བསྐྱེད་རིམ་གནད་ཀྱི་ཟླ་ཟེར། ཁ༽

འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །དེ་ནི་ཐེ་ཚོམ་མེད་བྱས་ནས། །ངེས་པར་དངོས་གྲུབ་ཅན་དུ་འགྱུར། །ཞེས་ལྟུང་བ་སྦྱོང་བ་དང༌། ལྟུང་བཤགས་ཀྱི་ཆོ་ག་གསུངས་ནས། ལྷ་གང་བསྒོམ་གསལ་བར་མ་བཤད་པ་ལ། རྒྱུད་དེའི་ལེའུ་དྲུག་ཅུ་རྩ་བཞི་པར། རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ་སོགས་གསུངས་ཀྱང༌། དེ་རྣམས་སྤྲོས་པ་ཆེ་བས་འདིར་མ་བཤད་པར། ལེའུ་ཉེར་བཞི་པར་འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་གསུངས་པའི་ནང་ནས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གཙོ་བོ། རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཡུམ་དང་བཅས་པ་གསུངས་པ་དེ་ཟུར་དུ་ཕྱུང་ནས་ཆོ་ག་འདི་དང་སྦྱར་བར་སྣང་བས། དེ་བཞིན་དུ་འཆད་ཤེས་དགོས་སོ། །གཉིས་པ་ལ་གསུམ། ལྷ་བསྒོམ་པ། སྔགས་བཟླས་པ། བཤགས་བསྡམ་བྱ་བའོ། །དང་པོ་ནི་བླ་མ་གཞན་དག་རང་རྡོ་རྗེ་སེམས་དཔར་བསྒོམ་པར་འདོད་ཅིང༌། ཁ་ཅིག་རང་ལྷར་བསྐྱེད་པའི་སྙིང་གར་རྡོར་སེམས་བསྐྱེད་པར་འདོད་ཀྱང༌། འདིར་རྗེ་བཙུན་གྱིས། རང་གི་སྤྱི་བོར་བསྒོམ་པར་བཤད་པ་ནི། ངེས་བརྗོད་བླ་མའི་སྔར་གྱི་ལུང་ལས། ཕྱི་དང་ནང་གི་ཆུས་ཁྲུས་བྱ། །ཞེས་པའི་དོན་དུ་མངོན་ཏེ། སྤྱི་བོར་རྡོར་སེམས་བསྒོམས་ནས། དེའི་སྦྱོར་མཚམས་ནས་བྱུང་བའི་ཆུས་དམ་ཚིག་ཉམས་པའི་དྲི་མ་འཁྲུད་ཅེས་པའི་དོན་ཏོ། །གལ་ཏེ་ནང་ཁྲུས་ཀྱི་དོན་ནི། སྟོང་ཉིད་བསྒོམ་པ་ཡིན་ནོ་སྙམ་ན། ནང་ཁྲུས་ནི་དེ་ལྟར་དུ་ཡོ་ག་དང་གདན་བཞི་སོགས་ལས་བཤད་ཀྱང༌། དེ་ནང་ཁྲུས་ཡིན་གྱི་ནང་གི་ཆུས་ཁྲུས་མ་ཡིན་ལ་འདིར་ནང་གི་ཆུས་ཞེས་དམིགས་བསལ་དུ་འབྱུང་བའི་ཕྱིར་རོ། །དེས་ན་རྗེ་བཙུན་གྱིས། བདག་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ། རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་ཞེས་བྱ་བ་སྐུ་མདོག་དཀར་པོ་རུས་པའི་རྒྱན་ཆ་དྲུག་གིས་བརྒྱན་པ། གཡས་རྡོ་རྗེ་གཡོན་དྲིལ་བུ་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དང་རྒྱན་ཡབ་དང་འདྲ་བ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམས་ལ། ཞེས་གསུངས་པ་ལྟར་བྱའོ། །དེ་ལ་བླ་མ་ཁ་ཅིག ཆོ་ག་གསུམ་ལས་བསྐྱེད་པར་བཤད་པ་ནི། རྗེ་བཙུན་གྱི་གསུང་དང་མི་མཐུན་པས། འདིར་སྐད་ཅིག་གིས་བསྐྱེད་པ་ཡིན་ལ། ལྷའི་རྣམ་པ་ནི། ནག་པོ་དམ་ཚིག་རྡོ་རྗེས། རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང༌། ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རལ་པའི་ཐོར་ཚུགས་ཅན། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། རང་གི་བཙུན་མོས་མགུལ་པ་ནས་འཁྱུད་པ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། ཞེས་བཤད་པ་དང་མཐུན། རྒྱན་ལ་རྗེ་བཙུན་གྱིས་འདིར་རུས་རྒྱན་དང༌། ལམ་འབྲས་ཀྱི་གཞུང་ཞིག་ཏུ་རིན་པོ་ཆེའི་རྒྱན་དུ་བཤད་པ་ནི། གཉིས་པོ་གང་བྱས་ཀྱང་ཆོག་པའི་དོན་ཡིན་གྱི། གཉིས་ཆར་གྱིས་བརྒྱན་པར་འདོད་པ་ནི་དོན་མ་གོ་བར་ཟད་དོ། །དེ་ནས་བླ་ཆེན་འཕགས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཡེ་ཤེས་པ་གཞུག་པ་རྣམས་བྱ་ཞིང༌། དབང་བསྐུར་བར་མ་བཤད་པ་ལ། ཁ་ཅིག་རྡོ་རྗེ་འཆང་ངམ། མི་བསྐྱོད་པས་རྒྱས་བཏབ་ནས་ཡན་ལག་བཞི་ཚང་བར་འདོད། ཁ་ཅིག་རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པས་དེ་ལ་དབང་བསྐུར་བ་དང་རིགས་བདག་གིས་རྒྱས་འདེབས་དགོས་ན། རྒྱས་འདེབས་ཐུག་མེད་དུ་ཐལ་བའི་སྐྱོན་ཡོད་པས་མ་བྱས་ཞེས་ཟེར། ཁ་ཅིག་མགོ་རྒྱན་གྱི་སྟེང་ན་རྡོ་རྗེ་ཕྱེད་པ་ཞིག་ཡོད་པ་དེ། མི་བསྐྱོད་པས་རྒྱས་འདེབས་པའི་དོན་དུ་འདོད་དོ། །དེ་ལ་སྤྱིར་ཡན་ལག་བཞི་དངོས་སུ་ཡོད་པར་འདོད་པ་ནི་མི་འཐད་དེ། རྗེ་བཙུན་གྱི་གསུང་རབ་གཉིས་ལས་མ་བཤད་པའི་ཕྱིར་རོ། །འོ་ན་ལྗོན་ཤིང་ལས། སློབ་དཔོན་བིརྺ་པའི་བཞེད་པས་བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བའི་མངོན་པར་རྟོགས་པ་མཆོག་ཐུན་མོང་གང་ལ་ཡང་མི་བཞེད་དོ། །ཞེས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། ཡན་ལག་བཞི་ལ་རྒྱས་བསྡུས་གསུམ་ཡོད་པ་ལས། རྒྱས་པ་ནི་ཇི་སྐད་བཤད་པ་བཞིན་ཡིན་ལ། བསྡུས་པ་གཉིས་ནི་ལྗོན་ཤིང་ལས་བསྡུས་པ་ནི་སྐྱེ་མཆེད་བྱིན་གྱིས་མི་རློབ་པར། སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་དང༌། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་སུ་བསྒོམ་པའི་ཡན་ལག་བཞིའམ། དམ་ཚིག་སེམས་དཔར་དབུ་རྒྱན་རང་ཆས་སུ། སྐད་ཅིག་མས་བསྐྱེད་ནས་བཟླས་པ་ལ་འཇུག་པ་ཡིན་ནོ། །ཞེས་གསུངས་པས། ཆོ་ག་བསྡུས་པའི་ལུགས་ཡིན་པའི་ཕྱིར་རོ། །དབང་བསྐུར་རྒྱས་གདབ་མི་བྱེད་པའི་ལུགས་ནི། བསྙེན་སྒྲུབ་ཡན་ལག་བཞི་རྒྱས་པ་མ་ཡིན་ཏེ། དབང་བསྐུར་རིགས་བདག་གིས་རྒྱས་གདབ་དངོས་སུ་མི་བྱེད་པའི་ཕྱིར་རོ། །བསྡུས་པ་དང་པོ་མ་ཡིན་ཏེ། ཡེ་ཤེས་པ་གཞུག་པར་འདོད་པའི་ཕྱིར་རོ། །བསྡུས་པ་གཉིས་པ་མ་ཡིན་ཏེ། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར་རོ། །གཞན་ཡང་རྒྱས་འདེབས་མི་བྱེད་པའི་རྒྱུ་མཚན་དང་པོ་མི་འཐད་དེ། རྡོར་སེམས་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པས་དེ་ལ་རྒྱས་འདེབས་མི་དགོས་ན། རྗེ་བཙུན་རྩེ་མོས། རྡོ་རྗེའི་བརྟུལ་ཞུགས་ཀྱི་སྐབས་ཀྱི་རྡོར་སེམས་ལ་རྒྱས་འདེབས་བཤད་པའང་མི་འཐད་པར་ཐལ་བ་དང༌། སངས་རྒྱས་མཉམ་སྦྱོར་དང༌། ཨ་བྷི་དྷ་ན་གཉིས་ནས་བཤད་པའི་རྡོར་སེམས་ཀྱི་དཀྱིལ་འཁོར་དང༌། གསང་འདུས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རྣམས་ལ་རྒྱས་འདེབས་བྱས་པ་ཐམས་ཅད་ཀྱང་མི་འཐད་པར་འགྱུར་རོ། །གཞན་ཡང་དཀྱིལ་འཁོར་གང་དུ་གཙོ་བོ་ནི། དེའི་རིགས་བདག་ཡིན་པར་བཤད་པས། དཀྱིལ་འཁོར་གྱི་གཙོ་བོ་རྣམས་ལ་རིགས་བདག་གིས་རྒྱས་འདེབས་བྱས་པ་ཐམས་ཅད་ཀྱང་མི་འཐད་པར་འགྱུར་རོ། །ཕྱོགས་གཉིས་པ་ཡང་མི་འཐད་དེ། མགོ་རྒྱན་གྱི་རྡོ་རྗེ་ཕྱེད་པས་རྒྱས་འདེབས་ཀྱི་གོ་ཆོད་ན། རུས་རྒྱན་གྱིས་བརྒྱན་པའི་ལྷ་ཐམས་ཅད་ལ་རྒྱས་འདེབས་དངོས་སུ་མི་དགོས་པར་ཐལ་བའི་སྐྱོན་ཡོད་དོ། །གཉིས་པ་ལ་གསུམ། བཟླས་པའི་དམིགས་པ། བཟླ་རྒྱུའི་སྔགས། ཇི་ཙམ་བཟླས་པའི་གྲངས་སོ། །དང་པོ་ནི་རྗེ་བཙུན་གྱིས། དེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དཀར་པོ་ཞིག་བསམས་ལ། ཧཱུྃ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། ཧཱུྃ་ལས་བདུད་རྩི་བབས། ཧེ་རུ་ཀའི་སྐུ་གང་དེ་ནས་དབྱིབས་བརྒྱུད། ཡུམ་གྱི་སྐུ་གང༌། ཡབ་ཡུམ་གྱི་སྐུ་ཐམས་ཅད་ལས་བདུད་རྩི་བབས། བདག་གི་སྤྱི་གཙུག་ནས་ཞུགས་ཏེ། ལུས་ཐམས་ཅད་གང་ནས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ལས་སྡིག་པའི་དྲི་མ་ཐམས་ཅད་ཁ་དོག་ནག་པོའི་གཟུགས་ཀྱིས་ཐོན་པར་བསམ། ཞེས་གསུངས་པ་ལྟར་བྱ་ཞིང༌། དེ་ཡང་ཨ་བྷི་དྷ་ན་ལས། ཁྲོ་བོ་སངས་རྒྱས་དེ་བཞིན་གཤེགས། །ཐམས་ཅད་སྙིང་གར་བརྟན་བྱས་ཏེ། །བསྒོམས་པས་ཐམས་ཅད་བརྟན་པར་འགྱུར། །གལ་ཏེ་བདག་ཉིད་དངོས་གྲུབ་འདོད། །དངོས་གྲུབ་ཐམས་ཅད་གནས་པ་ཡིན། །ཞེས་བཤད་པའི་དོན་ཡིན་ནམ་སྙམ་སྟེ་དཔྱད་དོ། །བདུད་རྩི་འཛག་ཚུལ་ལ་ཁ་ཅིག་ཡབ་ཀྱི་བ་སྤུའི་བུ་ག་ནས། ཁ་ཅིག་ཡབ་ཀྱི་མཐེ་བོང་གཡས་པ་ནས་འཛག་པར་འདོད་པ་རྣམས་ལ་ནི་ཤེས་བྱེད་མི་སྣང་ལ། འདིར་ཡབ་ཀྱི་སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་སྐུ་གང༌། དེའི་སྐུ་ལས་བདུད་རྩི་འཛག་པར་བཞེད་པ་ནི། ཨ་བྷི་དྷ་ནར། རྣལ་འབྱོར་མ་ཡི་དབང་ཡང་བསྐུར། །ཞེས་ཡུམ་གྱི་དབང་བསྐུར་བར་བཤད་པའི་དོན་ཡིན་པས། ཡུམ་གྱི་སྐུ་ནས་འཛག་པ་ཅིས་ཀྱང་དགོས་སོ། །གཉིས་པ་ནི། སྤྱིར་ཡི་གེ་བརྒྱ་པ་ལ། དུ་མ་ཞིག་ཡོད་ཀྱང༌། འདིར་ཨ་བྷི་དྷ་ནར་བཤད་པའི་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཡིན་པས་དེ་བཤད་ན། དེ་ལ་ཨོཾ་ནི་བཀྲ་ཤིས་པ་ལ་སོགས་པའི་དོན་བརྒྱད་ལ་འཇུག་ཀྱང༌། འདིར་ནི་མཆོག་གི་དངོས་གྲུབ་སྟེར་བའི་དོན་ཏོ། །བཛྲ་ཧེ་རུ་ཀ་ནི། རྡོ་རྗེ་ཁྲག་འཐུང༌། ས་མ་ཡ། དམ་ཚིག མ་ནུ་པཱ་ལ་ཡ། རྗེས་སུ་སྐྱོངས་ཤིག་ཅེས་ཏེ། རྣམ་ཐར་སྒོ་གསུམ་གྱི་སྟོང་པའི་རང་བཞིན་ཧེ་རུ་ཀས་བདག་སྐྱོངས་ཤིག ཅེས་སོ། །ཚུལ་ཇི་ལྟར་སྐྱོང་ན། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་ནི་ཁྲག་འཐུང་གིས་ཉེ་བར་མནོས་པ་སྟེ། རང་གི་བསམ་པ་བཞིན་དུའོ། །དྲྀ་ཌྷོ་མེ་བྷ་ཝ། བདག་ལ་བརྟན་པའི་རང་བཞིན་དུའོ། །སུ་ཏོ་ཥྱོ་མེ་བྷ་ཝ། བདག་ལ་དགའ་བའི་རང་བཞིན་དུའོ། །ཨ་ནུ་རཀྟོ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུའོ། །སུ་པོ་ཥྱོ་མེ་བྷ་ཝ། བདག་ལ་མཛེས་པའི་རང་བཞིན་དུའོ། །སརྦ་སིདྡྷིམྨེ་པྲ་ཡཙྪ། བདག་ལ་དངོས་གྲུབ་ཐམས་ཅད་དུ་སྩོལ། སརྦ་ཀརྨ་སུ་ཙ་མེ། བདག་ལ་ལས་ཐམས་ཅད་སྩོལ། ཅེས་ཏེ། ཚུལ་དེ་ལྟ་བུའི་སྒོ་ནས་བདག་རྗེས་སུ་སྐྱོངས་ཤིག ཅེས་པའི་དོན་ཏོ། །བསྐྱངས་ནས་ཅི་བྱེད་ན། ཙིཏྟཾ་ཤྲེ་ཡཾ་ཀུ་རུ། བདག་གི་སྙིང་ལ་གནས་པར་མཛོད། གང་གནས་པར་མཛད་ན། ཧཱུྃ་ནི་ཆོས་ཀྱི་དབྱིངས་མི་འགྱུར་བའི་དབྱིངས་དང༌། ཧ་ཧ་ཧ་ཧ། བཞི་ནི་ཡེ་ཤེས་གཞན་བཞི། ཧོ་དབྱེར་མེད་པ་སྟེ། མདོར་ན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངེས་དོན་གྱི་ཧེ་རུ་ཀ་དེ་བདག་གི་སྙིང་ལ་གནས་པར་མཛོད་ཅིག་པའོ། །དོན་དེ་ལ་མིང་ཇི་སྐད་བྱ་ན། བྷ་ག་ཝཱན་བཛྲ་ཧེ་རུ་ཀ བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང་ཞེས་བྱའོ། །དེས་བདག་ནམ་ཡང་སྤང་བར་བྱ་བ་མ་ཡིན་པས། མ་མེ་མུཉྩ། བདག་མ་བཏང་ཞིག་གོ །ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ། ཁྲག་འཐུང་གི་རང་བཞིན་དམ་ཚིག་སེམས་དཔའ་ཞེས་བོས་ནས། ཁྱོད་ཀྱིས་བདག་དུས་ཐམས་ཅད་དུ་མ་བཏང་ཞིག་ཅེས་པའོ། །ཨ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་པས། ལྷ་དང་སྔགས་དང་སྒྲུབ་པ་པོ་རྣམས་རང་བཞིན་སྐྱེ་མེད་དུ་གཅིག་པའི་དོན་ཏོ། །ཧཱུྃ་ནི་དོན་ལྔ་ལ་འཇུག་ཀྱང༌། འདིར་སྡུག་བསྔལ་འཆོས་ཞིང་འཇོམས་བྱེད་དང༌། །སྲིད་པའི་ཞགས་པ་འཇོམས་པར་བྱེད། །ཅེས་པ་ལྟར་སྤང་བྱ་དེ་དག་འཇོམས་པའི་དོན་ཏོ། །ཕཊ་ནི་དོན་གསུམ་ལ་འཇུག་པ་ལས། འདིར་ནི་སྡུག་བསྔལ་འཇོམས་པའི་དོན་དུ་བཟུང་ངོ༌། །དེ་ལྟ་བུའི་གསང་སྔགས་དེ་ནི་ཨ་བྷི་དྷ་ནར། དཔའ་བོ་དང་ནི་མཁའ་འགྲོ་མ། །འདི་ནི་ཀུན་གྱི་གསང་སྔགས་ཏེ། །ཞེས་ཐམས་ཅད་ཀྱིས་གསང་སྔགས་སུ་བཤད་དོ། །གསུམ་པ་ནི། གྲངས་ཇི་ཙམ་མང་ན་བཟང་བས། ཅི་ནུས་སུ་བཟླས་ཤིང༌། ཉུང་མཐའ་ཡང་ཉི་ཤུ་རྩ་གཅིག་ཡིན་ཏེ། སློབ་དཔོན་འཇམ་དཔལ་གྲགས་པས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་དག་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་སོ། །དེའི་རྒྱུ་མཚན་ཡང༌། འདི་བཟླས་པའི་དགོས་པ་ལྟུང་བ་བྱིན་གྱིས་བརླབ་པ་སྟེ། སྟོབས་ཉམས་པར་བྱེད་པ་དང༌། མི་འཕེལ་བའི་ཆེད་ཡིན་ལ། དགོས་པ་དེ་དག་སྒྲུབ་པ་ལ། ཉི་ཤུ་རྩ་གཅིག་པས་ཉུང་བ་མ་བཤད་པའི་ཕྱིར་རོ། །གསུམ་པ་ནི། རྗེ་བཙུན་གྱིས་གསལ་བར་མ་བཤད་ཀྱང༌། བླ་ཆེན་འཕགས་པས། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་ཨ་བྷི་དྷ་ན་ནས་འབྱུང་བ་ལྟར་བརྗོད་པ་ནི་རྒྱུད་དེའི་དོན་དུ་སྣང་བས་གོང་མའི་གདམས་ངག་ཏུ་མངོན་ནོ། །དེ་ནས་རྗེ་བཙུན་གྱིས་མཐར་ཐུན་འཇོག་ཁར། རྡོ་རྗེ་སེམས་དཔའ་ཡབ་ཡུམ་བདག་རང་ལ་ཐིམ་པས་ལུས་འཇའ་ཚོན་ལྟ་བུར་གྱུར་པར་བསྒོམ་མོ། །ཞེས་གསུངས་པ་ལྟར་བྱ་ལ། བླ་མ་ཁ་ཅིག རྡོར་སེམས་རང་ལ་བསྟིམས་ནས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། ཨོཾ་གྱིས་རྡོར་སེམས་ཀྱི་སྐུ་དང་རང་གི་ལུས་དབྱེར་མེད་པ་ཨཱཿས་གསུང་དང་ངག ཧཱུྃ་གི་ཐུགས་དང་སེམས་དབྱེར་མེད་དུ་བསམ་ཟེར་ཏེ། སྒྲོ་བཏགས་པ་ཙམ་དུ་ཟད་དོ། །གསུམ་པ་ནི། དེ་ལྟར་ཐུན་མོང་གི་སྔོན་འགྲོ་གསུམ་གྱིས་རང་གི་སྡོམ་པ་གསུམ་གྱི་ཉེས་ལྟུང་ཕྲ་མོ་ཐམས་ཅད་སྦྱངས་ནས། སྡོམ་གསུམ་དག་པར་བྱས་པ་ལ་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་དེ། སློབ་དཔོན་འཇམ་དཔལ་གྲགས་པས། སྡོམ་གསུམ་ཆོ་ག་རབ་ཏུ་བརྟག །དེ་ལྟར་སྔགས་པ་ཚུལ་ལྡན་པས། །དངོས་གྲུབ་ལ་ནི་དོགས་མེད་དེ། །སྟོན་པ་སངས་རྒྱས་ཀྱིས་བསྟོད་ཅིང༌། །ལྷ་སོགས་འཇིག་རྟེན་ཀུན་གྱིས་བཀུར། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལ་གསུམ། བསོད་ནམས་ཀྱི་ཚོགས་བསག་པ། ཡེ་ཤེས་ཀྱི་ཚོགས་བསག་པ། སྲུང་བའི་འཁོར་ལོ་བསྒོམ་པའོ། །དང་པོ་ལ་གསུམ། ཡུལ་དག་པ་ལ་བརྟེན་པའི་ཚོགས་བསག མ་དག་པ་ལ་བརྟེན་པའི་ཚོགས་བསག ཞར་བྱུང་དེ་དག་གི་དགོས་པ་བཤད་པའོ། །དང་པོ་ལ་བཞི། ཚོགས་བསག་གི་ཞིང་སྤྱན་དྲང་བ། དེ་ལ་མཆོད་པ། དེའི་སྤྱན་སྔར་རྒྱུན་བཤགས་བྱ་བ། གནང་བ་ནོད་པའོ། །དང་པོ་ནི། རང་སྐད་ཅིག་གིས་ཀྱེ་རྡོ་རྗེར་བསྒོམ་པར་རྗེ་བཙུན་རྩེ་མོས་གསུངས་ཤིང༌། སྒྲུབ་ཐབས་ཀྱི་གཞུང་གཞན་ནས་གསལ་བར་མ་བཤད་ཀྱང༌། གཉིས་མེད་རྡོ་རྗེ་དང་མར་མེ་མཛད་ཀྱིས་གསལ་བར་བཤད་པ་དང་མཐུན་ནོ། །ཇི་ལྟར་གསལ་འདེབས་ན། ཁ་ཅིག་སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པར་འདོད་པ་ལ་ཤེས་བྱེད་ཀྱི་གཞུང་མེད་པས། བསྒོམ་བྱའི་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དུ་བྱ་དགོས་ཏེ། མར་མེ་མཛད་ཀྱིས། ཞལ་བརྒྱད་ང་རྒྱལ་བདག་བསྒོམ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ཨ་བྷ་ཡས། སྐད་ཅིག་གིས་སྟོང་པ་ཉིད་དུ་ལྷག་པར་མོས་ལ། འཆད་པར་འགྱུར་བའི་ཕྱག་རྒྱ་དང༌། ཁ་དོག་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་སེམས་དཔར་ལྷག་པར་མོས་པ་བྱས་ལ། ཞེས་སྟོང་པར་སྦྱངས་པའི་ངང་ལས། སྐད་ཅིག་གིས་བསྐྱེད་པར་ཡང་བཞེད་མོད། འདིར་ང་རྒྱལ་ཙམ་བྱའོ། །དེ་ལྟར་ལྷར་བསྒོམ་པའི་དགོས་པ་ཡང་ཐ་མལ་རྣམ་རྟོག་གི་བློ་བཟློག་པ་དང༌། བར་ཆད་དང་བགེགས་བསྲུང་བ་དང༌། ལྷས་ལྷ་ལ་ཚོགས་བསགས་པས་ཚོགས་མྱུར་དུ་རྫོགས་པའོ། །ཞེས་གསུངས་སོ། །དེའི་སྙིང་གར་ནི། ཁ་ཅིག་སྙིང་པདྨར་སྒོམ་པར་འདོད་ཀྱང༌། རང་གི་སེམས་གང་ན་གནས་པའི་ས་ལ་སྙིང་དུ་བཤད་པས། ནུ་མ་གཉིས་ཀྱི་བར་གྱི་ལུས་ཀྱི་དབུས་དྲང་པོར་པཾ་ལས་ཆུ་སྐྱེས་ཏེ་པདྨ། དེའི་ཁ་དོག་གཞུང་གཞན་ན་མི་གསལ་ཡང༌། མར་མེ་མཛད་ཀྱིས། པཾ་དང་རཾ་ལས་གསལ་བར་ནི། །པདྨ་ཉི་མ་དམར་པོ་བསྒོམ། །ཞེས་པ་ལྟར། ལྷ་དབང་དུ་སྡུད་པ་མཚོན་བྱེད་ཀྱི་ཁ་དོག་དམར་པོར་བསྒོམ་པའི་སྟེང་དུ། རཾ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་སྟེ། དེ་ནི་ཉི་མའི་དཀྱིལ་འཁོར་དངོས་མ་ཡིན་གྱི། དེའི་གཟུགས་བརྙན་ཙམ་ཞིག་བསྒོམ་པའོ། །ནག་པོ་པ་སོགས་ཀྱིས་རེ་ཕ་ལས་བྱུང་བའི་ཉི་མ་ཞེས་པའི་དོན་ནི། རྗེ་བཙུན་རྩེ་མོས། རེ་ཕ་ནི་སྒྲ་པའི་ལུགས་ཀྱི་རཾ་མོ་ཞེས་བཤད་དོ། །འདིར་རྗེ་བཙུན། གཉིས་མེད་རྡོ་རྗེ། མར་མེ་མཛད་རྣམས་ཀྱིས་པདྨ་དང་ཉི་མ་གཉིས་ཀ་བཤད། རིན་ཆེན་འབར་བར། པཾ་པད་རཾ་སྐྱེས་གཞོམ་མེད་ལས། །ཞེས་སོ། །སློབ་དཔོན་ཤཱནྟི་པ། ཉིན་འབྱུང་གཉིས་ནི་སྙིང་གའི་འོད་ཟེར་གྱིས་སྤྱན་འདྲེན་པ་ལས་གཞན་མི་འདོད། དཔལ་མཆོག་ཌོམྦི་པས། སྙིང་གར་པཾ་སྐྱེས་པདྨ་ལ། །ཨ་སྐྱེས་ཟླ་བ་བསྒོམ་པར་བྱ། །ཞེས་པད་ཟླར་བཤད། རྗེ་བཙུན་རྩེ་མོ། མཚོ་སྐྱེས། བྱང་ཆུབ་སྙིང་པོ། གཉིས་མེད་རྡོ་རྗེ། ནག་པོ་པ་རྣམས་ཀྱིས། ཉི་གདན་རྐྱང་པར་བཞེད་དོ། །གདན་དེ་ལ་སྟེ། དེའི་སྟེང་དུ་དོན་གཟུང་འཛིན་དང་བྲལ་བའི་ཡིད་ཉིད་ཡི་གེ་ཧཱུྃ་གི་རྣམ་པར་བསྒོམ་སྟེ། སེམས་ཀྱི་ཆོས་ཉིད་གཟུང་འཛིན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ། །དེའི་དོན་འདི་ལ་ལྡན་ཏེ། ཧའི་སྒྲ་ལས། གྲ་ཧ་ཀ་ནི་གཟུང་བ། གྲ་ཧ་ཙ་ནི་འཛིན་པ། ཞབས་ཀྱུ་ཨུ་ལ་རྐྱེན་ཤ་བྱིན་པས་ཤཱུ་ནྱ་ཏཱ་སྟེ་སྟོང་པ། ཀླད་ཀོར་མ་ནི་མ་ནོ་ཏ་སྟེ་ཡིད་དོ། །དེ་ལྟར་ན་གཟུང་འཛིན་གྱིས་སྟོང་པའི་ཡིད་ཅེས་པའོ། །དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོ་བར་རྗེ་བཙུན་སྐུ་མཆེད་མཚོ་སྐྱེས་སོགས་བཞེད་ལ། འོད་ཟེར་དེ་ལྕགས་ཀྱུའི་རྣམ་པ་ཅན་དུ་ནག་པོ་པས་བཤད་པས། དེ་ལྟ་བུའི་ཚུལ་ཅན་གྱི་འོད་ཟེར་དབུགས་ཕྱིར་རྒྱུ་བའི་དུས་ན་སྣ་བུག་གཡས་པ་ནས་སྤྲོས་པས། ཚོགས་རྟེན་གྱི་དཀྱིལ་འཁོར་སྤྱན་དྲང་ངོ༌། །འདིར་སྙིང་གར་ཧཱུྃ་བསྒོམ་པ་རང་བཞིན་དུ་གནས་པའི་རིགས་དང༌། དེ་ལས་འོད་སྤྲོ་བ་རྒྱས་འགྱུར་གྱི་རིགས་སད་པ་མཚོན་ཟེར་རོ། །འདི་ལ་འོད་ཟེར་གྱིས་མདུན་དུ་ཚོགས་རྟེན་བསྒོམ་པ་དང༌། གཞན་ནས་སྤྱན་འདྲེན་པ་གཉིས་ལས། དང་པོ་ལྟར་ན། འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས། སླར་འདུས་ཏེ་མདུན་གྱི་ནམ་མཁར་ལྷ་དགུའི་དཀྱིལ་འཁོར་དམིགས་ནས་དེ་ལ་མཆོད་པ་སོགས་བྱ་བར་འདོད་དེ། གཉིས་མེད་རྡོ་རྗེས། དེ་ལྟར་རྣལ་འབྱོར་མ་རྣམས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་བརྟན་པར་དམིགས་སོ། །ཞེས་བཤད་དོ། །གཉིས་པ་ལ། དཀྱིལ་འཁོར་ཙམ་ཞིག་སྤྱན་འདྲེན་པ་དང༌། མཆོད་ཡུལ་མང་པོ་སྤྱན་འདྲེན་པ་གཉིས་ཀྱི། དང་པོ་ནི། ཤཱནྟི་པ། ཉིན་འབྱུང༌། ནག་པོ་པ། མཚོ་སྐྱེས་རྣམས་ཀྱིས་ལྷ་དགུའི་དཀྱིལ་འཁོར་ཁོ་ན་སྤྱན་དྲངས་ནས། ནམ་མཁའ་ལ་བཞུགས་པར་འདོད་དེ། ཤཱནྟི་པས། སྙིང་གའི་འོད་ཟེར་གྱིས། བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ་ཞེས་སོ། །གཉིས་པ་ནི། དཔལ་མཆོག་ཌོམྦྷི་པས། མདུན་དུ་རྒྱལ་བ་བླ་མ་ལྷ། །བྱང་ཆུབ་སེམས་དཔའི་ཚོགས་བཅས་རྣམས། །བལྟས་ལ་མཆོད་པ་རབ་ཏུ་བརྟག །ཅེས་སོ། །དེ་བཞིན་དུ་བྱང་ཆུབ་སྙིང་པོ་དང༌། མར་མེ་མཛད་ཀྱིས་ཀྱང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་སྤྱན་འདྲེན་པར་བྱས་སོ། །རྗེ་བཙུན་རྩེ་མོས་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས་ནས། ལྷག་པའི་ལྷ་དང་བླ་མ་དབྱེར་མེད་དུ་བསྒོམ་པར་གསུངས། རྗེ་བཙུན་གྱིས་ལྷ་དགུའི་དཀྱིལ་འཁོར་སྟེང་གི་ཆ་ལ་བླ་མ་དང་བཅས་པ་སྤྱན་འདྲེན་པར་བཞེད་པ་ནི། སློབ་དཔོན་ཀཾ་པ་ལས། བླ་མ་དགྱེས་རྡོར་འཁོར་ལོ་སྤྱན་དྲངས་ལ། ཞེས་པ་དང་མཐུན་ནོ། །འདིར་རྗེ་བཙུན་རྩེ་མོས། དེའང་སྤྱན་དྲངས་ཞེས་འདོད་ཀྱང༌། རང་གི་ཉོན་མོངས་པས་བསྒྲིབས་པས་མ་མཐོང་བ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ལ། བྱོན་པ་དང་བཞུད་པ་མི་མངའ་བ་ཡིན་པས། རང་གི་ཉོན་མོངས་པས་བསྒྲིབས་པ་བསལ་བའི་ཕྱིར་འོད་ཟེར་དེས་ནམ་མཁའ་གསལ་བར་བྱས་པས། དེར་ལྷའི་འཁོར་ལོ་གསལ་བར་བྱས་པ་ཙམ་ལ་སྤྱན་དྲང་ཞེས་བྱའོ། །ཞེས་བཤད་ལ། བླ་མ་གཞན་དག་ནི། རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱ་བྱ་བར་འདོད་དེ། དེ་ལྟར་བྱེད་ན་གུར་འགྲེལ་ལས། རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ལག་པ་གཉིས་དཔུང་མགོར་རྡོ་རྗེ་བཅིང་པ་བྱས་ལ། ཨོཾ་བཛྲ་ས་མཱ་ཛཿཞེས་བྱ་བ་བརྗོད་ཅིང་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས། མཐེ་བོང་དང་གུང་མོས་སེ་གོལ་རྡེབ་པའོ། །ཞེས་གསུངས་པ་ལྟར་བྱའོ། །གཉིས་པ་ནི། དེ་ནས་སྤྱན་དྲངས་ནས་བླ་མ་དང་ཀྱེ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་ལ་མཆོད་ནས་ནི། ཡན་ལག་བདུན་པས་རང་གི་རྒྱུད་ཡོངས་སུ་དག་པར་བྱའོ། །ཞེས་མཆོད་པ་དང་རྒྱུན་བཤགས་གཉིས་མདོར་བསྟན་ནས་མཆོད་པ་རྒྱས་པར་བཤད་པའི་ཕྱིར། རང་གི་སྙིང་ག་ནས། གཽ་རཱི་ནག་མོ། ཙཽ་རཱི་དམར་མོ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་རང་རང་གི་མཆོད་རྫས་འཛིན་པ་རྣམས་དཀྱིལ་འཁོར་མཆོད་པའི་ཕྱིར་ཡོངས་སུ་སྤྲོ་བར་བྱས་ནས། མདུན་གྱི་ཚོགས་རྟེན་ལ་མཆོད་པར་བསམས་ལ། དཀར་མོས་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེ་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །འདི་རྣམས་ཀྱིས་ནི་གཙོ་བོར་མཆོད། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་བརྗོད་ཅིང་མཆོད་པར་བྱའོ། །འདི་ལ་རྗེ་བཙུན་རྩེ་མོས། གསང་བའི་མཆོད་པ། ཕྱིའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་དུ་བཤད་པས། དང་པོ་ནི། ལྷ་མོ་དཀར་མོ་སྟེ་གཽ་རཱི་ཕྱག་ན་རི་དྭགས་མཚན་མ་ནི་ཟླ་བ་སྟེ། དེས་བརྡ་བསྟན་པའི་བྱང་སེམས་དཀར་པོས་གང་བའི་ཐོད་པ་འཛིན་པ་དང༌། ཆོམ་རྐུན་མ་ནི་ཕྱག་ན་མུན་པའི་བདུད་ལས་རྒྱལ་བ་ཉི་མ་སྟེ། དེས་བརྡ་བསྟན་པའི་རཀྟས་གང་བའི་ཐོད་པ་འཛིན་པ་དང༌། རོ་ལངས་མ་ནི་དྲི་ཆུས་གང་བའི་ཐོད་པ་འཛིན་པའི་ལག་པ་མ་དང༌། གྷསྨ་རཱི་ནི་གསང་བའི་སྨན་དྲི་ཆེན་གྱིས་གང་བའི་ཐོད་པ་འཛིན་ཞིང༌། པུཀྐ་སཱི་ནི་རྡོ་རྗེ་སྟེ་ཤ་ཆེན་གྱིས་གང་བའི་ཐོད་པ་འཛིན་པའི་ལག་པ་མ་སྟེ་ལྔའོ། །འདི་ལ་རྗེ་བཙུན་གྱིས་ནང་གི་མཆོད་པ་ཞེས་གསུངས་སོ། །གཉིས་པ་ནི། ལྷ་མོ་ལྔས་མཆོད་པ་དེ་བཞིན་དུ་རི་ཁྲོད་མ་བཅུད་ལེན་གྱིས་རོས་གང་བའི་ཐོད་པ་འཛིན་པ་སྟེ། རྗེ་བཙུན་རྩེ་མོས། བཅུད་ཀྱིས་ལེན་ནི་བསྐལ་པ་དང་པོ་ཞེས་བྱ་བ་ལ་སངས་རྒྱས་རྡོ་རྗེ་སེམས་དཔའ་དང༌། ཡུམ་རྡོ་རྗེ་སྙེམས་མ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལུས་ལ་རེག་ན་སྐྲ་དཀར་དང་གཉེར་མ་མི་འབྱུང་ལ། འཐུངས་ན་ཚེ་ཉི་ཟླ་གནས་ཀྱི་བར་དུ་ཐུབ་པ་ཞིག་ཡིན་ནོ། །ཞེས་གྲག་གོ །ཞེས་གསུངས་སོ། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་བས་མཆོད་དོ། །གསུམ་པ་ནི། འདོད་ཆགས་ཆེན་པོ་སྟེ་ཟག་མེད་ཀྱི་བདེ་བ་ཉམས་སུ་མྱོང་བས་རྗེས་སུ་ཆགས་པར་བྱ་བའི་ཕྱིར། རྡོ་རྗེའི་རིགས་ཀྱི་ལྷ་མོ་གཡུང་མོས་གཙོ་བོའི་སྐུ་ལ་འཁྱུད་པ་ཉིད་དེ། རྗེ་བཙུན་རྩེ་མོས། གཡུང་མོའི་མཆོད་པ་ནི། ལྷ་ཐམས་ཅད་ལ་འཁྱུད་པའི་ཚུལ་བྱ་བའམ། ཡང་ན་བདག་མེད་མ་ལ་ཐིམ་པས་ལྷ་ཐམས་ཅད་རྗེས་སུ་ཆགས་པས་མཉེས་པར་བསམ་པར་བྱའོ། །ཞེས་སོ། །དེ་ལ་ལུགས་དང་པོ་ལྷ་ཐམས་ཅད་ལ་འཁྱུད་པའི་ཚུལ་བྱ་བའི་དོན། ནུབ་བྱང་གྱི་ཕྱོགས་སུ་གནས་ནས། འཁྱུད་པའི་ཕྱག་རྒྱ་བྱ་བ་ཉིད་ཡིན་གྱི། དངོས་སུ་ལྷ་ཐམས་ཅད་ལ་འཁྱུད་མི་དགོས་ཏེ། བྷ་ཝ་བྷ་དྲས། གཡུང་མོས་མགྲིན་པར་འཁྱུད་ཅེས་པ་ནི། རླུང་གི་གྲྭ་ནས་གཡུང་མོས་མགྲིན་པར་འཁྱུད་པར་གྱུར་པ་ཇི་ལྟར་གྱུར་པ་ཞེས་པ་སྟེ། བྱ་བའི་ཁྱད་པར་འཁྱུད་པའི་ཕྱག་རྒྱ་དང་ལྡན་ཞེས་པའི་དོན་ཏོ། །ཞེས་བཤད་པའི་ཕྱིར་རོ། །ལུགས་གཉིས་པ་ལྟར་ན། གཡུང་མོ་བདག་མེད་མ་ལ་ཐིམ་པར་བསྒོམ་སྟེ། མི་འཇིགས་པའི་གཞུང་འགྲེལ་ལས། བྱང་དུ་འདོད་ཆགས་རྡོ་རྗེ་མ་སྣ་ཚོགས་བདེ་མ་དང་ལྷན་ཅིག་དེའི་བདག་ཉིད་དུ་གྱུར་ནས་ཡང་དག་པར་འཁྱུད་དེ་ཆགས་པ་ཆེན་པོས་རྗེས་སུ་ཆགས་པར་བྱེད་དོ། །ཞེས་བཤད་པ་དང་མཐུན་ནོ། །ཁ་ཅིག་བདག་མེད་མ་གཙོ་བོའི་སྣ་བུག་གཡས་སུ་བསྡུས་ནས། གཡུང་མོས་འཁྱུད་པར་འདོད་པ་ལ་ཤེས་བྱེད་ཅི་ཡང་མི་སྣང་ངོ༌། །དེ་ལྟར་ན་ཕྱི་ནང་སོགས་ཀྱི་མཆོད་པ་འདི་རྣམས་ཀྱིས་ནི་གཙོ་བོ་ཧེ་རུ་ཀ་འཁོར་དང་བཅས་པར་མཆོད་ཅེས་མཇུག་སྡུད་དུ་སྦྱོར་བ། སམྦུ་ཊ་དང༌། རིན་ཆེན་འབར་བར་བཤད་དོ། །དེ་དག་ཀྱང་གང་ཟག་ཐ་མ། དམིགས་པའི་འདོར་ལེན་མང་པོ་མི་ནུས་པ་རྣམས་ཀྱིས་མཆོད་ཡུལ་གྱི་ལྷ་མོ་བརྒྱད་པོ་གྲི་གུག་དང་ཌཱ་མ་རུ་ལ་སོགས་པ་མ་བཟུང་བར་མཆོད་རྫས་རྣམས་འཛིན་པ་སྤྱན་དྲངས་ལ་དེས་མཆོད་དོ། །འབྲིང་པོས་ནི། ཚོགས་བསག་གི་ཡུལ་དཀྱིལ་འཁོར་གྱི་ལྷའི་རྣམ་པ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་པ་ལ། སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་པ་རྣམས་ཀྱིས་མཆོད་པར་བཞེད་དེ། རྗེ་ས་ཆེན་གྱིས། འབྲིང་དང་ཐ་མ་རྣམ་གཉིས་ཀྱང༌། །མཆོད་ལུགས་མི་འདྲ་རྣམ་གཉིས་ཏེ། །དབང་པོ་ཐ་མའི་མཆོད་པ་ནི། མཆོད་པའི་ཞིང་གི་ལྷ་མོ་བརྒྱད། །རང་རྟགས་ཕྱག་མཚན་མ་ཐོགས་པར།»་་་་་མཚོ་སྐྱེས་དགོངས་འགྲེལ་ཚིག་གི་བུམ་པ་ལས།« །བྱང་ཆུབ་སེམས་སོགས་བདུད་རྩི་ལྔ། །གསང་བ་ཡི་ནི་མཆོད་པས་མཆོད། །བཅུད་ཀྱིས་ལེན་དང་ཅང་ཏེའུ་བརྡུང༌། །ཕྱི་ཡི་མཆོད་པ་དེ་ཁོ་ནའི། །མཆོད་པ་གཡུང་མོས་སྐུ་ལ་འཁྱུད། །དེ་ལྟར་རྣམ་པ་གསུམ་གྱིས་ནི། །སྤྱན་དྲང་ཉིད་ཀྱིས་སྤྱན་དྲངས་ལ། །མཆོད་པར་འདོད་ལ་འབྲིང་པོ་ནི། །རང་རྟགས་ཀྱི་ནི་མཚན་མ་འཛིན། །མཆོད་བྱེད་ལྷ་མོ་བརྒྱད་རྣམས་ནི། །མཆོད་པའི་རྫས་ཐོགས་སྙིང་ག་ནས། །སྤྲོས་ལ་མཆོད་པ་གསུམ་གྱིས་མཆོད། །ཞེས་གསུངས་སོ། །འདིར་རིན་ཆེན་འབར་བར། ཕྱི་ནང་གསང་བའི་མཆོད་པ་ཡིས། །བླ་མ་རྡོ་རྗེར་མཆོད་པར་བྱ། །ཞེས་པའི་དོན་ནི། སྔར་ལྟར་ཤེས་པར་བྱ་ལ། སློབ་དཔོན་གཞན་རྣམས་ཀྱི་བཞེད་པ་ནི། མི་མཐུན་པ་དུ་མ་སྣང་སྟེ། ཛ་ལནྡྷ་རི་པས། མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལ་ཕྱིའི་མཆོད་པ་དང༌། ལྷ་མོ་བརྒྱད་ནང་མཆོད་དང༌། མཆོད་པའི་ལྷ་མོའི་སྐུ་རྣམས་སྤྲོ་བ་དང་བསྡུ་བ་ལ་དེ་ཁོ་ན་ཉིད་ཀྱིས་མཆོད་པར་བཞེད། སློབ་དཔོན་ནག་པོ་པས། ཐོག་མར་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་ཡིད་ལས་བྱུང་བའི་མཆོད་པ་དང༌། དེ་ནས་ལྷ་མོ་བརྒྱད་ལ་གྷསྨ་རཱི་ཤས་གང་བའི་ཐོད་པ། པུཀྐ་སཱི་ཙནྡན་གྱིས་གང་བའི་ཐོད་པ། རི་ཁྲོད་མ་སྦྲང་རྩིས་གང་བའི་ཐོད་པ། ལྷག་མ་རྣམས་སྔར་དང་འདྲ་བས་མཆོད་པ་ནི་འདོད་ཡོན་ལྔའི་མཆོད་པར་བཞེད། དཔལ་མཆོག་ཌོམྦྷི་པས། རང་སྙིང་ས་བོན་ལས་མེ་ཏོག །སྤོས་སོགས་གསང་སྔགས་སྔོན་འགྲོ་སྤྲོ། །སྔགས་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། །དེ་བཞིན་མར་མེ་མེ་ཏོག་སྤོས། །དྲི་དང་བཤོས་གཙང་རྣམ་ལྔས་མཆོད། །གདུགས་དང་རྒྱལ་མཚན་བ་དན་དང༌། །ཕྱེ་མ་ན་བཟའ་ལ་སོགས་བཅས། །གླང་རྟ་སྐྱེས་པ་བུད་མེད་སོགས། །རིན་ཆེན་རིགས་འབྱུང་ཐམས་ཅད་ཀྱིས། །ཕྱི་རོལ་མཆོད་དེ་གཽ་རཱི་སོགས། །བདུད་རྩི་རྣམ་པ་ལྔ་ལྡན་སྤྲོ། །ཞེས་ཕྱི་དང་ནང་གི་མཆོད་པ་གཉིས་བཤད། གཉིས་མེད་རྡོ་རྗེ་དང་མར་མེ་མཛད་ཀྱིས། རོ་ལངས་མ་ལྷུང་བཟེད་ཆུ་བཟང་པོས་བཀང་བ་དང༌། གྷསྨ་རཱི་དྲི་བཟངས་ཀྱིས་གང་བའི་ཐོད་པ། པུཀྐ་སཱི་ཤ་ལྔས་གང་བའི་ཐོད་པ། ཤ་བ་རཱི་ཆང་གིས་གང་བའི་ཐོད་པ། གཞན་རྣམས་སྔར་དང་འདྲ་བའི་ལྷ་མོ་བརྒྱད་ཀྱིས་མཆོད་པ་ནི། ལྷ་མོས་མཆོད་པ་དང༌། མེ་ཏོག་ལ་སོགས་པའི་ཉེར་སྤྱོད་དང༌། རིན་ཆེན་སྣ་བདུན་སོགས་ཀྱིས་མཆོད་པ་ནི། ཕྱིའི་མཆོད་པ། སླར་ཡང་ལྷ་མོ་བརྒྱད་ཀྱིས་ཤ་ལྔ་བདུད་རྩི་ལྔ་འབུལ་བ་ནི་གསང་བའི་མཆོད་པ། བདག་མེད་མའམ་གཡུང་མོ་དང་ལྷན་ཅིག་སྙོམས་པར་འཇུག་པ་ནི། དེ་ཁོ་ན་ཉིད་ཀྱིས་མཆོད་པར་བཞེད། དེ་ལྟར་མི་འདྲ་བ་དུ་མ་ཡོད་ཀྱང༌། སློབ་དཔོན་མཚོ་སྐྱེས། ཤཱནྟི་པ། ཉིན་འབྱུང༌། བྱང་ཆུབ་སྙིང་པོ། རྗེ་བཙུན་སྐུ་མཆེད་རྣམས་ཀྱིས་ལྷ་མོ་བརྒྱད་ཀྱི་མཆོད་པ་ཙམ་ཞིག་ལས་གཞན་མ་བཤད་ལ། རྒྱུད་ཀྱི་དངོས་བསྟན་ཡང་དེ་ཁོ་ནར་སྣང་བས་ལུགས་འདི་གཙོ་བོར་བཟུང་ངོ༌། །ཁ་ཅིག་སྤྱན་དྲངས་པའི་རྗེས་སུ་ཕྱག་འཚལ་བའི་ཚིག་དང༌། སྐབས་འདིར་ཡང༌། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བར་འདོད་པ་ནི། ཀཾ་པ་ལ་དང་མར་མེ་མཛད་ཀྱིས། བླ་མ་སངས་རྒྱས་རང་བདག་ལྷ། །བསམ་སྒོམ་ལུས་སྤྲུལ་ཕྱག་བྱའོ། །ཞེས་དང་པོར་ཕྱག་བྱ་བ་དང༌། གཉིས་མེད་རྡོ་རྗེས། མཆོད་པ་བྱས་ནས་ལུས་ངག་ཡིད་གསུམ་དང་བས་ཕྱག་བྱ་སྟེ། དེ་དག་གི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཞེས་སྐབས་འདིར་ཕྱག་བྱེད་པར་བཤད་པས། གཞུང་དེ་གཉིས་བསྡུས་ན་རུང་བ་ཙམ་སྣང་ཡང༌། གཞན་རྒྱ་གར་བའི་སྒྲུབ་ཐབས་ཐམས་ཅད་དང༌། རྗེ་བཙུན་སྐུ་མཆེད་ཀྱིས་ཡབ་ཀྱི་སྒྲུབ་ཐབས་ཀྱི་སྐབས་སུ་བཤད་པ་མེད་དོ། །གསུམ་པ་ནི། སྔར། བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་མདོར་བསྟན་པ་དེ་རྒྱས་པར་བཤད་པའི་ཕྱིར། ཚོགས་རྟེན་གྱི་སྤྱན་སྔར་ཐལ་མོ་སྦྱར་ནས་ཡན་ལག་བདུན་པ་བྱའོ། །དེ་ལ་འཁོར་བ་ཐོག་མ་མེད་པ་ནས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ནི་སྡིག་པ་སྟེ། དེ་རང་གིས་བྱས་པ་དང༌། གཞན་བྱེད་དུ་བཅུག་པ་དང༌། ཕ་རོལ་པོས་བྱས་པ་ལ་རྗེས་སུ་ཡི་རངས་པར་བྱས་པའི་སྡིག་པ་རྣམས། སྟོབས་བཞིའི་སྒོ་ནས་བཤགས་པ་སྟེ། དེ་ལ་སྟོབས་བཞི་ནི། རྗེ་བཙུན་རྩེ་མོས། རྟེན་གྱི་སྟོབས་ནི་བཅོམ་ལྡན་འདས་ཏེ། ལྷ་དང་བླ་མ་ཐ་མི་དད་པའོ། །རྣམ་པར་སུན་འབྱིན་པ་ནི་བཤགས་པ་སྟེ། སྔར་བྱས་པའི་སྡིག་པ་དྲན་པར་བྱས་ཏེ། དེ་དག་གི་རྣམ་པར་སྨིན་པ་ནི་ངན་འགྲོ་ལས་མེད་ལ། དེ་དག་མ་སྤངས་པར་ནི་བདག་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་ལ། དེ་དག་ནི་བདག་ལ་དཔག་ཏུ་མེད་པ་ཞིག་ཡོད་པ་ནས། ཁུར་ཆེན་པོ་ཡོད་ཅེས་དྲན་པས། སྔར་གྱི་ལས་ལ་འགྱོད་པ་དྲག་པོ་བསྐྱེད་པར་བྱའོ། །གཉེན་པོ་ནི་མི་བགྱིད་པ་སྟེ། ད་ཕྱིན་ཆད་སྲོག་གི་ཕྱིར་ཡང་སྤོང་བར་འདོད་པའོ། །དེས་སྡིག་པ་འདག་པ་ལ་དགའ་བ་རང་གི་ངང་གིས་སྐྱེ་བ་ནི་སོར་ཆུད་པའི་སྟོབས་སོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་སྡིག་བཤགས་དང༌། སླན་ཆད་སྡིག་པ་བྱེད་པ་ཡང་ནི་ཡོངས་སུ་གཅོད་ཅིང་བསྡོམས་པ་ནི་ཡན་ལག་དང་པོ་དང༌། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་རྒྱལ་དང༌། བྱང་སེམས་དང༌། རྫོགས་པའི་སངས་རྒྱས་ཀྱིས་བསོད་ནམས་མཛད་པ་དག་ལ་ཕྲག་དོག་མེད་པར་རྗེས་སུ་ཡི་རངས་པ་ནི་ཡན་ལག་གཉིས་པ་དང༌། དགེ་བ་དེ་དག་འབྲས་བུ་ཟད་མི་ཤེས་པ་ལ་མངའ་བསྒྱུར་བ་ནི་ཡོངས་སུ་བསྔོ་བ་བགྱི་བ་ཡན་ལག་གསུམ་པ་དང༌། རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། འདི་ལ་སློབ་དཔོན་མཚོ་སྐྱེས་ཀྱིས་ཁམས་གསུམ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པ་སངས་རྒྱས་ཀྱེ་རྡོ་རྗེ་དང༌། དེས་བསྟན་པའི་སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང༌། དེའི་འཁོར་ནི་འཁོར་ལོར་གནས་པའི་ལྷ་མོའི་ཚོགས་ལ་བདག་སྐྱབས་སུ་སོང་བར་བྱས་ནས། ཞེས་གསུངས་ལ། དེའི་དོན་བདེ་བ་ཆེན་པོ་ཞེས་པ་ནི་བཤད་པའི་ལུགས་མང་ཡང༌། འདིར་ནི་ནམ་མཁའ་ལྟ་བུར་བདག་མེད་པའི་ཆོས་ནི་བདེ་བ་ཆེན་པོའོ། །ཞེས་པ་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བདེ་བ་ཆེན་པོར་བཏགས་པ་དེ་ཡིན་ལ། དེ་ཁམས་གསུམ་ཐམས་ཅད་ཀྱི་བདག་ཉིད་སྟེ། མདོར་ན་བརྟན་གཡོ་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། དེ་ཉིད་གཟུགས་སྐུའི་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་ཤར་བ་ནི་སངས་རྒྱས་དཀོན་མཆོག དེས་བསྟན་པའི་སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་ལ་སོགས་པ་དོན་རིམ་པ་གཉིས་སྟོན་པའི་སྒྲ་གང་ཡིན་པ་ཐམས་ཅད་ཕྱོགས་གཅིག་ཏུ་ཚོགས་པ་སྟེ། ཀྱེ་རྡོ་རྗེའི་རྒྱུད་ནི་ཆོས་དཀོན་མཆོག་གོ །དཀྱིལ་འཁོར་ལ་བཀོད་པའི་ལྷ་མོ་ནི། དགེ་འདུན་དཀོན་མཆོག་དུ་བཞེད་ཅིང༌། གཉིས་མེད་རྡོ་རྗེ་དང༌། ཉིན་འབྱུང་ཟླ་བས་ཀྱང་འདི་བཞིན་དུ་བཤད་དོ། །ནག་པོ་པས། རྒྱུད་གསུང་བ་པོ་རྡོ་རྗེ་འཆང་ནི་སངས་རྒྱས་དཀོན་མཆོག ཐེག་ཆེན་གྱི་ཆོས་མ་ལུས་པ་ནི་ཆོས་དཀོན་མཆོག བྱང་སེམས་ཕྱིར་མི་ལྡོག་པ་དང༌། འཁོར་གྱི་ལྷ་མོ་དགེ་འདུན་དཀོན་མཆོག་ཏུ་བཤད། སློབ་དཔོན་ཤཱནྟི་པ་དང༌། ལྷའི་རིགས་ཀྱི་བློ་གྲོས་ཀྱིས། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་དཀོན་མཆོག་དང༌། ཐེག་ཆེན་གྱི་ཆོས་མ་ལུས་པ་ཆོས་དཀོན་མཆོག་དང༌། ཕྱིར་མི་ལྡོག་པའི་བྱང་སེམས་རྣམས་དགེ་འདུན་དཀོན་མཆོག་ཏུ་བཞེད། དེ་དག་ཐམས་ཅད་ལ་རང་གི་ངོ་བོ་མི་མཐུན་པ་མེད་ལ། འདིར་བླ་མ་གོང་མ་རྣམས་ཀྱི་བཞེད་པ་ནི། འོག་སྐྱབས་འགྲོའི་ཚིག་དང་ཤིན་དུ་མཐུན་ནོ། །དེ་ལྟ་བུའི་སྐྱབས་འགྲོ་ནི་ཡན་ལག་བཞི་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་འདོད་པའི་བློ་ནི་བྱང་ཆུབ་ཀྱི་རྒྱུ་སྟེ། དེ་ལྟ་བུའི་བློ་མཆོག་ཏུ་སེམས་བསྐྱེད་པ་ཡན་ལག་ལྔ་པ་དང༌། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བླ་ན་མེད་པའི་སྐུ་ཐོབ་པའི་ལམ་གང་ཡིན་པ་དེ་ལ་གནས་པར་དམ་འཆའ་ཞིང་ལམ་བསྒོམ་པ་ལ་བརྩོན་པར་བྱ་བ་ནི་ཡན་ལག་དྲུག་པ་དང༌། བདག་གི་ལུས་འདི་ཉིད་ཀྱང་ནི་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ། གུས་པའི་བློས་འབུལ་བ་ཡན་ལག་བདུན་པའོ། །དང་ཞེས་པ་ནི་འབྱེད་པའི་ཚིག་གོ །དེ་རྣམས་གོ་རིམ་བཞིན་དུ་རིན་ཆེན་འབར་བར། བདག་གི་ཐོག་མ་མེད་དུས་ནས། །ལོག་རྟོག་དབང་གིས་སྡིག་བགྱིས་གང༌། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱི། །སྤྱན་སྔར་བཤགས་བགྱིད་སླད་ཆད་བསྡམ། །རྒྱལ་དང་དེ་ཡི་སྲས་རྣམས་དང༌། །འགྲོ་བའི་བསོད་ནམས་མ་ལུས་པ། །དེ་ལ་ཡང་དག་ཡི་རང་ཞིང༌། །བྱང་ཆུབ་དམ་པར་བསྔོ་བར་བགྱི། །གང་དང་གང་གིས་འདུལ་འགྱུར་བ། །དེ་དང་དེ་ཡི་སྐུར་སྟོན་པ། །སྣ་ཚོགས་གཟུགས་ནོར་ལྟ་བུ་ཡི། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཀུན་རྟོག་མ་ལུས་དག་གྱུར་པ། །རང་རིག་ཡང་དག་ཡེ་ཤེས་བསྐྱེད། །ལྷན་ཅིག་སྐྱེས་དགའི་ངོ་བོ་ཉིད། །དམ་པའི་ཆོས་ལའང་སྐྱབས་སུ་མཆི། །གོ་རིམ་ཇི་བཞིན་དབང་བསྐུར་ཐོབ། །མ་ལོག་ལམ་ལ་ངེས་གནས་དང༌། །སྲས་མཆོག་འཁོར་འདུས་ཚོགས་མཆོག་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཡང་དག་ཡེ་ཤེས་མེ་བོ་ཆེས། །གཏི་མུག་མུན་པ་བསལ་བ་དང༌། །སྒྲིབ་པ་མ་ལུས་སྦྱང་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ། །སྤྱོད་པ་དཔག་ཡས་གང་ཡིན་དང༌། །མ་བཅོས་ཇི་བཞིན་གནས་ལམ་ལ། །ད་ནི་ཡང་དག་གནས་པར་བགྱི། །ཞེས་ཡན་ལག་དང་པོ་དྲུག་གསུངས་ཀྱང་བདུན་པ་ལུས་འབུལ་བ་མ་བཤད་པས། མངོན་རྟོགས་དོན་གསལ་བ་ལས། དེ་ནས་ཀུན་མཁྱེན་མ་ཐོབ་བར། །བདག་གི་ལུས་ནི་བདེ་གཤེགས་དང༌། །དེ་སྲས་རྣམས་ལ་དབུལ་བར་གྱི། །ཐུགས་རྗེ་མངའ་བས་བཞེས་སུ་གསོལ། །ཞེས་པས་ཁ་བསྐང་ངོ༌། །འདིར་མན་ངག་ལུགས་ཀྱི་ཡན་ལག་བཞི་པ་ལ་སྡིག་བཤགས། རྗེས་སུ་ཡི་རངས། བསྔོ་བ། སྐྱབས་འགྲོ། དོན་དམ་བྱང་སེམས་བསྒོམ་པ། ཀུན་རྫོབ་བྱང་སེམས་ལ་སྨོན་འཇུག་གཉིས་བྱས་ཏེ། བདུན་དུ་རྗེ་བཙུན་རྩེ་མོས་བཤད་ཅིང༌། ཡན་ལག་དྲུག་པ་ལ་བཞི་པ་ལྟར་ལས། བསྔོ་བ་གཤམ་དུ་བཏོན་ཞིང༌། གོ་རིམ་གཞན་འདྲ་བར་བྱ་བའམ། ཡང་ན་རྡོ་རྗེ་གུར་ལས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་གསུངས་པ་དང་གཉིས་པོ་གང་རུང་གིས་བྱ་བར་རྗེ་བཙུན་གྱིས་བཤད་དོ། །གཞུང་འདིའི་དོན་གུར་གྱི་འགྲེལ་པར། བདུན་པོ་རྣམ་པར་དག་པར་བྱ། །ཞེས་བྱ་བ་ནི་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསོད་ནམས་ཡོངས་སུ་བསྔོ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ཞུ་བ་དང༌། གསོལ་བ་གདབ་པ་དང༌། ལམ་བསྟན་པར་བྱ་བ་རྣམས་སོ། །ཞེས་བཤད་མོད་ཀྱི། འདིར་རྗེ་བཙུན་གྱིས། སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྨོན་པ་སེམས་བསྐྱེད་པ་དང༌། འཇུག་པའི་སེམས་བསྐྱེད་པ་དང་བསྔོ་བ་དང་བདུན་ལ། གུར་རྒྱན་དུ་བཤད་པ་ནི། གཞུང་གི་དོན་ལ་ཞུགས་པར་སྣང་བས་འདི་གཙོ་བོར་བྱའོ། །དེ་ལ་རྐང་པ་དང་པོ་ནི། སྡིག་བཤགས་བྱ་བའི་རྟེན་ངོས་བཟུང་བ་ཡིན། །ཞེས་མཆན་རྙིང་པར་འབྱུང་ངོ༌། །འོ་ན་འདི་དག་ལ་ཆོས་འཁོར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་གཉིས་མི་དགོས་པ་ཅི་ཡིན་སྙམ་ན། སྤྱིར་ཡན་ལག་བདུན་པ་ལ་རིགས་གཉིས་ཏེ། སངས་རྒྱས་སྤྲུལ་སྐུ་དང༌། ལོངས་སྐུའི་སྤྱན་སྔར་བྱ་བའོ། །དེ་ལ་སྤྲུལ་པའི་སྐུ་གཞན་སྣང་དུ་མྱ་ངན་ལས་འདའ་བ་དང༌། ཆོས་ཀྱི་འཁོར་ལོ་མི་བསྐོར་བའི་ཚུལ་སྟོན་པ་ཡོད་པས་དེའི་སྤྱན་སྔར་དེ་དག་བྱ་དགོས་ལ། ལོངས་སྐུ་ངེས་པ་ལྔ་ལྡན་དུ་བཞུགས་པས། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་རྒྱུན་མི་འཆད་དུ་གསུངས་པ་དང༌། སློབ་དཔོན་ཡེ་ཤེས་སྙིང་པོས། སྤྲུལ་པའི་སྐུ་ནི་མྱ་ངན་ལས། །འདའ་བར་བྱེད་ཀྱི་ཅིག་ཤོས་མིན། །ཞེས་པ་ལྟར། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པས། དེ་ལ་ཆོས་འཁོར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་གཉིས་མི་དགོས་སོ། །ཞེས་བླ་མ་རྣམས་གསུང་ངོ༌། །སྐབས་འདིར་རྗེ་བཙུན་སྐུ་མཆེད་ཀྱི་སྒྲུབ་ཐབས་དག་དང༌། རྒྱ་གར་བའི་གཞུང་ཐམས་ཅད་ནས། རིགས་ལྔའི་སྡོམ་བཟུང་བྱ་བར་བཤད་པ་མེད་ཀྱང༌། བླ་མ་རྣམས་ཀྱི་ཕྱག་ལེན་ལ་མཛད་པ་ནི། རྗེ་བཙུན་གྱིས་དགའ་སྟོན་ལ་གདམས་པར། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་པ་ལ་སོགས་པ་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང༌། ཞེས་བཤད་པ་ལ་བརྟེན་པར་སྣང་ཞིང༌། དེའི་དགོས་པ་ལ་ཡང༌། དེ་ཉིད་ལས། རྡོ་རྗེ་ཐེག་པའི་རྒྱུ་དུས་ཀྱི་སྟ་གོན་དང༌། ཡོལ་བའི་ཕྱི་འཇུག་དང༌། ནང་འཇུག་གི་སྡོམ་པ་ཐམས་ཅད་ཀྱང་དེས་སོར་ཆུད་པ་ཡིན། ཞེས་པ་ལྟར་རོ། །འདི་རྒྱུན་བཤགས་ཀྱི་ཁོངས་སུ་འདུ་བར་མངོན་རྟོགས་ལྗོན་ཤིང་དུ་བཤད་དོ། །ཉམས་སུ་ལེན་པའི་ཚེ་ནི་མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་སོང་ན་སྐབས་འདིར་བྱ་མི་དགོས་ཏེ། སྔར་བྱས་ཟིན་མ་ཐག་ཡིན་པའི་ཕྱིར་རོ། །དེ་ལ་དགོངས་ནས་སྔར་གྱི་གཞུང་རྣམས་སུ་མ་བཤད་པ་ཡིན་ལ། མཆོད་གཏོར་གྱི་རྣལ་འབྱོར་སྔོན་དུ་མ་སོང་ན། སྐབས་འདིར་ངེས་པར་བྱ་དགོས་ཏེ། སྡོམ་པ་སོར་ཆུད་དགོས་པའི་ཕྱིར་རོ། །དེ་ལ་དགོངས་ནས་སམྦུ་ཊའི་རྡོ་རྗེ་དབྱིངས་ཀྱི་མངོན་རྟོགས་ཀྱི་སྐབས་སུ་སྡོམ་བཟུང་བཤད་ཅིང་བདེ་མཆོག་སོགས་གཞུང་གཞན་ལས་ཀྱང་བཤད་དོ། །བཞི་པ་ནི། དེ་ལྟར་རྒྱུན་བཤགས་བྱས་པས། ཚོགས་རྟེན་དེ་དག་གི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་ཡོད་པས་ལམ་རིམ་པ་གཉིས་སྒོམས་ཤིག་ཅེས་གནང་བ་བྱིན་པས་དེ་རྣམས་ཀྱི་བཀའ་ནོད་ཅིང་དགའ་བ་བསྒོམ་མོ། །དེ་ནས་ཚོགས་ཞིང་རྣམས་ལ། མར་མེ་མཛད་ཀྱིས། དེ་ཉིད་གསུམ་དང་མུ་བརྗོད་པས། །མདུན་གྱི་སྤྱན་དྲངས་གནས་སུ་གཤེགས། །ཞེས་དང༌། ནག་པོ་པས་རྒྱུན་བཤགས་ཀྱི་རྗེས་སུ། ཕྱག་བྱ། གཏོར་མ་འབུལ། ཡི་གེ་བརྒྱ་པ་བརྗོད་ནས་གཤེགས་གསོལ་བྱ་བར་བཤད། གཉིས་མེད་རྡོ་རྗེས། དེ་ནས་མདུན་གྱི་མཎྜལ་སྙིང་གའི་ཧཱུྃ་ལ་བསྟིམ་ཞེས། རང་ལ་བསྡུ་བར་གསུངས། སྒྲུབ་ཐབས་གཞན་རྣམས་དང༌། རྗེ་བཙུན་སྐུ་མཆེད་ཀྱིས། ཚོགས་རྟེན་ཇི་ལྟར་བྱེད་མི་གསལ་ཡང༌། དེ་རྣམས་ཀྱི་དོན་མི་དམིགས་པར་བསྒོམ་པར་མངོན་པས་འདིར་དེ་བཞིན་དུ་བྱའོ། །གཉིས་པ་ནི། གུར་ལས། ཚངས་པའི་གནས་ནི་བཞི་པོ་ཡི། །སེམས་ཀྱི་ངལ་ནི་གསོ་བར་བྱ། །ཞེས་གསུངས་པ་ལྟར་གནས་སྐབས་སུ་ཚངས་པའི་གནས་ནི་རྣམ་པ་བཞི་པོ་ཐོབ་པར་བྱེད་པའི་ཐབས་ཚད་མེད་པ་བཞིའི་བསམ་གཏན་བྱའོ། །ཇི་ལྟར་ན་དུས་དང་པོར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྙམ་པའི་བྱམས་པ་བསྒོམ་པར་བྱ་ཞིང༌། དུས་གཉིས་པ་ལ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ཞིང་བསྐྱབ་པར་འདོད་པའི་སྙིང་རྗེ་དང༌། དེའི་བྱེ་བྲག་ཅེས་པ་ནི། སྤྱིར་སྙིང་རྗེ་ལ་སེམས་ཅན་དང༌། ཆོས་དང༌། དམིགས་མེད་ལ་དམིགས་པའི་སྙིང་རྗེ་གསུམ་ལས་འདིར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྒོམ་པའི་དོན་ཏོ། །དུས་གསུམ་པར་བདེ་བ་དང་མི་འབྲལ་བར་འདོད་པའི་རྒྱུ། ལམ་ཁྱད་པར་ཅན་དང་ཕྲད་པར་འདོད་པའི་དགའ་བ་བསྒོམ་པ་སྟེ། ཚད་མེད་གོང་མ་གསུམ་པོ་ཐམས་ཅད་ཀྱི་ཐ་མར་ཏེ་རྗེས་ལ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཆོས་ཉིད་ལ་སྤྱོད་པར་འདོད་པའི་བཏང་སྙོམས་ཚད་མེད་པ་བསྒོམ་མོ། །འདི་དག་ནི་རྒྱས་པར་མདོ་སྡེ་རྒྱན་རྩ་འགྲེལ་ལས་ཤེས་སོ། །འདིར་རྗེ་བཙུན་རྩེ་མོས་མཚོ་སྐྱེས་ཀྱི་ཊཱི་ཀར་ཚད་མེད་བཞི་ཕར་ཕྱིན་ཐེག་པ་ལྟར་བསྒོམ་པ་དང་གསང་སྔགས་ལྟར་བསྒོམ་པ་གཉིས་ཀྱི་དང་པོ་སྔར་དང་འདྲ་ལ། ཕྱི་མ་ནི་རང་གི་སྙིང་གའི་ས་བོན་ལས། ལྷ་མོ་པུཀྐ་སཱིའམ། འོད་ཟེར་སྔོན་པོ་སྤྲོས། དེས་སེམས་ཅན་ཐམས་ཅད་བྱམས་པ་ཚད་མེད་པ་ལ་བཀོད་པར་བསམ། དེ་བཞིན་དུ་ཤ་བ་རཱིའམ་འོད་ཟེར་དཀར་པོ་སྤྲོས་པས་སྙིང་རྗེ་དང༌། ཙཎྜ་ལཱིའམ། འོད་ཟེར་སྔོན་དམར་སྤྲོས་པས་དགའ་བ་དང༌། ཌོམྦི་ནཱིའམ། འོད་ཟེར་སྣ་ཚོགས་པ་སྤྲོས་པས། བཏང་སྙོམས་ཚད་མེད་པ་ལ་བཀོད་པར་བསམ་པར་བཞེད་དོ། །གསུམ་པ་ནི། དེ་ལྟར་ཚོགས་བསགས་རྣམ་པ་གཉིས་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྗེ་བཙུན་རྩེ་མོས། དེ་ལྟར་ཚོགས་བསགས་བྱས་པ་ཡང༌། །དགོས་པ་རྣམ་པ་གཉིས་གསུངས་ཏེ། །རྒྱུད་དག་པ་ཡི་དགོས་པ་དང༌། །སྔོན་གྱི་རྒྱལ་དང་མཚུངས་བྱའོ། །དེ་ལ་དགོས་པ་དང་པོ་ནི། དཔེར་ན་སྣོད་དུ་བཟའ་འདྲེན་པ། །དང་པོར་སྣོད་དག་བྱས་ནས་ནི། །དེ་ནས་སྣོད་དུ་བཟའ་འདྲེན་ལྟར། །དང་པོར་ཚོགས་བསགས་རྒྱུད་དག་པ། །སྣོད་ཀྱི་དྲི་མ་དག་བྱས་མཚུངས། །དེ་ནས་ཚོགས་རྗེས་ལྷར་བསྐྱེད་པ། །སྣོད་དུ་བཟའ་འདྲེན་ཇི་བཞིན་ནོ། །དགོས་པ་གཉིས་པའང་བཤད་བྱ་སྟེ། །རྒྱལ་བས་སྔོན་དུ་ཚོགས་བསགས་ཏེ། །དེ་རྗེས་སངས་རྒྱས་དེ་བཞིན་དུ། །མཆོད་སོགས་ཚོགས་བསགས་པ་དང་མཚུངས། །དེ་ནས་ལྷ་ནི་རྣམ་བསྐྱེད་པ། །མངོན་པར་རྫོགས་སངས་རྒྱས་དང་མཚུངས། །དེ་ཡང་དོན་ནི་འདི་ཡིན་ཏེ། །སྤྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས་ནས། མཐར་མངོན་པར་བྱང་ཆུབ་པའི་ཚུལ་དེ། གསང་སྔགས་ཀྱི་ལུགས་ཀྱིས་སྟན་ཐོག་གཅིག་ཏུ་བསྒོམ་པ་ཡིན་ཏེ། ཚོགས་བསགས་ནས། དེ་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་ལ་སོགས་པ་དང༌། དེར་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱེད་ལ། སླར་ཡང་དག་པའི་མཐའ་ཉིད་དུ་འཇུག་པ་ལ་སོགས་པ་སྟོན་ཏེ། དེ་ནས་གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བར་འདོད་པའི་གཞུང་ངོ༌། །ཞེས་བཤད་པ་ལྟར་རོ། །གཉིས་པ་ལ་གསུམ། སྟོང་ཉིད་བསྒོམ་པ། དེ་སྔགས་ཀྱིས་བརྟན་པར་བྱ་བ། ཞར་བྱུང་དེའི་དགོས་པ་བཤད་པའོ། །དང་པོ་ནི། དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པར་མ་ཟད། ཡེ་ཤེས་ཀྱི་ཚོགས་ཀྱང་ནི་བསྒོམ་པར་བྱ་སྟེ། འདི་ལ་རྗེ་བཙུན་རྩེ་མོས། བཙན་ཐབས་སུ་སྟོང་ཉིད་སྒོམ་པ་དང༌། བཤིག་ནས་སྟོང་ཉིད་བསྒོམ་པ་གཉིས་ཀྱི་དང་པོ་ནི། སྔགས་བརྗོད་དེ། དེའི་དོན་དྲན་པ་ཙམ་གྱིས་སྟོང་པ་ཉིད་དུ་བསྒོམ་པ་དང༌། ཕྱི་མ་ནི། གཅིག་དང་དུ་བྲལ་ལ་སོགས་པའི་རིག་པས་རང་བཞིན་མེད་པར་བྱས་ནས་སྔགས་ཀྱིས་བརྟན་པར་བྱེད་པ་ལ་བཤད་དོ། །དེ་ལ་དང་པོ་ནི་གང་ཟག་བློ་མཆོག་སྟོང་ཉིད་ཀྱི་ལྟ་བ་ཁོངས་སུ་ཆུད་པའི་དབང་དུ་བྱས་པ་ཡིན་ལ། ཕྱི་མ་ནི་ལས་དང་པོ་པ་སྟོང་ཉིད་མ་རྟོགས་པ་དང༌། རྟོགས་ཀྱང་གོམས་པར་བྱེད་དགོས་པའི་གང་ཟག་རྣམས་ལ། བཤིག་ནས་སྟོང་པར་སྒོམ་པའི་དོན་དམ་བྱང་ཆུབ་ཀྱི་སེམས་འདི་ནི་སྒོམ་ཞིང་བསམ་པར་བྱའོ། །ཇི་ལྟར་བསམ་ན། རྒྱུད་སྡེ་རྣམས་སུ་ཕར་ཕྱིན་ཐེག་པ་ལས་ཇི་སྐད་བཤད་པ་ལས་གཞན་པའི་སྟོང་ཉིད་བསྒོམ་ཚུལ་མ་གསུངས་པས། དེ་ཁོ་ན་ཉིད་བསྒོམ་ཚུལ་ཐེག་པ་ཆེན་པོ་སྤྱི་ནས་བཤད་པ་ལྟར་བྱ་དགོས་སོ། །ཐེག་ཆེན་ལ་དབུ་མ་པ་དང་སེམས་ཙམ་གཉིས་སུ་ངེས་ཤིང༌། དེའི་དབང་གིས་སྔགས་ཀྱི་གཞུང་རྣམས་ཀྱང་དབུ་སེམས་གཉིས་ཀར་དུ་བཀྲལ་བར་སྣང་སྟེ། རྒྱ་གར་ཕྱག་ན་རྡོ་རྗེས། སྔགས་ཀྱི་ཐེག་པ་ལ་ཡང་དབུ་མར་གནས་པ་དང༌། སེམས་ཙམ་དུ་གནས་པ་གཉིས་སུ་གནས་སོ། །ཞེས་བཤད་དོ། །དེ་ལ་གསང་སྔགས་སེམས་ཙམ་ལྟར་བཤད་པ་ནི། སློབ་དཔོན་ཤཱནྟི་པས་བརྟག་གཉིས། གསང་འདུས། མ་ཧཱ་མཱ་ཡཱ། ཐམས་ཅད་གསང་བ། དགྲ་ནག་སྟེ། རྒྱུད་དེ་རྣམས་ཀྱི་འགྲེལ་པར་རྣམ་རིག་གི་ཚུལ་ཙམ་དུ་བཤད་ཅིང༌། སྒྲུབ་ཐབས་འཁྲུལ་སྤོང་གི་ཡེ་ཤེས་ཀྱི་ཚོགས་བསགས་ཀྱི་སྐབས་སུ་ཡང༌། རྣམ་རིག་གི་དེ་ཁོ་ན་ཉིད་བསྒོམ་ཚུལ་གསུངས་མོད་འདིར་མ་སྤྲོས་སོ། །འདིར་རྒྱ་གར་བའི་སྔགས་ཀྱི་སློབ་དཔོན་ཕལ་མོ་ཆེ་དང༌། རྗེ་བཙུན་ས་སྐྱ་པ་རྣམས། རྒྱལ་བ་གཉིས་པ་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ལྟར་སྟོང་ཉིད་ཀྱི་ལྟ་བ་བསྒོམ་པར་བཞེད་པས། དེ་ལྟར་བཤད་པ་ལ་གཉིས། གང་ཟག་ལ་བདག་མེད་བསྒོམ་ཚུལ་དང༌། ཆོས་ལ་བདག་མེད་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། དགག་བྱ་བདག་གི་ངོ་བོ་ངོས་བཟུང༌། དེ་འགོག་བྱེད་ཀྱི་རིག་པ་བཤད། བདག་མེད་པ་ལ་སེམས་འཇོག་ཚུལ་ལོ། །དང་པོ་ནི། དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་རང་འཁྲུངས་སུ་ཡོད་པ་ང་དང་ང་ཡིར་འཛིན་པའི་བདག་འཛིན་འཇིག་ལྟ་ལྷན་སྐྱེས་ཀྱི་ཞེན་ཡུལ་འདི་ཉིད་ཡིན་ནོ། །འདི་མུ་སྟེགས་རྣམས་ཀྱིས་རྟག་གཅིག་རང་དབང་ཅན་དུ་སྒྲོ་བཏགས་པ་ལྟར། ཡུལ་རང་ངོ་ནས་ཐ་སྙད་དུ་ཡང་མ་གྲུབ་མོད། ལྷན་སྐྱེས་ཀྱི་བློའི་ཞེན་ངོར་ཐ་སྙད་དུ་མེད་པ་མ་ཡིན་ཏེ། ང་དང་ང་ཡི་ཞེས་སོགས་ཀྱི་ཐ་སྙད་སྣ་ཚོགས་འཇིག་རྟེན་ན་གྲགས་ཤིང་གནོད་པ་མེད་པའི་ཕྱིར་རོ། །འདི་ནི་དགག་དགོས་ཏེ། འདི་ལ་ང་དང་ང་ཡིར་མངོན་པར་ཞེན་པ་ལ་བརྟེན་ནས། ཆགས་སོགས་ཉོན་མོངས་པ་ཐམས་ཅད་འབྱུང་བ་ཡིན་ཏེ། དབུ་མ་འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་བས་འབྱུང་བར་བློ་ཡིས་མཐོང་གྱུར་ནས། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བཤད་པས་སོ། །གཉིས་པ་ནི། བདག་འདི་མེད་པར་རིག་པ་གང་གིས་ཤེས་སྙམ་ན། གལ་ཏེ་ངའོ་སྙམ་པའི་ངར་འཛིན་གྱི་བདག་འདི་བདེན་པར་གྲུབ་ན་གཟུགས་སོགས་ཕུང་པོ་རྣམས་དང་གཅིག་ཡིན་ནམ་ཐ་དད་ཡིན། དང་པོ་ལྟར་ན། ཕུང་པོ་རྣམས་ནི། གཟུགས་དང་ཚོར་བ་ལ་སོགས་པ་དུ་མར་རིག་པས་གྲུབ་ལ། ངར་འཛིན་གྱི་ཡུལ་གྱི་བདག་ནི་གཅིག་ཉིད་དུ་མྱོང་བས་གྲུབ་པའི་ཕྱིར། དེ་གཉིས་གཅིག་ཏུ་མི་རིགས་སོ། །གཞན་ཡང་ཕུང་པོ་རྣམས་ནི་མི་རྟག་པར་རིག་པས་གྲུབ་ཅིང༌། ངར་འཛིན་གྱི་ཡུལ་ནི་སྔ་ཕྱི་གཅིག་ཏུ་མྱོང་བས་གྲུབ་པའི་ཕྱིར་མི་འཐད་དོ། །གཉིས་པ་ལྟར་ན། དངོས་པོ་ཐམས་ཅད་ནི། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟེ། ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། དེ་དག་ལས་ཐ་དད་པའི་བདག་ནི། རེ་ཞིག་མངོན་སུམ་གྱིས་མི་དམིགས་ཏེ། མིག་ལ་སོགས་པ་དབང་པོའི་ཤེས་པ་རྣམས་ནི། གཟུགས་སོགས་ཕྱིའི་སྐྱེ་མཆེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང༌། རང་རིག་པ་ཡང་ཤེས་པའི་ཡུལ་ཅན་ཡིན་པའི་ཕྱིར། བདག་ལ་དམིགས་པར་མི་རིགས་སོ། །ཕུང་པོ་ལས་གཞན་པའི་བདག་གི་རང་བཞིན་དང༌། འབྲས་བུ་གང་ཡང་མ་མཐོང་བའི་ཕྱིར་གཏན་ཚིགས་མེད་པས་རྗེས་སུ་དཔག་པས་ཀྱང་མ་གྲུབ་བོ། །གལ་ཏེ་ངའོ་སྙམ་པའི་བློ་འདི་ཉིད་བདག་གི་ཡུལ་ཅན་ཚད་མ་ཡིན་ནོ་སྙམ་ན། འདི་ནི་མངོན་པར་ཞེན་པའི་བདག་ཉིད་ཀྱི་རྟོག་པ་ཡིན་པས་མངོན་སུམ་མ་ཡིན་ལ། གཏན་ཚིགས་གང་ལ་ཡང་མ་བརྟེན་པའི་ཕྱིར། རྗེས་དཔག་ཀྱང་མ་ཡིན་མོད། འོན་ཀྱང་ཐོག་མ་མེད་པ་ནས་གོམས་པའི་དབང་གིས་རྒྱུ་མཚན་མེད་པར་ངའོ་སྙམ་དུ་རློམ་པ་ཙམ་དུ་ཟད་དེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ན། བདག་མ་གྲུབ་པའི་ཕྱིར་ངའོ་སྙམ་པའི་བློ་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་ལྟར། གཞི་མེད་དུ་འཁྲུལ་པ་ཁོ་ནར་ཟད་དོ་སྙམ་དུ་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་སྒོམ་མོ། །གཉིས་པ་ལ་གསུམ། དགག་བྱ་བདེན་དངོས་ཀྱི་རང་བཞིན་ངོས་བཟུང༌། དེ་འགོག་བྱེད་ཀྱི་རིག་པ་བཤད། བདག་མེད་ལ་སེམས་འཇོག་ཚུལ་བསྟན་པའོ། །དང་པོ་ནི། ཐ་སྙད་ཀྱི་རྗེས་སུ་འབྲང་བའི་ལྷན་སྐྱེས་ཀྱི་བློ་རང་དགའ་བ་འདིས་ཕྱི་ནང་གི་དངོས་པོ་རྣམས་ལ་བདེན་པར་མངོན་པར་ཞེན་པ་གང་ཡིན་པ་ནི། རྟོག་པས་བཏགས་པ་ཙམ་དུ་ཟད་ཀྱི་དངོས་པོ་རྣམས་ཀྱི་རང་བཞིན་དུ་གྲུབ་པ་མ་ཡིན་པས། དེ་ཁོ་ན་ཉིད་སེམས་པའི་ཚེ་རིག་པས་དགག་པར་བྱ་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། དེ་ལྟ་བུའི་མངོན་ཞེན་དེ་ནི་ཉོན་སྒྲིབ་ཀྱི་རྩ་བ་བདག་འཛིན་གྱི་རྒྱུ་ཡིན་པའི་ཕྱིར་དང༌། དེ་ཉིད་ཤེས་སྒྲིབ་ཀྱི་ཡང་གཙོ་བོ་ཡིན་པའི་ཕྱིར་རོ། །གཞན་ཡང་སྒྲིབ་གཉིས་སྤང་བར་འདོད་པ་དག་གིས་སྒྲིབ་གཉིས་ཀྱི་རྩ་བ་དངོས་པོ་ལ་མངོན་པར་ཞེན་པ་མཐའ་དག་སྤང་དགོས་ཤིང༌། དེའང་ཡུལ་བདེན་དངོས་བཀག་པའི་སྒོ་ནས་སྤང་དགོས་ཏེ། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ནི། བདེན་དངོས་འགོག་པའི་རིག་པ་རྒྱས་པར་ནི་རྩ་བ་ཤེས་རབ་ལ་སོགས་པར་ཤེས་པར་བྱ་ལ། དེ་དག་གི་དོན་མདོར་བསྡུ་ན། དངོས་པོ་རྣམས་ནི་གཟུགས་དང་སེམས་གཉིས་སུ་འདུ་ལ། གཟུགས་ནི་དྲི་རོ་ལ་སོགས་པ་རྣམས་ཏེ། འདི་དག་ལ་དང་པོར་འབྱུང་བ་བཞི་དང༌། འབྱུང་འགྱུར་བཞི་སྟེ་རྫས་བརྒྱད་དུ་སོ་སོར་དབྱེ་ཞིང༌། དེའི་འོག་ཏུ་དེ་དག་རེ་རེ་ལ་རྡུལ་ཕྲ་རབ་ཏུ་བཤིག་པས་རགས་པ་གཅིག་ཏུ་འཛིན་པའི་བློ་བཟློག་ཅིང༌། རྡུལ་ཕྲན་རྣམས་ཀྱང་ཕྱོགས་ཀྱི་ཆར་ཕྱེ་བས་རྡུལ་ཕྲན་གྱི་བློ་ཡང་བཟློག་སྟེ། དེ་ལྟར་ན་རགས་པ་དང༌། རྡུལ་ཕྲན་ལས་མ་གཏོགས་པའི་ཕྱིའི་དོན་ཡང་མེད་པའི་ཕྱིར། ཕྱི་དོན་བདེན་པ་མེད་པར་ངེས་པ་ཡིན་ནོ། །གཉིས་པ་སེམས་ནི། འདས་མ་འོངས་ད་ལྟར་བ་གསུམ་དུ་དབྱེ་ཞིང༌། དེ་ལ་འདས་པ་ནི་འགགས་ཚར་བ་དང༌། མ་འོངས་པ་ནི་མ་སྐྱེས་པའི་ཕྱིར་བདེན་མེད་དུ་ངེས་ལ། ད་ལྟར་བ་ཡང་མིག་གི་རྣམ་ཤེས་ནས། ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་ཏུ་དབྱེ་ཞིང༌། དེ་དག་རེ་རེ་ཡང་སྐྱེ་བའི་དུས་ལས་དུས་གཉིས་པར་མི་སྡོད་པའི་ཕྱིར། སྐད་ཅིག་མ་ཉིད་དུ་ཤེས་པར་བྱ་སྟེ། དེ་ལྟར་ན་སེམས་ལ་རིལ་པོ་གཅིག་ཏུ་འཛིན་པའི་བློ་བཟློག་པར་འགྱུར་རོ། །དེའི་འོག་ཏུ་སྐད་ཅིག་མ་དེ་ཉིད་ལ་ཡང་སྐྱེ་བ་དང༌། གནས་པ་དང༌། འགག་པའི་ཆ་གསུམ་ཡོད་དམ་མེད། མེད་ན་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཕྱིར། འདུས་བྱས་སུ་མི་འགྱུར་ལ། ཡོད་ན་ནི་སྐད་ཅིག་མ་གཅིག་ཏུ་འགལ་ཏེ། ཆ་གསུམ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་མ་ཉིད་ཀྱང་རྡུལ་ཕྲན་བཞིན་དུ་བློས་བརྟགས་པ་ཙམ་དུ་ཟད་དོ། །ཞེས་ངེས་པར་བྱ་སྟེ། དེ་ལྟར་ན་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། སེམས་ཀྱང་བདེན་པ་མེད་དོ་སྙམ་དུ་ཡང་དག་པར་ངེས་པ་ཡིན་ནོ། །སེམས་བདེན་མེད་དུ་ངེས་ན་དེ་ལ་བརྟེན་པའི་སེམས་བྱུང་ཡང་བདེན་མེད་དུ་ངེས་པ་ཆོས་ཉིད་ཡིན་ཏེ། དཔེར་ན། རྩིག་པ་མེད་ན་དེ་ལ་བརྟེན་པའི་རི་མོ་མི་འབྱུང་བ་བཞིན་ནོ། །དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱི་ནང་གི་དངོས་པོ་རྣམས་ལ་བདེན་པ་བཀག་པ་ན། ཀུན་ནས་ཉོན་མོངས་དང༌། རྣམ་བྱང་གི་ཕྱོགས་ཀྱི་རྒྱུ་འབྲས་ཀྱི་འབྲེལ་ཇི་ལྟར་རུང་སྙམ་ན། དབུ་མ་ནས་བཤད་པའི་རིག་པ་དེ་དག་གིས་འཇིག་རྟེན་པ་དང༌། གྲུབ་མཐའ་སྨྲ་བ་གཞན་རྣམས་ཀྱི་ལྷན་སྐྱེས་དང༌། ཀུན་བརྟགས་ཀྱི་འཛིན་པས་བདེན་པར་སྒྲོ་བཏགས་པ་རྣམས་བཀག་པ་ཡིན་གྱི། བྱིས་པ་རྣམས་ཀྱི་རྟོག་མེད་ཤེས་པ་ལ་སྣང་བ་དང༌། འཕགས་པ་རྣམས་ཀྱི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་སྣང་བའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ཀུན་རྫོབ་པ་རྣམས་ལ་ནི་སྐུར་པ་བཏབ་པ་མེད་དེ། དེའི་ཕྱིར་དེ་ཐམས་ཅད་ནི་འཕགས་པ་རྣམས་ཀྱིས་རང་བཞིན་སྟོང་ཉིད་དུ་ངེས་པའི་ཕྱིར། ཡོད་མེད་ཀྱི་མཐའ་གང་དུའང་མ་ཞེན་ལ། ཀུན་རྫོབ་ཙམ་དུ་རྒྱུ་དང༌། རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བ་མི་བསླུ་བ་ཉིད་དུ་ངེས་པའི་ཕྱིར། འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་ཀུན་ནས་ཉོན་མོངས་དང༌། རྣམ་བྱང་གི་རྟེན་འབྲེལ་དག་ལ་སྐུར་པ་འདེབས་པར་མི་བྱེད་དོ། །དེ་བས་ན། མ་འགགས་པའི་སྣང་བ་འདི་ལ་རྒྱུ་འབྲས་མི་བསླུ་བའི་རྟེན་འབྲེལ་དང༌། ཡོད་མེད་ཀྱི་མཐའ་གང་དུའང་མ་གྲུབ་པའི་སྟོང་ཉིད་གཉིས་བྱས་པ་ལ་མི་རྟག་པས་ཁྱབ་པ་བཞིན་དུ་དབྱེར་མེད་དུ་གནས་པ་ཡིན་ལ། དེ་དག་ངེས་བྱེད་ཀྱི་བློ་གཉིས་ཀྱང་ཕན་ཚུན་རྒྱུ་འབྲས་སུ་འབྲེལ་པ་ཞིག་དགོས་ཏེ། དཔེར་ན། བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་པའི་གང་ཟག་གིས་གཞི་གང་དུ་བྱས་པ་ངེས་པ་དེར་མི་རྟག་པ་ངེས་པའི་བློ་སྐྱེ་བ་ལྟར། དབུ་མ་པ་རྣམས་ཀྱིས་ཀྱང༌། གང་གི་ཚེ་ས་བོན་ལས་མྱུ་གུ་སྐྱེ་བར་ངེས་པ་དེའི་ཚེ། ས་བོན་དང་མྱུ་གུ་གཉིས་ཀ་ཡང་རང་བཞིན་གྱིས་སྟོང་པར་ངེས་པ་འདྲེན་པ་ཡིན་ཏེ། བདེན་པའི་དངོས་པོ་ནི་གཞན་ལ་རག་མ་ལས་པས། རྒྱུ་འབྲས་སུ་མི་རུང་བར་ངེས་པའི་ཕྱིར་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་མཐར་འཛིན་གྱི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །མདོར་ན། ཇི་སྐད་བཤད་པའི་ཚུལ་གྱིས་སྣང་བའི་སྟེང་དུ། རྟེན་འབྲེལ་གྱིས་སྟོང་པ་ལ་ངེས་ཤེས་འདྲེན། སྟོང་པས་རྟེན་འབྲེལ་ལ་ངེས་པ་འདྲེན་པའི་སྒོ་ནས། རྟེན་འབྲེལ་དང༌། སྟོང་པ་ཟུང་འཇུག་ཏུ་རྟོགས་པ་ནི་དབུ་མའི་སྙིང་པོར་ཤེས་པར་བྱའོ། །གསུམ་པ་ནི། དེ་ལྟར་གཅིག་དང་དུ་བྲལ་ལ་སོགས་པའི་རིག་པ་ལ་བརྟེན་ནས། ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་མེད་དུ་རྟོགས་པའི་བློ་དེ་སྐྱེས་པ་ན། དབང་རྣོན་ལ་ནི། དགག་བྱ་བདེན་དངོས་མེད་པས་དེ་བཀག་པའི་བདེན་མེད་ཀྱང་དོན་ལ་མེད་པར་ཤེས་ནས། བདེན་མེད་དུ་ཞེན་པ་ཡང་ལྡོག་ཅིང༌། དབང་རྟུལ་ཁ་ཅིག་ལ་རིག་ཤེས་ཀྱི་སྟོབས་ཀྱིས་ངེས་པའི་བདེན་མེད་དོན་ལ་གནས་སྙམ་པའི་ཞེན་པ་སྐྱེས་ན། བདེན་མེད་ཉིད་ཀྱང་དོན་ལ་མེད་དེ། དགག་བྱ་བདེན་དངོས་མེད་པའི་ཕྱིར་རོ། །དེ་ལྟར་ན་སྣང་བ་འདི་གནས་ལུགས་ཡོད་མེད་ཀྱི་མཐའ་གང་དུ་ཡང་ཞེན་རུང་མ་ཡིན་པའི་མཐའ་བྲལ་དུ་རིག་པའི་སྟོབས་ཀྱིས་ངེས་པར་བྱས་པས་ཤེས་རབ་འབད་མེད་དུ་སྐྱེ་བར་འགྱུར་ལ། དེ་ཉིད་རྩེ་གཅིག་པའི་ཞི་གནས་ལ་བརྟེན་ནས་བསྒོམ་པར་བྱའོ། །དེ་ལྟར་བཤད་པའི་བདག་མེད་གཉིས་ཀྱི་བསྒོམ་ལུགས་འདི་ལ་ནི། དབུ་མ་ཐལ་རང་གཉིས་ཀའི་སློབ་དཔོན་རྣམས་མི་མཐུན་པ་མེད་ལ། དོན་འདི་ཉིད་སྔགས་ཀྱི་གཞུང་རྣམས་སུ་གསལ་བར་བཤད་དེ། ཁུངས་རྣམས་ནི་མངས་པས་མ་བྲིས་སོ། །རྗེ་བཙུན་རྩེ་མོས། སྣང་ལ་རང་བཞིན་མེད་པར་བསྒོམ་པ་དང༌། སྣང་མེད་དུ་བསྒོམ་པ་གཉིས་ལས། འདི་ནི་སྣང་བ་མེད་པར་བསྒོམ་པའི་ལུགས་སོ། །ཞེས་གསུངས་པའང་ཚུལ་འདི་ཉིད་ཡིན་ནོ། །མདོར་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་དཔྱད་པའི་སེམས་འཛིན་མེད་དུ་གནས་པ་ཙམ་ལ་ཡེ་ཤེས་ཚོགས་བསག་ཏུ་འདོད་པའི་སྔགས་པ་རྣམས་ཀྱིས་ཟབ་གསལ་གཉིས་མེད་ཀྱི་ལྷའི་སྐུར་སྒྲུབ་མ་ཤེས་པས། བསྐྱེད་རིམ་གྱི་དམིགས་པ་ཇི་ལྟར་བརྟན་རུང༌། སྲིད་པ་ལས་འདའ་མི་སྲིད་པས། རྒྱུད་འགྲེལ་རྣམས་ལ་སྦྱངས་ནས་དབུ་མའི་གཞུང་ལུགས་ལ་འདྲིས་པར་བྱའོ། །གཉིས་པ་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒོ་ནས་སྟོང་པའི་བྱང་ཆུབ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་དེ་བསྒོམ་ཞིང༌། དེའི་རྗེས་ལ། དེ་བརྟན་པའམ། བྱིན་གྱིས་རློབ་པར་བྱེད་པའི་སྔགས་འདི་ནི་བརྗོད་པར་བྱ་སྟེ། དེ་ལ་སྔགས་དོན་ནི་གུར་འགྲེལ་ལས། ཨོཾ་ཞེས་བྱ་བ་ནི་དོན་འདིའོ། །ཤུ་ནྱ་ཏཱ་ཉིད་ཛྙཱ་ན་སྟེ། རབ་ཏུ་གསལ་བ་ཙམ་ཡིན་པའི་ཕྱིར་རོ། བཛྲ་ཞེས་བྱ་བ་ནི། བདག་ཉིད་མི་ཕྱེད་པའི་ཕྱིར་དང༌། སྒྲིབ་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་ཀྱི་དོན་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཨོཾ་ཞེས་བྱའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཤཱུ་ནྱ་ཏཱའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཛྙཱ་ནའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཛྲ་སྟེ། སྤྲུལ་པའི་སྐུས་ནམ་མཁའ་ཇི་སྙེད་པར་གནས་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ངོ༌། །ཞེས་བཤད་པ་ལྟར་གོ་བར་བྱའོ། །གསུམ་པ་ནི། དེ་ལྟར་ཡེ་ཤེས་ཀྱི་ཚོགས་བསག་བསྒོམ་པ་ལ་དགོས་པ་ཅི་ཡོད་སྙམ་ན། རྗེ་བཙུན་རྩེ་མོས། ཡེ་ཤེས་ཚོགས་བསག་དགོས་པ་ཡང༌། །རྣམ་པ་བཞི་རུ་ཤེས་བྱ་སྟེ། །ཀུན་ཏུ་བརྟགས་པའི་དྲི་མ་ལས། །དག་པར་བྱ་བའི་དགོས་པ་དང༌། །གཉིས་པ་ཐམས་ཅད་མཁྱེན་པ་ཡི། །ལྷ་ཡི་མྱུ་གུ་བསྐྱེད་པ་དང༌། །གསུམ་པ་བསོད་ནམས་ཚོགས་བསགས་ནི། །ཡེ་ཤེས་ཚོགས་སུ་འབྲེལ་ཕྱིར་དང༌། །བཞི་པ་ཆོས་ཀྱི་སྐུ་ལས་ནི། །གཟུགས་སྐུ་འགྲུབ་པར་བྱ་ཕྱིར་རོ། །དེ་ལས་དང་པོ་བཤད་བྱ་སྟེ། །གང་ཟག་བདག་ལ་སོགས་པ་རྣམས། །ཡང་དག་མ་ཡིན་ཀུན་བརྟགས་པ། །སྟོང་པ་བསྒོམས་པས་དག་ཕྱིར་ཏེ། །དཔེར་ན་རིགས་ངན་ཁང་བསྲེགས་པས། །དག་འགྱུར་དེ་ཡང་ཁ་སྦྱོར་ལས། །དང་པོར་སྟོང་ཉིད་བསམས་པས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཉིས་པ་ཡང་ནི་བཤད་བྱ་སྟེ། །ཐ་མལ་དངོས་པོ་རགས་པ་རྣམས། །ལན་གཅིག་སྟོང་པར་བསྒོམ་མིན་ན། །འདི་ལས་ལྷར་ནི་བསྐྱེད་མི་བཏུབ། །ལན་གཅིག་སྟོང་པར་བྱས་པ་ཡིས། །དེ་ལས་ལྷར་ནི་བསྐྱེད་བྱས་ཏེ། །དང་པོར་རྡོ་སོགས་རགས་པ་རྣམས། །བསལ་ནས་ས་བོན་བཏབ་པ་ལས། །མྱུ་གུ་འབྱུང་བཞིན་དེ་སྐད་དུའང༌། །ལུས་སོགས་སྟོང་པའི་ཞིང་ས་ལ། །བློ་དང་ལྡན་པས་ས་བོན་བཏབ། །གསུམ་པ་ཡང་ནི་བཤད་བྱ་སྟེ། །ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་གིས། །འཆིང་ཞིང་གྲོལ་བར་མི་འགྱུར་ལ། །ཐབས་དང་ཤེས་རབ་ཟུང་འཇུག་པས། །གྲོལ་བར་བཤད་པས་བསོད་ནམས་ཚོགས། །ཐབས་ཡིན་ཡེ་ཤེས་ཚོགས་སྟོང་ཉིད། །ཤེས་རབ་ཟུང་དུ་འཇུག་པར་བྱ། །བཞི་པ་སྟོང་ཉིད་ཆོས་སྐུ་ལས། །འོག་གི་ལྷ་བསྐྱེད་གཟུགས་སྐུའོ། །དེ་འགྲུབ་ཕྱིར་ནི་སྟོང་པ་ཉིད། །ཆོས་ཀྱི་སྐུ་ཡི་ངོ་བོར་བསྒོམ། །ཞེས་གསུངས་པ་ལྟར་ཡིན་ལ། དེའི་ནང་ནས་གཙོ་བོར་གྱུར་པའི་དགོས་པ་ནི། འོག་ནས་འབྱུང་བའི་ལྷ་བསྒོམ་པ་རྣམས་གཟུགས་སྐུའི་ང་རྒྱལ་འཛིན་པ་ཡིན་ལ། དེ་ལ་ཆོས་ཀྱི་སྐུ་མངོན་དུ་བྱ་དགོས་པས། དེའི་དོན་ཡིན་ཏེ། གྲུབ་ཆེན་ཌོམྦྷི་པས། རང་བཞིན་སྟོང་པ་ཉིད་དུ་རྣམ་བསྒོམ་སྔོན་གྱི་ནི། །རྣལ་འབྱོར་པས་ནི་སྨོན་ལམ་རྗེས་སུ་དྲན་པར་བྱ། །ཞེས་སྟོང་ཉིད་ལ་ཞུགས་པ་ན། སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ལྡང་བར་བཤད་པའི་ཕྱིར་དང༌། མཚོ་སྐྱེས་དང༌། རྒྱུ་རྡོ་རྗེ་འཆང་གི་སྒྲུབ་ཐབས་ལས་ཀྱང༌། དེ་བཞིན་དུ་གསུངས་པའི་ཕྱིར་རོ། །གཞན་ཡང་སྣང་བ་ཐམས་ཅད་འོད་གསལ་དུ་བསྡུས་པ་ནི། ལྷ་བསྐྱེད་པའི་ཕྱིར་དང༌། སྔོན་དུ་ལྟ་བ་ལ་ངེས་པ་རྙེད་པའི་མཐུས་རྗེས་སུ་སྣང་ཕྱོགས་བསྒོམ་པ་རྣམས་སྒྱུ་མར་འཆར་བའི་དགོས་པ་ཡོད་དོ། །གཞན་ཡང་སློབ་དཔོན་ཤཱནྟི་པས། སྟོང་ཉིད་དུ་ཞུགས་པའི་སྣང་མེད་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། དེ་ལས་སྲུང་འཁོར་བསྒོམ་པའི་སྣང་བར་ལངས་པ་ནི། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བཤད་ལ། སྲུང་འཁོར་ནི་མཚོན་པ་ཙམ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་རྣམས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་ཤར་བའི་ཚུལ་དུ་བསྒོམ་པའི་དོན་ཏེ། འདི་ནི་བསྐྱེད་རིམ་གྱི་གནད་ཤིན་ཏུ་ཆེ་བ་གཅིག་ཡིན་ནོ། །ཡེ་ཤེས་ཚོགས་བསག་དང་སྲུང་འཁོར་བསྒོམ་པའི་བར་འདིར། གཞན་ལུགས་ཀྱི་བླ་མ་ཁ་ཅིག