཙམ་ཉན་སྐད་ཀྱིས་ངུ་ཤིང་ནམ་མཁའ་ལ་འོང་བ་དང་། བ་ལང་གི་ཤན་པའི་སློབ་མ་རུས་གོང་དྲི་ང་བ་ལ་བྱ་རོག་སོགས་ཀྱིས་འཐོགས་པར་སྐྱེས་པ་དང་། བཤེས་མ་སྐྱེས་པ་ཐལ་གོང་དང་ཁ་སྣ་ལ་བྱ་རོགས་སོགས་ཀྱིས་འཐོགས་པ་དང་། ཉ་བ་སྐྱེས་པ་ལུས་ལྕགས་ཀྱིས་དཀྲིས་པ་དང་། གཞལ་བ་ལ་སྒྱུ་བྱེད་པ་རླིག་པ་རྫ་མ་ཙམ་དུ་གྱུར་པ་མདོ་སྡེར་གསུངས་པའམ། དགེ་འདུན་སྲུང་གིས་རྟོགས་པ་བརྗོད་པ་ལས་བཤད་པ་ལྟ་བུ་མྱོང་ངོ་། །དེ་ལྟར་དམྱལ་བ་ལ་དུཿཁ་དཔག་མེད་དེ། བཤེས་པའི་སྤྲིང་ཡིག་ཏུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་དུཿཁ་གང་ཡིན་པ། །དེས་ནི་དམྱལ་བའི་དུཿཁ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཤིང་། རྒྱས་པར་དམ་ཆོས་དྲན་པ་ཉེར་བཞག་སོགས་སུ་བལྟའོ། །ཡི་དྭགས་ལ་ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་སྐོམ་གྱིས་ཉེན་པས་ལུས་དང་ཁ་སྐོམ་ཤིང་ཆུ་མིག་སོགས་སུ་རྒྱུག་པ་ལ་མཚོན་ཆ་ཐོགས་པས་བསྲུང་ཤིང་ཆུ་ཡང་རྣག་ཁྲག་ཏུ་མཐོང་བའོ། །ནང་གི་སྒྲིབ་པ་ཅན་ནི་དེ་ཉིད་དུ། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་དང་། ཁ་ཅིག་ལྦ་བ་སྨིན་མའི་རྣག་འཚལ་ལོ། །ཞེས་དང་། ཟས་སྐོམ་ཉིད་ཀྱི་སྒྲིབ་པ་ཅན་ནི། མེ་ལྕེའི་ཕྲེང་བ་ཅན་ཟོས་འཐུངས་ཀུན་གྱིས་འཚིགས་པ་དང་། ལྗན་ལྗིན་ཟ་བ་བཤང་གཅི་དང་དྲི་ང་བ་སྨད་པ་ཟ་ནུས་ལ་རང་གི་ཤ་ཟ་ཞིང་། ཟས་བསོད་པ་ཟ་མི་ནུས་པའོ། །ཡང་དྲན་པ་ཉེར་བཞག་ཏུ་བཀའ་སྩལ་པ། ལྟོ་གུག་ཁ་ཁབ་ལྟར་ཕྲ་དང་། །བཤང་ཟ་ཀུན་སྟོན་དྲི་ཟ་དང་། །ཆོས་ཟ་སྦྱིན་པ་ཟ་བ་དང་། །ཆུ་འཐུང་བསམ་པས་འཚོ་བ་དང་། །མཆིལ་མ་ཟ་དང་ཕྲེང་བ་ཟ། །ཁྲག་ཟ་ཤ་ཟ་བདུག་པ་ཟ། །དྲག་ཤུལ་སྤྱོད་དང་གླགས་ལྟ་དང་། །ས་འོག་གནས་དང་མཐུ་བོ་ཆེ། །མཚན་མོ་ལུས་འབར་མི་ལྤགས་ལྟ། །འདོད་གཟུགས་གླིང་བར་གནས་པ་དང་། །གཤིན་རྗེ་དབྱུག་པ་བྱིས་པ་ཟ། །ཚངས་སྲིན་འབྲུ་ཡི་ཤུན་པ་ཟ། །མི་གཙང་ཟ་དང་ལམ་ཆེན་གནས། །མང་དུ་ཟ་དང་མེ་མདག་ཟ། །དུག་ཟ་དགོན་པར་གནས་པ་དང་། །དུར་ཁྲོད་གནས་དང་ཤིང་ལ་གནས། །ལམ་གྱི་བཞི་མདོར་གནས་པ་དང་། །བདུད་ཀྱི་སྡེ་སྟེ་སུམ་ཅུ་དྲུག །ཅེས་པ་སོ་སོའི་གདུང་བ་མྱོང་ངོ་། །དུད་འགྲོ་ཆེ་བས་ཆུང་བ་མིད་དེ་ཟ་བ་དང་། དེས་ཆེ་བའི་ལུས་ཕུག་སྟེ་ཟ་བ་དང་། བྱ་མཆུ་ཅན་གྱིས་རི་དྭགས་སོགས་ཟ་བ་དང་། ཀླུ་རྣམས་ནི་ཉིན་རེ་བཞིན་བྱེ་ཚན་གྱིས་ཤ་རུས་པ་ལ་ཐུག་པར་བསྲེགས་པ་དང་། མཁའ་ལྡིང་གིས་ཟ་བ་སྟེ། གསུམ་ལ་སྐྱབས་སུ་འགྲོ་བས་དེ་དག་བཟློག་པར་བཤད་དོ། །ཁ་འཐོར་བ་རྣམས་ནི་རང་དབང་མེད་པར་བསད་པ་དང་། བརྡེགས་པ་དང་། བཀོལ་བཙོགས་སོགས་ཀྱིས་མནར་བ་སྟེ། བཤེས་པའི་སྤྲིང་ཡིག་ཏུ། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་ནི་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུས་གདབ་པས་བཏབ་སྟེ་བཀོལ། །ཞེས་སོ། །མི་ལ་བཀྲེས་སྐོམ་དང་། ཚ་གྲང་དང་། འདོད་པས་ཕོངས་པ་དང་། སེམས་ཅན་དང་དེ་མ་ཡིན་པའི་གནོད་འཚེ་དང་། ཁ་ཟས་ངན་པ་དང་། འགྲོ་བ་དང་། ཚོལ་ཁྲོ་དང་། ངལ་བ་དང་། ཐང་ཉལ་དང་། མུན་པ་སོགས་ཀྱིས་སྒྲིབ་པ་དང་། ཐང་ཆད་པ་དང་། སྐྱེ་བ་སོགས་ཀྱིས་མནར་རོ། །འདོད་ལྷ་ནི། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །ཞེས་དང་། ཉེ་བའི་འཆི་ལྟས་མཛོད་འགྲེལ་དུ་རྒྱན་དང་གོས་ལ་སྒྲ་མི་སྙན་པ་འབྱུང་བ་དང་། འོད་ཆུང་བ་དང་། ཁྲུས་ཀྱི་ཆུ་ཐིགས་ལུས་ལ་ཆགས་པ་དང་། བློ་ཡུལ་གཅིག་ལ་མི་ཆགས་པ་དང་། མིག་འབྱེད་འཛུམ་སྟེ་དེ་ལྔ་བཟློག་ཤིང་། སྔ་མ་ལྔ་མི་བཟློག་པར་བཤད་ཅིང་། དེ་ཡིས་ལྷ་མོ་རྣམས་ལྷ་གཞན་དང་དགའ་མགུར་སྤྱོད་པ་མཐོང་བས་གདུང་བ་དང་། ལྷ་མཐུ་ཆེ་བ་ཆུང་བས་མཐོང་ན་སྤ་བཀོང་བ་དང་། འོག་མ་གཉིས་ལ་ལྷ་མ་ཡིན་དང་འཐབ་པ་ན་རྩོད་འབྲེལ་དང་། མགོ་བཅད་པས་བསད་པ་དང་སྤྱུགས་པས་ཉེན་ཏོ། །དེ་དག་ནི་ལྷ་ལྷ་མ་ཡིན་གྱི་བུ་མོ་འདོད་པ་དང་། ལྷ་མིན་ལྷའི་བདུད་རྩི་བཟང་པོ་འདོད་པས་ཞེ་འགྲས་ཏེ། ལྷ་མ་ཡིན་རྣམས་རི་རབ་ཀྱི་ཁོང་གསེང་ནས་གསེར། དངུལ། ཤེལ། མན་ཤེལ། བཻ་ཌཱུརྻའི་མཚོན་ཐོགས་ཤིང་གོ་ཆ་གྱོན་ཏེ་ཆས་པ་ན་དམག་གི་བེར་གྱིས་བརྒྱ་བྱིན་གྱི་གདན་འགུལ་བས་དམག་འོང་བར་ཤེས་སོ། །དེ་རྣམས་ཀླུ་དང་འཐབ་པས་ཕམ་ན་རང་གི་གནས་སུ་ལྡོག་ལ། དཀར་པོའི་ཀླུ་རྣམས་ཕམ་ན་ཆུ་མཚམས་ནས་འཐོན་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ནས་བང་རིམ་གྱི་ལྷ་སོགས་དང་འཐབ་བོ། །དྲན་པ་ཉེར་བཞག་ཏུ། ལྷའི་གནས་མི་གསལ་བར་བྱ་བའི་ཆེད་དུ་སྒྲ་གཅན་གྱིས་ཉི་ཟླ་ལག་པས་སྒྲིབ་ཅིང་། རྒྱལ་ཕམ་སྐྱེ་དགུའི་བདེ་སྡུག་འཛམ་བུ་གླིང་པའི་དགེ་སྡིག་ལ་རག་ལས་པ་དང་། ཟླ་བའི་མདོར། ཟླ་བ་ཟིན་པ་ན་དགེ་བ་འབུམ་འགྱུར་དང་། ཉི་མ་ཟིན་པ་ན་དགེ་བ་བྱེ་འགྱུར་དུ་བཀའ་སྩལ་ཏོ། །ལྷ་ཕམ་ན་ཕོ་ཉ་རྒྱུ་ཞིང་སོང་སྟེ། ལྷའི་དབང་པོ་མཁྱེན་པར་མཛོད་ཅིག ལྷ་མ་ཡིན་གྱི་དཔུང་ཚོགས་རྒྱལ་ཆེན་རིས་བཞི་པས་མ་ཐུབ་པས། རྩ་གསུམ་པས་བཟློག་པར་མཛོད་ཅིག་ཅེས་སྨྲས་པས་དབང་པོས་གཞན་རྣམས་ལ་བསྒོའོ། །གླང་པོ་ཆེ་རབ་བརྟན་ཡང་དབང་པོའི་བསམ་པ་ཤེས་ཏེ་དེར་ཕྱིན་ནས་ལྷ་རྣམས་རྩུབ་འགྱུར་གྱི་ཚལ་དུ་ཕྱིན་པས་འཐབ་པར་མོས་ཏེ་རི་རབ་ཀྱི་ནུབ་ཀྱི་སྟེང་དུ་འཐབ་བོ། །དྲན་པ་ཉེར་བཞག་ཏུ། ལྷ་མིན་རྣམས་རི་འཕེན་ཅིང་དེ་ཀུན་དབང་པོའི་རྡོ་རྗེས་བཅོམ་པའི་དུམ་བུ་རོལ་མཚོ་སོགས་སུ་ལྷུང་བས་སྲོག་ཆགས་དུ་མ་ཤི་སྟེ་མཚོ་དམར་པོར་འགྲོ་བར་གསུངས་སོ། །ལྷའི་མགོ་དང་རྐེད་པ་ཆད་ན་འཆི་ལ་ཡན་ལག་བཅད་ཀྱང་སྐྱེ་སྟེ་དུཿཁ་ཆེན་པོ་འབྱུང་ངོ་། །ལྷ་མ་ཡིན་མི་བཞིན་དུ་གནད་དུ་ཕོག་ན་འཆི་ལ། དེའང་གསེར་གྱི་ས་གཞིའི་སྟེང་དུ་མཚོ་ཀུན་སྣང་ལ་ཤི་བ་དང་། རྐང་ལག་ཆད་པ་ལ་སོགས་གཟུགས་བརྙན་ཤར་ཏེ་དམག་མ་ལོག་པའི་གོང་དུ་མྱ་ངན་བྱེད་པར་བཤད་དོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར། ཐགས་བཟང་རིས་ཀྱི་ཤིང་རྟ་དཔག་ཚད་བདུན་བརྒྱ་པ་དྲག་ཏུ་འགྲོ་བའང་དབང་པོའི་ལག་པ་གཡོན་པས་འཛིན་ནུས་པ་བཀའ་སྩལ་ཏོ། །དེ་དག་སུ་ཕམ་པ་རང་གི་གྲོང་ཁྱེར་དུ་ཞུགས་པས་བདེ་སྟེ་ཕན་ཚུན་མི་ཚུགས་སོ། །ཁམས་གོང་མ་དག་རེ་ཞིག་དུཿཁ་ཡི་དུཿཁ་ལས་འདས་ཀྱང་ཉོན་མོངས་པ་དང་སྒྲིབ་པ་དང་ལྡན་ཅིང་། འཆི་འཕོ་དང་སྐྱེ་བ་ལ་རང་དབང་མེད་པས་གནས་ངན་ལེན་གྱི་དུཿཁ་ཅན་ཏེ། རྒྱུད་བླ་མར། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་རྣམས་ལ་བདེ་བ་མེད། །ཅེས་པ་ལྟར་རོ། །བདེ་བའི་ལོངས་སྤྱོད་ལ་དམྱལ་བ་བཞིན་བདེ་བ་མྱོང་བ་མེད་དོ་ཞེས་གསུངས་པ་ནི། བདེ་བ་རྣམ་སྨིན་སྐྱེས་ཀྱི་དབང་དུ་བྱས་ཀྱི་རྒྱུ་མཐུན་སྐྱེས་ཡོད་ཅེས་ཁ་ཅིག་གསུངས་ལ། ཁ་ཅིག་ནི་དེ་སྟོན་པས་དགེ་སློང་དག་རེག་པའི་སྐྱེ་མཆེད་དྲུག་ཞེས་བྱ་བའི་སེམས་ཅན་དམྱལ་བ་ཡོད་དེ། གང་དེར་སྐྱེ་བ་ནི་ཤིན་ཏུ་དུཿཁ་བ་ཁོ་ན་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བཀའ་སྩལ་པ་དེའི་དབང་དུ་བྱས་པའོ་ཞེས་སྨྲའོ། །མཛོད་འགྲེལ་དུ་ནི་མནར་མེད་ན་བདེ་བ་གཏན་མེད་ལ། གཞན་དུ་ཡང་སོས་ན་རླུང་གྲང་མོས་སོས་པ་སོགས་ཡོད་པ་དང་རྒྱུ་མཐུན་སྐྱེས་ཡོད་པའི་ལུགས་གཉིས་བཤད་དོ། །ཡི་དྭགས་རྫུ་འཕྲུལ་ཆེ་བ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། ཀླུའི་རྒྱལ་པོ་ལ་ལ་ལ་ལྷའི་དཔལ་ལྟ་བུའི་བདེ་བ་ཡོད་ཅིང་རབ་བརྟན་དང་ས་བསྲུངས་ཀྱི་བུ་དང་། རྟ་རིན་པོ་ཆེ་ལ་སོགས་ལ་བདེ་བ་ཅི་རིགས་པ་ཡོད་དོ། །མིའི་འཇིག་རྟེན་ན་གདགས་པར་འཛམ་བུའི་གླིང་ན་གསེར་དངུལ་ཉོ་བཙོང་བྱེད་ཅིང་ཤར་ན་རས་དང་བེའུ་རས་དང་། ནུབ་ན་བ་གླང་དང་། ནོར་བུ་ལ་སྟེ། བྱང་ན་མེད་དོ། །འདི་ན་ཁ་ཟས་འབྲས་ཆན་དང་འཁུར་བ་དང་། ཟན་དང་། ཕྱེ་དང་ཤ་ཆང་ཡོད་པ་ལྟར་ཤར་ནུབ་ནའང་ཡོད་ཅིང་། བྱང་ན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟའོ། །འདི་ན་ཆར་འབབ་མཁས་མི་མཁས་དང་ལོ་ལེགས་ཉེས་དང་མུ་གེ་དང་མི་དགེ་བ་དང་འཇིགས་པ་དང་། ཚ་གྲང་དང་། ཉོ་ཚོང་དང་། ཁ་དོག་དུ་མ་དང་ཁང་པ་ཆེད་དུ་བྱས་པ་དང་། བལ་གོས་དང་། གོས་སྟན་ལྗི་བ་དང་། བག་མ་གཏོང་ལེན་དང་། རྗེ་ཁོལ་དང་། དེ་རྣམས་ལ་ཞེན་པ་ཡོད་པ་ལྟར་ཤར་ནུབ་ནའང་ཡོད་ལ་བྱང་ན་ཁ་དོག་དཀར་པོ་ཁོ་ན་དང་། ཆེད་དུ་མ་བྱས་པའི་ཁང་པ་དང་། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྲང་གཅིག་པ་ཡོད་ཅིང་། གང་ལའང་ཡོངས་འཛིན་མེད་དེ། བུ་ཚ་རྣམས་ཀྱང་སྐྱེས་མ་ཐག་མས་འདོར་ཞིང་རང་གི་མཐེ་བོང་ལས་ནུ་ཞོ་འབྱུང་བར་བཤད་དོ། །གླིང་བཞི་ཀ་ན་བཀྲེས་སྐོམ་དང་། ཕོ་མོའི་དབང་པོ་ཐ་དད་དང་། ཕ་མ་དང་། ཉིན་མཚན་དང་། དུས་བཞི་དང་། བཤང་གཅི་དང་། ཟླ་མཚན་དང་། སྦྲུམ་མ་དང་། བུ་བཙའ་བ་ཡོད་དོ། །དེའང་དྲན་པ་ཉེར་བཞག་ཏུ། བླུན་པོས་དགེ་བ་བྱས་པས་སྒྲ་མི་སྙན་དུ་སྐྱེ། །ཞེས་དང་། མྱ་ངན་ལས་འདས་པའི་མདོར་གཞན་གྱིས་མི་འདོད་བཞིན་དུ་ཚུལ་ཁྲིམས་བསྲུང་དུ་བཅུག་པ་ཤར་ནུབ་གཉིས་སུ་སྐྱེ་བར་བཀའ་སྩལ་ཏོ། །མིའི་ནང་ན་འཁོར་ལོས་སྒྱུར་བའི་བདེ་བ་ནི་མཆོག་སྟེ། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། སྟོང་ཕྲག་བརྒྱད་ཅུ་ལས་མི་ཕྱི། དེ་མན་ཆད་དུ་ཕུན་ཚོགས་མི་རྫོགས་པས་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ལ་འབྱུང་ངོ་། །སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ནི་དེ་ལས་ཕྱིས་ཀྱང་ཡོད་དོ། །དེ་ལ་རིན་པོ་ཆེ་སྣ་བདུན་ཡོད་དེ། ས་འགྲེལ་དུ་མདོ་དྲངས་པ། དེ་ལ་ཚེས་བཅོ་ལྔ་ལ་ངོ་གདོང་དང་བཅས་པ་བཀྲུས་ནས་བསྙེན་གནས་བྱས་ཤིང་བློན་པོའི་ཚོགས་ཀྱིས་བསྐོར་ཏེ་འདུག་པ་ན། ཤར་ཕྱོགས་ནས་ལྷའི་འཁོར་ལོ་བརྒྱ་བྱིན་གྱི་ཚིག་གིས་ལས་ཐམས་ཅད་པས་བྱས་པ་རྒྱལ་པོ་ཆེན་པོ་བཞིས་རྒྱལ་པོ་ལ་བསྟན་པ་འབྱུང་ངོ་ཞེས་སོ། །དྲན་པ་ཉེར་བཞག་ཏུ་གསེར་ལས་བྱས་པ་དཔག་ཚད་ལྔ་བརྒྱ་པ་རྩིབས་སྟོང་ཡོད་པ་མཛེས་པ་ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་འགྲོ་བ་གླིང་བཞི་དང་། ལྷའི་རིས་སུ་གླང་པོ་སོགས་ཀུན་མཁའ་ལ་འགྲོ་བ། རྒྱལ་པོས་མི་ཐོབ་པ་དེས་ཐོབ་པར་བྱེད་པ་འགྲན་པ་སུ་ཡང་མེད་པར་བྱེད་པའོ། །རྒྱལ་པོ་ཤི་ནས་སྒོ་ཁང་དུ་ཟུག་ནས་སྡོད་དེ་བུ་ལ་མི་ཕན་ནོ། །ནོར་བུ་ནི་མི་ཆེན་པོའི་བརླ་ཙམ་པ་ཟུར་བརྒྱད་པ་སྟེ། མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་བ། ཉི་མ་ཚ་ན་བསིལ་བ་འབྱུང་བ། སྐོམ་ན་ཆུ་ཡན་ལག་བརྒྱད་ལྡན་འབྱུང་བ། རྒྱལ་པོས་ཅི་བསམ་པ་འབྱུང་བ། དཔག་ཚད་བརྒྱར་ནད་མེད་པར་བྱེད་ཅིང་ལས་ཀུན་ལ་ཇི་ལྟར་འདོད་པའི་འབྲས་བུ་འབྱུང་བ། ཀླུ་ངན་པས་སེར་བ་སོགས་འབེབས་མི་ནུས་པ། མྱ་ངམ་དང་གཡང་སའི་ཡུལ་ཀུན་ལྗོན་པ་མཚེའུ་ཕུན་སུམ་ཚོགས་པར་འགྱུར་བ། མི་དུས་མིན་དུ་མི་འཆི་ཞིང་། དུད་འགྲོ་གང་གིས་ཀྱང་མི་གནོད་པ། སྦྲུལ་དང་ནེའུ་ལེ་ལྟ་བུའི་མི་མཐུན་པས་ཀྱང་མི་གནོད་པ་ཞིག་དབང་པོས་སྟེར་རོ། །བཙུན་མོ་ནི་ལུས་ལས་ཙནྡན་དང་། ཁ་ནས་ཨུཏྤ་ལའི་དྲི་འབྱུང་བ། རེག་ན་ཉོན་མོངས་པ་མེད་པར་འགྱུར་བ་གླིང་དེའི་བཀྲེས་སྐོམ་དང་མྱ་ངན་བྲལ་བར་བྱེད་པ། རྒྱལ་པོས་མཐོང་ན་གྲང་དུས་དྲོ་ཞིང་། དྲོ་དུས་སུ་བསིལ་བར་བྱེད་པ། མི་ཀུན་གྱིས་མ་དང་སྲིང་མོ་ལྟར་མཐོང་བ། བསམ་པ་དང་མཐུན་ཅིང་བུ་མང་པོ་བཙས་པ། ཁྱིམ་ཐབས་བུད་མེད་གཞན་ལ་འགྲོ་ན་ཕྲག་དོག་མེད་པའམ། ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་བློན་པོས་འབུལ་ཏེ། དེ་ནས་ཤི་ནས་ལྷར་སྐྱེའོ། །བློན་པོ་ནི་བྱ་བ་རྣམས་མ་བསླབས་ཀྱང་ཤེས་ནས་བྱེད་པ། མི་དགེ་བ་སྤངས་ཞིང་ཉོན་མོངས་པ་མེད་པ་སེམས་ཅན་ཀུན་ལ་ཕ་མ་ལྟར་ཕན་པའོ། །གླང་པོ་ནི་ཅང་ཤེས་ཤིང་བཀའ་ཉན་པས་ཕ་རོལ་ལས་རྒྱལ་བར་བྱེད་པ། གླང་པོ་ཆེ་སྟོང་གི་སྟོབས་ཡོད་པ། ཆུ་དང་སྐམ་དང་བར་སྣང་གསུམ་དུ་གཡུལ་འགྱེད་པ། ཉིན་གཅིག་ལ་འཛམ་བུའི་གླིང་ལན་གསུམ་འཁོར་བ། སྐུད་པས་ཀྱང་བཀྲིར་རུང་ཞིང་རྒྱལ་པོས་ཞོན་པའི་ཚེ་བསྐུལ་མི་དགོས་པ། དལ་གྱིས་འགྲོ་བ་ཞིག་དབང་པོས་སྟེར་རོ། །ས་འགྲེལ་དུ་རབ་བརྟན་གྱི་བུ་ཐ་ཆུང་ངོ་ཞེས་སོ། །རྟ་མཆོག་ནི་ཀུ་མུ་ཏ་དང་། དུང་ལྟར་དཀར་བ་གླང་པོ་དང་སྟོབས་མཚུངས་པ་ཞིག་དབང་པོས་སྟེར་རོ། །ས་འགྲེལ་དུ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་བུ་ཐ་ཆུང་ལུས་སྔོ་ལ་མགོ་ནག་པའོ་ཞེས་སོ། །ཁྱིམ་བདག་ནི་མཛོད་གསེར་དངུལ་སོགས་ཀྱིས་འགེངས་ཞིང་རྒྱལ་པོའི་བཀའ་ཉན་པ་སྐྱེ་བོ་ཀུན་ལ་མི་གནོད་པའོ་ཞེས་སོ། །རྒྱལ་པོའི་སྲས་ནི་ཁྱིམ་བདག་ནི་མཛོད་ཀྱི་སྤྱན་དང་། བློན་པོ་ནི་དཔུང་གི་སྤྱན་ལྟ་བུའོ་ཞེས་འཆད་དོ། །ཉེ་བའི་རིན་ཆེན་སྣ་བདུན་ཡང་། རལ་གྲི་ཡང་རྒྱལ་པོ་དང་འགལ་བ་བྱེད་འདོད་པ་དེར་སོང་སྟེ་མ་བཏབ་ཀྱང་ཀུན་གྱིས་འདུད་པའོ། །དམག་དཔོན་ནི་དགྲའི་ཚོགས་མ་ལུས་པ་འཇོམས་པའི་ནུས་པ་ཡོད་ཀྱང་གཞན་ལ་མི་འཚེ་བའི་སྐྱེས་བུའོ། །ལྤགས་པ་ནི་ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་ལྔ་པ། ཆར་གྱིས་མི་བརླན་ཞིང་རླུང་གིས་མི་བསྐྱོད་པ། གྲང་ན་དྲོ་ཞིང་། དྲོ་ན་བསིལ་བར་བྱེད་དོ། །བུད་མེད་ནི་མི་སྡུག་པ་མི་མཐོང་བ་ཉི་མ་ཟླ་བའི་འོད་སྣང་བ། ཀླུའི་ལྤགས་པ་རྒྱ་མཚོ་ནས་འབྱུང་བ་གང་འགྲོ་སར་བློན་པོས་ཁྱེར་ཏེ། ཁང་པའི་བྱ་བ་བྱེད་པ་ཞིག་སྟེ་ཚངས་པས་འབུལ་ལོ། །ཁང་པ་ནི་ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བདུན་པ། རིན་པོ་ཆེ་དང་ཟླ་བ་དང་རྒྱུ་སྐར་རྣམས་བལྟ་བར་འདོད་ན་ཁང་པ་དེར་འོང་བ། རྨི་ལམ་དགེ་བར་མཐོང་བ། གྲང་ན་དྲོ་ཞིང་ཚ་ན་བསིལ་བའི་རླུང་ལྡང་བ། དེར་ལྷ་མོ་འོང་ནས་རོལ་མོ་བྱེད་པའོ། །གོས་ནི་འཇམ་ལ་དྲི་མས་མི་གོས་པ་གྱོན་ན་ཚ་གྲང་བཀྲེས་སྐོམ་ངལ་དུབ་ཀྱིས་མི་གནོད་པ། མེས་མི་འཚིག་ཅིང་མཚོན་གྱིས་མི་ཆོད་པའོ། །ཚལ་ནི་རྒྱལ་པོས་དེར་ཕྱིན་པ་དང་ཚལ་གྱི་མཐུས་ལྷའི་བུ་མོ་དང་བྱ་སོགས་འོང་སྟེ་འདོད་ཡོན་ལ་སྤྱོད་པའོ། །མལ་ཆ་ནི་བསམ་གཏན་བྱེད་ན་རྣམ་པར་གྲོལ་ཞིང་བློ་གསལ་བ་དང་། ཀུན་ནས་ཉོན་མོངས་མི་སྐྱེ་བའོ། །ལྷྭམ་ནི་གྱོན་ན་ཆུ་ལ་མི་འབྱིང་བ་ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་བ་ལའང་ངལ་བ་མེད་པའོ། །མི་སྟོང་ཐུབ་པའི་བུ་སྟོང་དང་དགྲ་ཟིལ་གྱིས་གནོན་པའི་མདའ་གཞུའང་འབྱུང་ངོ་། །དེའི་ཁྱད་པར་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་རྣམས་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་བཤད་པ་སྟེ། མཚོན་བརྩམས་ནི་གཟས་པའོ། །རྒྱལ་ཡང་གསོད་པ་མེད་ཅིང་རྒྱལ་ནས་སེམས་ཅན་རྣམས་དགེ་བ་བཅུ་ལ་འགོད་པས་དེ་རྣམས་ངེས་པར་ལྷར་སྐྱེའོ། །དེ་རྣམས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་རྒྱལ་པོ་གཞན་ལས་ཁྱད་པར་དུ་འཕགས་ཏེ་རིན་ཆེན་ཕྲེང་བར། འཁོར་ལོས་བསྒྱུར་བ་ཐམས་ཅད་ལ། །འདི་རྣམས་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་སོ། །གླིང་འདིའི་ཉེ་འཁོར་ན་འཁོར་ལོས་བསྒྱུར་བའི་ལམ་གསེར་གྱི་རང་བཞིན་རྒྱལ་ཆེན་བཞིའི་རིས་པའི་པུས་ནུབ་ཙམ་རྒྱ་མཚོར་ནུབ་པ་ཡོད་དེ། དེ་བྱུང་བ་ན་ཆུ་སྐམ་མོ། །འདིའི་རྒྱུ་ནི་བྱམས་པ་བསྒོམ་པ་སོགས་ཏེ། མཛངས་བླུན་དུ། སེང་གེ་ཡི་དམ་བརྟན་པས་རང་ཉིད་གསོད་པའི་མངོན་པ་ལ་བྱམས་པ་བསྒོམས་པས་བསྐལ་པ་འབུམ་དུ་འཁོར་ལོས་བསྒྱུར་བར་སྐྱེ་བར་གསུངས་པའོ། །འོན་ཀྱང་བྱིས་པ་དེར་སྐྱེས་པ་དུ་ཁ་ཕྱི་མ་གཉིས་ཀྱིས་གཙེས་པ་སྟེ། འཕགས་པས། འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་ན་ནི་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་པས་སོ། །འདོད་ལྷའི་བདེ་བ་ནི་ལྷ་དྲུག་ན་གོས་སྲང་ཕྱེད་དང་། སྲང་བཞི་ཆ་དང་། བརྒྱད་ཆ་དང་། བཅུ་དྲུག་ཆ་དང་། སུམ་ཅུ་རྩ་གཉིས་ཆ་དང་། དྲུག་ཅུ་རྩ་བཞིའི་ཆའོ། །རྗེ་ཁོལ་དང་བག་མ་བཏང་ལེན་དང་། ཕ་མ་དང་ཕོ་མོའི་དབང་པོ་དང་། བཀྲེས་སྐོམ་དང་། དུས་བཞི་དང་། ཉིན་མཚན་རྣམས་ཡོད་ལ། མུ་གེ་དང་། ཉོ་ཚོང་དང་། ནད་དང་རྒ་བ་མེད་ཅིང་། ཚ་གྲང་ནི་དང་པོ་ན་ཡོད་ཀྱི་དེ་ལས་གོང་ན་མེད་དོ། །ལུས་ཀྱི་ཕྱི་ནང་གཙང་ཞིང་རྡུལ་དང་དྲི་མ་དང་རུས་པ་དང་། ནང་ཁྲོལ་དང་བཤང་གཅི་མེད་དོ། །གསེར་དངུལ་ཤེལ་བཻ་ཌཱུརྻ་ལས་གྲུབ་པའི་གཞལ་མེད་ཁང་དང་བ་གམ་དང་བསིལ་ཁང་སྟེགས་བུ་དང་སྐར་ཁུངས་དྲྭ་བ་ཅན་ཉམས་དགའ་བ་ནོར་བུ་སྣ་ཚོགས་པས་སྤྲས་ཤིང་སྣང་བ་འགྱེད་པ་མཛེས་པ་ཡོད་དོ། །བཟའ་བ་འབྱུང་བའི་ལྗོན་ཤིང་དང་། དེ་བཞིན་དུ་བཏུང་བ་སྦྲང་རྩི་དང་སྦྲང་ཆང་འབྱུང་བའི་དང་། བཞོན་པ་དང་། གོས་འབྱུང་བའི་དང་། རྒྱན་འབྱུང་བའི་དང་། དྲི་བཟང་དང་། བདུག་པ་དང་། མེ་ཏོག་ཕྲེང་བ་འབྱུང་བའི་དང་། བཞད་གད་དང་། གར་དང་། གླུ་དང་རོལ་མོའི་སྒྲ་འབྱུང་བའི་དང་། སྣོད་སྤྱད་ཡོད་བྱད་སྣ་ཚོགས་འབྱུང་བའི་ལྗོན་ཤིང་རྣམས་ཡོད་དོ། །ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བའི་རྫིང་བུ་དང་། མཚོ་མེ་ཏོག་སྣ་ཚོགས་དང་བྱ་སྣ་ཚོགས་ཀྱིས་སྐད་སྙན་འབྱིན་པ་ཅན་དང་། དུས་དུས་སུ་བག་མེད་ལས་བསྐུལ་བར་བྱེད་པའི་རྔ་སྒྲ་དང་། ལམ་སྲང་ཀུན་ཏུ་སིལ་སྙན་དང་། ཕེག་རྡོབ་པའི་སྒྲ་སྒྲོགས་པའི་ལྷ་མོ་མཛེས་མས་གང་བ་དང་། ས་ལ་མེ་ཏོག་མནྡ་ར་བ་པུས་ནུབ་ཙམ་གྱིས་ཁེབས་པའི་རྙིང་པ་རྣམས་རླུང་གིས་གཏོར་ཞིང་གསར་པ་རྣམས་ལེགས་པར་འགྲེམས་ཏེ། དྲན་པ་ཉེར་བཞག་ཏུ། ལྷ་རྣམས་བསོད་ནམས་དབང་རྐྱེན་གྱིས། །ལྷ་ཡི་དྲུང་དུ་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་འདོར་བྱེད་ཅིང་། །མེ་ཏོག་གསར་པ་ལེགས་པར་འགྲེམས། །ཞེས་སོ། །སུམ་ཅུ་རྩ་གསུམ་པའི་བརྩི་ཚུལ་ནི། གདགས་པ་དང་། དཀོན་མཆོག་ཏ་ལའི་གཟུངས་སུ། ཤིང་རྟ་སྣ་ཚོགས་ཀྱི་ཚལ་ན་གླང་པོ་ས་བསྲུང་གི་བུ་གཟུགས་བཟང་ཤིང་མཛེས་པ་དཀར་བ་ཡན་ལག་ལེགས་པར་གནས་པ། མགོ་དམར་བ་མཆེ་བ་དྲུག་པ། སྲིད་དུ་དཔག་ཚད་གཅིག་པ། ཁོར་ཡུག་ཏུ་བདུན་ཡོད་པ་འཁོར་གླང་པོ་བརྒྱ་སྟོང་དང་ལྡན་པ་གནས་ཏེ། ལྷ་རྣམས་སྐྱེད་མོས་ཚལ་དུ་འགྲོ་བ་ན། དེས་མགོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ཞིང་། མགོ་རེ་རེ་ལ་མཆེ་བ་དྲུག་དྲུག་དང་། དེ་རེ་རེ་ལ་རྫིང་བུ་བདུན་བདུན་དང་། དེ་རེ་རེ་ལ་པདྨའི་སྡོང་བུ་བདུན་རེ་དང་། པདྨ་རེ་རེ་ལ་ལྷ་མོ་བདུན་རེ་དང་དེ་རེ་རེ་ལ་གཡོག་མོ་བདུན་བདུན་དང་། དེ་རེ་རེ་ལ་སིལ་སྙན་ཁྲོལ་བ་བདུན་བདུན་སྤྲུལ་ཏེ། མགོ་དབུས་མ་ལ་དབང་པོ་དང་། གཞན་ལ་ཉེ་དབང་སུམ་ཅུ་རྩ་གཉིས་དང་། གླང་པོ་གཞན་རྣམས་ལ་འཁོར་རྣམས་ཞོན་ནས་འགྲོ་བ་མི་མངོན་པ་ལྟ་བུ་མགྱོགས་པས་ལྷ་རྣམས་དྲངས་ནས་སྐྱེད་མོས་ཚལ་དུ་སྐྱེལ་ལ། དེ་ནས་རྫུ་འཕྲུལ་དེ་བཏང་ནས་ལྷར་སྤྲུལ་ཏེ་འདོད་པ་ལ་སྤྱོད་པར་གསུངས་སོ། །དེ་བས་ཀྱང་གོང་མ་གོང་མ་འདོད་པའི་ཡོན་ཏན་ལྷག་ཅིང་། དགའ་ལྡན་པ་ནི་ས་བཅུའི་དབང་ཕྱུག་གི་དྲུང་ན་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པས་ལྷག་སྟེ། དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་ལས། ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཅིང་ཐར་པར་འདོད། །ཡོན་ཏན་རྣམས་ལ་དགའ་བའི་མི། །དེ་རྣམས་དགའ་ལྡན་ཉེ་བར་འགྲོ། །ཞེས་བཤད་ཅིང་། ཉི་ཁྲི་སྣང་བར་ནི། འཕགས་པ་ཁོ་ནར་དེར་སྐྱེ་བར་གསུངས་སོ། །ཁམས་གོང་མའི་བདེ་བ་ནི་མཉམ་པར་བཞག་པའི་སྟེ། དེའང་སར། བསམ་གཏན་ས་བཞི་པོ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་དང་། ཞི་བའི་བདེ་བ་ཅན་མི་གཡོ་བ་མྱོང་བ་དང་། གཟུགས་མེད་པ་ཞི་བའི་རྣམ་པར་ཐར་པའི་བདེ་བ་ཅན་མྱོང་ངོ་། །ཞེས་གསུངས་སོ། །ཁམ་ཟས་ཀྱི་ལོངས་སྤྱོད་ནི་དམྱལ་བ་ན་རླུང་རྒྱུ་བའི་ཁམ་ཟས་ཕྲ་བས་གནས་པར་སར་གསུངས་ཤིང་། མཛོད་འགྲེལ་དུ་ནི་ཐུ་ལུམ་དང་ཟངས་ཞུན་དག་གིས་བཀྲེས་སྐོམ་འཇོམས་ནུས་པས་ཟས་སུ་ཉི་ཚེ་བའི་སེམས་ཅན་དམྱལ་བ་ལ་ཁམ་ཟས་མི་དང་འདྲ་བར་ཡོད་པར་བཤད་དོ། །དུད་འགྲོ་ཡི་དྭགས་མི་རྣམས་ཀྱི་ཁམ་ཟས་རགས་ཤིང་། མེར་མེར་པོ་སོགས་ཀྱི་སེམས་ཅན་དང་། ལྷ་དང་བར་དོ་དང་། བསྐལ་པ་དང་པོའི་མི་རྣམས་ཀྱི་ཕྲ་བ་སྟེ། ཁམས་གོང་མ་ན་མེད་དོ། །འཁྲིག་པའི་ལོངས་སྤྱོད་ནི། དམྱལ་བ་ཁོ་ནར་དུཿཁ་དྲག་པོ་རྒྱུན་དུ་མྱོང་བས་ཡེ་མེད་དོ། །དུད་འགྲོ་དང་ཡི་དྭགས་དང་མི་ལ་ཡོད་ཅིང་ཁུ་བའང་འབྱུང་ངོ་། །འདོད་ལྷ་དྲུག་ལ། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟ་བས་འཁྲིག་པ་ཡིན། །ཁུ་བ་འབྱུང་བ་མེད་ཀྱི། མཚན་གྱི་སྒོ་ནས་རླུང་ཉི་ཚེ་བ་འབྱུང་བས་གདུང་བ་དང་བྲལ་ལོ། །བྱེ་བྲག་ཏུ་སྨྲ་བ་ནི། དྲུག་ཆར་གཉིས་ཀྱི་གཉིས་སྤྲོད་ཀྱང་། །གདགས་པར་དེ་སྐད་འབྱུང་བ་ནི། །འཁྲིག་པའི་དུས་ཀྱི་ཚད་ཡིན་ཞེས་སྨྲའོ། །གླིང་གསུམ་དང་ཡི་དྭགས་རྫུ་འཕྲུལ་ཆེ་བ་དང་། ལྷ་འོག་མ་བཞི་ལ་ཆུང་མ་འཆང་བ་དང་། བག་མ་བཏང་ལེན་ཡོད་ཀྱི། སྒྲ་མི་སྙན་དང་གོང་མ་གཉིས་ན་མེད་ཅིང་། ལྷ་མོ་རྣམས་ལ་མངལ་གྱི་གནས་མེད་ཅེས་པར་རོ། །ཕ་དང་མའི་ཕྲག་པའམ་པང་པར་འདོད་ལྷ་དྲུག་པོ་བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་རྣམས་སུ་སྐྱེ་གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། །ཅེས་ཏེ། འདོད་ཁམས་པ་ནི་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བས་གཅེར་བུར་སྐྱེ་ཞིང་། རྒྱལ་བུ་དོན་གྲུབ་དང་། དགེ་སློང་མ་དཀར་མོ་དང་། དགེ་ཚུལ་མ་སྣར་མ་ནི་གོས་དང་བཅས་པར་རོ། །གཞན་རྣམས་ལུས་མྱུར་དུ་རྫོགས་ཤིང་། བརྒྱ་བྱིན་ལུས་རྫོགས་པ་སྐྱེ་བས་སྔ་ཕྱི་བརྗེ་བའང་གཞན་གྱིས་མི་ཚོར་ཏེ། ཤཱཀྱ་སེང་གེ་བཞུགས་དུས་ཀྱི་བརྒྱ་བྱིན་ནི་ཀོའུ་ཤི་ཀ་ཞེས་བྱ་བའོ། །ལྷ་ཀུན་ཀྱང་སཾ་སྐྲྀ་ཏའི་སྐད་དུ་སྨྲའོ། །དྲུག་པ་སྐྱེ་བ་ལ། འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལས་ས་བཞི་དགུ། །ཞེས་ཏེ། མི་དང་ལྷ་དང་པོ་བཞི་འདོད་པ་ཇི་ལྟར་སྐྱེས་པ་ལ་ལོངས་སྤྱོད་པའི་དང་། འཕྲུལ་དགའ་བ་འདོད་པ་རང་གི་སྤྲུལ་པ་ལ་དབང་བྱེད་པའི་དང་། གཞན་སྤྲུལ་དབང་བསྒྱུར་བ་གཞན་གྱིས་སྤྲུལ་པ་ལའང་དབང་བྱེད་པའི་སྐྱེ་བ་སྟེ། བསམ་གཏན་དང་པོ་ན་དབེན་པ་ལས་སྐྱེས་པའི་བདེ་བ་ཅན། གཉིས་པ་ན་ཏིང་ངེ་འཛིན་ལས་སྐྱེས་པ་དང་། གསུམ་པ་ན་དགའ་བ་མེད་པའི་བདེ་བ་ཅན་གྱི་སྐྱེ་བའོ། །ཡང་དེ་ཉིད་ནི་སྒོ་ང་ལས་སྐྱེས་སོགས་ནི། སེམས་ཅན་སྐྱེ་གནས་བཞི་རྣམས་སོ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མར་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་ཏེ། མི་སྒོང་སྐྱེས་ནི་ཁྲུང་ཁྲུང་མོ་ལས་སྐྱེས་པ་བྲག་དང་། ཉེ་བྲག་དང་། རི་དྭགས་འཛིན་གྱི་མའི་བུ་སུམ་ཅུ་རྩ་གཉིས་དང་། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་ལྟ་བུའོ། །དྲོད་གཤེར་སྐྱེས་ནི་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་ང་ལས་ནུ་དང་། དེའི་བརླ་གཡས་པ་ལས་མཛེས་པ་དང་། གཡོན་ནས་ཉེར་མཛེས་སྐྱེས་པ་དང་། རྒྱལ་པོ་ཚངས་པས་བྱིན་གྱི་བྲང་གི་ཤ་འབུར་བ་ལས་ཐི་བའི་ཕྲེང་ཅན་མ་དང་། ཨ་མྲ་སྐྱོང་མ་ཆུ་ཤིང་གི་སྡོང་པོ་ལས་སྐྱེས་པ་ལྟ་བུའོ། །བརྫུས་སྐྱེས་ནི་བསྐལ་པ་དང་པོ་རྣམས་དང་། སློབ་དཔོན་འཕགས་པའི་ལྷ་སེང་ག་ལའི་གླིང་གི་རྒྱལ་པོའི་ལྡུམ་རར་པདྨ་ལས་སྐྱེས་པ་ལྟ་བུའོ། །དུད་འགྲོ་རྫུས་སྐྱེས་ནི་ཀླུ་དང་། མཁའ་ལྡིང་སོགས་ཏེ་གདགས་པར་མཁའ་ལྡིང་བརྫུས་སྐྱེས་ཀྱིས་ཀླུ་བཞི་ཀ་དང་། དྲོད་གཤེར་སྐྱེས་པས་གསུམ་དང་། མངལ་སྐྱེས་ཀྱིས་གཉིས་དང་། སྒོང་སྐྱེས་ཀྱིས་སྒོང་སྐྱེས་ཁོ་ན་ཟ་བར་བཤད་དོ། །འོ་ན་བརྫུས་སྐྱེས་ལ་རོ་མེད་པས་ཇི་ལྟར་ཟ་ཞེ་ན། མ་ཤེས་ནས་བཟའ་བའི་ཆེད་དུ་འདྲེན་པའམ་མ་ཤིའི་བར་དུ་ཟ་བས་སོ། །ཡི་དྭགས་ནི་བརྫུས་སྐྱེས་དང་། མངལ་སྐྱེས་ཀྱང་ཡོད་དེ། ལུང་དུ། མཽའུ་མགལ་གྱི་བུ་ལ་ཡི་དྭགས་མོས་སྨྲས་པ། བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་མོ་བུ་ལྔ་རྣམས། །བསྐྱེད་ནས་དེ་རྣམས་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་སོ། །བཞི་ལས་བརྫུས་སྐྱེས་བཟང་ངོ་། །འོ་ན་རྒྱལ་བུ་དོན་གྲུབ་མངལ་ནས་སྐྱེས་པ་ཇི་ལྟར་ཞེ་ན། ཉེ་དུའི་འབྲེལ་བས་ཤཱཀྱའི་རིགས་ཆེན་པོ་ཆོས་ལ་གཟུད་པ་དང་། འདི་འཁོར་ལོས་བསྒྱུར་བའི་རིགས་སོ་ཞེས་གུས་པ་བསྐྱེད་དུ་གཞུག་པ་དང་། མིར་གྱུར་ཀྱང་གྲུབ་པ་འདི་ཐོབ་ཅེས་གདུལ་བྱ་སྤྲོ་བ་བསྐྱེད་པ་དང་། མུ་སྟེགས་རྣམས་ན་རེ། བསྐལ་པ་བརྒྱ་ན་སྒྱུ་མ་མཁན་གྱི་སྒྱུ་མས་འཇིག་རྟེན་འཚོའོ་ཞེས་ཟེར་བ་དེ་ལྟ་བུ་དོགས་པ་སྤོངས་བའི་ཆེད་དུའོ། །བདུན་པ་ནི་ལུས་ཐོབ་པ་གང་རང་ཉིད་ཀྱི་སེམས་ཀྱིས་འཆི་ཡི་གཞན་གྱི་སེམས་ཀྱིས་མིན་པ་འདོད་ལྷ་རྩེད་མོས་མྱོས་པ་དང་། ཡིད་འཁྲུགས་པར་བྱེད་པ་དང་། གཞན་གྱི་སེམས་ཀྱིས་འཕོ་ཡི་རང་གི་ཡིད་མ་ཡིན་པ་ནི་མངལ་དང་སྒོ་ང་ན་གནས་པ་རྣམས་དང་། གཉིས་ཀ་ཡིན་པ་འདོད་པ་ན་སྤྱོད་པ་གཞན་ཕལ་ཆེར་དང་། གཉིས་མིན་ནི་གཟུགས་དང་གཟུགས་མེད་པ་དང་། རྒྱལ་བས་གཏང་བའི་ཕོ་ཉ་དང་། མཐོང་ལམ་པ་དང་། བྱམས་པ་དང་། ཉོན་མོངས་པ་མེད་པ་དང་། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་དང་། བར་དོ་དང་འཁོར་ལོས་བསྒྱུར་བ་དང་རབ་ཏུ་བྱུང་བ་སོགས་དང་། སྔར་བར་སྐབས་སུ་མི་འཆི་བར་བཤད་པ་རྣམས་སོ། །བརྒྱད་པ་རྒྱུ་རྐྱེན་ནི་བཤད་ཟིན་འཆད་པར་འགྱུར་རོ། །དོན་ཚན་བརྒྱད་པོ་འདི་དག་ནི་དཔང་ལོ་ཆེན་པོའི་ལེགས་བཤད་ལྟར་བྲིས་པའོ། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་ཞེས་པའི་སྐབས་སུ་ཤེས་པར་བྱ་བའི་དོན། ཤེས་པར་བྱ་བའི་དངོས་པོ་གཉིས། དང་པོ་ནི། སྣོད་ཀྱི་འཇིག་རྟེན་གྱི་གནས་ཚུལ་ལོ། །གཉིས་པ་ལ་ལྔ་སྟེ། གླིང་བཞི་པ་དང་། སྟོང་སྤྱི་ཕུད་དང་། སྟོང་གཉིས་པ་དང་། སྟོང་གསུམ་པ་དང་། ཕྱོགས་བཅུའི་འཇིག་རྟེན་བཤད་པའོ། །དང་པོ་ལ་ཆགས་ཚུལ་དང་། ཚད་དང་བཀོད་པ་རྣམས་ནི་གཞུང་ཉིད་ལས་ཤེས་པར་བྱ་ཞིང་། གནས་བྱེ་བྲག་ཏུ་བཤད་ན། འཛམ་བུ་གླིང་དང་། རྒྱལ་ཆེན་རིས་བཞི་པའི་གནས་དང་། སུམ་ཅུ་རྩ་གསུམ་པའི་གནས་དང་། ལྷ་མ་ཡིན་གྱི་གནས་བྱེ་བྲག་ཏུ་བཤད་པ་བཞི་ལས། དང་པོ་ནི། འདི་ནས་བྱང་དུ་རི་ནག་པོ། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། མཆིམས་ཀྱིས་རྡོ་རྗེ་གདན་འདི་ནས་ཞེས་གསུངས་པ་ལ་ཕྱི་མ་དག་དེ་ནི་ལེགས་སྦྱར་དང་མི་མཐུན་པས་འཛམ་བུ་གླིང་འདི་ནས་ཞེས་འཆད་དགོས་ཞེས་གསུངས་ཀྱང་། འཛམ་བུ་གླིང་འདི་ནས་ཞེས་པའི་དོན་མཚན་གཞི་བཟུང་ན། སྟོན་པས་ཆོས་མངོན་པ་གསུངས་པའི་གནས་རྡོ་རྗེ་གདན་འདི་ནས་ཞེས་པ་ལས་འོས་མེད་དེ། ལུང་པ་འདི་ནས་ཞེས་སྨོས་ཀྱང་གོང་དུ་སྨོས་པའི་དེ་ཉིད་ལ་ངོས་བཟུང་དགོས་པ་བཞིན་ནོ། །དེ་ནས་རི་ནག་པོ་དགུ་ནི་བ་རི་བ་རིན་པོ་ཆེའི་རི་མ་ཡིན་པ་ས་ནག་པོ་ཞེས་སྨོས་ཏེ། ཁ་དོག་ནག་པོ་མ་ཡིན་པར་བཞེད་ལ། དེ་ལྟར་ན་རི་བོ་གངས་ཅན་དང་། སྤོས་ངད་ལྡང་བ་ཡང་ནག་པོར་འཆད་པར་འགྱུར་བས་ཁ་དོག་ནག་པོ་ཞེས་མ་ཧཱ་བཞེད་དོ། །དེ་ལྟར་དགུ་འདས་པའི་ཕ་རོལ་ན་རི་བོ་གངས་ཅན་ཡོད་ལ། དེའི་བྱང་ངོས་ན་རི་སྤོས་ངད་ལྡན་པ་ཡོད་པའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། ཆུ་དང་། ཞེང་དང་། ཟབས་སུ་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་ཉིས་བརྒྱས་འཁོར་བ་གྲུ་བཞི་པ། ཆུ་བོ་ཆེན་པོ་བཞི་འབབ་པ་ཡོད་དེ་གདགས་པ་ལས། གངྒཱ་དང་ནི་སིནྡྷུ་པཀྵཱུ་དང་། །སིཏྟཱ་རྦ་རླབས་ལྦུ་བའི་ཕྲེང་བ་ཅན། །ཐམས་ཅད་འབབ་ཅིང་གསལ་བའི་ཆུ་ཡིན་ཏེ། །ཕྱོགས་བཞིར་འཁོར་བ་འཁོར་ཡུག་དག་ནས་འབྱུང་། །གངྒཱ་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་སྟེ། །སིནྡྷུ་ལྷོ་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན། །པཀྵཱུ་ཡང་ནི་ནུབ་ཕྱོགས་རྒྱ་མཚོར་འགྲོ། །དེ་ཡི་བྱང་ཕྱོགས་རྒྱ་མཚོར་སིཏྟཱ་འགྲོ། །ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། །མཆོག་ཏུ་བཟང་ཞིང་ཡིད་འོང་འབབ་པ་སྟེ། །རེ་རེ་ཡང་ནི་ལྔ་བརྒྱ་ཁྱེར་ནས་ནི། །ཆུ་བོའི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ། །ཞེས་དང་། གངྒཱ་གླང་པོའི་ཁ་ནས་ཤར། །སིནྡྷཱུ་ཁྱུ་མཆོག་ཁ་ནས་ལྷོར། །པཀྵཱུ་རྟ་ཡི་ཁ་ནས་ནུབ། །སིཏྟཱ་སེང་གེའི་ཁ་ནས་བྱང་། །དངུལ་དང་བཻ་ཌཱུར་ཤེལ་གསེར་གྱི། །བྱེ་མ་འདྲེན་ཅིང་འབབ་པ་ཡིན། །ཞེས་སོ། །དེ་དག་ཀྱང་ཆུ་བྲན་ལྔ་བརྒྱ་དང་བཅས་ནས་མཚོ་ལ་བསྐོར་བ་ལན་གསུམ་བྱས་ནས་ཕྱིའི་རྒྱ་མཚོར་འབབ་པར་བཤད་ལ། ཕལ་པོ་ཆེར་ནི་ལན་བདུན་བདུན་བསྐོར་བར་བཤད་དོ། །དེའི་འགྲམ་ན་ཤིང་འཛམ་བུ་བྲྀཀྵ་ཞེས་བྱ་བ་འབྲས་བུ་མངར་པོ་རྫ་མ་ཙམ་དང་ལྡན་པ་དེ་སྨིན་པ་ཆུར་ལྷུང་བ་ལས་འཛམ་བུ་ཞེས་པའི་སྒྲ་དང་། འཛམ་བུ་ཆུ་བོའི་གསེར་དྲི་མ་མེད་པ་འབྱུང་སྟེ། དེས་མཚོན་པའི་གླིང་ལ་འཛམ་བུའི་གླིང་ཞེས་བྱའོ། །སྔོན་སེར་སྐྱའི་གྲོང་ཁྱེར་ན་ཡང་ཤིང་དེ་ཡོད་དེ། བྱང་ཆུབ་སེམས་དཔའ་འཛམ་བུའི་གྲིབ་མ་ལ་བསམ་གཏན་མཛད་པས་འཛམ་བུའི་གྲིབ་མས་ཁྱབ་པ་མ་བཏང་བར་བཤད་དོ། །མཚོ་མ་དྲོས་པའི་བྱང་ངོས་ན་བྲག་གསེར་གྱི་བྱ་སྐྱིབས་ཅན་ཞེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་གྱེན་དུ་ཕྱེད་དང་བཞི་པ་གཡོག་ལྔ་བརྒྱ་དང་བཅས་པ་དང་། རྫིང་བུ་དལ་གྱིས་འབབ་པ་ཞེས་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་བ་དེའི་ནང་ན་པདྨའི་འདབ་མ་བ་གླང་གི་ཀོ་བ་ཙམ། སྡོང་བུ་ཤོལ་འདབ་ཙམ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་རོ་སྦྲང་རྩི་ལྟ་བུ་སྐྱེ་བ་རྫིང་གཡོག་ལྔ་བརྒྱ་དང་ལྡན་པ། ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཞེས་པ་གཞུ་འདོམ་བཞི་བཅུ་ཐུར་དུ་ཟུག་པ། འོབ་རིམ་པ་བདུན་གྱི་དང་པོ་དཔག་ཚད་བཅུ་གསུམ་ནས་ཐ་མ་བདུན་གྱི་བར་དུ་འཕགས་པ་རྣམས་ཡོད་པ། ལྷའི་དབང་པོ་བརྒྱ་བྱིན་ལ་གླང་པོ་གཉིས་ཡོད་པའི་གཡུལ་ངོར་སྤྱད་པའི་རབ་བརྟན་ནི་ལུས་མེ་ཏོག་ཀུ་མུ་ཏ་ལྟར་དཀར་བ། མགོ་བོ་ནོར་བུ་ཆུ་ཤེལ་ལྟར་དམར་བ་མཆེ་བ་དྲུག་དང་ལྡན་པ། དཔངས་སུ་དཔག་ཚད་ཕྱེད་དང་གཉིས། སྲིད་དུ་ཕྱེད་དང་གསུམ། ཞེང་དུ་གཅིག མཐར་བདུན་གྱིས་འཁོར་བ་ཡོད་དེ། དེ་རྣམས་སུ་དགུན་དང་དཔྱིད་དང་དབྱར་ཟླ་བ་བཞི་བཞིར་གནས་ཤིང་། བླ་མ་ཁ་ཅིག་ནི་གསུམ་གསུམ་དང་། གསུམ་སུམ་ཅུ་རྩ་གསུམ་དུའོ་ཞེས་གསུངས་ཏེ། ཐོབ་ཐང་བརྩིས་པ་འདྲའོ། །གཞན་ཡང་གླིང་འདིའི་དབུས་སུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པའི་གནས་རྡོ་རྗེ་གདན་གྱི་སྤོ་ཞེས་པ་མེ་ལ་སོགས་པས་མ་འཇིག་པར་མངོན་པར་གྲུབ་པས་གླིང་གཞན་དུ་སངས་རྒྱས་མི་འབྱུང་བ་དང་། ཤར་དུ་རི་བོ་རྩེ་ལྔ་ཞེས་པ་འཇམ་པའི་དབྱངས་ཀྱི་གནས་དང་། ལྷོ་རུ་རི་བོ་གྲུ་འཛིན་ཞེས་པ་སྒྲོལ་མའམ་སྤྱན་རས་གཟིགས་ཀྱི་གནས་དང་། ནུབ་ཏུ་ཨུ་རྒྱན་ཞེས་པ་རིགས་གསུམ་མགོན་པོའི་གནས་དང་། དུས་འཁོར་བ་ལྟར་ན་བྱང་དུ་ཤམྦྷ་ལ་ཞེས་པ་རིགས་ལྡན་གྱི་རྒྱལ་པོའི་གནས་རྣམས་ཡོད་དོ། །གཞན་ཡང་གླིང་འདིར་ཐོ་དཀར་དང་། རྒྱ་ཡུལ་དང་། ཧུ་ལུ་ན་དང་། སྐམ་པོ་རྩེ་དང་། ཤ་ཁ་དང་། སྦལ་པ་དང་། ཁྱི་གདོང་དང་། ཀྲི་ཝ་ཤ་རི་ཀ་དང་། གནམ་གདོང་དང་། ཕྱིར་ཕྱོགས་གདོང་དང་། བཤོག་ཐོག་གཅེར་བུ་དང་། རྒུར་ཏེ་འགྲོ་བ་དང་། སྣ་མེད་དང་། ཀློ་ཁ་ཀྲ་ལ་སོགས་པ་ཡུལ་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་ཕྲག་དང་བཅས་པ་དང་གྲོང་ཁྱེར་ཆེན་པོ་དྲུག་གིས་བརྒྱན་པའི་ཡུལ་དབུས་དང་མཐའ་འཁོབ་ཀྱིས་རབ་ཏུ་ཕྱེ་བའི་མི་རིགས་དང་། སྐད་རིགས་སྣ་ཚོགས་པ་དང་། ལྷོ་ཕྱོགས་ན་རི་རྒྱལ་མ་ལ་ཡ་ཞེས་པ་དུག་གསུམ་ཤས་ཆེ་བའི་རྟགས་སུ་རྩེ་མོ་ན་ཕུག་རོན་དང་། རྐེད་པ་ན་སྦྲུལ་དང་། རྩ་བ་ན་ཕག་གནས་པ་དང་། གཞན་ཡང་རི་བྱ་རྐང་དང་། འབིགས་བྱེད་དང་། མནྡ་ར་བ་ལ་སོགས་པ་དུ་མས་བརྒྱན་པའོ། །གཉིས་པ་ལ་གཉིས་ཏེ། རི་ལ་བརྟེན་པའི་གནས་དང་། གཞལ་མེད་ཁང་ལ་བརྟེན་པའི་གནས་སོ། །དང་པོ་ནི། རི་རབ་ལ་བང་རིམ་བཞི་ཡོད་པའི་དང་པོ་ལ་ལག་ན་ཡོལ་གོ་ཐོགས་པ་དང་། ཁྲག་ཐོགས་པ་དང་། རྟག་མྱོས་དང་། ཕྲེང་ཐོགས་རྣམས་གནས་པར་ས་ལས་བཤད་ལ། འདིར་ནི། དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །ཞེས་གསུངས་སོ། །དེ་ཡང་བང་རིམ་བཞི་པའི་ཤར་ཕྱོགས་ན་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་དང་། ལྷོར་འཕགས་སྐྱེས་པོའི་ཕོ་བྲང་འཕགས་པར་སྐྱེས་པ་དང་། ནུབ་ཏུ་མིག་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་དང་། བྱང་དུ་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཏེ། འདི་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བཞུགས་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་སོ། །སར་ནི་རི་གཉའ་ཤིང་འཛིན་གྱི་ངོས་བཞི་ན་ཡོད་པར་གསུངས་སོ། །དེ་རྣམས་ནི་གདགས་པར་ཆུ་ཞིང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། ཁོར་ཡུག་ཏུ་དཔག་ཚད་སྟོང་གིས་འཁོར་བ། གྲུ་བཞི་པ་ལམ་སྲང་དང་། སྐྱེད་མོས་ཚལ་དང་། དཔག་བསམ་གྱི་ཤིང་། རྫིང་བུ་དང་། གསེར་གྱི་རྭ་བ་དང་། ཟམ་པ་རྒྱུན་མ་དང་། གསེར་གྱི་བྱེ་མ་བརྡལ་བ་དང་། ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་དང་། ཚོན་སྣ་བརྒྱ་རྩ་གཅིག་གིས་མིག་མང་རིས་སུ་བྲིས་པ་སོགས་ཁྱད་པར་ཅན་དུ་མ་བཤད་དོ། །རི་བདུན་དང་ལྕགས་རི་ལ་ཡང་དེ་དག་གི་གྲོང་དང་། གྲོང་རྡལ་ཡོད་དོ། །གཉིས་པ་ནི། ཉི་མ་དང་། ཟླ་བ་དང་། སྐར་མ་རྣམས་ཏེ། དེ་དག་ལ་ཡང་རྒྱལ་ཆེན་རིས་བཞི་པའི་ལྷ་གནས་ཤིང་། གཞན་ཡང་ཆུ་ཀླུང་དང་ལྗོན་ཤིང་དང་། ནགས་ཚལ་དང་། ས་བླ་དང་། ནམ་མཁའ་དང་། རྒྱ་མཚོ་རྣམས་ལ་ཡང་དེ་དང་དེ་ཡི་ལྷ་གནས་ཏེ། མཛོད་འགྲེལ་དུ་དེ་ཉིད་ཀྱི་ཕྱིར་ལྷའི་རིས་ཐམས་ཅད་སས་ཕྱེ་བའོ་ཞེས་གསུངས་པས་སོ། །གསུམ་པ་ནི། འདིར་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ཞེས་སོགས་གསུངས་སོ། །དབུས་ན་གྲོང་ཁྱེར་བལྟ་ན་སྡུག འདིར་ངོས་ལ་ཉིས་སྟོང་ལྔ་བརྒྱ་པར་གསུངས་ཤིང་། སར་ནི་ཆུ་ཞེང་དུ་དཔག་ཚད་ཁྲི་ཁྲི་ཡོད་པར་གསུངས་སོ། །གདགས་པར་དེ་གསེར་གྱི་རྭ་བ་དང་དཔག་ཚད་ཕྱེད་གསུམ་པས་བསྐོར་བ། རྩིག་སྐྱབས་གསེར། དངུལ། བཻ་ཌཱུརྻ། ཤེལ་ལས་བྱས་པ། མདའ་ཡབ་བཟང་པོ་བཞི་དང་ལྡན་པ། སྒོ་སྟོང་དུ་གཅིག་གིས་མ་ཚང་བ། སྒོ་ལ་དཔངས་སུ་དཔག་ཚད་ཕྱེད་དང་གསུམ་དང་། ཞེང་དུ་ཕྱེད་དང་གཉིས་ཡོད་པ། རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། སྒོ་རེ་རེ་ལ་ཡང་སྲུང་མ་གོ་མཚོན་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། ལམ་སྲང་ཞེང་དུ་དཔག་ཚད་བཅུ་གཉིས་དང་། རིང་བར་ཉིས་སྟོང་ལྔ་བརྒྱ་པས་མཛེས་པ། གསེར་གྱི་བྱེ་མ་བརྡལ་བའོ་ཞེས་བཤད། དེའི་དབུས་ན་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བྱེད་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། གྲོང་ལས་དཔག་ཚད་ཕྱེད་དང་ལྔས་གྱེན་དུ་འཕགས་པ། རྨང་རིན་པོ་ཆེ་བཞི་ལས་བྱས་པ། ཐེམ་སྐས་བཞི་དང་ལྡན་པ། ཀ་བ་བཞི་གསེར། དངུལ། བཻ་ཌཱུརྻ། ཤེལ་ལས་བྱས་པ། ཀ་རྟེན་དང་། ཀ་གཞུ་དང་། བྲེ་ཕུལ་དུང་ལ་སོགས་པས་བྱས་པ། བ་གམ་བརྒྱ་རྩ་གཅིག་པ། བ་གམ་རེ་རེ་ལ་ཁང་པ་རྩེགས་པ་བདུན་བདུན། དེ་རེ་རེ་ལ་ཁང་མིག་བདུན་བདུན། དེ་རེ་རེ་ལ་ལྷ་མོ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་འཁྲོལ་བ་བདུན་བདུན་ཡོད་པའོ། །དེའི་ཕྱི་རོལ་དུ་ཚལ་བཞི་ནི། ཤིང་རྟ་སྣ་ཚོགས་པ་དང་། རྩུབ་འགྱུར་དང་། འདྲེས་པའི་ཚལ་དང་། དགའ་བས་བརྒྱན་པ་བཞི་ཡོད་ལ། དེའི་ཕྱི་རོལ་དཔག་ཚད་ཉི་ཤུས་བཅད་པ་ན་ས་གཞི་བཟང་པོ་ཚལ་ལ་འགྲན་པ་ལྟ་བུ་དང་། གྲོང་ཁྱེར་གྱི་ཕྱིའི་བྱང་ཤར་མཚམས་ན་ཤིང་ཡོངས་འདུས་ས་བརྟོལ་ཞེས་བྱ་བ་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པ། བརྒྱ་གྱེན་དུ་འཕགས་པ། ཡལ་ག་དང་འདབ་མས་བརྒྱད་ཅུའམ་ལྔ་བཅུར་ཁྱབ་པ། མེ་ཏོག་གི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱ་དང་། རྫི་ཕྱོགས་མིན་པར་ལྔ་བཅུ་ལྡང་བའོ། །གྲོང་ཁྱེར་དེའི་ལྷོ་ནུབ་མཚམས་ན་ཆོས་བཟང་ལྷའི་མདུན་ས་ཡོད་ལ། དེའི་འདབས་ན་ཨར་མོ་ནི་ཀ་ལྟ་བུའི་རྡོ་ལེབ་དཀར་པོ་ཆུ་ཞེང་དུ་དཔག་ཚད་བརྒྱ་དང་། རྔམས་སུ་དྲུག་དང་བཅོ་བརྒྱད་ཀྱི་ཆ་ཡོད་པ། དབུས་ན་བརྒྱ་བྱིན་གྱི་སེང་གེའི་ཁྲི་དང་། ཉེ་འཁོར་ན་ཉེ་དབང་རྣམས་ཀྱི་ཁྲི་ཡོད་པའོ། །བཞི་པ་ལྷ་མ་ཡིན་གྱི་གནས་ནི་རི་རབ་ཆུ་ལ་ནུབ་པའི་ཁོང་སེང་ན་ཡོད་དེ། དྲན་པ་ཉེར་གཞག་ལས། དཔག་ཚད་སུམ་ཁྲི་ན་འོད་ལྡན་གྱི་གྲོང་ན་སྒྲ་གཅན་དང་། དེ་ནས་བཞི་སྟོང་ན་དཀར་ཕྲེང་གི་གྲོང་ན་མགུ་ཕྲེང་དང་། དེ་ནས་བཞི་སྟོང་ན་བརྟན་པའི་གྲོང་ན་རབ་རྣོན་དང་། དེ་ནས་བཞི་སྟོང་ན་ཟབ་པའམ་གསེར་ལྡན་གྱི་གྲོང་ན་ཐགས་བཟང་རིས་གནས་སོ། །དེ་རྣམས་དམའ་ཤོས་བཟང་ཞིང་བཞི་པའི་གསེར་གྱི་ས་གཞི་ལ་བལྟ་ན་སྡུག་གི་དོད་གསེར་ལྡན་དང་། རྣམ་རྒྱལ་གྱི་དོད་སྡོམ་པ་ཅན། ཆོས་བཟང་གི་དོད་ནོར་བཟང་དང་། ཡོངས་འདུའི་དོད་ཙི་ཏྲ་པ་ཏྲ་བ། ཟླ་བ་དཀར་པོའི་དོད་རྡོ་ལེབ་བཟང་པོ་དང་། ཚལ་བཞི་ནི། ཤར་སོགས་ན་ཀུན་དགའ་དང་། རབ་དགའ་དང་། དགའ་བ་དང་། ཀུན་དགའ་རྭ་བའོ། །ས་གཞི་བཞི་ནི་ཀུན་དགའ་ཅན་ནས་ཀུན་དགའ་རྭ་བ་ཅན་གྱི་བར་རོ། །གླང་པོ་ཆེ་རབ་བརྟན་གྱི་དོད་བཟོད་པར་དཀའ་བ་དང་། ས་སྲུང་གི་བུའི་དོད་ཏི་སེ་གངས་བརྩེགས་དང་། རྟ་སྤྲིན་གྱི་ཤུགས་ཅན་གྱི་དོད་བྲག་འཇིངས་ཞེས་བྱ་བའོ། །གཉིས་པ་སྟོང་སྤྱི་ཕུད་ནི། གླིང་བཞི་པ་དང་ཉི་མ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །ཅེས་གསུངས་ཤིང་། ཚངས་པའི་འཇིག་རྟེན་ནི་བསམ་གཏན་དང་པོའོ་ཞེས་སློབ་དཔོན་རྒྱལ་པོའི་སྲས་དང་། ཨ་བྷྱ་འཆད་ལ། ཁ་ཅིག མི་དགེ་བ་ལས་ཚངས་པས་ན་གཟུགས་ཁམས་པ་ཀུན་ཡིན་ཏེ། ཕལ་པོ་ཆེར་སྟོང་གསུམ་ལ་འོག་མིན་བྱེ་བ་ཕྲག་བརྒྱ་ཡོད་པར་བཀའ་སྩལ་པས་སོ་ཞེས་གསུངས། དཔང་ལོས་དེ་དག་གདུལ་བྱའི་བསམ་པ་དང་མཐུན་པའི་མདོ་སོ་སོའི་བཤད་པར་མངོན་ནོ་ཞེས་བཤད་དོ། །འདི་ལ་ཆུ་དང་རླུང་གིས་འཇིག་ཚུལ་དང་བསྟུན་ན་ཕལ་པོ་ཆེའི་མདོ་ལྟར་དག་གམ་སྙམ་མོ། །གསུམ་པ་སྟོང་གཉིས་པ་ནི། དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །ཞེས་པ་ལྟར་རོ། །བཞི་པ་སྟོང་གསུམ་ནི། དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་ཏེ། འཇིག་པ་ནི་མེ་ལ་སོགས་པས་འཇིག་པའོ། །འབྱུང་བ་ནི་སྣོད་བཅུད་ཆགས་པའོ། །སྟོང་གསུམ་གྱི་འཇིག་རྟེན་ཁམས་ལ་ཁོར་ཡུག་ཆེན་པོས་བསྐོར་བར་མངོན་པ་གོང་མར་བཤད་དོ། །ལྔ་པ་ཕྱོགས་བཅུའི་འཇིག་རྟེན་བཤད་པ་ནི། ཕྱོགས་བཅུའི་ཞིང་ཐམས་ཅད་མཉམ་དུ་འཇིག་ཅིང་ཆགས་པ་མ་ཡིན་ཏེ། ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་ན་བར་མཚམས་མི་མངོན་པ་བཞིན། ཕྱོགས་བཅུའི་ཞིང་ལ་ལ་ཆགས་པ་དང་། ལ་ལ་འཇིག་པའི་བར་མཚམས་མི་མངོན་པར་མངོན་པ་གོང་མར་གསུངས་པའི་ཕྱིར་རོ། །འདི་ལ་བྱེ་བྲག་སྨྲ་བས་སྣོད་གཅིག་གི་སྟེང་འོག་ན་སྣོད་མེད་ཀྱི་ཐད་ཀར་མཐའ་མེད་དུ་གནས་ཏེ། མདོར་འཆགས་འཇིག་ཕྱོགས་བཞིར་བར་མཚམས་མེད་པར་གསུངས་ཀྱི། སྟེང་འོག་ཏུ་མ་གསུངས་པའི་ཕྱིར་རོ་ཞེས་སྨྲའོ། །ཕལ་པོ་ཆེར་ཞིང་རབ་འབྱམས་དེ་རྣམས་ནི་ནམ་མཁའ་དང་། ནོར་བུའི་རྒྱ་མཚོ་དང་། པདྨའི་རྒྱ་མཚོ་དང་། སངས་རྒྱས་ཀྱི་སྐུའི་བྱིན་པ་ལ་སོགས་པ་ལ་གནས་ཤིང་། དབྱིབས་ནི་ཟླུམ་པོ་དང་། ཟུར་གསུམ་དང་། གྲུབ་བཞི་དང་། ནོར་བུ་དང་། པདྨ་དང་། འཁོར་ལོ་ལྟ་བུ་དང་། ཟུར་བརྒྱད་པ་དང་། སངས་རྒྱས་ཀྱི་མཚན་ལྟ་བུར་བཤད་དོ། །སངས་རྒྱས་རི་རབ་འོད་ཡང་དག་པར་འཕགས་པའི་ཞིང་ཡིད་རབ་ཏུ་དགའ་བ་ན་འཛམ་བུ་གླིང་ལ་དཔག་ཚད་བྱེ་བ་དང་། གླིང་གཞན་གསུམ་ལ་བརྒྱད་ཁྲི་རེ་ཡོད་པར་གསུངས་པ་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོར། འདས་པའི་དུས་སུ་སངས་རྒྱས་སེང་གེའི་བློ་གྲོས་བྱོན་པ་ན་འཛམ་བུ་གླིང་འདི་ལ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པ་དང་། ཡབ་སྲས་མཇལ་བར། རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་དུས་སུ་འཛམ་བུའི་གླིང་འདིར་ནི་རྒྱར་དཔག་ཚད་ཁྲི་བརྒྱད་སྟོང་པར་འགྱུར་ཞེས་བཀའ་སྩལ་པ་དང་། མངོན་པར་དགའ་བའི་ཞིང་ན་གསེར་དངུལ་གྱི་སྐས་ལ་འཛེགས་ནས་སུམ་ཅུ་རྩ་གསུམ་དུ་འགྲོ་སྟེ་མི་རྣམས་ལྷ་ལ་མི་སྨོན་ཅིང་། ལྷ་རྣམས་འཛམ་བུ་གླིང་ན་སངས་རྒྱས་བཞུགས་སོ་ཞེས་སྨོན་པར་མི་འཁྲུགས་པའི་ཞིང་གི་བཀོད་པར་འབྱུང་བ་སོགས་སོ། །ཡང་འཇམ་དཔལ་གྱི་ཞིང་གི་བཀོད་པར་སངས་རྒྱས་ནོར་བུ་བརྩེགས་པའི་ཞིང་ན་ཉི་ཟླ་མེད་པར་སངས་རྒྱས་ཀྱི་ནོར་བུས་གསལ་བར་བྱེད་པ་བཀའ་སྩལ་པ་དང་། སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་མིག་མི་འཛུམ་པ་ན་སྟོང་གསུམ་རིལ་པོ་ཉི་ཟླ་ཟུང་གཅིག་གིས་གསལ་བར་བྱེད་ཅེས་འབྱུང་བ་དང་། ཕལ་པོ་ཆེའི་ལེའུ་དགུ་པར། ཞིང་རྣམས་ལ་ལ་འོད་མེད་དེ། །བདུན་པའི་འཇིགས་པ་ཤིན་ཏུ་ཆེ། །རེག་ན་སྡུག་བསྔལ་སྤུ་གྲི་འདྲ། །བལྟ་ན་མི་བཟད་ཅི་ཡང་གཡའ། །ཞིང་རྣམས་ལ་ལ་ལྷ་འོད་ཅན། །ལ་ལ་ཁྱིམ་གྱི་འོད་ཅན་ཏེ། །ལ་ལ་ཉི་ཟླའི་འོད་དང་ལྡན། །ཞིང་རྣམས་ལ་ལ་རང་གི་འོད། །ཤིང་གི་འོད་ཅན་དྲི་མ་མེད། །ལ་ལ་རི་བོའི་འོད་ཅན་སྟེ། །ཞིང་རྣམས་ལ་ལ་ནོར་བུའི་འོད། །ལ་ལ་མར་མེའི་འོད་ཅན་སྟེ། །ཞིང་རྣམས་ལ་ལ་སངས་རྒྱས་འོད། །ཞིང་རྣམས་ལ་ལ་པདྨའི་འོད། །སྤོས་ཆུའི་འོད་དང་ལྡན་པའང་ཡོད། །སྨོན་ལམ་དབང་གིས་རྣམ་པར་སྦྱངས། །ཞེས་དང་། ཡང་རྒྱན་གྱི་ཁྱད་པར་ཡང་། ཞིང་གི་རྒྱན་མངས་བྱེ་བ་ཡིས། །ཞིང་རྣམས་ལ་ལ་རྣམ་པར་བྲིས། །རྒྱན་དང་ཚུལ་རྣམས་ཐ་དད་པར། །སྣ་ཚོགས་མིག་གཡོར་ལྟ་བུར་སྣང་། །ཞེས་དང་། ཡང་སངས་རྒྱས་ཡོད་མེད་ཀྱི་ཁྱད་པར་ཡང་། ཞིང་རྣམས་ལ་ལར་སངས་རྒྱས་མེད། །ཞིང་རྣམས་ལ་ལར་སངས་རྒྱས་བཅས། །ལ་ལའི་ཞིང་ན་སངས་རྒྱས་གཅིག །ལ་ལར་སངས་རྒྱས་མང་པོའོ། །ཞེས་དང་། ཡང་གནས་པའི་ཡུན་ཡང་། ཞིང་རྣམས་ལ་ལ་བསྐལ་པ་ཙམ། །ལ་ལ་བསྐལ་པ་བཅུ་པ་སྟེ། །ཞིང་རྣམས་ལ་ལ་རྡུལ་མཉམ་པའི། །བསྐལ་པ་བྱེ་བར་བརྗོད་པ་ཡིན། །ཞེས་བཀའ་སྩལ་ཏོ། །ཡང་འཇིག་རྟེན་གྱི་ཁམས་ཐད་ཀ་བ་འདི་ལྟ་བུ་དང་། སྣྲེལ་ཞི་ལ་སོགས་ལ་རྐང་པ་བཙུགས་པ་དང་། སྤྱིའུ་གཙུགས་སུ་འགྲོ་བ་གསུམ་དུ་འཆད་དེ། ཕྱི་མ་གཉིས་ནི་ས་བཅུ་པའི་འགྲེལ་པར། འཆོལ་བ་གོ་རིམ་དུ་མི་གནས་པ་དང་། སྟེང་གཡོགས་མེད་པར་ཁྱིམ་གནས་པ་མ་བྱས་པར་བཀྲལ་ལོ། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པའི་སྐབས་སུ། དུས་བཞི་འཆོལ་བའི་ལུགས། དུས་བཞི་གཅིག་ཆར་བའི་ལུགས། འཐད་པའི་ཕྱོགས་ངོས་བཟུང་བ་དང་གསུམ་ལས། དང་པོ་ལ་བཞི་སྟེ། འཆོལ་བའི་ལུགས་བརྗོད། གཞུང་ནས་བསྟན་པའི་དུས་བཞི་གང་ལ་འབྱུང་ངོས་བཟུང་བ། ཉི་མ་མྱུར་བུལ་གྱི་རྒྱུ་མཚན། ཉི་མས་གླིང་དུ་ལ་བྱ་བ་བྱེད་ངོས་བཟུང་བའོ། །དང་པོ་ནི། སྔོན་གྱི་མཁས་པ་ཁ་ཅིག་ན་རེ། འཛམ་བུ་གླིང་དུ་དགུན་ཉི་ཐུང་བ་མཐར་ཐུག་པའི་ཚེ་བྱང་སྒྲ་མི་སྙན་དུ་དབྱར་ཉི་རིང་བ་མཐར་ཐུག་པ་དང་། ཤར་ལུས་འཕགས་གླིང་དུ་དཔྱིད་ཉིན་མཉམ་མཚན་མཉམ་དང་། ནུབ་བ་གླང་ལོངས་སྤྱོད་དུ་སྟོན་ཉིན་མཉམ་མཚན་མཉམ་འབྱུང་ངོ་། །དེའི་ཚེ་འཛམ་བུ་གླིང་དུ་ཉིན་མོ་ལ་ཡུད་ཙམ་བཅུ་གཉིས། མཚན་མོ་ལ་ཡུད་ཙམ་བཅོ་བརྒྱད། བྱང་དུ་དེ་ལས་ལྡོག་པ་འབྱུང་ཞིང་། ཤར་གྱི་སྔ་དྲོ་ལ་ཡུད་ཙམ་དགུ་འབྱུང་སྟེ། བྱང་གི་ཕྱི་དྲོ་ལ་ཡུད་ཙམ་དགུ་ཡོད་པ་གང་ཞིག དེ་གཉིས་ཉི་མའི་བགྲོད་པ་གཅིག་པའི་ཕྱིར་རོ། །ཤར་གྱི་ཕྱི་དྲོ་ལ་ཡུད་ཙམ་དྲུག་འབྱུང་སྟེ། ལྷོའི་སྔ་དྲོ་ལ་ཡུད་ཙམ་དྲུག་འབྱུང་བ་གང་ཞིག དེ་གཉིས་ཉི་མའི་བགྲོད་པ་གཅིག་པའི་ཕྱིར། དེའི་ཚེ་ནུབ་ཀྱི་སྔ་དྲོ་ལ་ཡུད་ཙམ་དྲུག་འབྱུང་སྟེ། ལྷོའི་ཕྱི་དྲོ་ལ་ཡུད་ཙམ་དྲུག་འབྱུང་བ་གང་ཞིག དེ་གཉིས་ཉི་མའི་བགྲོད་པ་གཅིག་པའི་ཕྱིར་རོ། །དེ་ནས་ཟླ་བ་གསུམ་སོང་བ་ན་འཛམ་བུའི་གླིང་དུ་དཔྱིད་ཉིན་མཚན་མཉམ་པ་དང་། ནུབ་ཏུ་དགུན་ཉི་ཐུང་བའི་མཐར་ཐུག་དང་། བྱང་དུ་སྟོན་ཉིན་མཉམ་མཚན་མཉམ་དང་། ཤར་དུ་དབྱར་ཉི་རིང་བའི་མཐར་ཐུག་པ་འབྱུང་ལ་དེ་ནས་ཟླ་བ་གསུམ་སོང་བ་ན་འཛམ་བུ་གླིང་དུ་དབྱར་ཉི་རིང་བའི་མཐར་ཐུག་པ་དང་། གཞན་རྣམས་དེས་འགྲེ། དེ་ནས་ཟླ་བ་གསུམ་སོང་བ་ན་འཛམ་བུའི་གླིང་དུ་སྟོན་ཉིན་མཉམ་མཚན་མཉམ་དང་། གཞན་རྣམས་དེས་འགྲེ་སྟེ། དེ་རྣམས་གླིང་གང་རུང་གཅིག་གིས་ལོ་གཅིག་ལ་འཁོར་བའོ། །གཉིས་པ་ནི། ལུགས་འདི་ལ་འཛམ་བུའི་གླིང་དུ་ནམ་ཕྱེད་པ་དང་། ནུབ་ཏུ་ཉི་མ་ནུབ་པ་དང་། བྱང་དུ་ཉི་མ་ཕྱེད་པ་དང་། ཤར་དུ་ཉི་མ་ཤར་བ་རྣམས་དུས་གཅིག་པ་ཞག་རེ་བཞིན་དུ་འབྱུང་བས་ཁྱབ་བོ། །གསུམ་པ་ནི། འོ་ན་ཉི་མ་གླིང་གི་དཀྱིལ་གྱི་ཐད་ཀྱི་ནམ་མཁར་འགྲོ་བའི་ཚེ་ལམ་ཐུང་ཡང་འགྲོ་བ་བུལ་བ་དང་། གླིང་གི་ཕྱི་རོལ་རྒྱ་མཚོར་འབབ་པའི་ཚེ་ལམ་རིང་ཡང་བགྲོད་པ་མྱུར་བའི་རྒྱུ་མཚན་ཅི་ཞེ་ན། རྒྱ་མཚོར་འབབ་པའི་ཚེ་རང་འདྲེན་བྱེད་ཀྱི་རླུང་གི་སྟེང་དུ་ལྕགས་རི་ཁའི་རླུང་བསྣན་པས་ཤིན་ཏུ་མྱུར་ལ། དེ་ནས་རི་རབ་ལ་ཐག་ཉེར་སོང་བའི་ཚེ་ལྕགས་རི་ཁའི་རླུང་དང་ཇེ་འགྱང་དུ་སོང་བས་བགྲོད་པ་ཇེ་བུལ་དུ་སོང་ལ། བྱང་བགྲོད་མཐར་ཐུག་པའི་ཚེ་རང་འདྲེན་བྱེད་ཀྱི་རླུང་ཁོ་ནས་འདྲེན་པས་ཤིན་ཏུ་བུལ་བར་སྔོན་གྱི་མཁས་པ་དག་བཞེད་དོ། །བཞི་པ་ནི། ལུགས་འདི་ལ་ཉི་མས་གླིང་གཉིས་ནི་སྣང་བར་བྱེད་པ་དང་། གླིང་གཉིས་ནི་མུན་པར་བྱེད་པ་རྒྱུན་དུ་འབྱུང་ངོ་། །གཉིས་པ་ལ་བཞི་སྟེ། ཅིག་ཆར་བའི་ལུགས་བརྗོད། གཞུང་ནས་བསྟན་པའི་དུས་བཞི་གང་ནས་འབྱུང་ངོས་བཟུང་། ཉི་མ་མྱུར་བུལ་གྱི་རྒྱུ་མཚན། ཉི་མས་གླིང་དུ་ལ་བྱ་བ་བྱེད་བཤད་པའོ། །དང་པོ་ནི། མཁས་པ་ཁ་ཅིག གླིང་བཞི་ཆར་དུ་དགུན་དགུན་མཉམ། དཔྱིད་དཔྱིད་མཉམ། དབྱར་དབྱར་མཉམ། སྟོན་སྟོན་མཉམ་འབྱུང་ངོ་། །གཉིས་པ་ནི། གླིང་བཞི་ལ་ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་འཆར་དུས་གཅིག་པ། སྟོན་ཉིན་མཉམ་མཚན་མཉམ་གྱི་དུས་ཉིན་ཞག་གཅིག་དང་། དཔྱིད་ཉིན་མཉམ་མཚན་མཉམ་གྱི་དུས་ཉིན་ཞག་གཅིག་ཁོ་ན་ལ་འབྱུང་གི་གཞན་རྣམས་ལ་མི་འབྱུང་ངོ་། །གསུམ་པ་ནི་སྔ་མ་དང་འདྲའོ། །བཞི་པ་ནི་ཉི་ཟླས་གླིང་གཅིག་ཁོ་ན་ལ་བྱ་བ་བྱེད་པའི་དུས་ཡོད་དེ། དགུན་ཉི་ཐུང་བ་མཐར་ཐུག་པའི་ཚེ་གླིང་གང་རུང་གཅིག་གི་ཉིན་ཕྱེད་ཀྱི་དུས་སུ་གླིང་དེ་ཁོ་ན་ལ་བྱ་བ་བྱེད་པའི་ཕྱིར་ཏེ། གླིང་གཅིག་ཤོས་ནས་ཉི་མ་ནུབ་ནས་ཡུད་ཙམ་གསུམ་སོང་། གཅིག་ཤོས་སུ་ཉི་མ་ཤར་བ་ལ་ཡུད་ཙམ་གསུམ་ལུས་པས་དེ་ལ་བྱ་བ་མི་བྱེད་པའི་ཕྱིར་རོ། །དེ་ནས་ཡུད་ཙམ་གསུམ་སོང་བ་ན་མདུན་ཕྱོགས་ཀྱི་གླིང་ལ་ཉི་མ་ཤར་བས་གླིང་གཉིས་ལ་བྱ་བ་བྱེད་ཅིང་། དེ་ནས་ཡུད་ཙམ་དྲུག་སོང་བ་ན་མདུན་ཕྱོགས་ཀྱི་གླིང་དུ་ཉི་མ་ཕྱེད་པའི་ཚེ་གླིང་དེ་ཁོ་ན་ལ་བྱ་བ་བྱེད་པའི་ཚུལ་ནི་སྔར་བཞིན་ནོ། །ཡང་ཉི་མས་གླིང་གཉིས་ཁོ་ན་ལ་བྱ་བ་བྱེད་པ་ཡོད་དེ། སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་གྱི་དུས་ཀྱི་ཞག་གཉིས་པོ་དེ་ལ་གླིང་གཉིས་ཁོ་ན་ལ་བྱ་བ་བྱེད་པའོ། །ཉི་མས་གླིང་གསུམ་ལ་བྱ་བ་བྱེད་པ་ཡང་ཡོད་དེ། དབྱར་ཉི་རིང་བ་མཐར་ཐུག་པའི་ཚེ། གླིང་གང་རུང་གཅིག་གིས་ཉིན་ཕྱེད་ཀྱི་དུས་སུ། གླིང་གཅིག་ཤོས་ནས་ཉི་མ་ནུབ་པ་ལ་ཡུད་ཙམ་གྱི་གསུམ་ལུས། མདུན་ཕྱོགས་ཀྱི་གླིང་དུ་ཉི་མ་ཤར་ནས། ཡུད་ཙམ་གསུམ་སོང་བའི་ཕྱིར་རོ། །ལུགས་འདི་ལ་གླིང་གང་རུང་གཅིག་གི་དཀྱིལ་དུ་ཉི་མ་ཡོད་པའི་ཚེ་ཉི་མའི་འོད་ཟེར་གྱི་མཐའ་ཟད་མ་ཟད་ཀྱི་སྒོ་ནས་ཉི་མ་འཆར་ནུབ་འཇོག་པ་ཡིན་གྱི་སྒྲིབ་བྱེད་ཡོད་མེད་ཀྱི་སྒོ་ནས་འཆར་ནུབ་འཇོག་པ་མ་ཡིན་ཏེ། ཐང་ཆེན་པོའི་དཀྱིལ་དུ་མར་མེ་བཞག་པ་བཞིན་ནོ་ཞེས་ཟེར་རོ། །གསུམ་པ་ནི། ལུགས་དེ་གཉིས་ལས་གང་ཞིག་འཐད་ཅེ་ན། ལུགས་དང་པོ་ལ་སྐྱོན་འདི་ལྟར་གནས་ཏེ། འཛམ་བུ་གླིང་དུ་དཔྱིད་ཉིན་མཉམ་མཚན་མཉམ་གྱི་དུས་ཀྱི་ཉི་མ་འཆར་ཁའི་ཐད་ཀྱི་ནམ་མཁའ་དེ་ཆོས་ཅན། ཁྱོད་ལས་ཉི་མ་བྱང་དུ་ཅུང་ཟད་ཀྱང་བགྲོད་དུ་མེད་པར་ཐལ། ཁྱོད་ཤར་ལུས་འཕགས་གླིང་གི་ཉི་མ་བྱང་བགྲོད་མཐར་ཐུག་པའི་ཉི་མ་གནས་པའི་ནམ་མཁའ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། དུས་བཞི་འཆོལ་བ་དང་། ནམ་ཕྱེད་སོགས་བཞི་པོ་དུས་གཅིག་པ་རྒྱུན་དུ་འབྱུང་བར་ཁས་བླངས་པས་སོ། །རྩ་བར་འདོད་ན། དེ་ནས་བཟུང་སྟེ་དབྱར་ཉི་རིང་བ་མཐར་ཐུག་པའི་བར་ཟླ་བ་གསུམ་དུ་ཤར་ཕྱོགས་ཀྱི་ཉི་མ་ཡང་བྱང་བགྲོད་དུ་འགྲོ་བ་མངོན་སུམ་དུ་མཐོང་བས་བསལ་ལོ། །དེ་བཞིན་དུ་འཛམ་བུ་གླིང་དུ་སྟོན་ཉིན་མཉམ་མཚན་མཉམ་གྱི་དུས་ཀྱི་ཉི་མ་འཆར་བའི་ཚེ་ཉི་མ་གནས་པའི་ནམ་མཁའ་ཆོས་ཅན། ཁྱོད་ལས་ཉི་མ་ལྷོར་ཅུང་ཟད་ཀྱང་བགྲོད་དུ་མེད་པར་ཐལ། ཁྱོད་ཤར་ལུས་འཕགས་གླིང་དུ་ཉི་མ་ལྷོ་བགྲོད་མཐར་ཐུག་པའི་དུས་ཀྱི་ཉི་མ་གནས་པའི་ནམ་མཁའ་ཡིན་པའི་ཕྱིར། འདོད་ན་དེ་ནས་ཟླ་བ་གསུམ་གྱི་བར་ཤར་ཕྱོགས་ཀྱི་ཉི་མ་ལྷོ་བགྲོད་དུ་འགྲོ་བར་མངོན་སུམ་གྱིས་མཐོང་བས་གསལ་ལོ། །སྐྱོན་འདི་དག་ཉིན་ཕྱེད་ཀྱི་དུས་ལ་སོགས་པ་གང་ལ་སྦྱར་ཀྱང་འདྲའོ། །མདོར་ན་སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་ནས་ཟླ་བ་གསུམ་གྱི་བར་ཉི་མ་འཆར་ས་དང་གནས་པའི་ཉི་མ་ལྷོ་བགྲོད་དང་བྱང་བགྲོད་སོ་སོར་འབྱུང་ན་ལུགས་འདི་འཐད་ཀྱང་དེ་མི་སྲིད་པས་འདི་མི་འཐད་པ་ཁོ་ནའོ། །དེས་ན་ལུགས་ཕྱི་མ་དེ་ཉིད་འཐད་པར་མཐོང་སྟེ། ཉི་ཟླའི་མཐོ་དམན་ནི་གསེར་རི་དང་པོ་དང་མཉམ་ཞིང་། འཆར་ས་ནི་གསེར་རི་བདུན་ཆར་བརྒལ་ནས་ཕྱིའི་རྒྱ་མཚོའི་དཀྱིལ་དུ་གླིང་དཀྱིལ་ཕན་ཆད་དུ་འཆར་བས་ཉི་མའི་འོད་ཟེར་གྱི་ནུས་པ་མ་ཟད་ན་གླིང་གསུམ་ཆར་གསལ་བ་ལ་སྒྲིབ་བྱེད་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཕྱོགས་འདི་ལའང་དབྱར་ཉི་རིང་བ་མཐར་ཐུག་པའི་ཚེ། ཉིན་ཞག་གཅིག་ལ་ཡུད་ཙམ་སུམ་ཅུ་སོ་དྲུག་ཡོད་པར་ཐལ། དེའི་ཚེ་འཛམ་བུ་གླིང་གི་ཉིན་བར་ལ་ཡུད་ཙམ་བཅོ་བརྒྱད་ཡོད་པ་གང་ཞིག བྱང་སྒྲ་མི་སྙན་གྱི་ཉིན་བར་ལ་ཡང་ཡུད་ཙམ་བཅོ་བརྒྱད་ཡོད་པ་དེ་འཛམ་བུ་གླིང་གི་མཚན་མོར་བྱ་དགོས་པའི་ཕྱིར་རོ། །ཞེས་པ་འདི་གནོད་བྱེད་དུ་འཇུག་གོ་སྙམ་ན། གཏན་ཚིགས་ཕྱི་མ་མ་གྲུབ་སྟེ། དེའི་ཚེ་འཛམ་བུའི་གླིང་དུ་ཉི་མ་འཆར་བའི་ཚེ་བྱང་སྒྲ་མི་སྙན་དུ་ཉི་མ་ནུབ་པ་ལ་ཡུད་ཙམ་གསུམ་ལུས་པའི་ཕྱིར་དང་། འཛམ་བུའི་གླིང་དུ་ཉི་མ་ནུབ་པའི་ཚེ་སྒྲ་མི་སྙན་དུ་ཉི་མ་ཤར་ནས་ཡུད་ཙམ་གསུམ་སོང་བ་དེའི་ཉིན་མོ་ལྷོའི་འཛམ་བུ་གླིང་པའི་མཚན་མོ་དང་མི་མཉམ་པའི་ཕྱིར་རོ། །དེ་བཞིན་དུ་ལྷོ་བགྲོད་མཐར་ཐུག་པའི་ཚེ་ཉིན་ཞག་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་བཞི་ལས་མེད་པར་ཐལ་བ་ཡང་འདི་ཉིད་ཀྱིས་གསལ་ཏེ། ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་འཆར་དུས་གཅིག་པ་ལོ་གཅིག་ལ་ཉིན་ཞག་གཉིས་ལས་མེད་པའི་གནད་འདི་ཤེས་ན་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །གཞུང་འོག་མ་དང་ཡང་འདི་ཉིད་འབྲེལ་ཏེ་འོག་ཏུ་བཤད་པར་བྱའོ། །དབྱར་གྱི་ཟླ་བ་གཉིས་པ་ཡི་ཞེས་པའི་སྐབས་སུ་ཐུན་མོང་དུ་མཁོ་བ་ཐ་སྙད་ཀྱི་རྣམ་གཞག དེ་ལ་བརྟེན་ནས་དུས་ཚིགས་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། མགོ་དང་རྒྱལ་དང་མཆུ་ནི་དགུན། །དབོ་དང་ནག་པ་ས་ག་དཔྱིད། །སྣྲོན་དང་ཆུ་སྟོད་གྲོ་བཞིན་དབྱར། །ཁྲུམ་དང་ཐ་སྐར་སྨིན་དྲུག་སྟོན། །ཞེས་པ་འདི་རྣམས་ནི་ཉ་སྐར་ཡིན་ལ། ཟླ་བཤོལ་འབྱུང་བ་ལ་ཉེ་བའི་ཚེ་འདི་ལ་འབབ་པའི་ངེས་པ་ནི་མེད་དོ། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནམ་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་དང་། །ནག་པ་ས་རི་ས་ག་དང་། །ལྷ་མཚམས་སྣོན་སྣུབ་ཆུ་སྟོད་སྨད། །གྲོ་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམ་སྟོད་ཁྲུམ་སྨད་ནམ་གྲུ་རྣམས། །རྒྱུ་སྐར་ཉི་ཤུ་བདུན་དུ་འདོད། །ཅེས་པ་སྟེ། མགོ་དང་རྒྱལ་གྱི་བར་དུ་ལག་དང་ནམ་སོ་གཉིས། གྲོ་བཞིན་དང་ཁྲུམ་སྟོད་ཀྱི་བར་དུ་མོན་གྲེ་དང་མོན་གྲུ་གཉིས། ཁྲུམ་སྟོད་དང་ཐ་སྐར་གྱི་བར་དུ་ཁྲུམ་སྨད་དང་ནམ་གྲུ་གཉིས། གཞན་རྣམས་ཀྱི་བར་དུ་རེ་རེ་སྤེལ་བར་བྱའོ། །གཉིས་པ་ལ་ལྔ་སྟེ། དུས་ཚིགས་ཀྱི་རབ་དབྱེ། དེ་ལྟར་ཕྱེ་བའི་དགོས་པ། དུས་འགོ་གང་ནས་འཛིན་པ། གསོ་སྦྱོང་བཅུ་བཞི་པ་གང་ལ་འབྱུང་བ། ཟླ་བ་ཤོལ་འདོར་བ་རྒྱུ་མཚན་དང་བཅས་པའོ། །དང་པོ་ལ་བཞི། གསུམ་དང་། བཞི་དང་། ལྔ་དང་། དྲུག་ཏུ་དབྱེ་བའོ། །དང་པོ་ནི། དགུན་གྱི་དུས། དཔྱིད་ཀྱི་དུས། དབྱར་གྱི་དུས་གསུམ་དུ་བྱས་ནས་དེ་རེ་རེ་ལ་ཟླ་བ་བཞི་བཞིར་བྱེད་པ་ནི་སངས་རྒྱས་པའི་ལུགས་ཐུན་མོང་མ་ཡིན་པ་ཡིན་ཏེ། འདིར་ཡང་། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་བཟློག །ཅེས་དང་། ཚིག་ལེར། ཁ་བ་སོས་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ཉིན། །ཞེས་དང་། རྒྱལ་པོའི་སྲས་སུ་གསུང་རབ་ལས་ནི་དུས་གསུམ་ཁོ་ན་ཡིན་གྱི་འཇིག་རྟེན་པའི་ལྟ་བུར་དྲུག་ནི་མ་ཡིན་ཏེ། དགུན་སྟོད་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །སོས་ཀ་ནི་ཚ་བར་འདྲ་བའི་ཕྱིར་དཔྱིད་དུ་བཤད་དོ། །སྟོན་སྨད་ནི་ཆར་པ་འབབ་ཏུ་འདྲ་བའི་ཕྱིར་དབྱར་དུ་བཤད་དོ། །དེ་ལྟར་ན་དགུན་དང་དཔྱིད་དང་། དབྱར་དག་ཡིན་ནོ་ཞེས་པ་ལྟར་རོ། །གཉིས་པ་ནི། དགུན། དཔྱིད། དབྱར། སྟོན་གྱི་དུས་དང་བཞིར་ཕྱེ་ནས་དེ་རེ་རེ་ལ་ཡང་ར་བ། འབྲིང་པོ། ཐ་ཆུང་གསུམ་གསུམ་དུ་བྱས་པ་སྟེ། མདོ་རྩར། དབྱར་གནས། དགག་དབྱེ། སྲ་བརྐྱང་གི་སྐབས་རྣམས་སུ་འདིའི་ཐ་སྙད་གསུངས་ཤིང་དགེ་སློང་གི་ལོ་དྲི་བར་དགུན་གྱི་ཚད་ཇི་ཙམ་ཞེ་ན། ཟླ་བ་བཞིའོ། །བཞི་པོ་གང་ཞེ་ན། དགུན་ཟླ་ར་བ་དང་། འབྲིང་པོ་དང་། ཐ་ཆུང་དང་། དཔྱིད་ར་བ་དག་གོ་ཞེས་དང་། རྒྱ་ཆེར་འགྲེལ་ལས་ཀྱང་། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་ཞེས་སོགས་དང་། དེ་བཞིན་དུ་བཞི་འགྲེལ་ལས་ཀྱང་འདིའི་ཐ་སྙད་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དགུན། དཔྱིད། དབྱར། དབྱར་ཐུང་ངུ་། དབྱར་རིང་པོའི་དུས་དང་ལྔར་ཕྱེ་སྟེ། དགུན་དང་དཔྱིད་ཀྱི་དུས་ལ་ཟླ་བ་བཞི་བཞི། དབྱར་གྱི་དུས་ཟླ་བ་གཅིག དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག དབྱར་རིང་པོའི་དུས་ཟླ་བ་གསུམ་དུ་ཉིན་ཞག་གཅིག་གིས་མཆོག་པ་སྟེ། འདི་ནི་ལུང་བཞི་དང་། ཀརྨ་ཤཱ་ཏམ་དང་། མདོ་རྩའི་དགེ་སློང་གི་དུས་བརྗོད་པའི་སྐབས་རྣམས་ལས་གསུངས་སོ། །བཞི་པ་ནི། དགུན་དང་། དགུན་སྨད་དང་། དཔྱིད་དང་། སོས་ཀ་དང་། དབྱར་དང་། སྟོན་གྱི་དུས་དྲུག་ཏུ་ཕྱེ་ནས་དེ་རེ་རེ་ལ་ཡང་ཟླ་བ་གཉིས་གཉིས་སུ་བྱས་པ་སྟེ། མདོ་རྩར་ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ནའོ་ཞེས་པའི་རྒྱ་ཆེར་འགྲེལ་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་ཚིགས་སོ། །དགུན་ཟླ་འབྲིང་པོའི་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་ནི། དགུན་སྨད་ཀྱི་དུས་སོ། །དཔྱིད་ཟླ་ར་བ་ཉ་ནས་དཔྱིད་ཟླ་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་ནི་དཔྱིད་ཀྱི་དུས་སོ། །དཔྱིད་ཟླ་ཐ་ཆུང་ཉ་ནས་དབྱར་ཟླ་འབྲིང་པོའི་ཉའི་བར་གྱི་ཟླ་བ་གཉིས་ནི་སོས་ཀའི་དུས་སོ། །དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ར་བའི་ཉའི་བར་གྱི་ཟླ་བ་གཉིས་ནི་དབྱར་གྱི་དུས་སོ། །སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་ནི་སྟོན་གྱི་དུས་སོ་ཞེས་གསུངས་པས་སོ། །གཉིས་པ་ནི། དེ་ལྟར་དུས་ཚིགས་དུ་མའི་རྣམ་གཞག་ལ་དགོས་པ་ཅི་ཡོད་སྙམ་ན། དུས་ཚིགས་གསུམ་དུ་ཕྱེ་བའི་དགོས་པ་ནི། ཕྱག་དར་ཁྲོད་ཀྱི་གོས་ངོས་ཟིན་པའི་ཆེད་ཡིན་ཏེ། ཕྱག་དར་ཁྲོད་ལ་བོར་བ་ཕྱག་དར་ཁྲོད་དང་། དམན་པ་ཕྱག་དར་ཁྲོད་གཉིས་ལས། ཕྱི་མ་ནི་གཞན་གྱིས་ཟླ་བ་བཞིར་ལོངས་སྤྱོད་པ་ལ་འཇོག་པའི་ཕྱིར་ཏེ། མདོ་རྩར་དུས་ཚིགས་སུ་སྤྱད་པ་ལ་ནི་དེ་གཉིས་འགྱུར་དུའོ་ཞེས་གསུངས་པས་སོ། །དུས་ཚིགས་བཞིར་ཕྱེ་བའི་དགོས་པ་ནི། འཇིག་རྟེན་པ་དང་ཐ་སྙད་སྒོ་བསྟུན་ནས་རྟོགས་སླ་བའི་ཆེད་ཡིན་ཏེ། འཇིག་རྟེན་ན་རབ་འབྲིང་པོ་སོགས་ཀྱི་ཐ་སྙད་ཕྱེད་པའི་ཕྱིར་རོ། །ལྔར་ཕྱེ་བའི་དགོས་པ་ནི་དབྱར་ཐུང་ངུ་ཤི་བ་དང་འདྲ་བ་ངོས་ཟིན་པའི་ཆེད་ཡིན་ལ། དེ་ཡི་དགོས་པ་ཡང་དེ་ལས་འདས་ན་དབྱར་ཁས་ལེན་པ་མི་ཆགས་ཞེས་ཤེས་པའི་ཆེད་ཡིན་ནོ། །འདིའི་ངོས་འཛིན་ལ། ཕྲན་འགྲེལ་ལས་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནི་དབྱར་ཐུང་ངུ་ཡིན་ནོ་ཞེས་དང་། དགེ་སློང་གི་ལོ་དྲི་བར་དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག་གོ །དེ་གང་ཞེ་ན་སྟོན་ཟླ་ར་བ་ཚེས་གཅིག་གི་ཉིན་ཞག་གོ་ཞེས་ངོས་འཛིན་གཉིས་བྱུང་བའི་དང་པོ་ནི་ཡར་ངོ་སྔོན་འགྲོ་དང་། ཕྱི་མ་ནི་མར་ངོ་སྔོན་འགྲོའི་དབང་དུ་བྱས་པ་ཡིན་པས་མི་འགལ་ཞིང་གནད་གཅིག་ཏུ་འབྱུང་ངོ་། །དྲུག་ཏུ་ཕྱེ་བའི་དགོས་པ་ནི། གསོ་སྦྱོང་བཅུ་བཞི་པ་ངོས་ཟིན་པའི་ཆེད་ཡིན་ཏེ། རྩ་འགྲེལ་ཉིད་ན་གསལ་ལོ། །གསུམ་པ་ལ་གསུམ་སྟེ། ཞག་གི་འགོ་གང་ནས་འཛིན་པ། ཟླ་བའི་འགོ་གང་ནས་འཛིན་པ། ལོའི་འགོ་གང་ནས་འཛིན་པའོ། །དང་པོ་ནི། སྤྱིར་ཞག་ནི་གསུམ་སྟེ། ཚེས་ཞག་དང་། ཉིན་ཞག་དང་། ཁྱིམ་ཞག་གོ །དང་པོ་ནི། ཟླ་བ་འཕེལ་གྲིབ་ལ་སུམ་ཅུར་བྱས་པའི་ཆ་གཅིག་གམ། གཟའ་བདུན་ཚེས་ལ་སྤྱོད་པའི་ཡུན་ནོ། །གཉིས་པ་ནི། ནམ་ལངས་པ་ནས་སང་ནམ་ལངས་ཁའི་བར་རོ། །གསུམ་པ་ནི། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པའི་ཁྱིམ་དེར་ཉི་མ་ཇི་ཙམ་གནས་པའི་སུམ་ཅུའི་ཆ་གཅིག་གོ །ལོ་རེ་ལ་དེ་དག་ཇི་ཙམ་འབྱུང་ན་འདིར་ཟླ་བ་གཉིས་གཉིས་ནས་ཞག་མི་ཐུབ་དོར་བའི་རགས་རྩིས་ཀྱི་དབང་དུ་བྱས་ན་ཚེས་ཞག་སུམ་བརྒྱ་དོན་གཅིག ཉིན་ཞག་སུམ་བརྒྱ་དང་རེ་ལྔ། ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཐམ་པ་འབྱུང་སྟེ། མཛོད་ལས། ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པའི་དབང་དུ་བྱས་པའོ། །དེ་ལྟར་ན་ཚེས་ཞག་གི་འགོ་ནི་གཟའ་བདུན་ཚེས་ལ་ལོངས་སྤྱོད་པའི་འགོ་ནས་འཛིན་དགོས་པས་ཉིན་མཚན་སྔ་ཕྱི་གང་ལ་འབྱུང་བ་ངེས་པ་མེད་དོ། །ཉིན་ཞག་གི་འགོ་ནི་ནམ་ལངས་པ་ནས་འཛིན། ཁྱིམ་ཞག་གི་འགོ་ནི་ཉི་མ་ཁྱིམ་བཅུ་གཉིས་པོ་གང་རུང་གཅིག་ལ་ལོངས་སྤྱོད་པའི་སུམ་ཅུའི་ཆ་དང་པོ་ནས་འཛིན་དགོས་པས་འདིའང་གང་ལ་འབྱུང་ངེས་པ་མེད་དོ། །གཉིས་པ་ནི། དུས་ཚིག་བཞིར་བྱས་པ་ལ་ཡར་ངོའི་ཚེས་གཅིག་ནས་འཛིན་པ་དང་། མར་ངོའི་ཚེས་གཅིག་ནས་འཛིན་པ་གཉིས་འབྱུང་སྟེ། དང་པོ་ནི། མདོ་རྩར། དབྱར་སྔ་མའི་ཁས་ལེན་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་བྱེད་པ་དང་། དེའི་དགག་དབྱེ་སྟོན་ཟླ་འབྲིང་པོའི་ཉ་ལ་བྱེད་པར་གསུངས་ཤིང་། རྒྱ་ཆེར་འགྲེལ་ལས་སྟོན་དཔྱིད་གཉིས་འབྲིང་མི་ཐུབ། དབྱར་དགུན་གཉིས་ར་བ་དང་། ཐ་ཆུང་མི་ཐུབ་པར་གསུངས་པ་རྣམས་སྟེ། མར་ངོའི་ཚེས་གཅིག་ལ་བཅུ་དྲུག་ཞེས་པའི་ཐ་སྙད་ཉིད་ཀྱིས་ཡར་ངོའི་སྔོན་འགྲོ་ཡིན་པར་གྲུབ་པའི་ཕྱིར་དང་། སྟོན་དཔྱིད་གཉིས་འབྲིང་མི་ཐུབ་པར་གསུངས་པ་འདིའང་ཡར་ངོ་སྔོན་འགྲོ་མ་ཡིན་ན་གསོ་སྦྱོང་བཅུ་བཞི་པ་གང་ལ་འབྱུང་བའི་ཉ་སྐར་དང་མི་འགྲིགས་པའི་ཕྱིར་ཏེ་འོག་ཏུ་འཆད་དོ། །གཉིས་པ་ནི་དགེ་སློང་གི་ལོ་དྲི་བར། གསོ་སྦྱོང་དུ་ཡོད། ཉི་ཤུ་རྩ་བཞི་སྟེ། དགུན་ཟླ་འབྲིང་པོ་དང་། དབྱར་ཟླ་ར་བ་དང་། ཐ་ཆུང་དང་། དབྱར་ཟླ་འབྲིང་པོ་དང་། སྟོན་ཟླ་ར་བ་དང་། ཐ་ཆུང་རྣམས་ཀྱི་མར་ངོའི་གསོ་སྦྱོང་ནི་བཅུ་བཞི་པའོ། །ལྷག་རྣམས་ནི་བཅོ་ལྔ་པའོ་ཞེས་གསུངས་པ་འདི་ར་བ་ཐ་ཆུང་གི་འགོ་མར་ངོའི་ཚེས་གཅིག་ནས་བཟུང་བའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་སྔར་གྱི་རྒྱ་ཆེར་འགྲེལ་གྱི་ལུང་དང་འགལ་བས་གང་རུང་གཅིག་འདོར་དགོས་པར་ཐལ་བའི་ཕྱིར་དང་། སྨིན་དྲུག་ཅན་ལ་གསོ་སྦྱོང་བཅུ་བཞི་པར་འབྱུང་བར་གསུངས་པ་དང་། འདིར་སྟོན་ཟླ་ཐ་ཆུང་ལ་གསོ་སྦྱོང་བཅུ་བཞི་པར་གསུངས་པ་གཉིས་དོན་གཅིག་ཏུ་བྱས་པའི་ཕྱིར་ན་མར་ངོ་སྔོན་དུ་འགྲོ་བ་ལས་འོས་མེད་པའི་ཕྱིར་རོ། །དེའི་དང་པོ་ལ་རིལ་ཚེས་དང་། ཕྱི་མ་ལ་ཕྱེད་ཚེས་ཞེས་པར་གྲགས་སོ། །གཞན་དུས་ཚིགས་ཀྱི་རྣམ་གཞག་གསུམ་པོ་དང་། ཉ་སྐར་གྱི་མིང་ནས་སྨོས་པའི་ཟླ་བ་ཐམས་ཅད་ལ་མར་ངོ་སྔོན་འགྲོ་འབའ་ཞིག་གསུངས་ཀྱི་ཡར་ངོ་སྔོན་འགྲོ་གསུངས་པ་མ་ཡིན་ནོ། །གསུམ་པ་ལ་བོད་ཀྱི་མཁས་པ་རྣམས་ཀྱི་འདོད་ཚུལ་གསུམ་སྣང་སྟེ། དེང་སང་ཧོར་ཟླ་བ་བརྒྱད་པར་བྱས་པ་ཁྲུམ་གྱི་ཉ་བའི་ཉ་ལ་ལོ་སྔ་མའི་ལོ་འཇུག་རྫོགས་ནས། དེའི་ཕྱི་དེ་ཉིན་པར་ནས་ལོ་འགོ་འཛིན་པར་འདོད་པ་དང་། ཧོར་ཟླ་དགུ་པ་ཐ་སྐར་གྱིས་ཉ་བའི་ཕྱི་དེ་ཉིན་པར་ནས་འཛིན་པ་དང་། ཧོར་ཟླ་བཅུ་པ་སྨིན་དྲུག་གི་ཉ་བའི་ཕྱི་དེ་ཉིན་པར་ནས་འཛིན་པར་འདོད་པའི་ལུགས་སོ། །དེ་ཐམས་ཅད་ཀྱང་དུས་ཚིགས་ཀྱི་དབྱེ་བ་བཞི་ཆར་ལ་ལོ་འགོ་དགུན་ནས་འཛིན་པར་འདོད་པ་མཚུངས་ཏེ། རྒྱལ་པོའི་སྲས་སུ་སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་དག་ཡིན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ་ཞེས་གསུངས་པ་འདིའི་རྗེས་སུ་འབྲངས་པའོ། །དེའི་རྒྱུ་མཚན་ཡང་མཁས་པ་སྔ་མ་དག་འཇིག་རྟེན་པ་དང་ཕྱི་རོལ་པ་རྣམས་དང་པོ་འཕེལ་བ་ལྟར་སྣང་ཡང་ཕྱིས་འགྲིབ་པར་འགྱུར་བས་དེ་ལས་བཟློག་ནས་སངས་རྒྱས་པ་དང་པོར་འགྲིབ་པ་ལྟར་སྣང་ཡང་ཕྱིས་འཕེལ་བར་འགྱུར་བ་མཚོན་པའི་ཆེད་དུ། ཟླ་བའི་འགོ་མར་ངོ་ནས་འཛིན་པ་དང་། ལོ་འགོ་དགུན་ནས་འཛིན་པར་བཞེད་དོ། །དེ་ལ་ལུགས་དང་པོ་ནི། མཆིམས་དང་བུ་སྟོན་སོགས་ཀྱི་བཞེད་པ་སྟེ། ཕྱེད་ཚེས་ལ་ཐ་སྐར་དང་། སྨིན་དྲུག་དང་། མགོ་དང་། རྒྱལ་དང་བཞི་ནི་དགུན་གྱི་དུས་ཡིན་ཞིང་དུས་ཚིགས་བཞིར་བྱས་པའི་ཚེ་དང་པོ་གསུམ་དགུན་ཟླ་ར་བ་དང་། འབྲིང་པོ། ཐ་ཆུང་གསུམ་ཡིན་ཏེ། དེ་ནས་རིམ་པ་བཞིན་བརྩིའོ། །འདི་ཡང་། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཀྱི་གཞུང་ཉི་མ་ལྡོག་མཚམས་ངོས་འཛིན་པའི་དབང་དུ་བྱས་པར་མངོན་ཏེ། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་པ་རྒྱལ་གྱི་ཟླ་བ་ལ་བབ་པས་དེ་ནི་དགུན་ཉི་ལྡོག་པ་ལ་བསམ་མོ། །དེ་ནི་མི་འཐད་དེ། དབྱར་གནས། དགག་དབྱེ། སྲ་བརྐྱང་གི་དུས་གསུམ་ཆར་མི་འགྲིགས་པའི་ཕྱིར་རོ། །དབྱར་གནས་མི་འགྲིགས་པ་ནི། ལུགས་འདི་ལ་ས་གས་ཉ་བའི་ཕྱི་དེ་ཉིན་པར་དབྱར་སྔ་མ་ཁས་བླང་དགོས་པར་འགྱུར་ཏེ། དབྱར་ཟླ་འབྲིང་པོ་ཉ་བའི་ཕྱི་དེ་ཉིན་པར་གྱི་ཚེས་བཅུ་དྲུག་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་རྩར། ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ་ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། གྲོ་བཞིན་ཟླ་བའི་ཚེས་གཅིག་ཏུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ལ། །སྔ་མའི་དབྱར་ཏེ་གཙོ་བོ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་སྣྲོན་གྱི་ཉ་བའི་ཕྱི་དེ་ཉིན་པར་དབྱར་ཕྱི་མར་ཁས་ལེན་གྱི་དུས་སུ་ཐལ། རྒྱུ་མཚན་སྔ་མ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྲུམ་གྱི་ཟླ་བའི་ཚེས་གཅིག་ཏུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ་དེ་ཉིད་ལས། དེ་ཉིད་ཁྲུམ་སྟོད་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་དགག་དབྱེ་མི་འགྲིག་པ་ཡང་སྦྱོར་ཏེ། དོན་གྱི་གནད་གཅིག་པའི་ཕྱིར་དང་། ལུང་རྣམ་འབྱེད་དུ་དགུན་གྱི་གུང་ནི་རིང་དགུན་སྨད་ཀྱི་དུས་ཀྱི་ཚེ་ནི་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་བསེར་མ་ལྡང་ཞེས་དང་། ཕྲན་ཊཱིཀ་ལས། གྲང་བའི་དུས་ཞེས་བྱ་བ་ནི། དགུན་ཟླ་ཐ་ཆུང་དང་། དཔྱིད་ཟླ་ར་བའོ་ཞེས་པ་དང་འགལ་བའི་ཕྱིར་རོ། །སྲ་བརྐྱང་མི་འགྲིགས་པའི་སྐྱོན་ནི་ཁྲུམ་གྱི་ཟླ་བའི་ཚེས་གཅིག་ནས། སྲ་བརྐྱང་གདིང་དགོས་པར་འགྱུར་ཏེ། དེ་དབྱར་སྔ་མའི་དགག་དབྱེའི་ཕྱི་དེ་ཉིན་པར་ཡིན་པའི་ཕྱིར། འདོད་ན། ཚིག་ལེར། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་བརྐྱང་གདིང་བའི་དུས་སུ་གསུངས། །ཞེས་པ་དང་འགལ་ལོ། །ལུགས་གཉིས་པ་ནི་ཕྱིས་ཀྱི་མཁས་པ་མང་པོས་ཐ་སྐར་གྱི་ཟླ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ནས་དེའི་ཉའི་ཕྱི་དེ་ཉིན་པར་ནས་ལོ་འགོ་འཛིན་ཅིང་། སྣྲོན་གྱི་ཉ་བའི་ཕྱི་དེ་ཉིན་པར་ནས་དབྱར་སྔ་མའི་ཁས་ལེན་བྱེད་པར་བཞེད་དོ། །འདི་ཡང་མི་འཐད་དེ། དབྱར་གནས་དགག་དབྱེ་སྲ་བརྐྱང་གསུམ་མི་འགྲིགས་པའི་སྐྱོན་སྔར་བཤད་པར་རྣམས་ཟླ་བ་རེ་རེ་བསྣུར་ནས་བརྗོད་ནས་མེ་ཏོག་ཕྲེང་རྒྱུད་ཀྱི་གཞུང་དང་འགལ་བ་ལ་ནི་ཁྱད་པར་མེད་དོ། །འདི་ལ་སྐྱོན་ལྷག་པོ་གསོ་སྦྱོང་བཅུ་བཞི་པ་མི་འགྲིག་པ་ནི་ཐ་སྐར་གྱི་ཉ་ནས་བཟུང་སྟེ་མགོའི་ཉ་བའི་བར་གྱི་ཟླ་བ་གཉིས་པོ་དེ་དུས་ཚིགས་དྲུག་ཏུ་ཕྱེ་བའི་དང་པོ་ཡིན་པར་ཁས་ལེན་དགོས་ཏེ། རྒྱ་ཆེར་འགྲེལ་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་ཚིགས་སོ་ཞེས་གསུངས་པའི་ཕྱིར་རོ། །འདོད་ན། མགོའི་ཟླ་བའི་ཕྱེད་ལུས་པ་ན་གསོ་སྦྱོང