ཀྱེ་རྡོ་རྗེ་རྒྱུད་གྱི་བྱུང་ཚུལ་དང་བླ་མ་བརྒྱུད་པའི་རྣམ་ཐར་སོགས། ཀ༽

༼ཁ༽༄༅། །རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་བྱུང་ཚུལ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེའི་བྱུང་ཚུལ་དང༌། བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །གང་གི་གསུང་གི་ཉིན་བྱེད་འོད་ཟེར་གྱིས། །བདག་བློའི་སྙིང་གི་མུན་པ་ཀུན་བསལ་ནས། །མ་ནོར་ཆོས་དོན་དྲི་མེད་སྟོན་མཛད་པའི། །རྟོག་མེད་མཚན་ཅན་དཔལ་ལྡན་བླ་མས་སྐྱོང༌། །རྡོ་རྗེ་འཆང་དབང་གསུང་ངག་བདུད་རྩིའི་རྒྱུན། །ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་གིས། །རྒྱུད་དོན་ཟབ་མོའི་དགོངས་པ་གསལ་མཛད་པ། །ས་སྐྱའི་བླ་ཆེན་རྣམས་ལ་བདག་ཅག་དད། །རྒྱུད་རྣམས་ཀུན་གྱི་ཡང་དག་ངེས་པའི་དོན། །གསང་ཆེན་རྣལ་འབྱོར་གཉིས་སུ་མེད་པའི་རྒྱུད། །རྡོ་རྗེའི་ཚིག་གྱུར་བདུན་བརྒྱ་ལྔ་བཅུ་པའི། །བྱུང་ཚུལ་བརྒྱུད་པའི་རྣམ་ཐར་འདིར་བཤད་བྱ། །འདིར་རྡོ་རྗེ་ཐེག་པའི་བྱུང་ཚུལ་རྣམ་པར་བཞག་པ་ལ། སྤྱི་དོན་གཉིས་པ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་འདོད་ཚུལ་གཏན་ལ་དབབ་པ་ལ་གསུམ། རྡོ་རྗེ་ཐེག་པ་སྤྱི་ཡི་བྱུང་ཚུལ། རྒྱུད་འདི་ཉིད་ཀྱི་བྱུང་ཚུལ། བྱུང་བའི་ཆོས་ལ་འཆད་ཉན་བྱ་ཚུལ་ལོ། །དང་པོ་ལ་སངས་རྒྱས་སངས་རྒྱས་པའི་དུས་ནམ་ཡིན་པ་སོགས་སྤྱི་རྣམ་ལྟར་རོ། །གཉིས་པ་ལ་གསུམ། སྟོན་པས་གསུང་ཚུལ། སྡུད་པ་པོས་བསྡུས་ཚུལ། དེ་ཇི་ལྟར་འཕེལ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྤྱིར་སྟོན་པ་ཆོས་ཀྱི་སྐུ་ཡིས་གསུང་ཚུལ་དང༌། བྱེ་བྲག་ཏུ་ལོངས་སྤྲུལ་གཉིས་ཀྱིས་གསུང་ཚུལ་ལོ། །དང་པོ་ནི། སྟོན་པ་ཆོས་ཀྱི་སྐུའི་བཞུགས་པའི་གནས་ནི། དཔྱད་པར་བྱ་བ་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། དཔྱོད་བྱེད་ལྷག་མཐོང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས། དཔྱད་པའི་ཆོས་སྐུ་ཉིད་ཐམས་ཅད་དུ་སྣང་ཞིང་ཐིམ་པའི་ཚུལ་གྱིས་ཁྱབ་པར་བཞུགས་ཏེ། མདོར་ན་བཞུགས་པར་བྱ་བའི་གནས་བདེན་པ་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ལའོ། །བཞུགས་པ་པོ་སྟོན་པ་ནི་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ཐུགས་ཡང་དག་པའི་ཡེ་ཤེས་བསྒྲུབ་བྱའི་རིག་པ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཞེས་བྱ་བ་དེས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱི་ཆོས་སྐུ་དང༌། ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་ཐུགས་རྟོགས་པ་ཆོས་ཀྱི་སྐུའི་ཡེ་ཤེས་དང་གཉིས་སུ་མེད་པའི་ཆོས་ཉིད་དོ། །བཞུགས་པའི་ཚུལ། ཆོས་ཀྱི་སྐུ་དེ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་དུ་སྣང་བས་ན། དེ་ལས་བྱུང་བའི་ཚུལ་གྱིས་ཁྱབ་ཅིང་བཞུགས་ལ། དོན་དམ་པ་དག་པ་དང༌། མ་དག་པའི་ཆོས་ཏེ། དེ་བཞིན་ཉིད་དུ་ཐིམ་ཞིང་འགྲོ་བས་ན་བདག་ཉིད་གཅིག་པའི་ཚུལ་གྱིས་བཞུགས་སོ། །དུས་ནི། དུས་གསུམ་མཉམ་པ་ཉིད་དུ་མི་འགྱུར་བར་རྟག་ཏུ་བཞུགས་ཤིང༌། འཁོར་དང་ཆོས་ནི་སྟོན་པ་དེ་ཉིད་ཀྱི་རྣམ་འཕྲུལ་ཏེ། དོན་དམ་པར་ན་ཕུན་སུམ་ཚོགས་པ་ལྔ་ཐ་དད་དུ་གྲུབ་པ་མེད་དེ། རྡོ་རྗེ་གུར་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷ་ཡི་བདག་པོ་གཅིག་པུ་ཉིད། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་དང༌། དེའི་འགྲེལ་པར། འདི་ནི་ཞེས་བྱ་བ་ནི། འདིས་ནི་རྟག་ཏུ་ད་ལྟར་འབྱུང་བའོ། །རང་བྱུང་ཞེས་བྱ་བ་ནི། དོན་དམ་པར་རྒྱུ་ལ་སོགས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ། བྷ་ག་ནི་དབང་ཕྱུག་ལ་སོགས་པ་དྲུག་སྟེ། དེ་འདི་ལ་ཡོད་པས་བཅོམ་ལྡན་འདས་སོ། །དེ་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩམས་པ་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་འདི་དག་བཅོམ་པར་བཤད། །ཅེས་སོགས་གསུངས། གཅིག་པུ་ཞེས་བྱ་བ་ནི་གཉིས་སུ་མེད་པ་སྟེ། ཆོས་སྐུའི་ཚུལ་གྱིས་སོ། །ཞེས་དང༌། སམྦུ་ཊ་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུ་ཞེས་རབ་ཏུ་གྲགས། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། ལོངས་སྐུ་རྒྱུའི་ཧེ་རུ་ཀས་གསུང་ཚུལ་དང༌། སྤྲུལ་སྐུ་འབྲས་བུའི་ཧེ་རུ་ཀས་གསུང་ཚུལ་ལོ། །དང་པོ་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ། ངོ་བོ་ངེས་པ་ཟླ་བ་ཆུ་ཤེལ་ནོར་བུའི་འོད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པས། འཁོར་ངེས་པ་རྡོ་རྗེ་སྙིང་པོ་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཆོས་ངེས་པ་དཔལ་ཀྱེ་རྡོ་རྗེའི་རྒྱུད་རྣམས་དུས་ངེས་པར་རྒྱུན་མི་ཆད་དུ་གསུངས་པ་ཡིན་ཏེ། ཇི་སྐད་དུ། གང་ཡང་འོག་མིན་ཞིང་ཁམས་ནི། །ཡེ་ཤེས་སྣང་བ་རྒྱས་པའི་ཕྱིར། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་གྱིས། །རྒྱུན་མི་ཆད་ཅིང་ཁྱབ་པ་དང༌། །རྟག་ཅིང་འགྱུར་མེད་མཆོག་གིས་ནི། །གསང་ཆེན་འདི་ནི་ཀུན་ཏུ་སྟོན། །ཞེས་གསུངས་སོ། །དེའང་ལོངས་སྐུ་ལ་འདས་གྲོངས་མི་མངའ་བར་ས་བཅུའི་བྱང་སེམས་ཀྱི་དབུས་སུ། ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྣང་བ་རྒྱུན་མི་ཆད་པའི་ཕྱིར་རྟག་པ་ཞེས་བྱའི། འགྱུར་མེད་ཀྱི་རྟག་བརྟན་དུ་འདོད་པ་ནི་མ་ཡིན་ཏེ། སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱིས། ཆོས་ཀྱི་སྐུ་ནི་རང་བཞིན་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་མོར་བཞུགས་པས་རྟག་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་ཆད་པས་རྟག་པའོ། །ཞེས་གུར་འགྲེལ་དུ་གསུངས་པའི་ཕྱིར་རོ། །གཉིས་པ་ལ་བཞི། དང་པོར་སྤྲུལ་སྐུ་མཆོག་གིས་གསུང་ཚུལ། ཕྱིས་ཤཱཀྱ་སེང་གེས་བཟླས་ཏེ་གསུང་ཚུལ། །བཟླས་ཏེ་གསུངས་པའི་དགོས་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། གསུང་པའི་རྒྱུ་དང༌། ཚུལ་ཇི་ལྟར་གསུངས་པའོ། །དང་པོ་ནི། ཛམྦུའི་གླིང་འདིར་དབང་ཕྱུག་ལ་སོགས་པ་འཇིག་རྟེན་པ་ཆེན་པོ་རྣམས་འདུལ་བའི་ཕྱིར་གསུངས་ཏེ། དེའང་རྒྱུད་རྒྱས་པ་ལས་འབྱུང་བའི་དོན། བླ་མ་གོང་མ་རྣམས་ཀྱིས་གསུངས་བཞིན་བཤད་ན། སྔོན་ཁམས་གསུམ་ལས། གཟུགས་མེད་པའི་ཁམས་ལ་ནི་བདག་པོ་མེད་ལ། གཟུགས་ཁམས་ཀྱི་བདག་པོ་ཚངས་པ་དང༌། འདོད་ཁམས་རྒྱ་ཆེ་བའི་བདག་པོ་དབང་ཕྱུག་ཆེན་པོ་དང༌། འདོད་ཁམས་རྒྱ་ཆུང་བའི་བདག་པོ་གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཏོ་ཅན་དང༌། རི་རབ་ཀྱི་རྩེ་མན་ཆད་གླིང་བཞིའི་བདག་པོ། དབང་ལྡན་ན་གནས་པའི་དྲག་པོ་དབང་ཕྱུག་ཆེན་པོ་སྟེ་གཙོ་བོ་བཞི་དང༌། དེ་དག་གི་ཆུང་མ་གཽ་རཱི་ལ་སོགས་པ་བརྒྱད་འཁོར་འདོད་ཁམས་ཀྱི་ཚངས་པ་ལ་སོགས་པ་དྲེགས་པ་ཅན་བརྒྱད་དང༌། དེ་དག་ལ་ཡང་རང་གི་འཁོར་དང་ཆུང་མ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་འདོད་ཆགས་ཤས་ཆེ་བས། སྤྱོད་ལམ་དུས་བཞིར་ཆུང་མ་དང་འཁྱུད། ཞེ་སྡང་ཤས་ཆེ་བས་མི་མང་པོ་བསད་ནས་དེ་དག་གི་ཤ་ཁྲག་ལ་རོལ། གཏི་མུག་ཤས་ཆེ་བས་རྒྱུ་འབྲས་དང་དེ་ཁོ་ནའི་དོན་ལ་རྨོངས། འདོད་ཡོན་ལྔ་རང་དགར་སྤྱོད་ཅིང༌། ཛམྦུ་གླིང་གི་མི་ཐམས་ཅད་དབང་དུ་བསྡུས་ནས། རང་ཡང་ལས་ལོག་པ་ལ་ཞུགས་ཤིང༌། གཞན་དག་ཀྱང་འགོད་པར་བྱེད་ལ། དྲེགས་པའི་རློམ་ཚིག་ཀྱང་སྨྲའོ། །དེའི་ཚེ་ལོངས་སྐུ་རྒྱུའི་ཧེ་རུ་ཀས། དྲག་པོ་དབང་ཕྱུག་འཁོར་བཅས་འདུལ་བའི་ཕྱིར། དགོངས་པ་སྣ་ཚོགས་པའི་དམ་ཚིག་ཆེན་པོས་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། བ་སྤུའི་བུ་ག་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་པ་གླིང་བཞི་བྱེ་བ་ཕྲག་བརྒྱར་གདུལ་བྱའི་དོན་དུ་སྤྲོས་ཤིང༌། ཁྱད་པར་དུ་ཛམྦུའི་གླིང་འདིར། སྤྲུལ་སྐུ་འབྲས་བུའི་ཧེ་རུ་ཀ་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང༌། དྲག་པོའི་ཆུང་མ་བརྒྱད་དང་མིང་མཐུན་པའི་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་སྤྲུལ་ནས་དབང་ཕྱུག་རང་དང༌། དེ་བས་ཆེ་བ་གསུམ་དང་བཅས་པ་བཅོམ་ལྡན་འདས་ཉིད་ཀྱི་གདན་དུ་མཛད། དྲེགས་པ་ཅན་བརྒྱད་ནི་ལྷ་མོ་བརྒྱད་ཀྱི་གདན་དུ་བྱས། ཞེས་རྣམ་བཤད་དག་ལྡན་དུ་འབྱུང་ལ། གདན་གྱི་དག་པ་ལས། དྲག་པོའི་འཁོར་ཆེ་ཤོས་ནི་གཙོ་བོས་མནན། དྲག་པོ་རང་ནི་གྷསྨ་རཱིས་མནན་ནོ་ཞེས་བཤད་དོ། །དབང་ཕྱུག་གི་ཆུང་མ་བརྒྱད་དང༌། དེ་དག་གི་འཁོར་བསམ་གྱིས་མི་ཁྱབ་པ་ནི་ཕྲིན་ལས་པའི་ཚུལ་གྱི་དུར་ཁྲོད་བརྒྱད་དུ་བསྐྲད་ནས་དེ་རྣམས་ཀྱི་ཞེ་སྡང་བཏུལ། ཙུམྦྷ་དང་བསྲུབ་པ་ལ་སོགས་པ་བདེ་བ་ཆེན་པོའི་རྣམ་འཕྲུལ་གྱིས་འདོད་ཆགས་བཏུལ། སྔགས་ལ་སོགས་པ་གསུང་གི་སྒྲས་གཏི་མུག་བཏུལ་བར་མཛད་དེ། མདོར་ན་དབང་ཕྱུག་འཁོར་བཅས་ཀྱིས་འཇིག་རྟེན་པ་རྣམས་མ་རུངས་པར་བྱས་པས། དེ་དག་འདུལ་བའི་ཆེད་དུའོ། །གཉིས་པ་ནི། དེ་ལྟར་དུས་དབང་ཕྱུག་འཁོར་བཅས་བཏུལ་བའི་རྗེས་ཁོ་ན་ལ་གནས་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཚུད་པའི་གཞལ་ཡས་ཁང་པར་སྟོན་པ་བཅོམ་ལྡན་འདས་ཀྱེ་རྡོ་རྗེས་འཁོར་འཇིག་རྟེན་ལས་འདས་པ་དུ་མ་ལ། ཆོས་ཀྱེ་རྡོ་རྗེ་འབུམ་ཕྲག་བདུན་གྱི་བདག་ཉིད་ཅན་གྱི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དང༌། འབུམ་ཕྲག་ལྔ་པ་ཞེས་བྱ་བ་རྟོག་པའི་རྒྱུད་དང༌། དེའི་རྒྱུད་ཕྱི་མ་དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེ། ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང་པོ། ཐུན་མོང་མ་ཡིན་པའི་བཤད་པའི་རྒྱུད་ཡེ་ཤེས་ཐིག་ལེ། རྒྱུད་སྡེ་གཞན་དང་ཐུན་མོང་གི་བཤད་རྒྱུད་དཔལ་སམྤུ་ཊ་འབུམ་ཕྲག་སུམ་ཅུ་སོ་དྲུག་པ། སྙིང་པོའི་རྒྱུད་གྲུབ་པ་ངེས་བསྟན་ཐིག་ལེ། འབྲས་བུའི་རྒྱུད་དེ་ཁོ་ན་ཉིད་སྒྲོན་མེ་རྣམས་གསུངས་ཏེ། ཡེ་ཤེས་ཐིག་ལེ་ལས། དེ་ནས་གཞན་ཉོན་བདག་གིས་བཤད། །ཇི་ལྟར་རྒྱུད་ཀྱི་རིམ་པ་བཞུགས། །དཔལ་དང་ལྡན་པའི་རིན་ཆེན་རྒྱུད། །འབུམ་བདུན་གྱིས་ནི་མཚན་ཞེས་བྱ། །དེ་ནི་གཙོ་བོའི་རྩ་བའི་རྒྱུད། །སྐུ་བརྒྱད་བདག་ཉིད་རབ་ཀྱི་མཆོག །དེ་བརྟག་ཀྱེ་ཡི་རྡོ་རྗེ་ནི། །འབུམ་ལྔ་ཡི་ནི་མཚན་ཞེས་བྱ། །དཔལ་ལྡན་ཕྱག་རྒྱ་ཆེ་ཐིག་ལེ། །དེ་ཡི་ཕྱི་མའི་རྒྱུད་དུ་དྲན། །ཡེ་ཤེས་སྙིང་པོར་གྲགས་པའི་རྒྱུད། །དེ་ཡི་ཕྱི་མའི་ཕྱི་མའོ། །དགའ་མོ་ཡེ་ཤེས་ཐིག་ལེ་སྒྲ། །བཤད་པའི་རྒྱུད་ནི་གསང་བ་ཆེ། །གྲུབ་པ་ངེས་བསྟན་ཐིག་ལེ་ནི། །ཞལ་བཟང་མོ་དེ་སྙིང་པོ་དང༌། །དེ་ཁོ་ན་ཉིད་སྒྲོན་མེའི་མཚན། །འབྲས་བུའི་རྒྱུད་གྲགས་འཆད་པར་འགྱུར། །དེ་བདུན་དུ་ནི་བདག་གིས་བཤད། །ཅེས་གསུངས་སོ། །གལ་ཏེ་འབུམ་ཕྲག་ལྔ་པ་ལ་སོགས་པའི་རྒྱུད་རྣམས་ཤཱཀྱ་ཐུབ་པའི་སྔོན་རོལ་དུ་གསུངས་པ་གང་གིས་ཤེས་ཞེ་ན། མཁའ་འགྲོ་རྒྱ་མཚོའི་རྒྱུད་རྩ་འགྲེལ་ལས། རྒྱུད་ཆེན་པོ་མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་འདིར་འདུས་པའི་གཟུགས་འབུམ་ཕྲག་སུམ་ཅུ་རྩ་དྲུག་གིས་རྩ་བའི་མདོ་རྣམ་པར་འཆད་པ་པོར་གྱུར་ཏོ། །རྒྱ་ཆེ་བ་ནི་དུ་མའོ། །མདོར་བསྡུས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་ཆོས་ཀྱི་ཕུང་པོའི་ཚད་དེ་འདི་ནི་ངེས་པའོ། །འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྒྱུད་རྒྱ་ཆེན་པོ་དེའི་དབུས་ནས་ཡོངས་སུ་བསྡུས་པའི་གཟུགས་སྙིང་པོ་ལྟ་བུ་ཆུང་ངུ་མཁའ་འགྲོ་རྒྱ་མཚོ་དེ་ལྟར་འདིའི་མིང་དུ་བཤད་པའོ། །རི་རབ་རྡུལ་ཞེས་བྱ་བ་ལ་སོགས་པ་རྒྱུན་ཆད་མེད་པར་རབ་ཏུ་འབབ་པ་སྟེ། དེ་བཞིན་དུ་བཤད་དོ། །སླར་ཡང་རྩོད་པའི་དུས་སུ་རྒྱུད་ཆེན་པོར་མངོན་པར་བརྗོད་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ཤཱཀྱ་སེང་གེས་གསུངས་སོ། །དེའི་ནང་ནས་སླར་ཡང་རྡོ་རྗེ་ཕག་མོ་ལ་སོགས་པའི་མ་མོ་འདུས་པ་རྣམས་ཀྱིས་རྒྱུད་འདི་རྡོ་རྗེའི་གནས་སུ་བཅོམ་ལྡན་འདས་ལས་ཐོས་པས། ཕན་ཚུན་རྗེས་སུ་བསྟན་པར་བྱས་ནས་བསྡུ་བར་མཛད་པ་སྟེ། གང་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ལ་མངོན་པར་དགའ་བ་སྟེ། ཚིག་འདི་ལ་ཞེས་བྱ་བ་ནི་གཞུང་གི་ཚད་ལ་ཡང་ངོ༌། །ལྷག་མ་གཞན་པའི་སེམས་ཅན་རྣམས་གྲོལ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་གསུངས་པས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་རྣལ་འབྱོར་རྒྱ་མཚོའོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བའོ། །སྡོམ་པ་ཞེས་བྱ་བ་ནི་སྡོམ་པ་རྒྱ་མཚོའོ། །བྱ་བ་ཞེས་བྱ་བ་ནི་བྱ་བ་རྒྱ་མཚོའོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་རྒྱ་མཚོའོ། །འདི་རྣམས་ཞེས་བྱ་བ་ནི་རྒྱུད་ལྔ་པོ་འདི་རྣམས་ལ་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བ་འདི་གཙོ་བོ་སྟེ། རྒྱུད་ཀྱི་རྒྱལ་པོ་རྒྱུད་ལྔ་དང་མཉམ་པ་རྒྱ་མཚོ་ཞེས་དྲུག་པོ་མདོར་བསྡུས་པ་རྒྱུད་ཀྱི་རྒྱལ་པོ་གཞན་གྱི་མིང་ཅན་ནོ། །ཞེས་རྣལ་འབྱོར་རྒྱ་མཚོ་དང༌། ཡེ་ཤེས་རྒྱ་མཚོ་ལ་སོགས་པ་རྒྱུད་གཞན་ལྔ་དང༌། དེ་ལྔ་ཆར་དང་མཉམ་པའི་མཁའ་འགྲོ་རྒྱ་མཚོའི་རྒྱུད་འབུམ་ཕྲག་སུམ་ཅུ་སོ་དྲུག་པ་སྟེ། རྒྱུད་དྲུག་པོ་དེ་རྣམས་ནི། ཤཱཀྱ་ཐུབ་པའི་སྔོན་རོལ་དུ་གསུངས་པར་བཤད་ལ། ཡེ་ཤེས་རྒྱ་མཚོའི་རྒྱུད་ནི་འབུམ་ཕྲག་ལྔ་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཡེ་ཤེས་རྒྱ་མཚོ་ཀྱེ་རྡོ་རྗེ། །འབུམ་ཕྲག་ལྔ་ཡི་བདག་ཉིད་རྒྱུད། །གང་ཞིག་ཁྱོད་ཀྱིས་དེ་ཉིད་གསུངས། །ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་རྩོད་དུས་སུའང་མཁའ་འགྲོ་རྒྱ་མཚོ་འབུམ་ཕྲག་གསུམ་ཅུ་སོ་དྲུག་པོ་གསུངས་པར་བཤད་དོ་ཞེ་ན། དེ་ནི་རྒྱུད་ཆེན་པོར་མངོན་པར་བརྗོད་པ་ཞེས་བྱ་བ་ཡིན་གྱི། མཁའ་འགྲོ་རྒྱ་མཚོ་ནི་མ་ཡིན་ནོ། །འོ་ན་ད་ལྟའི་མཁའ་འགྲོ་རྒྱ་མཚོའི་བསྡུས་རྒྱུད་འདི་དེ་ལས་ཕྱུང་བ་ཡིན་པའི་ཕྱིར། མཁའ་འགྲོ་རྒྱ་མཚོ་ཞེས་པའི་མཚན་མི་འཐད་པར་ཐལ་བའི་སྐྱོན་ཡོད་དོ་ཞེ་ན། མེད་དེ་དཔེར་ན། ཀྱེ་རྡོར་འབུམ་ལྔ་ལས་བརྟག་གཉིས་ཕྱུང་བ་ཡིན་ཀྱང༌། བརྟག་གཉིས་ལ་འབུམ་ལྔ་ཞེས་པའི་མཚན་མེད་པ་བཞིན་ནོ། །དེས་ན་འབུམ་ཕྲག་བདུན་པ་ནི། འབུམ་ལྔའི་རྩ་རྒྱུད་དུ་བཤད་པའི་ཕྱིར་ཐོག་མར་གསུངས་པར་གྲུབ་ཅིང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ནི། རྩ་རྒྱུད་འབུམ་ཕྲག་ལྔ་བསྟན་མ་ཐག་པའི་རྗེས་སུ་གཞན་མ་ཡིན་པའི་འཁོར་གྱི་དབུས་སུ་གསུངས་སོ། །ཞེས་འགྲེལ་པར་བཤད་པའི་ཕྱིར་དང༌། ཡེ་ཤེས་ཐིག་ལེ་ནི་བཤད་རྒྱུད་ཡིན་ལ། རྩ་རྒྱུད་ནམ་གསུངས་པའི་ཚེ། བཤད་རྒྱུད་གསུངས་པ་མི་འགལ་ཞིང༌། རྒྱུད་དེ་ཉིད་ལས། ཀྱེ་བཅོམ་ལྡན་འདས་མ་འོངས་པའི་དུས་ཡང་དག་པར་གསང་བའི་རྒྱུད་འདི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་སུས་བཤད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། དེ་ཁོ་ན་ཉིད་སྒྲོན་མ་ནི། རྒྱུད་དེ་ཉིད་ལས། གསང་བ་ཆེན་པོའི་རྒྱུད་འདི་ནི། །ཤེས་པ་དང་ནི་བཤད་པ་སུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཕྱོགས་དཔལ་རྡོ་རྗེའི་གནས་ཨུ་རྒྱན་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བས། ཤེས་པ་དང་བཤད་པ་དང་སེམས་ཅན་ལ་གསལ་བར་བྱེད་དོ། །ཅེས་ཕྱིས་གསང་སྔགས་འབྱུང་བར་ལུང་བསྟན་པའི་ཕྱིར། རྒྱུད་འདི་རྣམས་ཐོག་མར་གསུངས་པ་ཡིན་ནོ། །འོ་ན་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་འགྲེལ་པར་བདེ་མཆོག་གསུང་ཚུལ་བཤད་ནས། དེའི་རྗེས་སུ་ཛམྦུའི་གླིང་འདི་ཉིད་དུ། མ་ག་དྷཱར་བདུད་བཞི་བཏུལ་བའི་དོན་དུ། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་བསྟན་པ་ཆེན་པོ་དང་ཆུང་ངུའི་རྒྱུད་བཤད་པའི་རྒྱུད་དང་བཅས་པ་བསྟན་པར་མཛད་དོ། །ཞེས་བཤད་པ་དང་འགལ་ཞེ་ན་མི་འགལ་ཏེ། དེའི་རྒྱུད་ཆེན་པོ་ནི་འབུམ་ཕྲག་བདུན་པ་ཡིན་ལ། ཆུང་ངུ་ནི་འབུམ་ཕྲག་ལྔ་པ་ཡིན་ཞིང༌། བཤད་པའི་རྒྱུད་ནི་ཡེ་ཤེས་ཐིག་ལེ་ལ་སོགས་པ་ཡིན་ནོ། །དེས་ན་ཐོག་མར་བདེ་མཆོག་གི་ཆོས་འཁོར་བསྐོར་ནས། དེ་ནས་དགྱེས་པ་རྡོ་རྗེའི་རྒྱུད་དེ་རྣམས་གསུངས་ཏེ། སླར་ཡང་སངས་རྒྱས་པའི་ཚུལ་བསྟན་ནས། དགྱེས་པ་རྡོ་རྗེའི་རྒྱུད་ཆུང་ངུ་རྣམས་གསུངས་པ་ཡིན་ལ། བདེ་མཆོག་གི་རྒྱུད་ནི་ཕྱིས་གསུངས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྟོན་པ་ངེས་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། གསང་སྔགས་མཐའ་དག་གསུངས་ནས། སླར་ཡང་ཛམྦུའི་གླིང་གི་མི་རྣམས་ཀྱི་ཕྱིར། དགའ་ལྡན་དུ་དམ་པ་ཏོག་དཀར་པོར་འཁྲུངས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱས་པའི་ཚུལ་བསྟན་ཏེ། ཐེག་པ་གསུམ་གྱི་འཁོར་ལོ་བསྐོར་ནས། ཆགས་བྲལ་གྱི་ལམ་གྱིས་འདུལ་བར་མི་ནུས་པ་རྣམས་ཀྱི་དོན་དུ། གསང་སྔགས་ཀྱི་རྒྱུད་སྡེ་བསྡུས་པ་འགའ་ཞིག་གསུངས་ཤིང༌། ཁྱད་པར་རྩ་རྒྱུད་བསྡུས་པ་དཔལ་ཀྱེ་རྡོ་རྗེ་ཞེས་བྱ་བ་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་དང༌། བསྡུས་རྒྱུད་ཐུན་མོང་མ་ཡིན་པའི་བཤད་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་དང༌། རྒྱུད་གཞན་དང་ཐུན་མོང་གི་བཤད་རྒྱུད་དཔལ་སམྦུ་ཊ་རྣམས་གསུངས་པ་ལས། འདིར་རྩ་རྒྱུད་ཀྱི་དབང་དུ་བྱས་ན། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་བཙུན་མོའི་བྷ་ག་ནི། དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བར། གནས་ཕུན་སུམ་ཚོགས་པ་གསལ་བར་བྱ་བའི་ཕྱིར། བྷ་ག་ཅེས་བྱ་བ་སྨྲོས་ཏེ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར། བེམ་པོ་མ་ཡིན་པའི་ཁང་པ་བརྩེགས་པ་གྲུ་བཞི་སྒོ་བཞི་པ། འཇིག་རྟེན་ལས་འདས་པའི་རྒྱན་གྱི་ཁྱད་པར་གྱིས་སྤྲས་པ། ཚད་མེད་པའི་བསོད་ནམས་ཀྱི་རྒྱུ་ལས་བྱུང་བ་དེ་ནི་བྷ་ག་སྟེ་དེ་ནའོ། །འདི་ཉིད་གང་ཡིན་ཞེ་ན་སྐལ་བ་དང་ལྡན་པ་དེ་དག་ལ་ནི། རྒྱལ་པོའི་ཁབ་ལ་སོགས་པ་ཐ་མལ་པའི་གནས་འདི་དག་ཉིད་དེ་ལྟར་སྣང་བའོ། །ཞེས་གསུངས་སོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། སྤྲུལ་པའི་སྐུ་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྟེ། རྒྱུད་ཕྱི་མ་ལས། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ་ལ་སོགས་པ་གསུངས་སོ། །འདིར་གཏུམ་སྟོན་སོགས་བོད་ཀྱི་འགྲེལ་བྱེད་ཁ་ཅིག སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་བདག་མེད་མ། ཀུ་རུ་ཀུལླེ་རྣམས་ཀྱིས་གསུངས་པར་འདོད་མོད། བསྟན་པ་གཅིག་ལ་སྟོན་པ་དྲུག་འབྱུང་བ་ཤིན་ཏུ་ངོ་མཚར་རོ། །འཁོར་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པ་དཔའ་བོའི་འཁོར་བྱེ་བ་ཕྲག་བརྒྱད་ཅུ་དང༌། བདག་མེད་ལ་སོགས་པ་རྣལ་འབྱོར་མའི་འཁོར་རི་རབ་ཀྱི་རྡུལ་དང་མཉམ་པ་དང༌། གཞན་ཡང་འགྲོ་བ་རྒྱུད་ཡོངས་སུ་དག་པ་ལྷ་དང་མི་བསམ་གྱིས་མི་ཁྱབ་པ་དང་བཅས་པའོ། །དུས་ཕུན་སུམ་ཚོགས་པ་ནི། དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བར། འདི་ལྟར་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་མི་ལོ་བརྒྱད་ཅུར་ཛམྦུའི་གླིང་དུ་བཞུགས་པ་དེ་སྲིད་ལ། རྒྱུད་རིན་པོ་ཆེ་འདི་ནི་ཡང་ནས་ཡང་དུ་མ་གསུངས་ཀྱི། དུས་གཅིག་ན་ལན་ཅིག་གསུངས་པ་ཁོ་ན་སྟེ། དེ་བས་ན། འདི་ཡི་དུས་ནི་དུས་གཞན་ལས་ཁྱད་པར་དུ་འཕགས་པ་ཁོ་ནའོ། །ཞེས་གསུངས་སོ། དེ་ལྟར་ཕུན་ཚོགས་བཞི་འཛོམ་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་གསུང་བར་བཞེད་ནས། སྟོན་པས་རྡོ་རྗེ་སྙིང་པོ་ལ་སྤྱན་གྱིས་གཟིགས་ཞལ་འཛུམ་པ་མཛད་དེ། ཐུགས་དཔལ་གྱི་བེའུ་ལས་འོད་ཟེར་ཕྱུང་ནས་བསྐུལ་བས་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་ནས། ཡེ་ཤེས་ཀྱི་དབང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བའང་བསྟན་པར་འཚལ་ན། དེ་རྣམས་ཇི་ལྟ་བུ་ཞིག་ལགས་ཞེས་ཞུས་པས། ཨེ་མ་ཧོ་ཞེས་པ་ངོ་མཚར་ཆེ་བའི་ཚིག་དང༌། ལེགས་སོ་ཞེས་གཏང་རག་བྱིན་ནས། ཞུས་པ་དང་ལན་གྱི་སྒོ་ནས་བརྟག་པ་གཉིས་ཀྱི་བདག་ཉིད་ལེའུ་ཉི་ཤུ་རྩ་གསུམ། ཤླཽ་ཀ་བདུན་བརྒྱ་ལྔ་བཅུ་པའི་རྒྱུད་འདི་གསུངས་པ་དང༌། དེ་བཞིན་དུ་ནམ་མཁར་བེམ་བཅས་དྭང་བ་དང༌། ཞེས་སོགས་ཀྱིས་བསྡུས་རྒྱུད་དམ་ཐུན་མོང་མ་ཡིན་པའི་བཤད་རྒྱུད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གསུངས་པ་དང༌། འདི་སྐད་བདག་གིས་ཐོས་པའི་དུས་ཞེས་སོགས་ཀྱིས་རྒྱུད་གཞན་དང་ཐུན་མོང་གི་བཤད་རྒྱུད་དཔལ་ཡང་དག་པར་སྦྱོར་བ་རྣམས་གསུངས་ཏེ། འདི་དག་ཀྱང་དྲང་དོན་དུ་དུས་རིམ་ཅན་དུ་གསུངས་པར་མངོན་ནོ། །གསུམ་པ་ནི། མ་འོངས་པའི་གང་ཟག་ཤེས་རབ་ཆུང་ཞིང་ཚེ་ཐུང་བ། དབང་པོ་རྟུལ་བ་རྣམས་ཀྱིས་རྩ་རྒྱུད་ཆེན་པོ་རྣམས་གཟུང་བར་མི་ནུས་པས། དེ་དག་གི་དོན་དུ་རྩ་རྒྱུད་དང་བཤད་རྒྱུད་བསྡུས་པ་རྣམས་གསུངས་པ་ཡིན་ཏེ། །རྡོ་རྗེ་གུར་ལས། བཅོམ་ལྡན་འདས་ཇི་ལྟར་ན་སྤྲོས་པ་ལས་བསྡུས་པ་ལགས། བསྐལ་པ་བཟང་པོ་ལས་བྱང་ཆུབ་སེམས་དཔའ་རྣམས་དང༌། སོ་སོ་སྐྱེ་བོ་ཚེ་ཐུང་བར་འགྱུར་ན་ཇི་ལྟར་ན་དེ་རྣམས་འཛིན་པར་འགྱུར། ཇི་ལྟར་ན་དེ་རྣམས་ཐོས་པར་འགྱུར། ཇི་ལྟར་ན་སེམས་པར་འགྱུར། བཅོམ་ལྡན་འདས་ཇི་ལྟར་ན་སྐྱེ་བོ་ཕལ་པ་ཚེ་ཐུང་བར་འགྱུར། རྡོ་རྗེ་འཛིན་པས་བཀའ་སྩལ་པ། རེ་ཞིག་གང་དག་སློབ་དཔོན་དུ་གྱུར་པ་དེ་རྣམས་རྩ་བའི་ལྟུང་བར་འགྱུར་བ་དང༌། གང་དག་སྤྱོད་པ་པོ་དེ་རྣམས་མི་དགེ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པར་འགྱུར་བ་དང༌། གང་དག་སོ་སོ་སྐྱེ་བོ་དེ་དག་སྲོག་ཆགས་གསོད་པར་འགྱུར་བ་དང༌། གང་དག་མ་མོའི་ཚོགས་རྣམས་གཅིག་ཏུ་འདོད་པ་ལ་ཞེན་པར་འགྱུར་བ་སྟེ། དེའི་ཕྱིར་ན་རྒྱུད་རྣམས་ཀྱི་བསྟན་པ་རྒྱས་པ་མ་ཡིན་ནོ། །ཞེས་གསུངས་ཤིང༌། དེའི་དོན་ཡང༌། སློབ་དཔོན་ཤཱནྟི་པས། དེ་བས་ན་བསམ་གཏན་གྱི་བདུད་རྩིའི་རོ་མ་མྱོང་བས། ཐོས་པ་དང་བསམ་པའི་ཤེས་རབ་ཙམ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པར་མ་གྱུར་ཅིག་སྙམ་དུ་དགོངས་པས་ཆེད་དུ་གཞུང་རྒྱས་པ་མི་སྣང་བར་བྱིན་གྱིས་བརླབ་པའོ། །ཞེས་བཤད་དོ། །ཁ་ཅིག་རྒྱུད་འབུམ་ཕྲག་ལྔ་པ་འདར་བྱེད་ཀྱི་གླིང་ན་ཡོད་དོ་ཞེས་འཆད་པ་ནི་ལུང་འདི་དང་འགལ་ལོ། །བཞི་པ་ནི། གལ་ཏེ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཕྱིར་རྩ་རྒྱུད་རྒྱས་པ་དང༌། མ་འོངས་པའི་གདུལ་བྱ་རྣམས་ཀྱི་ཕྱིར་རྩ་རྒྱུད་བསྡུས་པ་གསུངས་པ་ཡིན་ན། རྩ་རྒྱུད་བསྡུས་པ་དང་པོར་མ་གསུངས་པའི་ཕྱིར། ཕྱིས་བཟླས་ཏེ་གསུང་ཞེས་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ་རྩ་རྒྱུད་འདིའི་ཚིག་དོན་མཐའ་དག་འབུམ་ཕྲག་ལྔ་པ་ན་ཚང་བར་བཞུགས་པ་ལས། སླར་ཡང་ཉུང་ངུའི་རྒྱུད་འདི་ལོགས་སུ་གསུངས་པའི་ཕྱིར། ཕྱིས་བཟླས་ཏེ་གསུང་ཞེས་པ་ཉིད་འཐད་དེ། །རྒྱས་པ་ནི་གུར་རྒྱན་དུ་ཤེས་པར་བྱའོ། གཉིས་པ་ནི། དྲང་དོན་གྱི་དབང་དུ་བྱས་ན། རྒྱུད་སྡེ་རྣམས་ཀྱི་འགྲེལ་པར་རང་གི་ཞུ་བ་པོ་གང་ཡིན་གྱིས་བསྡུས་པར་བཤད་པས་འདིར་རྩ་བའི་རྒྱུད་དང༌། སམྤུ་ཊ་ནི་རྡོ་རྗེ་སྙིང་པོས་བསྡུས་ལ། རྡོ་རྗེ་གུར་ནི་བདག་མེད་མས་བསྡུས་སོ། །ཞེས་བླ་མ་དག་གསུངས་ལ། ནག་པོ་པའི་འགྲེལ་ཆུང་ལས་རྡོ་རྗེ་སྙིང་པོས་བསྡུས་པར་བཤད་དོ། །ངེས་དོན་གྱི་དབང་དུ་བྱས་ན་དེ་ལྟར་སྟོན་པ་དང་འཁོར་དང་ཉན་པ་དང་སྡུད་པ་པོ་ཐ་དད་དུ་ཞེན་ཅིང་དེ་ལ་མོས་པའི་གང་ཟག་དྲང་བའི་དོན་དུ། སྟོན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་འཕྲུལ། སྟོན་པ་དང་འཁོར་དང་སྡུད་པ་པོ་ཐ་དད་དུ་སྣང་བར་སྟོན་པ་ཡིན་གྱི། རྒྱུད་ཐ་དད་དུ་གྱུར་པ་མ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། འཆད་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་གསུངས་པས་སོ། དེ་ལྟར་ན་རང་ལས་ཐ་དད་པ་ལྟ་བུའི་སྡུད་པ་པོས་བསྡུས་པར་བསྟན་པའང་གདུལ་བྱ་དྲང་བའི་དོན་ཡིན་གྱི། ཡང་དག་པར་ན་སྟོན་པ་ཉིད་ཀྱི་ཨེ་ཝཾ་མ་ཡ་ཞེས་སོགས་གསུངས་པ་ལས། དབང་པོ་རྣོན་པོས་རྒྱུད་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་བསྟན་པར་གོ །རྟུལ་པོས་སྡུད་པ་པོས་གླིང་གཞི་གསུངས་པར་གོ་བ་ཡིན་གྱི། སངས་རྒྱས་ཀྱིས་ཆོས་བསྟན་པའི་དུས་ཕྱིས་སྡུད་པ་པོས་བཅུག་པའི་ཚིག་མ་ཡིན་ཏེ། ཡིན་ན་རྒྱུད་སྟོན་པ་པོས་དེ་ལ་བཤད་པ་མཛད་པ་མི་རིགས་པ་ལ། རྒྱུད་དུ་མ་ལས་གླེང་གཞིའི་བཤད་པ་གསུངས་པའི་ཕྱིར། སྟོན་པ་ཉིད་ཀྱིས་གསུངས་པར་ངེས་ཏེ། གསང་བ་གྲུབ་པ་ལས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པ་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་པ་པོ་དེ་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུངས་པ་མེད། །འདི་སྐད་བདག་ཐོས་ཚིག་གང་དང༌། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཀྱི། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །ཞེས་སོ། །གསུམ་པ་ལ་གཉིས། འཕགས་པའི་ཡུལ་དུ་འཕེལ་ཚུལ་དང༌། དེ་བོད་དུ་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ནི། སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ། རྒྱུད་དང་མན་ངག་མཐའ་དག་གདམས་ཤིང༌། སྙན་བརྒྱུད་བཞིས་བྱིན་གྱིས་བརླབས་ཏེ། འདི་དག་གི་ལོ་རྒྱུས་ཀྱང་རྗེ་བཙུན་ཆེན་པོས་མཛད་པ་ལྟར་ཤེས་པར་བྱའོ། །སློབ་དཔོན་དེས་མཐུ་སྟོབས་ཀྱི་དབང་ཕྱུག་ཌོམྦྷི་ཧེ་རུ་ཀ་ལ་གདམས་ཏེ། དེའང་སློབ་དཔོན་འདི་རྒྱ་གར་ཤར་ཕྱོགས་བྷཾ་ག་ལར་སྐུ་འཁྲུངས་ནས། དེའི་ནགས་གསེབ་ན་སྒྲུབ་པ་མཛད་ཅིང་བཞུགས་པ་ལ། ཡུལ་དེ་ན་གྲོང་ཁྱེར་ར་ཌ་ཞེས་བྱ་བའི་ཚོགས་པ་ཆེན་པོ་ཡོད་ལ། དེའི་རྒྱལ་པོ་དེ་ཧ་ར་ཞེས་བྱ་བས་སློབ་དཔོན་གྱི་ཡོན་བདག་བྱས་ནས། ཁབ་ཀྱི་ཡང་ཐོག་ཏུ་སྤྱན་དྲངས་ནས་བླ་མར་བཟུང་སྟེ། ཉིན་རེ་ཞིང་ཕྱག་འཚལ་ཞིང་གདམས་ངག་ཞུས་པས། རྒྱལ་པོའི་བློན་པོ་རྣམས་གྲོས་བྱས་ནས། སློབ་དཔོན་གྱི་ཕྱག་རྒྱ་རིགས་ངན་གཡུང་མོ་ཡིན་པས་སློབ་དཔོན་གྱི་ཞབས་སྤྱི་བོས་བླངས་པས། རྒྱལ་པོ་རིགས་ངན་དུ་སོང༌། དེས་འབངས་ཐམས་ཅད་ཀྱང་རིགས་ངན་དུ་སོང་བས། དེ་ལ་དག་བྱེད་ཀྱི་ཐབས་དགོས། དེའང་གཞན་གང་གིས་ཀྱང་མི་དག་པས་སློབ་དཔོན་ཉིད་མེས་བསྲེག་དགོས་ཟེར་ནས། རྒྱལ་པོ་ལ་སློབ་དཔོན་བསྲེག་པར་ཞུ་ཕུལ་བས། དེར་མ་གནང་ཡང་བློན་པོ་རྣམས་ཀྱིས་དབང་མེད་བསྲེག་པར་འདུག་ནས། འདི་དག་མི་མོས་པ་བཟློག་པའི་ཐབས་ཤིག་མཛད་ན་སྙམ་པ་ལ། སློབ་དཔོན་གྱིས་རྒྱལ་པོའི་བསམ་པ་མཁྱེན་ནས། སྟག་མི་ཟན་གཅིག་ལ་ཞོན་ནས། གཡུང་མོ་འཕོངས་སུ་བསྐྱོན། དུག་སྦྲུལ་མང་པོས་ལུས་བརྒྱན་ནས། གྲོང་ཁྱེར་དུ་སྤྱོད་པ་ལ་བྱོན་པས་དེ་དག་ཐམས་ཅད་དད་པར་གྱུར་ཏོ། །དེ་ནས་སློབ་དཔོན་ནམ་མཁར་གཤེགས་པས་རྒྱལ་པོས་བདག་རྗེས་སུ་གཟུང་དུ་གསོལ། ཞེས་ཞུས་པས། ནམ་མཁའ་ནས་བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད་གསུངས་ཤིང༌། ཇེ་མཐོ་ཇེ་མཐོར་གྱུར་ནས་སྒྲུབ་ཐབས་རྫོགས་པ་དང་མི་སྣང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོས་བདུད་རྩི་འོད་ཡི་གེར་བཀོད་པ་ཡིན་ནོ་ཞེས་གྲག་གོ །ཡང་ལུགས་ཅིག་ལ་སྟག་ལ་བཅིབས་ནས་ནགས་ཁྲོད་དུ་བྱོན་པ་ལ། ཡུལ་མི་རྣམས་ཀྱིས་སེང་ལྡེང་ལ་སོགས་པའི་ཤིང་མང་པོ་བཅེར་ནས་མེ་ལ་བསྲེགས་པས། སློབ་དཔོན་གྱི་ཞལ་ནས་རྒྱལ་པོ་ལ། ཐལ་བ་ཞག་བདུན་དུ་སྲུངས་ཤིག་ཅེས་གསུངས་ནས་མེས་བཀྲོངས་སོ། །དེ་ནས་རྒྱལ་པོ་ནང་པར་ཕྱིན་པས། །མེའི་ཕུང་པོར་འདུག་པ་ལ་ངུ་ཞིང་བསྐོར་བ་བྱས་སོ། །དེ་ནས་མེ་ཤི་ནས་ཐལ་བར་འདུག་པ་ལ་ཞག་བདུན་དུ་བསྐོར་བ་བྱས་པས། ནང་པར་ཐལ་ཕུང་གི་དཀྱིལ་ནས་སློབ་དཔོན་ཀྱེ་རྡོ་རྗེ་ལྷ་དགུའི་རྣམ་པར་བྱས་ཏེ་ནམ་མཁའ་ལ་གཤེགས་སོ། །དེར་རྒྱལ་པོས་བདག་རྗེས་སུ་གཟུང་བར་ཞུ་བྱས་པས། སྔར་བཞིན་བདུད་རྩི་འོད་གསུངས་སོ་ཞེས་གྲག་གོ །དེ་ལྟ་བུའི་སློབ་དཔོན་དེས་ཀྱེ་རྡོ་རྗེའི་སྒྲུབ་ཐབས་དང༌། བདག་མེད་མའི་སྒྲུབ་པའི་ཐབས་དང༌། ཚོགས་ཀྱི་འཁོར་ལོ་དང༌། དེ་ཉིད་བཅུ་པ་ལ་སོགས་པ་མཛད་དོ། །དེས་པཎྜི་ཏ་ཨ་ལ་ལ་བཛྲ་ལ་གསུང་སྟེ། དེས་ཀྱང་ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་སོགས་མཛད་དོ། །དེས་དཔལ་ལྡན་ནགས་ཁྲོད་པ་ཆེན་པོ་ལ་གསུང༌། དེས་གྲུབ་ཐོབ་གརྦྷ་རི་པ་ལ་གསུང༌། འདིས་དྲན་པ་གཅིག་པའི་སྒྲུབ་ཐབས་མཛད་ཅིང༌། རྒྱུད་ལ་འཇུག་པའང་མཛད་དོ་ཞེས་གྲག་གོ །སློབ་དཔོན་དེ་རྣམས་ཀྱིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་པ་ཁོ་ན་ཡིན་ནོ། །དེས་སློབ་དཔོན་ཛ་ཡ་ཤྲཱི་ཛྙཱ་ན་ཞེས་བྱ་བ་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས། གསང་སྔགས་ལ་སྒྲུབ་པ་མཛད་ཅིང་འཚོ་བ་བསོད་སྙོམས་ལ་བརྟེན་པས་ན། རྗེ་བཙུན་བསོད་སྙོམས་པ་ཆེན་པོར་གྲགས་པ་དེ་ལ་གསུང༌། དེས་སློབ་དཔོན་མི་ཐུབ་ཟླ་བ་ལ་གསུངས་ཏེ། འདི་ལ་གྲུབ་པ་མ་ཐོབ་པར་བཞེད་པ་དང༌། ཐོབ་པར་བཞེད་པ་གཉིས་ལས། དང་པོ་ལྟར་ན། སློབ་དཔོན་དེའི་རིགས་རྒྱལ་རིགས། ཡུལ་མ་ག་དྷཱ་ཡིན་ལ། དགེ་འདུན་ཕལ་ཆེན་སྡེ་པ་ལ་རབ་ཏུ་བྱུང་ནས། རིག་པའི་གནས་ལྔ་དང༌། ཁྱད་པར་དུ་རྒྱུད་སྡེ་བཞི་ལ་ཤིན་ཏུ་མཁས་པས། དཔལ་ན་ལེནྡྲའི་པཎྜི་ཏར་གྱུར་པ་དང༌། ཐུགས་རྒྱལ་ཆེར་སྐྱེས་ཏེ། མི་ཐུབ་ཟླ་བ་ཤི་བ་ན་གསང་སྔགས་གང་དུ་འགྲོ་ཞེས་གསུངས་པས། དེ་སློབ་དཔོན་བསོད་སྙོམས་པས་གསན་ནས། ང་ཡོད་བཞིན་དུ་དེ་སྐད་ཟེར་བ། ཁྱོད་ལ་ལས་ཀྱི་སྒྲིབ་པ་དཔག་ཏུ་མེད་པ་ཡོད་པས། དེ་སྦྱང་པའི་ཐབས་ལ་འབད་དགོས་ཞེས་གསུངས་པ་ལ། ཇི་ལྟར་བྱ་ཞེས་ཞུས་པས། སྲིན་བུ་པད་པའི་དོང་དུ་ཞག་བདུན་བསྡད་དགོས་ཞེས་གསུངས་ནས་བསྡད་པས། ཤི་ལ་ཐུག་པར་སོང་སྟེ། ཞག་བདུན་འདས་པ་དང༌། བླ་མའི་ཞལ་ནས་ཁྱོད་ཀྱིས་སྒྲིབ་པ་བྱང་སྟེ། དངོས་གྲུབ་དཔག་ཏུ་མེད་པ་ཐོབ་པར་འགྱུར་བས། སྒྲུབ་པ་གྱིས། གཞན་དོན་དུ་བསྟན་བཅོས་མང་པོ་རྩོམས་ཤིག་ཅེས་གནང་བ་ལ་བརྟེན་ནས། རྩ་རྒྱུད་ལ་དཀའ་འགྲེལ་ཀུ་མུ་ཏི་དང༌། སྒྲུབ་ཐབས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག །གུར་རིགས་བསྡུས་པའི་སྒྲུབ་ཐབས། དེ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡོངས་བཟུང་ཞེས་བྱ་བ་རྣམས་མཛད་དོ། །དེ་ལྟ་བུའི་སློབ་དཔོན་དེ་སྒྲིབ་པ་སྦྱང་དཀའ་བས་སྦྱང་དཀའ་ཟླ་བ་དང༌། རྩོད་པ་གཞན་གྱིས་ཐུབ་དཀའ་བས་ཐུབ་དཀའ་ཟླ་བ་ཞེས་ཀྱང་ཟེར་ཏེ། དེ་གཉིས་ཀ་ཡང་དུརྫ་ཡ་ཙནྡྲ་ཞེས་པའི་སྒྲ་ལས་འབྱུང་ངོ༌། །ཡང་གྲུབ་པ་ཐོབ་པར་བཞེད་པ་ལྟར་ན། སློབ་དཔོན་དེ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཛ་ལནྡྷ་རའི་གནས་ན་སྒྲུབ་པ་མཛད་པའི་ཚེ། ཡུལ་དེའི་ཕྱོགས་གཅིག་ན་དམངས་ཕལ་པ་ཅིག་ལ། བུད་མེད་མཚན་ཉིད་དང་ལྡན་པ། ལས་རྒྱའི་རྟེན་དུ་རུང་བ་ཅིག་ཡོད་ལ། དེ་དམངས་ཕལ་པ་ཅིག་ལ་དགའ་ཞིང་གནས་པ་ལ། སྐབས་ཤིག་ཏུ་གནས་དེར་མཁའ་འགྲོ་མ་རྣམས་ཚོགས་འཁོར་གྱི་རྫས་བསོགས་པ་མཐོང་ནས། མོས་ཀྱང་ཤིང་ཏོག་ལ་སོགས་པ་ཁྱེར་ནས་ཕྱིན་པས་མོ་ཡི་ཁྱོ་རྟོག་པ་ངན་པ་ཞུགས་ནས་ཚོགས་འཁོར་གྱི་རྫས་བསོགས་པའི་སྒོ་ཁང་གི་ཤིང་གསེབ་ཏུ་བསྡད་པས། ནམ་ཕྱེད་ནས་མོ་བྱུང་སྟེ། ཤིང་བུ་དང་བཅས་པ་ཁྱེར་ནས་ཨུ་རྒྱན་དུ་ཕྱིན་ཏེ་ཚོགས་འཁོར་བྱས་པས། སློབ་དཔོན་གྱིས་མཁྱེན་ནས། །སྐལ་བ་དང་མི་ལྡན་པའི་མི་ཤིང་རྩའི་ནང་དུ་ཞུགས་སོ། །ཞེས་གསུངས་པས་ཐམས་ཅད་ཀྱིས་ཤེས་ཏེ། ཤིང་རྩའི་མི་ཁྱོད་དམངས་རིགས། ལྷན་ཅིག་སྐྱེས་པའི་བུ་མོའི་གན་དུ་འོངས་པ་མ་ལེགས་ཞེས་བརྗོད་ཅིང༌། སློབ་དཔོན་གྱིས་རྐང་མགྱོགས་ཀྱི་སྔགས་བརྗོད་ནས་སྐད་ཅིག་ལ་རང་སར་བཀྱེ། ཤིང་ཡང་མ་ཉམས་པར་རང་གི་སྒོ་ཁང་དུ་བཙུགས་སོ། །དེར་དྲན་པ་རྙེད་ནས་ང་ཡི་ཆུང་མ་འདི་འདྲེ་ཡིན་པར་འདུག་པས་གསོད་སྙམ་པ་དང༌། སློབ་དཔོན་གྱིས་དེ་མཁྱེན་ནས་རྣལ་འབྱོར་མ་རྣམས་ལ་ཁ་སྦྱར་འབྱེད་པའི་ཆོ་ག་གསུངས་པས། མ་ཧེ་ཅིག་ཡོད་པ་དེའི་ཁོང་དུ་ཀྱེ་རྡོ་རྗེ་ཞུགས་ནས། དེའི་རྭ་རྩེས་ཁྱོ་ཡི་ལྟེ་བ་ལ་བརྡུངས་ཏེ་བསད་དོ། དེ་ནས་བུད་མེད་དེས་རོ་ཁྱེར་ཏེ། ཡང་ཚོགས་འཁོར་ལ་ཕྱིན་པས། རོ་དེ་སྐྱེ་བ་བདུན་པའི་ཤར་སོང་ནས། སློབ་དཔོན་གྱི་གཙོ་བྱས་ཚོགས་འཁོར་ལ་འདུས་པ་ཐམས་ཅད་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པོ་ཞེས་གྲག་གོ །དེས་པཎྜི་ཏ་པྲཛྙཱ་ཨིནྡྲ་རུ་ཙི་ར་ཞེས་བྱ་བ། གསང་མཚན་དཔའ་བོ་རྡོ་རྗེར་གྲགས་པ་དང༌། པཎྜི་ཏ་སྒྲ་གཅན་འཛིན་བཟང་པོ་དང༌། སེང་གེ་རྡོ་རྗེ་སྟེ་སློབ་མའི་མཆོག་གསུམ་ལ་གདམས་པ་ལས། སྒྲ་གཅན་འཛིན་བཟང་པོས། པཎྜི་ཏ་ག་ཡ་དྷ་ར་ལ་གསུངས། དཔའ་བོ་རྡོ་རྗེ་བོད་དུ་བྱོན་ཏེ་རིན་ཆེན་འབར་བ་བརྩམས་སོ། །གཉིས་པ་ནི། བསྟན་པ་ཕྱི་དར་གྱི་ཚེ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྩ་རྒྱུད་བརྟག་པ་གཉིས་པ་བསྒྱུར་རོ་ཞེས་འབྱུང་ཡང༌། བཤད་བཀའ་ལ་སོགས་མ་འཕེལ་བར་སྣང་ལ། དུས་ཕྱིས་རྡོ་རྗེ་འཆང་གཉིས་པ་འབྲོག་མི་ཤཱཀྱ་ཡེ་ཤེས་ཞེས་བྱ་བས་རྒྱ་གར་དུ་བྱོན་ནས། མཁས་པ་སྒོ་དྲུག་ལ་ཕ་རོལ་ཏུ་ཕྱིན་པ་དང༌། སྔགས་ཀྱི་གཞུང་ལུགས་ཐམས་ཅད་མཁས་པ་བསླབས་ཏེ། ཡུལ་དུ་འབྱོན་ཁར་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས། དགེ་སློང་དཔའ་བོ་རྡོ་རྗེ་ལས། ཀྱེ་རྡོ་རྗེའི་རྒྱུད་གསུམ་ཡན་ལག་དང་བཅས་པ་དང༌། མན་ངག་དུ་མ་ཞུས་ཏེ་བོད་དུ་བྱོན་ནས། རྒྱུད་གསུམ་ཡན་ལག་དང་བཅས་པའི་ཆ་མཐའ་དག་བསྒྱུར། ཕྱིས་པཎྜི་ཏ་ག་ཡ་དྷ་ར་བོད་དུ་བྱོན་པའི་ཚེ། རྒྱུད་རྐྱང་མན་ངག་གི་བཤད་པ་དང༌། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་རྣམས་ཚང་བར་ཞུས་ཏེ། ཐོས་བསམ་གྱི་སྒོ་ནས་གཏན་ལ་ཕབ་པ་ཡིན་ནོ། །ལོཙྪ་བ་ཆེན་པོ་དེས་སློབ་མ་བསམ་གྱིས་མི་ཁྱབ་པ་ལ་གསུངས་ཀྱང༌། འདིར་གཞུང་ཚར་བའི་སློབ་མ་བཞི་ནི། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་དཀོན་མཆོག་རྒྱལ་པོ། སེ་སྟོན་ཀུན་རིག འཕགས་པ་ཆོས་སྣང་སྟེ་བཞི་ལས་མངའ་རིས་པ་གསལ་བའི་སྙིང་པོས། རྩ་རྒྱུད་ཀྱི་ཚིག་འགྲེལ་དང༌། བསྡུས་དོན་ལ་སོགས་པ་མཛད་ནས། འཁོན་སྒྱི་ཆུ་བ་དགྲ་ལྷ་འབར་ལ་གསུངས། དེས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་གདམས་སོ། །ཡང་སེ་སྟོན་ཀུན་རིག་གིས་ཞང་དགོན་པ་བ་ལ་གསུངས། དེ་དང་འཁོན་དཀོན་མཆོག་རྒྱལ་པོ་གཉིས་ཆར་ཀྱིས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་གདམས་སོ། །དེ་ལྟར་བརྒྱུད་པའི་བཀའ་བབ་དུ་མ་དང་ལྡན་པའི་བླ་མ་དེ་ཉིད་ལས། རྗེ་བཙུན་བསོད་ནམས་རྩེ་མོས་གསན་ནས། རྒྱུད་སྡེ་སྤྱིའི་རྣམ་གཞག་དང༌། རྩ་རྒྱུད་དང་སམྦུ་ཊ་གཉིས་ཀྱི་བསྡུས་དོན་དང་རྣམ་བཤད་ལ་སོགས་པ་མཛད་དོ། །དེ་ལས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་གནས་ནས། རྒྱུད་གསུམ་གྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་དང༌། རྩ་རྒྱུད་ཀྱི་རྣམ་བཤད་དག་ལྡན་དང༌། རྡོ་རྗེ་གུར་གྱི་བསྡུས་དོན་དང༌། རྣམ་བཤད་ལ་སོགས་པ་མཛད་དོ། །དེ་ལས་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏས་གསན་ནས། བདག་མེད་མའི་སྟོད་འགྲེལ་ལ་སོགས་པ་མཛད་དོ། །དེ་ལས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་གསན་ནས། རྩ་རྒྱུད་ཀྱི་མཆན་བུ་དང་བསྡུས་དོན་ལ་སོགས་པ་མཛད་དོ། །དེ་ལས་བླ་མ་དགའ་ལྡན་བཀྲ་ཤིས་དཔལ་གྱིས་གསན་ནས། རྩ་རྒྱུད་ཀྱི་སྤྱི་དོན་དང་གཞུང་དོན་རིན་པོ་ཆེའི་སྒྲོན་མ་གཉིས་མཛད་དོ། །དེ་ལས་ཆོས་རྗེ་བྲག་ཕུག་པ་བསོད་ནམས་དཔལ་གྱིས་གསན། དེ་ལས་བླ་མ་བློ་གྲོས་བརྟན་པས་གསན། དེ་ལས་བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་གསན། དེ་ལས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསན་ཏེ། འདི་ནི་རྒྱུད་གསུམ་ཆར་གྱི་བརྒྱུད་པ་ཡིན་ནོ། །ཡང་རྩ་རྒྱུད་རྐྱང་པའི་བརྒྱུད་པ་ནི། འགྲོ་མགོན་ཆོས་ཀྱི་རྒྱལ་པོ་ལས་བླ་མ་འཇམ་སྐྱ་ནམ་མཁའ་དཔལ་གྱིས་གསན། དེ་ལས་བླ་མ་དཔལ་ལྡན་སེང་གེས་གསན། དེ་ལས་ཆོས་ཀྱིས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་གསན། དེ་ལས་བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་གསན། དེ་ལས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསན། དེ་ལས་བདག་གིས་སྤྱིར་མདོ་སྔགས་ཀྱི་ཆོས་དུ་མ་དང༌། ཁྱད་པར་དུ་རྒྱུད་གསུམ་གྱི་དབང་བཀའ་བཤད་བཀའ་ལུང་བཀའ་རྣམས་དང༌། དག་པ་གསུམ་གྱི་ཁྲིད་དང༌། སྒོ་དྲུག་ཆོས་འབྲེལ་ལ་སོགས་པ་མན་ངག་དུ་མ་ཞུས་སོ། གསུམ་པ་ལ་ལྔ། འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད། ཉན་པ་པོ་སློབ་མའི་མཚན་ཉིད། དཔོན་སློབ་འགྲེལ་བརྟག་ཚུལ། བརྟགས་ནས་འཆད་ཉན་བྱ་ཚུལ། དེ་ལྟར་བྱས་པའི་འབྲས་བུའོ། །དང་པོ་ནི་རྩ་རྒྱུད་དུ། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང༌། རྡོ་རྗེ་གུར་ལས། དལ་ཞིང་ཟབ་མོའི་ཆོས་དང་ལྡན། །རིག་པ་ཐམས་ཅད་མཁས་པར་བཅས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང༌། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་ནི་རྣམ་པར་རིག །ཉན་ཐོས་སྤྱོད་པ་སྲུང་བ་པོ། །སྔགས་སྤྱོད་རིམ་པར་གུས་པ་དང༌། །གཟུགས་བཟང་མཐོང་ན་དགའ་བ་དང༌། །དཀྱིལ་འཁོར་བྲི་ཞིང་བཟླས་པར་ལྡན། །རྩ་བའི་ལྟུང་བ་འཇོམས་པ་པོ། །སྔགས་དང་ལུས་སྐྱོབ་སྦྱོར་བ་ཡིས། །འཇིག་རྟེན་རྣམས་ནི་བདེ་བར་བྱེད། །ཅེས་དང་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། དབང་བསྐུར་ཡོད་དང་དེ་ཉིད་ཤེས། །ཡེ་ཤེས་ཤེས་དང་ཐུགས་རྗེ་ཆེ། །ཡན་ལག་རླབས་ཆེན་དཔའ་བོ་དང༌། །སེར་སྣ་མེད་དང་རང་བཞིན་བཟང༌། །སྐལ་ལྡན་མཚན་ཉིད་ཐམས་ཅད་རྫོགས། །ཕྲག་དོག་ཡུལ་ནི་རྣམ་པར་སྤངས། །རྟག་ཏུ་དགའ་བའི་ཡིད་ལྡན་པ། །འདོད་ཆགས་ཆེན་པོ་གཅིག་པུའི་ཡིད། །སློབ་པ་དེ་ནི་ཤེས་པས་ན། །བླ་མ་དེ་ལྟ་བུ་ལ་བྱ། །ཞེས་གསུངས་པའི་མཚན་ཉིད་དང་ལྡན་པའོ། །གཉིས་པ་ནི་ཡེ་ཤེས་ཐིག་ལེ་ལས། །སློབ་མ་ཁྲིམས་ལྡན་དུལ་ཞིང་དད་པ་ཅན། །རླབས་ཆེན་ཟབ་མོའི་ཐེག་པ་བསྟེན་པར་བྱེད། །རྣམ་རྟོག་འདམ་གྱིས་རྟག་ཏུ་མ་གོས་ཤིང༌། །མཁས་ཤིང་བློ་རྣོ་ཐུགས་རྗེའི་བདག་ཉིད་ཅན། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟ་བུའི་དཔོན་སློབ་ཕན་ཚུན་སྐྱོན་ཡོན་ལེགས་པར་བརྟག་དགོས་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །ཇི་ལྟར་བསྲེགས་ལ་སོགས་པས་གསེར། །ཇི་ལྟར་མཁས་པས་རིན་པོ་ཆེ། །ཇི་ལྟར་བདེ་ལྡན་བུ་མོ་ནི། །དེ་ལྟར་སློབ་མ་བརྟག་པར་བྱ། །དེ་བས་ཐམས་ཅད་རབ་འབད་དེ། །ཕན་ཚུན་སོ་སོར་བརྟག་པར་བྱ། །དེ་ལྟར་མིན་ན་སྐྱོན་དུ་འགྱུར། །ནམ་ཡང་དངོས་གྲུབ་འཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་སྐྱོན་ཡོན་ལེགས་པར་བརྟགས་ནས། སྤང་བྱའི་སློབ་དཔོན་དང་སློབ་མའི་མཚན་ཉིད་ལྡན་པ་རྣམས་དོར་ནས། བསྟེན་བྱའི་མཚན་ཉིད་ཅན་རྣམས་སློབ་དཔོན་ཏུ་སྦྲེལ་ལོ། །དེ་ལྟ་མ་ཡིན་ན་སྐྱོན་དུ་འགྱུར་ཏེ། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོ་སློབ་དཔོན་དང༌། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་གསུངས་པས་སོ། །བཞི་པ་ལ་གསུམ། སློབ་མ་དང༌། སློབ་དཔོན་དང༌། ཚོགས་པས་བྱ་བའོ། །དང་པོ་ནི། དེ་ལྟར་བརྟགས་པའི་སྣོད་དང་ལྡན་པའི་སློབ་མ་དེས། བསྟེན་རུང་གི་སློབ་དཔོན་དེ་ལ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་སྟེ། སྡོམ་འབྱུང་ལས། ཐལ་མོ་སྦྱར་བ་བྱས་ནས་ནི། །གུས་པའི་ཡིད་ཀྱིས་གསོལ་བ་གདབ། །ཅེས་སོ། དེ་ལྟར་མ་བྱས་ན་སྐྱོན་དུ་འགྱུར་ཏེ། རྡོ་རྗེ་གུར་ལས། གང་གིས་སློབ་དཔོན་གསོལ་མ་བཏབ། །འདིར་ནི་རིགས་སུ་སྐྱེ་བ་མེད། །ཅེས་སོ། །དེས་ཀྱང༌། བླ་མས་སྟོན་པར་མི་སྤྲོ་ན། སླར་ཡང་མཆོད་པས་མཉེས་པར་བྱས་ལ། ལན་གསུམ་དུ་གསོལ་བ་གདབ་སྟེ། བླ་མ་ལྔ་བཅུ་པར། པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་ལ་གསོལ་གསུམ་གདབ། །ཅེས་གསུངས་པས་སོ། །གཉིས་པ་ནི། ལེགས་སོ་སྦྱིན་པ་སྔོན་དུ་འགྲོ་བས། རྒྱུད་དོན་རྟོགས་དཀའ་ཞིང༌། དམ་ཚིག་དང་སྡོམ་པ་བསྲུང་དཀའ་ལ། ཉམས་ན་ཉེས་པ་ཆེ་བས་གཉིས་ཀ་ཕུང་བར་འགྱུར་བའི་ཚུལ་བཤད་དེ། རྡོ་རྗེ་ཕྲེང་བར། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་དུ་ནི་ཕུང༌། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །ཞེས་པའི་དོན་བཤད། དེ་ཡང་གསོལ་བ་འདེབས་ན། ཐོག་མར་དབང་བསྐུར་ནས་སྣོད་དུ་རུང་བར་བྱེད་དགོས་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལས། དང་པོར་རེ་ཞིག་སློབ་མ་ལ། །དབང་རྣམས་ལན་གཅིག་བསྐུར་བ་ཡིས། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པའོ། །ཞེས་གསུངས་སོ། །དེ་ནས་དུག་ལ་སྔགས་ཀྱིས་བཏབ་པ་བཞིན་དུ། སློབ་མའི་རྒྱུད་དབང་བསྐུར་བས་དག་པར་བྱས་ནས་རྒྱུད་བཤད་དེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཇི་ལྟར་དུག་ལ་རང་སྔགས་ཀྱིས། །དག་པར་བྱས་ནས་བདུད་རྩིར་འགྱུར། །དེ་བཞིན་སློབ་མ་དབང་སོགས་ཀྱིས། །ལུས་ནི་དྲི་མ་མེད་པར་འགྱུར། །ཞེས་སོ། །དེ་ལྟར་རྒྱུད་དག་པར་བྱས་ནས་བཤད་ཐབས་ཀྱི་མན་ངག་ལས་འབྱུང་བ་ལྟར་བཤད་དོ། །གསུམ་པ་ནི། སློབ་མས་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ། སློབ་དཔོན་གྱིས་སྲུང་འཁོར་བསྒོམ། གཉིས་ཀས་རྒྱུད་ཀྱི་སྲུང་མ་རྣམས་ལ་གཏོར་མ་འབུལ། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང༌། བླ་མའི་རྣལ་འབྱོར་རྣམས་སྔོན་དུ་འགྲོ་བས་ལྷག་པའི་ལྷའི་བསྐྱེད་རིམ་གྱི་ངང་ལ་འཆད་ཉན་བྱའོ། །ལྔ་པ་ནི། རྒྱུད་ཀྱི་དོན་བཤད་པ་དང༌། ཉན་པས་རྒྱུད་དོན་ཇི་ལྟ་བ་བཞིན་རྟོགས་ཏེ། དེ་དག་གི་དོན་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཡེ་ཤེས་སྙིང་པོར། མན་ངག་ཐོབ་པ་ལས་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཡིན་ན། ཚེ་འདི་ཉིད་ལ་སངས་རྒྱས་གསུངས། རྡོ་རྗེ་འཛིན་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་བདག་གིས་རྒྱུད་ཀྱི་བྱུང་ཚུལ་དང༌། །བརྒྱུད་པའི་རྣམ་ཐར་འཆད་ཉན་བྱ་ཚུལ་སོགས། །སྔོན་ཆད་ས་འོག་གཏེར་བཞིན་གྱུར་པ་རྣམས། །ཡང་དག་ལུང་གིས་བརྒྱན་ནས་རྣམ་པར་སྦྱར། །རྒྱུད་དང་དེ་འགྲེལ་གོང་མའི་གསུང་རབ་ལས། །རྣམ་མང་ལུང་གི་ཆུ་རྒྱུན་དྲངས་པ་ཡི། །ལེགས་བཤད་ངོ་མཚར་རྒྱ་མཚོ་ཆེ་འདི་ལ། །དོན་གཉེར་ངང་པའི་ཚོགས་ཀུན་ཅི་དགར་རོལ། །འདི་བྲིས་དགེ་བ་བསིལ་ཟེར་བྱེད་པ་དེས། །མཐའ་ཡས་འགྲོ་བའི་ངན་རྟོག་པད་མོའི་ཚལ། །རབ་ཏུ་ཟུམ་ནས་རྣམ་དག་གསུང་རབ་ཀྱི། །འོད་དཀར་མཁས་པའི་ཁྲོད་དུ་འཆར་བར་ཤོག །ཅེས་པ་འདི་ནི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ངོ་བོ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པའི་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་དབང་འབྱོར་པས། གདུལ་བྱ་རྣམས་ཀྱི་རེ་བ་སྐོང་བར་མཛད་པའི་བདག་ཉིད་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་ཆོས་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པས་སྡོམ་པ་གསུམ་ཕྱིན་ཅི་མ་ལོག་པ་ཐོབ་ཅིང༌། ཆོས་དང་ཟང་ཟིང་གི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ་ཆོས་འདི་དོན་དུ་གཉེར་ཞིང་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་པ། དགེ་བཤེས་སངས་རྒྱས་བློ་གྲོས་ཀྱིས་ཡང་ཡང་བསྐུལ་ཞིང༌། བྱང་བུའི་རྐྱེན་སྦྱར་བ་ལ་བརྟེན་ནས། ས་སྐྱོང་གི་ལོ་ནག་པ་ཟླ་བའི་ཚེས་ལྔ་ལ་ཆོས་གྲྭ་ཆེན་པོ་དཔལ་ས་སྐྱར་སྦྱར་བའོ།།  །། ༄། །རྩ་རྒྱུད་བརྟག་གཉིས་ཀྱི་འགྱུར།།  ༈ །ཨ་ཐ་བཛྲཱི་མ་ཧཱ་རཱ་ཛ་ཧེ་བཛྲ་སརྦ་དཿཔྲ་བྷུཿསརྦ་ཀཱ་ར་སྭ་བྷཱ་ཝཱ་ཏྨ་མཎྜ་ལཾ་སཾ་པྲ་ཀཱ་ཥ་ཡེ། སུ་ཁཱ་པཏྱཾ་ས་མཱ་སཱི་ན་ཿསརྦ་ཀཱ་ར་སྭ་རཱུ་པ་ཏཿཙིཏྟ་བཛྲ་སྱ་བཱི་ཛེ་ན་ནི་ཥྤནྣོ་མཎྜ་ལེ་ཤྭ་རཿ དེ་ནས་རྒྱལ་ཆེན་རྡོ་རྗེ་འཛིན། །ཀུན་སྩོལ་ཁྱབ་བདག་ཀྱེ་རྡོ་རྗེ། །རྣམ་པ་ཀུན་གྱི་རང་བཞིན་བདག །དཀྱིལ་འཁོར་ཡང་དག་རབ་གསལ་བ། །མི་མཉམ་པ་ཡི་བདེ་བ་ཅན། །རྣམ་པ་ཀུན་གྱི་རང་བཞིན་ལས། །ཐུགས་ཀྱི་རྡོ་རྗེའི་ས་བོན་གྱིས། །ཕུན་སུམ་ཚོགས་པའི་དཀྱིལ་འཁོར་དབང༌། །ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞེས་སོགས་དང་འབྲེལ་པ་འདི། རྗེ་བཙུན་འབྲོག་མི། འགོས་ལོཙྪ་བ། གྱི་ཇོ་ལོཙྪ་བ། ཤོང་ལོཙྪ་བ་རྣམས་ཀྱིས་བསྒྱུར་བའི་རྩ་རྒྱུད་བརྟག་གཉིས་ལ་མེད་པ། རྒྱ་དཔེ་གསུམ་ལ་སྣང་ལ། བི་བུཏྤ་ཏའི་ལོཙྪ་བ་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་བསྒྱུར་བའོ།།  །། ༄། །ཀྱེ་རྡོ་རྗེའི་འགྲེལ་པའི་དཀར་ཆག།  ༈ །དཔལ་ལྡན་བརྟག་པ་གཉིས་པ་ཡི། །རྒྱུད་ཀྱི་ཚིག་དོན་འགྲེལ་བྱེད་པ། །རྡོ་རྗེ་སྙིང་པོ་ནཱ་རོ་པ། །ནག་པོ་སྤྱོད་པ་བྷ་ཝ་པ། །ཌ་ཀ་ད་ཤ་པདྨ་པ། །མི་ཐུབ་ཟླ་བ་ཤཱནྟི་པ། །དམ་ཚིག་རྡོ་རྗེ་པད་མྱུག་དང༌། །ཀ་མ་དྷེ་ནུ་ཆོས་གྲགས་ཏེ། །འཕགས་ཡུལ་འགྲེལ་པ་བཅུ་གཉིས་མཐོང༌། །འོན་ཀྱང་ཆོས་གྲགས་འགྲེལ་པ་ནི། །བོད་མར་མཁས་པ་འགའ་ཞིག་བཞེད། །གངས་རིའི་རྡོ་རྗེས་མཛད་པ་ཡི། །བཀའ་འགྲེལ་ཡོད་དེ་སྔོན་མ་འགྱུར། །བོད་ན་རྭ་རྔོག་དཔྱལ་སེ་སོགས། །བཤད་པའི་བཀའ་སྲོལ་མང་ན་ཡང༌། །མཁས་པའི་གཙུག་རྒྱན་ས་སྐྱ་པའི། །ལུགས་པ་བླ་མ་མངའ་རིས་པ། །གསལ་བའི་སྙིང་པོའི་ཚིག་འགྲེལ་དང༌། །སྒྱི་ཆུ་བ་ཡི་བཀའ་འགྲེལ་ཡོད། །རྗེ་བཙུན་ས་ཆེན་ཡབ་སྲས་ཀྱི། །དཀའ་འགྲེལ་ཉི་འོད་དག་ལྡན་གསུམ། །སྤྱི་རྣམ་རྒྱུད་ཀྱི་མངོན་རྟོགས་སོགས། །ཁྱད་པར་འཕགས་པའི་གཞུང་བདུན་ཡོད། །ཤཱཀྱ་གྲགས་དང་ཁོང་སྟོན་ཏེ། །གོང་མའི་རྗེས་འབྲང་ཊཱི་ཀ་གཉིས། །རྡོ་རྗེ་བསོད་ནམས་དབང་ཕྱུག་གྲགས། །ཆོས་ཀྱི་སེང་གེ་གཞོན་ནུ་འབུམ། །ཀུན་དགའ་འོད་ཟེར་བཀྲ་ཤིས་དཔལ། །རྡོ་རྗེ་ཚུལ་ཁྲིམས་འབྲེ་སྟོན་ཏེ། །འཕགས་པའི་རྗེས་འབྲང་ཊཱི་ཀ་བརྒྱད། །ཆོས་རྗེ་བླ་མ་གནས་དྲུག་པ། །འཇིགས་མེད་གྲགས་དང་བསོད་ནམས་གྲགས། །རྒྱལ་པོ་དཔལ་དང་རྒྱལ་སྟོན་དང༌། །དཀོན་གཞོན་ཀུན་དགའ་བཀྲ་ཤིས་ཏེ། །སྣ་ཚོགས་བསྡུས་པའི་ཊཱི་ཀ་བརྒྱད། །ཚུལ་ཁྲིམས་རྒྱལ་མཚན་གཟུངས་ཀྱི་དཔལ། །གྲགས་རྒྱལ་བློ་གྲོས་སེང་གེ་སྟེ། །མཆན་དང་དག་ཆུང་བསྲེས་པ་བཞི། །ཡེ་དང་གཉན་སྟོན་གུང་པ་དང༌། །སྟོན་གཞོན་རྡོ་རྗེ་ཤེས་རབ་སྟེ། །འཕགས་པའི་རྗེས་འབྲང་ཟིན་བྲིས་ལྔ། །གཞན་ཡང་འདིས་བྱས་མེད་པ་ཡི། །ཊཱི་ཀ་ཟིན་བྲིས་བཀའ་འགྲེལ་སོགས། །སྔ་རབས་མཁས་པས་སྦྱར་བ་ཡི། །ཡིག་ཆ་རབ་ཏུ་མང་པོ་མཐོང༌། །བཤད་རྒྱུད་རྡོ་རྗེ་གུར་འདི་ལ། །ལྷ་ཡི་རིགས་ཀྱི་བརྟུལ་ཞུགས་ཀྱི། །བཀའ་འགྲེལ་དེ་ཉིད་རྒྱས་པ་ཡོད། །ཨིནྡྲ་བྷཱུ་ཏི་ནག་པོ་པའི། །བཀའ་འགྲེལ་ཡོད་མོད་འགྱུར་ཁྱད་ཡིན།།  །། ༄། །ཌོམྦྷི་ཧེ་རུ་ཀའི་ལུགས་ཀྱི་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་བཞུགས་སོ།།  ༈ །དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་བསྐྱེད་རིམ་གསལ་བྱེད་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་ཐར་ཞལ་ལྡན་དེ་ཉིད་སྤྱན་གྱིས་མཛེས། །སྟོང་ཉིད་ཕྱག་ལྡན་སྙིང་རྗེའི་ཐོད་པས་སྤྲས། །ཕྱག་རྒྱ་དྲུག་ལྡན་མགོ་བོའི་དོ་ཤལ་ཅན། །བསྡུ་དངོས་བཞི་ལྡན་བདུན་བཞི་འཇོམས་ལ་འདུད། །རྒྱུད་དང་སྦྱང་དཀའ་ཟླ་བའི་འགྲེལ་པ་དང༌། །རྒྱ་བོད་མཁས་པ་རྣམས་ཀྱི་རྗེས་འབྲངས་ནས། །དཔལ་ལྡན་ཀྱེ་ཡི་རྡོ་རྗེ་སྒྲུབ་པའི་ཐབས། །བསྐྱེད་རིམ་གསལ་བྱེད་བདག་གིས་འདིར་བཤད་བྱ། །འདིར་གྲུབ་པའི་དབང་ཕྱུག་ཌོམྦྷི་ཧེ་རུ་ཀའི་ལུགས་ཀྱི་རིམ་པ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བྱ་བ་ལ། ལྷའི་རྣལ་འབྱོར་གྱི་སྔོན་འགྲོ། །དངོས་གཞི་རིམ་གཉིས་ཀྱི་རྣལ་འབྱོར། རྗེས་ཐུན་མཚམས་ཀྱི་བྱ་བ་དང་གསུམ་གྱི། དང་པོ་ལ། ཚོགས་གཉིས་བསག་པ། སྲུང་བའི་འཁོར་ལོ་བསྒོམ་པ་གཉིས་ཀྱི་དང་པོ་ནི། དབང་ཐོབ་ལ་མ་ཉམས་པའི་རྣལ་འབྱོར་པས། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ། གླ་རྩི་ལ་སོགས་པའི་དྲིས་བྱུག་ཅིང་མེ་ཏོག་བཀྲམ་ནས། མཐའ་ཡས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ཉེ་བར་བསྐྱེད་ནས། དེ་དག་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་དགོད་པར་འདོད་པའི་སེམས་ཀྱིས་བདེ་བའི་སྟན་ལ་འདུག་ནས། རང་སྐད་ཅིག་གིས་དཔལ་ཀྱེ་རྡོ་རྗེར་གསལ་བའི་སྙིང་གར་པཾ་ལས་པདྨ་དམར་པོ་དང༌། ཌོམྦྷི་པས། ཨ་ལས་ཟླ་བར་བཤད་པ་ལྟར་རམ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་སྔོན་པོ་གཟུང་འཛིན་གཉིས་དང་བྲལ་བ་དེ་ལས་དབུགས་ཕྱིར་རྒྱུ་བའི་དུས་སུ། སྣ་བུག་གཡས་ནས་འོད་ཟེར་ནག་པོ་ལྕགས་ཀྱུའི་ཚུལ་ཅན་སྤྲོས་པས། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། རྡོ་རྗེ་བསྡུས་པའི་སྔགས་རྒྱས་སྤྱན་དྲངས་ལ། «ཌོམྦྷི་པའི།་་་་་»གང་ཕྱིར་ཐབས་ཆེན་བདག་ཉིད་ནི། །དངོས་རྣམས་ཀུན་གྱི་རང་བཞིན་ཅན། །དཔལ་ལྡན་ཀུན་རྟོག་ཐམས་ཅད་སྤངས། །མགོན་པོ་ཧེ་རུ་ཀ་ལ་འདུད། །གླང་པོ་རྟ་སོགས་ནད་བརྒྱད་ཕྱག་བརྒྱད་འཛིན་ཅིང་ལྷག་མ་གཡོན་པའི་ཕྱག་བརྒྱད་ཀྱིས་དབང་ཕྱུག་བརྒྱད་ཀྱི་ཕུན་ཚོགས་ནོར་འཛིན་དང་པོར་འཛིན་པ་དབང་ཕྱུག་ནི། །སྤྲིན་མེན་ནམ་མཁའི་མཐིལ་དུ་བརྒྱད་པའི་ཟླ་ཕྱེད་ཀྱི་ཟིལ་གནོན་ཐོད་པའི་ཕྲེང་བ་ཅན། །ཕྱག་གི་ཡལ་གའི་སྤྱི་བོ་མེ་ཏོག་རྒྱན་མཛད་ཧེ་རུ་ཀ་དཔལ་ཁྱོད་ཀྱིས་སྐྱོང༌། །ཞེས་པས་ཕྱག་བྱས་ནས། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་མེ་ཏོག་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། འོག་ནས་འབྱུང་བའི་སྔགས་རྒྱས་མེ་ཏོག་ནས་ཞལ་ཟས་ཀྱི་བར་གྱིས་མཆོད་པར་ཌོམྦི་པའི་གཞུང་དུ་བཤད་ལ། ཀུ་མུ་ཏི་དང༌། སྒྲུབ་ཐབས་གཉིས་དང་བདག་མེད་མའི་སྒྲུབ་ཐབས་ལས་ནི་མི་འབྱུང་ངོ༌། །ཡང་རང་གི་སྙིང་གའི་ས་བོན་ལས་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་རང་རང་གི་མཆོད་རྫས་འཛིན་པ་སྤྲོས་ཏེ། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་འཁོད་ནས། ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བསམས་ལ། རིན་ཆེན་འབར་བར«།་་་་་»དཀར་མོ་རི་དྭགས་མཚན་པ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །ཅེས་པས་མཆོད་ནས་རྩེ་གཅིག་པའི་ཡིད་ཀྱིས། «རིན་ཆེན་འབར་བར།་་་་་»བདག་གིས་ཐོག་མ་མེད་དུས་ནས། །ལོག་རྟོག་དབང་གིས་སྡིག་བགྱིས་གང༌། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱི། །སྤྱན་སྔར་བཤགས་བགྱིད་སླན་ཆད་བསྡམ། །རྒྱལ་དང་དེ་ཡི་སྲས་རྣམས་དང༌། །འགྲོ་བའི་བསོད་ནམས་མ་ལུས་པ། །དེ་ལ་ཡང་དག་ཡི་རངས་ཞིང༌། །བྱང་ཆུབ་དམ་པར་བསྔོ་བར་བགྱི། །གང་དང་གང་གིས་འདུལ་འགྱུར་བ། །དེ་ཡང་དེ་ཡི་སྐུར་སྟོན་པ། །སྣ་ཚོགས་གཟུགས་ནོར་ཇི་ལྟ་བུའི། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཀུན་རྟོག་མ་ལུས་དག་གྱུར་པ། །རང་རིག་ཡང་དག་ཡེ་ཤེས་བསྐྱེད། །ལྷན་ཅིག་སྐྱེས་དགའི་ངོ་བོ་ཉིད། །དམ་པའི་ཆོས་ལའང་སྐྱབས་སུ་མཆི། །གོ་རིམ་ཇི་བཞིན་དབང་བསྐུར་ཐོབ། །མ་ལོག་ལམ་ལ་ངེས་གནས་དང༌། །སྲས་མཆོག་འཁོར་འདུས་ཚོགས་མཆོག་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཡང་དག་ཡེ་ཤེས་མེ་བོ་ཆེས། །གཏི་མུག་མུན་པ་བསལ་བ་དང༌། །སྒྲིབ་པ་མ་ལུས་སྦྱང་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ། །སྤྱོད་པ་དཔག་གང་ཡིན་དང༌། །མ་བཅོས་ཇི་བཞིན་གནས་ལམ་ལ། །ད་ནི་ཡང་དག་གནས་པར་བགྱི། །ཞེས་ལན་གསུམ་གྱིས་རྒྱུན་བཤགས་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི། ཞེས་པས་བདག་ཕུལ་བས། ཚོགས་རྟེན་གྱི་གཙོ་བོས་གནང་བ་བྱིན་པར་བསམ་མོ། དེ་ནས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བའི་འདོད་པའི་སྙིང་རྗེ་དང༌། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང༌། དགྲ་གཉེན་ཆགས་སྡང་ཐམས་ཅད་དང་བྲལ་བར་འདོད་པའི་བཏང་སྙོམས་ཏེ། ཚད་མེད་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ཕྱི་ནང་གི་ཆོས་ཐམས་ཅད་སྣང་ཡང་བདེན་པས་སྟོང་པར་སྒྱུ་མ་ལྟ་བུར་བསམས་ནས། «ཌོམྦི་བས་་་་་་»རང་བཞིན་མེད་ཕྱིར་སྟོང་པ་ཉིད། །རྒྱུ་མེད་ཕྱིར་ན་མཚན་མ་མེད། །རང་གི་ཀུན་རྟོག་རྣམ་ཕྱེ་བས། །འགྲོ་བ་སྨོན་པ་མེད་པ་ཡིན། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། སྔོན་འགྲོ་ཚོགས་གཉིས་བསགས་པའོ། །གཉིས་པ་སྲུང་འཁོར་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྲུང་འཁོར་གཉིས་ཀྱི་དང་པོ་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་ཉི་ཤུ་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ། ཧཱུྃ་དེ་ལས་འོད་ཟེར་ཕྱོགས་སུ་འཕྲོས་པས། རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པ། བར་མཚམས་མེད་པའི་རྭ་བ་སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་དང་བླ་རེ། །འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ཕྱིར་འཕྲོས་པས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་པ་འབར་བཞིན་པས་བསྐོར་བར་བསམས་ལ། ཨོཾ་«་་་་་རྒྱུད་འགྲེལ་རྒྱ་གཞུང་རྣམས་སུ་བཛྲ་མི་སྣང༌། »བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བརྟན་པར་བྱའོ། །གཉིས་པ་ནི། ཌོམྦི་པའི་གཞུང་དང༌། ཀུ་མུ་ཏི། ཡན་ལག་དྲུག་པ་རྣམས་སུ་གསལ་བར་མ་བཤད་ཀྱང༌། རིན་ཆེན་འབར་བར། རྭ་བ་བླ་རེ་གུར་ནང་དུ། །ཁྲོ་བོ་བཅུས་ཀྱང་བསྲུང་བར་བྱ། །ཞེས་གསུངས་པ་ལྟར་བྱེད་པར་སྤྲོ་ན། དེ་ལྟ་བུའི་ཐུན་མོང་གི་སྲུང་འཁོར་གྱི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་རྩེ་མོ་རྣོ་བ། ཁོག་པ་སྟོང་པ། གཡས་ཕྱོགས་སུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ། དེའི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་བཅུ་གཅིག