སྟོང་པའི་ངང་ལས་བར་དོའི་མཚོན་བྱེད་ཡིག་འབྲུ་ལྔ་བར་སྣང་ལ་བསྒོམ་པར་འདོད་མོད། ཀྱེ་རྡོ་རྗེའི་རྒྱུད་འགྲེལ། སྒྲུབ་ཐབས་ཀྱི་གཞུང་གང་དུ་ཡང་ཟུར་ཙམ་ཡང་མི་འབྱུང་ཞིང༌། བོད་ཀྱི་བླ་མ་སྔ་རབས་པ་མཁས་པ་སུས་ཀྱང་མ་བཤད་པས། ཡེ་ཤེས་ཞབས་ལུགས་སོགས་གཞན་གྱི་ལུགས་འཕྱུགས་པ་ཡིན་ནོ། །འོ་ན་འདིར་བར་དོའི་སྦྱོང་བྱེད་མེད་པར་འགྱུར་ལ། དེ་ལྟར་ན་སྐུ་གསུམ་ལམ་བྱེད་ཀྱི་སྒྲུབ་ཐབས་སུ་མ་སོང་བས་གནད་ཐམས་ཅད་འཕྱུགས་སོ་སྙམ་ན། སྐབས་འདིར་ནཱ་ད་སོགས་ནམ་མཁའ་ལ་བཞག་པ་མེད་པས་བར་དོའི་སྦྱོང་བྱེད་ཆད་ན་ནི། འདུས་པ་འཕགས་ལུགས་སོགས་ལའང་དེར་ཐལ་བར་འགྱུར་ལ། སྤྱིར་སྒྲུབ་ཐབས་ལ་བར་དོའི་སྦྱོང་བྱེད་མ་ཆད་པ་ཡོད་པས་ཆོག་ན། འདིར་ཡང་སྐྱོན་མེད་དེ། གཞི་དང༌། རྒྱུ་དང༌། རྐྱེན་གྱི་ཡན་ལག་གསུམ་བར་དོའི་སྦྱོང་བྱེད་དུ་འདོད་པའི་ཕྱིར་རོ། །གསུམ་པ་ལ་གསུམ། གཞུང་ནས་བཤད་པའི་ཐུན་མོང་གི་སྲུང་འཁོར་དང༌། ཐུན་མོང་མ་ཡིན་པའི་སྲུང་འཁོར་ཁ་བསྐང་སྟེ་བཤད་པ། དེ་དག་གི་དག་པ་བཤད་པའོ། །དང་པོ་ནི། རྩ་རྒྱུད་ལས། ཉི་དེར་ཧཱུྃ་འབྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱི་ནི་རྭ་བ་དང༌། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད། །ཅེས་གསུངས་པའི་དོན། སྟོང་པའི་ངང་ལས་པདྨ་དང་རཾ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ཏེ། དེའི་སྟེང་དུ་ཧཱུྃ་གི་དངོས་པོ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བ། དེ་ལ་ཧཱུྃ་གིས་མཚན་པའི་བསམ་གཏན་བསྒོམ་པར་བྱའོ། །དེ་ལ་སྣ་ཚོགས་རྡོ་རྗེའི་དོན་ནི། ཁ་དོག་སྣ་ཚོགས་སུ་འདུག་པ་དང༌། ཕྲིན་ལས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་དང༌། འོད་ཟེར་སྣ་ཚོགས་འཕྲོ་བས་སྣ་ཚོགས་རྡོ་རྗེའོ། །ཞེས་བོད་ཀྱི་བླ་མ་རྣམས་གསུངས་ལ། རྭ་རྣམས་ནི་སྒྲུབ་ཐབས་མཚོ་སྐྱེས་སུ། སྣ་ཚོགས་རྡོ་རྗེ་རྩེ་མོ་གསུམ་པ་ཅན། །འོད་ཟེར་ལྔ་པ་ཅན་ནོ། །ཞེས་པ་ལ་བརྟེན་ནས་རྗེ་བཙུན་རྩེ་མོའི་ཡན་ལག་བཞི་པར། རྭ་བཅུ་གཉིས་པ་དང༌། རྗེ་བཙུན་གྱི་ཡན་ལག་དྲུག་པར། རྭ་ཉི་ཤུ་པར་བཤད་ལ། དེའི་དོན་ནི། དང་པོས་རྟེན་འབྲེལ་བཅུ་གཉིས་དང༌། ཕྱི་མས་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་འཇོམས་པ་མཚོན་ཟེར་རོ། །འདིར་པདྨ་དང་ཉི་མ་གཉིས་ཀ་བསྐྱེད་པར་སློབ་དཔོན་འདིས་གཞུང་འདི་དང༌། བདག་མེད་མའི་སྒྲུབ་ཐབས་རྣམས་སུ་བཤད་ལ། རིན་ཆེན་འབར་བར་ཡང༌། པཾ་པད་རེ་ཕ་གསལ་བྱེད་དེ། །སྣ་ཚོགས་རྡོ་རྗེ་ཧཱུྃ་དེ་ལས། །ཞེས་དང༌། མངོན་རྟོགས་དོན་གསལ་དང༌། རྒྱུ་རྡོ་རྗེ་འཆང་གི་སྒྲུབ་ཐབས་དང༌། རྗེ་བཙུན་གྱི་བདག་མེད་མའི་སྒྲུབ་ཐབས་རྣམས་སུ་པདྨ་དང་ཉི་མ་གཉིས་ཀ་བཤད་ལ། སློབ་དཔོན་འདིས་གུར་གྱི་སྒྲུབ་ཐབས་དང༌། རྒྱ་གར་བའི་ཀྱེ་རྡོ་རྗེ། གུར། བདག་མེད་མའི་སྒྲུབ་ཐབས་གཞན་ཐམས་ཅད་ལས། ཉི་མ་རྐྱང་པ་ལས་པདྨ་མ་བཤད་ཅིང༌། རྗེ་བཙུན་རྩེ་མོས་ཀྱང༌། ཉི་མ་རྐྱང་པ་ལས་མི་བཞེད་དོ། །དེ་ལྟར་སྲུང་འཁོར་སྤྲོ་བའི་གཞི་སྣ་ཚོགས་རྡོ་རྗེ་བསྒོམས་ནས། དེའི་ལྟེ་བའི་ཧཱུྃ་ལས་འགྲོ་བའི་བདུད་དང་བར་ཆད་རྣམས་སེལ་བར་བྱེད་པའི་འོད་ཟེར་མེ་འོད་ལྟ་བུ། ཁ་དོག་ལྔ་ལྟེ་བའི་ཧཱུྃ་ལས་གསལ་བར་སྤྲོ་བར་བྱ་ཞིང༌། འོད་ཟེར་རྣམས་ལས་སྲུང་འཁོར་རྫོགས་པར་བསྒོམས་པའི་རྗེས་ལ་སྔགས་འདིས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ནི་འདིར་དཔལ་གྱི་དོན་ཏེ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ལྟར་རོ། །རཀྵ་རཀྵ་ནི་སྲུངས་སྲུངས་ཞེས་པ་སྟེ། མདོར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེས། བདག་དང་གནས་དང་རྣལ་འབྱོར་གསུམ་སྲུངས་ཤིག་ཅེས་པའོ། །ཧཱུྃ་གསུམ་ནི། གདུག་པ་སྡང་ཞིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པ་ལྟར་རོ། །ཕཊ་སྭཱ་ཧཱ། ཞེས་པ་གཞུང་འདིར་མི་འབྱུང་ཡང༌། རྒྱུད་དང་རིན་ཆེན་འབར་བ་དང༌། མངོན་རྟོགས་དོན་གསལ་དང་ནག་པོ་པའི་སྒྲུབ་ཐབས་དང༌། རྗེ་བཙུན་སྐུ་མཆེད་གཉིས་ཀྱིས་བཤད་པས། ཕཊ་ནི་དགས་པ་སྟེ། གདུག་པ་ཅན་དགས་པ་དང༌། སྭཱ་ཧཱ་ནི་གཞི་ཚུགས་ཤིག་སྟེ། ཉེས་པ་བྱས་པ་འཕྲོག་པའི་གཞི་ཚུགས་ཤིག་པའོ། །སྔགས་ཀྱི་ཡི་གེ་འདི་རྣམས་ལན་གསུམ་དུ་བརྗོད་པར་བླ་མ་དག་བཞེད་དོ། །འོ་ན་སྲུང་འཁོར་རང་གང་ཞེ་ན། སློབ་དཔོན་ནག་པོ་པས། སྣ་ཚོགས་རྡོ་རྗེ་ཉི་མ་དང་བཅས་པ་ཞུ་བ་ལས་རྭ་གུར་སོགས་སྤྲོ་བར་བཤད་མོད། སློབ་དཔོན་མཆོ་སྐྱེས་ཀྱིས་འོད་ཟེར་དེ་ལས་ཡང་དག་པར་གྱུར་བ་ཇི་ཙམ་འདོད་པ་ཤིན་དུ་འབར་བ་དང་ལྡན་པའི་རྡོ་རྗེའི་རྭ་བ་རྒྱས་པར་བལྟའོ། །དེའི་ནང་དུ་རྡོ་རྗེའི་གུར་ཡང་རྣམ་པར་བསྒོམས་ནས་ཞེས་དང༌། གཉིས་མེད་རྡོ་རྗེས། སྣ་ཚོགས་རྡོ་རྗེའི་འོད་ཟེར་རྣམ་པ་ལྔ་བསྒོམས་ནས། མནར་མེད་པའི་སེམས་ཅན་དམྱལ་པའི་མེ་དང་འདྲ་བའི་འོད་ཟེར་ཤིན་དུ་འབར་བའི་ཚོགས་ཇི་ཙམ་འདོད་པ་སྤྲོས་ཏེ། རྡོ་རྗེའི་རྭ་བ་དང༌། སྟེང་དུ་རྡོ་རྗེའི་གུར་དང༌། འོག་ཏུ་རྡོ་རྗེའི་ས་གཞི་དམྱལ་བ་ལ་ཐུག་པ་ཡན་ཆད་བསམ་པར་བྱའོ། །ཞེས་དང༌། དེ་བཞིན་དུ་གཞུང་གཞན་ཐམས་ཅད་དང༌། རྗེ་བཙུན་སྐུ་མཆེད་ཀྱིས་འོད་ཟེར་སྤྲོ་བ་བཤད་པས། སྔར་གྱི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུྃ་འདི་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རྡོ་རྗེ་ཟླུམ་པོར་བསྐོར་བའི་གུར་དང༌། དེའི་ནང་དུ་རྡོ་རྗེའི་བླ་རེ་གྲུ་བཞི་པ་ཡང་ནི་བསྒོམ་པར་བྱ། ཞེས་གུར་དང་བླ་རེ་གཉིས་ལས་མ་གསུངས་ཀྱང༌། སློབ་དཔོན་འདིས་གུར་གྱི་སྒྲུབ་ཐབས་སུ་རྭ་བ་ཡང་གསུངས་སོ། །སྤྱིར་དཔལ་མཆོག་ཌོམྦི་པས། དེ་འོག་ཉི་མ་ལ་གནས་ཧཱུྃ། །སྔགས་ལས་རྡོ་རྗེའི་རྭ་བ་སྤྲོ། །ཞེས་རྭ་བ་རྐྱང་པ་བསྒོམ་པའི་ལུགས་དང༌། རིན་ཆེན་འབར་བར། རྭ་བ་བླ་རེ་གུར་ནང་དུ། །ཞེས་པ་དང༌། མངོན་རྟོགས་དོན་གསལ་ལས། རྡོ་རྗེའི་རྭ་བ་དང་བླ་རེར་གྱུར་པ་ལས། །ཞེས་རྭ་བ་དང་བླ་རེ་གཉིས་དང༌། བྱང་ཆུབ་སྙིང་པོས། དེ་ལས་འོད་ཟེར་འཕྲོས་པས། བླ་རེ་དང་ས་གཞི་དང༌། རྩིག་པར་གྱུར་ཅེས་བཤད་ལ། རྩིག་པ་ནི་རྭ་བ་སྟེ། དེ་ལྟར་དུ་འདོད་པ་དང༌། སྔར་གྱི་གཉིས་མེད་རྡོ་རྗེའི་ལུང་ལས། རྭ་བ་དང་གུར་དང༌། ས་གཞི་གསུམ་དུ་བཤད་པ་དང༌། སློབ་དཔོན་མཚོ་སྐྱེས་ཀྱིས། མེ་རི་དང༌། རྭ་བ་དང༌། གུར་ཏེ་གསུམ་དུ་བཤད་པ་སྟེ་མི་འདྲ་བ་དང༌། ནག་པོ་པས་འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང༌། སྟེང་དུ་རྡོ་རྗེའི་གུར་དང༌། ཐད་ཀར་རྡོ་རྗེའི་རྭ་བ་དང༌། དེའི་ཕྱི་རོལ་དུ་རྡོ་རྗེ་མེ་འབར་བ་བསྒོམ་པར་བྱ་ཞིང་ཞེས་པ་དང༌། དེ་བཞིན་དུ་ཤཱནྟི་པ། ཉིན་འབྱུང་ཟླ་བ་རྣམས་ཀྱིས་བཤད་ལ། ལྷའི་རིགས་ཀྱི་བློ་གྲོས་ཀྱིས། འདི་ལས་རྭ་བ་ལ་སོགས་པ་བཞི་པོ་རྣམས་ནི་སྐྱེས་པར་བསམ་བྱས་པར། ཞེས་པའི་དོན་ཡང་དེ་དང་འདྲ་སྟེ། བཞིར་འདོད་པ་དང༌། དག་པ་རྡོ་རྗེའི་སྒྲོན་མེར། རྡོ་རྗེ་དེ་ཉིད་ཀྱི་རྭ་བ་དང་གུར་རྣམ་པར་བསྒོམ་སྟེ། དང་གི་ཡི་གེས་རྡོ་རྗེ་མདའི་དྲྭ་བའོ། །རྡོ་རྗེའི་བླ་རེ་དང་རྡོ་རྗེ་ལས་གྱུར་པའི་ས་གཞི་གསུངས་ཏེ། དབང་ཆེན་གྱི་ས་གཞི་ལ་ཐུག་པར་བསམ་པར་བྱའོ། །ཞེས་ལྔར་འདོད་པ་དང༌། མར་མེ་མཛད་ཀྱིས། དེ་ནས་ཧཱུྃ་ལས་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེའི་ས་གཞི་དང༌། །རྭ་བ་གུར་དང་བླ་རེ་དང༌། །རྡོ་རྗེ་རྭ་བ་འབར་བ་སྤྲོ། །ཞེས་དྲུག་ཏུ་བཞེད་པ་ལ་སོགས་པ་རྒྱས་བསྡུས་སྣ་ཚོགས་པ་ཞིག་སྣང་ཡང༌། འདིར་རྗེ་བཙུན་སྐུ་མཆེད་ཀྱིས། ས་གཞི་དང༌། རྭ་བ་དང༌། གུར་དང༌། མེ་འོད་དེ་བཞིར་གསུངས་པ་ནི། སྔར་གྱི་ཤཱནྟི་པ་སོགས་ཀྱི་བཞེད་པ་དང་མཐུན་ལ། རྒྱུད་ཀྱི་དོན་ཡང་འདི་བཞིན་ཡིན་ནོ། །དེ་ལ་རྭ་བ་ནི་རྗེ་བཙུན་རྩེ་མོས། རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་བ་བར་མཚམས་མེད་པའི་རྭ་བ་བྱས་པར་བསམ་མོ། །ཞེས་པ་ལྟར་གྱི་རྡོ་རྗེའི་རྭ་བ་ཁ་དོག་ནག་པོ་དབྱིབས་གྲུ་བཞི་པར། ཤཱནྟི་པ། ཉིན་འབྱུང་ཟླ་བ་རྣམས་ཀྱིས་བཤད་ལ། བླ་མ་རྣམས་ནི་ཟླུམ་པོར་བཞེད་དེ། ཐིག་དང་སྒོ་བསྟུན་པར་མངོན་ནོ། །གུར་ནི་རྭ་བའི་ནང་དུ་རྭ་བ་དང་དཔངས་མཉམ་པའི་ཟླུམ་པོར་གྱུར་པའི་སྟེང༌། གུར་ཐབས་ཀྱི་རྣམ་པར་གྱུར་པ་སྟེ། དེའི་ཕྱིར་རྭ་གུར་གཉིས་ཀྱི་ལོགས་ཉིས་རིམ་དུ་གྱུར་པར་རྗེ་བཙུན་རྩེ་མོས་བཤད་དོ། །རྭ་གུར་གཉིས་ལས་འོད་འཕྲོས་པས་ས་གཞི་དང་མེ་རི་ཡང་བསྒོམ་མོ། །སྲུང་འཁོར་ཐུན་མོང་བ་འདི་དག་གི་ཚད་ཀྱང༌། མཚོ་སྐྱེས་ཀྱིས། ཇི་སྙེད་འདོད་པའི་ཞེས་རང་གི་བློ་ལ་ཇི་ལྟར་འཚམ་པ་ཙམ་བསྒོམ་པར་གསུངས་ལ། དག་པ་རྡོ་རྗེའི་སྒྲོན་མེར་ནི། རྡོ་རྗེའི་ས་གཞི་དབང་ཆེན་གྱི་ས་གཞི་ལ་ཐུག་གི་བར་དང༌། གཉིས་མེད་རྡོ་རྗེས། དམྱལ་བའི་ས་གཞིའི་བར་བསྒོམ་པར་གསུངས་སོ། །གཉིས་པ་ལ་གཉིས། སྲུང་འཁོར་ཐུན་མོང་མ་ཡིན་པའི་རྣམ་གཞག་སྤྱིར་བཤད། ཉམས་སུ་བླང་བའི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། བཤད་རྒྱུད་ལས་ཇི་ལྟར་གསུངས་ཚུལ། དེ་རྩ་རྒྱུད་ལ་སྦྱར་མི་སྦྱར་དཔྱད་པ། ཐུན་མོང་མ་ཡིན་པའི་སྲུང་འཁོར་གྱི་སྒྲ་དོན་ནོ། །དང་པོ་ལ། ཁྲོ་བོ་སོ་སོའི་མངོན་པར་རྟོགས་པ་དང༌། འཁོར་ལོ་ཡོངས་རྫོགས་ཀྱི་མངོན་རྟོགས་གཉིས་སུ་གུར་རྒྱན་ལས་བཤད་པས། དང་པོ་ནི། རྡོ་རྗེ་གུར་ལེའུ་བཞི་པར། གཤིན་རྗེའི་གཤེད་ཀྱིས་བུ་མོ་དགུག་པ། ཤེས་རབ་མཐར་བྱེད་ཀྱིས་བགེགས་བསལ་བ། པདྨ་མཐར་བྱེད་ཀྱིས་དུག་ཞི་བ། བགེགས་མཐར་བྱེད་ཀྱིས་བསྐྲད་ལས་བསྒྲུབ་པ། དབྱུག་སྔོན་ཅན་གྱིས་བསད་ལས་བསྒྲུབ་པ། སྟོབས་པོ་ཆེས་ཀླུའི་གདོན་ཞི་བ། མི་གཡོ་བས་འགུགས་པའི་ལས་བྱ་བ། གནོད་མཛེས་ཀྱིས་གནོད་སྦྱིན་མོ་དབང་དུ་བྱ་བ། འདོད་རྒྱལ་གྱིས་བརྒྱ་བྱིན་སོགས་འགུགས་པའི་ལས་བྱེད་པ། གཙུག་ཏོར་འཁོར་ལོས་སྒྱུར་བས་ཕྱིར་བཟློག་པའི་ལས་བསྒྲུབ་པ་སྟེ། དེ་རྣམས་ཀྱི་ལས་སྦྱོར་དང༌། སྔགས་དང༌། ལས་སོ་སོའི་ཕན་ཡོན་རྣམས་གསུངས་ལ། འདིའི་དོན་གུར་རྒྱན་ལས་འདི་ལྟར་བཤད་དོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་མ་གཏོགས་པའི་ཁྲོ་བོ་གཞན་དགུ་པོའི་ལས་བསྒྲུབ་ན། ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་ཐུན་མོང་གི་སྲུང་འཁོར་གྱི་ནང་དུ། པད་ཉིའི་སྟེང་དུ་ས་བོན་ཙམ་མམ། ཆོ་ག་གསུམ་ལས་ཁྲོ་བོ་སོ་སོའི་སྐུར་བསྐྱེད། མིག་དང་སྐུ་སོགས་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག དབང་བསྐུར། རིགས་བདག་གིས་རྒྱས་བཏབ་ནས། སོ་སོའི་སྔགས་ཀྱི་བསྙེན་པ་སྔོན་དུ་སོང་ནས། རང་རང་གི་ལས་རྣམས་རྒྱུད་ནས་བཤད་པ་བཞིན་བསྒྲུབས་པས་ཐོགས་པ་མེད་པར་འགྲུབ་པར་བཤད་ལ། གཙུག་ཏོར་འཁོར་ལོས་སྒྱུར་བ་ནི། འཁོར་ལོ་ཡོངས་རྫོགས་ཀྱི་མངོན་རྟོགས་གཙོ་ཆེ་མོད། དཔའ་བོ་གཅིག་པར་བྱེད་ན། སྲུང་འཁོར་ཐུན་མོང་བའི་ནང་དུ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར། གཙུག་ཏོར་འཁོར་ལོས་སྒྱུར་བ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། གོང་འོག་གི་ཆོ་ག་རྣམས་སྔ་མ་བཞིན་བྱས་ནས། ཕྱིར་བཟློག་གི་ལས་སྒྲུབ་པ་སྟེ། དེ་ལྟར་ན་ལྷ་རྐྱང་པའི་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་བཅུ་བཤད་དོ། །གཉིས་པ་འཁོར་ལོ་ཡོངས་སུ་རྫོགས་པའི་མངོན་རྟོགས་ནི། ལེའུ་བཅུ་གཉིས་པར། བདག་མེད་མའི་མངོན་རྟོགས་ཀྱི་སྔོན་འགྲོར། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཧཱུྃ་ནི་བཅུ་ཡི་སྦྱོར་བ་ཡིས། །ཁྲོ་བོ་བཅུ་ནི་རིམ་པས་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་མཐར་བྱེད་བགེགས་མཐར་བྱེད། །ཊཀྐི་ཁྲོ་བོ་དབྱུག་པ་སྔོན། །མི་གཡོ་བ་དང་སྟོབས་ཆེན་དང༌། །གཙུག་ཏོར་གདུགས་ནི་དཀར་པོ་དང༌། །རྡོ་རྗེ་ཞབས་འོག་གནས་པ་ནི། །བདུད་རྩིའི་སྦྱོར་བས་ཐམས་ཅད་དུ། །ཁྲོ་བོའི་བསྒོམ་པས་བསྒོམ་པར་བྱ། །དཔག་ཚད་བརྒྱར་ནི་ཁྱབ་པ་རུ། །བསམས་ནས་བགེགས་ནི་བསྐྲད་པར་བྱ། །ཞེས་ཁྲོ་བོ་བཅུའི་མཚན་ཙམ་ཞིག་ལས་མ་གསུངས་པ་ལ། ལེའུ་བཅུ་བཞི་པར། ཁྲོ་བོ་བཅུའི་ཕྱག་མཚན། སྐུ་མདོག རིགས་བདག གདན། སྲུང་འཁོར་གྱི་ཚད་རྣམས་གསུངས་ཏེ། ལེའུ་འདི་གཉིས་ཕྱོགས་གཅིག་ཏུ་བྱས་ནས་འཁོར་ལོ་ཡོངས་རྫོགས་ཀྱི་མངོན་རྟོགས་སུ་གུར་རྒྱན་ལས་བཤད་པས། དེ་ལྟར་ན་སྔོན་འགྲོ་ཚོགས་གཉིས་བསག་པ་དང༌། རྭ་གུར་གྱི་དབུས་སུ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། སྟེང་དུ་ཧཱུྃ་མཛད་བསྒོམ་པ་ཁ་བསྐང༌། ཕྱོགས་མཚམས་བརྒྱད་སྟེང་འོག་དང་བཅས་པར་ཁྲོ་བོ་གཞན་ཏེ། ཐམས་ཅད་ཀྱང་ས་བོན་ཙམ་ལས་བསྐྱེད། མིག་སོགས་བྱིན་གྱིས་བརླབ་སྙིང་གར་རྡོ་རྗེའི་ལྟེ་བར་བསྲུང་བྱའི་མིང་སྦས་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། དབང་བསྐུར་ལ་རིགས་བདག་གིས་རྒྱས་གདབ་བོ། །དེ་ནས་སྔགས་བཟླ་བ་དང་བསྟུན་ལ། འཁོར་ལོ་གཡོན་དུ་འཁོར་བས་གནོད་བྱེད་རྣམས་བཏུལ་བ་དང༌། ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས་ནས་གནོད་པ་ཐམས་ཅད་བཟློག་པར་བསམས་ཤིང་སྔགས་བཟླས་སོ། །དེ་ནས་གོ་གྱོན་པ་སོགས་མཚན་མ་བཟང་པོ་བྱུང་ན། བྲིས་པས་ཕྱིར་བཟློག་པའི་ལས་སྦྱོར་བྱའོ། །དེ་བཞིན་དུ་གཤིན་རྗེའི་གཤེད་དམ། རྟ་མགྲིན་ལ་སོགས་པ་གང་མོས་པ་དབུས་སུ་བསྐྱེད་ལ། དེའི་ཤུལ་དུ་ཧཱུྃ་མཛད་བསྒོམ་ཞིང༌། འཁོར་ལོའི་དབུས་ན་ཁྲོ་བོ་གང་ཡོད་ཀྱི་སྔགས་བཟླས་ལ། སྔར་བཤད་པ་ལྟར་གྱི་སོ་སོའི་ལས་སྦྱོར་རྣམས་ཉམས་སུ་བླང་ངོ༌། །ཧཱུྃ་མཛད་དབུས་སུ་བཞུགས་པའི་མངོན་རྟོགས་ནི། གཙུག་ཏོར་འཁོར་སྒྱུར་སྟེང་དུ་བསྒོམ་ཞིང་འཁོར་ལོ་གཡས་སུ་འཁོར་བ་ལ་བརྟེན་ནས་སྔགས་མི་ཟློས་པར་སྲུང་བ་འབའ་ཞིག་བྱ་སྟེ། དེ་ལྟར་ན་འཁོར་ལོའི་མངོན་རྟོགས་བཅུ་གཅིག་གོ །གང་ལྟར་ཡང་རུང་སྟེ། མངོན་པར་རྟོགས་པ་གཞན་དང་འབྲེལ་ན། གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལྟོ་བའམ། ཧཱུྃ་མཛད་སོགས་ཞུ་བ་ལས་ཆོས་འབྱུང་དུ་གྱུར་པའི་ནང་དུ་གཞལ་ཡས་ཁང་བསམ་པ་ནས་བརྩམས་ཏེ། མངོན་པར་རྟོགས་པ་བསྒོམ་པར་བྱའོ། །ཞེས་གུར་རྒྱན་དུ་བཤད་ཅིང༌། ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་གྱི་སྒྲུབ་ཐབས་ལས། འདི་ནི་སྲུང་བའི་འཁོར་ལོའི་གཙོ་བོ་གང་འདོད་པས་སྲུང་བའི་འཁོར་ལོའི་གཙོ་བོ་བྱ་བའོ། །ཞེས་པ་དང་མཐུན་ནོ། །གཉིས་པ་ནི། སློབ་དཔོན་ཛ་ལནྡྷ་རི་པ་དང་གཉིས་མེད་རྡོ་རྗེས་གུར་ནས་གསུངས་པའི་སྲུང་འཁོར་འདི། རྩ་རྒྱུད་ཀྱི་ཀྱེ་རྡོ་རྗེའི་མངོན་རྟོགས་ལ་སྦྱར་ནས་ཐུན་མོང་མ་ཡིན་པའི་སྲུང་འཁོར་དུ་བཞེད་ལ། རིན་ཆེན་འབར་བར་ཡང༌། རྭ་བ་བླ་རེ་གུར་ནང་དུ། །ཁྲོ་བོ་བཅུས་ཀྱང་བསྲུང་བར་བྱ། །ཞེས་ཟུར་ཙམ་ཞིག་བཤད་ལ། རྗེ་བཙུན་གྱིས་ཡན་ལག་དྲུག་པར་ཡང་སྤྲོ་ན་བསྒོམ་པར་གསུངས་སོ། །སློབ་དཔོན་ཤཱནྟི་པ་ལ་སོགས་པའི་རྒྱ་གར་བའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་གཞན་ཐམས་ཅད་ནས་མ་བཤད་ཅིང༌། རྗེ་བཙུན་རྩེ་མོས་ཡན་ལག་བཞི་པ་དང༌། མཚོ་སྐྱེས་ཀྱི་འགྲེལ་པར་ཡང་མ་གསུངས་སོ། །དེས་ན་སྲུང་འཁོར་བྱེད་མི་བྱེད་གཉིས་ལས། གུར་ནས་གསུངས་པའི་དཀྱིལ་འཁོར་རྣམས་ལ་ནི་མ་བྱས་ན་ཆོ་ག་ཉམས་པར་འགྱུར་བས་ངེས་པར་བྱ་དགོས་ལ། རྩ་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ལ་ནི། མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་མེད་ལ། བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བ་ཙམ་མོ། །སྲུང་འཁོར་བྱེད་ན་གཉིས་མེད་རྡོ་རྗེ་སོགས་ཀྱི་གུར་གྱི་རྗེས་སུ་འབྲང་བ་ཉིད་ཤིན་ཏུ་ལེགས་ལ། སློབ་དཔོན་ཨ་བྷ་ཡས། ཕྱག་བཅུ་དྲུག་པ་ལ་སླར་ཡང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡང་ཡོད་དོ། །ཞེས་པ་ནི་ཕྱོགས་གཉིས་པའོ། །ཞེས་ཀྱེ་རྡོར་ལ་འཇམ་རྡོར་གྱི་སྲུང་འཁོར་སྒོམ་པའི་གཞན་ལུགས་དང༌། མཁའ་འགྲོ་ལྔའི་དཀྱིལ་འཁོར་ལ་རྡོ་རྗེའི་ས་གཞི་ལ་སོགས་པ་ནས་བཟུང་ནས་གཞལ་ཡས་ཁང་གི་བར་དུ་སྔར་གྱི་འཇམ་དཔའི་རྡོ་རྗེའི་དཀྱིལ་འཁོར་བཞིན་དུ་ཤེས་པར་བྱའོ། །ཞེས་གུར་རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་འཇམ་རྡོར་གྱི་སྲུང་འཁོར་བྱེད་པའི་རང་ལུགས་ཀྱང་གསུངས་མོད། སྐབས་འདིར་པཎྜི་ཏ་ཅུང་ཟད་ཐུགས་མཉམ་པར་མ་བཞག་པ་ཡིན་ཏེ། གུར་ལེའུ་བཅུ་གཉིས་པར། བདག་མེད་མའི་མངོན་རྟོགས་ཀྱི་སྔོན་འགྲོར། ཁྲོ་བཅུའི་སྲུང་འཁོར་གསུངས་ཤིང༌། ལེའུ་བཅུ་བཞི་པར། ཁྲོ་བོ་བཅུ་རྣམས་རབ་བསྒོམ་བྱ། །ཡེ་ཤེས་རྡོ་རྗེ་རང་དབུས་སུ། །བཅུ་ཕྱེད་དཀྱིལ་འཁོར་བདག་ཉིད་དེ། །བདུད་རྣམས་ཞབས་ཀྱི་འོག་བསམས་ནས། །དཀྱིལ་འཁོར་ལྔ་པོ་བསྒོམ་པར་བྱ། །ཞེས་རིགས་བསྡུས་ཀྱི་དཀྱིལ་འཁོར་ཁྲོ་བཅུའི་དབུས་སུ་བསྒོམ་པར་བཤད་པས། རང་གི་རྒྱུད་ནས་བཤད་པའི་སྲུང་འཁོར་བོར་ནས། རྒྱུད་གཞན་གྱི་སྲུང་འཁོར་བསྒོམ་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་དང༌། རྩ་རྒྱུད་ཀྱེ་རྡོ་རྗེར་ཡང༌། རང་གི་བཤད་རྒྱུད་ཀྱི་སྲུང་འཁོར་སྤངས་ནས། འཇམ་རྡོར་གྱི་སྲུང་འཁོར་བྱེད་པ་སྐབས་སུ་མ་བབ་པའི་ཕྱིར་མི་འཐད་པ་ཡིན་ནོ། །གསུམ་པ་ནི། སློབ་དཔོན་ཁ་ཅིག་གིས་ཁྲོ་བོ་བཅུའི་སྲུང་འཁོར་ལ་རྩིབས་བཅུ་པའི་སྲུང་བའི་འཁོར་ལོ་ཞེས་པ་ཙམ་ལས། ཐུན་མོང་མ་ཡིན་པའི་སྲུང་འཁོར་ཞེས་པའི་ཐ་སྙད་མི་སྣང་ངོ་སྙམ་ན་དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས། ཐུན་མོང་མ་ཡིན་པའི་སྲུང་འཁོར་ཞེས་ཐ་སྙད་མཛད་པ་ནི། གུར་ལས། དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། །ཐམས་ཅད་དབུགས་དབྱུང་རབ་རྩོལ་བས། །དམ་ཚིག་རྡོ་རྗེ་བསྲུང་དོན་དུ། །སྦས་པའི་སྤྱོད་ཡུལ་འདི་གསུངས་པ། །ཞེས་ཁྲོ་བཅུའི་སྲུང་འཁོར་ནི་སྦས་ཏེ་གསུངས་པར་བཤད་ལ། གང་དུ་སྦས་ན། ཀྱེ་རྡོར་རྩ་བའི་རྒྱུད་དུ་སྦས་པའོ། །དེས་ན་རྩ་རྒྱུད་དུ་གསུངས་པའི་རྭ་གུར་སོགས་ལ་ཐུན་མོང་བ་དང༌། བཤད་རྒྱུད་དུ་གསུངས་པའི་ཁྲོ་བོ་བཅུ་ལ་ཐུན་མོང་མ་ཡིན་པར་འཇོག་པ་ཡིན་གྱི། རྭ་གུར་སོགས། བླ་མེད་ཀྱི་མངོན་རྟོགས་ཕལ་མོ་ཆེ་ལས་འབྱུང་བས་ཐུན་མོང་བ་དང༌། ཁྲོ་བཅུ་ཀྱེ་རྡོ་རྗེ་ཁོ་ན་ལས་འབྱུང་བས་ཐུན་མོང་མ་ཡིན་པར་འདོད་པ་ནི་དུས་འཁོར་དང་གསང་འདུས་སོགས་ལའང་ཁྲོ་བཅུའི་སྲུང་འཁོར་ཡོད་པས་དེར་མ་ངེས་སོ། །གཉིས་པ་ལ་གཉིས། སློབ་དཔོན་གཞན་གྱི་ལུགས་བཤད་པ་དང༌། དཔལ་བིརྺ་པ་ཡབ་སྲས་ཀྱི་ལུགས་བཤད་པའོ། །དང་པོ་ལ་གསུམ། ཛ་ལན་དྷ་རི་པའི་ལུགས། གཉིས་མེད་རྡོ་རྗེའི། ལྷའི་རིགས་ཀྱི་བློ་གྲོས་ཀྱི་ལུགས་སོ། །དང་པོ་ནི་སློབ་དཔོན་དེས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་དག་པ་རྡོ་རྗེའི་སྒྲོན་མེར་སྲུང་འཁོར་ཐུན་མོང་མ་ཡིན་པ་སྔོན་ལ་བསྒོམས་ནས། ཐུན་མོང་བ་རྗེས་ལ་བསྒོམ་པའི་ཚུལ་གསུངས་ཏེ། དེ་ཡང༌། སྔར་ལྟར་བསོད་ནམས་ཀྱི་ཚོགས་བསགས་པའི་རྗེས་ལ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་པས། ཡེ་ཤེས་སྣང་བ་རྡོ་རྗེའི་ཏིང་འཛིན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས་སྐད་ཅིག་གིས་གཞལ་ཡས་ཁང་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་དང་རོའི་གདན་གྱི་སྟེང་དུ། བ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་ཞི་བ་ཆེན་པོའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང༌། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་འཛུམ་བག་དང་ལྡན་ཞིང་རལ་པའི་ཅོད་པཎ་ཅན། སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སོ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པར་བསམ་མོ། །དེའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ལྟེ་བར་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཞེ་སྡང་རྡོ་རྗེའི་གོ་འཕང་ལ་བཀོད། ཧཱུྃ་གི་རྣམ་པར་བྱས་ནས་ཚུར་འདུས་ཏེ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའི་གཟུགས་ཡོངས་སུ་གྱུར་ནས། བདག་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་ནག་པོ། ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པར་བསྒོམ་མོ། །དེ་དག་ཀྱང་རྩ་རྒྱུད་ལས། ཨ་ཕྲེང་ཀ་ཕྲེང་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་གདན་ཡིན་ཏེ། །ཡི་གེ་ལས་བྱུང་གོང་བུ་ཡི། །ཧཱུྃ་ཕཊ་ཡི་གེ་མི་འདོད་དོ། །སྔ་མ་བཞིན་དུ་ཞལ་དང་ཕྱག །ཟླ་བ་མཛེས་པ་ནོར་བུའི་འོད། །སེམས་དཔའི་སྐུ་ལས་ཡང་དག་བྱུང༌། །དཀྱིལ་འཁོར་དབང་ཕྱུག་རྣམ་པར་བསྒོམ། །ཞེས་པའི་དོན་དུ་སློབ་དཔོན་འདིས་བཞེད་དེ། དེ་ལ་རྐང་པ་དང་པོ་གཉིས་ནི་དེ་ཉིད་ལས། གང་གི་ཕྱིར། ཨཱ་ལི་དང་ཀཱ་ལི་དག་གིས་མཉམ་པར་སྦྱོར་བ། རང་བཞིན་མེད་པའི་གོ་འཕང་མཆོག །ཅེས་པ་ནི། རོ་ཞེས་པའི་དོན་ཏེ། རྡོ་རྗེ་སེམས་དཔའི་གདན་ནོ། །ཞེས་གདན་རོ་བསྒོམ་པ་བསྟན་པར་བཤད་ལ། དེ་ནས་རྐང་པ་གཉིས་ཀྱིས་ས་བོན་ལས་བྱུང་བའི་ཕྱག་མཚན་ལ་ཧཱུྃ་ཕཊ་ཀྱིས་མཚན་པ་ལས། ལྷ་འདི་མི་བསྐྱེད་པར་བསྟན། དེ་ནས་རྐང་པ་གཉིས་ཀྱིས་སྔ་མ་སྲུང་འཁོར་སྒོམ་མཁན་གྱི་ལུས་ཞལ་གཅིག་ཕྱག་གཉིས་པ་ཡིན་པ་བཞིན་དུ། འདིར་ཡང་ཞལ་གཅིག་ཕྱག་གཉིས་པར་བསམ་སྟེ། འོན་ཀྱང་ཁ་དོག་དཀར་པོ་ཞེས་པའི་དོན་ཡིན་ཏེ། དེ་ཉིད་ལས། འདིས་ནི་མི་གཙང་བའི་ལུས་དོར་ནས། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་བརྩམ་པ་སྟེ། སྐད་ཅིག་གིས་སངས་རྒྱས་ཀྱི་གཞལ་ཡས་ཁང་གི་དབུས་སུ། བའི་ཡི་གེས་གསལ་བར་བྱས་ལ། སྔོན་བཞིན་དུ་ཞལ་དང་ཕྱག་ལ་སོགས་པ་རྣམས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ཞེས་བཤད་པའི་ཕྱིར་རོ། །དེ་ནས་རྐང་པ་གཉིས་ཀྱིས་རྡོར་སེམས་ཡོངས་སུ་གྱུར་པ་ལས། ཞེ་སྡང་རྡོ་རྗེ་སྒོམ་པ་བསྟན་ཏེ། འདིར་ཞལ་བརྒྱད་པ་བསྒོམ་པ་ནི། དངོས་གཞིའི་སྐབས་སུའང་དེ་ཉིད་བསྒོམ་པའི་དབང་དུ་བྱས་པ་ཡིན་པ། མངོན་རྟོགས་དངོས་གཞིའི་སྐབས་སུ། ཧེ་རུ་ཀ་གཞན་གསུམ་པོ་བསྒོམ་ན། གང་བསྒོམས་པ་དེ་འདིར་ཡང༌། གཙོ་བོར་བྱ་སྟེ། དེ་ཉིད་ལས། ཇི་ལྟར་ཉ་བར་གདམས་པ་ལས། ཞལ་བརྒྱད་པ་ལ་སོགས་པ་འདོད་པའི་ལྷའི་རྣམ་པ་གསུམ་གྱི་གཟུགས་བརྙན་མི་བཟད་པ་ཆེན་པོ་འདི་ལྟ་བུའི་མངའ་བདག་བསྒོམ་པར་བྱ་སྟེ། ཞེས་བཤད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སོགས་བསྐྱེད་ནས་ཞེ་སྡང་རྡོ་རྗེར་བཤད་པ་ནི་རྩ་རྒྱུད་ལས། རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་ནི། །ཁ་དོག་ནག་པོ་མི་བཟད་ཆེ། །རྡོ་རྗེ་ལྟེ་བའི་དབུས་གནས་པ། །ཧཱུྃ་གི་དེ་ཉིད་སླར་ཡང་བསྒོམ། །ཧཱུྃ་ཡིག་ཡོངས་སུ་གྱུར་པའི་སྒྲས། །ཞེ་སྡང་རྡོ་རྗེའི་བདག་ཉིད་བསམ། །ཞེས་པའི་དོན་དུ་བཤད་དོ། །དེ་ལྟར་གཙོ་བོ་བསྐྱེད་ནས། དེའི་རྗེས་སུ་རང་གི་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པར་པདྨ་དང་ཉི་མའི་གདན་རེ་རེ་བསམ། ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས་ཧཱུྃ་ལས་བྱུང་བའི་ཁྲོ་བོ་བཅུ་རེ་རེ་སྤྲོས་ནས། སྔར་གྱི་གདན་རྣམས་ཀྱི་སྟེང་དུ་འཁོད་པར་བསམས་ཏེ། གཞུང་དེ་ཉིད་ལས། དེ་ལྟར་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་གྱིས་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་རིམ་པ་ཇི་ལྟ་བས་ཁྲོ་བོའི་ཚོགས་སྤྲོ་བར་བྱ་སྟེ། ཧཱུྃ་གི་ཡི་གེ་ལས་ཡོངས་སུ་གྱུར་ཅིང༌། ཐམས་ཅད་འོད་ཟེར་ཆེན་པོ་འབར་བས་འཁྲུགས་པ་རྣམས་དབྱུང་སྟེ། དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ། གཤིན་རྗེ་མཐར་བྱེད་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་རྣམས་རིམ་པ་ཇི་ལྟ་བ་བཞིན་བསམ་སྟེ། ནག་པོ་དང༌། དཀར་པོ་དང༌། དམར་པོ་དང༌། སྔོན་པོ་རྣམས་སོ། །རྡོ་རྗེའི་ཐོ་བ་དང༌། རྡོ་རྗེའི་དབྱུག་པ་དཀར་པོ་དང༌། རྡོ་རྗེའི་ཆུ་སྐྱེས་དམར་པོ་དང༌། ཁ་གྱེས་པའི་རྡོ་རྗེ་བསྣམས་པ་རྣམས་ཏེ། ཐུང་ཞིང་གསུས་པ་འཕྱང་བ་རྣམས། རྣམ་པར་སྣང་མཛད་དང༌། རིན་ཆེན་དབང་པོ་དང༌། རྡོ་རྗེ་ཆོས་དང༌། མི་བསྐྱོད་པས་མགོ་བོ་རྣམས་མཚན་པའོ། །དེ་ནས་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ། མི་གཡོ་བ་དང༌། འདོད་པའི་རྒྱལ་པོ་དང༌། དབྱུག་པ་སྔོན་པོ་དང༌། སྟོབས་པོ་ཆེ་རྣམས་ནི། ནག་པོ་ཆེན་པོ་རལ་གྲི་དང༌། ལྕགས་ཀྱུ་དང༌། དབྱུག་པ་དང༌། མདུང་རྩེ་གསུམ་པ་བསྣམས་པའོ། །འདོད་པ་དང་མི་གཡོ་བ་དག་ནི་རོལ་ཞིང་ལྷའི་རྒྱན་གྱིས་བརྒྱན་པའོ། །དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་དག་ནི། གཤིན་རྗེ་མཐར་བྱེད་ལྟར་རྣམ་པར་འགྱུར་བའོ། །དེའི་དབུས་སུ་བསམ་ཞིང༌། གཞན་ཡང་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ་འཁོར་ལོ་དཀར་པོ་བསྣམས་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ཐུང་ཞིང་གསུས་པ་འཕྱང་བའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་ཁ་དོག་ནག་པོ་གཏུན་ཤིང་བསྣམས་ཤིང་ལྟོ་བ་འཕྱང་བའོ། །འདོད་པ་ལ་སོགས་པ་བཞི་དང་གནོད་མཛེས་རྒྱལ་པོ་ནི་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོ་བཅུ་པོ་འདི་རྣམས་ནི་གཡོན་བརྐྱང་གི་ཞབས་རྣམས་ཏེ། གཡོན་ན་སྡིགས་མཛུབ་རྡོ་རྗེའི་ཞགས་པ་བསྣམས་པ་རྣམས། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་བལྟ་བར་བྱའོ། །དེ་ལྟར་རྗེས་སུ་རིམ་པ་ཇི་ལྟ་བས་འཐོན་ནས་ཁྲོ་བོ་རྣམས་རང་རང་གི་གནས་སུ་དེར་སོན་པ་རྣམས་དེ་ལྟར་རྣམ་པར་བསམས་ཏེ། མངོན་དུ་ཕྱོགས་པར་གྱུར་ནས་གནས་ཏེ། ཞེས་བཤད་པ་ལྟར་འཁོར་རྣམས་བསྐྱེད་དོ། །དེ་ནས་འཁོར་གྱི་ཁྲོ་བོ་རྣམས་ཀྱིས་ཐལ་མོ་སྦྱར་ནས། རྐང་པ་བརྒྱད་པ་དང༌། སྙིང་པོ་དང༌། ཉེ་སྙིང་གི་སྔགས་རྣམས་ཀྱིས་བསྟོད་ནས། བདག་ཅག་རྣམས་ཀྱིས་ལས་ཅི་དང་ཅི་བགྱི། ཞེས་གསོལ་བས། གཙོ་བོའི་ཞལ་ནས་ཨོཾ་སུམྦྷ་ནི་སུམྦྷ་ཞེས་སོགས་ཀྱི་བཀའ་ལུང་བྱིན་པས། དེ་རྣམས་ཀྱིས་རང་གི་སྤྲུལ་པ་རང་གནས་སུ་བཞག་ནས་རང་ཉིད་སོང་ནས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བཅུ་པོ་རྣམས་ཀྱི་མགྲིན་པར་རྡོ་རྗེའི་ཞགས་པས་བཅིངས། རང་རང་གི་མཚོན་ཆས་སྐྲག་པར་བྱེད་བཞིན་པས། རང་རང་གི་སྤྲུལ་པ་རྣམས་ལ་གཏད་པར་བསམ། དེ་ནས་རང་གི་སྙིང་གའི་ས་བོན་ལས། སྟོད་ཁྲོ་བོ་བདུད་རྩི་འཁྱིལ་པ་སྨད་མདུང་གི་རྣམ་པ་ཅན། ཁ་དོག་ནག་པོ་བསྐལ་པ་འཇིག་པའི་མེ་ལྟར་བཟོད་པར་དཀའ་བ་བཅུ་སྤྲོས་ནས། ཁྲོ་བོ་རྣམས་ཀྱི་ཕྱག་གཡོན་པར་གཏད་པས། བགེགས་རྣམས་ཀྱི་སྤྱི་བོར་བཏབ་པར་བསམས་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚན་ཕཊ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི། སརྦ་དུཥྚན། བི་གྷྣཱ་ན། ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བརྗོད་དོ། །ཡང་གཡས་ཀྱི་ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་ཐོ་བར་གྱུར་ནས། དེ་དག་གིས་བརྡུངས་པས་སྤྱི་བོ་ནས་རྐང་པའི་བར་ཕུག་པར་བསམས་ལ། ཨོཾ་བཛྲ་མུངྒ། བཛྲ་ཀཱི་ལ་ཡ། ཨཱ་ཀོ་ཊ་ཡ། ཨཱ་ཀོ་ཊ་ཡ། ཧཱུྃ་ཧཱུྃ་ཕཊ། ཅེས་པས་བརྡུངས་པར་བསམ། དེ་ནས་རང་རང་གི་སྤྲུལ་པ་ལ་གཤིན་རྗེའི་གཤེད་ལ་སོགས་པ་རྣམས་ཞུགས་ལ། དེ་གཉིས་གཅིག་ཏུ་བྱེད་པའི་དུས་སུ། ཁྲོ་བོའི་མེས་ལོག་པར་འདྲེན་པ་འཁོར་དང་བཅས་པ་རྣམས་བསྲེགས་པར་བསྒོམ་མོ། །དེའི་རྗེས་སུ་སྲུང་འཁོར་ཐུན་མོང་བ་བསྒོམས་ནས། ཡེ་ཤེས་ཀྱི་ཚོགས་ཀྱི་སྔགས་ཀྱིས། སྲུང་འཁོར་སྟོང་པར་བསྒོམས་པའི་ངང་ལས། ཆོས་འབྱུང་བསྒོམ་པ་ལ་སོགས་པའི་མངོན་པར་རྟོགས་པ་བསྒོམ་པར་བཞེད་དོ། །འདི་ནི་བདེ་མཆོག་དང་གསང་འདུས་དང༌། དུས་འཁོར་ལ་སོགས་པ་བླ་མེད་གཞན་གྱི་སྲུང་འཁོར་དང་མཐུན་ཤས་ཆེ་བས་རྨད་དུ་བྱུང་བའི་སྲོལ་དུ་ཤེས་པར་བྱའོ། །གཉིས་པ་ནི། སློབ་དཔོན་གཉིས་མེད་རྡོ་རྗེའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ལས། སྲུང་འཁོར་ཐུན་མོང་བའི་དབུས་སུ། བྷྲཱུྃ་ལས་འཁོར་ལོ་བསྒོམ་སྟེ། དེ་ཉིད་ལས། བྷྲཱུྃ་ཞུ་བ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་པ་མྱུར་དུ་འཁོར་ཞིང་གཞན་དུ་མི་གཡོ་བའོ། །ཞེས་སོ། །དེའི་དོན། བ་རེག་པ་རྣམས་ཆུ་དང་ཤིང་གི་གྲིབ་མ་བཞིན། ཁྲོ་བོ་མི་འཁོར་ལ། འཁོར་ལོ་གཡས་ཕྱོགས་སུ་འཁོར་བ་ཡིན་གསུངས་སོ། །འཁོར་ལོའི་ལྟེ་བར་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་བསྒོམ། འདིར་པད་ཉི་ནི་ལྷའི་གདན་ཡིན་ལ། སྣ་ཚོགས་རྡོ་རྗེ་བསྒོམ་པ་ནི། གུར་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཧཱུྃ་ནི་བཅུ་ཡི་སྦྱོར་བ་ཡིས། །ཁྲོ་བོ་བཅུ་ནི་རིམ་པས་བཀོད། །ཅེས་པ་ལ་བརྟེན་པ་འདྲ་སྟེ། གཞུང་དེ་ནི། བོད་ཀྱི་བླ་མ་རྣམས་སྲུང་འཁོར་ཐུན་མོང་བ་སྤྲོ་བའི་གཞིའི་སྣ་ཚོགས་རྡོ་རྗེ་ལ་བཞེད་པ་ལྟར་དོན་ལ་གནས་སམ་སྙམ་སྟེ་དཔྱད་དོ། །ཉི་མའི་སྟེང་དུ་མངོན་བྱང་ལྔ་ལས་ཧཱུྃ་མཛད་བསྐྱེད་དེ། གཞུང་དུ་ཉི་ཟླ་ཁ་སྦྱར་བའི་བར་དུ་ཧཱུྃ་བལྟའོ། །ཞེས་པ་ཙམ་ལས་མ་གསུངས་ཀྱང༌། བ་རེག་པས་ཉི་ཟླ་གཉིས་དབྱངས་གསལ་ལས་བསྐྱེད་པའང་བྱས་པས། དེ་ལྟར་ན། ཨཱ་ལི་ལས་ཟླ་བ་མེ་ལོང་ལྟ་བུ། དེའི་སྟེང་དུ་ཀཱ་ལི་ལས་ཉི་མ་མཉམ་ཉིད། དེ་གཉིས་ཀྱི་བར་དུ་ཧཱུྃ་སྔོན་པོ་སོར་རྟོག དེ་རྣམས་རོ་གཅིག་ཏུ་འདྲེས་པ་བྱ་གྲུབ། དེ་ལས་ཧཱུྃ་མཛད་ཀྱི་སྐུར་གྱུར་པ་ཆོས་དབྱིངས་ཡེ་ཤེས་སུ་བསམས་ཏེ། རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་ཤེས་རབ་མ་ལ་འཁྱུད་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་དང༌། གཡོན་བསྐུམ་པས་དུས་མཚན་མནན་པ། རིན་པོ་ཆེའི་དབུ་རྒྱན་ཅན། ན་བཟའ་སྣ་ཚོགས་པས་བརྒྱན་པར་བསྒོམ་མོ། །དེ་ནས་འཁོར་བསྐྱེད་པ་ལ་གཞུང་དེར། ཡང་དག་པའི་སློབ་དཔོན་གྱི་མན་ངག་ལས། རྡོ་རྗེ་ཐོད་པའི་སྦྱོར་བས་ཁྲོ་བོ་བཅུ་བསྒོམ་པར་བྱའོ། །ཞེས་འབྱུང་ལ། དེའི་དོན། བ་རེག་པས། མངལ་འབྱིན་དུ་བྱས་པས། ཡབ་ཡུམ་གྱི་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པས། ཡུམ་གྱི་མཁར་ཐིག་ལེ་བཅུར་གྱུར་པ་རྣམས་ཁྲོ་བོ་བཅུར་གྱུར་པར་བསམས་ལ། ཡུམ་གྱི་མཁའ་ནས་ཕྱིར་སྤྲོས་ཏེ། འཁོར་ལོ་སོ་སོ་ལ་དགོད་པར་བསམ། དེ་ལ་ཕྱོགས་ཀྱི་ཁྲོ་བོ་བཞིའི་སྐུ་མདོག་དང་ཕྱག་མཚན་ནི། སྲུང་འཁོར་སྔ་མ་དང་འདྲ་ལ། ཤེས་རབ་མཐར་བྱེད་ཀྱི་རིགས་བདག་མི་བསྐྱོད་པ། བགེགས་མཐར་བྱེད་ལ་དོན་གྲུབ། མཚམས་བཞིའི་མེར་འདོད་རྒྱལ། བདེན་བྲལ་དུ་དབྱུག་སྔོན་ཅན། རླུང་དུ་སྟོབས་པོ་ཆེ། དབང་ལྡན་དུ་མི་གཡོ་བ། འོག་ཏུ་གནོད་མཛེས། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ། འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རིགས་བདག་རྣམས་སྲུང་འཁོར་སྔ་མ་དང་འདྲ་ལ། པད་ཉིའི་སྟེང་ན་གཡས་བརྐྱང་གིས་བཞུགས་ཤིང༌། ཕྱག་གཡོན་སྡིགས་མཛུབ་སྙིང་གར་བསྒྲེང་བས་སྦྲུལ་གྱི་ཞགས་པ་ཐོགས་པ། སྐད་ཅིག་གིས་བསྒོམས་ནས། དབུས་ཀྱི་ཧཱུྃ་མཛད་ཞུ་བ་ལས་ཆོས་ཀྱི་འབྱུང་གནས་བསྒོམ་པ་ལ་སོགས་པའི་མངོན་པར་རྟོགས་པ་བསྒོམ་པར་བཞེད་དོ། །གསུམ་པ་ནི། སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱི་གུར་གྱི་སྒྲུབ་ཐབས་ལས། རྭ་གུར་གྱི་ནང་དུ་འཁོར་ལོ་རྩིབས་བཅུ་པ་བསྒོམས་ནས། དེར་ཆོ་ག་གསུམ་གྱིས་ཁྲོ་བོ་རྣམས་བསྐྱེད་དེ། དེ་ཉིད་ལས། བྷྲཱུྃ་སེར་ལས་བྱུང་རྩིབས་བཅུ་ལྡན་པའི་འཁོར་ལོ་མི་གཡོ་ལྟ་བུར་འཁོར་བར་བྱས་ནས་ནི། །དེ་ལ་ཆུ་སྐྱེས་ཉི་མར་མཉམ་མེད་གཤིན་རྗེ་མཐར་བྱེད་ལ་སོགས་ཧཱུྃ་དང་མཚན་མས་བསྐྱེད། །ཅེས་སོ། །དེ་ལ་འཁོར་ལོའི་དབུས་སུ་ཧཱུྃ་དང་རྡོ་རྗེ་ལས་ཧཱུྃ་མཛད་སྐུ་མདོག་སྔོན་པོ་ཕྱག་གཉིས་ཀྱིས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མཛད་པ། གཡོན་བརྐྱང་གི་སྟབས་ཀྱིས་དབང་ཕྱུག་དང་ཨུ་མའི་གདན་ལ་བཞུགས་པ། མི་བསྐྱོད་པའི་ཅོད་པཎ་ཅན་དུ་བསམ། ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན། རིགས་བདག་རྒྱན་ཆ་ལུགས་བཞུགས་ཚུལ་རྣམས་གཉིས་མེད་རྡོ་རྗེའི་ལུགས་དང་ཇི་ལྟ་བ་བཞིན་འདྲ་ལ། སྒྲུབ་ཐབས་འདིར་ཤེས་རབ་མཐར་བྱེད་སེར་པོར་བཤད་པ་ནི། སི་ཏཱ་དཀར་པོ་དང༌། པི་ཏཱ་སེར་པོ་ལ་འཇུག་པ་ལ། ཡི་གེ་མ་ཕྱེད་པར་བསྒྱུར་བ་ཡིན་གྱི་འགྲེལ་པར་དཀར་པོར་བཤད་པས་དོན་དཀར་པོ་ཡིན་ནོ། །དེ་ལྟར་ཁྲོ་བོ་རྣམས་དབུ་རྒྱན་རང་ཆས་སུ་སྐད་ཅིག་གིས་བསྐྱེད་ནས། དབུས་ཀྱི་ཧཱུྃ་མཛད་ཞུ་བ་ལས་བྱུང་བའི་ཆོས་འབྱུང་དུ་བསམས་ནས་མངོན་པར་རྟོགས་པ་རྣམས་བསྒོམ་པར་བཞེད་དོ། །ཕྱོགས་འདི་གསུམ་ག་ཡང༌། རྡོ་རྗེ་གུར་གྱི་རྒྱུད་ལ་བརྟེན་པའི་སྲུང་འཁོར་དུ་སྣང་བས་འདིར་བཤད་ལ། རྡོ་རྗེ་སྙིང་འགྲེལ་དུ། སྲུང་འཁོར་གྱི་རྣམ་གཞག་གཞན་གསུངས་པ་ནི། རྒྱུད་གཞན་ལ་བརྟེན་པ་ཡིན་གྱི། གུར་དང་མི་མཐུན་པ་ཤིན་ཏུ་ཆེ་བས་འདིར་མ་བྲིས་སོ། །གཉིས་པ་ནི། དཔལ་བིརྺ་པའི་གདམས་ངག་གྲུབ་ཆེན་ཌོམྦྷི་པས་བྲིས་པར་གྱུར་པའི་དེ་ཉིད་བཅུ་པར། སྲུང་བ་དང༌། ཕྱིར་བཟློག་གི་དེ་ཉིད་གཉིས་གསུངས་ལ། དེ་བཞིན་དུ་རྗེ་ས་ཆེན་གྱིས་ཀྱང༌། རང་བསྲུང་བ་དང་གནོད་པ་ཕྱིར་བཟློག་པ་གཉིས་སུ་གསུངས་པ་ཤིན་ཏུ་ལེགས་པས། དེ་ལྟར་དུ་བཤད་ན་གཉིས་ཀྱི། དང་པོ་རང་བསྲུང་བ་ལ་གཉིས་རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པའོ། །དང་པོ་ནི་ཐུན་མོང་གི་སྲུང་འཁོར་གྱི་དབུས་སུ། པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པར་བསྒོམས་ཏེ། ཌོམྦྷི་པས། ཡི་གེ་པཾ་སེར་པོའི་ས་བོན་ལས་བྱུང་བའི་སྣ་ཚོགས་པདྨ་དང༌། ཡི་གེ་རཾ་ལས་སྐྱེས་པའི་ཉི་མ་ལ་གནས་པའི་ས་བོན་བྷྲཱུྃ་སེར་པོ་དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའོ། །ཞེས་སོ། །འདིའི་དཔེ་ཁ་ཅིག་ལས་ཉི་མའི་ས་བོན་ཨཾ་དང༌། འཁོར་ལོའི་ས་བོན་ཧཱུྃ་དུ་བཤད་པ་ནི། དཔེ་མ་དག་པ་འདྲའོ། །མི་ཐུབ་ཟླ་བས། དེར་ནི་བྷྲཱུྃ་ཡིག་ལས་བྱུང་བའི། །སྲུང་བའི་འཁོར་ལོ་བསམ་པར་བྱ། །འཁོར་ཞིང་རབ་ཏུ་མི་གཡོ་བ། །འཇིག་པའི་དུས་ཀྱི་མེ་དང་མཚུངས། །ཞེས་བཤད་དོ། །དེ་ལ་འཁོར་ལོའི་དབྱིབས་ནི། རྗེ་ས་ཆེན་གྱིས་རྩེ་མོ་རྣོ་བ། ཁོག་པ་སྟོང་པ། ཡངས་ཤིང་རྒྱ་ཆེ་བ་ཅིག་བསྒོམ། ཞེས་གསུངས་པའི་དོན། རྩིབས་བཅུ་ནི་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ཡིན་ཏེ། ནཱ་རོ་པའི་ཞལ་གྱི་ལུང་སྦྱོར་ལས། ཕྱིར་བཟློག་འཁོར་ལོ་ལྟ་བུ་ཡི། །འཁོར་ལོ་རྩིབས་བཅུ་རྒྱ་ཆེ་ཞིང༌། །ཁོངས་སྟོང་མི་གཡོ་འཁོར་བར་བསྒོམ། །ཞེས་སོ། །རྩེ་མོ་རྣོ་བ་ནི། འདིར་མཚོན་ཆ་འཁོར་ལོ་ཡིན་པས། རལ་གྲི་སོ་གཉིས་པའི་རྩེ་མོ་ལྟར། ཤིན་ཏུ་རྣོ་བར་བསྒོམ་པའོ། །ཁོག་པ་སྟོང་པའི་དོན། མན་ངག་སྙེ་མར་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར། དབུས་ཀྱི་བར་སྟོང་པར་གནས་པའི་སར། ཞེས་ལྟེ་བ་སྦུབས་ཅན་དུ་བཤད་ལ། དེར་དབུས་ཀྱི་ཁྲོ་བོ་བསྐྱེད་པའི་དོན་ཡིན་ནོ། །དེ་བཞིན་དུ་རྩིབས་གཞན་བཅུ་ཡང་སྦུབས་ཅན་ཡིན་ཏེ། ལྷ་རྣམས་འཁོར་ལོའི་ནང་དུ་བསྐྱེད་པར་བཤད་པའི་ཕྱིར་རོ། །གལ་ཏེ་ནང་དུ་ཞེས་པ་ཙམ་གྱིས་འཁོར་ལོ་ཁོངས་སྟོང་དུ་མི་འགྲུབ་སྟེ། སྦྱོང་རྒྱུད་ལས། རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །ཞེས་འབྱུང་བ་ལྟར་རོ། །ཞེས་ཟེར་རོ། །དེ་ནི་མི་འཐད་དེ། གཞུང་དེ་ནི། ཆོས་ཀྱི་འཁོར་ལོ་འཆད་པའི་སྐབས་ཡིན་ཏེ། སྦྱོང་རྒྱུད་ལས། ཆོས་ཀྱི་འཁོར་ལོ་འདྲ་བ་ལ། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །ཅེས་འབྱུང་བའི་ཕྱིར་རོ། །འདིར་ནི་མཚོན་ཆ་འཁོར་ལོ་ཡིན་པས། དེ་གཉིས་རྣམ་པ་ཐམས་ཅད་དུ་མི་འདྲ་བའི་ཕྱིར་རོ། །དེས་ན་འཁོར་ལོ་རྩིབས་དང་བཅས་པ་ཐམས་ཅད་ཀྱི་ནང་སྟོང་པ་ཡིན་པས། དེར་ལྷ་རྣམས་བསྒོམ་མོ། །སྔར་གྱི་ལུང་ལས་འཁོར་ལོ་འཁོར་བར་བཤད་པས། ལྷ་ཡང་འཁོར་བར་འགྱུར་བའི་སྐྱོན་ཡོད་དོ་སྙམ་ན། འཁོར་ཞིང་རབ་ཏུ་མི་གཡོ་བ། །ཞེས་པའི་མི་གཡོ་བའི་དོན་ལྷ་མི་འཁོར་བ་ཡིན་པས། འཁོར་ལོའི་རྩིབས་སོ་སོའི་ནང་གི་བར་སྣང་ལ་གདན་རྣམས་བསྒོམ་སྟེ། རྗེ་ས་ཆེན་གྱིས། འཁོར་ལོའི་ལྟེ་བའི་མུ་ཁྱུད་ཀྱི་སྟེང་དུ། ནས་རེས་མ་རེག་པར་པདྨ་དང༌། ཉི་མ་བཅུ་བསམ། དེ་ལ་ཤར་གྱི་རྩིབས་ཀྱི་ནང་དུ། ཞེས་བཤད་པ། འཁོར་ལོའི་རྒྱ་གང་ཡིན་པ་ཆ་གསུམ་དུ་བགོས་པའི་ཆ་གཅིག་དབུས་ཀྱི་ལྟེ་བ། ཆ་གཅིག་གཡས་ཀྱི་རྩིབས། ཆ་གཅིག་གཡོན་གྱི་རྩིབས་སུ་བྱས་ལ། སྟེང་འོག་གཉིས་དབུས་དང་མཉམ་པོར་གྱུར་པའི་གཡས་གཡོན་གྱི་རྩིབས་རྣམས་རྩ་བ་ནས་རྩེ་མོའི་བར་རིམ་གྱིས་ཕྲ་བར་གྱུར་པས་རྩིབས་རྣམས་མ་འབྲེལ་བར་སོ་སོར་གནས་ལ། རྩེ་མོ་ནས་རྩ་བའི་བར་རིམ་གྱིས་སྦོམ་པར་གྱུར་པའི་རྩ་བ་རྣམས་ཕྱོགས་གཅིག་ཏུ་འབྲེལ་བའི་སའི་བར་སྣང་ལ། ཁྲོ་བོ་རྣམས་བསྒོམ་པ་ཡིན་གྱི་མུ་ཁྱུད་ཀྱི་དོན་ལྟེ་བ་དང་རྩིབས་ཀྱི་བར་ན་དེ་གཉིས་ལས་གཞན་པའི་མུ་ཁྱུད་ཁས་བླངས་ནས། དེར་ཁྲོ་བོ་རྣམས་འགོད་པ་ནི་མ་ཡིན་ཏེ། ཤར་གྱི་རྩིབས་ཀྱི་ནང་དུ་ཞེས་སོགས་དང་ནང་འགལ་བའི་ཕྱིར་རོ། །ཡངས་ཤིང་རྒྱ་ཆེ་བའི་དོན་གུར་དུ། དཔག་ཚད་བརྒྱ་ཡི་ཚད་ཙམ་མོ། །ཞེས་བཤད་པས། དེ་བས་ཆེ་བར་མི་བསྒོམ་ཞིང༌། ཆུང་བ་རང་གི་བློ་ལ་ཇི་ལྟར་འཚམ་པ་བསམ་མོ། །དེ་ལྟ་བུའི་འཁོར་ལོའི་དབུས་དང༌། ཕྱོགས་བཅུར་པདྨ་དང་ཉི་མའི་གདན་རེ་བསྒོམ་སྟེ། གུར་དང༌། མི་ཐུབ་ཟླ་བས། རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །འོག་ཏུ་པདྨའི་གདན་བསམས་ནས། །ཁྲོ་བོ་བཅུ་རྣམས་རབ་བསྒོམ་བྱ། །ཞེས་བཤད་དོ། །གཉིས་པ་ལ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་གྱི་ཡན་ལག་གོ །དང་པོ་ནི། ལྷ་རྣམས་ས་བོན་ཙམ་ལས་བསྐྱེད་པར། རྗེ་ས་ཆེན་གྱིས་གསུང་ཤིང༌། ཌོམྦྷི་པས། དེའི་དབུས་ཀྱི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུྃ་སྔོན་པོ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཧཱུྃ་མཛད་ཆོ་ག་བཞིན་དུ་ས་བོན་གྱི་ཡི་གེ་ཧཱུྃ་བཅུ་རྩིབས་བཅུ་ལ་གནས་པ་དེ་ལས་སྐྱེས་པའི་ཁྲོ་བོ་བཅུ་པོ་ཡིན་ནོ། །ཞེས་བཤད་ཅིང༌། མི་ཐུབ་ཟླ་བ་དང༌། རྒྱུད་ལས་ཀྱང༌། ཧཱུྃ་ནི་བཅུ་ཡི་སྦྱོར་བ་ཡིས། །ཞེས་དང༌། རྒྱུད་ལས། ཧཱུྃ་ལས་བྱུང་བའི་ཁྲོ་བོ་ནི། །རྟག་ཏུ་ཞེ་སྡང་ལྡན་པའོ། །ཞེས་གཤིན་རྗེའི་གཤེད་ཀྱི་སྐབས་ནས་བཤད་པས་རྒྱུད་དང་ཤིན་ཏུ་མཐུན་ནོ། །དེར་དབུས་སུ་ཧཱུྃ་མཛད་བསྐྱེད་པ་རྒྱུད་ཀྱི་སྲུང་འཁོར་གྱི་སྐབས་རྣམས་སུ་དངོས་སུ་མི་སྣང་ཡང༌། ལེའུ་བཅོ་ལྔ་པར། ཧཱུྃ་གི་ཡི་གེ་ལས་བྱུང་བ། །རྡོ་རྗེ་ཧཱུྃ་མཛད་རྡོ་རྗེ་ཅན། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིང༌། །རྐང་པ་གཡོན་ཉིད་བརྐྱངས་པ་ཡིས། །འཇིགས་བྱེད་མནན་པ་ཡི་ནི་ལུས། །སྤྱི་བོ་རྡོ་རྗེ་རིགས་བསམས་ནས། །འཇིག་རྟེན་གསུམ་རྒྱལ་དྲན་པར་བྱ། །ཞེས་མངོན་རྟོགས་གསུངས་ཤིང༌། ཕན་ཡོན་གྱི་སྐབས་ནས། ལྷ་དང་ལྷ་མིན་ཧཱུྃ་མཛད་ཀྱིས། །ཞེས་དང༌། ལྷ་དང་ལྷ་མ་ཡིན་གྱིས་བྱས་པའི་བར་ཆད་བསྲུང་བ་ལ་ཧཱུྃ་མཛད་བསྔགས་པར་བཤད་པ་ལ་དགོངས་པ་ཡིན་ནོ། །འཁོར་རྣམས་གང་དུ་བསྐྱེད་པའི་གནས་ནི། ཕྱོགས་བཞི་དང་སྟེང་འོག་གཉིས་ལ་མི་མཐུན་པ་མེད། མཚམས་ཀྱི་བཞི་ལ་ཌོམྦྷི་པས། དབང་ལྡན་དུ་འདོད་རྒྱལ། མེར་དབྱུག་སྔོན་ཅན། བདེན་བྲལ་དུ་སྟོབས་པོ་ཆེ། རླུང་དུ་མི་གཡོ་བ་རྣམས་འགོད་པར་བཤད་པས། དེ་བཞིན་བྱས་ཀྱང་རུང་ལ། རྗེ་ས་ཆེན་གྱིས། དབང་ལྡན་དུ་མི་གཡོ་བ། མེར་འདོད་རྒྱལ། བདེན་བྲལ་དུ་དབྱུག་སྔོན། རླུང་དུ་སྟོབས་པོ་ཆེ་རྣམས་འགོད་པར་བཤད་པ་ནི། ཛ་ལན་དྷ་རི་བས། དག་པ་རྡོ་རྗེའི་སྒྲོན་མེར། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ། མི་གཡོ་བ་དང༌། འདོད་པའི་རྒྱལ་པོ་དང༌། ཞེས་སོགས་དང་ཤིན་ཏུ་མཐུན་ནོ། །སྐུ་མདོག་ནི་གུར་ལས། དབང་པོ་སྔོན་པོའི་རྣམ་པ་ལྟར། །མཐར་བྱེད་རྣམ་པར་བསྒོམ་པར་བྱ། །གཞན་གྱིས་མི་ཐུབ་རྡོ་རྗེ་ནི། །འཇིགས་བྱེད་ཟླ་བའི་ནོར་བུ་འདྲ། །པདྨའི་ཁྲོ་བོ་དམར་པོ་ཆེ། །རྡོ་རྗེ་བདུད་རྩིའི་བདག་ཉིད་ནག །མཚམས་ཀྱི་ཁྲོ་བོ་ཆེར་གནག་ཅིང༌། །ཞེས་བཤད་དོ། །སྟེང་འོག་གི་ཁྲོ་བོ་གཉིས་ཀྱི་སྐུ་མདོག་ནི་འདིར་མ་བཤད་ཀྱང༌། རྗེ་ས་ཆེན་གྱིས། གཙུག་ཏོར་འཁོར་བསྒྱུར་སེར་པོ་དང༌། །གནོད་མཛེས་ནག་པོར་གསུངས་པ་བཞིན། །ཌོམྦྷི་པ། གཉིས་མེད་རྡོ་རྗེ། ལྷའི་རིགས་ཀྱི་བློ་གྲོས་རྣམས་ཀྱིས་ཀྱང་བཤད་དོ། །དེ་དག་གི་ཕྱག་མཚན་ཡང་གུར་ལས། རྡོ་རྗེ་ཁྲོ་བོ་སྐྱེས་བུ་ཆེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །སྙིང་གར་མནན་པའི་ཁུ་ཚུར་མཛུབ། །གཡས་ན་རང་གི་མཚོན་ཆ་འཕྱར། །གཤིན་རྗེས་གསོད་པའི་དབྱུག་ཐོ་སྟེ། །གཞན་གྱིས་མི་ཐུབ་རྡོ་རྗེ་དབྱུག །རྟ་མགྲིན་ལ་ནི་དབང་མཆོག་དམར། །མི་ཕྱེད་བདུད་རྩིའི་ཐབས་སྦྱོར་ལ། །ཊཱཀྐིའི་རྒྱལ་པོས་ལྕགས་ཀྱུ་སྟེ། །དབྱུག་སྔོན་ཅན་ལ་རང་གི་མིང༌། །སྟོབས་ཀྱི་རྒྱལ་པོས་རྩེ་གསུམ་པ། །མི་གཡོ་ཡི་གེ་དཀྱིལ་འཁོར་རྩེ། །ཚ་སྐྱོབ་དཀར་པོ་རྒྱལ་པོ་ལ། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྒོམ། །གཏུན་ཤིང་རྡོ་རྗེ་རྐང་འོག་ལ། །ཞབས་གཡོན་བརྐྱངས་པས་གནས་པའོ། །ཞེས་གསུངས་ལ། དེའི་དོན་རྒྱ་བོད་ཀྱི་བླ་མ་རྣམས་མི་མཐུན་པ་མི་སྣང་ངོ༌། །རྒྱན་དང་བཞུགས་ཚུལ་ནི། ཌོམྦྷི་པས། ཁྲོ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་སྟེ། གཡོན་གྱི་མཛུབ་མོ་དག་ནི་སྡིགས་མཛུབ་དང་བཅས་པ། གཡས་པ་རྣམས་ནི་རང་རང་གི་ཕྱག་མཚན་འཕྱར་བ། ཁྲོ་བོ་དང་བཅས་པའི་ཞལ་མདོག་ཟླུམ་ལ་དམར་བ། སྐྲ་སེར་ལ་གྱེན་དུ་བརྫེས་པ། གཟུགས་འཕྲོ་བས་བདུད་རྣམས་བསྡིགས་པར་མཛད་པ། ཉི་མ་ལ་བཞུགས་ཤིང་ཉི་མའི་དཀྱིལ་འཁོར་གྱི་མདོག་ཅན་དག་གོ །གཤིན་རྗེ་མཐར་བྱེད་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་དག་ནི། སྦོམ་ལ་གསུས་བ་འཕྱང་བ། སྦྲུལ་གྱིས་བརྒྱན་པ་སྨིན་མ་སེར་བ་གྱེན་དུ་བརྫེས་པ་ཡིན་ལ། གཞན་རྣམས་རོལ་བའི་སྐུ་ཅན་ནོ། །ཞེས་ཕྱོགས་ཀྱི་ཁྲོ་བོ་བཞི་ཤིན་ཏུ་ཁྲོས་པའི་རྣམ་པ་ཅན་དང༌། གཞན་རྣམས་ཅུང་ཟད་ཞི་བའི་ཚུལ་དུ་བཤད་ལ། རྗེ་ས་ཆེན་གྱིས་ཕྱོགས་བཞི་དབུས་མ་དང་ལྔ་ནི། བརྗིད་པའི་ཁྲོ་བོ་སྟེ། ཞེས་དང༌། ཁྲོ་བོ་གཞན་རྣམས་ནི་མཛེས་པའི་ཁྲོ་བོ་སྟེ། ཅུང་ཟད་སྒེག་པ། ཡིད་ཙམ་ཁྲོས་པ། སྐེམས་ཤིང་གྲིམ་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ཞེས་བཤད། གུར་རྒྱན་ལས། ཁྲོ་བོ་འདི་རྣམས་ལ་རང་འདྲའི་ཡུམ་ཡོད་པར་མངོན་ཏེ། རང་གི་རིག་མ་སྐྱེས་བུ་བདག །ཅེས་འབྱུང་བའི་དོན་ནོ། །ཡེ་ཤེས་ཐིག་ལེའི་རྒྱུད་ལས། གཙུག་ཏོར་འཁོར་ལོས་སྒྱུར་བས་ནི་དབང་ཕྱུག་ཡབ་ཡུམ་མནན་ལ། གཞན་རྣམས་ནི་རང་རང་གི་ཕྱོགས་དང་མཐུན་པའི་ཕྱོགས་སྐྱོང་རྣམས་མནན་ནོ། །ཞེས་གསུངས་སོ། །ཞེས་འབྱུང་ལ། ལྷའི་རིགས་ཀྱི་བློ་གྲོས་ཀྱིས། གཡོན་བརྐྱང་པའི་ཞབས་ཀྱིས་རྣམ་པར་རོལ་ཅིང༌། གཡོན་ཅན་རྣམས་ནི་མནན་པར་བསམ་ཞེས་བཤད་དོ། །གཉིས་པ་ནི། དེ་ལྟར་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་དགུག་གཞུག་བྱའོ། །གསུམ་པ་ནི། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །བཞི་པ་ནི། དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་སྟེ། གུར་ལས། སྤྱི་བོར་རྡོ་རྗེ་འཛིན་པ་འཛིན། །གཤིན་རྗེ་རྣམ་སྣང་ཉིད་ཀྱི་སྟེ། །རྡོ་རྗེ་སེམས་དཔས་དབྱུག་པ་ཅན། །པདྨའི་ཁྲོ་བོ་རྣམ་གཟིགས་རྗེས། །རྡོ་རྗེ་སེམས་དཔས་ཐབས་སྦྱོར་ལ། །ཞེས་གསུངས་སོ། །དེའི་དོན་རྗེ་ས་ཆེན་གྱིས། གཤིན་རྗེའི་གཤེད་ལ་རྣམ་པར་སྣང་མཛད་དང༌། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུར་བརྒྱན་པར་གསུངས་ལ། རྡོ་རྗེ་སེམས་དཔའ་ཐབས་སྦྱོར་ལ་ཞེས་པའི་དོན་ནི། རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་དོན་གཅིག་པས་མི་བསྐྱོད་པ་ཡིན་ལ། མཚམས་ཀྱི་ཁྲོ་བོ་ཆེར་གནག་ཅིང༌། །སྤྱི་བོར་རྡོ་རྗེ་འཛིན་པ་འཛིན། །ཞེས་མཚམས་བཞི་ལ་མི་བསྐྱོད་པས་དངོས་སུ་རྒྱས་འདེབས་པར་བསྟན་པའི་ཤུགས་ལ། སྟེང་འོག་གཉིས་ལ་ཡང་མི་བསྐྱོད་པས་རྒྱས་འདེབས་པར་མངོན་ནོ། །སློབ་དཔོན་ཌོམྦྷི་པས་ནི། འདི་དང་མི་འདྲ་བར་གསུངས་ཏེ། དེ་ཉིད་བཅུ་པ་ལས། རྡོ་རྗེ་ཧཱུྃ་མཛད་ཀྱི་དབུ་ལ་མི་བསྐྱོད་པས་བརྒྱན་པ་རྡོ་རྗེ་ནག་པོ་འཆང་བའོ། །ཤར་ལ་སོགས་པའི་ཁྲོ་བོ་བཞི་པོ་གཤིན་རྗེའི་གཤེད་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་དག་ནི་མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པའི་ཅོད་པཎ་དག་ཡིན་ནོ། །རིམ་པ་དེ་བཞིན་དུ་དབང་ལྡན་ལ་སོགས་པ་ན་བཞུགས་པའི་འདོད་པའི་རྒྱལ་པོ་དང༌། དབྱུག་པ་སྔོན་པོ་དང༌། སྟོབས་པོ་ཆེ་དང༌། མི་གཡོ་བ་དག་ནི་མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པའི་ཅོད་པཎ་དག་ཡིན་ནོ། །ཞེས་གསུངས་སོ། །འདི་ལྟར་ཡན་ལག་བཞི་རྫོགས་སུ་བྱས་ནས་བསྒོམ་པའི་ཁྲོ་བོ་དང༌། འཁོར་ལོ་གཡས་སྐོར་དུ་འཁོར་བ་རྣམས་ལས་འོད་ཟེར་མེ་འོད་ལྟ་བུ་དཔག་ཏུ་མེད་པ་འཕྲོས། དེས་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་བསྲེགས་ནས། དཔག་ཚད་བརྒྱའི་ཚད་ཙམ་དུ་བསྐྲད་པར་བསམ་སྟེ། མི་ཐུབ་ཟླ་བས། དཔག་ཚད་བརྒྱར་ནི་འཇུག་པ་ཡི། །བགེགས་རྣམས་སྐྲོད་པར་བསམ་པར་བྱ། །ཞེས་ཏེ། སྲུང་འཁོར་རྒྱས་པའོ། །ཡང་ན་སྔར་བཞིན་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་ཙམ་བྱིན་གྱིས་བརླབ། དབུ་རྒྱན་རང་ཆས་སུ་བསྒོམ་པ་ཡང༌། རྗེ་ས་ཆེན་གྱིས་གསུངས་ཏེ། འབྲིང་པོའོ། །ཡང་ན། ཁྲོ་བོ་རྣམས་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་གིས་བསྐྱེད་ནས། ཡེ་ཤེས་པ་དགུག་གཞུག་སོགས་མི་བྱ་བར། དེ་ཉིད་བཅུ་པ་དང༌། མི་ཐུབ་ཟླ་བས་ཀྱང་དེ་བཞིན་དུ་བཤད་དེ། བསྡུས་པའི་དབང་དུ་བྱས་པའོ། །དེ་ལྟར་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་གཅིག་བསྒོམས་ནས། དབུས་ཀྱི་ཧཱུྃ་མཛད་ཞུ་བ་ལས་ཆོས་འབྱུང་དུ་གྱུར་པའམ། ཧཱུྃ་མཛད་ཀྱི་ནང་དུ་ཆོས་འབྱུང་བསྒོམ་པ་སོགས་ཀྱི་མངོན་རྟོགས་བསྒོམ་མོ། །དེ་དག་གི་དོན་བསྡུ་ན། རྗེ་ས་ཆེན་གྱིས། རང་བསྲུང་བ་ཙམ་བསྒོམ་པར་འདོད་ན། མངོན་པར་རྟོགས་པ་དང་མ་འབྲེལ་བར་གུད་དུ་བསྒོམ་པ་ནི་མེད་དོ། །དེ་ཡང་མངོན་པར་རྟོགས་པ་ཐམས་ཅད་གོང་མ་དང་འདྲ་བ་ལས་འཁོར་ལོ་གཡས་སུ་འཁོར་བ་དང༌། དབུས་སུ་ཧཱུྃ་མཛད་བསྒོམ་ཞིང༌། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་བཞག་པ་དང༌། ལྷ་རྣམས་ཞལ་ནང་དུ་གཟིགས་པ་དང་སྔགས་བཟླ་མི་དགོས་སོ། །དེ་ནས་རྡོ་རྗེ་ཧཱུྃ་མཛད་ཀྱི་ནང་དུ་གཞལ་ཡས་ཁང་བསྒོམ་པའམ། ཧཱུྃ་མཛད་ཆོས་འབྱུང་དུ་གྱུར་པའི་ནང་དུ་གཞལ་ཡས་ཁང་བསྒོམ་པ་ནས་བཟུང་སྟེ། མངོན་པར་རྟོགས་པ་ལ་འཇུག་གོ །ཞེས་གསུངས་པ་ལྟར་ཡིན་ནོ། །མངོན་རྟོགས་བསྒོམ་པའི་སྔོན་དུ་བསྒོམ་པར་བྱ་བའི་སྲུང་འཁོར་ནི་འདི་ཁོ་ན་ཡིན་ལ་སྲུང་འཁོར་གཞན་རྣམས་ནི་བྱས་ཀྱང་འགལ་བ་མེད་པ་ཙམ་ལ་དགོངས་ནས། རྦོད་གཏོང་བཟློག་པའི་དགོས་པ་ལ་སོགས་པ་འགའ་ཞིག་གི་ཕྱིར། ཕྱག་ལེན་ལ་མཛད་པ་ཡིན་ནོ། །གཉིས་པ་ནི། གལ་ཏེ་བསྒོམས་པས་ཕྱིར་བཟློག་པའི་སྲུང་འཁོར་བསྒོམ་པར་འདོད་ན། ཐུན་མོང་གི་སྲུང་འཁོར་སྔར་བཞིན་དུ་བསྒོམས་ལ། དེ་ནས་སྔར་གྱི་སྲུང་འཁོར་དེ་ཉིད་གནད་ལྔའི་སྒོ་ནས་མི་འདྲ་ཞིང༌། ལྷག་མ་རྣམས་འདྲ་བར་ཉམས་སུ་ལེན་པ་སྟེ། དེ་ལ་གནད་ལྔ་ལ་མི་འདྲ་བ་དུ་མ་ཞིག་འཆད་ཀྱང༌། ཤེས་བྱེད་ཀྱི་ཁུངས་མེད་པས་རང་བཟོ་ཁོ་ནར་སྣང་ལ། འདིར་བླ་ཆེན་འཕགས་པས། རང་ཉིད་དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བར་བསམ་ཞིང་སྟེང་དུ་ཧཱུྃ་མཛད་བསྒོམ་པ་གཙོ་བོ་གོ་འཕོ་བའི་གནད་དང༌། བདག་ཉིད་ཀྱི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེའི་ནང་དུ་བདག་ཉིད་ཀྱི་རྣམ་ཤེས་ཧཱུྃ་དུ་བསམས་ལ་དེའི་མཐར་བསྒྲུབ་བྱའི་མིང་གི་ཡི་གེ་དང་པོ་བསམ་སྟེ་བསྲུང་བར་བསམ་པ་ནི་བསྲུང་བྱ་སྦ་བའི་གནད་དང༌། ཁྲོ་བོ་རྣམས་ཤིན་ཏུ་ཁྲོས་པའི་ཚུལ་ཅན་ཞལ་ཕྱི་རོལ་དུ་གཟིགས་ནས་ཐུགས་ཀ་ནས་རང་དང་འདྲ་བའི་ཁྲོ་བོ་དུ་མ་སྤྲོས་ཏེ། ཕ་རོལ་གྱི་སྲུང་མ་དང༌། བདག་ལ་རྦད་པའི་གནོད་བྱེད་རྣམས་ཚར་བཅད་པར་བསམ་པ་ལྷའི་རྣམ་པའི་གནད་དང༌། འཁོར་ལོ་གཡོན་དུ་འཁོར་བས་དགྲ་བགེགས་རྣམས་ཕྱེ་མར་བརླག་པ་འཁོར་ལོ་འཁོར་བའི་གནད་དང༌། ཨུཥྞཱི་ཥའི་སྔགས་བཟླ་བ་སྔགས་ཀྱི་གནད་དེ། གནད་ལྔ་དང་ལྡན་པའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ཡང་དེ་ཉིད་བཅུ་པ་ལས། ད་ནི་བསྒོམས་པས་ཕྱིར་བཟློག་པ་བསྟན་པར་བྱ་སྟེ། གཙོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཕྱག་གཉིས་རང་གི་ཕྱག་མཚན་དང་སྡིགས་མཛུབ་ཅན། ཁྲོ་བ་དང་བཅས་པ་ཉི་མའི་གདན་ལ་གཡས་བརྐྱངས་པས་བཞུགས་པ། འཕྲོ་བའི་གཟུགས་ཅན། དབང་བསྐུར་བ་ལ་སོགས་པ་བླངས་ལ། དགྲ་བོའི་ཚོགས་ལ་བསྡིགས་པ་གཡོན་དུ་འཁོར་བས་གཡོ་བ་རྣམ་པར་བསམས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཞེས་སོགས་གསུངས་སོ། །དེ་ལ་གཙོ་བོ་འཕོ་བ་དང༌། འཁོར་ལོ་དང༌། སྔགས་ཀྱི་གནད་གསུམ་དངོས་སུ་བསྟན་ལ། དགྲ་བོའི་ཚོགས་ལ་བསྡིགས་པ་ཞེས་པས་ལྷའི་རྣམ་པའི་གནད་གསལ་བར་བསྟན་ཏོ། །བསྲུང་བྱ་སྦ་བའི་གནད་གཞུང་དེ་ནས་དངོས་སུ་མ་གསུངས་ཀྱང༌། གུར་འགྲེལ་ལས། བདག་ཉིད་བསྲུང་ན་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱིས་སྲུང་བའི་འཁོར་ལོའི་དབུས་སུ་གནས་ནས་རང་གི་སྙིང་གར་འཁོར་ལོའི་ལྟེ་བར་ཧཱུྃ་གི་ཐིག་ལེ་ལ་རང་གི་གཟུགས་བསམས་ནས། འཁོར་ལོ་གཡོན་དུ་འཁོར་བར་བསམས་ན་བསྲུང་བར་འགྱུར་ཏེ། གཞན་ལ་ཡང་དེ་བཞིན་ནོ། །ཞེས་བསྲུང་བྱ་སྦ་བ་ཡང་བཤད་པས། གནད་ལྔ་ནི་རྒྱ་གར་བའི་གཞུང་རྣམས་ནས་འབྱུང་བའི་མན་ངག་ཡིན་གྱི་བོད་ཀྱིས་བློས་བརྟགས་ནས་བྱས་པ་མ་ཡིན་ནོ། །དེ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་གཙོ་བོར་གྱུར་པའི་ཁྲོ་བོ་བཅུ་སྔར་དང་འདྲ་བ་ལ། འདིར་གཙོ་བོ་གཡས་བརྐྱང་གི་ཚུལ་གྱིས་བཞུགས་པར་བཤད་པ་ནི། ཕྱིར་བཟློག་གི་ལས་ཀྱི་ཁྱད་ཆོས་ཏེ། རྡོ་རྗེ་མཁའ་འགྲོར། ལྷ་རྣམས་བཟློག་སྟེ་དགོད་པ་དང༌། །བསྒོམ་པ་ལྷ་ཡི་རྣལ་འབྱོར་དང༌། །སྔགས་ཀྱི་དབྱེ་བ་བཟློག་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་ནུས་པ་ཆེ་བར་གསུངས་པ་ལས། འདི་ནི་ལྷ་བཟློག་སྟེ་དགོད་པའི་དོན་ཏེ། ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས་ཏེ་བཀོད་པ་དང་གཙོ་བོ་གཡོན་བརྐྱང་ལས་གཡས་བརྐྱང་དུ་བསྒྱུར་བ་ནི། སྟངས་སྟབས་བཟློག་པའི་དོན་ཏོ། །དེ་ནས་ཡན་ལག་བཞི་རྫོགས་སུ་ངེས་པར་བྱ་དགོས་ཏེ། དེ་ཉིད་བཅུ་པར། དབང་བསྐུར་བ་ལ་སོགས་པ་བླངས་ལ་ཞེས་པ་ལ་སོགས་ཀྱི་དོན་ཡེ་ཤེས་པ་དགུག་པ་དང༌། མིག་སོགས་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡན་ལག་བཞི་རྫོགས་སུ་བྱས་པའི་རྗེས་ལ། ཅི་ཞིག་ཉམས་སུ་ལེན་སྙམ་ན། རྗེ་ས་ཆེན་གྱིས། དེ་ནས་ལུས་བསྲུང་ཞིང་མིང་སྦ་བར་བྱ་སྟེ། དེའང་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པས་གཏམས་པར་བསམ་པ་ནི་གོ་བགོ་བའོ། །དེ་ནས་རང་གི་སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པ་ཞིག་བསྒོམ། དེའི་ལྟེ་བ་སྟོང་པར་ཡོད་པའི་ནང་དུ་ཧཱུྃ་གཅིག་ཏུ་བསམས་ལ། དེའི་མཐའ་ན་ཕར་རང་ངམ། བསྲུང་བར་འདོད་པའི་མིང་གི་ཡི་གེ་དང་པོ་བསམས་ལ། དེའང་སློབ་དཔོན་བསྲུང་བར་འདོད་ན་སྤྱི་བོར་བསྒོམ། སྤུན་ཟླ་གཡོན་དུ་བསམ། ཕ་མ་མདུན་དུ་བསམ། བུ་དང་ཆུང་མ་གཡས་སུ་བསམ། འཁོར་གཡོག་རྣམས་རྒྱབ་ཏུ་བསམ། ནོར་རྫས་རྣམས་འོག་ཏུ་བསམ། གང་མི་བསྲུང་བ་སྟོང་པར་བཞག་གོ །དེ་ནས་མཆོད་བསྟོད་བདུད་རྩི་མྱང་བ་ལ་སོགས་པ་གྲུབ་ན་བྱ། མ་གྲུབ་ཀྱང་ཆོག་གསུངས་སོ། །དེ་ནས་ཙཀྲའི་ཕྱོགས་མཚམས་བརྒྱད་ཀྱི་རྩིབས་ཀྱི་བར་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། བསྒྲུབ་བྱ་ལུས་རིད་པ་སྐྲ་འཛིངས་པ། ཁ་ནས་ཁྲག་སྐྱུགས་པ། སྤྱིའུ་ཚུགས་སུ་འདུག་པར་བལྟ་སྟེ། དེ་ལ་གནོད་བྱེད་ཀྱི་ཤེས་པ་བཀུག་ལ་བསྟིམ་མོ། །དེ་ནས་སྔགས་བཟླས་པ་དང༌། ཁྲོ་བོ་བཅུ་ཞལ་ཕྱིར་གཟིགས་པ་དང༌། ཙཀྲ་གཡོན་དུ་མྱུར་བར་འཁོར་བས་གནོད་བྱེད་ཀྱི་ལུས་རླུང་གིས་བསྐྱོད། མེས་བསྲེགས་ཤིང་ཙཀྲའི་རྩེ་མོས་ཉལ་ཉལ་གཏུབས་པར་བསམ་མོ། །དེ་ལྟར་ལུས་གཏུབས་པས་ཁོའི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ནས་རྣམ་པར་ཤེས་པ་མི་བསྐྱོད་པའི་གནས་སུ་སྐྱེ་བར་བསམ་ཞིང་སྔགས་བཟླས་སོ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །དེ་ནས་བཟླས་པའི་སྔགས་གུར་ལེའུ་བཞི་པར་བཤད་པའི་སྔགས་ཀྱི་མཚན་ནི། རྣམ་སྣང་མངོན་བྱང་ལས། ཁ་ཅིག་རང་མིང་ཐོག་མར་སྨོས། །ཧཱུྃ་དང་ཕཊ་དང་ལྡན་པ་ནི། །གཙུག་ཏོར་རྣམས་ཀྱི་ཡིན་པར་བསྒྲགས། །ཟུངས་ཟོ་ཆོམ་ཤིག་ཅེས་པ་དང༌། །སྣུན་སོད་དྲོལ་ཅིག་ཅེས་པ་ནི། །ཕྱག་བརྙན་རྣམས་དང་ཁྲོ་བོ་ཡི། །གསང་སྔགས་ཡིན་པར་འདྲེན་པས་གསུངས། །ཞེས་གསུངས་པས། གཙུག་ཏོར་དང་ཁྲོ་བོའི་སྔགས་གཞི་མཐུན་པ་ཡིན་ནོ། །སྔགས་ཀྱི་དོན་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། ཞེས་པ་ནི། ཀུན་ནས་དྭང་བས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཡིན་ལ། དེ་བཞིན་དུ། ན་མཿས་མནྟ་དྷརྨཱ་ཎཱཾ། ཀུན་ནས་དྭང་བས་ཆོས་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་སཾ་གྷཱ་ནཱཾ། ཀུན་ནས་དང་བས་དགེ་འདུན་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེའི་དོན་ཡང༌། དཔུང་བཟང་ལས། སྲིད་གསུམ་ནང་ན་རྒྱལ་བ་དཀོན་མཆོག་སྟེ། །དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས། །དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ། །སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ། །སྲིད་གསུམ་བསོད་ནམས་འཕེལ་བའི་རྒྱུ་ཡིན་པས། །དངོས་གྲུབ་འདོད་པས་གསང་སྔགས་མགོ་ལ་འདོན། །བསོད་ནམས་ཆེ་དང་ལོག་འདྲེན་རྨོངས་བྱའི་ཕྱིར། །ཞེས་པ་ལྟར་རོ། །ཨོཾ་ནི་འདིར། སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །ཞེས་པའི་དོན་ཏོ། །སི་ཏྭ་ཏ་པ་ཏྲེ་ནི། གདུགས་དཀར་པོ་ཅན་ཏེ། ཇི་ལྟར་གདུགས་ཀྱིས་ཚ་གདུང་སྐྱོབ་པ་ལྟར། ཆོས་དབྱིངས་ཡེ་ཤེས་ཀྱིས་ཉོན་མོངས་པའི་གདུང་བ་སྐྱོབ་པའི་དོན་ཏོ། །ཨོཾ་བི་མ་ལ་ནི། དྲི་མ་མེད་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཀྱི་རང་གི་ངོ་བོ་ཉོན་མོངས་པ་དང༌། མཚན་མའི་དྲི་མ་དང་བྲལ་བའོ། །ཨོཾ་ཤཾ་ཀ་ར་ནི། འབྱུང་གནས་ཏེ། ཡེ་ཤེས་དེ་ཉིད་ཆོས་ཀྱི་ལོངས་སྤྱོད་ཀྱི་དགེ་བའི་འབྱུང་གནས་སུ་གྱུར་པའོ། །ཨོཾ་པྲ་ཏྱཾ་གི་ར་བཛྲ་ནི། ཚུལ་མ་ཡིན་པ། རླག་པར་བྱེད་པའི་རྡོ་རྗེ་སྟེ། ཡེ་ཤེས་དེས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་བརླག་པར་བྱེད་པའོ། །ཨུཥྞཱི་ཥ་ཙཀྲ་ཝརྟི་ནི། གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། སྔར་གྱི་དྲི་མ་མེད་པ་ལ་སོགས་པའི་ཆོས་གསུམ་དང་ལྡན་པའི་ཆོས་དབྱིངས་ཡེ་ཤེས་དེ་ཉིད། གཟུགས་རྣམས་ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བར་ཤར་ཞེས་པའོ། །ཁྲོ་བོ་དེས་བྱེད་ལས་ཅི་ཞིག་བྱེད་ཅེ་ན། སརྦ་ཐམས་ཅད་ཡནྟྲ་འཁྲུལ་འཁོར། མནྟྲ་སྔགས། མཱུ་ལ་ཀརྨ་རྩ་བའི་ལས། བནྡྷ་ནཾ་འཆིང་བ། ཏཱ་ཌ་ནཾ་བཟློག་པ་སྟེ། མདོར་ན་སྔགས་དང་འཁྲུལ་འཁོར་དང༌། མངོན་སྤྱོད་ཀྱི་ཕྲིན་ལས་ཀྱི་སྒོ་ནས། བདག་ལ་གནོད་པའི་ལས་ཐམས་ཅད་འཆིང་བ་དང་བཟློག་པའི་ལས་བྱེད་ཅེས་པའོ། །དེར་མ་ཟད། བྱེད་ལས་གཉིས་པ་ནི། ཀཱི་ལ་ནཾ་བཱ་ཕུར་བུའི། མ་མ་བདག་ལ། ཀྲྀ་ཏེ་བྱས་ན། ཡེ་ན་གལ་ཏེ། ཀེ་ན་བྱེད་ན། ཙིཏྟ་སེམས་ཀྱི། ཀྲྀ་ཏཾ་ཏ་ཏ། དེ་ཐམས་ཅད་སྟེ། མདོར་ན་གཞན་འགའ་ཞིག་གིས་བདག་ལ། ཕུར་བུ་སྟེ་བྱད་ཀའི་གནོད་པ་བྱས་པ་དང༌། བྱེད་པར་སེམས་པ་དེ་དག་ཅེས་པའོ། །སརྦནྟུ་ནི་ཐམས་ཅད་སྟེ། སྔར་གྱི་གནོད་པའི་ལས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་འཇོམས་ཞེས་པའོ། །ཇི་ལྟར་འཇོམས་ན། ཚིནྡ་ཚིནྡ་གཏུབ་ཅིག་པ་སྟེ། གཞན་གྱི་རིག་སྔགས་ཐམས་ཅད་གཏུབ་ཅིག་པའོ། །བྷིནྡ་བྷིནྡ་ཕུགས་ཤིག་སྟེ། གཞན་གྱི་ཕྱག་རྒྱ་ཐམས་ཅད་ཕུགས་ཤིག་པའོ། །ཙི་རི་ཙི་རི་ནི་ཕྱེ་མར་གྱིས་ཤིག་སྟེ། རྩ་བའི་ལས་དམན་པ་ཐམས་ཅད་ཕྱེ་མར་གྱིས་ཤིག་པའོ། །གི་རི་གི་རི་ནི་གྱིས་ཤིག་སྟེ། གང་གྱིས་ཤིག་ན། མ་ར་མ་ར། སོད་སོད་སྟེ། གསོད་པར་གྱིས་ཤིག་པའོ། །དོན་ནི་ཕྱི་རོལ་གྱི་དགྲ་བསད་པས་ལུས་མི་སྣང་བར་བྱས་པ་བཞིན་དུ། ཆོས་དབྱིངས་ཡེ་ཤེས་ཀྱིས་གཟུང་འཛིན་གྱི་བདུད་ཐམས་ཅད་མི་སྣང་བར་གྱིས་ཤིག་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ནི་ཆོས་ཀྱི་དབྱིངས་ལ་ཡུལ་དང་ཡུལ་ཅན་བཅུ་མེད་པའི་ཕྱིར། ཧཱུྃ་བཅུ་སྨོས་པའོ། །ཕཊ་ཕཊ་ཕཊ་ནི། དགས་པ་སྟེ། གནས་གསུམ་དུ་ལྟུང་བའི་ཉེས་པ་རྣམས་དགས་པའི་དོན་ཏོ། །དོན་དེ་དག་དང་ལྡན་པའི་གསང་སྔགས་ལན་བདུན་ནམ། ཉེར་གཅིག་གམ། བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཟླས་ཤིང༌། དེའི་ཚེ་དམིགས་པ་ཇི་ལྟར་བྱ་ན། རྗེ་བཙུན་གྱི་མན་ངག་ལས། ན་མཿས་མནྟ། ནས། ཙཀྲ་བརྟི་ཡན་ཆད་ཀྱིས་གཙོ་བོ་གསལ་གདབ། སརྦ་ཡནྟྲ་ནས། མ་ར་ཡ་ཕཊ་ཡན་ཆད་ཀྱིས་ཁྲོ་བོ་རྣམས་ལས་ཁྲོ་བོ་རང་འདྲ་བ་དཔག་ཏུ་མེད་པ་སྤྲོས་ལ། གནོད་བྱེད་ཐམས་ཅད་ཚར་བཅད་པར་བསམ་མོ། །ཧཱུྃ་བཅུས་ཁྲོ་བོ་བཅུ་གསལ་གདབ། ཕཊ་གཅིག་གི་སྟེང་གཅིག་གིས་འོག གཅིག་གིས་བདག་དང་བསྲུང་བྱ་རྣམས་གསལ་གདབ་ཅེས་གསུངས་པ་ལྟར་བྱའོ། །དེ་ནས་འཕྲོ་འཇོག་པ་ན། རྗེ་ས་ཆེན་གྱིས། གང་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། སྦྱོར་བ་ངན་པ་བྱེད་པའི་དགྲ་དང་བགེགས་གང་ཡིན་པ་དེ་དག་གི ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག རྫུ་འཕྲུལ་བརླག་པར་གྱུར་ཅིག སྟོབས་བརླག་པར་གྱུར་ཅིག དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག དེས་བསྒྲུབས་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ལ་ཟ་བར་གྱུར་ཅིག ཅེས་བརྗོད་ཅིང༌། ཐལ་མོ་བརྡབ་བོ། །ཞེས་གསུངས་པ་ལྟར། ངག་ཏུ་དམོད་པ་བཟློག་པའི་ཚིག་དེ་དག་བརྗོད་ཅིང༌། ལུས་ཀྱིས་ཐལ་མོ་བརྡབས་ཏེ། རྡོ་རྗེ་གུར་ལས། ཧཱུྃ་གིས་དྲེགས་བྱས་ཕྱག་རྒྱས་གདབ། །རྡོ་རྗེས་འཚིར་བས་བདེ་བ་ཉིད། །ཅེས་པའི་དོན། ལག་པ་གཉིས་ཀྱི་མཐིལ་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་བསྒོམ། སོར་མོ་རྣམས་ཀྱང་རྡོ་རྗེའི་རང་བཞིན་དུ་བསམས་ལ། ལག་པ་གཉིས་ཐལ་མོ་བརྡབ་པའི་བར་དུ་བགེགས་བཙིར་བར་བསམ་པ་གུར་རྒྱན་དུ་བཤད་ལ། གུར་འགྲེལ་ལས། འདིའི་དོན་ཡང་གཞན་གྱིས་མི་ཐུབ་པའི་རྣལ་འབྱོར་ལ་གནས་ཏེ་བསྲུང་བ་བྱས་ནས་ལག་མཐིལ་གཉིས་སུ་ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་འབར་བ་བསམས་ལ། ཡིད་ཀྱིས་བསྒྲུབ་བྱའི་ལུས་ལ་སྲིན་པོ་ལ་སོགས་པ་དྲངས་ནས་ལག་པའི་བར་དུ་མཉེ་ཞིང་རྡོ་རྗེའི་འོད་འབར་བས་བསྲེགས་ལ། ཡང་རྐང་པའི་འོག་ཏུ་བཅུག་སྟེ་མཉེས་ཤིང་ཚིག་པར་བསྒོམས་ནས། ཞེས་བཤད་དོ། །དེ་ནས་སེམས་ཀྱི་དམིགས་པ་ནི། རྗེ་ས་ཆེན་གྱིས་བདག་ཉིད་ཀྱི་ཐུགས་ཀ་ནས་ཁྲོ་བོ་རང་དང་འདྲ་བ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། གནོད་བྱེད་ཐམས་ཅད་ཀྱི་ལྕེ་བཅད་ཅིང༌། ལུས་མགོ་ནས་བཤང་ལམ་གྱི་བར་དུ་གཏུབས་གཤགས་ཤིང་རྡུལ་ཕྲ་རབ་ཙམ་དུ་བྱས་ནས་མེས་བསྲེགས། རླུང་གིས་གཏོར་བར་བསམ། ཞེས་གསུངས་པ་ལྟར་བྱའོ། །དེ་ལྟར་བྱས་པའི་རྗེས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བ་ཡངས་པའམ། འཁོར་ལོས་སྒྱུར་བ་འོད་དུ་ཞུ་བ་ཆོས་འབྱུང་དུ་བསམས་ནས། མངོན་པར་རྟོགས་པ་ཚང་བར་སྒོམ་མོ། །དེ་ལ་དབུས་ཀྱི་ཁྲོ་བོ་འོད་དུ་ཞུ་བ་ནི། གཉིས་མེད་རྡོ་རྗེས། དེ་ལྟར་སྲུང་འཁོར་བྱས་ནས་དེའི་དཀྱིལ་ན་རྡོ་རྗེ་ཧཱུྃ་མཛད་ཞུ་བ་ལས་བྱུང་བའི་འབྱུང་བ་ཆེན་པོ་ནམ་མཁའ་ཆེ་ཞེས་བྱ་བའི་ཆོས་འབྱུང་གྲུ་གསུམ་པ་ཞེས་དང༌། ལྷའི་རིགས་ཀྱི་བློ་གྲོས་ཀྱིས། འདི་ནི་སྲུང་བའི་འཁོར་ལོའི་གཙོ་བོ་གང་འདོད་པས་སྲུང་བའི་འཁོར་ལོའི་གཙོ་བོའི་བྱ་བའོ། །དེ་ནས་སྲུང་བའི་འཁོར་ལོའི་གཙོ་བོ་ཞུ་བ་སྟེ། རི་བོང་འཛིན་གྱི་གོང་བུར་གྱུར་པའི་སྟེང་དུ་གནས་གྲུ་གསུམ་པས་ཉེ་བར་མཛེས་ཤིང༌། ཕྱོགས་ཀྱི་སྒོ་ཀུན་དུ་རབ་ཏུ་གསལ་བ་ཅན། ནང་གི་ནམ་མཁའ་རང་གི་ངོ་བོ་རྣམ་པར་དག་པ་རྡོ་རྗེ་པདྨ་ཆོས་ཀྱི་འབྱུང་གནས་རྣམ་པར་བསམ་མོ། །ཞེས་གསུངས་ལ། དབུས་ཀྱི་ཁྲོ་བོའི་ལྟོ་བར་ཆོས་འབྱུང་སོགས་བསྒོམ་པར་རྗེ་བཙུན་ཡབ་སྲས་ཀྱིས་བཤད་པ་ལ། གཞན་དག་ལྷའི་ཁོག་པར་དཀྱིལ་འཁོར་བསྒོམ་པ་རྒྱུད་སྡེ་གང་ནས་ཀྱང་མ་བཤད་ཅིང༌། བྱེ་བྲག་ཏུ་ཀྱེ་རྡོ་རྗེའི་རྒྱ་གཞུང་རྣམས་ནས་མ་བཤད་པས། གསང་སྔགས་རྙིང་མའི་ལུགས་འཕྱུགས་པ་ཡིན་ཟེར་རོ། །འདི་ནི་རྣམ་པར་མ་དཔྱད་པ་ཡིན་ཏེ། ལྷའི་ཁོག་པར་གཞལ་ཡས་ཁང་བསྒོམ་པ་རྒྱུད་སྡེ་རྣམས་ལས་བཤད་པ་མེད་ན། རྣལ་འབྱོར་གྱི་རྒྱུད་དེ་ཉིད་འདུས་པར། སྙིང་གའི་བདག་འཇུག་གི་སྐབས་སུ། རང་གཞི་ལུས་ཀྱི་སྙིང་གར། སྟོང་གསུམ་གྱི་ཚད་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་བསམས་ནས། དེར་རྡོར་དབྱིངས་ལ་སོགས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྒོམས་ནས་དབང་ལེན་པར་བཤད་པར་མ་ངེས་པས་དགག་པ་ལ་དགའ་བ་ཙམ་དུ་ཟད་ལ། ལྟོ་བར་དཀྱིལ་འཁོར་བསྐྱེད་པའི་ལུགས་མེད་དོ་སྙམ་ན་ནི། ཕྱིའི་སྦྱིན་སྲེག་གི་སྐབས་སུ། མེ་ལྷའི་ལྟོ་བར་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་པར་ཚད་ལྡན་མང་པོས་བཤད་པ་དང༌། ནང་གི་སྦྱིན་སྲེག་གི་སྐབས་སུའང༌། དེ་བཞིན་དུ་བཤད་པ་དང་འགལ་བར་འགྱུར་རོ། །བྱེ་བྲག་ཏུ་ཀྱེ་རྡོ་རྗེའི་གཞུང་རྣམས་ནས་མ་བཤད་པ་མ་ཡིན་ཏེ། རྡོ་རྗེ་གུར་ལས། ཡེ་ཤེས་རྡོ་རྗེ་རང་དབུས་སུ། །བཅུ་ཕྱེད་དཀྱིལ་འཁོར་བདག་ཉིད་དེ། །ཞེས་སྲུང་འཁོར་གྱི་སྐབས་ནས་གསུངས་པའི་དོན། ཡེ་ཤེས་རྡོ་རྗེ་སྟེ་རྣལ་འབྱོར་པ་རང་ཉིད། ཧཱུྃ་མཛད་ལ་སོགས་པ་དབུས་ཀྱི་ཁྲོ་བོའི་ང་རྒྱལ་གྱིས་སྲུང་འཁོར་གྱི་དབུས་སུ་གནས་ནས། བཅུ་ཕྱེད་དཀྱིལ་འཁོར་ཏེ། རིགས་བསྡུས་ཀྱི་དཀྱིལ་འཁོར་ལྔ་པོ་བདག་ཉིད་ཀྱི་ལྟོ་བར་བསྒོམ་ཞེས་པ་སྟེ། ལྷའི་རིགས་ཀྱི་བློ་གྲོས་ཀྱི་འགྲེལ་པར། དབུས་ན་དཀྱིལ་འཁོར་ལྔ་ལ། ཁྲོ་བོ་གཞན་དང་ཡང་ལྡན་པའོ། །ཞེས་སྲུང་འཁོར་གྱི་དབུས་སུ། ཁྲོ་བོ་དང་དཀྱིལ་འཁོར་གཉིས་ཀར་ལྡན་དགོས་པར་བཤད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་སྲུང་བའི་འཁོར་ལོ་འདི་དག་གིས་ཅི་ཞིག་དག་པར་བྱེད་སྙམ་ན། མན་ངག་སྙེ་མར། དེ་ལས་ཕྱོགས་བཅུར་རྒྱུ་བའི་བགེགས་ཀྱི་ཚོགས་མི་འཇུག་པ་ལ་སོགས་པའི་དོན་དུ་དབྱེ་བར་བྱར་མེད་པའི་ཆོས་ཉིད་རྣམ་པར་དག་པས་རྡོ་རྗེའི་རྭ་བ་ལ་སོགས་པའོ། །སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་དང༌། ཆོས་དང༌། རྗེས་སུ་ཤེས་པ་དང༌། ཀུན་རྫོབ་དང༌། ཡོངས་སུ་འདྲིས་པ་ཤེས་པ་ཞེས་པ། ཤེས་པ་བཅུ་རྣམ་པར་དག་པས་འཁོར་ལོ་རྩིབས་བཅུ་པའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་བྱང་བ་ཉིད་ཀྱིས་ཕུང་པོ་ལྔ་ཞེས་པ་བཅུ་རྣམ་པར་དག་པས་ཁྲོ་བོ་བཅུ་རྣམས་སོ། །མེ་ལོང་ལྟ་བུ་ལ་སོགས་པ་བཅུ་རྣམ་པར་དག་པས་འཁོར་ལོའི་ལྟེ་བ་ལ་གནས་པའི་མགོན་པོའོ། །གཞན་གྱི་སེམས་ཤེས་པ་དང༌། སྒྲ་ཇི་བཞིན་ཤེས་པ་དག་ལ་ཡང་ངོ༌། །ཞེས་ཁ་ཅིག་གོ །ཞེས་གསུངས་པ་ལྟར་ཡིན་ནོ། །སྤྱི་དོན་གཉིས་པ། དངོས་གཞིའི་རྣལ་འབྱོར་ལ་བཞི། བསྐྱེད་རིམ་ཡན་ལག་དྲུག་བསྒོམ་པ་དེ་དེ་བཞིན་གཤེགས་པ་དྲུག་དང་སྦྱར་བ། དེའི་རྒྱུ་མཚན། དེ་བསྒོམས་པ་ལས་བྱུང་བའི་རྟགས་སོ། །དང་པོ་ལ་དྲུག གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །དང་པོ་ལ་བཞི། གཞིའི་ཡན་ལག རྒྱུའི་ཡན་ལག རྐྱེན་གྱི་ཡན་ལག གནས་ཐབས་ཀྱི་ཡན་ལག་གོ །དང་པོ་ནི། དེ་ལྟར་སྲུང་འཁོར་ཐུན་མོང་བ་རྐྱང་པ་བསྒོམས་ན། སྣ་ཚོགས་རྡོ་རྗེའི་ས་གཞི་ལ། འབྱུང་བ་ལྔ་པ་ནམ་མཁའི་དབྱིངས་ཏེ། ཁམས་ཀྱི་རང་བཞིན་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱའོ། །ཁྲོ་བོ་བཅུའི་སྲུང་འཁོར་བསྒོམས་ན། དབུས་ཀྱི་ཁྲོ་བོའི་ལྟོ་བའམ་ཞུ་བ་ལས་ཆོས་འབྱུང་བསྒོམ་སྟེ། དེ་ལ་དབྱིབས་ནི། སློབ་དཔོན་དཔལ་འཛིན་གྱིས་ཕྱག་རྒྱ་གྲུ་གསུམ་ཉིད་དེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོག་ཏུ་ཟུར་གཅིག་སྟེང་དུ་གཉིས་པའོ། །ཞེས་སྐྱེ་གནས་ཀྱི་དབྱིབས་ཅན། ཟུར་གཅིག་འོག་ཏུ་བསྟན་པས་རྩ་བ་ཕྲ་བ། ཟུར་གཉིས་གྱེན་ལ་བསྟན་པས་གདེངས་ཁ་ཆེ་བར་གྱུར་པ་ལ་བཞེད་པ་ཡང་ཡོད་མོད། འདིར་རྗེ་བཙུན་རྩེ་མོས། སྐུ་གསུང་ཐུགས་སྙིང་པོའི་ཕྱིར། གྲུ་གསུམ་ཟུར་བཞི་པའོ། །ཞེས་གྲུ་གསུམ་ལ་ཟུར་བཞི་ཡོད་པར་བཤད་པས། ཟུར་གསུམ་ནི་སྟེང་གི་ཕྱོགས་གཅིག་པུའི་དབང་དུ་བྱས་པ་ཡིན་ཏེ། སློབ་དཔོན་ཛ་ཡ་སེ་ནས། དབུས་མ་ནི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་དུའོ། །གཉིས་པ་གྲུ་བཞི་པ་དང༌། གསུམ་པ་གྲུ་ལྔ་པར་དང༌། བཞི་པ་ཟུར་དྲུག་པའི་ནང་དུ་སྟེ། ཁ་དོག་དམར་པོ་སྟེང་དུ་བལྟས་པ་རྣམས་སོ། །ཞེས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་བཞི་ལ་ཆོས་འབྱུང་ཟུར་དྲུག་པ་ལ་སོགས་པ་བཞི་བཤད་པ་ཡང༌། སྟེང་གི་ཕྱོགས་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་དེ་རྣམས་ཀྱང་ཟུར་བདུན་པ་ལ་སོགས་པར་ཐལ་བའི་སྐྱོན་ཡོད་དོ། །ཁ་དོག་ནི། ཤཱནྟི་པ། ཉིན་འབྱུང་ཟླ་བ། ནག་པོ་པ། གཉིས་མེད་རྡོ་རྗེ་རྣམས་ཀྱིས་དཀར་པོར་བཤད་ཅིང༌། རྗེ་བཙུན་རྩེ་མོས། མཚོ་སྐྱེས་ཀྱི་འགྲེལ་པར་ཡང་དེ་བཞིན་དུ་གསུངས་མོད། ཡན་ལག་བཞི་པ་དང༌། རྗེ་བཙུན་གྱི་ཡན་ལག་དྲུག་པ་སོགས་སུ་ཕྱི་དཀར་ལ་ནང་དམར་བར་བཤད་པ་ནི་སློབ་དཔོན་ཨ་བྷ་ཡས། པདྨའི་སའི་རེ་ཁཱའི་ནང་རྣམས་ཆོས་འབྱུང་མཚོན་བྱེད་ཡིན་པས། དམར་ཤས་ཆེ་བའི་དཀར་པོར་བཤད་པ་དང༌། ཛ་ཡ་སེ་ནས་ཀྱང་དམར་པོར་བཤད་པ་དང་མཐུན་ནོ། །ས་བོན་ནི། སློབ་དཔོན་གཞན་རྣམས་ཀྱིས་མ་བཤད་ཅིང༌། རྗེ་བཙུན་སྐུ་མཆེད་ཀྱིས་སྒྲུབ་ཐབས་རྣམས་ལས་མ་བཤད་ལ། མཚོ་སྐྱེས་ལས། ཤེས་རབ་ཨེའི་རྣམ་པ་དཀར་པོ་སྒོམ་མོ། །ཞེས་དང༌། མར་མེ་མཛད་ཀྱིས། དེ་ནས་ཨེ་ལས་ཆོས་ཀྱི་དབྱིངས། །ཆོས་འབྱུང་གྲུ་གསུམ་ནམ་མཁའ་མཉམ། །ཞེས་དང༌། ཛ་ལནྡྷ་རི་བ་དང༌། ཀཾ་པ་ལས་ཀྱང༌། ཨེ་ལས་བསྐྱེད་པར་བཤད་དོ། །ཆོས་འབྱུང་དེར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་བསྒོམ་པའི་དགོས་པ་ནི། རྗེ་བཙུན་སྐུ་མཆེད་ཀྱིས། གདུལ་བྱ་འདོད་ཆགས་ཅན་ཉེ་བར་གཞུག་པ་དང༌། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་བསྟན་པའི་དགོས་པའོ། །དེའང་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ན་འདོད་ཆགས་སུན་མི་དབྱུང༌། །གང་གཞན་དམ་ཚིག་གསུམ་པོ་རྣམས། །དེ་ཉིད་ཀྱི་ནི་ནང་དུ་འདུས། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་འབྱུང་དེའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དང༌། དེའི་སྟེང་དུ་རཾ་ལས་མེ་དང༌། དེའི་སྟེང་དུ་བཾ་ལས་ཆུ་དང༌། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སྟེ། སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་རྣམ་པར་དག་པའི་འབྱུང་བ་བཞིའི་དཀྱིལ་འཁོར་བསྒོམ་སྟེ། མི་ཐུབ་ཟླ་བས། བདག་མེད་མའི་སྒྲུབ་ཐབས་ལས། ཡཾ་བྱུང་རླུང་གི་དཀྱིལ་འཁོར་ཏེ། །སྔོན་པོ་གཞུ་འདྲ་བ་དན་མཚན། །རཾ་བྱུང་མེ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་ཕྲེང་བསྐོར་གྲུ་གསུམ་དམར། །བཾ་ལས་བྱུང་བའི་དཀྱིལ་འཁོར་ཏེ། །དཀར་པོ་བུམ་པས་བསྐོར་བར་མཚན། །ལཾ་བྱུང་དཀྱིལ་འཁོར་བཞི་པ་སྟེ། །སེར་པོ་རྡོ་རྗེ་ཕྲེང་བས་བསྐོར། །ཞེས་གསུངས་སོ། །དེ་ལྟར་འབྱུང་བ་རིམ་ཅན་དུ་བསྒོམ་པ་འདི་ནི་སློབ་དཔོན་འདིའི་དཀའ་འགྲེལ་ཀུ་མུ་ཏི། བདག་མེད་མ། གུར་གྱི་སྒྲུབ་ཐབས་རྣམས་སུ་བཤད་ལ། དེ་བཞིན་དུ་རིན་ཆེན་འབར་བ། མངོན་རྟོགས་དོན་གསལ། ནག་པོ་པ། བྱང་ཆུབ་སྙིང་པོ། གཉིས་མེད་རྡོ་རྗེ། མར་མེ་མཛད། ཀཾ་པ་ལ་རྣམས་ཀྱིས་ཀྱང་བཤད་དོ། །སྒྲུབ་ཐབས་འཁྲུལ་སྤོང་ལས། དང་པོར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ། ཁ་དོག་སེར་པོ། ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ་ཟུར་གསུམ་དུ་རེ་ཕས་མཚན་པའོ། །དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ཁ་དོག་ནག་པོ་ཟུར་གཉིས་སུ་འཕན་གཡོ་བས་མཚན་པའོ། །ཞེས་ལུགས་བཟློག་ཏུ་སྒོམ་པར་བཤད་ཅིང༌། ཉིན་འབྱུང་ཟླ་བ། སྒྲུབ་ཐབས་མཚོ་སྐྱེས། བདུད་རྩི་འོད་རྣམས་ལས་ཀྱང་དེ་བཞིན་དུ་བཤད་དོ། །འོ་ན་འདི་གཉིས་མི་འདྲ་བར་བཤད་པའི་རྒྱུ་མཚན་ཅི་ཞེ་ན། རྗེ་བཙུན་གྱིས། འདིར་རླུང་ནས་མས་རིམ་དུ་བསྒོམ་པར་བྱའོ། །དེ་ལྟ་ན་སློབ་དཔོན་པདྨ་བ་དང༌། ཌོམྦི་པས་ས་ནས་སྒོམ་པར་བཤད་པ་དང་མི་འགལ་ལམ་སྙམ་ན། མི་འགལ་ཏེ། དེ་དག་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། འཁོར་ལོ་བཞིའི་གོ་རིམ་ལ་དགོངས་པ་ཡིན་ཏེ། འདི་ཉིད་ཀྱི་ལེའུ་བཅུ་པ་ལས། རེག་པ་སྲ་བའི་བག་ཆགས་ཀྱིས། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་གཤེར་བའི་རྣམ་པ་ཡིས། །ཆུ་ཡི་ཁམས་ནི་འབྱུང་བར་འགྱུར། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། །ཞེས་འབྱུང་བ་དང༌། ཡང་ལྟོ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོར་རླུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །རླུང་ནས་བསྒོམ་པ་ནི་ཕྱི་རོལ་གྱི་འབྱུང་བ་རླུང་ནས་རིམ་གྱིས་ཆགས་པ་དང༌། ལུས་ཀྱི་དཀྱིལ་འཁོར་ལ་དགོངས་ཏེ། ཁ་སྦྱོར་ལས། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང༌། །གཞུ་ཡི་དབྱིབས་སུ་ཡང་དག་གནས། །སུམ་མདོར་ཡང་ནི་མེ་ཡིན་ཏེ། །གྲུ་གསུམ་འབར་བའི་དབྱིབས་སུ་གནས། །ལྟོ་བར་ཡང་ནི་ཆུ་ཡིན་ཏེ། །ཟླུམ་པོའི་གཟུགས་སུ་ཡང་དག་གནས། །སྙིང་གར་ཡང་ནི་ས་ཉིད་དོ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་འབྱུང་ངོ༌། །དེ་དག་ནི་ཡན་ལག་ཙམ་ཡིན་ལ། གཙོ་བོར་ས་ནས་བསྒོམ་པ་ནི་སྦྱང་གཞི་ལུས་འགྲུབ་པའི་མངལ་གྱི་སྔོན་འགྲོ་སྦྱང་བས་ན་དྲི་མ་ཆུང་ལ། རླུང་ནས་བསྒོམ་པ་ནི་མངལ་གྱི་དངོས་གཞི་སྦྱོང་བས་ན་ཅུང་ཟད་ཟབ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རྣམ་ཤེས་ལས་ནི་སྐྱེས་པ་རླུང༌། །དེ་ལས་མེ་ནི་འབྱུང་བར་འགྱུར། །དེ་ལས་སྐྱེས་པ་ཆུ་ཡིན་ཏེ། །དེ་ལས་དབང་ཆེན་འབྱུང་བར་འགྱུར། །དེ་ལས་ཕུང་པོ་འབྱུང་བར་འགྱུར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །བརྒྱ་རྩ་བརྒྱད་ཀྱི་སྦྱོར་བས་སོ། །ཞེས་གསུངས་པ་ཡིན་ནོ། །གང་ལྟར་ཡང་འདྲ་བར་སྣང་བས་ན། སྦྱང་གཞི་གཙོ་ཆེ་ཆུང་ཅུང་ཟད་ཡོད་ཀྱང༌། ས་ནས་རིམ་གྱིས་བསྒོམ་པས་བཏུབ་མོད་སྙམ་ན། རྡོ་རྗེ་གུར་ལས། ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་སྟེང་དུ་ཡང༌། །གསལ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་སྟེང་དུ་ནི། །བརྟུལ་ཞུགས་ཅན་གྱི་དབང་ཆེན་བསྒོམ། །ཞེས་འབྱུང་བ་ཡིན་ནོ། །ཞེས་བཤད་པ་ལྟར་རོ། །སའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་གུར་ལས། འབྱུང་བཞིའི་བདག་ཉིད་དཀྱིལ་འཁོར་ཉིད། །དེ་ཡི་སྟེང་དུ་སངས་རྒྱས་བསམ། །སྤྲོས་ནས་གཞལ་ཡས་གནས་དགོད་བྱ། །ཞེས་གསུངས་པ་ལ་བརྟེན་ནས། སློབ་དཔོན་འདིས། རིན་ཆེན་འབར་བ། མངོན་རྟོགས་དོན་གསལ་སོགས་ལས་བཤད་པས། ས་བོན་བྷྲཱུྃ་ལས་བྱུང་བའི་འཁོར་ལོའི་ཁ་དོག་ནི། བླ་ཆེན་འཕགས་པས་དཀར་པོར་བཤད་ལ། ཁ་ཅིག་གིས་སེར་པོར་བྱས་སོ། །དེ་ལ་དང་པོ་ལྟར་ན། འཁོར་ལོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པས་དེའི་ཁ་དོག་ལ་དགོངས་པ་ཡིན་ལ། ཕྱི་མ་ནི་རྣམ་སྣང་གི་སྦྱང་གཞི་སའི་ཁམས་ཡིན་ལ། དེའི་ཁ་དོག་སེར་པོ་ཡིན་པས་དེའི་དབང་དུ་བྱས་པའོ། །ཞེས་ཡེ་ཤེས་ཞབས་ལུགས་པ་རྣམས་འཆད་དོ། །དབྱིབས་ནི། རྗེ་བཙུན་རྩེ་མོས་རྩིབས་བརྒྱད་པ་དང༌། རྗེ་བཙུན་ཆེན་པོས་རྩིབས་བཅུ་པར་གསུངས་པ་གཉིས་ཀ་མི་འགལ་ཏེ། དང་པོས་ཕྱོགས་མཚམས་བརྒྱད་པོ་ཙམ་ཞིག་དང༌། གཉིས་པས་སྟེང་འོག་གཉིས་དང་བཅས་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །འདིར་ལྷའི་རིགས་ཀྱི་བློ་གྲོས་ཀྱིས། དེར་བྷྲཱུྃ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྤུའི་བུ་ག་ལས་བདུད་རྩིའི་རྒྱུན་འཛག་པས། འབྱུང་བཞི་ཞུ་བ་ལས་བྱུང་བའི་ཁང་བུ་བརྩེགས་པ་ཞེས་དང༌། བྱང་ཆུབ་སྙིང་པོས། བྷྲཱུྃ་དང་འཁོར་ལོ་ལས་རྣམ་སྣང་དུ་བསྐྱེད་ནས། དེ་འབྱུང་བཞི་དང་གཅིག་ཏུ་འདྲེས་པ་ལས། གཞལ་ཡས་ཁང་བསྐྱེད་པར་བཞེད་དེ། འདི་གཉིས་རྒྱས་པ་ཡིན་ལ། འདིར་བསྟན་པ་ལྟར། ས་བོན་དང་ཕྱག་མཚན་ཙམ་ལས་བསྐྱེད་པ་ནི་འབྲིང་དང༌། གཞན་དུ་ས་བོན་ཙམ་ལས་བསྐྱེད་པ་ནི་བསྡུས་པ་སྟེ། དེ་གསུམ་ག་ཡང་རྡོ་རྗེ་གུར་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །སྤྲོ་བ་དང་ནི་བསྡུ་བའི་ལུས། །ཆོས་ཀྱི་དབྱིངས་ཀྱི་ཡི་གེས་བསྐྱེད། །དེས་ནི་སངས་རྒྱས་གནས་དགོད་བྱ། །ཞེས་པའི་དོན་ཡིན་པས། འདིར་བསྟན་པའི་འཁོར་ལོ་དང་བྷྲཱུྃ་ཡིག་ཀྱང༌། རྣམ་སྣང་གི་རང་བཞིན་ཡིན་ཏེ། ཀུ་མུ་ཏིར། འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་མཚན་མར་གྲགས་སོ། །ཞེས་བཤད་པའི་ཕྱིར་རོ། །གསུམ་པ་ནི། འཁོར་ལོ་དེའི་སྟེང་དུ་བདག་ཉིད་ཀྱི་སེམས་བར་མ་སྐྱེ་བ་སྟེ་བར་སྲིད་ཀྱི་ངོ་བོ། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་སྟེ། སྒོ་གསུམ་གྱི་ངོ་བོའི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ། སྲེད་པ་དང་ལེན་པའི་རང་བཞིན་ཧོ་དམར་པོ་གཉིས་ཀྱིས་མཐའ་བརྟེན་པ་སྟེ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། དེ་ཉིད་གསུམ་གྱི་ས་བོན་དཀར་དམར་གནག །མགོ་དང་ཞབས་སུ་ཧོ་སེར་གཉིས་དཀྱིལ་བཅུག །ཅེས་སོ། །དེ་ལྟ་བུ་བར་སྣང་ལ་སྒོམ་པའི་བསམ་གཏན་བྱས་ནས། དེ་ལས་རང་གི་སེམས་བར་སྲིད་ཀྱི་ངོ་བོ་ཆ་གཅིག་འོངས་པ་འདི་ནི་སྔར་བསྒོམས་པའི་འབྱུང་བའི་དཀྱིལ་འཁོར་བཞི་དང༌། འཁོར་ལོ་དེ་ནི་ལྔ་པོའོ་སྟེ། འཁོར་ལོ་རྣམས་ལ་ཐིམ་པས། དེ་རྣམས་རོ་གཅིག་ཏུ་གྱུར་པ་དེ་ལས། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྣམ་པ་གཞལ་ཡས་ཁང་དུ་གྱུར་པར་བསྒོམ་མོ། །འདིར་བླ་མ་ཁ་ཅིག་རང་བཞིན་གྱི་གནས་ནས་བར་སྲིད་ཡིག་འབྲུ་ལྔའི་གཟུགས་ཀྱིས་འོངས་ནས། འབྱུང་བཞི་སོགས་ལ་འདྲེས་པ་ལས། ཐོག་མར་བསྐྱེད་པ་མི་འདོད་པ་ནི་ཤིན་ཏུ་མི་འཐད་དེ། རྡོ་རྗེ་གུར་ལས། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་མའི་བསམ་གཏན་བྱ། །ཞེས་གསུངས་པ་དང༌། སློབ་དཔོན་མི་ཐུབ་ཟླ་བས། སྒྲུབ་ཐབས་འདི་དང༌། ཀུ་མུ་ཏི། བདག་མེད་མའི་སྒྲུབ་ཐབས་རྣམས་ལས་ཀྱང༌། གུར་གྱི་རྒྱུད་ཚིག་དེ་ཉིད་བཤད་པ་དང༌། རིན་ཆེན་འབར་བར། བྷྲཱུྃ་ལས་འཁོར་ལོ་དེ་སྟེང་དུ། །སྲིད་པ་བར་མའི་བག་ཆགས་བསམ། །ཞེས་གསུངས་པ་རྣམས་དང་འགལ་བའི་ཕྱིར་རོ། །དེས་ན་རྗེ་བཙུན་གྱིས། ཡན་ལག་དྲུག་པར་བར་སྣང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་ཧོ་དམར་པོ་གཉིས་ཀྱིས་མཐའ་རྟེན་པ་ཞེས་བསྐྱེད་པ་གསལ་པོར་གསུངས་ཤིང༌། མངོན་རྟོགས་དོན་གསལ་ལས་ཀྱང༌། དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ། དེའི་སྟེང་དུ་བདག་ཉིད་སྲིད་པ་བར་མའི་བག་ཆགས་བསམ་པར་བྱའོ། །ཞེས་གསུངས་སོ། །མདོར་ན། འཁོར་ལོའི་སྟེང་དུ་བར་སྲིད་མཚོན་བྱེད་ཡིག་འབྲུ་ལྔ་བསྒོམས་ནས། དེ་ལས་དེ་འདྲ་བའི་ཡིག་འབྲུ་ལྔ་ཆ་གཅིག་ཆད་དེ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཐིམ་པས་གཞལ་ཡས་ཁང་གྲུབ་པར་བསྒོམ་སྟེ། མི་ཐུབ་ཟླ་བས། སྲིད་པ་བར་མ་བསམ་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །འདྲེས་གྱུར་དེ་ལས་བྱུང་བ་ནི། །སངས་རྒྱས་ཕོ་བྲང་ཐུན་མོང་མིན། །ཞེས་དང༌། གྲུབ་ཆེན་ཌོམྦྷི་པས། བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་བཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་གསུངས་སོ། །དེ་རྣམས་ཀྱི་དོན་བསྡུས་ནས། རྗེ་བཙུན་གྱིས་ཡན་ལག་དྲུག་པར། བར་དོའི་ཤེས་པ་འབྱུང་བ་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས་གཞལ་ཡས་ཁང་ཞེས་གསུངས་སོ། །གལ་ཏེ་བར་དོ་བསྐྱེད་པ་དང༌། བསྟིམ་པ་བཤད་པ་བདེན་མོད། ཆ་གཅིག་བར་སྣང་ལ་འཇོག་པ་བྱ་མི་དགོས་སོ་སྙམ་ན། དེ་ལྟར་ན་རང་གི་བར་སྲིད་ཀྱིས་ཡི་དམ་ལྷའི་སྐྱེ་བ་ལེན་མི་དགོས་པར་འགྱུར་ཏེ། འདིར་ཐམས་ཅད་བསྟིམས་ནས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་པའི་ཕྱིར་རོ། །གཞན་ཡང་འོག་ཏུ་རྒྱུ་རྡོ་རྗེ་འཛིན་སྙོམས་འཇུག་བྱེད་པའི་སྐབས་སུ་བར་སྲིད་འཇུག་པར་བཤད་པ་དེ། གང་ཟག་གཞན་གྱི་བར་སྲིད་དུ་འགྱུར་ཏེ། རྣལ་འབྱོར་པ་རང་གི་བར་སྲིད་ཐམས་ཅད་སྔར་བཅུག་ཟིན་པའི་ཕྱིར་རོ། །གལ་ཏེ་རྒྱུ་རྡོར་འཛིན་སྙོམས་འཇུག་བྱེད་པའི་སྐབས་སུ་སྔར་དང་འདྲ་བའི་བར་སྲིད་བསྒོམས་ནས། དེ་རང་ལ་བཅུག་པས་ཆོག་གོ་སྙམ་ན། དེ་ལྟར་ན་བར་སྲིད་དེ་འཆི་སྲིད་ལས་ལྡང་མི་དགོས་པར་འགྱུར་ཏེ། སྐབས་དེར་འཆི་སྲིད་ཀྱི་སྦྱོང་བྱེད་གང་ཡང་མ་བསྟན་པའི་ཕྱིར་རོ། །དེས་ན་ཡི་གེ་འབྲུ་ལྔ་པོ་འདི་བར་སྣང་ལ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་མ་ཞུགས་ཀྱི་བར་ལ་འཇོག་ཅིང༌། གཞལ་ཡས་ཁང་བསྐྱེད་པའི་སྐབས་འདིར། སྔར་བཤད་པ་ལྟར། དེ་ལས་བར་དོའི་ཤེས་པ་ཆ་གཅིག་ཆད་ནས་འབྱུང་བ་བཞི་ལ་ཐིམ་པར་བསྒོམས་ལ། འབྲས་བུ་རྡོར་འཛིན་བཞེངས་པའི་གོང་དུ་ནི་ཐམས་ཅད་ཐིམ་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཡང་གཞན་དག་བརྟེན་པ་ལྷ་ལ་རང་གི་ཤེས་པ་འཇུག་པ་ནི་ལེགས་མོད་ཀྱི། རྟེན་གཞལ་ཡས་ཁང་ལ་ཤེས་པ་འཇུག་པ་ཤིན་ཏུ་མི་རིགས་ཏེ། བེམ་པོ་ལ་ཡིད་ཀྱི་ཤེས་པ་མེད་པའི་ཕྱིར་རོ་སྙམ་ན། འདི་ནི་མི་འཐད་དེ། འདིར་གཞལ་ཡས་ཁང་དང་ཤེས་པ་བསྲེ་བ་ནི། རྩ་རྒྱུད་ལས། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་པའི་དོན་ཡིན་པས། འདི་མི་འདོད་པའི་རྒྱ་གར་བ་དང༌། བོད་ཀྱི་ཀྱེ་རྡོར་བ་སུ་ཡང་མེད་ལ། དེ་བསྲེས་པའི་དགོས་པ་ལ་མི་འདྲ་བ་གཉིས་ཏེ། གཞལ་ཡས་ཁང་གི་རྒྱུར་འཁོར་ལོ་མེད་པ་དང་ཡོད་པའོ། །དང་པོ་ནི། སློབ་དཔོན་མཚོ་སྐྱེས། ཤཱནྟི་པ། ཉིན་འབྱུང༌། གཉིས་མེད་རྡོ་རྗེ། མར་མེ་མཛད་རྣམས་ཀྱིས་རང་སེམས་འབྱུང་བཞི་ལ་ཁྱབ་པའི་ཚུལ་གྱིས་གནས་པར་གསུངས་ཤིང༌། ནག་པོ་པས་དེ་ཉིད་སྒོམ་པ་པོ་དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཁྱབ་པར་བྱེད་པ་དེ་ཉིད་དུ་ངེས་པར་གནས་སོ། །ཞེས་དང༌། ཤཱནྟི་པ་སོགས་ཀྱིས་ཀྱང་དེ་ལྟར་བཤད་ལ། དེའི་དགོས་པ་ནི། ཕྱི་རོལ་གྱི་འབྱུང་བ་བཞིའི་དཀྱིལ་འཁོར་ཡང༌། རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི། སེམས་ལས་གཞན་པའི་ཕྱི་རོལ་གྱི་དོན་བདེན་གྲུབ་ཏུ་མེད་དོ་ཞེས་ཤེས་པའི་དོན་ཡིན་ཏེ། བྷ་བ་བྷ་དྲས། སྒོམ་པ་པོ་ཞེས་པ་ནི། སེམས་ཀྱི་གཟུགས་ཏེ། སེམས་ཉིད་ས་ལ་སོགས་པའི་རང་བཞིན་དུ་བྱུང་ཞེས་པའི་དོན་ཏོ། །ཞེས་དང༌། ནག་པོ་དམ་ཚིག་རྡོ་རྗེས། སྒོམ་པ་པོ་ནི་སེམས་ཏེ། སེམས་ཉིད་དེ་དག་གི་རྣམ་པར་བྱུང་བའོ། །ཞེས་གསུངས་ཤིང་དེ་རྣམས་ཀྱི་དོན་བསྡུས་ནས། རྗེ་བཙུན་རྩེ་མོས། དེ་ནས་རྐྱེན་གྱི་ཡན་ལག་ནི། །འབྱུང་བཞིར་རྣམ་ཤེས་ཞུགས་སྒོམ་སྟེ། །འབྱུང་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱང༌། །རང་གི་སེམས་ཙམ་དུ་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་གཞལ་ཡས་ཁང་གི་རྒྱུར་འཁོར་ལོ་ཡོད་པ་ལྟར་ན། སྔར་བཤད་པ་ལྟར་འཁོར་ལོ་སོགས་ནི་རྣམ་སྣང་གི་ངོ་བོ་ཡིན་པས། གཞལ་ཡས་ཁང་ལ་ང་རྒྱལ་འཇོག་པའི་ཚེ། རང་ཉིད་རྣམ་སྣང་དང༌། གཟུགས་ཀྱི་རྣམ་པ་གཞལ་ཡས་ཁང་ཐ་མི་དད་པའི་རང་བཞིན་ལ་ང་རྒྱལ་འཇོག་དགོས་པས། དེའི་ཕྱིར་རང་གི་བར་སྲིད་ཆ་གཅིག་འཇུག་པ་ཡིན་ཏེ། ཀུ་མུ་ཏི་ལས། དཀྱིལ་འཁོར་འབའ་ཞིག་བསྒོམ་པར་བྱ་བ་ནི་མ་ཡིན་གྱི་སྒོམ་པ་པོའི་བདག་ཉིད་ཀྱང་བསྒོམ་པར་བྱའོ། །ཞེས་བྱ་བར་དགོངས་པའོ། །ཇི་ལྟར་འབྱུང་བ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་སྟེ། དེའི་ང་རྒྱལ་གྱིས་གནས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྗེ་བཙུན་རྩེ་མོའི་ཡན་ལག་བཞི་པར། དེ་ལྟ་བུའི་འབྱུང་བ་བཞི་པོ་ཐམས་ཅད་ཀྱང་རང་གི་སེམས་ཡེ་ཤེས་ཀྱི་སྣང་བ་ཙམ་ཡིན་པར་ཤེས་པར་བྱས་པས་དེ་དག་ཐམས་ཅད་སྐད་ཅིག་གིས་འོད་དུ་ཞུ་སྟེ། ཞེས་འཁོར་ལོ་མེད་པར་བར་སྲིད་འཇུག་པའི་ལུགས་དང༌། རྗེ་བཙུན་ཆེན་པོས། ཡན་ལག་དྲུག་པར། འཁོར་ལོ་དང་བཅས་ཏེ་བར་སྲིད་འཇུག་པར་གསུངས་པ་ཉིད་ཀྱང༌། སྔ་མ་ལྟར་དགོས་པ་མི་འདྲ་བར་ཤེས་པར་བྱའོ། །བཞི་པ་ལ་གཉིས། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གསུམ། རྒྱུད་འགྲེལ་ལས་ཇི་ལྟར་གསུང་ཚུལ། རང་གི་ངོ་བོ་ཞིབ་ཏུ་གཏན་ལ་དབབ་པ། ཞར་བྱུང་དུར་ཁྲོད་བཤད་པའོ། །དང་པོ་ནི། རྩ་རྒྱུད་དང་པོའི་བཅུ་པར། སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས། །གྲུ་བཞི་ཡང་དག་འབར་བ་ཉིད། །སྒོ་བཞི་གཟི་བརྗིད་ཆེན་པོ་སྟེ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཕྲེང་བ་ལ་སོགས་རྔ་ཡབ་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །རྡོ་རྗེ་སྲད་བུ་མཉམ་པར་ལྡན། །མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། །བདུག་པ་མར་མེ་དེ་བཞིན་དྲི། །བུམ་པ་བརྒྱད་ལ་སོགས་པ་ལྡན། །ཞེས་དང༌། ཕྱི་མའི་ལྔ་པར། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །མཚམས་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེ་སྲད་བུས་ཡང་དག་བརྒྱན། །ཞེས་གསུངས་སོ། །དེའི་དོན་རྒྱ་བོད་ཀྱི་འགྲེལ་པ་མཁན་པོ་རྣམས་ཀྱིས་གཞུང་གི་འབྲུ་འཇོམས་པ་ཙམ་ལས་གསལ་པོར་མ་གསུངས་ཤིང༌། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་གཞུང་རྣམས་དང༌། བོད་ཀྱི་བླ་མ་རྣམས་ཀྱི་གསུང་རབ་ལས་ཀྱང་གཞལ་ཡས་ཁང་པའི་མངོན་རྟོགས་ཙམ་ལས་རྣམ་གཞག་རྒྱས་པར་མ་བཤད་ལ། དེ་བཞིན་དུ་རྒྱུད་སྡེ་བཞི་ཆར་གྱི་གཞུང་རྣམས་ལས་ཆ་རེ་རེ་ནས་བསྡུ་བ་མ་གཏོགས་ཀྱེ་རྡོར་ལྟ་བུའི་ཆོས་སྐོར་གཅིག་ནས་ཡོངས་སུ་རྫོགས་པར་མི་འབྱུང་བས། གཞུང་མང་པོའི་ལེགས་བཤད་ཀྱི་ཆ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས། གཞལ་ཡས་ཁང་པའི་ཚད་རྣམ་པར་གཞག་པ་ཤེས་དགོས་སོ། །གཉིས་པ་ནི། འོག་གཞི་ལོགས་དང་སྟེང་ཐོག་དང༌། །སྒོ་དང་རྟ་བབས་ལྔ་ཡིས་བསྡུས། །འོག་ལ་སྣ་ཚོགས་རྡོ་རྗེ་དང༌། །ཉི་མ་པདྨ་ཁོར་ཡུག་གོ །དེ་ལ་དང་པོ་སྣ་ཚོགས་རྡོ་རྗེ་ནི། གཞལ་ཡས་ཁང་པ་གནས་པའི་རྟེན་ཏེ། དེའི་ལྟེ་བ་གྲུ་བཞི་པའི་ཤར་ནུབ་ཀྱི་རྒྱ་ནི་ཆ་ཆེན་བཅུ་གཉིས་ཡིན་ལ། དེའི་སྟེང་འོག་གི་དཔངས་ནི་ཆ་ཆེན་གཅིག་གོ །དེ་ལས་འཐོན་པའི་ཕྱོགས་བཞིའི་རྭ་ནི་ཆ་ཆེན་གཉིས་པ་དང༌། ཆ་ཆེན་བཞི་པ་གཉིས་ལས། དང་པོ་ལྟར་ན། རྩ་ཐིག་ནས་རྩ་ཐིག་གི་བར་ལ་དཀྱིལ་འཁོར་དུ་བྱས་པའི་ཐིག་སྐུད་དེ་ཉིས་འགྱུར་གྱི་ལུགས་དེ་ཐིག་སྐུད་ཆ་ཆུང་རེ་བཞི་པའི་ཕྱོགས་རྟ་བབས་དཔངས་སུ་སྒོ་ཚད་གཅིག་མ་ཡིན་ལ། དེའི་ཕྱིར་རྭའི་སྲིད་ལ་ཆ་ཆེན་གཉིས་ཡོད་དོ། །གཉིས་པ་ལྟར་ན། མདའ་ཡབ་ནས་མདའ་ཡབ་ཀྱི་བར་ལ་དཀྱིལ་འཁོར་དུ་བྱས་ནས། ཐིག་སྐུད་དེ་ཉིས་འགྱུར་གྱི་ལུགས་ཏེ། ཐིག་སྐུད་ཆ་ཆུང་གོ་དྲུག་པའི་ཕྱོགས་རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ་ཡིན་པས་དེའི་ཕྱིར་རྭའི་སྲིད་ཀྱི་ཚད་ལ་ཆ་ཆེན་བཞི་ཡོད་དོ། །རྒྱ་གར་བ་ཁ་ཅིག་རྭ་ཆ་ཆུང་བཅུ་བཞི་པར་འདོད་པ་ནི། ལུགས་གཉིས་ཀ་དང་མི་མཐུན་པའོ། །ཞེས་ཨ་བྷ་ཡཱས་བཀག་གོ །དེ་ལྟ་བུའི་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཀྱི་ཁ་དོག་ཀྱང་ཕྱོགས་མདོག་ཡིན་ལ། དབུས་ཀྱི་ཁ་དོག་ནི་འདིར་སྔོན་པོའོ། །གཉིས་པ་ཉི་མ་ནི་སྣ་ཚོགས་རྡོ་རྗེ་གནས་པའི་གཞི་སྟེ། མེ་ཤེལ་གྱི་རང་བཞིན་ཅན་ཁ་དོག་དམར་པོ་དབྱིབས་ཟླུམ་པོ། རྒྱར་རྟ་བབས་སྒོ་ཚད་གཅིག་མ་ལྟར་ན་ཆ་ཆུང་དྲུག་ཅུ་རེ་བཞི་དང༌། སྒོ་ཚད་གསུམ་མ་ལྟར་ན་ཆ་ཆུང་བརྒྱད་ཅུ་ཐམ་པའི་ཚད་དང་ལྡན་པའོ། །གལ་ཏེ་ཉི་མ་དམར་པོ་ཡིན་ན། བྲི་བྱ་ལ་ཁ་དོག་ལྗང་གུར་བྱེད་པ་དང་འགལ་ལམ་སྙམ་ན། ཉི་མའི་ཁ་དོག་དམར་པོ་ཡིན་ཀྱང༌། དེའི་འོག་ན་པདྨ་ཡོད་ལ་དེའི་ལྟེ་བ་ལྗང་གུ་ཡིན་པར་ཨ་བྷ་ཡས་བཤད་ལ་དེའི་ཁ་དོག་ཏུ་གྱུར་པ་སྟེ། དཔེར་ན་དར་ལྗང་གུའི་སྟེང་དུ་ཤེལ་དམར་པོ་བཞག་པ་ལྟ་བུའོ། །ཞེས་བོད་ཀྱི་ཕྲེང་བ་མཁན་པོ་རྣམས་ཀྱིས་གསུངས་སོ། །གསུམ་པ་པདྨ་ནི་སྣ་ཚོགས་རྡོ་རྗེ་གནས་པའི་རྟེན་ཏེ། ལྟེ་བའི་ཚད་ཉི་དཀྱིལ་དང་མཉམ་ལ། འདབ་མའི་རྒྱ་ཆ་ཆུང་གཉིས་པར་ཐིག་གི་རིགས་པས་ཤེས་ཤིང༌། གྲངས་ནི་ལ་ལི་ཏ་བཛྲས། འདབ་མ་འབུམ་ལྡན་དེ་དབུས་སུ། །ཞེས་བཤད་ལ། བླ་མ་རྔོག་པ་རྣམས་ཀྱིས་སུམ་ཅུ་སོ་གཉིས་པར་འདོད་དེ། ཁ་དོག་ནི་ཨ་བྷ་ཡས་སྣ་ཚོགས་པར་བཤད་པ་ལྟར་ཡིན་ནོ། །བཞི་པ་ཁོར་ཡུག་ནི་ཆོས་འབྱུང་གི་ས་དང༌། རྡོ་རྭ་དང༌། མེ་རི་སྟེ་འདི་དག་ནི་སྔར་བཤད་པ་ལྟར་རོ། །ལོགས་ལ་རྩིག་པ་ཕ་གུ་དང༌། །དྲྭ་ཕྱེད་ཤར་བུ་མདའ་ཡབ་བོ། །དེ་ལ་དང་པོ་རྩིག་པ་ནི། སྔར་གྱི་སྣ་ཚོགས་རྡོ་རྗེའི་སྟེང་དུ། ཆ་ཆེན་བཅུ་གཉིས་མཉམ་པར་བགོས་པའི་དབུས་ནས། ཕྱི་རོལ་དུ་བགྲངས་པའི་ཆ་ཆེན་ལྔ་པ་ལ་དབུས་དོར་མཐའ་གཉིས་གདབ་པའི་མཐའ་ནང་མ་ནི་རྩིག་པའི་ས་ཡིན་པས་དེའི་རྒྱ་ནི་ཐིག་ན་ཇི་ལྟར་ཡོད་པ་བཞིན་ཡིན་ལ། ཁོར་ཡུག་ནི་ཕྱོགས་བཞི་ཆར་ལ་སྒོ་ལོགས་ནས་སྒོ་ལོགས་ཀྱི་བར་རྒྱུན་ཆགས་སུ་སོང་བའོ། །དཔངས་ནི་རྒྱ་དཔངས་མཉམ་པོར་འདོད་པ། རྒྱ་ཕྱེད་དཔངས་སུ་འདོད་པ། ཆ་ཕྲན་ལྔར་འདོད་པ། གསུམ་ལས། དང་པོ་ལྟར་ན། སྔ་རབས་པ་འགའ་ཞིག་རྩིག་ཐིག་གི་ནང་ནས་ནང་གི་བར་ལ་ཆ་ཆེན་བརྒྱད་ཡོད་ལ། དེ་ཉིད་རྩིག་པ་མན་ཆད་ཀྱི་དཔངས་སུ་འདོད་ལ། ཁ་ཅིག་ཆ་ཆེན་བརྒྱད་པོ་དེ་ཉིད་དྲྭ་ཕྱེད་མན་ཆད་ཀྱི་དཔངས་སུ་འདོད་དོ། །དེ་ལ་ཕྱིས་ཀྱི་མཁས་པ་དག