་བཅུ་བཞི་པ་འབྱུང་བར་ཐལ་ཏེ། སྨིན་དྲུག་གི་ཉ་བའི་རྗེས་ཀྱི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་བར་ཁས་ལེན་དགོས་ཏེ། དེ་གཉིས་རིལ་ཚེས་ལྟར་ན་སྨིན་དྲུག་གི་ཟླ་བ་ཞེས་པ་རུང་ཡང་། སྨིན་དྲུག་ཟླ་བའི་ཕྱེད་ལུས་པ་ཞེས་པ་མི་རུང་བའི་ཕྱིར་རོ། །འདོད་ན་དགེ་ཚུལ་གྱི་ལོ་དྲི་བ་དང་ཚིག་ལེ་གཉིས་ཀ་ལས། སྨིན་དྲུག་དང་རྒྱལ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་བར་གསུངས་པ་དང་འགལ་ལོ། །གཞན་ཡང་། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་པའི་གཞུང་ཉིན་མཉམ་མཚན་མཉམ་ངོས་འཛིན་པ་ལ་བྱེད་དམ། ཉི་མ་ལྡོག་དུས་ངོས་འཛིན་པ་ལ་བྱེད། དང་པོ་ལྟར་ན། མཆུའི་ཟླ་བ་དཔྱིད་ཉིན་མཉམ་མཚན་མཉམ་དུ་ཁས་ལེན་དགོས་པས་ས་ག་ཟླ་བ་ལ་དབྱར་ཉི་ལྡོག་པ་དང་། སྨིན་དྲུག་ཟླ་བ་ལ་དགུན་ཉི་ལྡོག་པར་ཁས་བླང་དགོས་པས་དེ་ཡང་མི་སྲིད་དོ། །ཕྱི་མ་ལྟར་ན་མཆུ་ཡི་ཟླ་བ་ལ་དགུན་ཉི་ལྡོག་པ་དང་། གྲོ་བཞིན་ཟླ་བ་ལ་དབྱར་ཉི་ལྡོག་པ་ཁས་ལེན་དགོས་པས་དེ་ཡང་མི་སྲིད་དོ། །ལུགས་གསུམ་པ་ནི་སྨིན་དྲུག་ཟླ་བའི་ཉ་ནས་ལོ་སྔ་མའི་ལོ་མཇུག་རྫོགས་ཏེ། དེའི་ཕྱི་དེ་ཉིན་མགོའི་ཚེས་གཅིག་ནས་ལོ་གོ་འཛིན་པ་སྟེ། དེ་ནས་བཟུང་སྟེ་དུས་ཚིགས་གསུམ་དང་། ལྔ་དང་། དྲུག་རྣམས་ཀྱི་ཟླ་བའི་འགོ་ཡང་འཛིན། དུས་ཚིགས་བཞིའི་ཕྱེད་ཚེས་ཀྱི་དབང་དུ་བྱས་པའི་ཟླ་འགོ་འཛིན་ཅིང་། རིལ་ཚེས་ལ་ནི་མར་ངོ་དེ་ཉིད་སྟོན་ཟླ་ཐ་ཆུང་དུ་གཏོགས་པའོ། །ལུགས་འདི་ལ་གསོ་སྦྱོང་བཅུ་བཞི་པ་འགྲིག་པ་ནི་འོག་ཏུ་འཆད་ཅིང་། དབྱར་གནས་འགྲིག་པ་ནི་གྲོ་བཞིན་ཟླ་བའི་ཚེས་གཅིག་དང་། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་དོན་གཅིག་ཏུ་འབྱུང་བས་མདོ་རྩ་དང་། ཚིག་ལེ་གཉིས་ཀ་དང་འགྲིག་ལ། དེ་ཉིད་ཀྱི་དགག་དབྱེ་ཡང་འགྲིག་པར་གྲུབ་བོ། །སྲ་བརྐྱང་འགྲིག་པ་ནི་སྨིན་དྲུག་ཟླ་བའི་ཚེས་གཅིག་དང་། སྟོན་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱི་ཚེས་བཅུ་དྲུག་དོན་གཅིག་ཏུ་འབྱུང་བས་གཞུང་གཉིས་ཀ་དང་འགྲིག་གོ །དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཀྱི་གཞུང་སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་ལ་སྦྱར་བ་དང་ཡང་འགྲིག་སྟེ་དབྱར་གྱི་ཟླ་བ་གཉིས་པ་ནི་ཁྲུམ་གྱི་ཟླ་བར་གྲུབ་ལ། དེའི་ཐ་མ་ནི་ཕྱེད་ཚེས་ཀྱི་དབང་དུ་བྱས་ནས་ཡར་ངོ་ཡིན་ལ། དེའི་ཚེས་དགུ་ལ་སྟོན་ཉིན་མཉམ་མཚན་མཉམ་དང་དབོའི་ཟླ་བའི་ཡར་ངོའི་ཚེས་དགུ་ལ་དཔྱིད་ཉིན་མཉམ་མཚན་མཉམ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱིས་ཉི་མ་ལྡོག་པའི་དུས་ཀྱང་ཤུགས་ལ་གྲུབ་སྟེ། མགོའི་ཟླ་བའི་ཡར་ངོ་ལ་དགུན་ཉི་དང་། སྣྲོན་གྱི་ཟླ་བའི་ཡར་ངོ་ལ་དབྱར་ཉི་ལྡོག་པར་གྲུབ་ཅིང་ད་ལྟར་མཐོང་བའི་ཕྱིར་རོ། །རྒྱལ་གྱི་ཟླ་བའི་ཡར་ངོ་ལ་དགུན་ཉི་དང་། ཆུ་སྟོད་ཟླ་བའི་མར་ངོ་ལ་དབྱར་ཉི་ལྡོག་པ་རེས་འགའ་འབྱུང་བ་ནི་ཟླ་ཤོལ་འདོར་བ་ལ་ཉེ་བའི་དུས་ཏེ། དཔྱད་པས་གསལ་ལོ། །བཞི་པ་གསོ་སྦྱོང་བཅུ་བཞི་པ་གང་ལ་འབྱུང་བ་ནི་སྔར་བཤད་པ་དག་གིས་རྟོགས་ནུས་ལ་བྱེ་བྲག་རང་མིང་གིས་བརྗོད་ན་ཚིག་ལེར། ཁ་བ་སོས་ཀ་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམ་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་དང་། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམ་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་དང་། དགེ་སློང་གི་ལོ་དྲི་བར་ཕྱེད་ཚེས་ཀྱི་དབང་དུ་བྱས་ནས་དབྱར་དགུན་འབྲིང་མི་ཐུབ། སྟོན་དཔྱིད་འབྲིང་ཐུབ་པར་གསུངས་པ་དང་། རྒྱ་ཆེར་འགྲེལ་ལས། རིལ་ཚེས་ཀྱི་དབང་དུ་བྱས་ནས་དེ་ལས་ལྡོག་སྟེ་གསུངས་པ་རྣམས་དོན་གཅིག་ཏུ་འབྱུང་བ་དགོས་ལ། སྔར་གྱི་ལོ་འགོ་འཛིན་ཚུལ་དང་། རྒྱུ་སྐར་གྱི་མིང་ནས་སྨོས་པའི་ཟླ་བ་རྣམས་ཕྱེད་ཚེས་ཀྱི་དབང་དུ་བྱས་པའི་ཚུལ་རྟོགས་ན་འདི་རང་ཤུགས་ཀྱིས་འབྱུང་ངོ་། །ལྔ་པ་ཟླ་ཤོལ་འབྱུང་བ་རྒྱུ་མཚན་དང་བཅས་པ་ནི། ལུང་གླེང་གཞིར། དེ་ལྟ་བས་ན་ལོ་རེ་རེ་བཞིན་བཤོལ་མ་བོར། ལོ་དྲུག་དྲུག་ཅིང་བཤོལ་དོར་གཅིག དྲུག་ལྔ་སུམ་ཅུ་སྟེ་དེ་ལྟ་བུར་ཞག་དང་། ཟླ་བ་ཕྱེད་པོ་དང་། ཟླ་བ་དང་། ལོ་སྦྲེལ་མཉམ་པར་འགྱུར་ཏེ། མུ་སྟེགས་ཅན་རྣམས་ཀྱིས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ་ཞེས་གསུངས་པས་ལོ་ལྔ་ལྔའི་ཞག་དྲུག་དྲུག་ཏུ་བསགས་པས་ལོ་དྲུག་པ་ལ་ཟླ་བར་ལངས་པ་འདོར་བའི་དབང་དུ་བྱས་པའོ། །དེ་ལྟར་འདོར་ཀྱང་མ་འགྲིག་པའི་ཚེ་ཟླ་ཤོལ་འདོར་བ་རྩིས་མཁན་གྱི་རྗེས་སུ་འབྲང་དགོས་ཤིང་། རྒྱལ་པོའི་དྲུང་ན་རྩིས་མཁན་རྣམས་ཡོད་པས་རྒྱལ་པོའི་རྗེས་སུ་འབྲང་བར་གསུངས་ཏེ། མདོ་རྩར། ཟླ་ཤོལ་འདོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་སོ་ཞེས་དང་། ཚིག་ལེར། ལོ་དང་ཟླ་བ་ཟླ་ཤོལ་དག །རྒྱལ་པོའི་བཀའ་ཡིས་ཀྱང་ནི་བསྔགས། །བཀའ་བཙན་གྲགས་ལྡན་ཤེས་རབ་ཅན། །དཔུང་ལྡན་དེ་ཡི་རྗེས་འབྲང་བྱ། །ཞེས་གསུངས་སོ། །དེ་ཡང་དགེ་སློང་དག་དོན་ཉུང་ཞིང་བྱ་བ་ཉུང་ལ་ཀློག་པ་དང་སྤོང་བ་ལ་མངོན་པར་བརྩོན་པས་རྩིས་ཀྱི་རྣམ་བཞག་ཕལ་ཆེར་གྱིས་མི་ཤེས་ལ། ཟླ་ཤོལ་ལ་སོགས་པ་འཇིག་རྟེན་ན་གྲགས་པའི་རྗེས་སུ་འབྲང་དགོས་སོ་སྙམ་དུ་དགོངས་སོ། །དུས་འཁོར་བ་དག ཟླ་བ་སུམ་ཅུ་རྩ་ཕྱེད་དང་གསུམ་གསུམ་ན་བཤོལ་གྱི་ཟླ་བ་རེ་རེ་འབྱུང་བར་གསུངས་པ་དང་། ཊཱིཀ་ཆུང་དུ་ལོ་ཕྱེད་དང་གསུམ་གསུམ་ན་ཤོལ་གྱི་ཟླ་བ་རེ་རེ་འབྱུང་བར་གསུངས་པ་དང་། ཁ་ཅིག རྟག་བྱ་བྱི་བ་ཡོས་ལ་ཤོལ། །སྟོན་དབྱར་དཔྱིད་དགུན་འབྲིང་པོ་གཉིས། །སྔ་མ་ཤོལ་ཏེ་ཐུབ་པར་ངེས། །ཞེས་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྒྱལ་པོའི་ལུགས་བརྩིས་པ་ཡིན་གསུངས་པ་དང་། ཁ་ཅིག་དངོས་པོའི་ཆོས་ཉིད་ཡིན་གྱི་དེའི་རྒྱུ་མཚན་འགོད་མི་དགོས་སོ་ཞེས་པ་སོགས་ཡོད་ཀྱང་ཐ་སྙད་སྟོན་བདེ་བའི་ཆེད་དུ་ལོ་གསུམ་དང་། ཕྱེད་དང་གསུམ་དུ་ཤོལ་འབྱུང་བ་དང་། རྟ་བྱ་བྱི་བ་ཡོས་ལ་ཤོལ་འབྱུང་བ་སོགས་བརྗོད་པ་ཙམ་ལ་འགལ་བ་མེད་མོད་ཀྱི་མཐའ་གཅིག་ཏུ་ངེས་པ་ནི་དུས་ཀྱི་འཁོར་ལོའི་རྩིས་ཀྱི་རྗེས་སུ་འབྲང་དགོས་པས་སྟོན་པས་ཀྱང་རྒྱལ་པོའི་རྗེས་སུ་འབྲང་བར་གསུངས་པའི་གནད་འདི་ཉིད་ཡིན་ནོ། །དེང་སང་ཞག་གྲང་ལྷག་ཆད་མི་བརྩི། ཟླ་ཤོལ་མི་མདོར་ཞེས་སྨྲ་བ་ནི་སྔོན་རྒན་མོ་ཞིག་གིས་དེ་ལྟར་བྱས་པས་གནམ་སྟོང་གི་ནུབ་མོར་ཚེས་བཅོ་ལྔའི་ཟླ་བ་ཤར་བར་གྲག་གོ །འོ་ན་ཟླ་ཤོལ་འབྱུང་བའི་ཚེ་གསོ་སྦྱོང་ཉི་ཤུ་རྩ་དྲུག་འབྱུང་བས་ཤོལ་གྱི་ཟླ་བའི་མར་ངོ་ལ་བཅུ་བཞི་པའམ་བཅོ་ལྔ་པ་གང་བྱ་ཞེ་ན། ཁ་ཅིག ཐུབ་པ་ཁོ་ན་ཡིན་ནོ་ཞེས་དང་། ཁ་ཅིག་མི་ཐུབ་པ་ཁོ་ན་ཡིན་ནོ་ཞེས་སྨྲ་བ་ལ་ནི་རྒྱུ་མཚན་མེད་པས་ཤོལ་གྱི་ཟླ་བ་ཉ་སྐར་གང་ལ་བབ་པ་དེ་དང་བསྟུན་དགོས་ཏེ། ཉ་སྐར་དྲུག་ལ་ཐུབ་པ་དང་། གཞན་དྲུག་ལ་མི་ཐུབ་པར་བྱ་དགོས་པའི་ཕྱིར། འདི་དག་ནི་གསུང་རབ་ནས་བཤད་པའི་དུས་ཚིགས་མ་ནོར་བར་བཀོད་པའོ། །དེང་སང་སྔོན་གྱི་གྲུབ་མཐར་མི་བརྟེན་པ་དག དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །ཞེས་པ་སྟོན་ཉིན་མཉམ་མཚན་མཉམ་ངོས་བཟུང་བ་ཡིན་ལ་དེ་ནམ་བྱུང་བ་ནས་ལོ་འགོ་འཛིན་པར་གྲག་གོ །འདི་ལ་ལོ་གཅིག་ཟླ་བཅུ་ལས་མེད་པའི་སྐྱོན་དང་། འདུལ་བ་ནས་གསུངས་པའི་དུས་ཚིགས་རྣམས་ཀྱིས་ལོ་འགོ་འཛིན་པ་མིན་ན་ནི། ལོ་འགོ་འཕངས་ནས་འཛིན་ན་ཡང་འཛིན་ལ་རགས་ལས་པ་དང་། ཡིན་ན་ནི་གསོ་སྦྱོང་། དབྱར་གནས། དགག་དབྱེ་སྲ་བརྐྱང་གདིང་བ་རྣམས་ཟླ་བ་གཅིག་ལ་ཞག་སུམ་ཅུར་བྱས་པའི་ཞག་གང་ལ་འབྱུང་བ་ངེས་པ་མེད་པའི་སྐྱོན་གནས་པ་སོགས་མང་དུ་ཡོད་ཀྱང་བརྡ་ཁྱད་རགས་པ་ཡོད་པ་དག་གིས་ཀྱང་ནོར་བར་གོ་བའི་ཕྱིར་འདིར་མ་སྤྲོས་སོ། །བསྐལ་པའི་རྣམ་པ་མང་བཤད་པ། །ཞེས་པའི་སྐབས་སུ། བསྟན་བཅོས་འདིར་བསྐལ་པའི་ཐ་སྙད་བདུན་སྣང་སྟེ། འཇིག་པའི་བསྐལ་པ། ཆགས་པའི་བསྐལ་པ། གནས་པའི་བསྐལ་པ། ཞིག་ནས་འདུག་པའི་བསྐལ་པ། བར་གྱི་བསྐལ་པ། བསྐལ་པ་ཆེན་པོ། གྲངས་བཟུང་བདེ་བའི་ཕྱིར་བསྐལ་པའི་ཐ་སྙད་བྱས་པའོ། །དང་པོ་ནི། གནས་བསྐལ་རྫོགས་ནས་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་པར་གྱུར་པ་དང་། དམྱལ་བར་སེམས་ཅན་གསར་སྐྱེ་མེད་པར་དུས་མཉམ་པ་ནས་བཟུང་སྟེ་ངན་སོང་བ་རྙིང་པ་རྣམས་ལས་ཟད་ན་བདེ་འགྲོར་སྐྱེ་ལ། ལས་མ་ཟད་ན་འཇིག་རྟེན་གཞན་གྱི་ངན་སོང་དུ་སྐྱེ་སྟེ་སྟོང་པར་འགྱུར། དེ་ནས་འཛམ་བུ་གླིང་པའི་མི་འགའ་ཞིག་ལ་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེ་སྟེ། དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་སྐྱེས་པའི་བདེ་བ་དང་དགའ་བ་ནི་བདེ་བའོ་ཞེས་སྨྲས་པ་དེ་ཐོས་ནས་གཞན་ཡང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅིང་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེས་བསམ་གཏན་གཉིས་པ་བསྒོམ་པའམ། ས་ལས་སྔར་གྱི་བསམ་གཏན་དང་པོའི་རྗེས་སུ་གཉིས་པ་བསྒོམ་ནས་བསམ་གཏན་གཉིས་པར་སྐྱེ་བར་བཤད་དོ། །ཤར་དང་ནུབ་ཀྱང་དེ་བཞིན་ནོ། །སྒྲ་མི་སྙན་པ་ནི་ཆགས་བྲལ་གྱི་ལམ་གྱི་རྟེན་མ་ཡིན་པས་ཐོག་མར་འདོད་ལྷར་སྐྱེ་ཞིང་འདོད་ལྷ་རིས་དྲུག་གི་རྟེན་ལ་བསམ་གཏན་བསྒོམ་པས་བསམ་གཏན་དང་པོར་སྐྱེ་བ་དང་། དེར་ཆོས་ཉིད་ཀྱི་ས་གཉིས་པའི་ཏིང་ངེ་འཛིན་ཐོབ་ནས་གཉིས་པར་སྐྱེ་སྟེ་བཅུད་འཇིག་པ་ལ་བར་བསྐལ་བཅུ་དགུའོ། །དེ་ནས་ཉི་མ་བདུན་འཆར་བའི་ཚེ་མདོ་ལས་འབྱུང་བ་ལྟར། སྤྲིན་ལས་ཆར་མི་འབབ། ཉི་མ་འདིས་ཆུ་ལས་གྱུར་པའི་དངོས་པོ་དང་། འདི་ལ་ས་གཞན་བཞི་འགྱུར་གྱི་ཚ་བ་གཉིས་པས་ཆུ་བྲན་དང་། ལྟེང་ཀ་དང་། ཆུང་ངུ་དང་། གསུམ་པས་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་མཚོ་མ་དྲོས་པ་དང་། ལྔ་པས་ཕྱིའི་རྒྱ་མཚོ་ཆུ་བོ་ལ་ནུབ་ཀྱི་བར་དང་། དྲུག་པས་མ་ལུས་པར་བསྐམ་ཤིང་། རི་རབ་ལའང་དུ་བ་འཐུལ་བར་བྱེད་པ་དང་། བདུན་པས་མེ་འབར་ཏེ་འདོད་པའི་སྣོད་མེ་རྒྱུན་གཅིག་དང་། དེས་མེ་གཞན་བསྐྱེད་ནས་ཚངས་པའི་གནས་བསྲེགས་ཏེ་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་ཟད་པའི་སྣོད་འཇིག་པ་ལ་བར་བསྐལ་གཅིག་གོ །ཆུས་འཇིག་པའི་ཚེ་བསམ་གཏན་གཉིས་པ་བ་རྣམས་ལའང་ཆོས་ཉིད་ཀྱིས་བསམ་གཏན་གསུམ་པ་སྐྱེས་ཏེ་བསམ་གཏན་གསུམ་པར་སྐྱེ་བ་ནི་བཅུད་འཇིག་པའི་ཁོངས་སུ་གཏོགས་ལ། དེ་ནས་འོད་གསལ་ལས་བྱུང་བའི་ཆུས་སྣོད་ཐམས་ཅད་ལན་ཚྭ་ཆུར་བཅུག་པ་བཞིན་སྤྲུལ་པར་བྱེད་དོ། །རླུང་གིས་འཇིག་པའི་ཚེ་བསམ་གཏན་གསུམ་པ་བ་རྣམས་ལ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་ཐོབ་སྟེ་བསམ་གཏན་བཞི་པར་སྐྱེས་པ་ནི་བཅུད་འཇིག་པའི་ཁོངས་སུ་གཏོགས་ལ། དེ་ནས་དགེ་རྒྱས་ལས་བྱུང་བའི་རླུང་གིས་སྣོད་ཀྱི་འཇིག་རྟེན་སྐམ་པའམ་འཐོར་བར་བྱེད་དེ། དུས་ནི་བར་གྱི་བསྐལ་པ་ཉི་ཤུར་མཉམ་མོ། །གཉིས་པ་ནི། དང་པོའི་རླུང་ཞེས་བྱ་བ་སྣོད་ཀྱི་འཇིག་རྟེན་ཆགས་པའི་སྔ་ལྟས་སུ་རླུང་འཇམ་པོ་ལངས་ཏེ་རླུང་གིས་ཞིག་པའི་རྗེས་སུ་དགེ་རྒྱས་ནས་དང་། ཆུས་ཞིག་པའི་རྗེས་སུ་འོད་གསལ་ནས་དང་། མེས་ཞིག་པའི་རྗེས་སུ་ཚངས་ཆེན་ནས་འཐབ་བྲལ་གྱི་བར་གྱི་སྣོད་ཀྱི་འཇིག་རྟེན་ཡས་མར་རིམ་པ་བཞིན་ཆགས། དེ་ནས་འོག་བཞི་རླུང་གི་དཀྱིལ་འཁོར་ནས་སུམ་ཅུ་རྩ་གསུམ་གྱི་བར་མས་ཡར་རིམ་པ་བཞིན་ཆགས་ཏེ་བར་བསྐལ་གཅིག་གོ །དེ་ནས་བཅུད་ཆགས་པ་ནི་རླུང་གིས་ཞིག་པའི་རྗེས་སུ་བསམ་གཏན་བཞི་པའི་ལྷ་ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་ཞིག་དགེ་རྒྱས་སུ་དང་། ཆུས་ཞིག་པའི་རྗེས་སུ་བསམ་གཏན་གསུམ་པའི་ལྷ་འོད་གསལ་དུ་དང་། མེས་ཞིག་པའི་རྗེས་སུ་བསམ་གཏན་གཉིས་པའི་ལྷ་ཚངས་ཆེན་དུ་སྐྱེས་པ་ནས་བཟུང་སྟེ། རྒྱལ་ཆེན་རིས་བཞི་པའི་བར་གྱི་ལྷ་རྣམས་རིམ་པ་བཞིན་ཆགས་ལ། དེ་ནས་མི་བྱང་དང་། ནུབ་དང་། ཤར་དང་། ལྷོ་རིམ་པ་བཞིན་ཆགས། དེ་ནས་དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་མནར་མེད་པར་སེམས་ཅན་གཅིག་སྐྱེས་པའི་བར་དུ་བར་བསྐལ་བཅུ་དགུའོ། །འདི་ནི་མེས་ཞིག་པའི་རྗེས་ཡིན་ཏེ། མདོ་ལས་སེམས་ཅན་འོད་གསལ་གྱི་ལྷ་ལས་ཆད་དོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། མི་རྣམས་ཚེ་ལོ་དཔག་མེད་ནས་འབྲི་སྟེ། བརྒྱད་ཁྲི་བར་སླེབས་པ་དང་། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དུས་མཉམ་པ་ནི་ཆགས་པའི་བསྐལ་པར་གཏོགས་ལ། བརྒྱད་ཁྲི་པ་ནས་འབྲི་སྟེ་ཚེ་ལོ་བཅུ་པར་གྱུར་པའི་བར་ནི་བར་བསྐལ་དང་པོ་ཡ་ཐོག་རིང་མོ་ཞེས་བྱའོ། །འོ་ན། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །ཞེས་པ་དང་འགལ་ལོ་སྙམ་ན་འགྲིབ་པའི་ཐོག་མར་བསྟན་པའི་ཆེད་དུ་དཔག་མེད་སྨོས་པ་ཡིན་གྱི་བར་བསྐལ་བརྒྱད་ཁྲི་ནས་བཟུང་ཞེས་མཆིམས་ཀྱིས་གསུངས་པ་ཉིད་ལེགས་ཏེ། གཞན་དུ་ན་དཔག་མེད་ནས་བརྒྱད་ཁྲི་པའི་བར་དེར་ཆགས་པའི་བསྐལ་པ་ལ་ཆད་པ་དང་། གནས་པ་ལ་ལྷག་པར་འགལ་བའི་ཕྱིར་རོ། །ཚེ་ལོ་བཅུ་པ་དེ་ནས་ཡར་བརྒྱད་ཁྲི་པའི་བར་སྐྱེ་བ་དང་། ཡར་མར་འབྲི་བ་ཟུང་དུ་བྱས་པའི་བར་གྱི་ཁུག་པ་བཅོ་བརྒྱད་དང་། ཡང་ཚེ་ལོ་བརྒྱད་ཁྲི་པའི་བར་ཡར་འཕེལ་བ་བར་གྱི་བསྐལ་པ་གཅིག་ཡིན་ཏེ། མ་ཐོག་རིང་མོ་ཞེས་བྱ་བའོ། །རིང་ཐུང་གི་རྒྱུ་མཚན་ནི་ཁ་ཅིག སྔ་ཕྱི་གཉིས་ལོ་ཉིས་བརྒྱ་དང་། བར་མ་བརྒྱ་ལ་འཕེལ་འགྲིབ་བྱེད་པའོ་ཞེས་པ་ལ། མཆིམས་ཀྱིས་བསྐལ་པ་ལོས་བགྲང་ནུས་པར་འགྱུར་བས་མི་རིགས་སོ་གསུངས་པ་ཤིན་ཏུ་ལེགས་ཤིང་། ཞིབ་ཏུ་བརྩིས་ན་ཚ་བའི་སེམས་ཅན་དམྱལ་བ་ལས་རབ་ཏུ་ཚ་བ་ཚེ་ཚད་ཐུང་བར་ཐལ་བའི་སྐྱོན་ཡང་ཡོད་དོ། །དེས་ན་འཕེལ་འགྲིབ་མྱུར་བུལ་ནི་དགེ་བ་དང་མི་དགེ་བ་ལ་སྤྱོད་པ་ཤས་ཆེ་ཆུང་ཡིན་ཀྱང་། ལས་ཀྱི་བྱེ་བྲག་གིས་བར་བསྐལ་རྣམས་ནི་མཉམ་སྟེ། གོང་སྤེལ་ལས་མཐའི་བསྐལ་པ་གཉིས་ནི་དལ་གྱིས་འགྲོ་ལ་བར་བསྐལ་བཅོ་བརྒྱད་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྲོ་བས་ཞེས་སོ། །བཞི་པ་ནི། སྣོད་བཅུད་སྔ་མ་ཞིག་ཟིན་ནས། ཕྱི་མ་ཆགས་པའི་འགོ་བརྩམས་པའི་བར་ལ་སྔར་གྱི་གནས་བསྐལ་དང་མཉམ་པས་བར་བསྐལ་ཉི་ཤུའོ། །ལྔ་པ་ནི་བསྐལ་པ་ལོས་གཞལ་མི་ནུས་པས་བར་བསྐལ་ངོས་བཟུང་བའི་ཚུལ་ནི་སྔར་གྱི་གནས་བསྐལ་ཉི་ཤུ་པོ་གང་རུང་གཅིག་གི་ཡུན་ཚད་ལ་ངོས་བཟུང་བའོ། །དྲུག་པ་ནི། དེ་ལྟ་བུའི་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་སྟེ། སྣོད་བཅུད་ཆགས། གནས། འཇིག ཞིག་ནས་འདུག་པ་ཚན་གཅིག་དང་དུས་མཉམ་པའོ། །ཚངས་ཆེན་གྱི་ཚེ་ཚད་བར་བསྐལ་དྲུག་ཅུར་གསུངས་པ་ཡང་། སློབ་དཔོན་གྱིས་གྲངས་ཀྱི་རྒྱུར་བགྲང་བདེ་བའི་ཆེད་དུ་གསུངས་པ་ཡིན་གྱི། དོན་ལ་སྣོད་ཆགས་པ་དང་འཇིག་པའི་བར་བསྐལ་གཉིས་མི་ཐེ་བས་ལྔ་བཅུ་རྩ་བརྒྱད་དོ། །འཇིག་ཆགས་ཀྱི་བསྐལ་པ་དྲུག་ཅུ་རྩ་བཞིའི་ཚེ། དགེ་རྒྱས་པ་ལ་ཡང་དེ་དང་འདྲའོ། །བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས་སངས་རྒྱས་དང་། བརྒྱར་ཚོགས་བསགས་པ་ལས་བསེ་རུ་ལྟ་བུའི་རང་སངས་རྒྱས་འབྱུང་བར་གྲུབ་མཐའ་བཞི་ཆར་མཐུན་ལ། གྲངས་མེད་ཀྱི་དོན་གྲངས་ཀྱི་གནས་གཞན་དྲུག་ཅུ་པ་ལ་བྱ་བ་ཡིན་གྱི། གྲངས་གཏན་མེད་ནི་མ་ཡིན་ནོ། །ལུང་སིལ་བུ་ལས་འབྱུང་བ་སྡོམ་དུ་བསྡུ་ན། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཕྲག་ཁྲིག་རབ་ཀྲམ་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །སྤངས་སྟེང་དེ་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་བྱིན་རྟོགས་འགྲོ་འབྱིང་འདུལ་དང་། །བརྒྱ་བརྒྱ་སྟོབས་འགྲོ་འདྲ་ཤེས་དང་། །རྣམ་བྱུང་དང་ནི་སྟོབས་མིག་རྣམས། །ཆེན་པོ་དང་ནི་བཅས་པ་སྟེ། །གྲངས་མེད་པ་ནི་ཐ་མ་ཡི། །བར་ནས་བརྒྱད་ནི་མ་རྙེད་པས། །དུང་ཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣན་ནོ། །ཞེས་པའོ། །དེ་ཡང་འདི་པས་གྲངས་མེད་གསུམ་ཚོགས་ལམ་ཁོ་ན་ལ་འདའ་བར་འདོད་ཅིང་། ཐེག་ཆེན་པས་མོས་སྤྱོད་དང་། ས་བདུན་དང་། ས་གསུམ་ལ་འདའ་བར་འདོད་དོ། །བདུན་པ་ནི། བར་བསྐལ་བཞི་བཅུ་ལ་བསྐལ་པ་ཞེས་པའི་ཐ་སྙད་བྱས་པ་སྟེ། ཆོས་མངོན་པའི་བསྟན་བཅོས་ལས། ཚངས་རིས་པའི་ཚེ་ཚད་བར་བསྐལ་ཉི་ཤུ། ཚངས་པ་མདུན་ན་འདོན་པའི་བཞི་བཅུ། ཚངས་ཆེན་པས་ལྔ་བཅུ་རྩ་བརྒྱད། འོད་ཆུང་བའི་བསྐལ་ཆེན་གཅིག་ཞེས་པ་ནས་སྤྲིན་མེད་པའི་བསྐལ་ཆེན་བརྒྱ་ཉི་ཤུ་རྩ་ལྔ་ཞེས་སོགས་སོ། །རང་རང་གི་ཚེ་ཚད་ངེས་པ་ཅན་བགྲང་ནས་ཡོད་པ་ལ་སློབ་དཔོན་གྱིས། རང་ལུས་གཞལ་བའི་བསྐལ་པ་ཡིས། །ཞེས་པའི་འགྱུར་སྒྲེ་བའི་ཚེ། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་གཉིས་འགྱུར་གཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་བསྡུ་བའི་ཆེད་དུ་སློབ་དཔོན་ཉིད་ཀྱིས་ཐ་སྙད་མཛད་པའོ། །སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་སོགས་ཀྱི་སྐབས་སུ། བསྐལ་པ་དང་པོའི་མིའི་མཚན་ཉིད། དེ་ལས་འགྲིབ་པའི་ཚུལ། བསྐལ་པ་འདི་ཉིད་ངོས་བཟུང་བ་གསུམ་ལས། དང་པོ་ནི། གླིང་བཞིའི་མི་ཆགས་པ་ནས་བཟུང་སྟེ་ཚེ་ལོ་དཔག་མེད་ནས་འགྲིབ་པའི་འགོ་མི་རྩོམ་པའི་བར་གྱི་སེམས་ཅན་རྣམས་ནི་གཟུགས་ཅན་གྱི་ལྷ་བཞིན་དུ་རང་གི་ལུས་ལ་འོད་ཡོད་པ་དང་། ཡིད་ལས་བྱུང་ཞིང་རྫུ་འཕྲུལ་དང་ལྡན་པ་དང་། ཟས་སུ་དགའ་བ་ཟ་ཞིང་། ཡན་ལག་དང་དབང་པོ་ཚང་བ་དང་། རྒྱུད་འཇམ་ཤིང་ཚེ་རིང་བ་ལ་སོགས་པ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་ཙམ་མ་གཏོགས། ཕོ་མོའི་བྱེ་བྲག་དང་། མིང་ཐ་དད་པ་ཡང་མེད་པར་བཤད་དོ། །གཉིས་པ་ནི། དེ་ནས་རིམ་གྱིས་རོ་ལ་ཆགས་ཏེ། ཐོག་མར་སའི་བཅུད་ཁ་དོག་དམར་སེར། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུའི་རོ་སེམས་ཅན་བརྐམ་པའི་རང་བཞིན་ཅན་འགའ་ཞིག་གིས་མྱོང་ཞིང་ཟོས་པས་ཁམ་ཟས་ཀྱི་དང་པོ་བྱུང་ངོ་། །དེ་ལྟར་གཞན་གྱིས་ཀྱང་ཟོས་པས་ལུས་ལྕི་ཞིང་འོད་ནུབ་པ་དང་། ལྷའི་བུ་ཉི་མ་གཞལ་མེད་ཁང་ལ་ཞུགས་ནས་གླིང་བཞི་བསྐོར་བས་ཉི་མ་བྱུང་། དེ་ནུབ་པ་དང་ཟླ་བ་ཤར་བས་ད་ནང་གི་དེའི་ཟླ་བྱུང་ཞེས་གྲགས་སོ། །དེ་ནས་སའི་ཞག་དོང་ཀའི་མེ་ཏོག་ལྟ་བུ་བྱུང་སྟེ། དེ་ཡང་སྔ་མ་ལྟར་ཟད། དེ་ནས་མྱུ་གུའི་ཚལ་ཀ་དམ་པའི་མེ་ཏོག་ལྟ་བུ་བྱུང་སྟེ་ཡང་ཟད། དེ་ནས་མ་སྨོས་མ་བཏབ་པའི་འབྲས་སཱ་ལུ་ཕུབ་ཤུན་མེད་པ་བྱུང་སྟེ། ཟོས་པ་དང་། དེ་ཆེས་རགས་པས་རྒྱུ་མཐུན་གྱི་ལམ་གཉིས་དོད་ཅིང་། སྔོན་གོམས་པའི་དབང་གིས་ལོག་པར་ཞུགས་པ་ལ་གཞན་གྱིས་གནོད་པ་བསྐྱབ་པའི་ཕྱིར། ཁང་པ་བྱས་པས་ཁྱིམ་ཞེས་གྲག་གོ །དེ་ཡང་འབྲས་སཱ་ལུ་ནང་ནུབ་ཟ་རེས་ཀྱིས་ལེན་ཅིང་། སླར་སྐྱེ་བ་ལ་ལེ་ལོ་ཅན་འགའ་ཞིག་གིས་གསོག་འཇོག་བྱས་ཤིང་། གཞན་གྱིས་ཀྱང་དེ་ལྟར་བྱས་པས་སཱ་ལུ་ཟད་དོ། །དེ་ནས་འཛིན་བཅས་རྣམས་ཀྱི་ཞིང་ལ་ས་བོན་བཏབ་སྟེ། ཞིང་སོ་སོར་བགོས་ནས་བདག་ཏུ་འཛིན་པ་དང་བཅས་ཏེ་ས་བོན་བཏབ་པ་ལ་རྐུན་མ་སོགས་བྱུང་བས་དེར་སྐྱོ་ཞིང་ཡིད་ཕྱིར་ཕྱོགས་ཏེ་དགོན་པར་སོང་བས་བྲམ་ཟེ་བྱུང་། རྩོད་པ་མི་འབྱུང་བར་བྱ་བའི་ཕྱིར། མི་རྣམས་ཀྱིས་འདིའི་ཁྱད་པར་བློ་གཟུ་བོ་འགའ་ཞིག་ཞིང་དཔོན་དུ་བསྐོས་ཏེ། རང་རང་གི་སྟོན་ཐོག་དྲུག་ཆས་བསྟབས་པ་ནི་རྒྱལ་རིགས་སོ། །དེ་ཉིད་སོ་སྐྱེ་ཕལ་པོ་ཆེས་བཀུར་བའི་མང་པོས་བཀུར་བའི་རྒྱལ་བརྒྱུད་ཀྱི་དང་པོ་སྟེ། མང་པོས་བཀུར་དང་འོད་མཛེས་དང་། །དགེ་བ་དགེ་མཆོག་གསོ་སྦྱོང་འཕགས། །བསྐལ་པ་དང་པོའི་རྒྱལ་པོ་ལྔ། །སྤྱི་བོ་སྐྱེས་དང་མཛེས་པ་དང་། །ཉེར་མཛེས་མཛེས་ཅན་མཛེས་ལྡན་ཏེ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔ། །གླིང་བཞི་ལ་སོགས་རིམ་པར་དབང་། །ཞེས་པ་རྣམས་སོ། །བརྒྱད་ཁྲི་པ་མན་ཆོད་དུ་འཁོར་ལོས་བསྒྱུར་བ་མི་འབྱུང་བས་དེའི་བརྒྱུད་པ་དུ་མ་འབྱུང་བའི་བར་སྐབས་སུ། རྒྱལ་པོ་བྷ་ར་དྷྭ་ཛ་དང་། གོའུ་ཏ་མ་གཉིས་བྱུང་བའི་དང་པོས་རྒྱལ་སྲིད་བཟུང་། གཉིས་པས་དྲང་སྲོང་མདོག་ནག་གི་དྲུང་དུ་ཚངས་པར་སྤྱོད་པ་ལ་ཆད་པས་ཕོག་པས་གསལ་ཤིང་ལ་བསྐྱོན་པའི་ཚེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་པའི་ས་བོན་ལས་སྒོ་ང་གྲུབ་པ་ཉི་མས་སྨིན་པར་བྱས་པ་དང་། གོའུ་ཏ་མའི་བུ་ཡིན་པ་དང་། བུ་རམ་ཤིང་གི་གསེབ་ནས་རྙེད་པས་ཉི་མའི་གཉེན་དང་། གོའུ་ཏ་མ་དང་། བུ་རམ་ཤིང་པ་ཞེས་པའི་མིང་གསུམ་བྱུང་བ་ཡིན་ནོ། །དེ་ནས་རིམ་གྱིས་རྒྱལ་པོ་སྐྱབ་སེང་གི་བུ་སྔ་ཚར་བཞི། སེར་སྐྱའི་གནས་སུ་སྤྱུགས་པ་སྲིང་མོ་དང་ལྷན་ཅིག་འདུས་པས་ཤཱཀྱའི་རིགས། དེ་ནས་རིམ་གྱིས་སེང་གེ་འགྲམ་དང་ཟས་གཙང་མ་དང་། དོན་ཐམས་ཅད་གྲུབ་པ་དང་། སྒྲ་གཅན་ཟིན་གྱི་བར་དུ་བྱུང་ངོ་། །མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། བད་ས་ལའི་རྒྱལ་པོ་འཆར་བྱེད་དང་། འཕགས་རྒྱལ་གྱི་རྒྱལ་པོ་རབ་སྣང་ལ་སོགས་པ་ནི་ཁམས་ཀྱི་རྒྱལ་ཕྲན་ཞེས་བྱའོ། །བོད་རྣམས་ནི་སྔོན་སྟོན་པ་མ་བྱོན་པའི་དུས་ན་རྒྱལ་པོ་སྐྱབ་སེང་ཞེས་པས་རྩོད་པ་རྒྱལ་བར་བྱས་པའི་ཚེ། རཱུ་པའི་ཞེས་པའི་རྒྱལ་པོ་ཞིག་དཔུང་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་གངས་ཅན་གྱི་ཕྱོགས་སུ་བྲོས་པ་ལས་འཕེལ་བ་ནི་དེང་སང་ཡན་ཆད་བོད་ཅེས་གྲགས་སོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་དོ། །གསུམ་པ་ནི་བར་གྱི་བསྐལ་པ་འདི་ནི་ཡ་ཐོག་རིང་མོ་ཡིན་པར་སྔར་གྱི་རྒྱལ་བརྒྱུད་བྱུང་ཚུལ་གྱིས་ཤེས་ལ། ད་དུང་གནས་པ་ལ་བར་བསྐལ་བཅུ་དགུ་ཡོད་པའོ། །འཇིག་རྟེན་བསྟན་པའི་གནས་ཀྱི་དཀའ་བའི་གནས་རྣམས་བཤད་ཟིན་ཏོ།།  །།དེ་ནི་སེམས་པ་དང་འདུས་བྱས། །ཞེས་པའི་སྐབས་སུ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*