ཆོས་འདུལ་བ་རྒྱ་མཚོའི་སྙིང་པོ། ཀ༽

༼ང་༽

༄༅། །རབ་ཏུ་བྱུང་བ་རྣམས་ཀྱི་བསླབ་བྱ་ཉམས་སུ་བླང་བའི་ཆོས་འདུལ་བ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

དགེ་སློང་གི་བསླབ་བྱ་གསལ་བར་སྟོན་པ་འདུལ་བ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཟབ་ཡངས་ཡེ་ཤེས་རྒྱ་མཚོར་སྐྱེ་བ་བརྙེས། །ཡོན་ཏན་རིན་ཆེན་གླིང་ལ་དབང་འབྱོར་ཞིང་། །རྣམ་དཀར་མཛད་པའི་གདེངས་ཀ་མངོན་མཐོ་བ། །ལྷ་མིའི་སྟོན་པ་གདེངས་ཅན་དབང་པོར་འདུད། །ལེགས་གསུང་སྡུད་པོ་མཆོད་འོས་ཉེ་བ་འཁོར། །ལེགས་པར་བསྙེན་པའི་མཁན་པོ་སྒྲ་ཅན་འཛིན། །ལེགས་ལམ་འདོམས་མཛད་འཕགས་པ་ཡོན་ཏན་འོད། །ཆོས་འདུལ་སྲོག་ཤིང་གསུམ་ལའང་ཕྱག་བགྱིས་ནས། །རྣམ་དཀར་ཚུལ་ཁྲིམས་ཇི་ལྟར་ཐོབ་པ་དང་། །ཚུལ་བཞིན་བསྲུང་དང་ཉམས་པ་གསོ་བའི་ཚུལ། །ཆོས་འདུལ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། །དོན་གཉེར་རེ་བ་བསྐང་ཕྱིར་བཤད་པར་བྱ། །སྐལ་བ་དང་ལྡན་པའི་གང་ཟག་བདག་ལེགས་སུ་འདོད་པ་དག་གིས་འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་ནས་རྣམ་པར་གྲོལ་བའི་གོ་འཕང་ཐོབ་པར་བྱ་དགོས་ལ། དེ་ལ་ཡང་ཟག་པ་མེད་པའི་ཤེས་རབ་ཀྱིས་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤང་དགོས། ཤེས་རབ་དེ་ཡང་ཏིང་ངེ་འཛིན་གྱི་ཆུ་གཙང་མ་ལ་བརྟེན། དེ་ལ་ཚུལ་ཁྲིམས་རྣམ་པར་དག་པའི་སྣོད་གཙང་མ་དགོས་པས། བསླབ་པ་གསུམ་པོ་ནི་རྣམ་པར་གྲོལ་བའི་ལམ་གྱི་གཙོ་བོ་ཡིན་ཏེ། ལུང་སྨན་གྱི་གཞི་ལས། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་བཤད་པས་སོ། །ཚུལ་ཁྲིམས་རྣམ་པ་དག་པ་དེ་ཡང་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་པའི་སོ་སོར་ཐར་པ་རིས་བདུན་ཡིན་ལ། དེ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་དགེ་སློང་གི་སྡོམ་པ་ཡིན་པས་དེའི་བསླབ་བྱ་གསལ་བར་བཤད་པ་ལ། དོན་བཞི་སྟེ། མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པའི་ཚུལ། དེ་དག་གི་དོན་གྱི་འབྲེལ་བརྩི་བའོ། །དང་པོ་ལ་གཉིས་ཏེ། གང་ཟག་སྐལ་ལྡན་གྱི་དབང་དུ་བྱས་པ་སྔོན་གྱི་ཆོ་ག ཐུན་མོང་གི་དབང་དུ་བྱས་པ་ད་ལྟར་གྱི་ཆོ་གའོ། །དང་པོ་ལའང་གསོལ་བཞིའི་ལས་ལ་མི་ལྟོས་པའི་སྔོན་ཆོག་དང་། དེ་ལ་ལྟོས་པའི་སྔོན་ཆོག་གཉིས་ལས། དང་པོ་ནི་རང་བྱུང་དང་། ཡེ་ཤེས་ཁོང་དུ་ཆུད་པ་དང་། ཚུར་ཤོག་སོགས་ཡིན་ལ། ཕྱི་མ་ནི་ལུང་གཞི་དང་། མདོ་རྩ་དང་། ཀརྨ་ཤ་ཏམ་ལས་གསུངས་པའི་གསོལ་བཞིའི་ལས་ཀྱི་ཅིག་ཅར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་སྒྲུབ་པར་བྱེད་པའི་ཆོ་ག་དེ་ཉིད་དོ། །གཉིས་པ་ལ། སྐྱེ་ལ་ཉེས་བཅས་ཀྱི་དབང་དུ་བྱས་ན་ཚིགས་སྔ་མ་གཉིས་སྔོན་དུ་མ་སོང་བ་ལ་ཡང་སྐྱེ་ཞིང་། ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ན་ཚིགས་སྔ་མ་གཉིས་རིམ་ཅན་དུ་བླངས་པ་མ་ཉམས་པའི་སྟེང་དུ། མངོན་གྱུར་བཅུའི་སྒོ་ནས་བསྙེན་པར་རྫོགས་པའི་སྡོམ་པ་བསྒྲུབ་པར་བྱ་དགོས་ཏེ། ལས་ཀྱི་ཆོ་ག་དག་ལས་ཤེས་པར་བྱའོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་ལ་ལྔ་སྟེ། ཕྱིའི་རྐྱེན་གང་ཟག་གཞན་ལ་བརྟེན་ནས་བསྲུང་བ་དང་། ནང་གི་ཉེར་ལེན་རང་གི་བསམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་བསྲུང་བ་དང་། སྤང་བྱ་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་དང་། དགེ་བ་ཉམས་སུ་ལེན་པ་བསླབ་པ་ཡོངས་སྦྱོང་གི་སྒོ་ནས་བསྲུང་བ་དང་། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའོ། །དང་པོ་ལ་བདུན་ཏེ། ཡུལ་གང་ལ་གནས་སུ་གཟུང་བ། གང་ཟག་གང་གིས་གཟུང་བ། བསམ་པ་ཅི་ལྟ་བུས་གཟུང་བ། ཡུན་ཅི་སྲིད་དུ་གཟུང་བ། ཆོ་ག་གང་གིས་འཛིན་ཅིང་བྱ་བ་ཞུ་བ། དགོས་པ་གང་གི་ཕྱིར་འཛིན་པ། གནས་འཇིག་པའི་རྒྱུ་སྤོང་ཞིང་ཆད་པ་བཅད་པས་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ནི། གནས་ཀྱི་བླ་མའི་མཚན་ཉིད་ནི། འདུལ་བ་སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་ཏེ། ཚུལ་ཁྲིམས་ལྡན་པ་ནི་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་སྟེ། དེའི་ཁྱད་པར་གྱི་ཆོས་ལྟ་བ་དང་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ། ས་རང་བཞིན་དུ་གནས་པ་རྣམས་ཀྱང་དགོས། འདུལ་བའི་ཆོ་ག་ཤེས་པ་ནི་ལྔ་ཕྲུགས་ཀྱི་གཙོ་བོ་སྟེ་ལྔ་ཕྲུགས་སུ་སྦྱར་བ་ཉི་ཤུ་རྩ་གཅིག་གང་རུང་དང་ལྡན་པ་དགོས་སོ། །དེ་ཡང་ལུང་བར་སྡོམ་ལས། ལོ་བཅུ་འཛིན་དང་མཁས་པ་དང་། །རིག་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་པ་གཉིས། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། །གནས་འཆའ་འཆར་འཇུག་ལྟུང་ཤེས་སོ། །ཞེས་ཏེ་གཞུང་གི་སྟེང་དུ་རྟོགས་པར་བྱའོ། །ནད་པ་སྙིང་བརྩེ་སོགས་ནི་འཁོར་ལ་ཕན་འདོགས་པ་སྟེ། མདོར་བསྡུ་ན། མདོ་རྩར། ཚུལ་ཁྲིམས་དང་། ཤེས་པ་དང་། འཁོར་ལ་ཕན་འདོགས་པ་གསུམ་དུ་གསུངས་ཏེ། དེ་ལྟ་བུ་གནས་ཀྱི་སློབ་དཔོན་དུ་གཟུང་ངོ་། །གཉིས་པ་ནི། སུམ་བརྒྱ་པ་ལས། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམ་ཞིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་གསུངས་པ་ནི། སློབ་མ་ཕུན་སུམ་ཚོགས་པའི་ཁྱད་པར་ཡིན་ལ། ངེས་པར་དགོས་པ་ནི། རབ་ཏུ་བྱུང་བ་སྡེ་ལྔའི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། མཚན་དང་ལྟ་བ་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་པར་གནས་པ། གནས་ནས་ཕྱུང་བ་མ་ཡིན་པ། ལས་དང་པོ་པ་མ་ཡིན་པ། ཆོས་གཉིས་ལྡན་མ་ཡིན་པའོ། །གསུམ་པ་ནི། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་གནས་སུ་འཛིན་ནོ། །བཞི་པ་ནི། ཇི་སྲིད་འཚོའི་བར་རམ། རང་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་དང་། ལྔ་ཕྲུགས་སུ་སྦྱོར་བ་ཉི་ཤུ་རྩ་གཅིག་གང་རུང་དང་ལྡན་པ་སྟེ། ཆོས་གཉིས་ལྡན་དུ་མ་གྱུར་གྱི་བར་དུ་གནས་སུ་འཛིན་ནོ། །ལྔ་པ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ། དང་པོ་ནི། དྲི་བ་ལ་སོགས་པས་གནས་ཀྱི་འོས་ཡིན་མིན་བརྟག་སྟེ། སྔར་བཤད་པའི་གནས་དེ་ལྟ་བུ་བ་ལ་བསླབ་པ་རྒན་ན་གུས་པས་ཕྱག་གསུམ་བྱས་ནས་གནས་ཀྱི་བླ་མའི་ཞབས་མཐིལ་གཉིས་ལ། རང་གི་ལག་མཐིལ་གཉིས་ཀྱིས་བཅངས་ཏེ་ཙོག་ཙོག་པུར་འདུག་ནས་སོ། །གཞོན་ན་ཕྱག་བྱ་མི་དགོས་པར་བཤད། སྤྱོད་ལམ་གཞན་འདྲའོ། །གཉིས་པ་ནི། སྔར་ཆོས་འབྲེལ་མེད་ན། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། བཙུན་པ་ལ་གནས་སུ་གསོལ་གྱི། བཙུན་པ་བདག་གི་གནས་མཛད་དུ་གསོལ། བཙུན་པ་ལ་གནས་ནས་བདག་མཆི་བར་བགྱིའོ། །ཞེས་ལན་གསུམ་བརྗོད། གསུམ་པ་མཇུག་ནི། ཡུལ་གྱིས་ཐབས་ཡིན་ནོ། །གཟུང་བ་པོས་ལེགས་སོ་ཞེས་བརྗོད་དོ། །ཆོས་འབྲེལ་ཡོད་ན། སློབ་དཔོན་དགོངས་སུ་གསོལ་ཞེས་བརྗོད། མཁན་པོ་ལ་ནི་ཆོ་གའི་སྒོ་ནས་བཟུང་བ་མི་དགོས་ལ་བྱ་བ་ཞུ་བས་ཆོག་གོ །བྱ་བ་ཞུ་བའི་ཚུལ་ནི་དམིགས་བསལ་མ་གཏོགས་ཉིན་ཞག་ཕྲུགས་གཅིག་གིས་ལུས་ངག་གི་རྩོམ་པ་ཅི་བྱེད་གནས་ཀྱི་བླ་མ་དེ་ལ་ཞུས་པས་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་ཏེ། དེའི་སྦྱོར་བ་ནི་གནས་ཀྱི་བླ་མ་ལ་ཕྱག་གསུམ་བྱ། ཙོག་ཙོག་པུར་འདུག་ནས་དངོས་གཞི་སློབ་དཔོན་ནམ་མཁན་པོ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགུང་དང་གདུགས་ཀྱི་རིམ་པ་ལ་འཚལ་མ་འཚལ་བ་དང་། ཆོས་ཁུམས་པ་དང་། ཞབས་ཏོག་བགྱིད་པ་དང་། ཕྱིས་མལ་འཆའ་བ་དང་། ཕྱིས་ཉལ་བ་དང་། སྲོད་དང་ཐོ་རངས་དགེ་བའི་སྦྱོར་བ་རྔོ་ཐོགས་ཚད་བྱེད་པ་དང་། གཞན་ཡང་བགྱིད་པར་འོས་པ་མཐའ་དག་བགྱིད་པར་ཞུ་འཚལ། ཞེས་ལན་གཅིག་བརྗོད། འཇུག་ཡུལ་གྱིས་བག་དང་ལྡན་པར་མཛོད་ཅིག་ཅེས་བྱས་པའི་རྗེས་ལ། སྤྱོད་ལམ་ལ་བློ་བཟེ་བར་བྱས་ཏེ། བུ་དང་ཕའི་འདུ་ཤེས་ཀྱིས་མཚམས་ནང་གཅིག་ཏུ་གནས་པར་བྱའོ། །དེས་ནི་ཉིན་ཞག་ཕྲུགས་གཅིག་གི་བྱ་བ་ཉམས་སུ་ལེན་ཚུལ་བསྟན་ལ། གནས་དང་སློབ་མ་ལྷན་ཅིག་གནས་གཅིག་ན་ཡོད་ན། སྔ་དྲོ། ཕྱི་དྲོ། མཚན་མོ་སྟེ་དུས་གསུམ་གྱི་ཡང་བྱ་བ་ཞུ། རྒྱང་གྲགས་གཅིག་གིས་བར་དུ་ཆོད་པ་ལ་ཉིན་རེ་ལ་ལན་རེ། རྒྱང་གྲགས་ལྔས་བར་དུ་ཆོད་ན་ཞག་ལྔའམ་དྲུག དཔག་ཚད་ཕྱེད་དང་གསུམ་གྱིས་བར་དུ་ཆོད་ན་ཟླ་བ་ཕྱེད་ཀྱི་བྱ་བ་ཞུ་ཚུལ་ཡང་ཤེས་པར་བྱའོ། །དམིགས་བསལ་ནི་དབྱར་གྱི་གཙོ་བོ་ཟླ་བ་གཉིས་ཁས་བླངས་ཟིན་ལ་བབ་པ་ན་གནས་ཀྱི་སློབ་དཔོན་ཚེའི་དུས་བྱས་པ་དང་། གནས་ཕྱུང་ལྟ་བུ་ཆད་པའི་བྱ་བ་དང་ལྡན་ན་གནས་མེད་ཀྱང་ཉེས་པ་མེད་ལ། གཞན་གྱི་ཚེ་གནས་ཚོལ་བ་ལ་ཞུགས་པ་ན་ཞག་ལྔའམ་དྲུག་གི་བར་དུ་དང་། གློ་བུར་དུ་འོངས་པའི་ཉི་མ་དང་པོ་ལ་ཡང་གནས་མེད་པ་ལ་ཉེས་པ་མེད་དོ། །རབ་ཏུ་བྱུང་བ་སྡེ་གཞན་ཡིན་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྐབས་ཀྱི་དགེ་སློང་གི་འདོན་པ་གཞན་ལ་སྒྱུར་ཚུལ་ཡང་ཤེས་པར་བྱའོ། །དྲུག་པ་ནི། གནས་མེད་ཀྱི་ཉེས་པ་འགོག་ཅིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱ་བའི་དགོས་པ་ཡོད་དོ། །བདུན་པ་ནི། གཉིས་ཀ་ལ་མི་ལྟོས་པ་སྐྱེ་བ་སོགས་གསོལ་བ་བཏབ་པ་འཇིག་པའི་རྒྱུ་དང་། གནས་དང་མཚམས་ཐ་དད་དུ་གྱུར་པ་སོགས་བྱ་བ་འཇིག་པའི་རྒྱུ་སྤངས་ནས། གནས་ཀྱི་བླ་མ་མཚན་ཉིད་དང་ལྡན་པ་ལ་བརྟེན་ཏེ། བྱ་བ་ཐམས་ཅད་དེའི་གསུང་བཞིན་བསྒྲུབས་པས་ཉེས་ལྟུང་གིས་རྒྱུད་ལ་མ་གོས་པར་བྱའོ། །གལ་ཏེ་ཡུལ་ཉེ་བར་གྱུར་པའི་སྟོབས་ཀྱིས་ཉེས་པར་སྤྱོད་པའི་ཆོས་གང་ཞིག་གིས་རྒྱུད་ལ་གོས་ན། གང་ལ་གང་འོས་ཀྱིས་ཕྱིར་བཅོས་བྱེད་དགོས་པ་ལས་ཕྱིར་བཅོས་མི་བྱེད་པར་འཇོག་ན་གནས་ཀྱི་བླ་མ་དེས་བསམ་པ་འཇམ་པོ་ཕན་སེམས་ཀྱིས་སྦྱོར་བ་རྩུབ་པོ་ཆོས་དང་ཟང་ཟིང་མཐའ་དག་གིས་བསྐྲད་པའི་ལས་བྱས་ནས་ཉེས་སྤྱོད་སྤོང་དུ་འཇུག་པར་བྱའོ། །གཉིས་པ་ནང་གི་ཉེར་ལེན་བསམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་བསྲུང་བ་ནི། རང་ཉིད་རིགས་དང་། ཡོན་ཏན་དང་། རྟགས་དང་། ཆ་ལུགས་འདི་ལྟ་བུ་དང་ལྡན་པས་ཉེས་སྤྱོད་ལ་འཇུག་པ་མི་རུང་སྙམ་པ་དང་། མཁན་སློབ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་སོགས་ཀྱིས་ཁྲེལ་བར་འགྱུར་བས་ཉེས་སྤྱོད་ལ་འཇུག་པ་མི་རུང་ངོ་སྙམ་པའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་ཁྱད་པར་ཅན་དང་། ལུས་ངག་གི་བྱ་བ་གང་དང་གང་བྱེད་པ་ལ་འདི་བྱ་རུང་ངམ་མི་རུང་སྙམ་དུ་དང་པོར་སོ་སོར་རྟོག་པ་དང་། བྱ་བ་རྩོམ་པའི་ཚེ་ཉིད་ན། འདི་རུང་བར་འདུག་གམ་མི་རུང་བར་འདུག་སྙམ་དུ་འཕྲལ་ལ་རྟོགས་པའི་ཤེས་བཞིན་དང་། དེ་དག་གི་དམིགས་རྣམ་མི་བརྗེད་པར་དྲན་པའི་སྒོ་ནས་བསྲུང་དགོས་ཏེ། མདོ་རྩར། ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱའོ་ཞེས་བཤད་དོ། །སྤངས་བྱ་ཉོན་མོངས་པ་དྲག་ལ་ཡུན་རིང་དུ་སྐྱེས་པའི་དུས་སུ་གཉེན་པོ་ཡང་དྲག་ལ་ཡུན་རིང་བའི་བག་ཡོད་བརྟན་པ་དགོས་ཏེ། སོ་སོར་ཐར་པའི་མདོ་ལས། ཚེ་དང་ལྡན་པ་དག་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་སོ། །དེས་ན་བསླབ་པའི་སོ་མཁར་བསྲུང་བ་ལ་སོ་བ་དང་འདྲ་བའི་ཤེས་བཞིན་གྱིས་རང་གི་རྒྱུད་ལ་བྱ་ར་བྱས་ནས་སྤངས་བྱ་ཉོན་མོངས་པའི་དགྲ་ཤེས་རྒྱུད་ལ་འཇུག་པ་འདུག་གམ་མི་འདུག་བརྟག འདུག་ན་དྲན་པ་སྒོ་བ་ལྟ་བུའི་བརྩོན་འགྲུས་ཅན་གཅིག་གིས་ནང་དུ་འཇུག་ཏུ་མི་སྟེར། དེས་མ་བཟློག་ན་དཔའ་བོ་དང་མཚུངས་པའི་བག་ཡོད་ཀྱི་གཉེན་པོས་མཚོན་ཐོགས་ནས་བཟློག་པས་བསླབ་པའི་སོ་མཁར་མ་ཤོར་བ་བྱས་ན་ཤེས་རྒྱུད་དེ་དུས་སམ་གནས་སྐབས་ཐམས་ཅད་བདེ་བར་ནུས་པ་ཡིན་ནོ། །གསུམ་པ་སྤང་བྱ་མི་མཐུན་པའི་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་ལ། མི་མཐུན་པའི་ཕྱོགས་ནི་གཉིས་ཏེ། སྡོམ་པ་སྤྱི་དང་འགལ་བའི་མི་མཐུན་ཕྱོགས་དང་། སོ་སོ་དང་འགལ་བའི་མི་མཐུན་ཕྱོགས་སོ། །དང་པོ་ནི། རྒྱུད་ལ་ཡོད་པའི་གཉེན་པོ་ཀུན་གཏོང་། མཐའ་དག་གཏོང་། མ་ལུས་པ་གཏོང་བར་བྱེད་པའི་རྒྱུ་ནི། གྲུབ་པའི་མཐའ་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཞེས་པ་དང་། མདོ་རྩ་བ་ནས། ཤེས་ན་ནི་དེ་ཞིག་གོ་ཞེས་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པར་ཤེས་པས་སྡོམ་པ་གཏོང་བ་དང་། དང་པོ་གཉིས་ལ་ནི་མི་ཉམས་སོ་ཞེས་པའི་ཤུགས་ཀྱིས་མཚན་གཉིས་ལན་གསུམ་གྱུར་པས་སྡོམ་པ་གཏོང་ཡང་དགེ་སློབ་མའི་གཉེན་པོ་སྡོམ་པར་འདོད་པ་ལྟར་ན། བརྟེན་པའི་ཕྱིར་ཁས་བླངས་པས་གཏོང་བ་རྣམས། སྡོམ་པའི་གཏོང་རྒྱུ་ཐུན་མོང་བ་ཡིན་ཏེ། གྲུབ་མཐའ་ཐམས་ཅད་ཀྱིས་སྡོམ་པའི་གཏོང་རྒྱུར་འདོད་པའི་ཕྱིར་རོ། །འགའ་ཞིག་གིས། རྩ་བའི་ལྟུང་བ་བྱུང་བ། དམ་ཆོས་ནུབ་པ་གཉིས་ནི་གཏོང་རྒྱུ་ཐུན་མོང་བ་འདོད་པ་མི་འཐད་དེ། འགའ་ཞིག་གིས་སྡོམ་པའི་གཏོང་རྒྱུར་འདོད་ཀྱང་། འགའ་ཞིག་གིས་མི་འདོད་པའི་ཕྱིར་རོ། །དེ་དག་གི་ནང་ནས་བསླབ་པ་འབུལ་བ་ནི་ཡུལ་ཐ་སྙད་དང་ལྡན་པ་ལ། རང་གི་བསླབ་པ་འབུལ་འདོད་ཀྱི་ཀུན་སློང་གིས་ཀུན་ནས་བསླངས་ནས་ལུས་ངག་གི་རིག་བྱེད་ཀྱིས་ཕུལ་བ་ཡུལ་གྱིས་དོན་གོ་ན་སྡོམ་པ་གཏོང་བ་ཡིན་ཏེ། གྲུབ་པའི་མཐའ་ལས། བཏང་བ་བློ་ཡིས་བཏང་བ་ཡིན། །གོ་བ་བྱེད་པ་ཐམས་ཅད་ཀྱིས། །བརྡ་ཕྲད་མི་ལ་གོ་བྱེད་ནའོ། །ཞེས་བཤད། དེ་ལ་རྒྱུད་ལ་ཕམ་པས་མི་གོས་པའི་དགོས་པ་ཡོད་ཀྱང་གཉེན་པོ་བརྟེན་ནུས་སུ་བྱུང་ན་མི་མཐུན་པའི་ཕྱོགས་སུ་ངོ་ཤེས་པར་བྱས་ནས་མི་འབུལ་བ་གལ་ཆེ་སྟེ། མདོ་དྲི་མ་མེད་པ་ལས། སྡོམ་པ་ལན་གཅིག་ཕུལ་ན་སྐྱེ་བ་ལྔ་བརྒྱར་མི་ལུས་སུ་བརྒྱུད་ནས་སྡོམ་པ་བླངས་ཀྱང་ལན་དེ་སྙེད་དུ་འབུལ་དགོས་པར་བཤད་པས་སོ། །གཉིས་པ་ལ་གཉིས་ཏེ། སྡེ་ལྔ་སྤྱིའི་དོན་དང་། སོ་སོའི་མཚན་ཉིད་དོ། །དང་པོ་ལ་དོན་བཅུ་སྟེ། ལྟུང་བ་རྣམས་ཀྱི་དབྱེ་བ། བསྡུ་བ། གྲངས་ངེས་པ། གོ་རིམ་ངེས་པ། མིང་གི་དོན། མཚན་ཉིད། བསླབ་པ་བཅས་པའི་ཕན་ཡོན། དེ་དག་ལས་འདས་ཤིང་འགལ་ན་ཅིར་འགྱུར་དང་བཅས་པ། བསྲུངས་པའི་ཕན་ཡོན། མ་བསྲུངས་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས་ཏེ། བསླབ་པའི་སྡོམ་པའི་གཞིའི་སྒོ་ནས་དབྱེ་བ་དང་། བསླབ་པ་བཅས་པའི་སྡོམ་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། མཛོད་ལས། སྤངས་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། ངོ་བོ་ཉིད་ཙམ་གྱི་སྒོ་ནས་དབྱེ་ན་དཔག་ཏུ་མེད་ལ། དགེ་སློང་ཕ་མའི་བྱེ་བྲག་གིས་དབྱེ་ན་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། སུམ་བརྒྱ་དྲུག་ཅུ་རྩ་བཞིའོ། །གཉིས་པ་བསྡུ་བ་ནི། གཞི་དང་སྐྱེད་པ་དང་ནི་འབྱུང་བའི་སྒོ། །བྱ་བ་དང་ནི་བྱེད་པར་འགྱུར་བའི་རྒྱུ། །གནས་སྐབས་ངོ་བོ་རིགས་དང་སྡེ་ཚན་ཏེ། །འདི་དག་བསྡུ་བའི་ཚིགས་སུ་བཅད་པ་ཡིན། །ཅེས་འབྱུང་བས། མི་ཚངས་སྤྱོད་ལྟ་བུ་གཞི་སེམས་ཅན་ལ་བརྟེན་པ་དང་། ས་རྐོ་མེ་རེག་ལ་སོགས་སེམས་ཅན་མ་ཡིན་པ་ལ་བརྟེན་པ་གཉིས་ཡིན། སེམས་ཅན་ལ་བརྟེན་ནས་སྐྱེད་པ་ལའང་མི་ཚངས་སྤྱོད་ཁུ་བ་འབྱིན་པ་ལྟ་བུ་སེམས་ཅན་སྤྱི་ཙམ་ལ་བརྟེན་ནས་བསྐྱེད་པ་དང་། མི་ཆོས་བླ་མའི་རྫུན་སྨྲ་ལ་སོགས་པ་བྱེ་བྲག་ལ་བརྟེན་ནས་སྐྱེད་པ་གཉིས་ཡིན། སེམས་ཅན་མ་ཡིན་པ་ལ་བརྟེན་ནས་བསྐྱེད་པ་ལ། འབྱུང་བ་ལ་བརྟེན་ནས་སྐྱེད་པ་ལ་ས་རྐོ། མེ་རེག