དེ་རྣམས་ཀྱི་སྟེང་དུ་ཧཱུྃ་རེ་རེ། དེའང་ལྷོའི་དཀར་པོ། ནུབ་ཀྱི་དམར་པོ། སྟེང་གི་སེར་པོ། གཞན་རྣམས་སྔོན་པོ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་སྔོན་པོ། ཕྱག་གཡས་པས་རྡོ་རྗེ་འཛིན་པ། ཤར་དུ་གཤིན་རྗེ་གཤེད་སྔོན་པོ་ཐོ་བ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ། བྱང་དུ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ། དབང་ལྡན་དུ་འདོད་པའི་རྒྱལ་པོ་ནག་པོ་ལྕགས་ཀྱུ། མེར་དབྱུང་སྔོན་ཅན་ནག་པོ་དབྱུག་པ། བདེན་བྲལ་དུ་སྟོབས་པོ་ཆེ་ནག་པོ་རྩེ་གསུམ། རླུང་དུ་མི་གཡོ་བ་ནག་པོ་རལ་གྲི། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ། འོག་ཏུ་གནོད་མཛེས་ནག་པོ་གཡས་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱང་གཡས་རང་རང་གི་ཕྱག་མཚན་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུས་དང་ཕྱོགས་བཞིའི་ཁྲོ་བོ་རྣམས་ཞལ་མཆེ་བ་གཙིགས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྐུ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། དབུ་སྐྲ་དང༌། སྨིན་མ་དང༌། སྨ་ར་དམར་སེར་གྱེན་དུ་བརྫེས་པ། མཚམས་ཀྱི་ཁྲོ་བོ་རྣམས་ནི་རོལ་པའི་སྐུ་ཅན། ཅུང་ཟད་སྒེག་ཅིང་ཡིད་ཙམ་ཁྲོས་པ། སྐུ་སྐེམ་ཞིང་རིད་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཐམས་ཅད་ཀྱི་སྐུ་ལ་རང་འདྲའི་ཁྲོ་བོ་དཔག་ཏུ་མེད་པ་འཕྲོས་པས་བགེགས་ཀྱི་ཚོགས་ཚར་གཅོད་པ། གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམས་ཏེ་དམ་ཚིག་པ་བསྐྱེད་པའོ། །འདིར་དེ་ཉིད་བཅུ་པར། གཙུག་ཏོར་འཁོར་ལོས་སྒྱུར་བ་གཡས་བརྐྱང་དུ་བཤད་པའི་རིགས་པས། ཁྲོ་བོ་ཐམས་ཅད་གཡས་བརྐྱང་དུ་བསྟན་པ་ནི་ཕྱིར་བཟློག་གི་ཚེ་ཡིན་ལ། འདིར་བསྲུང་བའི་སྐབས་སུ་ནི། རིན་ཆེན་འབར་བ་ལས། ཞབས་གཡོན་བརྐྱང་བས་གནས་པའོ་ཞེས་དང༌། གུར་གྱི་སྒྲུབ་ཐབས་ལས་ཀྱང་དེ་བཞིན་དུ་བཤད་དོ། །རྒྱས་པར་བྱེད་ན་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། ཁྲོ་བོ་བཅུ་སྲུང་བའི་འཁོར་ལོ་དང་བཅས་པ་ལ་ཡེ་ཤེས་ཀྱི་ཁྲོ་བོ་བསམ་གྱིས་མི་ཁྱབ་པས་བསྐོར་བ། བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས། འོག་ནས་འབྱུང་བ་ལྟར་གཽ་རཱི་ལ་སོགས་པའི་ཕྱག་རྒྱས་དགུག་གཞུག་བཅིང་དབང་དུ་བྱ་བ་སྟེ་ཡེ་ཤེས་པ་དགུག་པའོ། །ལྷ་ཐམས་ཅད་ཀྱི་མིག་ལ་སོགས་པའི་གནས་དྲུག་ཏུ། གཏི་མུག་རྡོ་རྗེ་སོགས་དྲུག་དང༌། གནས་གསུམ་དུ་ཡི་གེ་གསུམ་འོག་ནས་འབྱུང་བ་ལྟར་འགོད་དེ། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པའོ། །སླར་ཡང་སྙིང་གའི་ས་བོན་ལས་འོད་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཆུ་བཞི་སྔོན་དུ་འགྲོ་བས་མཆོད་ཅིང༌། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་ཀྱི་ཚིགས་བཅད་དང་སྔགས་ཀྱིས་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པས། ཧཱུྃ་མཛད་དང་ཤེས་རབ་མཐར་བྱེད་འདོད་རྒྱལ་གནོད་མཛེས་རྣམས་ལ་མི་བསྐྱོད་པ། གཤིན་རྗེ་གཤེད་དབྱུག་སྔོན་ཅན་གཙུག་ཏོར་འཁོར་ལོས་སྒྱུར་བ་རྣམས་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་དང་སྟོབས་པོ་ཆེ་ལ་འོད་དཔག་མེད། བགེགས་མཐར་བྱེད་དང་མི་གཡོ་བ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམས་ཏེ། དབང་བསྐུར་ཞིང་རིག་ཀྱི་བདག་པོས་རྒྱས་གདབ་བོ། །དེ་ནས་ཁྲོ་བོའི་དབང་པོ་རྣམས་ཀྱི་གཟི་བརྗིད་ཀྱིས་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྐྲད་ཏེ། དཔག་ཚད་བརྒྱའི་ཆད་ཚུན་ཆད་བསྲུང་བར་བསམས་ཏེ། ཨོཾ་བཛྲ་རཀྵ་རཀྵ་སོགས་བརྗོད་པ་ནི་སྲུང་བའི་འཁོར་ལོའོ། །འདི་དག་ནི་ཌོམྦྷི་པའི་དེ་ཉིད་བཅུའི་དགོངས་པ་ལྟར་བྲིས་པ་ཡིན། སྦྱང་དཀའ་ཟླ་བའི་གུར་གྱི་སྒྲུབ་ཐབས་ལས། སྲུང་འཁོར་གྱི་ཕྱོགས་བཅུར་ཁྲོ་བོ་བཅུ་སྔར་བཞིན་བསམས་ནས། དབུས་ཀྱི་ཧཱུྃ་མཛད་མི་བསྒོམ་པར་སྲུང་འཁོར་ཚར་བ་དང༌། དབུས་སུ་འབྱུང་བ་བཞི་ལས་གཞལ་ཡས་ཁང་བསྐྱེད་པར་བཤད་དོ། །སྲུང་འཁོར་བསྡུས་པ་ལ་ནི་ཡེ་ཤེས་པ་རྣམས་བསྐྱེད་ནས་དབུ་རྒྱན་རང་ཆས་སུ་བསྒོམས་ལ། བསྲུང་བར་བསམས་པས་ཆོག་པར་མངོན་ལ། བཟློག་པའི་མན་ངག་ནི། བདག་གི་བླ་མས་མཛད་པའི་གུར་གྱི་སྒྲུབ་ཐབས་ལྟར་བྱའོ། །གཉིས་པ་རིམ་པ་གཉིས་ཀྱི་རྣལ་འབྱོར་དངོས་ལ་རྟེན་བསྐྱེད་པའི་རིམ་པ་དང༌། བརྟེན་པ་རྫོགས་པའི་རིམ་པ་གཉིས་ཀྱི་དང་པོ་ལ། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི། དབང་བསྐུར་བ་མི་བསྐྱོད་པའི། བདུད་རྩི་མྱང་བ་འོད་དཔག་མེད་ཀྱི། མཆོད་པ་དོན་ཡོད་གྲུབ་པའི། བསྟོད་པ་རིན་འབྱུང་དང་དྲུག་གི་དང་པོ་ནི། སྲུང་འཁོར་གྱི་རྡོ་རྗེ་ཧཱུྃ་མཛད་ཞུ་བ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་བསྐོར་བ། ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ། དེ་རྣམས་སྟེང་ནས་སྟེང་དུ་བརྩེགས་པའི་སྟེང་དུ། བྷྲཱུྃ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། དེ་རྣམས་ལ་ཨོཾ་ཨཱཿཧཱུཾ་ཧོ་དམར་པོ་གཉིས་ཀྱིས་མཐའ་བརྟེན་པའི་བར་དོའི་ཤེས་པ་ཞུགས་ནས་ཐམས་ཅད་གཅིག་ཏུ་འདྲེས་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། སྟེང་ནས་མདའ་ཡབ་དང་པུ་ཤུས་མཛེས་པར་བྱས་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོ། སྟེང་དུ་གདུགས། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་གོས་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། རྩིག་པའི་རྩ་བའི་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་པི་ཝང་མ་ལ་སོགས་པ་མཆོད་པའི་ལྷ་མོ་བཅུ་དྲུག་རང་རང་གི་ཕྱག་མཚན་ཐོགས་ནས་དཀྱིལ་འཁོར་ལ་མཆོད་པ་དབུལ་བ། ནང་ཀ་བ་བརྒྱད་དང་ལྡན་ཞིང་སྟེང་རྡོ་རྗེའི་གདུང་བཞིས་མི་མངས་རིས་སུ་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཁྲུགས་པ། དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ནི་ཌོམྦི་པ་རྗེས་འབྲང་དང་བཅས་པའི་གཞུང་རྣམས་སུ་མ་བཤད་པས་མེད་ཀྱང་ཆོག་ལ། བྱེད་པར་འདོད་ན། སློབ་དཔོན་རིན་པོ་ཆེས་མཛད་པའི་མན་ངག་ལུགས་ཀྱི་མངོན་རྟོགས་ལྟར་བྱའོ། །གཞལ་ཡས་ཁང་གི་ནང་ཕྱོགས་མདོག་ཅན་གྱི་དབུས་སུ། ཌོམྦི་པས་པདྨ་དམར་པོར་བཤད་པ་ལྟར་རམ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དབུས་སུ་བདུད་བཞིའི་གདན་དང༌། འདབ་མ་བརྒྱད་ལ་ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་ཟངས་རིས་དུད་ཁ་རྣམས་འགྱེལ་ཞིང་གདོང་གྱེན་ལ་ཕྱོགས་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱཾ་ལ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ང་རྒྱལ་གཟུང་ངོ༌། །ཡན་ལག་གཉིས་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་སངས་རྒྱས་ཀྱི་མཚན་སོ་གཉིས་ཀྱི་ངོ་བོ་ཨཱ་ལི་ཕྲག་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བརྒྱད་བཅུའི་ངོ་བོ་ཀཱ་ལི་ཕྲག་གཉིས་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་བར་དུ་ཧཱུྃ་དང་ཨཾ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨཾ་གིས་མཚན་པར་ཀུ་མུ་ཏི་དང་སྒྲུབ་ཐབས་གཉིས་སུ་བཤད་ལ། ཌོམྦི་པས། དབུས་སུ་ཨཱཿཧཱུྃ་རྣམ་པར་བསམ། །དེ་གཉིས་ལས་ཐོད་གྲི་གུག་དག །ཅེས་ཧཱུྃ་ལས་ཐོད་པ་དང་ཨཾ་ལས་གྲི་གུག་ཏུ་བཤད་དེ་སོ་སོར་རྟོག་པའི་ཡེ་ཤེས། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ལ་ལྷའི་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་སྐུ་མདོག་ཟླ་བ་ལྟར་དཀར་ཞིང་ཆུ་ཤེལ་ལྟར་དྭངས་པ། ནོར་བུ་ལྟར་འོད་འཕྲོ་བ། ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ། སྤྱན་ནི་ཉི་ཤུ་པ་བཞིས་ཕྱེ་བ། རྩ་བའི་ཞལ་དཀར་པོ། གཡས་སྔོ། གཡོན་དམར། ལྷག་མ་ཐམས་ཅད་ནག་པོ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང༌། སྤྱི་བོར་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱི་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། དྲུག་པ་ནི་མི་དམར་པོ། བདུན་པ་ན་སེང་གེ་སྔོན་པོ། བརྒྱད་པ་ནི་བྱི་ལ་ནག་པོ། གཡོན་གྱི་གཉིས་པ་ན་ཆུ་ལྷ་དཀར་པོ། གསུམ་པ་ན་རླུང་ལྷ་ལྗང་གུ། བཞི་པ་ན་མེ་ལྷ་དམར་པོ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་སྦྱིན་སེར་པོ་འཛིན་པ་ཀུ་མུ་ཏི་དང་སྒྲུབ་ཐབས་གཉིས་སུ་བཤད་ལ། ཌོམྦི་པས། གཡས་ཀྱི་གཉིས་པ་ན་རྔ་མོ། ལྔ་པ་ན་བ། བདུན་པ་ན་བྱི་ལ། བརྒྱད་པ་ན་སེང་གེ གཡོན་གྱི་གསུམ་པ་ན་མེ། བཞི་པ་ན་རླུང༌། ལྔ་པར་ཟླ་བ། དྲུག་པར་ཉི་མ་བཤད་དོ། །དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། འཁོར་ལོ་ལ་སོགས་པ་རུས་པའི་རྒྱན་དྲུག་དང་ལྡན་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སམ། རིན་ཆེན་འབར་བ་ལྟར་ན། ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་ཤིང༌། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ་དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པ་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཌོམྦི་པས་དཀུ་གཡོན་དུ་ཁ་ཊྭཱཾ་ག་འཛིན་པར་བཤད་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡོན་བརྐྱང་ཞིང་གཡས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམས་ཏེ། རྒྱུའི་རྡོ་རྗེ་འཛིན་པ་བསྐྱེད་པའོ། །དེ་ནས་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང༌། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པར་བསམས་ལ། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཾ་ཀུ་རུ་ཥྭ་མེ། ཞེས་པས་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང༌། ཐབས་ཤེས་རབ་སྙོམས་པར་ཞུགས་པས་བདེ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་བྷ་གར་བབས་ནས། གཾ་ཙཾ་བཾ་གྷཾ། པཾ་ཤཾ་ལཾ་ཌཾ། ཞེས་པའི་ས་བོན་བརྒྱད་དུ་གྱུར། དེ་ལས་ལྷ་མོ་བརྒྱད་དུ་གྱུར་ནས་ཕྱིར་སྤྲོས་པས། «གཟུགས་ཀྱི་རང་བཞིན།་་་་་»ཤར་དུ་གཽ་རཱི་ནག་མོ་གཡས་པས་གྲི་གུག གཡོན་པས་ཉ་འཛིན་པ། «སྒྲའི་རང་བཞིན།་་་་་»ལྷོར་ཙཽ་རཱི་དམར་མོ་གཡས་པས་ཅང་ཏེའུ། གཡོན་པས་ཕག་རྒོད་འཛིན་པ། «དྲིའི་རང་བཞིན།་་་་་»ནུབ་ཏུ་རོ་ལངས་མ་སེར་མོ་གཡས་པས་རུས་སྦལ། གཡོན་ཐོད་པ་འཛིན་པ། «རོའི་རང་བཞིན།་་་་་»བྱང་དུ་གྷསྨ་རཱི་ལྗང་ཁུ་གཡས་པས་སྤྲུལ། གཡོན་པས་ཐོད་པ་འཛིན་པ། «ས་རྣམ་པར་དག་པ།་་་་་»བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་པས་སེང་གེ གཡོན་དགྲ་སྟྭ། «ཆུ་རྣམ་པར་དག་པ།་་་་་»ཤར་ལྷོར་རི་ཁྲོད་མ་དཀར་མོ་གཡས་པས་དགེ་སློང༌། གཡོན་གསིལ་བྱེད། «མེ་རྣམ་པར་དག་པ།་་་་་»ལྷོ་ནུབ་ཏུ་གདོལ་པ་མོ་སྔོན་མོ་གཡས་འཁོར་ལོ། གཡོན་ཐོད་པ། འདིའི་ས་བོན་ཌོམྦི་པས་ཙ་དུ་བཤད། «རླུང་རྣམ་པར་དག་པ།་་་་་»ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ་གཡས་པས་རྡོ་རྗེ། གཡོན་པས་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་དུ་ཌོམྦི་པས་བཤད། གཅེར་བུ་རུས་པའི་རྒྱན་ཆ་ལྔས་སྤྲས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམས་ཏེ། འཁོར་གྱི་ལྷ་མོ་དབྱུང་བའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་ནམ་མཁའ་ནས། ཨོཾ་ཨཱཿཧཱུྃ་གསུམ་ཧོཿགཉིས་ཀྱི་མཐའ་བརྟེན་པའི་བར་དོའི་རྣམ་པར་ཤེས་པ་བཅོམ་ལྡན་འདས་ཀྱི་སྣ་བུག་གཡོན་པ་ནས་ཞུགས། ཡུམ་གྱི་མཁར་སླེབ་པའི་རྐྱེན་གྱིས་ཡབ་ཡུམ་གཉིས་རྗེས་སུ་ཆགས་པའི་མེས་ཞུ་སྟེ། བདེ་བ་ཆེན་པོའི་ངོ་བོ་ཐིག་ལེ་སྔོ་སྐྱར་གྱུར་པར་བསམས་ལ། དེ་ནས་མཚམས་ཀྱི་ལྷ་མོ་བཞིས་གཙོ་བོ་མ་མཐོང་བས་སྡུག་བསྔལ་ནས་བཞེངས་པའི་ཕྱིར་གླུས་བསྐུལ་བ་ལ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །ཅེས་སོགས་ཀྱིས་བསྐུལ་བར། ཀུ་མུ་ཏི་དང༌། སྒྲུབ་ཐབས་གཉིས་སུ་བཤད་པས་དེ་བཞིན་བྱ་བའམ། ཡང་ན། པུཀྐ་སཱིས། བཞེངས་ཤིག་བཅོམ་ལྡན་ཐུགས་རྗེའི་ཐུགས་མངའ་བ། །དུར་ཁྲོད་འཕྱན་མ་བདག་ལ་ཡོངས་སུ་སྐྱོབས། །སྟོང་པ་ཉིད་ཀྱི་རང་བཞིན་སྤངས་ནས་སུ། །བདེ་བ་ཆེན་པོའི་རོལ་པས་སྦྱོར་བར་མཛོད། །རི་ཁྲོད་མས། ཁྱོད་མི་བཞུགས་ན་བདག་གི་འགུམ་འགྱུར་བས། །དགེས་པའི་རྡོ་རྗེ་ཁྱོད་ནི་བཞེངས་པར་མཛོད། །སྟོང་པ་ཉིད་ཀྱི་རང་བཞིན་སྤངས་ནས་ནི། །རི་ཁྲོད་མ་བདག་བྱ་བ་བསྒྲུབ་པར་མཛོད། །ཙཎྜ་ལཱིས། ཆགས་མཆོག་གཙོ་བོ་འཇིག་རྟེན་མགྲོན་གཉེར་ནས། །སྟོང་པ་ཉིད་ཀྱི་ངོ་བོར་ཅི་ཕྱིར་བཞུགས། །ཁྱོད་མི་བཞུགས་ན་བདག་ནི་ལུས་འཇིག་པས། །གཏུམ་མོ་ཁྱོད་ནི་བདག་ལ་རོལ་པར་མཛོད། །གཡུང་མོས། ཁྱོད་ཀྱི་ཐུགས་ནི་བདག་གིས་འཚལ་ལགས་ཀྱིས། །སྒྱུ་མའི་མཁན་པོ་ཁྱོད་ནི་བཞེངས་པར་མཛོད། །ཐུགས་རྗེ་རྣམ་པར་ཆད་པར་མི་མཛད་ཅིང༌། །ཚད་མེད་ཐུགས་ཀྱིས་གཡུང་མོ་བདག་རོལ་མཛོད། །ཅེས་པས་བསྐུལ་བར་ཌོམྦི་པས་བཤད་དེ། ཞུ་བ་གླུས་བསྐུལ་བའོ། །དེ་ནས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས། ཐིག་ལེ་ལས་ཨཾ་དང་ཧཱུྃ་ལས་བཞེངས་པར་ཀུ་མུ་ཏི་དང་སྒྲུབ་ཐབས་གཉིས་སུ་བཤད་ལ། ཌོམྦི་པས། ཨཾ་དང་ཧཱུྃ་ལས་གྲི་གུག་དང་ཐོད་པ་དེ་ལས་བཞེངས་པར་བཤད། གང་ལྟར་ཡང༌། འབྲས་བུ་རྡོ་རྗེ་འཛིན་པ་སྐུ་མདོག་སྔོན་པོ། རྩ་ཞལ་སྔོན་པོ། གཡས་དཀར། གཡོན་དམར། ལྷག་མ་ཐམས་ཅད་རྒྱུ་རྡོ་རྗེ་འཛིན་པ་ལྟར་ཡུམ་དང་བཅས་པ་བསམ་མོ། །དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལ་སོགས་པ་རང་རང་གི་ས་བོན་ལས་སོ་སོའི་ཕྱག་མཚན་སོ་སོའི་ས་བོན་གྱིས་མཚན་པ་ལས། རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར། ཉི་མ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ་སོགས་པ་སོ་སོའི་ས་བོན་བསྒོམ་པར་ཀུ་མུ་ཏི་དང་ཡན་ལག་དྲུག་པ་སོགས་ཀྱི་དགོངས་པ་ཡིན་ལ། རིན་ཆེན་འབར་བ་ལས་ཀྱང་གསལ་བར་གསུངས་ཏེ། ཡབ་ཡུམ་འཁོར་བཅས་ཐུགས་ཀར་ནི། པད་ཉི་ས་བོན་ཕྱག་མཚན་ལས། །ཡེ་ཤེས་སེམས་དཔའ་བསྐྱེད་པར་བྱ། །ཞེས་སོ། །དེ་ནས་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ། རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས་ལ། ཉེར་སྤྱོད་དང་ལྷ་མོ་བརྒྱད་ཀྱིས་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་སོགས་ཀྱིས་བསྟོད་ནས། སྙིང་གའི་ས་བོན་ལས་གཽ་རཱི་ལྕགས་ཀྱུ་ཐོགས་པ་སྤྲོས་ཏེ་ཡེ་ཤེས་པའི་ཐུགས་ཀར་རེག་པས། སྲུང་འཁོར་གྱི་ནང་དུ་བྱོན་པར་བསམས་ལ། དེ་ཉིད་བསྡུས་པ་ནས་བཤད་པའི་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛ། ཞེས་བརྗོད། ཡང་ཙཽ་རཱི་ཞགས་པ་ཐོགས་པ་སྤྲོས། ཡེ་ཤེས་པའི་མགྲིན་པར་རེག་པས་དམ་ཚིག་པ་ལ་ཐིམ་པར་བསམ་ཞིང༌། ཞགས་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད། ཡང་ས་བོན་ལས་བེ་ཏཱ་ལཱི་ལྕགས་སྒྲོག་ཐོགས་པ་སྤྲོས། ཡེ་ཤེས་པའི་ཞབས་ལ་རེག་པས་དམ་ཚིག་པ་དང་གཉིས་སུ་མེད་པར་བསམས་ལ། ལྕགས་སྒྲོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་བཻ་ཏཱ་ལཱི་བནྡྷ་བཾ། ཡང་གྷསྨ་རཱི་དྲིལ་བུ་ཐོགས་པ་སྤྲོས། གཞལ་ཡས་ཁང་གི་ཕྱི་ནང་ཐམས་ཅད་གང་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགེས་པར་བསམས་ལ། དྲིལ་བུའི་ཕྱག་རྒྱ་དང༌། ཨོཾ་བཛྲ་གྷསྨ་རཱི་བ་ཤཾ་ཀུ་རུ་ཧོཿ ཞེས་བརྗོད། དེ་ནས་ལྷ་ཐམས་ཅད་ཀྱི་མིག་གཉིས་སུ། མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བ་གཉིས་སུ་དཾ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣར་པཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་པར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནཾ་ལས་བདག་མེད་རྣལ་འབྱོར་མ་ནག་མོ། །སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། ཐུགས་ཀར་ཧཱུྃ་ལས་ཐུགས་རྡོ་རྗེ་མ་ནག་མོ་རྣམས་དགོད་པ་ཀུ་མུ་ཏི་དང་སྒྲུབས་ཐབས་གཉིས་ལས་བཤད་ལ། ཌོམྦི་པས་གཏི་མུག་རྡོ་རྗེ་སོགས་དྲུག་དང༌། གཟུགས་ལ་གཽ་རཱི། སྒྲ་ལ་ཙཽ་རཱི། དྲི་ལ་བེ་ཏཱ་ལཱི། རོ་ལ་གྷསྨ་རཱི། རེག་ལ་ས་སྤྱོད་མ། ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། གཟུགས་ཕུང་རྡོ་རྗེ་མ། ཚོར་ཕུང་དཀར་མོ། འདུ་ཤེས་ཆུའི་རྣལ་འབྱོར་མ། འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། རྣམ་ཤེས་བདག་མེད་མ། སའི་ཁམས་ལ་པུཀྐ་སཱི། ཆུ་ལ་རི་ཁྲོད་མ། མེ་ལ་གཏུམ་མོ། རླུང་ལ་གཡུང་མོ་རྣམས་དགོད་པར་བཤད་དོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པར་བསམ་མོ། །ཡན་ལག་གསུམ་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། སྔར་བཞིན་མཆོད་བསྟོད་བྱས་ནས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་སྐུར་ཅིག །ཅེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ཏེ། བདུད་རྩི་ལྔས་གང་བའི་བུམ་པ་ཕྱག་ན་བསྣམས་ནས། དབང་བསྐུར་བར་བསམས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་དང༌། གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་བ་རཱི་ལ་རྣམ་པར་སྣང་མཛད། བེ་ཏཱ་ལཱི་དང་ཙཎྜ་ལཱི་ལ་རིན་འབྱུང༌། གྷསྨ་རཱི་དང་ཌོམྦཱི་ནཱི་ལ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་བསམས་ལ། དབང་གི་ལྷ་ཐམས་ཅད་མི་དམིགས་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ཡན་ལག་བཞི་པ་ནི། མདུན་དུ་ཐོད་པར་ཆང་ལ་བདུད་རྩི་རིལ་བུ་ལ་སོགས་པས་བཀང་བ་བཞག་ལ། དེ་བསང་སྦྱངས་བྱིན་གྱིས་བརླབས་པ་རྣམས་འོག་གཏོར་མ་ལྟར་བྱས་ལ། ལྷ་དགུའི་ལྗགས་རྣམས་ལས་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ཡན་ལག་ལྔ་པ་ནི། སྔར་ལྟར་ལྷ་མོ་བརྒྱད་ཀྱིས་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ཡན་ལག་དྲུག་པ་ནི། མཆོད་པའི་ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་ལ་བསྟོད་པར་བསམས་ལ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་པའམ། ཡང་ན། འགྲོ་བ་དུག་ཆེན་མི་བཟད་པས། །ཁྱབ་པར་བཞུགས་ནས་ཧེ་རུ་ཀ །སྣ་ཚོགས་ཚུལ་གྱིས་བདུད་རྩིར་བསྒྱུར། །སྨན་མཆོག་དཔའ་བོ་ཁྱོད་ལ་འདུད། །ཅེས་རིན་ཆེན་འབར་བ་ལས་བཤད་པས་བསྟོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་བཟུང་བས། དུ་བ་ལ་སོགས་པའི་རྟགས་དྲུག་མཐོང་བར་སློབ་དཔོན་འདིའི་རྗེས་འབྲང་དང་བཅས་པའི་བཞེད་པ་སྟེ་བསྐྱེད་པའི་རིམ་པའོ། །གཉིས་པ་ནི། རྫོགས་པའི་རིམ་པ་ཙཎྜ་ལཱི་ལ་སོགས་པའི་མན་ངག་བསྒོམས་ཏེ། དེའི་ཚུལ་ཡང་རིན་ཆེན་འབར་བའི་རྫོགས་རིམ་ལེའུ་ལས་ཤེས་པར་བྱའོ། །གསུམ་པ་ཐུན་མཚམས་ཀྱི་བྱ་བ་ལ། ཉལ་བ་ལ་སོགས་པའི་རྣལ་འབྱོར་ལྔ་ནི། སློབ་དཔོན་རིན་པོ་ཆེའི་མན་ངག་ལུགས་ཀྱི་སྒྲུབ་ཐབས་ལྟར་གོ་བར་བྱས་ལ། ཐུན་མཚམས་སུ་བསྒོམས་པས་སྐྱོ་ན། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ། རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པར་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །སྤྱན་གསུམ་པོ་ནི་སྐུ་གསུམ་ཡིན། །རུས་པ་བདེན་པ་བཞི་པོ་ཉིད། །གཟུགས་ཕུང་རྡོ་རྗེ་མ་ཡིན་ནོ། །ཚོར་བ་གསང་བའི་དཀར་མོ་ཉིད། །འདུ་ཤེས་ཕུང་པོ་ཆུ་མ་ཉིད། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །འདིར་ནི་རྣམ་ཤེས་བདག་མེད་མ། །དོན་དམ་ལ་ནི་ཕུང་པོ་མེད། །སྐྱེ་མཆེད་དྲུག་ནི་རྣམ་དག་ཕྱིར། །དེ་ཉིད་དྲུག་པོ་ཉིད་དུ་འགྱུར། །ཞེ་སྡང་རྡོ་རྗེ་རྡོ་རྗེ་མ། །རྡོ་རྗེ་རོ་མ་ཆུ་མ་ཉིད། །ཕྲག་དོག་རྡོ་རྗེ་མ་དང་ནི། །དེ་བཞིན་གཏི་མུག་རྡོ་རྗེ་མ། །རྡོ་རྗེ་མཁའ་འགྲོ་མ་རུ་འགྱུར། །སེར་སྣ་གསང་བའི་དཀར་མོ་ཉིད། །ཡིད་ལ་བདག་མེད་རྣལ་འབྱོར་མ། །ས་ནི་པུཀྐ་སཱི་ཞེས་བཤད། །ཆུ་ཁམས་རྔོན་པ་མ་ཞེས་བྱ། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ཡི་གཟུགས་ཅན་གྷསྨ་རཱི། །རེག་ལ་ས་སྤྱོད་མ་ཉིད་དེ། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །དབང་ཕྱུག་ཐམས་ཅད་རབ་བསྒྲུབ་ཕྱིར། །ས་ནི་དང་པོ་ནོར་སྦྱིན་མཐའ། །གླང་པོ་ལ་སོགས་སེམས་ཅན་གྱིས། །ནད་རྣམས་ཞི་ཕྱིར་འཛིན་པའོ། །གློ་དང་དབུགས་དང་དེ་བཞིན་འབོག །ཁོང་སྐེམ་མཛེ་དང་འབྲུམ་བུ་དང༌། །མཆིན་པ་མཆེར་བའི་རང་བཞིན་ཡང༌། །གླང་པོ་ལ་སོགས་རབ་ཏུ་གྲགས། །ཞེས་པས་དག་པ་དྲན་པར་བྱས་ནས། བྱིན་གྱིས་བརླབས་པའི་བགྲང་ཕྲེང་བཟུང་སྟེ། རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་ཐུགས་ཀའི་ཨཾ་ལས་སྔགས་ཀྱི་ཕྲེང་བ་ཞི་སོགས་ཀྱི་ལས་དང་མཐུན་པའི་ཁ་དོག་ཅན་སྤྲོས། ཡུམ་གྱི་ཞལ་ནས་འཐོན། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་སྟེ། པདྨར་ཞུགས་ནས་སྐུའི་དབྱིབས་བརྒྱུད་དེ། ཡང་ཡུམ་གྱི་ཞལ་ནས་བྱུང་བར་བསྒོམ་ཞིང༌། འཁོར་རྣམས་ཀྱི་སྟེང་འོག་ཏུ་འཁོར་བར་བསམས་ལ། ཨོཾ་ཨཥྚཱ་ན་ནཱ་ཡ། པིཾ་ག་ལོརྡྷ་ཀེ་ཤ་ཝརྟ་མ་ནེ། ཙ་ཏུར་བིཾ་ཤ་ཏི་ནི་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལ་ཨ་ནཻ་ཀཾ་དྷ་རི་ཎེ། ཨདྷྨ་ཏཱ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྡུ་དཾཥྚི་ཎ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱན། བནྡྷ་བནྡྷ། ནཱ་ག་ཨཥྚ་ཀཱན། གྲྀཧྞ་གྲྀཧྞ། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ་ཧོ་ཧཽ་ཧཾ་ཧ་ཧཱུྃ་ཕཊ་སྭཱ་ཧཱ། རྩ་སྔགས་སོ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཨ་ཨཱ་ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཧཱུྃ་ཕཊ་སྭཱ་ཧཱ། རྣལ་འབྱོར་མའི་ཕྲེང་སྔགས་སོ། །ཨོཾ་ཨཱཿཨཾ་ཧཱུྃ་ཕཊ་སྭཱ་ཧཱ། བདག་མེད་མའི་འོ། །ཨོཾ་ཨཱཿགཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿགྷཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཔཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཤཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿལཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཌཾ་ཧཱུྃ་ཕཊ་སྭཱ་ཧཱ། གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་སྔགས་ཏེ། འདི་དག་གཙོ་བོ་ལ་ཇི་ཙམ་བཟླས་པའི་བཅུ་ཆ་འཁོར་རྣམས་ལ་བཟླ་བ་བཟླས་པའི་རྣལ་འབྱོར་རོ། །དེ་ལྟར་བསྒོམ་བཟླས་ཀྱིས་སྐྱོ་ན། ཐུན་མཚམས་སུ་ཚོགས་བསག་པའི་དོན་དུ། མཎྜལ་ཁྲུ་གང་བས་མི་ཆུང་བ་ལ་བའི་རྣམ་ལྔ་དང༌། དྲི་བཟང་དང་བདུད་རྩི་ལྔས་གཡས་སྐོར་དུ་བྱུག་ཤིང༌། ཨོཾ་མེ་དི་ནི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཞེས་བརྗོད་དེ། སྲུང་བའི་འཁོར་ལོ་གཞལ་ཡས་ཁང་གདན་དང་བཅས་པ་མདོར་བསྡུས་པའི་ཚུལ་གྱིས་བསྐྱེད་ལ། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། འཁོར་རྣམས་ལ་ཟླུམ་པོར་བྱས་ནས། དབུས་སུ་ཧཱུྃ་ཤྲཱི་ཧེ་རུ་ཀཱ་ཡ་ན་མ། དཔལ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོགས་དང༌། ཤར་དུ་གཾ་གཽ་རཱི་ན་མ། གཽ་རཱི་ནག་མོ་ཞེས་བྱ་བ་ལ་སོགས་པ་རང་རང་གི་མཚན་སྔགས་སྔོན་དུ་འགྲོ་བའི་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་བྱས་ལ་ལྷ་དགུ་ཡོངས་སུ་རྫོགས་པར་བསྒོམས་ཏེ། དམ་ཚིག་སེམས་དཔའ་བསྐྱེད་པའོ། །དེ་ནས་གཙོ་འཁོར་ཐམས་ཅད་སེམས་དཔའ་སུམ་བརྩེགས་སུ་བསྒོམ། ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་ནས། གཽ་རཱི་ལ་སོགས་པའི་སྔགས་རྒྱས་དགུག་གཞུག་བཅིང་དབང་དུ་བྱས་ཏེ། ཡེ་ཤེས་པ་གཞུག་པའོ། །དེ་ནས་མིག་ཏུ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་བསྒོམས་ཏེ། སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །ཡང་དབང་བསྐུར་གྱི་ལྷ་སྤྱན་དྲངས་ནས་མཆོད་ཅིང་གསོལ་བ་བཏབ་སྟེ། དབང་བསྐུར་ནས་སྔར་ལྟར་རིགས་ཀྱི་བདག་པོས་རྒྱས་གདབ་སྟེ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའོ། །དེ་ལྟར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཡན་ལག་བཞི་རྫོགས་སུ་བསྒྲུབ་པ་ལ། ཕྱི་ནང་གི་མཆོད་པ་དབུལ་བའི་ཕྱིར། མཎྜལ་གྱི་གཡས་རང་གི་གཡོན་ཕྱོགས་ནས་ཞབས་བསིལ་ལ་སོགས་པའི་ཆུ་བཞི་དང༌། རང་གི་གཡས་མཎྜལ་གྱི་གཡོན་ནས་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔ་དང༌། རང་གི་གཡོན་དུ་ཐོད་པ་བདུད་རྩིས་གང་བ་དང༌། གཡས་སུ་རྡོ་རྗེ་དྲིལ་བུ་རྣམས་བཞག་ལ། ལས་ཐམས་ཅད་པའི་དྲི་ཆུའམ་ཆང་ལ་བདུད་རྩི་རིལ་བུ་སྦྱར་བས་མཆོད་རྫས་རྣམས་ལ་གཏོར་ཞིང༌། ཨོཾ་བཛྲ་ཨ་མྲྀ་ཏ་བརྗོད་ལ་བསང༌། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པར་ཧཱུྃ་ལས་བྱུང་བའི་མཆོད་རྫས་སུ་བསམས་ལ། འོག་ནས་འབྱུང་བའི་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ ཧེ་བཛྲ་ས་པ་རི་ཝཱ་ར་ཞེས་ཀུན་ལ་སྦྱར་ཞིང༌། རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད་པ་ཞབས་བསིལ་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ནཱི་རཱི་ཧཱུྃ་ཁཾ། ཞེས་བརྗོད་ལ། དེ་བཞིན་དུ། ནཻ་ཝི་ཏྱེ་ཧཱུྃ་ཁཾ་གིས་ཞལ་བསིལ་དང༌། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་གིས་འཐོར་འཐུང་དང༌། ཨོཾ་ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་ཕུལ་ཏེ། ཆུ་བཞི་ཀའང་ཕྱག་རྒྱ་ནི་འདྲའོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག་དང༌། བདུག་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་གིས་བདུག་སྤོས་དང༌། མར་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། དྲི་མཆོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་མཆོག ཞལ་ཟས་ཀྱིས་ཕྱག་རྒྱ་དང༌། ཨོཾ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུྃ་གིས་ཞལ་ཟས། ཨོཾ་བཛྲ་ཤཔྡ་ཨཱཿཧཱུྃ་གིས་དང༌། བཛྲ་དྷརྨ་ར་ཎི་ཏའི་སྔགས་ཀྱིས་རོལ་མོ་འབུལ་ཏེ། ཕྱིའི་མཆོད་པའོ། །དེ་ནས་སྔར་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱི་དབུས་ནས་མཐེབ་སྲིན་གྱིས་བླངས་ཏེ་གཏོར་ཞིང༌། ཐོག་མར་རང་གི་རྩ་བའི་བླ་མ་ལ་འབུལ། དེ་ནས་འདིའི་བརྒྱུད་པའི་བླ་མ་དང༌། བདེ་མཆོག་ལ་སོགས་པ་གཞན་གྱི་བླ་མ་བརྒྱུད་པ་རྣམས་དང༌། དེ་ནས་ཡི་དམ་གྱི་ལྷ་རྣམས་ལ་རང་རང་གི་སྔགས་ཀྱི་རྗེས་སུ་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་ཆོས་སྐྱོང་ཕྱོགས་སྐྱོང་དང༌། གཞི་བདག་རྣམས་ལའང་འཕུལ་ནས། རང་ཉིད་ཀྱིས་མྱངས་ཏེ་ནང་གི་མཆོད་པའོ། །དེ་ནས་མཆོད་པ་ཉི་ཤུ་པ་དང༌། ལྷ་མོ་བརྒྱད་ལ་སོགས་པས་མཆོད་པ་ནི། ཡིད་ལས་བྱུང་བའི་མཆོད་པའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། དྷེ་ཧ་དྷ་ཏུའི་གླུའི་མཆོད་པའམ། ཡང་ན། སློབ་དཔོན་ཌོམྦི་པས་མཛད་པའི་བསྟོད་པ་བྱ་སྟེ། བསྟོད་པའི་མཆོད་པའོ། །དེ་ནས་གཏོར་མ་གཏོང་བར་འདོད་ན། མདུན་བསྐྱེད་ཀྱི་གཡས་སུ་འཇིག་རྟེན་ལས་འདས་པའི་གཏོར་མ་ཕུད་ལས་ཆུང་བར་བྱ་ཞིང༌། གཡོན་དུ་འཇིག་རྟེན་པའི་གཏོར་མ་ལྷག་མ་ལས་ཆེ་བར་བྱས་ལ། གཉིས་ཀའང་བདུད་རྩི་ལྔས་སྦག་ཅིང༌། ཆུ་དང་ཆང་གིས་སྦྱངས་ནས། མདུན་གྱི་མཎྜལ་གྱི་དུར་ཁྲོད་བརྒྱད་དུ། ཧཱུྃ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། །ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ། མཎྜལ་གྱི་སྟེང་གི་ཆ་ལ། བྱང་ཤར་དུ་ཆོས་འབྱུང་གི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་ལ། ཨོཾ་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་སྐུ་རྡོ་རྗེ། ཤར་དུ་དབང་ཕྱུག་ཆེན་པོ། ལྷོར་ལྷའི་དབང་པོ། ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག ཤར་ལྷོར་འདོད་བའི་དབང་ཕྱུག ལྷོ་ནུབ་ཏུ་ཚོགས་ཀྱིས་བདག་པོ། ནུབ་བྱང་དུ་བྷྲྀང་གི་རི་ཏི། བྱང་ཤར་དུ་གཞོན་ནུ་ཀརྟི་ཀ ཐམས་ཅད་ཀྱང་སྐུ་མདོག་དཀར་པོ། མཎྜལ་གྱི་འོག་གི་ཆ་ལ། ལྷོ་ནུབ་ཏུ་ཆོས་འབྱུང་ལ་གནས་པའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་བརྒྱད་ལ། ཨཱཿདགུ་ཡོངས་སུ་གྱུར་པ་ལས། དབུས་སུ་གསུང་རྡོ་རྗེ། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང༌། ནུབ་ཏུ་མཐའ་ཡས། བྱང་དུ་ནོར་རྒྱས། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ། ཐམས་ཅད་ཀྱང་སྐུ་མདོག་དམར་པོ། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་དང་འདྲ་བའི་རིག་མ་དང་མཉམ་པར་སྦྱོར་བ་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ས་འོག་ས་སྟེང་ས་བླའི་སེམས་ཅན་ཐམས་ཅད་ལྷ་ཆེན་བརྒྱད་ལ་སོགས་པའི་དཀྱིལ་འཁོར་གསུམ་ལ་ཐིམ་པར་བསམ། ཡང་རང་བཞིན་གྱི་གནས་ནས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ལ། གཽ་རཱི་ལ་སོགས་པའི་སྔགས་རྒྱས་དགུག་གཞུག་བཅིང་དབང་དུ་བྱས་ནས། གཏི་མུག་རྡོ་རྗེ་མ་ལ་སོགས་པའི་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་གི་ལྷ་སྤྱན་དྲངས་ལ་མཆོད་ཅིང་གསོལ་བ་བཏབ་པས་དབང་བསྐུར། ལུས་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་སྣང༌། ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་ནས། སྟོང་པའི་ངང་ལས་ཡྃ་ལས་རླུང་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པའི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་གོ་ལས་བ་ལང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། །དབུས་སུ་ན་ལས་མིའི་ཤ། ཤ་ལྔ་པོ་རེ་རེའི་སྟེང་དུ་བྷྲཱུྃ་ལས་དྲི་ཆེན། ཨཾ་ལས་རཀྟ། ཛྲཱིཾ་ལས་བྱང་སེམས། ཁཾ་ལས་ཤ་ཆེན་གྱི་དྭངས་མ། ཧཱུྃ་ལས་དྲི་ཆུ་སྟེ་བདུད་རྩི་ལྔ་ལྔ་དང༌། དེ་རྣམས་ཀྱི་སྟེང་དུ་བྷྲཱུྃ་ལ་སོགས་པའི་ས་བོན་ལྔ་བསམས་ལ། ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཨཱ་ལི་བཅུ་དྲུག་གཡོན་སྐོར་དང༌། ཀཱ་ལི་སོ་བཞི་གཡས་སྐོར་དུ་བསམས་ཏེ། དེ་དག་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་དུ་རཾ་ལས་ཉི་མ་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་ཤིང་མེ་སྦར་ནས། ཐོད་པའི་ནང་གི་ཤ་ལྔ་བདུད་རྩི་ལྔ་པོ་བཞུས་ཤིང་བསྐོལ་བས། རླངས་པ་གྱེན་དུ་སོང་བས་ཨོཾ་དང་ཧཱུྃ་ལ་ཕོག་པས་དེ་གཉིས་ནས་བདུད་རྩིའི་རྒྱུན་འཛག་པ། ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ཧེ་རུ་ཀ་ཕྱག་གཉིས་པར་སྤྱན་དྲངས་རྡོ་རྗེའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ཨོཾ་དང་བཅས་པ་ཐམས་ཅད་ཐོད་པའི་ནང་དུ་ལྷུང་བས་རྫས་ཐམས་ཅད་ཞུ་ནས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམས་ནས། ཨོཾ་ཨཱཿཧཱུྃ་ཡང་ཡང་བརྗོད་དོ། །གཏོར་མ་བྱིན་བརླབ་འདི་ཌོམྦི་པའི་དེ་ཉིད་བཅུ་པ་དང༌། མི་ཐུབ་ཟླ་བའི་གཏོར་ཆོག་ལ་སོགས་པ་སློབ་དཔོན་རྗེས་འབྲང་དང་བཅས་པ་དང༌། རྒྱ་གཞུང་མང་པོ་ལས་མགྲོན་བསྐྱེད་པའི་རྗེས་ལ་འབྱུང་ངོ༌། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ཏེ། ངག་ཏུ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏ་ལེ། ཨཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷུཔྤ། མཱཾ་ས། པིཾ་གྷ། ཨམྦྷ། སཔྤ། ཀཛྫ། སྭ་ད་ཁནྟི། ཁུ་ཎི། ཕེ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུམ་མམ་བདུན་བརྗོད་པས་ཕུལ་ལ། ཕྱི་དང་ནང་གི་མཆོད་ནས། རྡོ་རྗེ་དྲིལ་བུ་གསིལ་ཞིང་དཀར་མོ་རི་དྭགས་དང༌། ཁྱོད་ནི་རྣལ་འབྱོར་མ་སོགས་དང༌། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་ཅིང་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པའི་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ནས།     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*