ཆུ་ལ་རྩེ་བའི་ལྟུང་བྱེད་དང་། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་སྡོད་པའི་སྦོམ་པོ་དང་ཉེས་བྱས་རྣམས་ཡིན། འབྱུང་འགྱུར་ལ་བརྟེན་ནས་སྐྱེད་པ་ལ། རྒྱུའི་རང་བཞིན་ཁ་ན་མ་ཐོ་བ་ལ་བརྟེན་ནས་སྐྱེད་པ་དང་། དེ་ལས་གཞན་པ་ལ་བརྟེན་ནས་སྐྱེད་པ་གཉིས་ཡིན། དང་པོ་ནི། སྐུར་འདེབས་ཀྱི་ལྟུང་བ་རྣམས་ཡིན་ལ། དེ་ལས་གཞན་པ་ལ་བརྟེན་ནས་སྐྱེད་པ་ལ། ལོངས་སྤྱོད་ནོར་ལ་བརྟེན་ནས་སྐྱེད་པ་དང་། དེ་ལས་གཞན་པ་ལ་བརྟེན་ནས་སྐྱེད་པ་གཉིས་ཡིན། དང་པོ་ནི། གསེར་དངུལ་ལ་རེག་པའི་སྤང་བ་ལ་སོགས་པ་ཡིན་ལ། གཉིས་པ་ནི། ཟས་གོས་གནས་མལ་སྣོད་སྤྱད་བཞི་ལ་བརྟེན་ནས་སྐྱེད་པའི་ལྟུང་བ་རྣམས་ཡིན་ནོ། །བྱེད་པ་ལ་རང་ཁོ་ནའི་བྱེད་པ་ཅན། བཅོལ་ཡང་རྫོགས་པའི་བྱེད་པ་ཅན་གཉིས་ཡིན། དང་པོ་ནི། མི་ཚངས་སྤྱོད་དང་རྫུན་སྨྲའི་ཕམ་པ་སོགས་ཡིན་ལ། གཉིས་པ་ནི། སྲོག་གཅོད་མ་བྱིན་ལེན་གྱི་ཕམ་པ་ལྟ་བུ་ཡིན་ནོ། །ལྟུང་བ་འབྱུང་བའི་སྒོ་ནི་དངོས་གཞི་སྐྱེད་པ་ལུས་ངག་གཉིས་སོ། །བྱ་བ་ལ་བྱ་བའི་རྒྱུ་མི་བྱེད་པའི་ཕྱིར་སྦྱོར་བ་མེད་པའི་ལྟུང་བ་དང་། མི་བྱ་བའི་རྒྱུ་བྱེད་པའི་ཕྱིར་སྦྱོར་བ་དང་བཅས་པའི་ལྟུང་བའི་རིགས་གཉིས་ཡིན། དང་པོ་ནི། འཆང་སྤང་ལྟ་བུ་ཡིན་ལ། གཉིས་པ་ནི། སྲོག་གཅོད། མ་བྱིན་ལེན་ལ་སོགས་པའོ། །ལྟུང་བ་འབྱུང་བའི་རྒྱུ་ནི་བཞི་སྟེ། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་བཤད། ལྟུང་བ་འབྱུང་བའི་གནས་སྐབས་ཀྱང་བཞི་སྟེ། སེམས་བསྐྱེད་པ་དང་། སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་། དངོས་གཞིའོ། །ངོ་བོའི་སྒོ་ནས་རང་བཞིན་དང་འབྲེལ་བ་དང་། བཅས་པ་དང་འབྲེལ་བ་གཉིས་ལས། དང་པོ་ནི། དུག་གསུམ་གྱིས་ཀུན་ནས་བསླངས་ཤིང་རྟེན་བྱེ་བྲག་མེད་པ་ལ་བཀག་པ་སྲོག་གཅོད་ལྟ་བུའོ། །གཉིས་པ་ནི། བསམ་པ་ཉོན་མོངས་ཅན་མ་ཡིན་པས་ཀྱང་བསྐྱེད་པར་ནུས་པ་ཕྱི་དྲོའི་ཁ་ཟས་ཀྱི་ལྟུང་བྱེད་ལྟ་བུའོ། །ལྟུང་བའི་རིགས་ལ་གཉིས་ཏེ། གནང་ལ་ཚད་བཟུང་དང་འབྲེལ་པ་དང་། མ་གནང་ལ་ཚད་བཟུང་དང་འབྲེལ་པའོ། །ཡང་ན་འཕེན་པས་འགྲུབ་པ་དང་། མི་འགྲུབ་པའི་རིགས་གཉིས་སམ། དངོས་པོ་གཙོ་བོ་དང་། འདུ་ཤེས་གཙོ་བོའི་རིགས་གཉིས་སུ་ཡོད་དོ། །སྡེ་ཚན་གྱི་སྒོ་ནས་བསྡུ་ན་ཕམ་པའི་སྡེ་ལ་སོགས་པ་ལྔར་འདུས་སོ། །གསུམ་པ་གྲངས་ངེས་ནི། དངོས་གཞི་ཆད་པའི་བྱེ་བྲག་མི་འདྲ་བ་ལྔ་ལ་ལྟོས་ནས་ལྔར་གྲངས་ངེས་སོ། །ཡང་ན་བྱེད་ལས་མི་འདྲ་བ་ལྔ་ཡོད་པས་ལྔར་གྲངས་ངེས་སོ། །བཞི་པ་གོ་རིམ་ངེས་པ་ནི། སྤྱིར་སྡེ་ལྔའི་གོ་རིམ་ནི་ལྕི་ཡང་གི་གོ་རིམ་ཡིན་ལ། ཕམ་པ་བཞིའི་གོ་རིམ་ནི། བྱུང་ཞིང་བཅས་པའི་གོ་རིམ་ཡིན་ཞིང་། ལྷག་མ་སྡེ་བཞི་སོ་སོའི་གོ་རིམ་ནི། ཆེད་དུ་བསྒྲིགས་པའི་གོ་རིམ་ཀྱང་ཡིན་ནོ། །ལྔ་པ་མིང་གི་དོན་ནི། ཅིའི་ཕྱིར་ཕམ་པ་ཞེས་བྱ་ཞེ་ན། དམ་པའི་ཆོས་ཀྱི་སྲས་པོ་ལས་ཉམས་པར་བྱེད། ཉོན་མོངས་པ་རྒྱལ་བར་བྱེད། གཉེན་པོ་ཕམ་པར་བྱེད་པའི་དོན་གྱིས་ན་ཕམ་པ། དགེ་འདུན་ཆོ་ག་ཁྱད་པར་ཅན་ལ་བརྟེན་ནས་ཕྱིར་བཅོས་པར་བྱ་བའི་ལྷག་མ་དང་བཅས་པའི་དོན་གྱིས་ན་ལྷག་མ། དངོས་པོ་དེ་ཉིད་ཞག་གཅིག་སྤོང་ཞིང་བྲལ་བ་སྔོན་དུ་གཏོང་དགོས་པས་ན་སྤང་བ། མ་བཤགས་ན་ངན་སོང་དུ་ལྟུང་བར་བྱེད་པས་ན་ལྟུང་བྱེད། མཐོལ་བ་ལ་བཤགས་པའི་མིང་གིས་བཏགས་ནས་སོ་སོར་མཐོལ་དགོས་པས་ན་སོ་སོར་བཤགས་པ། མི་འབྱུང་བ་ལ་བསླབ་ཅིང་གོམས་པར་བྱ་བས་ན་བསླབ་བྱ་ཉེས་བྱས་སོ། །དྲུག་པ་ལྟུང་བའི་མཚན་ཉིད་ལ་ལྟུང་བ་སྤྱིའི་མཚན་ཉིད། སྡེ་ལྔ་སོ་སོའི་མཚན་ཉིད་གཉིས་ལས་དང་པོ་ནི། རང་བྱུང་གི་སྟོན་པས་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བ་གཉིས་པ་ནི། ཕམ་པའི་མཚན་ཉིད་བསྙེན་པར་རྫོགས་པའི་རྒྱུད་ཀྱི་དངོས་གཞིའི་ལྟུང་བ་གང་ཞིག ཁྱོད་ཀྱི་དག་བྱེད་ཆད་པའི་བསླབ་པ་ལ་ལྟོས་པའི་རིགས་ཡིན་པ། འོད་ལྡན་དུ། དེ་རླག་འགྱུར་ཞེས་བྱ་བ་ནི། །དགེ་ཚུལ་ལ་ཡང་ཕམ་པ་སྟེ། །ཞེས་བཤད་དོ་ཞེ་ན། ཕམ་པ་དང་བྱེད་ལས་འདྲ་བའི་སྒོ་ནས་དེར་བཤད་པ་ཡིན་ནོ། །དགེ་འདུན་ལྷག་མའི་གང་ཞིག་འདྲ། ངོ་བོའི་ཆ་ནས་དབྱུང་བས་ཁྱོད་ལས་སློང་དུ་རུང་བའི་རིགས་ཡིན་པ། ཡང་ན་གང་ཞིག་ངོ་བོའི་ཆ་ནས་ཕམ་པ་ལས་ཡང་ཞིང་སྤང་བ་སོགས་ལས་ལྕི་བའི་རིགས་ཡིན་པ། མན་ཆད་ཀྱང་ཚུལ་དེ་དག་ལས་དཔག་པར་བྱའོ། །ཁ་ཅིག་ཕམ་པའི་མཚན་ཉིད། བསྙེན་པར་རྫོགས་པའི་རྒྱུད་དང་འགལ་བ་ངོ་བོའི་ཆ་ནས་ལྷག་མ་མན་ཆད་ལས་ཆད་པའི་ལས་ལྕི་རུ་རུང་བ་ཞེས་བཞེད་དོ། །བདུན་པ་བསླབ་པ་བཅས་པའི་ཕན་ཡོན་ནི། སྟོན་པ་ཆོས་ཀྱི་རྗེས་བསླབ་པ་རེ་རེ་བཅས་པའི་སྐབས་སུ་ཡང་ཕན་ཡོན་བཅུ་བཅུ་གཟིགས་ནས་བཅས་ཏེ་དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལེགས་པར་གནས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་མི་ཁུར་བའི་གང་ཟག་རྣམས་ཚར་བཅད་པར་བྱ་བའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་དང་ཡངས་པར་འགྱུར་བ་དང་ལྷ་དང་མིའི་བར་དག་ལ་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བ་ལ་གཟིགས་ཏེ། ཡུལ་དང་། གང་ཟག་དང་། ཉོན་མོངས་པ་དང་། ཉེས་པ་བཞི་ལ་བརྟེན་ནས་བསླབ་པ་བཅའ་བ་མཛད་དོ། །དེ་དག་གི་དོན་ནི། དང་པོ་རིགས་བཞི་པོ་བསྡུ་བའི་ཆེད་དོ། །གཉིས་པ་འདོད་པ་སྤོང་ཞིང་ཆོས་བསྟན་པའི་རྗེས་སུ་འཇུག་པས་སོ། །གསུམ་པ་བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤངས་པའོ། །བཞི་པ་ནན་བཏུར་བྱས་པས་སོ། །ལྔ་པ་འགྱོད་པ་སེལ་བས་སོ། །དྲུག་པ་ཡོ་བྱད་རྐྱེན་དུ་འབབ་པ་དག་ཡོད་པས་སོ། །བདུན་པ་ཞུགས་པ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །བརྒྱད་པ་ཀུན་དཀྲིས་མགོ་གནོན་པས་སོ། །དགུ་པ་བག་ལ་ཉལ་སྤོང་བས་སོ། །བཅུ་པ་བསྟན་པ་རྒྱུན་མི་ཆད་པར་འགྱུར་བས་ཏེ། ཐོབ་པ་བདེ་བར་གནས་པ་དང་། མ་ཐོབ་པ་བདེ་བར་འཇུག་པའི་ཕྱིར་རོ། །བརྒྱད་པ་དེ་དག་ལས་འདས་ཤིང་འགལ་ན་ཅི་འགྱུར་ནི། ལྟུང་བ་སྡེ་ལྔའི་ཅི་རིགས་པར་འགྱུར། དེའི་དོན་ཡང་ཚེ་འདིར་ལས་ལ་སྒྲིབ། ལམ་ལ་སྒྲིབ་སྟེ། བཙུན་པ་ལྟུང་བས་སྒྲིབ་པ་ལགས་སམ། མ་སྒྲིབ་པ་ལགས། ཉེ་བ་འཁོར་ལྟུང་བས་ནི་སྒྲིབ་པ་ལགས་སོ་ཞེས་བཤད་པས་སོ། །གཞན་གྱི་འཕྱ་བའི་དགག་བྱ་ཡོད་པ་ཡིན་ཏེ། ཁ་ཟེར། འཕྱར་ཀ་གཏོང་། སྨོད་པར་བྱེད་པ་ལ་བརྟེན་ནས་ཞེས་བཤད་པས་སོ། །བྱེ་བྲག་ཏུ་རྩ་བའི་ལྟུང་བ་ལས་འདས་ཞིང་འགལ་ན་གཉེན་པོ་གསོར་མེད། ཕྱིན་ཆད་བླངས་ཀྱང་མི་སྐྱེ། སྡིག་པ་དང་ལྟུང་བ་བཤགས་ཀྱང་མི་འདག་པའི་བྱེད་ལས་དང་ལྡན་པར་འགྱུར་ཏེ། ཉམས་པ་ཞེས་བྱ་བ་ནི་གསོར་མི་རུང་བ་ཅན་དུ་ཉམས་པ་སྟེ་ཞེས་དང་། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་ཅེས་བཤད་པས་སོ། །འཆབ་སེམས་མ་སྐྱེས་ན་བསླབ་པ་སྤྱད་ན་འདག་ལ། དག་ན་དག་པའི་ཕན་ཡོན་ཐོབ་པའི་བྱེད་ལས་དང་ལྡན་པར་འགྱུར་ཏེ། དགའ་བྱེད་ཀྱིས་བསླབ་པ་སྤྱད་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བཤད་པས་སོ། །དགུ་པ་བསྲུངས་པའི་ཕན་ཡོན་ནི་རྣམ་པ་བཅུ་སྟེ། འགྱོད་པ་མེད་པའི་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་ཐོབ་པར་འགྱུར་བ་དང་། འགྱོད་པ་མེད་པ་འཆི་བའི་དུས་བྱེད་པར་དང་། ཕྱོགས་བཅུར་སྙན་པའི་སྒྲ་གྲགས་པར་དང་། བདེ་བར་གཉིད་ལོག་ཅིང་བདེ་བར་སད་པར་དང་། གཉིད་ལོག་པ་ན་ལྷ་རྣམས་ཀྱིས་བསྲུང་བར་དང་། གཞན་ལས་སྡིགས་པའི་བག་ཚ་བ་དང་འཇིགས་པ་དང་དངངས་པ་མེད་པར་དང་། དགྲ་བོ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པས་ཕན་འདོགས་པར་དང་། གནོད་སྦྱིན་དང་མི་མ་ཡིན་པ་དང་། གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པས་ཕན་འདོགས་པར་དང་། གཞན་ལས་ཆོས་གོས་ལ་སོགས་པ་ཚེགས་ཆུང་ངུས་ཐོབ་པར་དང་། གང་དུ་སྐྱེ་བ་འདོད་པ་ལ་སོགས་པའི་སྨོན་ལམ་ཡང་དག་པར་འགྲུབ་པར་འགྱུར་བའོ། །དེ་ལ་དང་པོ་དགུ་ནི་མཐོང་བའི་ཕན་ཡོན་དང་། ཕྱི་མ་ནི་མ་མཐོང་བའི་ཕན་ཡོན་ཏེ། འདི་དག་ནི་ས་སྡེ་དང་། བམ་ལྔར་བཤད་པའོ། །གཞན་ཡང་གཞི་དང་། རྣམ་འབྱེད་དུ་རབ་ཏུ་བྱུང་བའི་ཕན་ཡོན་ལྔ་བཤད་པ་དང་། སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱིས་འདུལ་བའི་བསྟོད་པ་ལས་ཇི་སྐད་བཤད་པ་དང་། འཆར་ཀ་གཟེངས་བསྟོད་པའི་སྐབས་ལ་སོགས་པར་ཡང་ཤེས་པར་བྱའོ། །བཅུ་པ་མ་བསྲུངས་པའི་ཉེས་དམིགས་ནི། སྟོན་པས་སྨོད་པ་དང་། ལྷས་དང་། མཁན་སློབ་ལ་སོགས་པ་གྲོགས་དམ་པ་དང་། བདག་ཉིད་ཀྱིས་དང་། དེས་མ་སྨད་ཀྱང་ཆོས་ཉིད་ཀྱིས་དང་། དམ་པའི་ཆོས་མ་ཐོབ་པ་ཐོབ་པར་མི་འགྱུར་བ་དང་། ཐོས་པ་བརྗེད་པ་དང་། མ་རྟོགས་པ་མི་རྟོགས་པ་དང་། ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པའི་སྒྲ་གྲགས་པ་དང་། འགྱོད་པ་དང་བཅས་ཏེ་འཆི་བར་འགྱུར་བ་དང་། ངན་སོང་གསུམ་དུ་སྐྱེ་བ་ལ་སོགས་པ་དུ་མ་ཡོད་དོ། །གཉིས་པ་སྡེ་ལྔ་སོ་སོའི་མཚན་ཉིད་ལ་གཉིས་ཏེ། ཡན་ལག་སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ལ་རྟེན་གྱི་ཡན་ལག་ནི། དགེ་སློང་གི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ་དང་། བསླབ་པ་བཅས་པ་དང་འབྲེལ་བ་དང་། ཤེས་པ་རང་བཞིན་དུ་གནས་པ་གསུམ་ནི་ཐམས་ཅད་ཀྱི་ཐུན་མོང་གི་ཡན་ལག་ཡིན་ལ། གཟུགས་གཞན་དུ་མ་སྒྱུར་བ་དང་། མི་སྣང་བར་མ་བྱས་པ་དང་། མཚན་མ་གྱུར་པ་གསུམ་ནི་འགའ་ཞིག་གི་ཡན་ལག་ཡིན་ནོ། །བཅས་པའི་ཡན་ལག་ལ། བསླབ་པ་འཆའ་བའི་བསྙད་ཀ་གླེང་གཞི་དང་། བཅས་པ་འཇོག་པའི་རྒྱུ་མཚན་དགག་བྱ་དང་། ལྟུང་བའི་རྒྱུ་ཚོགས་ཡན་ལག་རྩི་བ་དང་གསུམ་ལས། དང་པོ་ནི། ཡུལ་དང་། དུས་དང་། གང་ཟག་དང་། ཉོན་མོངས་པ་དང་། ཉེས་པ་ལ་བརྟེན་ནས་སྟོན་པ་ཆོས་ཀྱི་རྗེས་བཅས་པ་མཛད་པའོ། །གཉིས་པ་ནི། མཐོང་བའི་ཆོས་ཀྱི་ཉེས་དམིགས། ལུས་དང་། སྲོག་དང་། ཚངས་པར་སྤྱོད་པ་དང་། དགེ་སྦྱོང་ཚུལ་དང་། ལོངས་སྤྱོད་དང་། བསོད་ནམས་ཀྱི་བར་ཆད་དང་། གཞན་མ་དད་པ་ལ་སོགས་པའོ། །མ་མཐོང་བའི་ཆོས་ཀྱི་ཉེས་དམིགས་ནི། མཛོད་ལས། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས་པ་ལྟར་རོ། །གསུམ་པ་ལ་བཞི་སྟེ། གཞིའི་ཡན་ལག བསམ་པའི། སྦྱོར་བའི། མཐར་ཐུག་གི་ཡན་ལག་གོ །གཉིས་པ་སོ་སོར་བཤད་པ་ལ་ལྔ་སྟེ། གཅོད་པར་བྱེད་པ་ཕམ་པའི་སྡེ། གསོ་བ་དགེ་འདུན་ལ་རག་ལས་པ་དགེ་འདུན་ལྷག་མའི་སྡེ། ལྟུང་བར་བྱེད་པ་ལྟུང་བྱེད་ཀྱི་སྡེ། སྨྲེ་སྔགས་འདོན་པའི་སྒོ་ནས་སོ་སོར་བཤགས་པར་བྱ་བའི་སྡེ། བསླབ་པར་བྱ་བ་ཉེས་བྱས་ཀྱི་སྡེའོ། །དང་པོ་ནི། སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལ་བསད་པར་མི་བྱ་བ། །རྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཅེས་ཏེ། མི་ཚངས་སྤྱོད་ཅེས་པ་སྦྱོར་བའི་ཆ་སྡོམ་དུ་བླངས། རྟེན་གྱི་ཡན་ལག་ཐུན་མོང་གི་ཆོས་གསུམ་དང་ལྡན་པས། གཞིའི་ཡན་ལག་ལ་གསུམ་ལས། གང་ལ་རྩལ་བའི་ཡུལ་གྱི་ཡན་ལག་ནི། ལུས་ཕྱེད་དུ་ལོངས་པ་ཡན་ཆད་ཀྱི་རྨའི་སྒོ་གསུམ་གང་ཡང་རུང་བ་མ་ཉམས་པ་དང་། བགྲོད་པར་ནུས་པའོ། །དེ་ལ་རྩལ་བ་རྟེན་གྱི་ཡན་ལག་ནི། རང་རྒྱུད་དུ་གཏོགས་པའི་ནོར་བུ་ནད་མེད་པ་དང་། ལས་སུ་རུང་བའོ། །བསམ་པའི་ཡན་ལག་ལ་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ། ཀུན་སློང་བདེ་བ་ཉམས་སུ་མྱོང་བར་འདོད་པའོ། །སྦྱོར་བ་རེག་ཅིང་རྩོལ་བར་ཞུགས་པའོ། །མཐར་ཐུག་དེའི་བདེ་བ་ཉམས་སུ་མྱོང་བའོ། །རྐུ་བ་དང་ཅེས་པ་སྦྱོར་བའི་ཆ་སྡོམ་དུ་བླངས། འདི་ལ་བཞི་ལས། གཞི་ལ། ཡུལ་ནི་མིའི་འགྲོ་བ་པ་བདག་ཉིད་ལས་རྫས་ཐ་དད་པའོ། །དངོས་པོ་ཁ་ཟས་སུ་བྱས་པ་མ་ཡིན་པ་དང་། རིན་ཐང་ཚང་བའོ། །དེ་ཡང་བརྐུ་བའི་གནས་དང་། དུས་དང་། བརྐུ་བྱ་དང་། རྐུ་བྱེད་ལ་ལྟོས་ནས་སྦྱོར་བ་གཅིག་གི་ནང་དུ་ཀརྴ་པ་ནི་བཞི་ཆར་ལོངས་པའོ། །དེས་ན་ཀརྴ་པ་ནིའི་བཞི་ཆ་རིན་ཐང་གི་གཙོ་བོ་ཡིན་ལ། དེ་ལ་མ་ཤ་ཀ་ལྔའི་ཚད་དུ་ཞུ་བར་གསུངས་པ་ནི་མ་ཤ་ཀ་ཉི་ཤུ་ལ་ཀརྴ་པ་ནི་གཅིག་ཏུ་བྱས་པའི་ཡུལ་དུས་ཀྱི་དབང་དུ་བྱས་པ་ཡིན་གྱི་གཞན་དུ་ནི་མ་ངེས་ཏེ། གཏམ་གྱི་གཞིར། བཙུན་པ་མ་ཤ་ཀ་གསུམ་བརྐུས་ན། ཕམ་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གནས་གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀརྴ་པ་ན་གཅིག་ཏུ་འགྱུར་བ་ནའོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཞི་བཅུ་ལ་ཀརྴ་པ་ན་གཅིག་ཏུ་འགྱུར་བ་ན། ཞེས་གསུངས་སོ། །ཊཱིཀ་མཛད་པའི་དུས་སུ་ནི་པ་ན་བཞིས་རིན་ཐང་ཚང་བར་འགྱུར་བར་གསུངས་སོ། །པ་ན་བཞིའི་རྣམ་བཞག་མེད་པས་བོད་ཡུལ་ལྟ་བུར་དངོས་པོའི་ཚད་ཇི་ཙམ་ཡིན་ཞེ་ན། ཁ་ཅིག་ན་རེ། རྟ་རྒོད་མ་རེ་ཙམ་ཡིན་ཏེ། གསོད་པའི་ཆད་པ་དང་སྒོ་བསྟུན་པའི་ཕྱིར་དང་། དེ་ཙམ་གྱིས་དགག་བྱ་རྫོགས་པའི་ཕྱིར་གསུང་ངོ་། །ཁ་ཅིག་ནས་ཁལ་གཅིག་ཙམ་ཡིན་ཏེ། འོད་ལྡན་དུ་ཆུ་གཏོང་འགོག་གི་སྐབས་སུ། དེ་ལ་དཔེ་བྱས་པའི་ཕྱིར་གསུངས་སོ། །གཞན་དག་ནི་དེ་དག་གིས་དགག་བྱ་མི་ཁེགས་པའི་ཕྱིར་དང་། གསོད་པའི་ཆད་པ་ཁོ་ན་དང་བསྟུན་པའི་རྟགས་ཀྱང་མ་གྲུབ་སྟེ། ཆད་པས་གཅོད་པ་ཙམ་དང་བསྟུན་པའི་ཕྱིར་ཏེ། ཇི་ཙམ་མ་བྱིན་པར་བླངས་ན་གྱོད་ལ་བཀྲི་ཞིང་སྲོག་དང་བྲལ་བར་བྱེད་དྲིས་ཤིག་ཅེས་དང་། གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་ཕལ་གྱིས་རྐུས་པའི་ཐ་སྙད་དང་། ཆད་པས་གཅོད་པར་རིགས་པ་ཙམ་དུ་བྱེད་པ་ཡན་ཆད་ཡིན་པར་རིགས་ཏེ། ལུང་དུ། ཇི་ཙམ་མ་བྱིན་པར་བླངས་ན་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་སེ་བ་གསུམ་ཙམ་ལ་དངོས་པོ་ངེས་པར་ཚང་བ་ཡིན་ཏེ། དོན་བརྒྱད་མར། རྒྱ་གར་གྱི་རིན་ཐང་དང་སྦྱར་ན་དངུལ་ཞོ་གཅིག་ཙམ་རྐུས་ན་ཕས་ཕམ་པར་རྩིའོ། །ཞེས་གསུངས། ཡང་ཁ་ཅིག་གིས་ཞོའི་བརྒྱད་ཆ་གཅིག་བྱ་སྟེ། དེ་ཙམ་གྱིས་རིན་ཐང་ཚང་བར་བརྩིའོ་ཞེས་དང་། སློབ་ཕན་དུ་ནས་ཁལ་ཕྱེད་ལ་དངོས་པོ་ཚང་བར་བཤད་པ་དང་། ཤ་ན་རེ། དེང་སང་གི་དུས་དང་སྦྱར་ཏེ་རྒྱ་གར་ཡུལ་གྱི་མ་ཤ་ཀ་ལྔ་ལ་བོད་ཀྱི་དངུལ་གྱི་རིན་ཐང་དུ་བརྩིས་ན་དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དེ། བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཞེས་སོགས་གསུངས་པའི་ཕྱིར་དང་། རྙེད་པ་ཆུང་ངུ་ལ་ཡང་པ་ན་ལྔ་ལ་སོགས་པའོ། །ཞེས་དང་། དེའི་དོན་ཊཱི་ཀ་དག་གིས་བསབ་རིན་མེད་པར་གསུངས་པ་དང་། གོས་ལྕི་བ་བསྟེན་པའི་སྐབས་སུ་རིན་གྱིས་ལྕི་བ་ཀརྴ་པ་ན་ཉི་ཤུར་གསུངས་པ་དང་། བྱ་བ་ཕྲན་ཚེགས་དང་། དངོས་པོ་ཆུང་ངུའི་རིན་དུ་པ་ན་དང་། ཀརྴ་པ་ན་མང་པོ་སྦྱིན་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ན་སྐྱེ་བོ་འགའ་ཞིག་ཉམས་རྐྱེན་མ་བྱས་ན་ལེགས་སོ་ཞེས་དམར་སྟོན་བཞེད་པ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཀྱང་རིན་ཐང་གི་ཚད་འདི་ཙམ་ཞིག་ལ་བཞེད་པས་ཕྱོགས་འདི་ལ་གཟབ་འཚལ་ལོ། །བསམ་པ་ལ་གཉིས་ལས། འདུ་ཤེས་མ་འཁྲུལ་བ། ཀུན་སློང་ནི་གཞན་གྱི་ཡིན་ཏེ། མ་གནང་ཀྱང་བདག་ཉིད་ཀྱི་འཚོ་བའི་ཆེད་དུ་གཏན་དུ་དབྲལ་སྙམ་པའོ། །སྦྱོར་བ་ལུས་ངག་དུ་གྲུབ་ཅིང་མ་འཁྱོགས་པས་རྐུ་བར་བརྩམས་པའོ། །མཐར་ཐུག་གྲུབ་བློས་ཁྱད་པར་དུ་བྱས་པའི་གནས་སྤོས་སོ། །གསུངས་ཀྱང་གཏམ་པ་བརྣོག་པ་སོགས་གྲུབ་བློ་གཙོ་བོར་དགོས་པ་རྣམས་ལ་གྲུབ་བློ་དང་དཀོན་པ་ཕུད་པ་སོགས་གནས་སྤོས་གཙོ་བོར་དགོས་པ་རྣམས་ལ་གྲུབ་བློས་ཁྱད་པར་དུ་བྱས་པའི་གནས་སྤོས་པ་ཡིན་པར་མངོན་ནོ། །མི་ལ་གསོད་པར་མི་བྱ་ཞེས་པ་གཉེན་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་མིའི་འགྲོ་བ་པ་ཡིན་པ་དང་བདག་ཉིད་ལས་རྒྱུད་ཐ་དད་པ་གཉིས། བསམ་པ་ལ་གཉིས་འདུ་ཤེས་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བ། སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་མ་འཁྱོགས་པར་གསོད་པར་རྩོམ་པའོ། །མཐར་ཐུག་དེའི་རྐྱེན་གྱིས་སྲོག་འགགས་པའོ། །རྫུན་དུ་སྨྲ་དང་བཅས་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་རྟེན་ཐུན་མོང་གི་ཡན་ལག་གསུམ་དང་ལྡན་ཅིང་གཟུགས་གཞན་དུ་མ་བསྒྱུར་བ་དང་མི་སྣང་བར་མ་བྱས་པའོ། །ཡུལ་ཐ་སྙད་ལྔ་ལྡན་བདག་ཉིད་ལས་རྒྱུད་ཐ་དད་གཟུགས་གཞན་དུ་བསྒྱུར་བ་དང་མི་སྣང་བར་བྱས་པ་མ་ཡིན་པའོ། །དངོས་པོ་མིའི་ཆོས་བླ་མའི་མཚན་ཉིད་ཅན་ནོ། །བསམ་པ་གཉིས་ལས། འདུ་ཤེས་འདྲ། ཀུན་སློང་འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་ལྔའམ་དྲུག་ལྡན་ནོ། །མཐར་ཐུག་དེའི་རྐྱེན་གྱིས་དོན་གོ་བའོ། །དེ་ལ་ཐ་སྙད་གསུམ་ནི་སྨྲ་ཤེས། དོན་གོ བསམ་པ་རང་བཞིན་དུ་གནས་པ། བཞི་པ་མི་ཡིན་པ། ལྔ་པ་ནི་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ཞེས་པ་ནི་འོག་ཏུ་ཡང་ཤེས་པར་བྱ་སྟེ་རབ་བྱུང་གི་སྟེང་དུ་ཐ་སྙད་བརྩི་ན་ཕྱི་མ་གཉིས་མི་དགོས་ཤིང་། ཡུལ་འགའ་ཞིག་ལ་ཐ་སྙད་ཕྱེད་དང་ལྔ་ལྡན་ཞེས་འབྱུང་བ་རྣམས་ལ་མ་ནིང་མ་ཡིན་པ་ཞེས་སྦྱར། མཚན་གཉིས་པ་ཡིན་པ་སྲིད་པའི་དབང་དུ་བྱས་སོ། །ངག་མཚན་ཉིད་ལྔའམ་དྲུག་ལྡན་ནི་རང་གི་དང་། ངག་དང་། བདག་ཉིད་དང་འབྲེལ་པ་དང་། བསམ་པའི་དོན་དང་། གསལ་པོར་དང་། མངོན་དུ་སྨྲས་པ་སྟེ། འོག་ཏུ་ངག་མཚན་ཉིད་དྲུག་ལྡན་ཞེས་པ་ཀུན་ལ་ཤེས་པར་བྱའོ། །གཉིས་པ་གསོ་བ་དགེ་འདུན་ལ་རག་ལས་པ་དགེ་འདུན་ལྷག་མའི་སྡེ་ནི། སྡོམ་ལ། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང་། །བག་ཙམ་དགེ་འདུན་དབྱེན་དང་དེར་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་ཏེ། ཁུ་བ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་དབྱུང་བ་རང་གི་ཁུ་བ་ཡིན་པ་དང་། དང་པོའི་གནས་ན་གནས་པ་དང་། ཐ་སྙད་བྱར་ཡོད་པའི་ཚད་དུ་ལོངས་པ། གང་ལ་དབྱུང་བ་སྐྱེས་པའི་ཡན་ལག་གི་རྣམ་པ་ཡིན་པ། གང་གིས་དབྱུང་བ་སེམས་ཅན་དུ་བགྲངས་པ་དང་དེའི་རྣམ་པར་གནས་པའོ། །བསམ་པའི་ཡན་ལག་ལ། འདུ་ཤེས་འཁྲུལ་མ་འཁྲུལ་འདྲ། ཀུན་སློང་ཁུ་བ་ཕྱུང་བའི་འདུན་པ་རྒྱུན་ལྡན་ནོ། །སྦྱོར་བ་རེག་ཅིང་བརྩལ་བར་ཞུགས་པ། མཐར་ཐུག་སྦུབས་སུ་འོངས་ཤིང་བདེ་བ་མྱོང་བའོ། །འཛིན་དང་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ། ཡུལ་མི་ཡི་བུད་མེད། ཤེས་པ་རང་བཞིན་དུ་གནས་པ། མཚན་དོན་བྱེད་ནུས་པ། ལུས་བསྟེན་རུང་མ་ཉམས་པ། རྨའི་སྒོ་གསུམ་ལས་གཞན། ལུས་དངོས་སམ། སྐྲའམ། དེ་དང་འབྲེལ་པའི་གོས་ཡིན་པའོ། །རེག་བྱེད་ནི་རང་གིས་ལུས་མ་ཉམས་པ་ཟག་བྱེད་ལས་གཞན་པ། མིག་ནས་པུས་མོའི་བར་ཡིན་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་འདྲ། ཀུན་སློང་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་ཀུན་ཏུ་འདོད་ཆགས་དང་ལྡན་པའོ། །སྦྱོར་བ་རེག་པར་རྩོམ་པ། མཐར་ཐུག་རེག་པ་ལས་བྱུང་བའི་བདེ་བ་མྱོང་བའོ། །འཁྲིག་ཚིག་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ། ཡུལ་མིའི་བུད་མེད། མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། རྫུ་འཕྲུལ་མ་ཐོབ་པའོ། །གང་བརྗོད་པའི་དངོས་པོ་ཡུལ་དུས་དེར་འཁྲིག་པར་གྲགས་པའོ། །ཀུན་སློང་འཁྲིག་པ་སྨྲ་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའི་སོགས་སོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་ཡུལ་དེས་དོན་གོ་བའོ། །བསྙེན་བཀུར་ཅེས་པ་དངོས་པོའི་ཆའོ། །འདི་ལ་གཞི་འདྲ། དངོས་པོ་ཡུལ་དུས་དེར་འཁྲིག་པར་གྲགས་པས་བསྔགས་པའོ། །ཀུན་སློང་དེ་སྨྲས་པ་ལས་བྱུང་བའི་བདེ་བ་སོགས་སོ། །ཕྱི་མ་གཉིས་འདྲའོ། །སྨྱན་ཅེས་པ་སྦྱོར་བའམ་གླེང་གཞིའི་ཆའོ། །འདི་ལ་བཞི་ལས། གཞི་ལ་སྤྲད་བྱ་ནི་མཚན་དོན་བྱེད་ནུས་པ་ཐ་སྙད་བཞི་དང་ལྡན་པ། ལུས་བརྟེན་དུ་རུང་བ། མི་མཐུན་པར་གནས་པ། བདག་ཉིད་ལས་རྒྱུད་ཐ་དད་ཅིང་ནང་རྒྱུད་ཐ་དད་པའོ། །བདག་པོ་ལྟ་བུ་ལ་སྨྱན་བྱེད་ན་དེ་གཉིས་ཐ་སྙད་ལྔ་དང་ལྡན་པའོ། །ཀུན་སློང་ཕྲད་པའི་དོན་དུ་སྤྲད་བྱ་མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་ཕྲིན་གྱི་སྦྱོར་བ་གསུམ་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ཕྲིན་གསུམ་བྱེད་པའོ། །མཐར་ཐུག་དེ་གཉིས་ཀྱི་བསྟེན་བྱ་སྟེན་བྱེད་ཕྲད་པའོ། །ཁང་པ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ས་གཞི་དང་ཡོ་བྱད་བཙལ་བའམ། དེས་གནང་བ། གཞི་མ་དག་པ་དང་། མ་བསྟན་པའོ། །དེ་ལ་མ་དག་པ་ནི་གཞི་མི་རུང་བ་དང་། རྩོད་པ་དང་བཅས་པ་དང་། བརྩམ་དུ་མི་རུང་བ་གསུམ་ལས། དང་པོ་ནི། སྡིག་སྦྲུལ་སོགས་ཀྱི་གནས་དང་། གཉིས་པ་ནི་རྒྱལ་པོ་སོགས་ཀྱིས་བདག་ཏུ་བཟུང་བ་དང་། གསུམ་པ་ནི་ཕྱི་རོལ་འདོམ་གང་ཚུན་ཆད་དུ་ཆུ་ཀླུང་སོགས་དང་འདོམས་པའོ། །གང་བརྩིག་པར་བྱ་བ་ནི་གཅིག་གི་ཆེད་ཡིན་པ་ཁང་པའི་ནང་སྲིད་དུ་ཁྲུ་བཅོ་བརྒྱད་དང་། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པ། སྤྱོད་ལམ་བཞི་ཤོང་བ། སྔར་གཞན་གྱིས་བརྩམས་པ་མ་ཡིན་པའོ། །ཀུན་སློང་རྩིག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པས་རྩིག་པར་ཞུགས་པའོ། །མཐར་ཐུག་སྐོར་བ་དང་བཀབ་ཟིན་པའོ། །ཁང་ཆེན་ཞེས་པ་དངོས་པོའི་ཆའོ། །འདིའི་ཡན་ལག་ལ་བཙལ་བ་དང་། ཚད་ལྷག་དང་། གཅིག་ཆེད་གསུམ་མི་སྦྱར་ཏེ། ཚོགས་ཀྱི་ཆེད་དུ་ཞེས་སྦྱར། གཞན་རྣམས་འདྲའོ། །ཁང་པ་དང་ཁང་ཆེན་གྱི་ཁྱད་པར་ནི་བདག་པོ་གང་ཟག་གི་ཆེད་དུ་དང་། དཀོན་མཆོག་གསུམ་གྱི་ཆེད་དུ་ཡིན་པའོ། །གཞི་མེད་ཅེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ནི་ཡུལ་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ། ཐ་སྙད་གསུམ་དང་ལྡན་པ། རྒྱུད་ཐ་དད་པའོ། །གོ་བྱའི་ཡུལ་ཐ་སྙད་ལྔ་དང་ལྡན་ཞིང་རྒྱུད་ཐ་དད་པའོ། །དངོས་པོ་ཕམ་པ་བཞིའམ་བརྒྱད་ལས་གང་ཡང་རུང་བའོ། །ཀུན་སློང་འདུ་ཤེས་སྒྱུར་བའི་དོན་ཅན་ཉམས་པར་འདུན་པས་སྐུར་བར་འདོད་པའོ། །སྦྱོར་བ་ཡུལ་དེའི་མིང་གིས་ངག་མཚན་ཉིད་དྲུག་ལྡན་གྱིས་སྐུར་བ་སྟེ་བདག་ཉིད་དང་འབྲེལ་པ་མ་གཏོགས་པའོ། །མཐར་ཐུག་ཡུལ་གྱིས་དོན་གོ་བའོ། །བག་ཙམ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་གཞི་དང་བསམ་པ་འདྲ། སྦྱོར་བ་མིང་ནས་སྨོས་ཞིང་། མིང་གཉིས་དངོས་སུ་མ་སྦྱར་བར་གཞན་ལ་གནས་པའི་མི་གསལ་བའི་ཚིག་གིས་སྨྲས་པའོ། །མཐར་ཐུག་སྐུར་པ་གདབ་པའི་ཡུལ་དེ་ཉིད་དམ་ཐ་སྙད་ལྔ་ལྡན་གྱིས་དོན་གོ་བའོ། །དགེ་འདུན་དབྱེན་ཅེས་པ་སྦྱོར་བའི་ཆ་སྡོམ་དུ་བླངས། འདི་ལ་བཞི་ལས། གཞི་ལ་གང་དབྱེ་བར་བྱ་བའི་དངོས་པོ་ནི་ཆོས་ལས་ཐ་དད་པའི་དངོས་པོ། གང་ཟག་གང་དབྱེ་བ་ནི་སོ་སོ་སྐྱེ་བོའི་དགེ་སློང་ཁ་སྐོང་བར་འོས་པ་གྲངས་བརྒྱད་དུ་ཚང་བ། མི་མཐུན་པ་མེད་པའོ། །དུས་དང་གནས་ནི། དང་པོ་མཐའ་སྐྱོན་ཟུང་གཅིག་གིས། །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་པ་ལྟ་བུའོ། །འབྱེད་པ་པོ་ནི་སྡེ་སྣོད་གསུམ་ཤེས་པ། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པའི་དགེ་སློང་ཁ་སྐོང་བའི་ཆོས་དང་ལྡན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་པ། ཀུན་སློང་བསམ་པ་ཐག་པ་ནས་ཆོས་ལས་ཐ་དད་པར་འབྱེད་པར་འདོད་པ་དང་། བརྗོད་པ་གསུམ་པའི་མཐར་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་བཟློག་པར་བྱེད་པའི་རྐྱེན་མཚན་ཉིད་དང་ལྡན་པ་ལ་ཕྱིན་ཅི་ལོག་པར་ཞུགས་ཤིང་གཞི་དེ་ཉིད་སྒྲུབ་པར་བརྩོན་པའོ། །མཐར་ཐུག་ཟློག་བྱེད་ཀྱི་རྐྱེན་ལྔའི་མཐར་མི་གཏོང་བའོ། །རྐྱེན་ལྔ་ནི། བཞམས་ཏེ་བསྒོ་བ། གསོལ་བ། བརྗོད་པ་གསུམ་མོ། །དེར་རྗེས་ཕྱོགས་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་རང་ཉིད་འཁོར་ལོའི་དབྱེན་བྱེད་པ་པོ་དངོས་མ་ཡིན་ཡང་དེའི་གྲོགས་བྱེད་པར་རྗེས་སུ་བསྒྲུབ་པའི་ཡིན་ལ། ཡན་ལག་གཞན་ཐམས་ཅད་སྔ་མ་བཞིན་ནོ། །ཁྱིམ་སུན་འབྱིན་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ནི་གང་ལ་སྐུར་པ་གདབ་པའི་ཡུལ་རང་སྐྲོད་པར་བྱེད་པའི་དགེ་འདུན་གྲངས་ཚང་བ། ཁ་སྐོང་གི་ཆོས་དང་ལྡན་པ། འགྲོ་བ་བཞི་དང་བྲལ་བ། ཆོས་ལྡན་གྱི་ལས་ཀྱིས་རང་སྐྲོད་པ་པོ་ཡིན་པའོ། །སྐུར་པ་དེ་གང་ལ་སྨྲ་བའི་ཡུལ་ནི་རང་སྐྲོད་པར་བྱེད་པའི་དགེ་སློང་གི་དགེ་འདུན་དེའམ། གཞན་ཡང་རུང་སྟེ་ཐ་སྙད་ལྔ་ལྡན་ནོ། །གང་གིས་སྐུར་བ་འདེབས་པར་བྱེད་པ་པོ་ནི་འགྲོ་བ་བཞི་ལས་གང་ཡང་རུང་བ་དང་ལྡན་པ། བཞམས་བསྒོ་བྱས་ལ་ཆགས་པ། བདག་ཉིད་བསྐྲད་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་པ་དང་། བདེན་པའི་འདུ་ཤེས་བསྒྱུར་ནས་བརྫུན་པའི་འདུ་ཤེས་སོ། །ཀུན་སློང་རང་སྐྲོད་པའི་དགེ་འདུན་པ་བརྫུན་གྱི་སྒོ་ནས་སྐུར་བ་འདེབས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་རང་སྐྲོད་པའི་དགེ་འདུན་ལ་བརྫུན་གྱི་སྒོ་ནས་སྐུར་པ་འདེབས་པ་དེ་ཉིད་བསྒྲུབ་པར་བརྩོན་པའོ། །མཐར་ཐུག་ཟློག་བྱེད་ཀྱི་རྐྱེན་ལྔའི་མཐར་མ་བཏང་ནའོ། །བཀའ་བློ་མི་བདེ་བ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། བཟློག་པར་བྱ་བའི་ཡུལ་ནི་ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་དག་དང་ལྡན་པ། ལྟ་བ་དང་མཚན་མཐུན་པ་ཐ་སྙད་གསུམ་དང་ལྡན་པའོ། །གོ་བར་བྱ་བའི་ཡུལ་ནི་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་སློང་བདག་ཉིད་ཀྱི་ཚུལ་ཁྲིམས་ལ་ཕྱིན་ཅི་མ་ལོག་པར་གླེང་པ་པོ་ཡིན་པའོ། །བདག་ཉིད་ནི་བཀའ་བློ་མི་བདེ་བའི་རང་བཞིན་དུ་གྱུར་པ་ལ་གླེང་དྲན་དང་བཞམས་བསྒོ་བྱས་ལ་ཆགས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་བ། ཀུན་སློང་བདག་ཉིད་ཀྱི་ཚུལ་ཁྲིམས་ལ་སུ་གང་གིས་ཀྱང་གླེང་བ་འགོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་དགེ་སློང་ཐམས་ཅད་ཀྱི་གླེང་བ་འགོག་པར་བརྩོན་པའོ། །མཐར་ཐུག་བཟློག་བྱེད་ཀྱི་རྐྱེན་ལྔའི་མཐར་མི་གཏོང་བའོ། །སོ་སོར་ཐར་པའི་མདོ་ལས། སྡོམ་ལ། དབེན་པ་སྐྱབས་ཡོད་འདུག་པ་འོ། །ཞེས་བུད་མེད་དང་བར་འདོམ་གང་གི་ནང་དུ་སྐྱེ་བོའི་རྒྱུན་ལུགས་ཀྱིས་དབེན་པ་དང་། རྩིག་པ་དང་། མུན་པ་སོགས་ཀྱི་སྐྱབས་ཡོད་པ་ན་འདུག་ན་ཕམ་པ་དང་། ལྷག་མ་དང་ལྟུང་བྱེད་གསུམ་གང་རུང་གཅིག་འབྱུང་ཉེ་ལ་འདི་འབྱུང་མ་ངེས་པ་དང་། བར་འདོམ་གང་གི་ཕྱི་རོལ་ན་དེ་གཉིས་གང་རུང་གཅིག་འབྱུང་དུ་ཉེ་ལ་འདི་འབྱུང་མ་ངེས་པ་གཉིས་བཤད་ཀྱང་མདོ་རྩར་དེ་གཉིས། དེ་གསུམ་གང་རུང་གི་ཕྱིར་བཅོས་ཀྱི་ཁོངས་སུ་གཏོགས་པ་ལ་དགོངས་ནས་ལོགས་སུ་མ་བཤད་དོ། །གསུམ་པ་ལྟུང་བྱེད་ཀྱི་སྡེ་ལ་གཉིས་ཏེ། ཞག་གི་ཆད་ལས་དང་འབྲེལ་པ་སྤང་བའི་ལྟུང་བྱེད་ཀྱི་སྡེ་དང་། བཤགས་པ་ཙམ་དང་འབྲེལ་པ་ལྟུང་བྱེད་འབའ་ཞིག་པའི་སྡེའོ། །དང་པོ་ལ། བཅུ་ཚན་གསུམ་ལས། བཅུ་ཚན་དང་པོ་ནི། སྡོམ་ལ། འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་ཏེ། འཆང་བ་ཞེས་པ་སྦྱོར་བའི་ཆ་སྡོམ་དུ་བླངས། འདི་ལ་བཞི་ལས། གཞི་ལ་དངོས་པོ་ནི་གོས་སུ་གྲུབ་པ་དང་། རྒྱུ་དང་དབྱིབས་དང་ཁ་དོག་གིས་རུང་བ་དང་། ཁྲུ་གང་གི་ཚད་དུ་ལོངས་པ་དང་། རང་དབང་བ་དང་གནས་སྐབས་དབང་བྱར་ཡོད་པ་དང་། བྱིན་གྱིས་བརླབ་པ་དང་མ་འབྲེལ་ལམ་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་དང་། ཟླ་བར་བཞག་པ་མིན་པའོ། །འདིར་སྲ་བརྐྱང་བཏིང་བ་མིན་པའོ། །ཀུན་སློང་འཆང་བར་འདོད་པའོ། །མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །འབྲལ་བ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ཆོས་གོས་གསུམ་ལས་གང་ཡང་རུང་བ་རང་གི་བྱིན་རླབས་ཅན། རུང་བ་ཚད་ལྡན་དང་བདག་ཉིད་གནང་བ་ཐོབ་པ་དང་། སྲ་བརྐྱང་བཏིང་བ་དང་། དགོན་པ་བ་དང་། བར་ཆད་དང་ལྡན་པ་རྣམས་མ་ཡིན་པའོ། །གནས་ནི་དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་པའོ། །མཐར་ཐུག་ཞག་གཅིག་གི་མཚན་མོའི་མཐའ་འདས་པའོ། །འཇོག་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞག་བྱའི་དངོས་པོ་ནི་གོས་སུ་གྲུབ་པ་ཁྲུ་གང་ཡན་ཆད་པ། རང་དབང་བ་དབང་བྱར་ཡོད་པ་རེ་བའི་ཆོས་ལྔ་དང་ལྡན་པའོ། །བདག་ཉིད་བྱིན་གྱིས་བརླབ་པར་བྱ་བ་མེད་པ་དང་། སྲ་བརྐྱང་མ་བཏིང་བའོ། །ཀུན་སློང་འཆང་བར་འདོད་པའོ། །མཐར་ཐུག་སོ་གཅིག་པའི་སྐྱ་རེངས་ཤར་བའོ། །འཁྲུར་འཇུག་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ། ཡུལ་ནི་རྫོགས་པའི་སྡོམ་པ་དང་ལྡན་པ་ལྟ་བ་མཐུན་པ་མཚན་མི་མཐུན་པ་ཐ་སྙད་གསུམ་དང་ལྡན་པ། ལུས་བརྟེན་དུ་རུང་བ། ལུས་ཐ་མལ་པར་གནས་པ། རྫུ་འཕྲུལ་མ་ཐོབ་པ། ཉེ་དུ་མ་ཡིན་པ་སྟེ། བརྒྱད་ལྡན་ཏེ་དགེ་སློང་མས་སྐྱེད་པ་ཕལ་ཆེར་ལ་ཤེས་པར་བྱའོ། །དངོས་པོ་ཆོས་གོས་གསུམ་དང་གདིང་བ་ལས་གང་ཡང་རུང་བ་དང་། རུང་བ་ཚད་དང་ལྡན་པ། རང་གི་ཡིན་པ་བྱིན་གྱིས་བརླབས་པ། འཁྲུར་འཇུག་འོས་པ་སྔར་ཕྱེད་བྱས་པ་མ་ཡིན་པའོ། །ཀུན་སློང་འཁྲུ་བ་ལ་སོགས་པ་བྱེད་དུ་འཇུག་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་བྱ་བ་ཡོངས་སུ་རྫོགས་པའོ། །ལེན་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་མ་ཐུན་མོང་གི་ཆོས་བརྒྱད་ལྡན། རྫས་ཐ་དད་པ། དད་པ་ཅན་དང་སེམས་གཡེང་ཅན་གཉིས་མ་ཡིན་པའོ། །དངོས་པོ་གོས་དངོས་སུ་གྲུབ་པ། རུང་བ་ཚད་དུ་ལོངས་པ། དགེ་སློང་མ་དེའི་ཡིན་པའོ། །བདག་ཉིད་དགེ་འདུན་ལ་གོས་འབུལ་བ་ལེན་པ། གོས་བོར་བ། ཚིག་པ། བརླག་པ་བཞི་མ་ཡིན་པའོ། །ཀུན་སློང་རུང་མི་རུང་བརྗེ་པ་མ་ཡིན་པར་ལེན་པར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་ལེན་པར་བརྩོམ་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །སློང་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་བདག་ཉིད་ལས་རྫས་ཐ་དད་པ་ཉེ་དུ་མ་ཡིན་པ་ལུས་ཐ་མལ་པར་གནས་པ་མ་སློང་བའི་སྔ་རོལ་དུ་སྟེར་བ་པོ་མ་ཡིན་པ་སྟེ་དྲུག་ལྡན་ནོ། །དངོས་པོ་གོས་དངོས་སུ་གྲུབ་པ་རུང་བ་ཚད་དང་ལྡན་པ་དང་ཁྱིམ་པ་དེ་ཉིད་ཀྱི་ཡིན་པའོ། །རྒྱུ་མཚན་ཡུལ་དངོས་པོ་གསུམ་པོ་དེ་འོག་མ་གསུམ་ལའང་སྦྱར་རོ། །བདག་ཉིད་སྲ་བརྐྱང་མ་བཏིང་བ་དང་། འཚོ་བའི་ཡོ་བྱད་ཚང་བའོ། །ཀུན་སློང་སློང་བར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །སྟོད་གཡོགས་སྨད་གཡོགས་བཅས་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་བསླང་བའི་ཡུལ་ནི་གོང་དང་འདྲ་བ་ལ་སྦྱིན་བདག་གཅིག་གོ །རང་ཉིད་ནི་སློང་བར་རིགས་པའོ། །དངོས་པོ་ནི་སྔ་མ་དང་འདྲ་བ་ལ། སློང་དུ་གནང་བའི་ཚད་ལས་ལྷག་པའམ་སྦྱིན་པར་བྱ་བ་མི་སྦྱིན་པ་ཚད་དུ་ཆོག་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་བ། ཀུན་སློང་རང་ཁོ་ནའི་དོན་དུ་ཚད་ལས་ལྷག་པ་སློང་བར་འདོད་པའམ། སྦྱིན་པར་བྱ་བ་མི་སྦྱིན་པར་འདོད་པའི་བསམ་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་ལྷག་པ་སློང་བར་རྩོམ་པའམ་སྦྱིན་པར་བྱ་བ་མི་སྦྱིན་པར་ཞུགས་པའོ། །མཐར་ཐུག་ལྷག་པོ་ཐོབ་པའི་སྦྱིན་པར་བྱ་བ་མི་སྦྱིན་པར་ཐག་བཅད་ནའོ། །དེ་ལ་སློང་བར་རིགས་པ་ནི་རང་ཉིད་ལ་ཡོ་བྱད་ཐམས་ཅད་སློང་བར་རིགས་ལ། དེ་བཞིན་དུ་སྣམ་སྦྱར་ལྟ་བུ་གང་མེད་པ་དེ་དང་དེ་སློང་བར་རིགས་སོ། །ཚད་ནི་ནོར་བདག་གཅིག་ལ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་སམ་རབ་ཏུ་བྱུང་བའི་སྟོད་གཡོགས་སྨད་གཡོགས་ཀྱང་རུང་སྟེ་ཟུང་གཅིག་སློང་བར་བྱའོ། །ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་ཐོབ་ན་འབྲིང་ཚད་དུ་ཁ་བསྐང་བ་དང་། འབྲིང་ཚད་ཐོབ་ན་ཆེ་ཚད་དུ་ཁ་བསྐང་སློང་བར་མི་བྱ་ཞིང་། ལྷག་པ་ཐོབ་ན་ཡང་སྦྱིན་མི་དགོས་སོ། །རབ་ཏུ་བྱུང་བའི་ཆུང་ཚད་ཐོབ་ན་འབྲིང་ཚད་དུ་ཁ་བསྐང་བ་དང་། འབྲིང་ཚད་ཐོབ་ན་ཆེ་ཚད་དུ་ཁ་བསྐང་བ་བླང་བར་བྱ་ཞིང་། ཆེ་ཚད་ལས་ལྷག་པ་ཐོབ་ན་ཡང་སྦྱིན་པར་བྱའོ། །དེ་ལྟར་ན་འདི་ལ་ལྟུང་བ་འབྱུང་བའི་སྒོ་གསུམ་ཡོད་དེ། བདག་པོ་གཅིག་ལ་ཟུང་གཅིག་ལས་ལྷག་པ་བླངས་ན་ཉེས་བྱས། ཐོབ་ན་དངོས་གཞི། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་འབྲིང་ཚད་ཐོབ་པ་ལས་ཁ་བསྐང་བ་བླངས་ན་ཉེས་བྱས། ཐོབ་ན་དངོས་གཞི། རབ་ཏུ་བྱུང་བའི་ཆེ་ཚད་ལས་ལྷག་པ་ཐོབ་པ་མི་སྦྱིན་པར་སེམས་ན་ཉེས་བྱས། ཐག་བཅད་ན་དངོས་གཞིའོ། །རིན་ཐང་ཞེས་པ་གླེང་གཞིའི་ཆའོ། །འདི་ལ་བཞི་ལས། གཞི་ལ་བདག་ཉིད་གནང་བའི་རྐྱེན་དང་མི་ལྡན་པ། ཡུལ་ཁྱིམ་པ་ཐུན་མོང་གི་ཆོས་ལྔ་ལྡན་དང་། ལྐོག་ཏུ་སྨོས་ཤིང་མངོན་སུམ་དུ་སྟོབ་པ་པོ་མ་ཡིན་པ། སྤུངས་ཆུང་བས་ཁྱད་པར་དུ་བྱས་པའི་ཆོས་བདུན་ལྡན་གྱིས་བདག་གིར་བྱས་པའི་གོས་རུང་བ་ཚད་ལྡན་ནོ། །བསམ་པ་ལ་གཉིས་ལས། འདུ་ཤེས་མ་འཁྲུལ་བ། ཀུན་སློང་རང་གི་དོན་དུ་དཔགས་པ་སྔ་ཚོམས་སུ་ལེན་པར་འདོད་པའི་བསམ་པའོ། །སྦྱོར་བ་དེ་ལེན་པ་ལ་ལུས་ངག་གིས་ཞུགས་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །སོ་སོ་ཞེས་པ་ཡུལ་གྱི་ཆའོ། །འདི་ལ་སྤུངས་ཆེ་བ་ཞེས་སྦྱར། གཞན་ཡན་ལག་ཐམས་ཅད་སྔ་མ་བཞིན་ནོ། །བསྐུར་བ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། རྫས་ཐ་དད་པས་བདག་གིར་བྱས་པའི་རིན་བསྒྱུར་བ་ལས་གྲུབ་པའི་གོས་རུང་བ་ཚད་དང་ལྡན། ཕོ་ཉ་བ་ཆོས་བཞི་ལྡན་ལ་བསྐུར། དེས་ཞལ་ཏ་བ་ཆོས་བཞི་ལྡན་ལ་གཏད་པ་སྟེ། གསུམ་ཆར་ཡང་ནང་ཕན་ཚུན་དང་བདག་ཉིད་ལས་རྫས་ཐ་དད་པ་རེ་བ་མེད་པའི་ཚེ་སྦྲན་ན་སེམས་བསྡུ་བར་ཁས་མི་ལེན་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་མ་འཁྲུལ་བ། ཀུན་སློང་རང་གི་དོན་དུ་བསྐུལ་བསྡད་ལྷག་པས་ལེན་པར་འདོད་པའམ། སེམས་བསྡུ་བར་ཁས་མི་ལེན་པ་ལས་ལེན་པར་འདོད་པའི་བསམ་པ་རྒྱུན་ལྡན་ནོ། །སྦྱོར་བ་བསྐུལ་བསྡད་དྲུག་ལས་ལྷག་པའམ་ཁས་མི་ལེན་པ་ལ་ལེན་པར་ཞུགས་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །བཅུ་ཚན་གཉིས་པ་ནི། སྡོམ་ལ། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་ལེན། །མངོན་ཚན་ཅན་དང་ཉོ་ཚོང་ངོ་། །ཞེས་ཏེ། སྲིན་བལ་ཞེས་པ་དངོས་པོའི་ཆ་སྡོམ་དུ་བླངས། འདི་ལ་བཞི་ལས། གཞི་ལ། དངོས་པོ་ནི་སྲིན་བལ་ཡིན་པ་རུང་བ་ཚད་དང་ལྡན་པ་གསར་པ་ཡིན་པ་དམན་པ་དང་མ་འདྲེས་པ་རང་གི་ཡིན་པ། སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །གནས་ནི་སྲིན་བལ་རིན་ཆེ་བའི་གནས་ཡིན་པའོ། །ཀུན་སློང་སྟན་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པའོ། །མཐར་ཐུག་བཀོད་དེ་བཀྲམ་པ་ཡོངས་སུ་རྫོགས་པའོ། །འབའ་ཞིག་ཅེས་པ་དངོས་པོའི་ཆའོ། །འདི་ལ་སྲིན་བལ་གྱི་ཚབ་ཏུ་ལུག་གི་བལ་ནག་པོ་འབའ་ཞིག་སྦྱར། གཞན་འདྲའོ། །ཆ་གཉིས་ཞེས་པ་དངོས་པོའི་ཆའོ། །འདི་ལ་ཡང་སྲིན་བལ་གྱི་ཚབ་ཏུ། ལུག་གི་བལ་ནག་པོ་ཕྱེད་དང་། དཀར་པོ་དང་འཁོབ་བལ་ཕྱེད་ལས་ནག་པོ་སྲང་ཕྱེད་ཀྱིས་ལྷག་པ་ཞེས་སྦྱར། གཞན་འདྲའོ། །དྲུག་དང་ཞེས་པ་དུས་ཀྱི་ཆའོ། །འདི་ལ་བཞི་ལས། བརླིང་བའི་སྟན་གསར་པ་ཡིན་པ་དམན་པ་དང་མ་འདྲེས་པ། རང་གི་ཡིན་པ་སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །བདག་ཉིད་སྟན་གཞན་ཡོད་པའམ་རང་དགར་བཏང་བ། གནང་བ་མ་ཐོབ་པ། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པའོ། །ཀུན་སློང་སྟན་ཕྱི་མ་བྱེད་པར་འདོད་པའོ། །སྦྱོར་མཐའ་འདྲའོ། །མཐོ་གང་ཞེས་པ་ཚད་ཀྱི་ཆའོ། །འདི་ལ་བཞི་ལས། དངོས་པོ་ནི་གདིང་བ་གསར་པ་རང་གི་ཡིན་པ་རུང་བ་ཚད་ལྡན་ནོ། །བདག་ཉིད་གདིང་བ་རྙིང་པ་ལ་མཐུད་ཅིང་སྦྱར་བ་ཚུན་ཆད་ཀྱིས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཡོད་བཞིན་དུ་དེས་མ་གླན་པའོ། །ཀུན་སློང་ལོངས་སྤྱོད་པར་འདོད་པའོ། །སྦྱོར་བ་ལོངས་སྤྱོད་པར་རྩོམ་པའོ། །མཐར་ཐུག་ལོངས་སྤྱོད་པའོ། །ལམ་དང་ཞེས་པ་བགྲོད་པར་བྱ་བའམ་གནས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་བལ་རུང་བ་ཁུར་ཚད་དུ་ལོངས་པ་རང་དབང་བ། ངོ་མ་སྤོས་པའོ། །ལའམ་སའམ་ཆུ་ལ་བརྟེན་པ་རྒྱང་གྲགས་གཅིག་ཏུ་ལོངས་པའོ། །བདག་ཉིད་རྫུ་འཕྲུལ་དང་། སྤྲུལ་པའི་གནས་སྐབས་མ་ཡིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པའོ། །ཀུན་སློང་ཁུར་ཏེ་འགྲོ་བར་འདོད་པ། སྦྱོར་བ་འགྲོ་བར་རྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །འཁྲུ་བ་དང་ནི་ཞེས་པ་བྱ་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན། དངོས་པོ་རང་གི་བལ་རུང་བ་ཚད་ལྡན། རྨེལ་བར་འོས་པ་རྨེལ་བ་ལ་སོགས་པའི་རྩོམ་པ་མ་བྱས་པ། ཀུན་སློང་རང་གི་དོན་དུ་རྨེལ་བ་འཆོལ་འདོད་ཀྱིས། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བཅོལ་བ། མཐར་ཐུག་ཕྱོགས་ལས་བྱས་པའོ། །གསེར་དངུལ་ལེན་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ནི་རིན་པོ་ཆེ་བཀག་པ་དངོས་སམ་དེ་དང་འདྲ་བ་དང་། ཐ་སྙད་གདགས་སུ་རུང་བ་དང་། ཚད་དང་ལྡན་པ་རང་གི་ཡིན་པ་རུང་བ་མ་བྱས་པའོ། །ཀུན་སློང་བདག་གིར་བྱེད་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་རེག་པར་རྩོམ་པའོ། །མཐར་ཐུག་བདག་གིར་བྱས་པའོ། །མངོན་ཚན་ཅན་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པ། ཉེ་དུ་མ་ཡིན་པའོ། །དངོས་པོ་པ་ནའམ་རིན་པོ་ཆེ་རང་དབང་བ། ཐ་སྙད་དུ་གདགས་སུ་རུང་བ་ཚད་དང་ལྡན་པའོ། །ཀུན་སློང་རྙེད་པར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསྐྱེད་པར་རྩོམ་པའོ། །མཐར་ཐུག་སྐྱེད་ཁྲུ་གང་དུ་ལོངས་པ་ཐོབ་པའོ། །ཉོ་ཚོང་ངོ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་དངོས་པོ་པ་ན་དང་རིན་པོ་ཆེ་ལ་སོགས་པ་ལས་གཞན་གཞལ་བར་བྱ་བ་འབྲུ་དང་གོས་ལ་སོགས་པ་སྦྱར། གཞན་འདྲའོ། །བཅུ་ཚན་གསུམ་པ་ནི། སྡོམ་ལ། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་། །དགོན་པ་པ་དང་རས་ཆེན་དང་། །བསྔོས་པ་དང་ནི་གསོག་འཇོག་གོ །ཞེས་ཏེ། ལྷུང་བཟེད་གཉིས་ཞེས་པ་དངོས་པོའི་ཆའོ། །ལྷུང་བཟེད་དང་པོ་ལ་བཞི་ལས། གཞི་ལ་དངོས་པོ་ནི་རང་གི་ལྷུང་བཟེད་རུང་བ་ཚད་ལྡན་དབང་བྱར་ཡོད་པ། བྱིན་རླབས་དང་མ་འབྲེལ་བའམ་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་དང་། འབྲེལ་མེད་མ་ཡིན་པའོ། །ཀུན་སློང་རང་ཆེད་དུ་འཆང་བར་འདོད་པའོ། །སྦྱོར་བ་རང་ཆེད་དུ་འཆང་བའོ། །མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །ལྷུང་བཟེད་གཉིས་པ་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཆོས་དྲུག་ལྡན། དངོས་པོ་ལྷུང་བཟེད་རུང་བ་ཚད་ལྡན་ཡུལ་དེ་ཉིད་ཀྱི་ཡིན་པའོ། །བདག་ཉིད་ལྷུང་བཟེད་རུང་བ་ཚད་ལྡན་ལོངས་སྤྱད་བཟོད་དབང་བྱར་ཡོད་པ། འབྲེལ་མེད་མིན་པ་ཡོད་པའོ། །ཀུན་སློང་སློང་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་ནོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །ཐ་ག་གཉིས་ཞེས་པ་ཡུལ་གྱི་ཆའོ། །ཐ་ག་དང་པོ་ལ་བཞི་ལས། གཞི་ལ་ཡུལ་ཐ་ག་པ། ཁྱིམ་པ་ཆོས་དྲུག་ལྡན་ནོ། །གླ་བརྔན་ཅི་བདེར་སྟོབ་པ་པོ་མ་ཡིན་པའོ། །དངོས་པོ་གོས་ཀྱི་རྒྱུ་རུང་བ་ཚད་ལྡན་རང་དབང་བའོ། །ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པ་གླ་བརྔན་མེད་པར་ཐག་ཏུ་འཇུག་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ངག་བཞི་ལྡན་ནོ། །མཐར་ཐུག་གོས་གྲུབ་པའོ། །ཐ་ག་གཉིས་པ་ལ་བཞི་ལས། གཞི་ལ་ཡུལ་སྦྱིན་བདག་དང་ཐ་ག་པ་ཆོས་ལྔ་ལྡན་ནོ། །དངོས་པོ་གོས་ཀྱི་རྒྱུའི་དོག་པ་རུང་བ་ཚད་ལྡན། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ་བཟོ་རྩོམ་མ་བྱས་པའོ། །རྟེན་སྦྱིན་བདག་དང་ཐ་ག་པས་མ་གནང་བའོ། །ཀུན་སློང་ཐ་ག་པ་བསྐྱེད་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་དོག་པ་ཟད་པའམ་བརྔན་པ་མ་བྱིན་པ་གང་རུང་གི་རྒྱུས་གོས་ཐོབ་པའོ། །བྱིན་འཕྲོག་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་རྫོགས་པའི་སྡོམ་པ་དང་ལྡན། ལྟ་བ། མཚན་མཐུན་པ། ཐ་སྙད་གསུམ་ལྡན། རྒྱུད་ཐ་དད། ལུས་ཐ་མལ་པར་གནས་པ་སྟེ་དྲུག་ལྡན་ནོ། །དངོས་པོ་དགེ་སློང་གི་ཡོ་བྱད་རུང་བ་ཚད་ལྡན་ཡུལ་དེར་དབང་བའོ། །ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པ་དང་། ཕན་སེམས་མེད་པར་གཏན་དུ་དབྲལ་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་གང་ཡང་རུང་བས་འཕྲོག་པར་རྩོམ་པའོ། །མཐར་ཐུག་ཡུལ་གྱི་ལུས་ལས་བྲལ་བའམ་ཐོབ་པའོ། །སྟོན་ཟླ་ཐ་ཆུང་ཞེས་པ་དུས་ཀྱི་ཆ་སྡོམ་དུ་བླངས། བརྟད་པའི་སྤོང་བ་འདི་ལ་གསུམ་སྟེ། དབྱར་རྙེད་བདག་གིར་བྱས་པ་དང་། འགོད་སྔས་པ་དང་། འགོད་ཕྱིས་པའི་སྤང་ལྟུང་ངོ་། །དང་པོ་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པའོ། །དངོས་པོ་ཟས་ལས་གཞན་པའི་དབྱར་རྙེད་རུང་བ་ཚད་ལྡན་ནོ། །བདག་ཉིད་དབྱར་ཁས་བླངས་པ་སྐལ་བ་ལེན་འདོད་པའོ། །དུས་དབྱར་གྱི་ནང་ཡིན་པ་བརྟད་པའི་དབང་གིས་མཐའི་ཞག་བཅུ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་བདག་གིར་བྱེད་འདོད་པའོ། །སྦྱོར་བ་དེ་ལྟར་རྩོམ་པ། མཐར་ཐུག་རྙེད་པ་ཐོབ་པའོ། །གཉིས་པ་ལ་གཞན་རྣམས་གོང་དང་འདྲ་ཞིང་། མཐའི་ཞག་བཅུ་ཡིན་མིན་དང་བརྟད་པའི་དབང་ཡིན་མིན་འདྲ། སྔ་མ་ནི་དབྱར་རྙེད་འགོད་པའི་ཆོ་ག་མ་བྱས་པ་ཡིན་ལ་འདི་ནི་བྱས་པ་ཡིན་ནོ། །གསུམ་པ་ལ་བཞི་ལས། གཞི་ལ་དངོས་པོ་ཟས་ལས་གཞན་པའི་དབྱར་རྙེད་རུང་བ་ཚད་ལྡན་རང་གི་ཡིན་པའོ། །བདག་ཉིད་སྐལ་བ་ལེན་འདོད་པ་རྙེད་པ་དབང་བ། རྙེད་པ་སྦེད་པ་མ་བསྐོས་པ་སྦྱིན་བདག་གི་ཚིག་གིས་དབང་མེད་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གནང་བའི་དུས་ལས་འདས་ཏེ་འཆང་བར་འདོད་པའོ། །མཐར་ཐུག་གནང་བའི་དུས་ལས་འདས་པའི་སྐྱ་རེངས་ཤར་བའོ། །གནང་བའི་དུས་ནི་དགག་དབྱེའི་ཉིན་བར་རོ། །མདོ་རྩ་དང་སོ་ཐར་གོ་རིམ་མི་མཐུན་པ་ཅི་ཡིན་ཞེ་ན། །རས་ཆེན་དང་བརྟད་པ་གཉིས་དབྱར་ལ་བརྟེན་པར་འདྲ་བས་གཞི་དང་ཞུ་བར་དེ་ལྟར་བཤད་ལ་སོ་ཐར་དུ་སྡེབ་སྦྱོར་གྱི་དབང་གིས་སོ་ཞེས་སྔ་མ་དག་བཞེད་དོ། །དགོན་པ་པ་དང་ཞེས་པ་བདག་ཉིད་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ཆོས་གོས་གསུམ་གང་ཡང་རུང་བ། རུང་བ་ཚད་ལྡན་རང་གིས་བྱིན་གྱིས་བརླབ་པ་ཡིན་པའོ། །བདག་ཉིད་མི་འབྲལ་བའི་གནང་བ་ཐོབ་པ་དང་སྲ་བརྐྱང་བཏིང་བ་དང་། བར་ཆད་དང་ལྡན་པ་གསུམ་པོ་མ་ཡིན་པ་དང་དགོན་པ་པ་ཡིན་པའོ། །གནས་ཆོས་གོས་ཡོད་པ་ལས་ཐ་དད་པའོ། །ཀུན་སློང་ཐ་དད་དུ་འདུག་པར་འདོད་པའོ། །སྦྱོར་བ་ཐ་དད་དུ་འདུག་པའོ། །མཐར་ཐུག་བདུན་པའི་སྐྱ་རེངས་ཤར་བའོ། །རས་ཆེན་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞག་ཕྱིས་དང་བཙལ་སྔས་གཉིས་ལས། དང་པོ་ལ་བཞི་ལས། གཞི་ལ་དངོས་པོ་རང་གི་རས་ཆེན་རུང་བ་ཚད་ལྡན་རྙིང་པ་མ་ཡིན་པའོ། །བདག་ཉིད་རས་ཆེན་སྦེད་པ་ལ་མ་གཏད་པའོ། །ཀུན་སློང་འཆང་བར་འདོད་པའོ། །སྦྱོར་བ་གནང་བའི་དུས་ལས་འདའ་བར་འཆང་བའོ། །མཐར་ཐུག་དབྱར་རྫོགས་པའི་འོག་ཟླ་བ་ཕྱེད་ཀྱི་མཚན་མོ་འདས་པའོ། །བཙལ་སྔས་ལ་བཞི་ལས། གཞི་ལ་གང་ལ་བཙལ་བའི་ཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན་ནོར་མི་གཅིག་པ། ལུས་ཐ་མལ་པར་གནས་པ་མ་བླངས་པའི་སྔ་རོལ་དུ་སྟེར་བ་པོ་མ་ཡིན་པའོ། །དངོས་པོ་དབྱར་གྱི་རས་ཆེན་རུང་བ་ཚད་ལྡན་ཁྱིམ་པ་དེ་ཉིད་ལ་དབང་བ་རྙང་རྙིང་མ་ཡིན་པའོ། །དུས་གནང་བའི་སྔ་རོལ་དུའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་དུས་ཀྱི་སྔ་རོལ་དུ་ཚོལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་ཚོལ་བར་རྩོམ་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །བསྔོས་པ་ཞེས་པ་དངོས་པོའི་ཆའོ། །བསྔོས་པ་བསྒྱུར་བའི་སྤང་བ་འདི་ལ་བཞི་ལས། གཞི་ལ་དངོས་པོ་ནི་ཁ་ཟས་ལས་གཞན་པའི་རྙེད་པ་རུང་བ་ཚད་ལྡན་རྫོགས་པ་དྲུག་ལྡན་ནམ་དགེ་འདུན་ལ་བསྔོས་པའོ། །སྔོ་བ་པོའི་སྦྱིན་བདག་ནི་ཁྱིམ་པ་ཐ་སྙད་ལྔ་ལྡན་རང་དང་བསྔོས་པ་གཉིས་ལས་རྫས་ཐ་དད་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པས་རང་ལ་བསྒྱུར་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་རང་ཉིད་ལ་བསྒྱུར་བར་རྩོམ་པའོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །གསོག་འཇོག་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་སྨན་རྣམ་པ་བཞི་གང་རུང་གི་ངོ་བོར་གྲུབ་པ་གནས་སྐབས་དབང་བྱར་ཡོད་པ། རང་ཉིད་ཟ་བའི་ཆེད་དུ་རང་ངམ་རང་དང་འདྲ་བས་བྱིན་ལེན་བྱས་ལ་མ་ཞིག་པ། སྨན་གོང་མ་གསུམ་ལ་བྱིན་གྱིས་བརླབས་པའམ་མ་བརླབས་ཀྱང་བརླབས་པའི་ཤན་རྗེས་སུ་འབྲེལ་བ་གང་རུང་ངོ་། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་། ཀུན་སློང་རང་ཟ་བའི་དོན་དུ་དུས་ལས་འདས་པ་འཇོག་པར་འདོད་པ་རྒྱུན་མ་ཆད་པ། སྦྱོར་བ་དེ་ལྟ་བུ་རྩོམ་པ། མཐར་ཐུག་རང་རང་སོ་སོའི་དུས་ལས་འདས་པའོ། །སྤོང་བའི་ལྟུང་བྱེད་བཤད་ཟིན་ཏོ།།  ༈  །།གཉིས་པ་བཤགས་པ་ཙམ་དང་འབྲེལ་བ་ལྟུང་བྱེད་འབའ་ཞིག་པའི་སྡེ་ལ། སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམ་བཞིན་དང་། །འགྲོན་མང་རྐུན་མ་མཆོད་སྟོན་ནོ། །ཞེས་པ་ལྟར་བཅུ་ཚན་དགུ་ལས་བཅུ་ཚན་དང་པོ་ནི། །སྡོམ་ལ། །བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་ཏེ། རྫུན་ཞེས་པ་དངོས་པོའི་ཆ་སྡོམ་དུ་བླངས། ཤེས་བཞིན་གྱི་བརྫུན་སྨྲ་བའི་ལྟུང་བྱེད་ལ་བཞི་ལས། གཞི་ལ་གང་ལ་སྨྲ་བའི་ཡུལ་ནི་རང་ལས་རྒྱུད་ཐ་དད་པ་ཐ་སྙད་ལྔ་ལྡན་ནོ། །དངོས་པོ་ནི་བརྫུན་དུ་སྨྲ་བ་སྟེ་ཕམ་པ་ལྷག་མ་སྦོམ་པོ་ཉེས་བྱས་བཤེས་ངོར་འཕྱ་བ། ཟས་ཅུང་སྐུར་འདེབས་ཉེར་འཇོག་སྤོང་བ་ད་གདོད་ཀྱི་བརྫུན་དྲུག་ལས་གཞན་པའོ། །བསམ་པ་ལ་འདུ་ཤེས་བསྒྱུར་བ་དང་། ཀུན་སློང་སྨྲ་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བརྫུན་དུ་སྨྲ་བ་རྩོམ་པའོ། །མཐར་ཐུག་ཡུལ་དེས་ཚིག་ཐོས་ཤིང་དོན་གོ་བའོ། །སྐྱོན་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་རྫོགས་པ་དྲུག་ལྡན་ནོ། །དངོས་པོ་ནི་ཡུལ་དུས་དེར་སྐྱོན་དུ་གྲགས་པའོ། །ཀུན་སློང་བརྗོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་འཇམ་པོ་དང་རྩུབ་པོ་གང་ཡིན་ཀྱང་རུང་ངག་ཚིག་དྲུག་ལྡན་ནོ། །མཐར་ཐུག་ཚིག་ཐོས་ཤིང་དོན་གོ་བའོ། །དགེ་སློང་ཕྲ་མ་ཞེས་པ་ཡུལ་དང་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་རྫོགས་པ་ཆོས་དྲུག་ལྡན། གཉིས་ཡན་ཆད་རང་ལས་རྒྱུད་ཐ་དད་པའོ། །དངོས་པོ་ནི་ཡུལ་དུས་དེར་ཕན་ཚུན་སྐྱོན་དུ་གྲགས་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མི་མཛའ་བ་མཛར་མི་འཇུག་པ་དང་། མཛའ་བ་འབྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་དེ་ལྟར་རྩོམ་པའོ། །མཐར་ཐུག་བྱེ་ཡང་རུང་མ་བྱེ་ཡང་རུང་ཚིག་ཐོས་ཤིང་དོན་གོ་བའོ། །སྐྱོ་སྔོགས་བྱེད་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་རྫོགས་པ་ཆོས་དྲུག་ལྡན། གཉིས་ཡན་ཆད་སྔར་རྩོད་པ་ལ་ཞུགས་ནས་ད་ལྟ་ཞི་བ། བདག་ཉིད་ལས་རྒྱུད་ཐ་དད་པའོ། །དངོས་པོ་ནི་རྩོད་པ་རྣམ་པ་བཞི་གང་རུང་ཆོས་ཕྱོགས་སུ་ལེགས་པར་ཞི་བར་བྱས་པའོ། །གོ་བྱའི་ཡུལ་ནི་ཡུལ་དེ་དག་དང་ཞི་བྱེད་དུ་གཏོགས་པ་རྣམས་ལའོ། །བདག་ཉིད་རྩོད་པ་ཞི་བྱེད་དུ་གཏོགས་པའོ། །བསམ་པ་ལ་འདུ་ཤེས་ནི་རྩོད་པ་དེ་དག་ཞི་བ་ལ་ཞི་བར་ཡིད་གཉིས་ཡན་ཆད་ཀྱི་འདུ་ཤེས་མ་འཁྲུལ་བའོ། །ཀུན་སློང་རྩོད་པ་ཞི་བ་སྤང་བར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་རྩོད་པ་སློང་བར་རྩོམ་པའོ། །མཐར་ཐུག་ཚིག་ཐོས་ཤིང་དོན་གོ་ནའོ། །སྟོན་པ་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་བུད་མེད་ཐ་སྙད་བཞི་ལྡན་མཚན་གྱིས་དོན་བྱེད་ནུས་པའོ། །ཁྱིམ་པ་ཉེ་དུ་མ་ཡིན་པ་རྫུ་འཕྲུལ་དང་མི་ལྡན་ཞིང་ཉན་འདོད་པའོ། །དངོས་པོ་སངས་རྒྱས་སམ་ཉན་ཐོས་ཀྱིས་གསུངས་པའི་ཆོས་ཚད་ལྡན་ཡུལ་དེས་མི་ཤེས་པ། གནས་དང་དུས་གཅིག་པ་ཡོན་བཤད་པ་སོགས་མ་ཡིན་པའོ། །བདག་ཉིད་རིག་པའི་སྐྱེས་པ་དང་མི་ལྡན་པའོ། །ཀུན་སློང་སྟོན་པར་འདོད་པའོ། །སྦྱོར་བ་འདྲའོ། །མཐར་ཐུག་ཚིག་ལྔའམ་དྲུག་ལས་ལྷག་པའོ། །འདོན་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་མ་རྫོགས་པ་ཐ་སྙད་ལྔ་ལྡན་བསམ་པ་ཐག་པ་ནས་འདོན་པར་འདོད་པ། དངོས་པོ་འདྲའོ། །བདག་ཉིད་མཉམ་པོའམ་མཇུག་ཏུ་འདོན་འདོད་པའོ། །ཀུན་སློང་འདོན་པར་འདོད་པའོ། །སྦྱོར་བ་འདྲ། མཐར་ཐུག་བཏོན་པའོ། །གནས་ངན་ལེན་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་ལྔ་ལྡན། དངོས་པོ་ཕམ་ལྷག་གང་རུང་དང་དེ་ལས་བྱུང་བའོ། །གོ་བྱ་མ་རྫོགས་པ་ཐ་སྙད་ལྔ་ལྡན་ཕམ་ལྷག་མི་ཤེས་པ་བདག་ཉིད་གླེང་བར་བསྐོ་བ་དང་གསོལ་བ་མ་བྱས་པའོ། །ཀུན་སློང་གནས་ངན་ལེན་བརྗོད་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །ཆོས་ཞེས་པ་དངོས་པོའི་ཆའོ། །མི་ཆོས་བླ་མ་བདེན་པ་བརྗོད་པ་འདི་ལ་བཞི་ལས། གཞི་ལ་ཡུལ་མ་རྫོགས་པ་ཐ་སྙད་ལྔ་ལྡན། བདེན་པ་མ་མཐོང་བའོ། །དངོས་པོ་མིའི་ཆོས་བླ་མའི་མཚན་ཉིད་ཅན་རང་གིས་ཐོབ་པའོ། །ཀུན་སློང་དེ་བརྗོད་པར་འདོད་པའོ། །སྦྱོར་མཐའ་འདྲའོ། །བཤེས་ངོར་བྱེད་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་རྫོགས་པ་ཆོས་དྲུག་ལྡན་ནོ། །བསྔོ་ས་གང་ཟག་ཐ་སྙད་ལྔ་ལྡན་རང་དང་དེ་ལས་རྫས་ཐ་དད་པའོ། །དངོས་པོ་དགེ་འདུན་གྱིས་ཟས་མ་ཡིན་པའི་རྙེད་པ་རུང་བ་ཚད་ལྡན་ཡང་དག་པར་བསྔོས་པའོ། །བདག་ཉིད་མཐུན་ཏེ་རུང་བའི་ལས་དེ་ལ་གཏོགས་པའོ། །གོ་བྱ་ཐ་སྙད་ལྔ་ལྡན་རང་ལས་རྒྱུད་ཐ་དད་པའོ། །ཀུན་སློང་སྐུར་པར་འདོད་པའོ། །སྦྱོར་མཐའ་གཉིས་འདྲའོ། །ཁྱད་དུ་གསོད་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་འདུལ་བར་གཏོགས་པའི་བསླབ་པའི་གཞི་ཡིན་པའོ། །གོ་བྱ་དགེ་སློང་ཆོས་དྲུག་ལྡན་ནོ། །ཁ་ཅིག་གནས་དང་དུས་གསོ་སྦྱོང་གི་ཚེ་ཡིན་པ་དགོས་གསུང་ངོ་། །ཀུན་སློང་ཁྱད་དུ་གསོད་འདོད་པའོ། །སྦྱོར་མཐའ་གཉིས་འདྲའོ། །བཅུ་ཚན་གཉིས་པ་ནི། སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་སྣོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །ཞེས་ཏེ། །ས་བོན་ཅེས་པ་དངོས་པོའི་ཆ་སྡོམ་དུ་བླངས། འདི་ལ་བཞི་ལས། གཞི་ལ་དངོས་པོ་ས་བོན་སྐྱེ་བ་རང་གི་ཆོས་སུ་གྲུབ་པ་དང་། མ་ཉམས་པ་རུང་བར་མ་བྱས་པའོ། །བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་གནས་སྐབས་མ་ཡིན་པ། བར་ཆད་མི་ལྡན་པ་དོན་ཁྱད་པར་ཅན་བསྒྲུབ་པའི་གནས་སྐབས་མ་ཡིན་པའོ། །ཀུན་སློང་ཉམས་པར་འདུན་པ། སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པ། མཐར་ཐུག་ཉམས་པར་གྱུར་པའོ། །འཕྱ་བ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་རྫོགས་པ་དྲུག་ལྡན། དགེ་འདུན་གྱི་ཞལ་ཏ་ཚུལ་བཞིན་དུ་བྱས་ཟིན་པའམ་བྱེད་བཞིན་པ་གང་ཟག་བཅུ་གཉིས་ཀྱིས་བསྡུས་པ། བདག་ཉིད་ལ་གནས་མལ་སོགས་ལོག་པར་སྟོབ་པ་པོ་མ་ཡིན་པ་བདག་ཉིད་ངན་པའི་གྲངས་སུ་བགྲངས་པའོ། །དངོས་པོ་ནི་བདག་དང་འབྲེལ་པའི་དོན་གྱིས་འཕྱ་བ་སྟེ། ཁྱོད་ཀྱིས་བདག་ལ་གནས་མལ་ལོག་པར་བསྟབས་སོ་ཞེས་ངོར་འཕྱ་བ་དང་། གང་ཟག་འགའ་ཞིག་གིས་བདག་ལ་ལོག་པར་བསྟབས་སོ་ཞེས་ཟུར་གྱིས་བཞོག་འཕྱས་ཀྱིས་ཀྱང་རུང་ངོ་། །ཀུན་སློང་བརྫུན་གྱི་སྒོ་ནས་འཕྱ་བར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །གང་ཟག་བཅུ་གཉིས་ནི། གནས་མལ་ཟས་ལ་བསྒོ་བ་གཉིས། །ཐུག་པ་བག་འཚོས་འགྲིམ་པ་གཉིས། །ཕྲན་ཚེགས་འགྲིམ་པར་བྱེད་པ་དང་། །སྣོད་སྤྱད་འབྲུབ་དང་གོས་ཀྱིས་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངག་གཞུག་པ་དང་མཛེས་ཆོས་ཏེ། །ཞེས་པ་ལྟར་རོ། །བསྒོ་བ་ཞེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་རྫོགས་པ་དྲུག་ལྡན། བདག་ཉིད་ལ་ཆོས་དང་ལྡན་པ་བསྒོ་བ་པོ་ཡིན་པའོ། །བདག་ཉིད་ངན་པའི་གྲངས་སུ་བགྲངས་པའོ། །ཀུན་སློང་རྣ་ལ་གཟོན་པར་འདོད་པའོ། །སྦྱོར་མཐའ་འདྲའོ། །ཁྲི་དང་ཞེས་པ་དངོས་པོའི་ཆའོ། །གནས་མལ་གྱི་ལྟུང་བྱེད་འདི་ལ་བཞི་ལས། གཞི་ལ་གང་ལོག་པར་སྒྲུབ་པའི་དངོས་པོ་ནི་དགེ་འདུན་རྫོགས་པ་དྲུག་ལྡན་གྱི་གནས་མལ་རུང་བ་ཚད་དང་ལྡན་པ་ཆུད་ཟ་བའི་དགག་བྱ་ཡོད་པ། རང་ངམ་བསྐོས་པས་བཏིང་ངམ་སྤྱད་པའོ། །བདག་ཉིད་དང་བསྡུ་བ་ཁས་བླངས་སམ་བསྡུ་བའི་སྦྱོར་བ་མ་བྱས་པ་རྫུ་འཕྲུལ་དང་སྤྲུལ་པའི་གནས་སྐབས་མ་ཡིན་པ། དོན་ཁྱད་པར་ཅན་བསྒྲུབ་པའི་སྐབས་མ་ཡིན་པ་བར་ཆད་དང་མི་ལྡན་པའོ། །ཀུན་སློང་མལ་ཆ་མི་བསྡུ་བར་འདོད་པའོ། །སྦྱོར་བ་རང་དགར་ནང་དུ་འཇུག་པ་དང་འགྲོ་བར་རྩོམ་པའོ། །མཐར་ཐུག་འདོམ་བཞི་བཅུ་རྩ་དགུ་འདས་པའམ་ཕེན་ཕུན་དུ་གྱུར་པའོ། །ཕེན་ཕུན་ནི་གསུམ་སྟེ་རླུང་གིས་མགོ་མཇུག་བཟློག་པ་དང་། ཆར་པས་རིམ་པ་གཞན་དུ་སླེབ་པ་དང་། འབུ་སྲིན་གྱིས་རིམ་པ་གཞན་དུ་སླེབ་པའོ། །གདིང་དང་ཞེས་པ་དངོས་པོའམ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ལོག་པར་སྒྲུབ་པའི་གནས་ནི་དགེ་འདུན་མཚན་ཉིད་དང་ལྡན་པའི་གཙུག་ལག་ཁང་ཡིན་པ། གནས་ཀྱི་མཚན་ཉིད་དུ་གྲུབ་པ་སྤྱོད་ལམ་བཞིའི་སྣོད་ཡིན་པ། ཆུད་ཟ་བའི་དགག་བྱ་ཡོད་པའོ། །དངོས་པོ་ནི་རྩྭའམ་ལོ་མའི་གདིང་བ་ཚད་དང་ལྡན་པའོ། །བདག་ཉིད་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་གོང་བཞིན་ནོ། །སྐྲོད་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་སྐྲོད་པར་བྱ་བ་རྫོགས་པ་དྲུག་ལྡན་རང་ལས་སྔ་བར་ཞུགས་པའོ། །གནས་དགེ་འདུན་གྱི་གཙུག་ལག་ཁང་མཚན་ཉིད་དང་ལྡན་པ་ནས་སོ། །ཀུན་སློང་ཕན་སེམས་མ་གཏོགས་པ་སྐྲོད་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་སྐྲོད་པའོ། །མཐར་ཐུག་ཉེ་འཁོར་ལས་འདས་པའོ། །ཕྱིས་གནོན་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ནི་སྔར་དང་འདྲ། ཀུན་སློང་རང་དགར་ན་བ་དང་། འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པར་འདོད་པ། སྦྱོར་བ་ལུས་ངག་གང་ཡང་རུང་བས་ཕྱིས་གནོན་བྱེད་པར་རྩོམ་པའོ། །མཐར་ཐུག་ཡུལ་དེས་དོན་གོ་བའོ། །འབྱུང་བ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་ལ་ལོག་པར་སྒྲུབ་པའི་གནས་ནི་དགེ་འདུན་གྱི་གཙུག་ལག་ཁང་ཐོག་རྡོལ་བའི་ཉེན་ཡོད་པའོ། །དངོས་པོ་ནི་ཁྲིའི་རྩ་བ་ཕུར་བུ་ལྟར་རྣོ་བ་ཐོག་ལ་མི་གནོད་པའི་ཐབས་མ་བྱས་པའོ། །ཀུན་སློང་རང་དགར་ཁྲིའི་སྟེང་དུ་འདུག་པར་འདོད་པའོ། །སྦྱོར་བ་དེ་ལྟར་རྩོམ་པའོ། །མཐར་ཐུག་འདུག་ཙམ་ཉིད་ནའོ། །འདེབས་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ། ཐ་མལ་པའི་མིག་ལམ་དུ་སྣང་དུ་རུང་བ། རྩྭ་ཤིང་སོགས་གཞི་དང་བཅས་པའོ། །ཀུན་སློང་སེམས་ཅན་གྱི་སྲོག་ལ་ལྟོས་པ་མེད་པར་གཞན་དོན་དུ་འདེབས་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་འདེབས་པར་ཞུགས་པའོ། །མཐར་ཐུག་རང་ཤི་བའི་སྔ་རོལ་དུ་སྲོག་ཆད་པའོ། །རིམ་པ་གཉིས་སུ་བརྩིགས་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་བརྩིགས་པའི་དངོས་པོ་ནི་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་སྐོར་བ་ལ་སོགས་པ་གནས་ཀྱི་མཚན་ཉིད་དུ་གྲུབ་པ། འཇིག་པའི་རྟེན་དང་བཅས་པ་སྔར་བཟོ་རྩོམ་མ་བྱས་པའོ། །བདག་ཉིད་མི་འཇིག་པའི་ཐབས་མ་བྱས་པ་གཞན་གྱིས་དབང་མེད་དུ་མ་བསྐུལ་བའོ། །དུས་འཇིམ་པས་སྦྱར་བ་སོགས་མ་བྱས་ན་ཉི་མ་དུ་མ་བྱས་ན་ཉི་མ་གཅིག་གོ །ཀུན་སློང་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་དེ་ལྟར་རྩོམ་པའོ། །མཐར་ཐུག་ཕ་གུ་རིམ་པ་བཞི་པའི་སྣ་ཚུན་ཆད་འཕྲོད་པ་ནའོ། །བཅུ་ཚན་གསུམ་པ་ནི། སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་ཏེ། མ་བསྐོས་ཞེས་པ་བདག་ཉིད་ཀྱི་ཆ་སྡོམ་དུ་བླངས། འདི་ལ་བཞི་ལས། གཞི་ལ་གང་ལ་སྟོན་པའི་ཡུལ་ནི་དགེ་སློང་མ་ཆོས་དགུ་ལྡན། བསམ་པ་ཐག་པ་ནས་ཉན་འདོད་པའོ། །དངོས་པོ་ལུང་གི་ཆོས་ཚད་དང་ལྡན་པའོ། །བདག་ཉིད་དགེ་སློང་མའི་སྟོན་པར་མ་བསྐོས་པའམ་བསྐོས་ཀྱང་ཡོན་ཏན་ཚང་བར་མི་ལྡན་པ། དགེ་འདུན་དུ་མ་ལོངས་པའི་ཚེ་གསོལ་བ་མ་བཏབ་པ། མིའི་ཆོས་བླ་མའི་མཐུ་དང་མི་ལྡན་པའོ། །ཀུན་སློང་ཆོས་སྟོན་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །ཉི་མ་ནུབ་པ་ཞེས་པ་དུས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དང་དངོས་པོ་སྔར་དང་འདྲ། ཁྱད་པར་ནི་གནས་འཇིགས་པ་དང་བཅས་པ་དུས་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བ། མཚན་ཐོག་ཐག་ཏུ་སྟོན་པའི་སྐབས་མ་ཡིན་པའོ། །གཞན་གསུམ་སྔ་མ་དང་འདྲའོ། །ཟས་དང་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པ་མ་ཡིན་པའོ། །གོ་བྱ་ཐ་སྙད་ལྔ་ལྡན་ལུས་ཐ་མལ་པར་གནས་པ་རྒྱུད་ཐ་དད་པའོ། །ཀུན་སློང་བརྫུན་གྱི་སྒོ་ནས་སྐུར་བར་འདོད་པའོ། །སྦྱོར་མཐའ་འདྲའོ། །ཆོས་གོས་གཉིས་ཞེས་པ་དངོས་པོའི་ཆའོ། །དང་པོ་དགེ་སློང་མའི་གོས་བྱེད་པའི་ལྟུང་བྱེད་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་མ་བརྒྱད་ལྡན་ནོ། །དངོས་པོ་གོས་རུང་བ་ཚད་ལྡན་དགེ་སློང་མ་དེ་ཉིད་ཀྱི་ཡིན་པ་དང་། དེས་བདག་ལ་ངག་གིས་སྩལ་བ་སྔར་བཟོ་རྩོམ་མ་བྱས་པའོ། །ཀུན་སློང་བཟོ་བྱེད་འདོད་པའོ། །སྦྱོར་བ་རྩོམ་པ། མཐར་ཐུག་བཟོ་རྩོམ་རྫོགས་པའོ། །གཉིས་པ་དགེ་སློང་མ་ལ་གོས་སྦྱིན་པའི་ལྟུང་བྱེད་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན་དགེ་འདུན་ལ་གོས་འབུལ་བ་ལེན་པ་སོགས་ལྔ་མ་ཡིན་པས་རྫས་ཐ་དད་པའོ། །དངོས་པོ་གོས་རུང་བ་ཚད་ལྡན་རང་གི་ཡིན་པའོ། །བདག་ཉིད་དད་པ་ཅན་དང་སེམས་ཡེངས་ཅན་མ་ཡིན་པ་དང་རུང་མི་རུང་བརྗེ་བ་མ་ཡིན་པའོ། །ཀུན་སློང་སྟེར་བར་འདོད་པའོ། །སྦྱོར་བ་སྟེར་བར་རྩོམ་པའོ། །མཐར་ཐུག་དེས་ལག་ཏུ་ཐོབ་པའོ། །དོན་མཐུན་ཞེས་པ་གྲོགས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཉེ་དུ་མ་ཡིན་པ་འཇིགས་པའི་དབང་མ་གཏོགས་པ་དགེ་སློང་མ་ཆོས་བརྒྱད་ལྡན་བདག་ཉིད་ལ་ཕན་འདོགས་པ་མ་ཡིན་པ་དང་། འཐམས་པའོ། །ལམ་ས་ལ་བརྟེན་པ་རྒྱང་གྲགས་སུ་ལོངས་པ་འཇིགས་པ་དང་བཅས་པ་མ་ཡིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པའོ། །ཀུན་སློང་ལམ་གཅིག་ལ་འགྲོ་བར་འདོད་པའོ། །སྦྱོར་བ་འགྲོ་བར་རྩོམ་པའོ། །མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །གྲུ་དང་ཞེས་པ་དངོས་པོའི་ཆའོ། །འདི་ལ་ལམ་ལ་ཆུའི་ལམ་ཞེས་དང་། འགྲམ་གཉིས་འཇིགས་པ་དང་བཅས་པ་དང་ཐད་ཀར་ཞེས་སྦྱར་གཞན་འདྲའོ། །དབེན་པ་གཉིས་ཞེས་པ་གནས་ཀྱི་ཆའོ། །འདི་ལ་གཉིས་ལས། དང་པོ་བུད་མེད་དང་འདུག་པའི་ལྟུང་བྱེད་ལ་བཞི་ལས། གཞི་ལ་ཡུལ་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་ཐ་སྙད་ཕྱེད་དང་ལྔ་ལྡན་པ་ལུས་བསྟེན་དུ་རུང་བ་རྫུ་འཕྲུལ་མ་ཐོབ་པ་ཉེ་དུ་མིན་པ་གྲོགས་དང་མི་ལྡན་པ་ལུས་ཐ་མལ་པར་གནས་པ་བདག་ཉིད་ལ་ཕན་འདོགས་པ་མིན་པ་འདུག་པའི་སྤྱོད་ལམ་ཅན་ནོ། །གནས་ཕྱོགས་དབེན་པ་སྐྱབས་བཅས་འདོམ་གང་གི་ནང་ཡིན་པའོ། །བདག་ཉིད་ཀྱང་འདུག་པའོ། །ཀུན་སློང་འདུག་པར་འདོད་པའོ། །སྦྱོར་བ་རྩོམ་པ། མཐར་ཐུག་རྐུབ་ཙོས་ཙམ་ས་ལ་གཞག་པའོ། །གཉིས་པ་བུད་མེད་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་ལ་སྦྱོར་བ་འགྲེང་བ་དང་། ཡུལ་དགེ་སློང་མ་ཞེས་སྦྱར། གཞན་འདྲའོ། །དགེ་སློང་མས་སྦྱོར་བཅུག་པ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པའོ། །དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་མགྲོན་གཅིག་གི་ཚད་དུ་ལོངས་པ་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། བདག་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་སྦྱོར་དུ་བཅུག་པ་ཡིན་པའོ། །སྦྱོར་བྱེད་དགེ་སློང་མ་ཆོས་བརྒྱད་ལྡན་ནོ། །བདག་ཉིད་མགྲོན་དུ་མ་བོས་སམ་བོས་ཀྱང་ལྷག་པའོ། །ཀུན་སློང་ཟ་བར་འདོད་པའོ། །སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །བཅུ་ཚན་བཞི་པ་ནི། སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབ་པ་དང་། །འདུས་དང་དུས་མིན་གསོག་འཇོག་དང་། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་ཏེ། ཡང་ཡང་ཞེས་པ་དུས་ཀྱི་ཆ་སྡོམ་དུ་བླངས་པའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དེ་གཉིས་ཁྱིམ་པ་ཐ་སྙད་ལྔ་ལྡན་དེ་གཉིས་ཕན་ཚུན་དང་བདག་ཉིད་ལས་རྫས་ཐ་དད་པ་དང་། ནར་མར་སྦྱོར་བ་མིན་པ་བསམ་པ་ཐག་པས་འབོད་པ་པོ་ཡིན་པའོ། །ཟས་དེ་གཉིས་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་རུང་བ། མགྲོན་བོས་ཀྱི་ཚད་དུ་ལོངས་པ་ཕན་ཚུན་ཁོངས་སུ་གཏོགས་པ་མིན་པ་ཕྱི་མ་ལ་རྙེད་པ་མེད་པའོ། །བདག་ཉིད་ན་བ་ལས་བྱས་པ་ལམ་དུ་ཞུགས་པ་སྲ་བརྐྱང་བཏིང་བ་བཞི་དང་། བདག་ཉིད་ཀྱི་ཕྱིར་མིན་པར་དགེ་འདུན་བོས་པ་མིན་པའོ། །དུས་མུ་གེའི་དུས་མ་ཡིན་པ་དང་ཉི་མ་གཅིག་ཡིན་པའོ། །ཀུན་སློང་སོགས་གསུམ་སྔ་མ་བཞིན་ནོ། །འདུག་གནས་གཅིག་ཅེས་པ་གནས་ཀྱི་ཆའོ། །འདི་ལ་བཞི། གཞི་ལ་གནས་དེའི་བདག་པོ་ཁྱིམ་པ་ཆོས་ལྔ་ལྡན་ནོ། །དེའི་མཆོད་གནས་སུ་མུ་སྟེགས་ཅན་ཐ་སྙད་གསུམ་ལྡན་བཞིར་ལོངས་པའོ། །གནས་གནས་ཀྱི་མཚན་ཉིད་དུ་གྲུབ་པ་ཡ་མཚན་ཅན་སྤྱིའི་གནས་མ་ཡིན་པའོ། །དངོས་པོ་སྔ་མ་དང་འདྲ་བར་མངོན་ཏེ། ཊཱི་བམ་དུ། བཙུན་པ་རེ་ཞིག་དགེ་སློང་གིས་བཟར་བགྱི་བ་མ་གཏོགས་པ་དེ་ལས་གཞན་པའི་བཅའ་བ་དང་བཏུང་བ་དང་གཞིབ་པ་དང་ལྡག་པ་དག་འཚལ་ན། ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །བཟའ་བ་ཞེས་པ་ནི་འབྲས་ཆན་ལ་སོགས་པ་ལྔ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་དམར་སྟོན་བཞེད་ལ། བླ་མ་དག་དུས་རུང་། རུང་བ་ཚད་ལྡན་ཡིན་པར་གསུངས་སོ། །འདུག་གནས་པ་དེ་ཉིད་ཀྱི་ཡིན་པའོ། །རྟེན་ནད་པ་དང་སྟོབ་པ་མ་ཡིན་པ་དང་། ཞག་གཅིག་གནས་ཤིང་ཟན་གཅིག་ཟོས་པའོ། །གསུམ་འདྲའོ། །ཕྱེ་དང་ཞེས་པ་དངོས་པོའི་ཆའོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པ་ལེན་པའི་ལྟུང་བྱེད་འདི་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། ཡོངས་སུ་དཔགས་པ་དང་ཅི་བདེར་སྟོབ་པ་མ་ཡིན་པའོ། །དངོས་པོ་འདྲ་བ་ལས་བྲེ་ཕྱེད་དང་ལྔ་ལས་བྲེ་ཕྱེད་དང་། ཕུལ་ཕྱེད་དང་ལྔ་ཡན་ཆད་ལས་ལྷག་པ་སྟེ་གཡོས་སུ་བྱས་པའོ། །གནས་དེ་ལས་གཞན་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་མགུལ་དུ་མིད་པའོ། །བཅའ་དང་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན་ལྷག་པོར་མ་བྱས་ཤིང་དཀོན་ཟས་མ་ཡིན་པའོ། །བདག་ཉིད་སྤངས་པ་ཡོངས་རྫོགས་ཡིན་ཞིང་། ནད་པ་དང་མིད་པ་གཉིས་པ་མ་ཡིན་པའོ། །དུས་སྤངས་པ་ཉིན་མཚན་གྱི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པའོ། །ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །སྟོབ་པ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན། སྤངས་པ་ཡོངས་རྫོགས་ནད་པ་མ་ཡིན་པའོ། །དངོས་པོ་དང་དུས་འདྲའོ། །ཀུན་སློང་སྟོབ་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །འདུས་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གནས་ནི་མཚམས་ནང་ཡིན་པ་དང་། གཞན་དགེ་འདུན་དུ་ལོངས་པ་ཡོད་པའོ། །ཡུལ་ནི་དགེ་སློང་ཆོས་ལྔ་ལྡན་གསུམ་ཡན་ཆད་དུ་ལོངས་པའོ། །ཅིག་ཆར་དང་ལྷན་ཅིག་ཏུ་ཟ་བ་པོ་ཡིན་པའོ། །དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན། མུ་གེ་དང་དུས་སྟོན་ཆེན་པོའི་ཟས་ལས་གཞན་པ་དང་ཟས་གཅིག་པ་མ་ཡིན་པའོ། །བདག་ཉིད་ན་བ་དང་ལས་བྱས་པ་དང་ལམ་དུ་ཞུགས་པ་དང་སྲ་བརྐྱང་བཏིང་བ་བཞི་མ་ཡིན་པའོ། །ཀུན་སློང་ཟ་བར་འདོད་པ་དང་། སྦྱོར་བ་ཟ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པའོ། །དུས་མིན་ཞེས་པ་དུས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་ཟ་བར་བྱ་བའི་དངོས་པོ་ནི་དུས་རུང་གི་ཁ་ཟས་རུང་བ་ཚད་དང་ལྡན་པ། མིད་པ་གཉིས་ཀྱི་སྒྲེགས་པ་བཞི་ཕན་ཆད་མ་ཡིན་པའོ། །དུས་ནི་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་ཉི་མ་མ་ཤར་བའི་བར་མུ་གེའམ་མུ་གེ་དང་འདྲ་བའི་དུས་མ་ཡིན་པའོ། །བདག་ཉིད་དེས་ཕན་པའི་ནད་ཅན་མ་ཡིན་པའོ། །ཀུན་སློང་ཟ་བར་འདོད་པ་རྒྱུན་མ་ཆད་པ། སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གསོག་འཇོག་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་བཟའ་བར་བྱ་བའི་དངོས་པོ་ནི་སྨན་རྣམ་པ་བཞི་ལས་གང་རུང་གི་ངོ་བོར་ཡོངས་སུ་གྲུབ་པ། ཆོ་གའི་སྒོ་ནས་མི་རུང་བ། གཞི་གཞན་གྱི་རུང་བ་ཚད་དང་ལྡན་པ། རང་ངམ་རང་དང་འདྲ་བས་གསོག་འཇོག་མཚན་ཉིད་པར་གྱུར་པ་མ་ཞིག་པའོ། །དུས་མུ་གེའམ་མུ་གེ་དང་འདྲ་བ་མ་ཡིན་པའོ། །བདག་ཉིད་ནད་པ་མ་ཡིན་པའོ། །བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གསོག་འཇོག་ཏུ་གྱུར་པ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །ཁ་ནས་མིད་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ཆུ་དང་སོ་ཤིང་ལས་གཞན་པ་དང་། བྱིན་ལེན་དང་མ་འབྲེལ་བ་དང་། མགུལ་དུ་མིད་པ་མངོན་པའོ། །བདག་ཉིད་ནད་པ་དང་ཟན་ཆད་པ་མ་ཡིན་པའོ། །གནས་ནི་སྒྲ་མི་སྙན་ནམ་དེ་དང་འདྲ་བ་མ་ཡིན་པའོ། །ཀུན་སློང་ཟ་བར་འདོད་པའོ། །སྦྱོར་བ་ཟ་བར་རྩོམ་པའོ། །མཐར་ཐུག་མགུལ་དུ་མིད་པའོ། །བསོད་པ་ཉིད་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ཡུལ་དུས་དེར་ཟས་བསོད་པར་གྲགས་པ། རུང་བ་ཚད་དང་ལྡན་པ་སྦྱིན་བདག་དེ་ཉིད་ཀྱི་ཡིན་པའོ། །ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་ཉེ་དུ་མ་ཡིན་པ་རྫས་ཐ་དད། མ་བླངས་པར་སྟེར་བ་པོ་མ་ཡིན་པ་ལུས་ཐ་མལ་པར་གནས་པ་སྟེ་ཆོས་དྲུག་ལྡན་ནོ། །བདག་ཉིད་ནད་པ་དང་ཅི་བདེར་བསྟབས་པ་མ་ཡིན་པའོ། །ཀུན་སློང་བླངས་ཏེ་ཟ་བར་འདོད་པའོ། །སྦྱོར་བ་རང་གི་ངག་ཏུ་བདག་ཉིད་དང་འབྲེལ་བར་བསམ་པའི་དོན་གསལ་པོར་མངོན་སུམ་དུ་སྨྲས་པ་སྟེ་དྲུག་ལྡན་ནོ། །མཐར་ཐུག་མགུལ་དུ་མིད་པའོ།།  ༈  །།བཅུ་ཚན་ལྔ་པ་ནི། སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུགས་འགྲོ་བ་དང་། །བརྡེག་དང་གཟས་དང་གནས་ངན་ལེན། །ཞེས་ཏེ། སྲོག་ཆགས་བཅས་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་སྔར་འདེབས་པའི་ལྟུང་བ་དང་འདྲ་བ་ལས། འདི་རང་ཆེད་ཅེས་སྦྱར། གཞན་གསུམ་པོ་འདྲའོ། །ཉལ་སར་འདུག་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གནས་གཞན་ཡིན་པ། གེགས་བྱེད་གཞན་མེད་པ་མངོན་སུམ་ཡིན་པའོ། །རྣམ་ཊཱིཀ་ལས་འདོམ་གང་གི་ནང་ཡིན་པར་བཤད་དོ། །བདག་ཉིད་བར་ཆད་མི་ལྡན་པ་དང་འདུག་པའོ། །ཡུལ་ནི་སྐྱེས་པ་དང་བུད་མེད་ཁྱིམ་པ་ཐ་སྙད་ཕྱེད་དང་ལྔ་དང་ལྡན་པ། ལུས་བརྟེན་དུ་རུང་བ་རྫུ་འཕྲུལ་མ་ཐོབ་པ་སྐྲོད་པ་ལ་ཞུགས་པའམ་ཕྱོགས་པའོ། །ཀུན་སློང་རྣག་པས་འདུག་པར་འདོད་པའོ། །སྦྱོར་བ་འདུག་པར་རྩོམ་པ། མཐར་ཐུག་འདུག་པ་རྫོགས་ཤིང་ཚོར་བའོ། །འགྲེང་དང་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་ཡང་གནས་དབེན་པ་དང་བདག་ཉིད་འགྲེང་བ་ཞེས་སྦྱར། གཞན་འདྲའོ། །གཅེར་བུ་ཞེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་མུ་སྟེགས་ཅན་གྱི་བསླབ་པ་ཅན་ཐ་སྙད་གསུམ་དང་ལྡན་པ། རྫས་ཐ་དད་པ་དང་། ཉེ་དུ་ནད་པ་རབ་ཏུ་འབྱུང་བར་འདོད་པ་འདི་པ་ལ་འཚོ་བ་ལྟོས་པ་བཞི་མ་ཡིན་པའོ། །དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན་རང་གི་ཡིན་པ་དམན་པ་མ་ཡིན་པའོ། །ཀུན་སློང་སྡིག་ལྟ་དང་བྲལ་འདོད་མ་ཡིན་པར་སྟེར་བར་འདོད་པ། སྦྱོར་བ་དེ་རྩོམ་པ། མཐར་ཐུག་དེས་ཐོབ་པའོ། །དམག་དང་ཅེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་ཁྱིམ་པ་སྐྱེས་པ་ཐ་སྙད་ལྔ་ལྡན་དམག་གི་མཚན་ཉིད་དུ་གྲུབ་པ་གཡུལ་སྤྲོད་པའི་ཕྱིར་ཆས་པ་ཡིན་པའོ། །བདག་ཉིད་རྐྱེན་དགོས་དང་མི་ལྡན་ཞིང་དེ་ན་གནས་པའི་དོན་ཅན་མ་ཡིན་པའོ། །ཀུན་སློང་ལྟ་བར་འདོད་པའོ། །སྦྱོར་བ་རྩོམ་པ། མཐར་ཐུག་ཉེ་འཁོར་ལས་འདས་ཏེ་མཐོང་བའོ། །ཞག་གཉིས་ཞེས་པ་དུས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་གནས་ནི་དམག་ཆས་པ་མ་གཏོགས་པ་བཞི་ལྡན་གནས་པའོ། །བདག་ཉིད་དེར་འདུག་དགོས་པའི་རྐྱེན་དགོས་མེད་པའོ། །ཀུན་སློང་འདུག་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་དགོས་པ་མེད་པའི་ཞག་ལས་འདས་ནས་ཕྱི་དེ་ཉིན་གྱི་སྐྱ་རེངས་ཤར་བའོ། །བཤམ་དཀྲུགས་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་བཤམ་པ་དཀྲུགས་པའི་དམག་ནི་ལྟ་སྐབས་བཞིན་ནོ། །བདག་ཉིད་དམག་གི་ནང་ན་འདུག་པ་ཡིན་པའོ། །ཀུན་སློང་རང་དགར་རེག་པ་དང་ལྟ་བ་དང་ཕན་ཚུན་དཀྲུགས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་དེ་ལྟར་རྩོམ་པའོ། །མཐར་ཐུག་དེའི་བྱ་བ་རྫོགས་པའོ། །བརྡེག་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །ཀུན་སློང་གསོད་སེམས་ལས་གཞན་པའི་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་འདོད་པའོ། །སྦྱོར་བ་རྩོམ་པ། མཐར་ཐུག་ལུས་ལ་རེག་པའོ། །གཟས་དང་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བརྡེག་པའི་ཚབ་ཏུ་བརྡེག་པར་གཟས་པ་ཞེས་པ་དང་། ལུས་ལ་རེག་པའི་ཚབ་ཏུ་གཟས་པ་རྫོགས་པ་ཞེས་སྦྱར། གཞན་འདྲའོ། །གནས་ངན་ལེན་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་དང་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། རྒྱུད་ཐ་དད་པ་ལུས་ཐ་མལ་པར་གནས་པ་སྟེ་ཆོས་དྲུག་ལྡན་ནོ། །དངོས་པོ་ཕམ་ལྷག་གང་རུང་ཡུལ་དེ་ལ་བྱུང་བའོ། །གནས་མཚམས་ནང་ན་མཐོལ་ཡུལ་མཚན་ཉིད་པ་ཡོད་པའོ། །ཀུན་སློང་རྐྱེན་དགོས་ལ་ལྟོས་པ་མེད་པར་འཆབ་པར་འདོད་པའོ། །མཐའ་མཚན་མོ་འདས་པའོ། །བཅུ་ཚན་དྲུག་པ་ནི། སྡོམ་ལ། བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་གཏམ་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་ཏེ། བདེ་དང་ཞེས་པ་གླེང་གཞིའི་ཆའོ། །འདི་ལ་བཞི་ལས། གཞི་ལ་སྦྱིན་བདག་ཁྱིམ་པ་ཐ་སྙད་ལྔ་ལྡན། རང་དང་ཡུལ་དེ་གཉིས་ཀ་ལས་རྫས་ཐ་དད་པའོ། །ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན་ཡུལ་དེ་ལ་བསྔོས་པའོ། །ཀུན་སློང་ནད་ཀྱི་གཉེན་པོའི་དོན་མ་གཏོགས་པར་ཆེད་དུ་བསམས་ཏེ་སྦྱིན་པ་པོ་ཟན་གཅོད་དུ་འཇུག་འདོད་པའོ། །སྦྱོར་བ་རང་གི་ངག་ཏུ་བདག་ཉིད་དང་འབྲེལ་བར་བསམ་པའི་དོན་གསལ་པོར་མངོན་སུམ་དུ་སྨྲས་པ་སྟེ་དྲུག་ལྡན་ནོ། །མཐར་ཐུག་ཡུལ་དེས་དོན་གོ་བའོ། །མེ་དང་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་མེ་ཡིན་པ་ཚད་དང་ལྡན་པ། མེ་མར་མུར་དང་མེ་ལྕེ་ལས་གཞན་པའོ། །བདག་ཉིད་ནད་པ་མ་ཡིན་པའོ། །ཀུན་སློང་རེག་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་རེག་པ་རྩོམ་པའོ། །མཐར་ཐུག་རེག་པའོ། །འདུན་པ་དང་ཅེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་མཚན་ཉིད་དང་ལྡན་པ་དགེ་སློང་གི་ཆེད་དུ་བྱས་པ་ལས་ཆགས་པའོ། །བདག་ཉིད་འདུན་པ་ཕུལ་ཟིན་པའོ། །གོ་བྱ་དང་དགེ་སློང་ཆོས་དྲུག་ལྡན། འདུན་པ་ལེན་པ་པོ་ཡིན་པའོ། །ཀུན་སློང་འདུན་པ་བསྒྱུར་བར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །བསྙེན་པར་མ་རྫོགས་ཞེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ངོ་བོའི་རྣམ་གྲངས་ཀྱི་སྒོ་ནས་མ་རྫོགས་པ་ཐ་སྙད་ལྔ་དང་ལྡན་པའོ། །བདག་ཉིད་ནད་པ་དང་ནད་གཡོག་དང་རྨྱ་བ་དང་། དབྱར་ཟླ་བ་གཉིས་ལ་བབ་པའི་ཚེ་སྡིག་ཅན་ཉེ་བར་གནས་པ་རྣམས་མ་ཡིན་པ་དང་། ཡུལ་རྟེན་གཉིས་ཀ་ཉལ་ཞིང་གཉིད་ལོག་པའི་སྤྱོད་ལམ་ཅན་ཡིན་པའོ། །དུས་མཚན་མོའི་དུས་ཡིན་པའོ། །གནས་མཚན་ཉིད་དུ་གྲུབ་པ་དང་གཅིག་པའོ། །ཀུན་སློང་ཉལ་བར་འདོད་པའོ། །སྦྱོར་བ་ཉལ་བར་རྩོམ་པ། མཐར་ཐུག་མཚན་མོ་གསུམ་པའི་མཐའ་ལའོ། །ཆོས་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དགེ་སློང་ཆོས་དྲུག་ལྡན་ནོ། །དངོས་པོ་ཆོས་ལས་ཕྱིན་ཅི་ལོག་གི་ཚིག་གོ །རྐྱེན་གསོལ་བཞིའི་ལས་མཚན་ཉིད་པའོ། །ཀུན་སློང་སྡིག་ལྟ་མི་གཏོང་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་བརྗོད་པ་གསུམ་ལས་འདས་པའོ། །གཏམ་སྨྲ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ལྟ་བ་མཐུན་པ་མ་གཏོགས་པ་ལྔ་ལྡན། སྤངས་པ་ཕྱིར་བཅོས་མ་བྱས་པའོ། །བདག་ཉིད་གནས་ཕྱུང་མ་ཡིན་པའོ། །ཀུན་སློང་ནད་པ་དང་ལྟ་བ་དང་དབྲལ་བར་འདོད་པ་མ་ཡིན་པའོ། །སྦྱོར་བ་རྗེས་སུ་ཕྱོགས་པར་རྩོམ་པའོ། །མཐར་ཐུག་ལུང་དབོག་པ་ལ་སོགས་པ་གང་རུང་བྱས་པའོ། །དགེ་ཚུལ་ཞེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་དགེ་ཚུལ་བསྙིལ་བ་ཞེས་སྦྱར། གཞན་འདྲའོ། །ཁ་དོག་བསྒྱུར་བ་ཞེས་པ་གཉེན་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་རང་གི་ཡིན་པའི་གོས་རུང་བ་ཚད་དང་ལྡན་པ་ཁ་མ་བསྒྱུར་བ་རུང་བས་སྟེང་གཡོགས་པ་མིན་པ་ཆུ་ཚགས་ལས་གཞན་པའོ། །བདག་ཉིད་གནང་བ་མ་བྱིན་པའོ། །ཀུན་སློང་ལོངས་སྤྱོད་པར་འདོད་པའོ། །སྦྱོར་བ་རྩོམ་པའོ། །མཐར་ཐུག་བྱེད་པའོ། །རིན་པོ་ཆེ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་རིན་པོ་ཆེའམ་དེར་སྨོས་པ་ཡིན་པ་རུང་བར་གྱུར་པ་རིན་པོ་ཆེའི་ཆ་ནས་གཞན་དབང་བ། ཆུད་ཟ་བ་དང་སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་དང་། མི་མིན་གྱི་གནས་སུ་དེའི་བསོད་ནམས་ཀྱིས་བྱུང་བ་མིན་པའོ། །བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་གནས་སྐབས་དང་བར་ཆད་ཅན་དང་། དོན་ཁྱད་པར་ཅན་བསྒྲུབ་པ་དང་ཆོས་འཆད་པའི་སྐབས་མ་ཡིན་པའོ། །ཀུན་སློང་རྒོད་བག་གིས་རེག་པར་འདོད་པ། སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པ། མཐར་ཐུག་རེག་པའོ། །ཚ་བའི་དུས་ཞེས་པ་དུས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་དུས་ཟླ་བ་ཕྱེད་དང་གསུམ་དང་། ཟླ་བ་ཕྱེད་ཕྱེད་ཅིང་གནང་བའི་དུས་མ་ཡིན་པ་དང་། བདག་ཉིད་ནད་པ་ལས་བྱས་ལམ་ཞུགས་དྲི་རླུང་ཆར་བསྲོ་ཁང་སྐྲ་མཁར་ལེན། སྒོག་པ་རོ་རེག་ཕྱག་དར་བྱས་པ་རྣམས་མིན་པ། ལུས་དངོས་ཡིན་པའོ། །དངོས་པོ་ཆུ་ཡིན་པའོ། །གནས་ཨསྨ་པ་རན་ཏའམ་དེ་དང་འདྲ་བ་མ་ཡིན་པའོ། །ཀུན་སློང་ཁྲུས་བྱེད་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་ལུས་ཕྱེད་ཙམ་དུ་སོན་པའོ། །བཅུ་ཚན་བདུན་པ་ནི། སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་ཅིག་སྔངས་བྱེད་དང་། །སྦེད་དང་གདིང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་ཏེ། དུད་འགྲོ་ཞེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་འཇིག་རྟེན་ན་གྲགས་པའི་དུད་འགྲོ་ཡིན་པ། ཐ་མལ་པའི་མིག་ལམ་དུ་སྣང་དུ་རུང་བའོ། །ཀུན་སློང་ཆེད་དུ་བསམ་ནས་གསོད་པར་འདོད་པའོ། །སྦྱོར་མཐའ་གཉིས་འདེབས་སྤྱོད་ཀྱི་སྐབས་བཞིན་ནོ། །འགྱོད་པ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །དངོས་པོ་དགེ་སློང་མ་ཡིན་པའི་དོན་ཅན་ཡིན་པའོ། །ཀུན་སློང་འགྱོད་པ་བསྐྱེད་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །སོར་མོ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་ལུས་མ་ཉམས་པའོ། །ཀུན་སློང་ནི་གཡའ་བར་བྱ་བའི་བསམ་པ། སྦྱོར་བ་རྩོམ་པ། མཐར་ཐུག་རེག་པའོ། །རྩེད་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ཆུ་ཡིན་པ་ལུས་ཕྱེད་ཙམ་ནུབ་པའི་ཚད་དུ་ལོངས་པའོ། །ཀུན་སློང་རྒོད་བག་གིས་དགའ་བ་ཉམས་སུ་མྱོང་བར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་རྩེ་བར་རྩོམ་པ། མཐར་ཐུག་རྩེས་པའོ། །ལྷན་ཅིག་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གནས་ཀྱི་མཚན་ཉིད་དུ་གྲུབ་པ་དང་གཅིག་པའོ། །ཡུལ་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་ཐ་སྙད་ལྔ་དང་ལྡན་པའོ། །ལུས་བརྟེན་དུ་རུང་བ། རྫུ་འཕྲུལ་ཐོབ་པ། ཉེ་དུ་དང་། ཕན་འདོགས་པ། སྲུང་མ་དང་ལྡན་པ་བཞི་མ་ཡིན་པ། ཉལ་ཞིང་གཉིད་ལོག་པའི་སྤྱོད་ལམ་ཅན་ཡིན་པའོ། །དུས་མཚན་མོ་ཡིན་པའོ། །བདག་ཉིད་གྲོགས་དང་མི་ལྡན་པ་དང་ཉལ་ཞིང་གཉིད་ལོག་པའོ། །ཀུན་སློང་ལྷན་ཅིག་ཉལ་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མཚན་མོ་འདས་པའོ། །སྔངས་བྱེད་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །དངོས་པོ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བའོ། །ཀུན་སློང་སྐྱོ་བ་བསྐྱེད་པའི་དོན་མ་གཏོགས་པར་སྔངས་བར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་ངག་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །སྦེད་དང་ཅེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་རབ་ཏུ་བྱུང་བ་སྡེ་ལྔ་གང་རུང་། ལྟ་བ་མཐུན་པ་ཐ་སྙད་གསུམ་ལྡན་རྒྱུད་ཐ་དད་པའོ། །དངོས་པོ་དགེ་སྦྱོང་གི་ཡོ་བྱད་རུང་བ་ཚད་ལྡན་དེ་ཉིད་དབང་བའོ། །ཀུན་སློང་རྐུ་སེམས་དང་ཕན་འདོགས་མ་གཏོགས་པ་སྦེད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐར་ཐུག་སྦས་མ་ཐག་ཏུ་ལྟུང་ཞེས་ཁྱད་པར་སྒྲོགས་ཟེར་རོ། །གདེང་མེད་ཅེས་པ་བསམ་པའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་གཞི་དེས་མི་དགའ་བའོ། །དངོས་པོ་གོས་རུང་བ་ཚད་ལྡན་རང་གི་ཕྱིར་བླང་བ་མེད་པར་བྱིན་པའོ། །ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་རང་གི་བྱིན་པའི་བསམ་པས་ལོངས་སྤྱོད་འདོད་པའོ། །སྦྱོར་བ་རྩོམ་པ། མཐར་ཐུག་ལོངས་སྤྱོད་པའོ། །གཞི་མེད་ཅེས་པ་ཡུལ་གྱི་ཆའོ། །འདི་ལ་རྒྱུ་མཚན་སོགས་གཞི་མེད་ཀྱི་དགེ་འདུན་ལྷག་མ་དང་འདྲ་བ་ལས་དངོས་པོ་དགེ་འདུན་ལྷག་མ་ཞེས་སྦྱར་རོ། །སྐྱེས་པ་མེད་པར་ལམ་འགྲོ་བ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་བུད་མེད་ཁྱིམ་པ་མོ་ལུས་བསྟེན་རུང་ཐ་སྙད་ཕྱེད་དང་ལྔ་ལྡན། རྫུ་འཕྲུལ་ཐོབ་པ་ཉེ་དུ་ཕན་འདོགས་པ་གསུམ་མ་ཡིན་པའོ། །བདག་ཉིད་གྲོགས་དང་མི་ལྡན་པའོ། །ལམ་སའམ་ཆུ་ལ་བརྟེན་པ་རྒྱང་གྲགས་སུ་ལོངས་པའོ། །དུས་ཉི་མ་གཅིག་ཡིན་པའོ། །ཀུན་སློང་རང་དགར་འགྲོ་བར་འདོད་པ་རྩོམ་པ། སྦྱོར་བ་རྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །བཅུ་ཚན་བརྒྱད་པ་ནི། སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང་། །རྐོ་དང་མགྲོན་དང་བསླབ་པ་དང་། །འཐབ་དང་མི་སྨྲར་འགྲོ་བ་དང་། །མ་གུས་ཆང་འཐུང་དུས་མིན་པའོ། །ཞེས་ཏེ། རྐུ་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་སྐྱེས་པ་ཐ་སྙད་ལྔ་ལྡན། རྐུ་མའམ་ཤོ་གམ་འདྲལ་བའི་ཚོང་པ་ཡིན་པ་ཕན་འདོགས་པ་པོ་མ་ཡིན་པའོ། །ལམ་ལ་སོགས་པ་སྔ་མ་བཞིན་ནོ། །ཉི་ཤུ་མ་ལོན་ཞེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དངོས་པོ་དང་རྟགས་དང་བསམ་པ་དང་སྡོམ་པ་སྐྱེ་བའི་རྟེན་དུ་མ་གྱུར་པ་དང་། སྐྱེ་བའི་བར་ཆད་གཞན་དང་མི་ལྡན་པའོ། །བདག་ཉིད་མཁན་པོ་བྱེད་པ་ཡིན་པའོ། །ཀུན་སློང་བསྙེན་པར་རྫོགས་པར་བྱེད་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་བརྗོད་པ་གསུམ་པ་རྫོགས་པའོ། །རྐོ་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ས་ཡིན་པ་སྲ་བ་དང་འབྲེལ་བ། སོར་བཞི་ཡན་ཆད་དུ་ཚད་དུ་ལོངས་པ་འཐས་པར་གནས་པའོ། །བདག་ཉིད་རྫུ་འཕྲུལ་གྱི་སྐབས་དང་། བར་ཆད་དང་ལྡན་པ་དང་། དོན་ཁྱད་པར་ཅན་བསྒྲུབ་པའི་གནས་སྐབས་གསུམ་མ་ཡིན་པའོ། །ཀུན་སློང་རྐོ་བར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་རྩོམ་པའོ། །མཐར་ཐུག་སོར་བཞི་ཙམ་ལས་ཕྲལ་བའོ། །མགྲོན་དང་ཅེས་པ་ཡུལ་གྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཆོས་ལྔ་ལྡན་ནོ། །དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན་སྦྱིན་པ་པོ་དེ་ཉིད་ཀྱིས་ཡིན་པའོ། །བདག་ཉིད་མགྲོན་དུ་བོས་པ་དང་། ཕྱིས་མ་བོས་པ་དང་། ནད་པ་མ་ཡིན་པའོ། །དུས་ནི་བཤམ་པ་རྫོགས་པའི་འོག་ཡིན་པའོ། །ཀུན་སློང་རིང་དུ་འདུག་སྟེ་ཟ་བར་འདོད་པའོ། །སྦྱོར་བ་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །བསླབ་པ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་འདུལ་བའི་བྱ་བ་མངོན་པར་ཤེས་པ་དང་། བསླབ་པ་ལ་ཉེ་བར་འཇོག་པ་པོ་ཡིན་པའོ། །དངོས་པོ་འདུལ་བར་གཏོགས་པའི་བསླབ་པ་ཡིན་པའོ། །ཀུན་སློང་སྤོང་བའི་ཚིག་སྨྲ་བར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་གྱིས་མི་ཤེས་པ་ཉིད་སྒྲོགས་པའོ། །མཐར་ཐུག་དོན་གོ་བའོ། །འཐབ་དང་ཅེས་པ་ཡུལ་དང་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་ཆོས་དྲུག་ལྡན་བདག་ཉིད་དང་རྩོད་པའི་ཕྱིར་གྲོས་བྱེད་པ་པོ་གཉིས་ཡན་ཆད་ཡིན་པའོ། །དངོས་པོ་བདག་ཉིད་དང་རྩོད་པའི་རྩོད་པ་བཞི་པོ་གང་རུང་ཡིན་པའོ། །ཀུན་སློང་ཞི་བར་འདོད་པ་མིན་པར་ཉན་རྣ་བྱེད་འདོད་པའོ། །སྦྱོར་བ་རྩོམ་པའོ། །མཐར་ཐུག་ཚིག་ཐོས་ཤིང་དོན་གོ་བའོ། །མི་སྨྲ་འགྲོ་བ་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གནས་ནི་ལས་ཆོས་ལྡན་གསོལ་བ་མ་ཟིན་པ་བྱེད་བཞིན་པའོ། །བདག་ཉིད་ལས་དེར་ཐོས་པའི་ཉེ་འཁོར་དུ་འདུས་ཤིང་དགེ་སློང་འཁོད་པ་ལ་མ་སྨྲས་པ། བར་ཆད་དང་མི་ལྡན་པའོ། །ཀུན་སློང་འགྲོ་བར་འདོད་པའོ། །སྦྱོར་བ་རྩོམ་པ། མཐར་ཐུག་ཐོས་པའི་ཉེ་འཁོར་ལས་འདས་པའོ། །མ་གུས་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་ཡུལ་སངས་རྒྱས་སམ་དགེ་འདུན་ནམ་དེའི་ཐ་སྙད་པ་ཡིན་པ་དང་། དངོས་པོ་ཆོས་ལྡན་གྱིས་བསྒོ་བའམ་དེ་དང་འདྲ་བ་ཡིན་པའོ། །བདག་ཉིད་ཤད་སྦྱང་མ་བྱས་པའོ། །ཀུན་སློང་མ་གུས་པས་བཟློག་སྟེ་འགལ་བར་བྱེད་འདོད་པ། སྦྱོར་བ་འགལ་བར་རྩོམ་པ། མཐར་ཐུག་འགལ་བ་རྫོགས་པའོ། །ཆང་འཐུང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་སྦྱར་ཆང་བཅོས་ཆང་གཉིས་ལས་གང་ཡང་རུང་བ་དང་། འཁྲུལ་པ་བསྐྱེད་པའི་ནུས་པ་དང་ལྡན་པ་ཚད་ལོངས་པའོ། །ཀུན་སློང་འཐུང་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །དུས་མིན་ཞེས་པ་དུས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་དུ་འགྲོ་བའི་གནས་ནི་གནས་ཀྱི་མཚན་ཉིད་གྲུབ་པ། འབྱུང་འཇུག་ལ་ཁྱིམ་པ་དབང་ཆེ་བ། བདག་པོ་ཁྱིམ་པ་ཐ་སྙད་ལྔ་ལྡན་གྲོང་པའི་ཆོས་སྤྱོད་པའོ། །གང་ནས་འགྲོ་བ་མཚམས་ནང་དང་སྨྲ་ཡུལ་ཡོད་པའོ། །བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་གནས་སྐབས་མ་ཡིན་པ་དང་བར་ཆད་དང་མི་ལྡན་པ། དོན་ཁྱད་པར་ཅན་སྒྲུབ་པའི་གནས་སྐབས་མ་ཡིན་པ་དང་། ཡུལ་ལ་མ་སྨྲས་པའོ། །དུས་ཕྱི་དྲོ་ཡིན་པའོ། །ཀུན་སློང་འགྲོ་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་སྒོ་གཏན་ནམ་ཉེ་འཁོར་ལས་འདས་པའོ། །བཅུ་ཚན་དགུ་པ་ནི། སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བརྡལ་དང་གདིང་དང་གཡན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་ཏེ། ཟས་བཅས་ཞེས་པ་གནས་ཀྱི་ཆ་སྡོམ་དུ་བླངས་པའོ། །དང་པོ་ལ་ཕྱི་དྲོ་གྲོང་རྒྱུ་དང་སྔ་དྲོ་གྲོང་རྒྱུ་གཉིས་ལས། དང་པོ་ལ་བཞི་ལས། གཞི་ལ་བདག་ཉིད་སྔར་གྲོང་གསུམ་རྒྱུས་པ་དང་། དུས་ཉི་མ་གཅིག་ཡིན་པ་ཞེས་སྦྱར། གསུམ་ལ་ཁྱིམ་པ་ཞེས་སྦྱར། གཞན་སྔ་མ་བཞིན་ནོ། །གཉིས་པ་ལ་བཞི་ལས། གཞི་ལ་གང་ནས་འགྲོ་བའི་གནས་ནི་སྦྱིན་བདག་ཆོས་གསུམ་ལྡན་གྱི། ཟས་ཆོས་བཞི་ལྡན་ལ་མཆོད་གནས་ཆོས་བདུན་ལྡན་ཞབས་ནས་འདེགས་པའི་གནས་ཡིན་པའོ། །སྦྱིན་བདག་ཁྱིམ་པ་ཐ་སྙད་ལྔ་ལྡན་རང་དང་དགེ་འདུན་གཉིས་ཀ་ལས་རྫས་ཐ་དད་པའོ། །ཟ་བ་ནི་དུས་རུང་གི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན་བསམ་པ་ཐག་པས་བསྔོས་པའོ། །མཆོད་གནས་ནི་དགེ་སློང་ཆོས་ལྔ་ལྡན་བཞིར་ལོངས་ཤིང་རང་གི་ཚིག་གིས་བོས་པའོ། །རང་གང་དུ་འགྲོ་བའི་གནས་སྔ་མ་བཞིན་ནོ། །བདག་ཉིད་འདྲ་བ་ལས་བྲིམ་པ་ཡོལ་བར་མ་བྱེད་ཅིག་ཅེས་མ་བསྒོས་པའོ། །དུས་ཉི་མ་གཅིག་དང་སྔ་དྲོ་ཡིན་པའོ། །གསུམ་འདྲའོ། །སྐྱ་རེངས་ཞེས་པ་དུས་ཀྱི་ཆའོ། །འདི་ལ་བཞི་ལས། གཞི་ལ་གནས་རྒྱལ་པོའམ་དེའི་བཙུན་མོ་ཡིན་པ་དང་། དུས་འོད་དམར་ནུབ་ནས་སྐྱ་རེངས་མ་ཤར་བའི་དུས་ཡིན་པ་སྦྱར། གཞན་ལྔ་མ་བཞིན་ནོ། །ད་གདོད་ཅེས་པ་གླེང་གཞིའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་སོ་སོ་ཐར་པར་གཏོགས་པའི་བསླབ་པའི་གཞི་ཡིན་པའོ། །བདག་ཉིད་གསོ་སྦྱོང་གི་ལས་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པ། གནས་དུས་གསོ་སྦྱོང་གི་ཚེ་ཡིན་པའོ། །ཀུན་སློང་བཞད་གད་ཡིན་ཀྱང་རུང་ཁྱད་དུ་གསོད་འདོད་པ། སྦྱོར་བ་འདི་ཡང་འདིའི་ནང་དུ་གཏོགས་པ་གཟོད་ཤེས་པའི་ཚིག་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །ཁབ་རལ་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་ཁབ་རལ་གྱི་རྒྱུ་རུང་བ་སོར་བཞི་ཡན་ཆད་དུ་ལོངས་པ་རང་གི་ཡིན་པ། སྔར་བཟོ་རྩོམ་མ་བྱས་པའོ། །ཀུན་སློང་བྱེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐར་ཐུག་ཟིན་པའོ། །ཁྲི་རྐང་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་དགེ་འདུན་མཚན་ཉིད་པའི་ཁྲི་རྐང་གི་རྒྱུ་རུང་བ་བུ་གར་གཞུག་པ་མ་གཏོགས་པ་ཁྲུ་གང་ལས་སོར་ཕྱེད་ཡན་ཆད་ཀྱིས་ལྷག་པའི་ཚད་ལོངས་པ་སྔར་བཟོ་རྩོམ་མ་བྱས་པའོ། །གསུམ་འདྲའོ། །བརྡལ་དང་ཞེས་པ་སྦྱོར་བའི་ཆའོ། །འདི་ལ་བཞི་ལས། གཞི་ལ་དངོས་པོ་དགེ་འདུན་མཚན་ཉིད་པའི་གནས་མལ་རུང་བ་ཚད་ལྡན་ནོ། །གོས་པར་བྱེད་པ་ལུས་སམ་གནས་མལ་ལ་གནོད་པའི་ཤིང་བལ་ཡིན་པའོ། །བར་པ་གཉིས་འདྲ་ལ། མཐར་ཐུག་སུམ་ཆ་ཙམ་བགོས་པའོ། །གདིང་དང་གཡན་པ་དང་རས་ཆེན་ཞེས་པ་རྣམས་དངོས་པོའི་ཆའོ། །གདིང་བ་ལས་གྱུར་པ་ལ་བཞི་ལས། གཞི་ལ་དངོས་པོ་གདིང་བའི་རྒྱུ་རུང་བ་ཚད་ལྡན་རང་དབང་བ། རྙིང་པ་དང་སྔར་གཞན་གྱིས་བཟོ་རྩོམ་བྱས་པ་གཉིས་མ་ཡིན་པའོ། །ཀུན་སློང་ཚད་ལས་ལྷག་པར་བྱེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐར་ཐུག་ཟིན་པའོ། །གཡན་པ་དགབ་པ་དང་རས་ཆེན་ལ་ཡང་རང་རང་གི་རྒྱུ་རུང་བ་ཚད་ལྡན་སོགས་སྔ་མ་བཞིན་སྦྱར་རོ། །གདིང་བའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ། །མི་ཆོག་ན་ཕྱེད་དང་ལྔ་མན་ཆད་དོ། །ཞེང་དུ་ཁྲུ་དོ་དང་སོར་དྲུག་གོ །གཡན་པ་དགབ་པའི་ཚད་ནི་སྲིད་དུ་ཁྲུ་དྲུག་དང་། ཞེང་དུ་ཁྲུ་གསུམ་མོ། །རས་ཆེན་གྱི་ཚད་ནི་སྲིད་དུ་ཁྲུ་དགུ་དང་། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །འདི་གསུམ་གྱི་ཁྲུ་ནི་བདེ་བར་གཤེགས་པའི་མཐོ་གང་གི་སུམ་གཉིས་ལ་བཤད་དོ། །བདེ་གཤེགས་ཆོས་གོས་ཞེས་པ་དངོས་པོའི་ཆའོ། །འདི་ལ་བཞི་ལས། གཞི་ལ་གང་བཟོ་བའི་དངོས་པོ་ནི་ཆོས་གོས་རྣམ་པ་གསུམ་ལས་གང་ཡང་རུང་བའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པ། རང་གི་ཡིན་པ། སྔར་བཟོ་རྩོམ་མ་བྱས་པའོ། །བདག་ཉིད་བདེ་བར་གཤེགས་པའི་ལུས་ཙམ་མེད་པའོ། །གསུམ་འདྲའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་བདེ་བར་གཤེགས་པའི་རང་གི་ཁྲུས་གཞལ་བའི་ཆོས་གོས་སྤྱི་དང་འདྲའོ། །ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་བཤད་ཟིན་ཏོ།།  ༈  །།བཞི་པ་སོ་སོར་བཤགས་པར་བྱ་བའི་སྡེ་ནི། སྡོམ་ལ། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་དག །སངས་རྒྱས་ཕན་པར་མཛད་པ་ཡིས། །སོ་སོར་བཤགས་པར་བྱ་བ་གསུངས། །ཞེས་ཏེ། བསླབ་པ་རྣམས་ཞེས་པ་དངོས་པོའི་ཆ། གཞན་གསུམ་གནས་ཀྱི་ཆའོ། །དང་པོ་དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས་ལ་བཞི་ལས། གཞི་ལ་ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན། གྲོང་ངམ་གྲོང་གི་ཉེ་འཁོར་རམ། ལམ་པོ་ཆེ་དང་གསུམ་གང་རུང་ན་འདུག་པའོ། །དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན་དགེ་སློང་མ་དེ་ཉིད་ཀྱིས་མི་འགྲིམ་པའི་རྣམ་པས་ཕུལ་བའོ། །བདག་ཉིད་ཀྱང་གནས་གསུམ་པོ་གང་རུང་ན་འདུག་པའོ། །ཀུན་སློང་ལེན་པར་འདོད་པ། སྦྱོར་བ་དངོས་སུ་ལེན་པར་རྩོམ་པ། མཐར་ཐུག་ཟོས་པར་གྱུར་པའོ། །གཉིས་པ་གྲལ་རིམ་དུ་མ་ཕེབས་པར་ཟ་བའི་སོར་བཤགས་ལ་བཞི་ལས། གཞི་ལ་ཁྱིམ་པ་ཐ་སྙད་ལྔ་ལྡན་ཉེ་དུ་མ་ཡིན་པ། རང་ངམ་དགེ་སློང་མ་གཉིས་ལས་རྫས་ཐ་དད་པའོ། །དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན་ནོ། །བསྐོ་ཤོམ་བྱེད་པ་དགེ་སློང་མ་བདུན་ལྡན་ཚིག་གདགས་སུ་རུང་བ་ན་འདུག་པ་དང་བསྐོ་ཤོམ་བྱེད་པ་ལ་ཞུགས་པ་དང་། གང་ཡང་རུང་བས་མ་བསྐོ་བའོ། །གྲོགས་དགེ་སློང་དྲུག་ལྡན་རང་དང་གསུམ་མན་ཆད་དོ། །བདག་ཉིད་དེའི་ཚིག་གིས་སམ་དེའི་ཉེ་དུས་བོས་པ་མ་ཡིན་པའོ། །ཀུན་སློང་ལེན་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་བླངས་ཏེ་རྩོམ་པ། མཐར་ཐུག་མགུལ་དུ་མིད་པའོ། །གསུམ་པ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་བསླབ་པའི་སྡོམ་པ་བྱིན་པ་དང་འབྲེལ་པ་རྫས་ཐ་དད་པའོ། །དངོས་པོ་དུས་སུ་རུང་བའི་བཅའ་བའམ་བཟའ་བ་རུང་བ་ཚད་ལྡན་དེ་ཉིད་ཀྱི་ཡིན་པ། ལ་ཕུག་ལ་སོགས་པ་མོད་པ་མ་ཡིན་པའོ། །བདག་ཉིད་སྡོམ་པ་བྱིན་པའི་མདུན་དུ་མགྲོན་དུ་བོས་པ་མ་ཡིན་པའོ། །གསུམ་འདྲའོ། །བཞི་པ་ནགས་མ་བརྟགས་པར་ཟས་ཟ་བའི་སོར་བཤགས་ལ་བཞི་ལས། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པའོ། །དངོས་པོ་འདྲའོ། །གནས་གྲོང་ངམ་གཙུག་ལག་ཁང་ནས་རྒྱང་གྲགས་ཀྱི་ཕྱི་རོལ་ཡིན་པ་འཇིགས་པ་དང་བཅས་པའོ། །བདག་ཉིད་དགོན་པ་བ་མ་ཡིན་པ། རང་གཞན་གྱིས་མ་བསྲུངས་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བ། ཀུན་སློང་བླངས་ཏེ་ཟ་བར་འདོད་པའོ། །སྦྱོར་བ་ཟ་བར་རྩོམ་པ། མཐར་ཐུག་མགུལ་དུ་མིད་པ་རྫོགས་པའོ། །སོ་སོར་བཤགས་པའི་སྡེ་རྣམས་བཤད་ཟིན་ཏོ། །སྡེ་བཞི་པོ་འདི་དག་གི་ཡན་ལག་བརྩིས་པ་རྣམས་ནི་དམར་སྟོན་གྱི་ལུགས་སུ་བགྱིས་སོ།།  །།ལྔ་པ་བསླབ་པར་བྱ་བ་ཉེས་བྱས་ཀྱི་སྡེ་ལ་དགུ་སྟེ། གོས་བགོ་བའི་སྡེ། སྤྱོད་ཡུལ་དུ་འགྲོ་བའི་སྡེ། སྟན་ལ་འདུག་པའི་སྡེ། ཟས་བླང་བའི་སྡེ། ཟས་ཟ་བའི་སྡེ། ལྷུང་བཟེད་ལ་སྤྱོད་པའི་སྡེ། ཆོས་བསྟན་པའི་སྡེ། སྒྲུབ་པའི་ཚུལ་ལས་གྱུར་པའི་སྡེ། རྒྱུ་བ་དགག་པའི་སྡེའོ། །དང་པོ་ནི། སྡོམ་ལ། ཤམ་ཐབས་ལ་ཡང་རྣམ་པ་བདུན། །སྟོད་གཡོགས་ལ་ཡང་རྣམ་པ་གསུམ། །ཅེས་ཏེ། ནམ་ལངས་པའི་ཚེ་ཤམ་ཐབས་ཀྱི་གཟན་ཕུད་དེ་བཞག ཤམ་ཐབས་གོན་པར་བྱའོ། །དེ་ལ་རྣམ་པ་བདུན་ཏེ། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཧ་ཅང་རྩིངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པ་དང་། གོང་དུ་མ་ལྟེབ་པ་དང་། ཕུར་མ་ལྟར་འདུག་པ་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་མ་ཡིན་པའི་ཚུལ་གྱིས་བགོ་བ་ལ་བསླབ་པར་བྱའོ། །དེ་བཞིན་དུ་སྟོད་གཡོགས་ཀྱང་ཟླུམ་པོར་བགོ་བ་དང་། ཧ་ཅང་རྩིངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བ་ལ་བསླབ་པར་བྱའོ། །གཉིས་པ་ནི། སྡོམ་ལ། ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་ཏེ། ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ། །ལེགས་པར་བགོས་པ་དང་། སྒྲ་བསྐྱུངས་པ་དང་། མིག་མི་ཡེངས་པ་དང་། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་འགྲོ་བར་བྱའོ། །གཞན་ཡང་མགོ་གོས་ལ་སོགས་པ་མི་གཡོགས་པ་དང་། གོས་པུས་གོང་དུ་མི་རྫེ་བ་དང་། ཕྲག་པ་ལ་མི་གཟར་བ་དང་། ལག་པ་གཉའ་གོང་དུ་མི་བསྣོལ་བ་དང་། ལྟག་པར་མི་བསྣོལ་བའི་ཚུལ་གྱིས་འགྲོ་བར་བྱའོ། །གཞན་ཡང་མི་མཆོངས་པ་དང་། མི་བརྒྱང་པ་དང་། ཙོག་པུས་མ་ཡིན་པ་དང་། བྲང་ས་ལ་བཙུགས་པ་མ་ཡིན་པ་དང་། དཀུར་མི་བརྟེན་པའི་ཚུལ་གྱིས་འགྲོ་བར་བྱའོ། །གཞན་ཡང་ལུས་མི་བསྒྱུར་བ་དང་། ལག་པ་མི་གཡུག་པ་དང་། མགོ་མི་བསྒྱུར་བ་དང་། ཕན་ཚུན་ཕྲག་པ་མི་སྦྲེལ་བ་དང་། ལག་པ་མི་སྦྲེལ་བའི་ཚུལ་གྱིས་འགྲོ་བར་བྱའོ། །གསུམ་པ་ནི། འདུག་པར་བྱ་བ་དགུ་དག་དང་། །ཅེས་ཏེ། གང་དུ་ཕྱིན་པ་དེར་འདིར་འདུག་ཅིག་ཅེས་མ་བསྒོ་བར་སྟན་ལ་འདུག་པར་མི་བྱའོ། །བརྟག་དཔྱད་མ་བྱས་པར་འདུག་པར་མི་བྱའོ། །ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པར་མི་བྱའོ། །རྐང་པ་གཉིས་མི་སྣོལ་བ་དང་། བརླ་གཉིས་མི་སྣོལ་བ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་ཁྲིའི་འོག་ཏུ་མི་དགུག་པ་དང་། རྐང་པ་གཉིས་མི་བསྒྲད་པ་དང་། འདོམས་མི་སྣང་བར་འདུག་པར་བྱའོ། །ལག་པས་འགྲམ་པ་ལ་མི་བརྟེན་པ་དང་། སྟན་ཐབས་མི་བསྐུར་བ་གཉིས་ནི་སློབ་དཔོན་ཡོན་ཏན་འོད་ཀྱིས་རུང་མཐུན་དུ་སྦྱར་ནས་གསུངས་པའོ། །བཞི་པ་ནི། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་ཏེ། དེ་ལྟར་སྟན་ལ་འདུག་ནས་ཟས་བླངས་པའི་ཚེ་ཐམས་ཅད་དུ་ཟས་ལེགས་པར་བླང་བར་བྱའོ། །མུ་དང་ཁད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པ་མ་ཡིན་པར་བླང་བར་བྱའོ། །མཐར་ཆགས་སུ་དང་། ལྷུང་བཟེད་ལ་ལྟ་ཞིང་དང་། བཟའ་བ་དང་བཅའ་བ་མ་བྱུང་བར་ལྷུང་བཟེད་མི་བཟེད་པ་དང་། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པ་དང་། ཟས་ཀྱི་སྟེང་དུ་སྣོད་མི་གཟུང་བར་བླང་བར་བྱའོ། །ལྔ་པ་ནི། སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །འཕྱ་ལ་སོགས་པ་རྣམ་པ་བཞི། །ཞེས་ཏེ། དེ་ལྟར་ཟས་བླངས་ནས་ཟ་བའི་ཚེ་ལེགས་པར་ཟས་བཟའ་བར་བྱའོ། །ཁམ་ཧ་ཅང་ཆེ་བ་མ་ཡིན་པ་དང་། ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་བཟས་པར་ཁ་མི་གདངས་པ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བའི་ཚུལ་དུ་བཟའ་བར་བྱའོ། །གཞན་ཡང་ཙུག་ཙུག་མི་བྱའོ། །ཅག་ཅག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ། །ལྕེ་ཕྱུང་སྟེ་ཟས་མི་ཟའོ། །གཞན་ཡང་འབྲུ་རེ་རེ་ནས་བླངས་ཏེ་མི་ཟའོ། །ཟས་ལ་འཕྱས་མི་གདགས་སོ། །མཁུར་བ་མི་སྤོའོ། །རྐན་མི་ཏོག་གོ །ཁམ་འཕྲོར་མི་གཅད་དོ། །གཞན་ཡང་ལག་པ་མི་ལྡག་གོ །ལྷུང་བཟེད་སོགས་མཛུབ་མོ་དང་ལྕེས་མི་བྱོག་གོ །ཟས་ཀྱིས་སྦགས་པའི་ལག་པ་མི་སྤྲུག་གོ །ལྷུང་བཟེད་མི་སྐྱོམ་མོ། །ཟས་ལ་མཆོད་རྟེན་འདྲ་བར་བྱས་ཏེ་མི་གཞོམ་མོ། །གཞན་ཡང་གཞན་གྱི་ལྷུང་བཟེད་སོགས་ལ་འཕྱས་གདགས་པར་བྱ་བའི་ཕྱིར་མི་བལྟའོ། །ལག་པ་སྦགས་པས་ཆུ་སྣོད་སོགས་གཙང་མ་ལ་མི་གཟུང་ངོ་། །དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་རོ། །ཁྱིམ་པ་ལ་མ་དྲིས་པར་ཁྲུས་ཆུ་གར་བབ་བབ་ཏུ་དབོ་བར་མི་བྱའོ། །དྲུག་པ་ནི། ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །ཞེས་ཏེ། ཟས་ཟ་བའི་མཇུག་ཏུ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་རོ། །ལྷུང་བཟེད་ལན་གསུམ་བཀྲུས་པའི་ནང་དུ་ཆུ་གཙང་མ་ལ་གཙུག་ལག་གི་ཚིགས་སུ་བཅད་པ་དག་གིས་བརྗོད་པར་བྱ་སྟེ་སྦྱིན་པར་བྱའོ། །འདི་གཉིས་སྡོམ་གྱིས་མ་བསྡུས་ལ། བསྡུས་པ་ནི་འོག་གཞི་མེད་པའི་ས་དང་། གད་ཁ་དང་། གཡང་ས་དང་། དཀན་གཟར་པོར་ལྷུང་བཟེད་མི་གཞག་གོ །གད་ཁ་སོགས་གསུམ་དུ་མི་བཀྲུའོ། །འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་མི་བཀྲུའོ། །ལམ་གྱི་གཞི་མདོར་མི་བཀྲུའོ། །བདུན་པ་ནི། སྡོམ་ལ། འགྲེང་བར་བྱེད་པ་ལ་སོགས་ལྔ། །མགོ་གཡོག་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་འཁར་བ་ལ་སོགས་དྲུག །ཅེས་ཏེ། དེ་ལྟར་ཟས་ཀྱི་བྱ་བ་རྫོགས་པའི་མཇུག་ཏུ། སྦྱིན་པ་བཤད་པ་དང་། ཡོན་བཤད་པ་བྱ་དགོས་སོ། །དེའི་ཚུལ་ནི། ཉན་པ་པོ་འདུག་པ་ལ་འཆད་པ་པོས་འགྲེངས་ཏེ་ཆོས་མི་བཤད་དོ། །ཉལ་བ་ལ་འདུག་སྟེ་མི་བཤད་དོ། །གདན་མཐོན་པོ་དང་བཟང་པོ་ལ་འདུག་པ་ལ་དམའ་བ་དང་ངན་པར་འདུག་སྟེ་མི་བཤད་དོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་མི་བཤད་དོ། །ལམ་གྱི་དབུས་ནས་འགྲོ་བ་ལ་ཟུར་ནས་འགྲོ་ཞིང་མི་བཤད་དོ། །གཞན་ཡང་མགོ་གཡོགས་པ་དང་གོས་བརྫེས་པ་དང་། ཕྲག་པ་ལ་གཟར་བ་དང་། ལག་པ་གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་དོ། །གཞན་ཡང་མགོ་དོ་ཀེར་ཅན་ཏེ་ཐོར་ཅོག་ཅན་དང་། ཞྭ་གྱོན་པ་དང་། ཅོད་པཎ་ཅན་དང་། ཕྲེང་བ་ཅན་དང་ཐོད་དཀྲིས་པ་རྣམས་ལ་ཆོས་མི་འཆད་དོ། །གཞན་ཡང་གླང་པོ་ཆེ་དང་། རྟ་ཞོན་པ་དང་། ཁྱོགས་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷྭམ་གོན་པ་རྣམས་ལ་ཆོས་མི་བཤད་དོ། །གཞན་ཡང་ལག་ན་འཁར་བ་དང་། གདུགས་དང་། མཚོན་ཆ་དང་། རལ་གྲི་དང་། དགྲ་ཆ་ཐོགས་པ་དང་། གོ་གྱོན་པ་ལ་ཆོས་མི་བཤད་དོ། །བརྒྱད་པ་སྒྲུབ་པའི་ཚུལ་ལས་གྱུར་པའི་སྡེ་དང་། དགུ་པ་རྒྱུ་བ་དགག་པའི་སྡེ་གཉིས་ནི། ན་བ་རྣམ་པ་བརྒྱད་རྣམས་སོ། །ཞེས་ཏེ། དེ་ལྟར་ཟས་ཟོས་ཟིན་པའི་རྗེས་སུ་ཟས་ཀྱི་རྒྱུ་མཐུན་ཟག་པ་འདོར་བའི་ཚུལ་ནི། འགྲེངས་ཏེ་བཤང་གཅི་མི་བྱ། ཆུའི་ནང་དུ་མི་བྱ། བྱས་ཟིན་མི་དོར་རོ། །དེ་བཞིན་དུ་སྣབས་དང་། སྐྱུགས་པ་དང་། རླུགས་པ་དང་། ལུད་པ་རྣམས་ཆུའི་ནང་དུ་མི་བྱ། བྱས་ཟིན་མི་དོར་རོ། །རྩྭ་སྔོན་ཡོད་པའི་ཕྱོགས་སུ་དེ་དག་མི་བྱ། མི་དོར་རོ། །ཕྱོགས་ཐམས་ཅད་དུ་རྩྭ་སྔོན་གྱིས་ཁྱབ་ན་ལྟུང་བ་མེད་དོ། །དེ་དག་ནི་སྒྲུབ་པའི་ཚུལ་ལས་གྱུར་པའི་སྡེའོ། །རྒྱུ་བ་དགག་པའི་སྡེ་ནི། གནོད་པ་བྱུང་བ་རྣམས་མ་གཏོགས་ཤིང་ལ་སོགས་པ་ལ། མི་གོང་ཙམ་མཐོར་མི་འཛེག་གོ །མདོར་ན་རབ་ཏུ་བྱུང་བ་རྣམས་ཀྱིས་འགྲོ་འཆག་ཉལ་འདུག་པའི་སྤྱོད་ལམ་ཐམས་ཅད་བག་ཡོད་པར་བྱ་ཞིང་གཞན་གྱིས་མ་དད་པའི་དམིགས་རྐྱེན་མི་བྱའོ། །དགོངས་མོའི་དུས་སུ་ཡང་ཀློག་པ་ཐོས་བསམ་མམ། སྒྲུབ་པ་བསམ་གཏན་གང་རུང་ལ་འབད་པར་བྱའོ། །ནམ་གྱི་སུམ་ཆ་སོང་ནས་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ཏེ། ལུས་དང་། སེམས་དང་། གོས་མ་འཕྱར་བས་ཉལ་བར་བྱའོ། །ལུས་མ་འཕྱར་བ་ནི་གཞོགས་གཡས་པ་ས་ལ་ཕབ་སྟེ་ལག་པ་གཡོན་པ་བརླའི་སྟེང་དུ་བཞག གཡས་པས་འགྲམ་པ་བརྟེན། པུས་མོ་སྙིང་གར་སླེབ་པར་དགུག འདོད་པའི་ཕྱོགས་སུ་མགོ་བོ་སྟན་ཏེ་ཉལ་བར་བྱའོ། །སེམས་མ་འཕྱར་བ་ནི་མྱུར་དུ་ལངས་ཏེ་དགེ་སྦྱོར་བྱའོ་སྙམ་པ་དང་། སྣང་བ་སྐྱ་འོལ་ཡིད་ལ་བྱ་བ་དང་། འཆི་བ་མི་རྟག་པ་དང་། འཁོར་བའི་ཉེས་དམིགས་དང་། དཀོན་མཆོག་གི་ཡོན་ཏན་བསམ་པ་སོགས་དགེ་བའི་སེམས་ཀྱིས་ཉལ་བར་བྱའོ། །གོས་མ་འཕྱར་བ་ནི། ཤམ་ཐབས་ཕུད། ཤམ་ཐབས་ཀྱི་གཟན་བགོས། སྣམ་སྦྱར་དང་བླ་གོས་རིམ་པ་མང་དུ་ལྟེབ་ནས་སྔས་སུ་བཅུག རུང་བའི་སྟན་ལ་ཉལ་བར་བྱའོ། །དགེ་སློང་གི་ལྟུང་བ་སྡེ་ལྔ་དང་། དེ་དག་སྤོང་བའི་གཉེན་པོ་རྣམས་བཤད་ཟིན་ཏོ། །དགེ་སློང་མའི་བསླབ་པ་ནི། མཐའ་བརྒྱད་དགེ་འདུན་ལྷག་མ་ཉི་ཤུ་དང་། །དེ་བཞིན་སྤོང་བ་སུམ་ཅུ་རྩ་གསུམ་དང་། །ལྟུང་བྱེད་འབའ་ཞིག་བརྒྱ་དང་བརྒྱད་ཅུ་དང་། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། །བསླབ་པའི་ཕྲེང་བ་ལྷག་མར་བཅས་པ་སྟེ། །ཞི་བར་བྱེད་པ་དགེ་སློང་ཕ་དང་མཐུན། །ཅེས་ལྟུང་བ་སུམ་བརྒྱ་དྲུག་ཅུ་རྩ་གཉིས་གསུངས་ཏེ་གཞན་དུ་ཤེས་པར་བྱའོ། །བསླབ་པའི་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་བསྟན་ཟིན་ཏོ།།  ༈  །།བཞི་པ་བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་ལ་གསུམ་སྟེ། དུས་ཅིག་ཆར་བ་དང་འབྲེལ་བ་གསོ་སྦྱོང་། དགག་དབྱེའི་རྒྱུ་དབྱར་གནས། དུས་རེས་འགའ་བ་དང་འབྲེལ་པ་དགག་དབྱེའི་སྒོ་ནས་བསྲུང་བའོ། །དང་པོ་ནི། བསླབ་པ་གསུམ་གསོ་ཞིང་མི་མཐུན་ཕྱོགས་སྦྱོང་བར་བྱེད་པས་ན་གསོ་སྦྱོང་སྟེ། ཀརྨ་ཤ་ཏམ་ལས། གསོ་སྦྱོང་ཞེས་བྱ་བ་ནི། བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ་ཞེས་གསུངས་པས་དབྱེ་ན་བསླབ་པ་གཞན་གཉིས་གསོ་ཞིང་སྦྱོང་བར་བྱེད་པ་ཞི་གནས་ཀྱི་གསོ་སྦྱོང་དང་། ཚུལ་ཁྲིམས་ཀྱི་བསླབ་པ་གསོ་ཞིང་སྦྱོང་བར་བྱེད་པ་མཐུན་པའི་གསོ་སྦྱོང་གཉིས་ལས། དང་པོ་ནི། སྤོང་ཁང་མཚན་ཉིད་དང་ལྡན་པ། ཞལ་ཏ་བ་དང་བཅས་པར་དགེ་སློང་བསམ་གཏན་པས་འདུག་སྟེ། ཞི་གནས་ལྷག་མཐོང་ཟུང་སྦྲེལ་གྱི་སེམས་དང་སེམས་ལས་བྱུང་བའི་ཏིང་ངེ་འཛིན་བསྒོམས་པས་ལྟུང་བའི་རྒྱུ་ཉོན་མོངས་པ་དང་རྣམ་པར་རྟོག་པ་སྤངས་པ་ལས་རྒྱུད་ལ་ལྟུང་བས་མི་གོས་ཤིང་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར། དེ་ལ་བརྟེན་ནས་སེམས་དང་ཤེས་རབ་ཀྱི་བསླབ་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཐབས་ཤིག་ཡིན་ཏེ། གཞན་དུ་སྟོན་ཏོ། །གཉིས་པ་མཐུན་པའི་གསོ་སྦྱོང་ལ་སྤྱིར་བསྟན་པ་དང་། སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། ཀརྨ་ཤ་ཏམ་ལས། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་དབྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་ངོ་ཞེས་སོ། །དེ་ལ་བཅུ་བཞི་པ་དང་། བཅོ་ལྔ་པ་གཉིས་འོག་ཏུ་བསྟན་ལ། བཀྲ་ཤིས་ཀྱི་གསོ་སྦྱོང་ནི། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུགས་དང་གདིང་། །གསེར་གྱི་རུང་བ་བྱས་པ་ནི། །འདི་དག་རུང་མིན་གཞི་བཅུ་ཡིན། །ཞེས་རུང་བ་མ་ཡིན་པའི་གཞི་བཅུ་ལྟ་བུ་སེལ་བ་དང་། རབ་གནས་སོགས་བཀྲ་ཤིས་པའི་དུས་དང་། གནོད་པ་དབྱུང་བའི་གསོ་སྦྱོང་ནི། ནད་ཡམས་སོགས་ཞི་བའི་ཆེད་དང་། བསྡུམ་པའི་གསོ་སྦྱོང་ནི་དགེ་འདུན་བྱེ་ན་བསྡུམ་པ་སོགས་ཀྱི་ཚེ་བྱ་ཞིང་། ལས་བྱེད་པའི་ཚེ་ནའང་འདིའང་དགེ་འདུན་གྱི་བཀྲ་ཤིས་པའི་གསོ་སྦྱོང་ལགས་ལ་ཞེས་བརྗོད་དོ། །གཉིས་པ་ནི་བཅུ་བཞི་པ་དང་། བཅོ་ལྔ་པ་ཡིན་པས་འདི་ལ་དྲུག་སྟེ། གནས་གང་དུ། དགེ་འདུན་གང་དག་གིས། དུས་ནམ་གྱི་ཚེ། ཆོ་ག་ཇི་ལྟ་བུས། དགོས་པ་གང་གི་ཕྱིར་གསོ་སྦྱོང་བྱ་བ་དང་། གསོ་སྦྱོང་གི་དམིགས་བསལ་ལོ། །དང་པོ་ནི། མཚམས་གང་དུ་དགེ་འདུན་གསོ་སྦྱོང་སྔོན་དུ་བྱེད་པར་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱས་པ་དེར་གསོ་སྦྱོང་བྱེད། གསོལ་གཉིས་ཀྱི་ལས་ནི་འོག་ནས་སྟོན། གཉིས་པ་དགེ་འདུན་ནི་མཚམས་ནང་ན་ཡོད་པ་ཇི་སྙེད་འདུས་སམ་འདུན་པས་འདུ་དགོས་ལ། བཞི་ཡན་ཆད་ཚང་བའི་མཚན་ཉིད་གསུམ་དང་ལྡན་པས་སོ། །གསུམ་པ་དུས་ནམ་གྱི་ཚེ་བྱ་བ་ནི་འདིར་དུས་ཚིགས་ཀྱི་རྣམ་གཞག་ཤེས་དགོས་པས། རྒྱས་པར་ནི་གཞན་དུ་འཆད་ལ་སྐབས་སུ་མཁོ་བ་ནི་སྨིན་དྲུག་གི་ཉ་བའི་ཕྱི་དེ་ཉིན་བར་མར་ངོའི་ཚེས་གཅིག་ནས་བཟུང་སྟེ་མགོའི་ཉ་བའི་ཟླ་བ་ནི་དུས་ཚིགས་རྣམས་ཀྱི་ཟླ་བའི་དང་པོ་ཡིན་ལ། དེ་ནས་རྒྱལ་དང་། མཆུ་དང་། དབོ་དང་། ནག་པ་དང་། ས་ག་དང་། སྣྲོན་དང་། གྲོ་ཞུན་དང་། ཆུ་སྟོད་དང་། ཁྲུམས་སྨད་དང་། ཐ་སྐར་དང་། སྨིན་དྲུག་ཟླ་བ་སྟེ་བཅུ་གཉིས་ལ་གཉིས་ཚན་དྲུག་ཏུ་བྱས་པའི་ཟླ་བ་ཕྱེད་དང་གཉིས་འདས་ནས་ཕྱེད་ལུས་པ་དྲུག་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་ལ། ཉ་ཤི་གཞན་བཅོ་བརྒྱད་ལ་བཅོ་ལྔ་པ་འབྱུང་སྟེ། དཔེར་མཚོན་ན་སྔར་གྱི་མགོའི་ཟླ་བ་རྫོགས་ནས་རྒྱལ་གྱི་ཟླ་བའི་ཕྱེད་ལུས་པའི་མར་ངོ་ལ་བཅུ་བཞི་པ་འབྱུང་བ་ལྟ་བུའོ། །བཞི་པ་ཆོ་ག་གང་གིས་གསོ་སྦྱོང་བྱེད་པ་ལ་སྦྱོར་བ། དངོས་གཞི། མཇུག་གསུམ་ལས། དང་པོ་ནི། རང་དང་། གཞན་དང་། གཉིས་ཀའི་ལྟུང་བ་ཕྱིར་བཅོས་པ་གསུམ་སྔོན་དུ་བཏང་ནས་གཙུག་ལག་ཁང་ཆག་ཆག་དང་། ཕྱག་དར་དང་། ལྕི་བ་གསར་པའི་བྱུག་པ་སོགས་ཀྱིས་གཙང་བར་བྱས་ནས། སྐུ་གསུང་ཐུགས་ཀྱི་རྟེན་ཚང་ཞིང་མཆོད་པ་ཅི་འབྱོར་པ་ཡང་བཤམས་ནས། དགེ་བསྐོས་པས་གནས་མལ་ཤོམ་པ་དང་། གྷཎྜི་བརྡུང་བར་བྱས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྒོས་ཏེ། མཚམས་ནང་དེར་གནས་པའི་དགེ་འདུན་ཚོགས་པར་བྱ་ཞིང་། ནད་པ་སོགས་འདུ་བར་མི་ནུས་པ་རྣམས་ལས་འདུན་པ་དང་ཡོངས་དག་བླང་བར་བྱའོ། །བླ་མ་དག་སྐབས་འདིར་ཐོག་མར་སྟོན་པ་སངས་རྒྱས་ལ་སྤྱི་ཕྱག་དང་། དེ་ནས་དགེ་འདུན་རྣམས་ཟིངས་ཕྱག་བྱས་ནས་ཕན་ཚུན་ཙོག་པུར་འདུག་སྟེ། སྤྱི་བཤགས་ཚར་གསུམ་གྱི་རྗེས་སུ། ཐོག་མར་དགེ་སློང་གཅིག་གིས་གནས་བརྟན་ལ་མཐོང་སྡོམ་དྲིས་ནས་དེ་ནས་གནས་བརྟན་གྱིས་ཀུན་ལ་མཐོང་སྡོམ་དྲི་བའི་ཕྱག་ལེན་མཛད་པ་ནི་འདུལ་བར་ལས་གྲལ་དུ་མ་འདུས་པའི་གོང་དུ་རང་གཞན་གྱི་ལྟུང་བ་ཕྱིར་བཅོས་གྲུབ་པའི་དབང་དུ་བྱས་ནས་འདི་མ་བཤད་ཀྱང་དེ་མ་གྲུབ་ན་འདི་ཙམ་ལ་ཡང་ངེས་པར་བརྟེན་དགོས་པ་འདྲའོ། །དེ་ནས་གནས་བརྟན་གྱིས་བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ་ཞེས་གསུངས་པ་ལྟར་ཕྱག་ལེན་དུ་བགྱིད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ་རང་གཞན་གྱི་ལྟུང་བ་ཕྱིར་བཅོས་པ། གྷཎྜི་བརྡུང་བ། དགེ་འདུན་བསྡུ་བ། དྲིས་པའི་ཚིག་གིས་ལན་གདབ་པ། སྟན་ཐབས་མི་ཉམས་པར་བྱ་བ་རྣམས་སྔོན་དུ་སོང་ནས། མདོ་རྩ་བར། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔའི་ནུབ་མོ་ཆོས་ཉན་པ་སྦྱིན་པར་བྱ་ཞེས་བཤད་པས། བཤད་ཉན་མ་བྱས་པའི་ཉེས་པ་སྤོང་བའི་ཆེད་དུ་མདོ་ཐུང་གཅིག་འདོན་པར་བགྱི་བས་གསན་འཚལ་ཞེས་བརྗོད་ལ། འདུལ་བ་རྒྱལ་པོ་རྗེ་ཡི་རིགས་སུ་འཁྲུངས། །སློབ་མ་འདུལ་མཛད་ཉེས་པ་རབ་ཐུལ་བ། །སངས་རྒྱས་འདུལ་བའི་གཙོ་ལ་ཕྱག་འཚལ་ཏེ། །འདུལ་བའི་བསྔགས་པ་ཅུང་ཟད་བརྗོད་པར་བྱ། །ལྷ་དང་ཀླུ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་མཆོག་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་ཉན་ཕྱིར་ནི་འདིར་གཤེགས་ཤིག །གང་ཞིག་གསེར་མཆོག་རི་རབ་ལ་གནས་ལྷ་དང་མནྡཱ་རར་བཅས་གནོད་སྦྱིན་གང་ཡིན་དང་། །གདེངས་ཀའི་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རི་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་ཡིད་དགའ་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་ཉན་ཕྱིར་ནི་འདིར་གཤེགས་ཤིག །དེ་བས་རྒྱ་ཆེན་ཡོན་ཏན་རིན་ཆེན་གཏེར་གྱུར་པ། །དོན་གཞན་བྱེད་པ་འདི་ལ་དད་ཅིང་གུས་པར་གྱིས། །འདི་བས་ལྷག་པའི་མཉན་བྱ་གཞན་དག་ཡོད་མིན་པས། །དབང་པོའི་རྟ་ནི་ལེགས་པར་ཐུལ་ལ་ཐུབ་པའི་གསུང་ཉན་གྱིས། །སྟོན་པའི་ཞལ་ནས་བྱུང་བའི་སྐྱེ་བོའི་མིག་ནི་བཀྲ་ཤིས་ཀྱི། །འབྱུང་གནས་སེམས་ལ་ཞོག་ཅིག་གང་ཕྱིར་འདི་ནི་ལུས་ཅན་ཀུན་གྱི་རྣ་བའི་བདུད་རྩི་དང་། །ཉོན་མོངས་པ་ཡི་ནད་ཀུན་སེལ་བར་མཛད་པ་ཡིན་པས་འདི་དོན་ཡང་དག་བསམ་པར་གྱིས། །འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་ན། །མི་ཡི་ལུས་ནི་ཚོགས་ཀྱིས་རྙེད་པ་ཡིན། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །མཁས་པ་རྟག་ཏུ་དགོས་པ་བག་ཡོད་ཅིང་། །བསོད་ནམས་ཡིད་ལ་བྱ་བ་དེ་བརྩོན་བྱ། །རྒྱུ་འདི་རྣམས་ཀྱིས་སངས་རྒྱས་ཀྱི་ནི་གསུང་ངག་མཉན་པར་བྱ་བའི་རིགས། །སྟོབས་བཅུ་ཏིང་འཛིན་སོགས་དང་། མི་མཆོག་འདུལ་བ་སོགས་དང་། ཉི་མའི་འོད་ཟེར་སོགས་དང་། ཁམས་གསུམ་པ་ཡི་སོགས་དང་། གང་གིས་འཆིང་རྣམས་སོགས་དང་།           རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*