དཀྱིལ་འཁོར་གྱི་ཀ་བ་ལ་ཆ་ཆེན་བཞི་ལས་མེད་པས། ཀ་བའི་རྩེ་ནས་ཐོག་གི་བར་དུ་བར་སྟོང་ཆ་ཆེན་བཞི་ཡོད་པར་འགྱུར་ལ། དེ་ལྟར་ན་ཀ་བ་ལ་འདེགས་རྒྱུ་མེད་གདུང་ལ་འདེགས་མཁན་མེད་པའི་སྐྱོན་ཡོད་དོ། །གལ་ཏེ་སྐྱོན་མེད་དེ་ཐིག་ཏལ་པོར་བཏབ་པ་དེ་ཀ་བ་རེའི་དཔངས་ཚད་ཡིན་པས་ཐོག་དང་ཀ་བ་དཔངས་མཉམ་མོ་ཞེ་ན། དེ་ལྟ་ན་ཀ་བ་བཞི་ལས་མེད་པས་བརྒྱད་མ་ཚང་ཞིང༌། ཕྱོགས་རེར་ཀ་བ་རེ་རེ་ལས་མེད་པའམ། ཡང་ན་ཕྱོགས་གཉིས་སུ་ཀ་བ་གཉིས་གཉིས། ཕྱོགས་གཉིས་སུ་ཀ་བ་མེད་པའི་སྐྱོན་དུ་འགྱུར་ལ། དེ་ཉིད་སྣང་ཆེན་དུ། ཕྱོགས་ཀྱི་ཆ་རེ་རེ་ཞིང་རྩིག་པ་ལ་བརྟེན་པའི་རྡོ་རྗེའི་ཀ་བ་གཉིས་གཉིས་ཡོད་པས་ཞེས་བཤད་པ་དང་འགལ་བར་འགྱུར་རོ། །འོ་ན་ཐམས་ཅད་གསང་བར། ཕྱི་ཡི་གྲུ་བཞི་གང་ཡིན་པར། །ཚད་ཀྱིས་མཉམ་པ་ཉིད་གྱུར་པ། །ཞེས་རྒྱ་དཔངས་མཉམ་པར་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གྲུ་བཞིའི་ལོགས་བཞི་པོ་མཉམ་པ་ལ་དགོངས་ཏེ། དེའི་འགྲེལ་པར། ཕྱིའི་གནས་གང་ཡིན་པར་ཚད་ཀྱི་ལོགས་བཞི་མཉམ་པར་གྱུར་པ་གང་ཡིན་པ་དེ་ནི་ཐིག་བཞི་ཞེས་བྱ་ལ། ཞེས་ལོགས་བཞི་མཉམ་པ་ལ་བཤད་པའི་ཕྱིར་རོ། །ཞེས་ཕྱོགས་སྔ་མ་ལ་དགག་པ་མཛད་པ་རྣམས་བསྙོན་མི་ནུས་པར་སོང་བར་སྣང་མོད། འོན་ཀྱང་དེ་ཉིད་སྣང་ཆེན་གྱི་ལུང་དེ་ནི་བསྒོམ་བྱའི་སྐབས་སུ་ཀ་བ་བརྒྱད་ཡོད་པར་བསྟན་པ་ཡིན་ལ། འདིར་ཕྱོགས་སྔ་མའི་བློ་ཡུལ་དུ་བྲི་བྱ་ལ་ཀ་བ་བརྒྱད་ཡོད་པའི་ལུང་ཞིག་དགོས་པས་ན། འདིར་རྡོ་རྗེ་རྩེ་མོ་ལས། ཟུར་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་མཛེས་བྱས་ཞིང༌། །རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བར། །དཀྱིལ་འཁོར་དབུས་མ་བྲི་བར་བྱ། །ཞེས་དང༌། སམྦུ་ཊ་ལས། དེའི་འཁོར་ལོ་སོ་སོའི་སྐབས། །ནང་དུ་ཡང་ནི་ཞུགས་ནས་ནི། །རྡོ་རྗེ་ཐིག་ནི་ཡོངས་བཅུག་ཅིང༌། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཀ་བའི་རྩེར་གནས་ལ། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །ཞེས་གསུངས་པ་རྣམས་ལུང་དུ་དྲངས་པས་རྒྱ་དཔངས་མཉམ་པོར་འདོད་པ་ཐམས་ཅད་ཁེགས་པ་ཡིན་ནོ། །གཉིས་པ་རྒྱ་ཕྱེད་དཔངས་སུ་འདོད་པ་ལྟར་ན། ཕྱིས་ཀྱི་མཁས་པ་དག་དཀྱིལ་འཁོར་གྱི་ཀ་བ་ནི་རྩ་བ་རྩིག་པ་ནས་རྩེ་མོ་དཀྱིལ་འཁོར་གྱི་དབུས་སུ་སླེབས་པས་ཆ་ཆེན་བཞི་ཡིན་ཏེ། ཀོ་ས་ལར། ཀ་བ་བརྒྱད་ཀྱི་ཞེས་པ་ལ་སོགས་པ་ལ། སྒོ་རེ་རེའི་ཐད་ཀར་ཡང་ཀ་བ་གཉིས་གཉིས་ཏེ་མཐའ་གཅིག་ནི་རྡོ་རྗེའི་ཐིག་ལ་བརྟེན་པ། མཐའ་གཅིག་ནི་དཀྱིལ་འཁོར་གྱི་ལྟེ་བ་ལ་བརྟེན་ནོ། །དེ་ལྟར་ན་སྒོ་བཞིའི་ཐད་དུ་ཀ་བ་བརྒྱད་དུ་འགྱུར་རོ། །ཞེས་སོ། །ཀ་བ་རྣམས་ཕྱོགས་མདོག་ལ། ཁ་དོག་གཞན་གྱི་རིན་པོ་ཆེས་སྤྲས་པ། ཀ་གདན་ཀ་ཞུ་ལའང་རིན་པོ་ཆེས་སྤྲས་ཤིང་ཇི་ལྟར་མཛེས་པར་བྱས་ཏེ། དེ་གཉིས་ཀྱང་ཀ་བའི་དཔངས་ལ་ཐེའོ། །ཀ་བ་འདིའི་རིགས་པས་དཀྱིལ་འཁོར་གྱི་ཐོག་དཔངས་ཀྱང་རྒྱའི་ཕྱེད་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་རྩིག་པའི་དཔངས་ལ་ཆ་ཆེན་གསུམ་དང༌། ཆ་ཕྲན་གཅིག རིན་ཆེན་སྣམ་བུ་ལ་ཆ་ཕྲན་གཅིག དྲྭ་བ་དྲྭ་ཕྱེད་ཀྱི་ས་ལ་ཆ་ཕྲན་གཉིས་ཏེ། དེ་དང་ནང་གི་གདུང་དཔངས་མཉམ་པར་བྱའོ། །ཞེས་བཞེད་པ་ཡང༌། ཀ་བའི་ཚད་དེ་ལྟར་ཡིན་ན་ཤིན་ཏུ་ལེགས་མོད། དེས་དཀྱིལ་འཁོར་གྱི་ལོགས་ཀྱི་དཔངས་གཞལ་བ་ཤིན་ཏུ་མི་འཐད་དེ། ཁྱེད་རང་གི་ལུགས་ལ་ཀ་བའི་སྟེང་དུ་གདུང་ཟླུམ་ཆ་ཕྲན་གཅིག་པ་དང༌། ཐལ་གདུང་ཆ་ཕྲན་གཅིག་པ་གཏོང་བར་འདོད་པ་ལ་ཀ་བ་དང་དྲྭ་ཕྱེད་མན་ཆད་དཔངས་མཉམ་ན། གདུང་གཉིས་པོ་དྲྭ་ཕྱེད་ཀྱི་སྟེང་དུ་འབྱུང་བས། དྲྭ་ཕྱེད་ཀྱི་སྟེང་དང་ཐོག་དཔངས་མཉམ་པོར་འདོད་པ་དང་ནང་འགལ་ལོ། །ཡང་གདུང་གཉིས་པོ་དེ་དྲྭ་ཕྱེད་མན་ཆད་ལ་ཆུད་པར་བྱས་ན་ཀ་བ་ཆ་ཆེན་ཕྱེད་དང་བཞི་པར་འགྱུར་བའི་སྐྱོན་ཡོད་དོ། །གཞན་ཡང་ཀ་གདན་དང་ཀ་ཞུ་ཀ་བའི་དཔངས་ལ་ཐེ་བར་འདོད་པ་ཤིན་ཏུ་མི་རིགས་ཏེ་དཀྱིལ་འཁོར་ཤར་ནུབ་ཀྱི་ལེ་དགུའི་ཐིག་རྣམས་ནི་ཀ་བ་ཁོ་ནའི་ཐིག་ཡིན་གྱི། གཞན་གྱི་དོན་མེད་པའི་ཕྱིར་རོ། །གསུམ་པ་ཆ་ཕྲན་ལྔར་འདོད་པ་ལྟར་ན། བླ་མ་ཁ་ཅིག་རྟ་བབས་ཀྱི་ཀ་བ་ལ་ཆ་ཕྲན་ལྔ་ཡོད་པས། བཞི་ནི་ལྷའི་ལུས་ཚད་ཡིན་ལ། ཆ་ཕྲན་གཅིག་ཁྲུ་གང་ཡིན་པས། ལྷའི་སྐུ་བས་ཁྲུ་གང་གིས་མཐོ་བས་ཆོག་པའི་ཕྱིར། ཐོག་དཔངས་དེ་ཙམ་མོ། །ཞེས་གསུངས་པ་ནི། བདེ་མཆོག་གི་འཁོར་ལོའི་ཐོག་དཔངས་དེ་ལྟར་དུ་གསུངས་པར་འདོད་པའི་རིགས་པ་གཞལ་ཡས་ཁང་ལ་སྦྱར་བར་སྣང་མོད། སྔར་དྲངས་པའི་ལུང་རྣམས་ལས་ཀ་བའི་དཔངས་ཆ་ཆེན་བཞིར་བཤད་པས་ཀ་བ་ཐོག་འོག་ཏུ་མ་ཚུད་པའི་སྐྱོན་ཡོད་དོ། །དེས་ན་རང་ལུགས་ནི་གཞལ་ཡས་ཁང་གི་དཔངས་འདི་ལྟར་ཡིན་ཏེ། རྒྱུད་དང་རྒྱ་གཞུང་གཞན་རྣམས་ལས་དངོས་སུ་མི་གསལ་ཡང༌། ནོར་བུ་རྒྱས་པའི་གཞལ་མེད་ཁང་ཤིན་དུ་རབ་ཏུ་མི་གནས་པའི་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས། ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་གྲུ་བཞི་པ། ཀ་བ་བཞི་ཟུག་པ། སྒོ་བཞི་བཏོད་པ། མཉམ་པ་ཉམས་དགའ་བ། ཤིན་ཏུ་རྣམ་པར་ཕྱེ་བ། ཆེས་མཛེས་པར་བྱས་པ། བཀྲ་བ་བལྟ་ན་སྡུག་པ། འོད་འབར་བ་ཐེམ་སྐས་བཞི་དང་ལྡན་པ། འཕང་དུ་དཔག་ཚད་གསུམ་ཡོད་པ། རྒྱར་དཔག་ཚད་ལྔ་ཡོད་པ་ཞིག་བྱུང་ངོ༌། །ཞེས་གསུངས་པས། དཀྱིལ་འཁོར་ཤར་ནུབ་ཏུ་ཆ་ཆེན་བརྒྱད། ཆ་ཕྲན་སུམ་ཅུ་སོ་གཉིས་ཡོད་པ་དེ་ཉིད་དུམ་བུ་ལྔར་བགོས་པའི་དུམ་བུ་རེ་རེ་ནི་དཔག་ཚད་རེར་བྱས་པས་འདིར་དཔག་ཚད་རེ་ལ་ཆ་ཕྲན་དྲུག་རེ་དང༌། ཆ་ཕྲན་གཅིག་གི་ལྔ་གཉིས་རེ་ཐོབ་སྟེ། དེ་ལྟར་ན་རྒྱར་དཔག་ཚད་ལྔ་ཞེས་པའི་དོན་ཏོ། །འཕང་དུ་དཔག་ཚད་གསུམ་ནི། གྲུ་བཞི་པའི་ཐོག་མན་ཆད་ཀྱི་དཔངས་ཡིན་པས། ཆ་ཕྲན་བཅུ་དགུ་དང༌། ཆ་ཕྲན་གཅིག་གི་ལྔ་ཆ་སྟེ། མདོར་ན་རྩིག་པའི་དཔངས་ལ་ཆ་ཆེན་བཞི། ཕ་གུ་ལ་ཆ་ཕྲན་གཅིག དྲྭ་ཕྱེད་ལ་ཆ་ཕྲན་གཉིས། གསེར་གྱི་སྐ་རགས་ལ་ཆ་ཕྲན་གཅིག་གི་ལྔ་ཆ་སྟེ། འདི་མན་ཆད་དཔག་ཚད་གསུམ་ཡིན་ལ། སྐ་རགས་དང་ནང་གི་གདུང་དཔངས་མཉམ་པའི་སྟེང་ནས་ཐོག་འབུབས་པ་ཡིན་ནོ། །དེ་ལ་རྩིག་པ་ལྔ་ནི། རྒྱ་གར་བ་ཁ་ཅིག་རྩིག་པ་ལྔ་སྟེང་ནས་སྟེང་དུ་བརྩེགས་པར་འདོད་པ་ཡོད་མོད་ཀྱི། འདིར་ནི་རྡོ་རྗེ་རྩེ་མོ་ལས། སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལས་བགྱིས་པ་སྟེ། །པདྨ་རྭ་གའི་རང་བཞིན་གཞན། །དེ་བཞིན་གཞན་དག་མརྒད་འདྲ། །དཀར་པོ་ནང་དུ་ཤེས་བྱ་སྟེ། །ཞེས་གསུངས་པ་དང༌། བྲི་བྱ་ལ་ཕྱི་ནང་དུ་ཡོད་པ་ལྟར། སྒོམ་དོན་ལ་མི་རུང་བའི་དམིགས་བསལ་མེད་པ་ལ་དགོངས་ནས། རྩིག་པ་ལྔ་ཕྱི་ནང་དུ་སྦྲག་པར་འདོད་ལ། དེ་རྣམས་ཀྱི་ཁ་དོག་ཀྱང་གུར་འགྲེལ་ལས། ཧེ་རུ་ཀ་ལ་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོ་སྟེ། ཞེས་གསུངས་པ་ལྟར། ཕྱི་ནས་རིམ་པ་བཞིན་དུ་ཡོད་པའོ། །རྩིག་པ་རེ་རེའི་ཞིང་ཚད་ནི། བཞི་བརྒྱ་ལྔ་བཅུ་པ་ལས། སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པ་བགྱི་བར་བྱ། །ཞེས་དང༌། རི་མོ་ཕན་ཚུན་ནས་གང་གིས། །མ་རེག་པར་ནི་བྲི་བར་བྱ། །ཞེས་བཤད་པ་ལ། ཕྱིས་ཀྱི་མཁས་པ་དག་རེ་ཁཱའི་སྦོམས་སུ་སྒོ་ཡི་ཉི་ཤུ་ཆ་ཡིན་ལ། རྩིག་པ་ལྔ་ཀ་བསྡོམས་པ་ལ་སྒོའི་བཞི་ཆ་གཅིག་ལས་མེད་པས་བར་སྟོངས་བཞག་ས་མི་ཡོང་བའི་ཕྱིར་ནང་འགལ་དོགས་ཡོད་དོ་གསུངས་པ་ནི། རང་གིས་མ་ངེས་བཞིན་དུ་གྲུབ་ཆེན་ལ་དགག་པ་བྱེད་པ་ཤིན་ཏུ་མི་རིགས་ཏེ། བཞི་བརྒྱ་ལྔ་བཅུ་པར་བཤད་པ་དེ་ནི་རྩ་ཐིག ཁྲུ་གང་པ་ཁོ་ནའི་དབང་དུ་མཛད་པ་སྟེ། དེ་ལ་སྒོ་ཡི་བཞི་ཆ་སྟེ། ཆ་ཕྲན་གཅིག་ལ་ནས་ལྔ་དང༌། ནས་གཅིག་གི་བཞི་ཆ་ཐོབ་ལ། རྩིག་པ་རེ་རེའི་ཞིང་གི་ཕར་མཐའ་དང་ཚུར་མཐའི་བར་ལ་ནས་རེ་རེ་བྱེད་པ་ཡིན་གྱི། རྩིག་པ་རེ་རེའི་བར་ན་ནས་རེ་ཡོད་པར་འདོད་པ་མ་ཡིན་ནོ། །ལྷག་མ་ནས་གཅིག་གི་བཞི་ཆའི་ཚད་ཡོད་མོད་དེ་བཏང་སྙོམས་སུ་བཞག་ནས་རགས་རྩིས་མཛད་པའོ། །མ་རེག་པའི་དོན་ནི། དྷ་རི་ཀ་པས། ནས་གང་གིས་ནི་མ་འདྲེས་པར། །རི་མོ་ཀུན་དུ་བྲི་བར་བྱ། །ཞེས་པ་ལྟར། ཚོན་ཕན་ཚུན་མ་འདྲེས་པའི་དོན་ཡིན་གྱི། བར་སྟོངས་ལ་ནས་རེའི་ཚད་ཡོད་པར་སྟོན་པ་མ་ཡིན་པས་སྐྱོན་མེད་དོ། །དེ་ལྟར་རྩིག་པ་ལྔས་སྒོ་ལོགས་ཀྱི་བར་དུ་འགྲོ་ཞིང་འགྲམ་ལོགས་སྒོ་དང་མཉམ་པ་ལྟར་ན། སྣ་ཚོགས་རྡོ་རྗེའི་ལྟེ་བ་དང་ཁ་བཅད་དུ་འགྲོ་ལ། རྩིག་གདོང་ལྔ་ཡང་མཉམ་པོ་ཡིན་ནོ། །འགྲམ་ལོགས་སྒོ་དང་མི་མཉམ་པ་ལ་ནི། རྩིག་གདོང་ནང་མ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཟད་མཚམས་བར་ལ་ཆ་ཆུང་གཅིག་ཡོད་ཅིང༌། རྩིག་པ་ལྔ་རིང་ཐུང་དུ་གནས་པའོ། །གཉིས་པ་ཕ་གུ་ནི། སློབ་དཔོན་ཤྲདྡྷཱས། འགྲམ་རྒྱབ་རིན་ཆེན་ཕ་གུ་སྟེ། །ཆ་ཆུང་གཅིག་གི་ཚད་དུ་བྱ། །ཞེས་གསུངས་པས། དཔངས་སུ་ཆ་ཆུང་གཅིག་ཡིན་ལ་རྒྱར་ནི་རྩིག་པ་ལས་ཆ་ཆུང་ཕྱེད་ཀྱི་འཕྱར་དུ་ཡོད་པར་ཡོ་ག་བའི་བླ་མ་རྣམས་བཞེད་དོ། །ཁ་དོག་ནི་ཨ་བྷ་ཡས་རྩིག་པ་ལྔ་ཕྱི་ནང་སྦྲག་མར་འདོད་པའི་ལུགས་ལ་ཁ་དོག་དམར་པོ་དང༌། བརྩེགས་མར་འདོད་པའི་ལུགས་ལ། རྩིག་པ་དང་པོའི་ཁ་དོག་ཏུ་བཤད་ཀྱང༌། ཤྲདྡྷཱ་ནས་བརྒྱུད་པའི་མན་ངག་ལས་གཞི་སེར་པོར་བཤད་པས། གསེར་གྱི་རང་བཞིན་ལ་ཟུར་གསུམ་དང༌། གྲུ་བཞི་དང༌། ཟླུམ་པོའི་དབྱིབས་ཀྱི་རིན་པོ་ཆེའི་ཕྲས་སྤྲས་པའོ། །གསུམ་པ་དྲྭ་ཕྱེད་ནི། ཕ་གུའི་སྟེང་དུ་ཆ་ཕྲན་གཉིས་ཀྱི་གཞི་ནག་པོར་བཤད་པ་ནི། བར་སྟོངས་ཀྱི་དོན་ཡིན་པས། སྟོང་པའི་རང་བཞིན་ལ་བར་སྐབས་སུ། རིན་པོ་ཆེའི་བྲེ་ཕུལ་བཞི་སྟེང་འོག་ཏུ་བརྩེགས་པ་རེ་རེའི་དཔངས་ལ་ཆ་ཕྲན་ཕྱེད་ཕྱེད་ཡོད་ཅིང༌། རྒྱར་ནི་བྲེ་ཕུལ་འོག་མ་ལ་ཆ་ཕྲན་གཅིག་གོང་མ་རྣམས་ཆ་ཕྲན་ཕྱེད་ཕྱེད་ཀྱིས་རྒྱ་ཆེར་གྱུར་པའོ། །དེའི་སྟེང་དུ་གསེར་གྱི་སྐ་རགས་ནི། དོན་གསེར་གྱི་གདུང་ལེབ་སྟེ། དཔངས་སུ་ཐིག་སྐུད་གང་ལས་མེད་པས། ཆ་ཕྲན་གཅིག་གི་ལྔ་ཆ་ཡིན་ལ། རྒྱར་བྲེ་ཕུལ་གོང་མ་དང་མཉམ་པའོ། །དེའི་ཕྱི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ་སྟེ། དེ་ལ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། དྲྭ་བ་ནི་མུ་ཏིག་གི་ཆུན་འཕྱང་སྟེ་མཆོག་དབུས་ན་ཡོད་པའོ། །དྲྭ་བ་ཕྱེད་པ་ནི་མཆོག་མཐའ་ན་ཡོད་པའོ། །ཞེས་དང༌། སློབ་དཔོན་དཔལ་འབྲས་རྡོ་རྗེས། མུ་ཏིག་གི་ཆུན་འཕྱང་དབུས་ན་ནོར་བུས་མཛེས་པ་ལ་ནི་དྲྭ་བ་ཞེས་བྱ་ལ། དབུས་ན་རྒྱན་པ་མེད་པ་ལ་ནི་དྲྭ་བ་ཕྱེད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དྲྭ་ཕྱེད་འདི་བོད་སྔ་རབས་པ་ཕལ་ཆེ་བ་དག ཕ་གུ་ལ་འདོགས་པར་བཞེད་ཅིང༌། སློབ་དཔོན་ཤྲདྡྷཱའི་དགོངས་པའང་འདི་བཞིན་ཡིན་གསུང་མོད། ཤྲདྡྷཱའི་ཐིག་རྩ་འགྲེལ་ན་གསལ་བར་བཤད་པ་མི་སྣང་ངོ༌། །རྗེ་བཙུན་རྩེ་མོས། རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། ཞེས་བཤད་པའི་དོན་ནི། ས་ལུགས་ཀྱི་བླ་མ་ཁ་ཅིག་ཆུ་སྲིན་གྱི་ཁ་ནས་ཕ་གུའི་སྟེང་དུ་འཕྱང་བ་ལ། ཕ་གུ་ལ་འཕྱང་བ་ཞེས་བྱ་ཡི། དྲྭ་ཕྱེད་ཕ་གུ་ལ་འདོགས་པ་ཡིན་ན། ཕ་གུ་ལས་འཕྱང་བ་ཞེས་གསུང་པར་རིགས་པའི་ཕྱིར་རོ། །ཞེས་འདོད་པ་ལྟར་ཁས་ལེན་དགོས་པ་འདྲ་སྟེ། རྗེ་བཙུན་ཆེན་པོས་བསྒོམ་བྱ་ལ་ཕ་གུ་དང་མདའ་ཡབ་ཀྱི་བར་ན་དྲྭ་ཕྱེད་ཡོད་པར་གསུངས་པའི་ཕྱིར་རོ། །བཞི་པ་ཤར་བུ་ནི། གསེར་གྱི་སྐ་རགས་དང༌། ནང་གི་གདུང་མཉམ་པོར་བྱས་པའི་སྟེང་ནས་ཐོག་ཕུབ་བའི་ཅམ་གྱི་བྱ་འདབས་འོག་གི་འདོད་སྣམ་དང་ཐད་མཉམ་པོར་ཡོད་པའི་མཐའ་སྐོར་ལ་རིན་པོ་ཆེའི་ཤར་བུ་ཐུར་དུ་འཕྱང་བ་སྟེ། འདི་ལ་རྣམ་པ་འདི་ལྟར་ཡིན་གཞུང་རྣམས་ནས་བཤད་པ་མི་སྣང་ཡང༌། བླ་མ་གོང་མ་རྣམས་ཀྱིས། མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱིས་མཆུ་མེད་པའི་སྤྱིན་བླུགས་མགོ་འཇུག་ཟློག་པ་ལྟ་བུའམ། རུས་རྒྱན་རྙིང་པའི་ཟ་ར་ཚགས་ཀྱི་སྣེ་མོའི་རྣམ་པ་ཅན་དུ་བཞེད་དེ། རྒྱ་གར་དང་བལ་པོར་བྲིས་པའི་ཐང་སྐུ་རྙིང་པ་རྣམས་ལ་བྲིས་པ་དང་མཐུན་པར་སྣང་ངོ༌། །ཞེས་བླ་མ་དག་གསུང་ལ། རྒྱ་གར་བ་ཁ་ཅིག་རིན་པོ་ཆེར་འདོད་པ་ཡང་ཡོད་དེ། ཕྲེང་བར་ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཤར་བུ་ཆ་ཆུང་བདུན་པ་ལ་རིན་པོ་ཆེ་རྣམས་བྲི་བར་བྱའོ། །ཞེས་སོ། ལྔ་པ་མདའ་ཡབ་ནི། ཤར་བུའི་སྟེང་གི་ཐད་དུ་གྱེན་དུ་འགྲེང་བའི་ཚུལ་གྱི་གནས་པ་སྟེ། དབྱིབས་ནི། ཨ་བྷ་ཡས། པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་དུ་བཤད་ལ། རྗེ་བཙུན་གྱིས་མཆོད་རྟེན་བརྩེགས་ཀྱི་རྣམ་པ་ལྟ་བུར་བཞེད་ཅིང༌། ལོཙྪ་བ་ཆེན་པོ་རིན་ཆེན་བཟང་པོ་ནས་བརྒྱུད་པའི་ཕྱག་བཞེས་ལ་ཡང་དེ་བཞིན་དུ་འབྱུང་ངོ༌། །གང་ལྟར་ཡང་འོག་གི་ཤར་བུ་དང༌། སྟེང་གི་མདའ་ཡབ་གཉིས་ཐད་དཀར་འབབ་པར་བྱ་སྟེ། དེ་ལྟ་མ་ཡིན་ན་མདའ་ཡབ་རྩིག་པའི་སྟེང་དང༌། ཤར་བུ་བྱ་འདབ་ལས་འཕྱང་ན་མི་མཛེས་པའི་ཕྱིར་ཏེ། ཕྲེང་བར། འདིར་ཆ་ཆུང་བརྒྱད་པའི་མདའ་ཡབ་ཀྱིས་ཅི་ལྟར་གཞལ་ཡས་ཁང་མཛེས་པ་དེ་ལྟར་མདའ་ཡབ་དང་བྲལ་ན། མགོ་བཅད་པ་ལྟ་བུའི་རིན་པོ་ཆེའི་ཤར་བུ་རྣམས་ཀྱིས་ནི་མ་ཡིན་ཞིང༌། ལྷ་ཁང་ཆེན་པོ་རྣམས་ལ་ཡང་མཐོང་བས། འདིར་བྲི་བྱའི་དཀྱིལ་འཁོར་ལ་མདའ་ཡབ་ནི་དར་དཔྱངས་ཀྱི་ཐིག་གི་བར་དུའོ། །བསྒོམ་བྱའི་དཀྱིལ་འཁོར་ལ་ནི་ལོགས་ཀྱི་སྟེང་གི་བར་དུ་སྟེ། མདའ་ཡབ་རྣམས་ནི་ལོགས་ཅན་དང༌། །ཞེས་རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་པའི་ཕྱིར་རོ། །ཞེས་བཤད་དོ། །དེ་ལ་མཁས་པ་དག་གཞུང་འདིས་མདའ་ཡབ་སྒོ་ལོགས་ཀྱི་རྩེ་མོ་ཚུན་ཆད་ཡོད་པར་བཤད་པས། ཤར་བུ་དང༌། དྲྭ་ཕྱེད་དང༌། ཕ་གུ་རྣམས་ཀྱང་དེ་དང་མཉམ་པར་ཡོད་པར་གྲུབ་བོ་གསུང་བ་ནི་ཤིན་ཏུ་མི་འཐད་དེ། མདའ་ཡབ་རྣམས་ནི་ལོགས་ཅན་དང༌། །ཞེས་པའི་ལུང་འདི་དེང་སང་བོད་ན་བཞུགས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་འདིའི་ནང་ན་མི་སྣང་ལ། ཕྲེང་བར་དེ་ལྟར་དུ་བཤད་པའི་དོན་ནི། མདའ་ཡབ་རྣམས་ཤར་གྱི་མཐའ་ནས་ནུབ་ཀྱི་མཐའི་བར་གྱི་ལོགས་ཀྱི་རྩེ་མོ་རྣམས་མདའ་ཡབ་ཅན་དུ་ཡོད་ཅེས་སྟོན་པ་ཡིན་གྱི། མདའ་ཡབ་སྒོ་ལོགས་ཀྱི་བར་དུ་ཡོད་པར་སྟོན་པའི་གཞུང་མ་ཡིན་ལ། གལ་ཏེ་ཡིན་ན། སློབ་དཔོན་ཨ་བྷ་ཡ་ཉིད་ཀྱིས། རྟ་བབས་སྒོ་ཚད་གཅིག་མ་ལ་སྣམ་བུ་བཅུ་གཅིག་བྱ་བར་གསུངས་པ་དེའི་ཚེ། མདའ་ཡབ་གཉིས་མཉམ་དགོས་པ་ལ་མཐོ་དམན་གྱི་ཁྱད་ཤིན་ཏུ་ཆེ་བའི་ཕྱིར་རོ། །སྟེང་ཐོག་ཀ་བ་ཤིང་བརྩེགས་དང༌། །གདུང་དང་ཐོག་ཕུབ་རིམ་པ་གསུམ། །དང་པོ་ཀ་བ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན། རྒྱར་སྒོའི་ནང་ནས་ཆ་ཆེན་རེ་རེ་དང༌། དབུས་ཀྱི་རྒྱར་ནི་ཆ་ཆེན་དྲུག་ཡོད་པ། དཔངས་སུ་ཆ་ཕྲན་གཅིག་པ་སྟེ་སྒོ་ཕྱོགས་བཞིའི་ལྷ་སྣམ་གྱི་ལོགས་ཀྱི་ནང་གི་བར་དུ་ཁྱབ་པའོ། །གལ་ཏེ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་ནས་ཀ་བ་བཙུགས་པས་ཆོག་གི ལྷ་སྣམ་ལ་དཔངས་མི་དགོས་སོ་སྙམ་ན། དེ་ལྟ་ན་ལྷ་སྣམ་གྱི་ཁ་དོག་བྲི་བྱ་ལ་ཡོད་པ་དེ་བསྒོམ་བྱའི་གནས་སྐབས་སུ་ཡང་ཚོན་གྱིས་ཁ་བསྒྱུར་བ་ཙམ་ཡིན་པར་ཐལ་བའི་སྐྱོན་ཡོད་ལ། དེ་འདོད་ན་ལྷ་སྣམ་ཕྱི་ནང་གཉིས་ཀྱི་བར་རེ་ཁཱས་བཅད་པ་དེ་དགོས་པ་མེད་པར་འགྱུར་ཏེ། དབུས་ཀྱི་ལྷ་སྣམ་དང༌། ཕྱོགས་ཀྱི་ལྷ་སྣམ་གྱི་ཁྱད་པར་ནི། ཁ་དོག་མི་འདྲ་བ་གཉིས་ཀྱིས་ཤེས་པའི་ཕྱིར་དང༌། རེ་ཁཱས་བཅད་པ་ནི་མཐོ་དམན་གྱི་དོན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ལྷ་སྣམ་དཔངས་ཆ་ཕྲན་གཅིག་པའི་སྟེང་དུ། རྩིག་པ་ནས་ཆ་ཕྲན་གཅིག་དོར། ཚངས་ཐིག་ནས་ཆ་ཕྲན་ལྔ་དོར་བའི་མཐའ་རྣམས་སུ་ཀ་བ་བརྒྱད་ནི། དེ་ཉིད་སྣང་ཆེན་ལས། ཀ་བ་བརྒྱད་ཀྱིས་མཛེས་བགྱིས་ལ། །ཞེས་བྱ་བ་ནི། ཕྱོགས་ཀྱི་ཆ་རེ་རེ་ཞིང༌། རྩིག་པ་ལ་བརྟེན་པའི་ཀ་བ་གཉིས་གཉིས་ཡོད་པས་དེའི་ཕྱིར་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཀ་བ་རྣམས་རྩིག་པའི་ནང་ལ་བརྟེན་པའོ། །ཀ་བ་རྣམས་ཀྱི་རིང་ཐུང་གི་ཚད་ནི། བྲི་བྱ་ལ་རྩིག་ཐིག་གི་ནང་ཟླུམ་པོར་བསྐོར་བའི་ནང་ནས་ཕྱོགས་བཞིར་ཐལ་མར་སོང་བའི་ཐིག་བརྒྱད་ནི་ཀ་བའི་རིང་ཐུང་དང་སྦོམ་ཕྲའི་ཚད་ཡིན་ལ། དེས་ཚངས་ཐིག་གི་གཡས་གཡོན་ཕྱེད་མར་བགོས་པ་ནི་ཀ་བ་བརྒྱད་ཡིན་ཏེ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། ཀ་བ་བརྒྱད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་སྒོ་རེ་རེའི་ཐད་ཀར་ཡང་ཀ་བ་གཉིས་གཉིས་ཏེ། མཐའ་གཅིག་ནི་རྡོ་རྗེའི་ཐིག་ལ་བརྟེན་པ། མཐའ་གཅིག་ནི་དཀྱིལ་འཁོར་གྱི་ལྟེ་བ་ལ་བརྟེན་ཏེ། དེ་ལྟར་ན་སྒོ་བཞིའི་ཐད་ཀར་ཀ་བ་བརྒྱད་དུ་འགྱུར་རོ། །རྒྱུད་འདིར་རྡོ་རྗེ་ལྟ་བུའི་བསམ་པས་དངོས་པོ་ཐམས་ཅད་སྤྲུལ་པས་ན་མིང་ཐམས་ཅད་རྡོ་རྗེས་མཚན་པ་ཡིན་ཏེ། དེའི་ཕྱིར་རྡོ་རྗེའི་ཀ་བ་ཞེས་གསུངས་སོ། །ཡང་གཞན་དག་ནི་འདི་སྐད་དུ་དངོས་པོ་ཐམས་ཅད་རྡོ་རྗེས་མཚན་པས་ན། རྡོ་རྗེས་མཚན་པའི་ཀ་བ་ལ་ནི་རྡོ་རྗེའི་ཀ་བ་ཞེས་ཟེར་རོ། །ནང་ལོགས་སུ་ཞེས་བྱ་བ་ལ་ལོགས་ན་གནས་ཏེ། རྡོ་རྗེའི་ཀ་བའི་མདུན་གྱི་གནས་སུ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྒོའི་ཐད་ཀའི་ཀ་བ་གཉིས་གཉིས་ཀྱི་བར་གྱི་གནས་དང༌། བརྒྱད་པོའི་དབུས་ཀྱི་གནས་གང་ཡིན་པ་སྟེ། དེ་ལྟར་ན་གནས་ལྔ་པོ་འདི་རྣམས་ནི་རྡོ་རྗེའི་ཀ་བའི་ནང་ལོགས་ཏེ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ཤིང་བརྩེགས་ནི། སྔར་གྱི་ཀ་བའི་སྟེང་དུ་ཀ་ཞུ་ལ་སོགས་པའི་ཤིང་བརྩེགས་བྲེ་ཕུལ་གྱི་རྣམ་པ་ཅན་དཔངས་སུ་ཆ་ཕྲན་གཅིག་གི་ལྔ་ཆ་དང༌། ཆ་ཕྲན་གཅིག་ཡོད་པའོ། །གསུམ་པ་གདུང་ནི། དཔལ་མཆོག་འགྲེལ་པར། སངས་རྒྱས་ཐམས་ཅད་བར་མེད་པར་རྡོ་རྗེ་ཐེག་པའི་ཚུལ་གྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བའོ། །ཞེས་དང༌། རེ་མིག་ཆ་དགུ་ཀ་བ་བརྒྱད་ཀྱི་སྟེང་ན་རྡོ་རྗེའི་ཕྲེང་བས་བསྐོར་བ། ཞེས་བཤད་པས། ཀ་བའི་སྟེང་དུ་གདུང་ཟླུམ་བརྒྱ་དང་དཔངས་སུ་ཆ་ཕྲན་གཅིག་པ། རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །སྟེང་གི་གདུང་ཟླུམ་འདི་དང༌། འོག་གི་ཀ་བ་རྣམས་ཀྱི་བར་གྱི་རྡོ་རྗེའི་རྭ་བ་ཟླུམ་པོར་བསྐོར་བ་གཉིས་ཐད་མཉམ་དུ་ཡོད་པས་དེ་དག་གི་བར་ལ། སློབ་དཔོན་དཔལ་འཛིན་གྱིས། སྣ་ཚོགས་རྡོ་རྗེའི་སྟེང་གཡོགས་ཀྱི་རིམ་པ་ཡང་དག་པར་འབྲེལ་པའི་རྡོ་རྗེའི་ཐོག་དང་མཉམ་པར་ལྡན་པའོ། །ཞེས་གསུངས་པས་སྟེང་ཐོག་དང་འོག་ས་གཉིས་འབྲེལ་པར་འདོད་པའི་ལུགས་དང༌། སློབ་དཔོན་དཔལ་འབྲས་རྡོ་རྗེས། རྡོ་རྗེའི་ཐིག་གིས་ཀུན་ནས་ཡོངས་སུ་བསྐོར་བ་ཡིན་ཏེ། རྡོ་རྗེའི་ཕྲེང་བས་ཀུན་ནས་ཡོངས་སུ་བཅད་ཅིང༌། རྡོ་རྗེའི་རྭ་བའི་འོབས་ཀྱིས་ཡོངས་སུ་བསྐོར་བ་ཞེས་བྱ་བའི་དོན་ཏོ། །ཞེས་རྭ་བ་འོབས་ཀྱི་ཚུལ་དུ་འདོད་པའི་ལུགས་དང༌། སློབ་དཔོན་ཀུན་སྙིང་གིས་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་ཕྱི་རོལ་ནས་ཀུན་ཏུ་བསྐོར་བའོ། །ཞེས་རྡོ་རྗེའི་རྭ་བ་དཔངས་ཆ་ཕྲན་གསུམ་པ་ཙམ་གྱིས་བསྐོར་བར་བཞེད་དོ། །དེ་ལ་ལུགས་ཐོག་མཐའ་གཉིས་ནི་སྐབས་ཐོབ་ཀྱི་དབང་གིས་གཉིས་ཀར་ཁས་ལེན་དགོས་ལ། བར་པ་ནི་ཅུང་ཟད་མི་བདེ་སྟེ། རྭ་བ་འོབས་ཀྱི་ཚུལ་དུ་ཡོད་ན། དེ་དང་ཀ་བ་གཉིས་གནས་ས་གཅིག་པས་ཀ་བ་འོབས་ཀྱི་བར་སྣང་ལ་མི་སྡོད་པའི་ཕྱིར་དང༌། འོབས་ནང་ནས་ཀ་བ་རིང་པོ་འཛུགས་པའི་བཤད་པ་མེད་པའི་ཕྱིར་རོ། །བཞི་པ་ཐོག་ཕུབས་ལ་གཉིས། གཞན་གྱི་འདོད་པ་བརྗོད་པ། རང་གི་འདོད་པ་བཤད་པའོ། །དེ་ལ་དང་པོ་ནི། བླ་མ་སྔ་རབས་པ་ཁ་ཅིག གཞལ་ཡས་ཁང་གྲུ་བཞི་རྒྱ་དཔངས་མཉམ་པོར་བྱས་པའི་མདའ་ཡབ་མན་ཆད་ནི་མཆོད་རྟེན་གྱི་རྨང་ལྟ་བུ་ཡིན་ལ། དེའི་སྟེང་དུ་བང་རིམ་བཞི་བུམ་རྟེན། བུམ་པ། བྲེ། དེའི་སྟེང་དུ་གདུགས་རིམ་པ་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ་རྣམས་ཇི་ལྟར་མཛེས་པར་བྱས་པས་མཆོད་རྟེན་གྱི་རྣམ་པ་ཅན་དུ་གྱུར་པ་ཡིན་ཏེ། གསང་འདུས་ལས། དཔག་ཚད་བྱེ་བའི་ཁྱོན་ཙམ་ལ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། །མཆོད་རྟེན་རིན་ཆེན་སྣ་བཞི་པ། །གསལ་ཞིང་རང་བཞིན་དྲི་མ་མེད། །ཅེས་གསུངས་པས་སོ། །ཞེས་བཞེད་མོད། ལུང་དེའི་དོན་ནི། གསང་འདུས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པར། མཆོད་རྟེན་ལྟར་མཆོད་པར་བྱ་བར་གྱུར་པ་ལ་བཤད་ཀྱི་དབྱིབས་ལ་བཤད་པ་མི་སྣང་ངོ༌། །ཕྱིས་ཀྱི་མཁས་པ་དག ཀོ་ས་ལའི་རྒྱན་ལས། ཁྱིམ་བདག་བདག་ཉིད་ཆེན་པོའི་ཁང་པ་ཡིན་པར་སྟོན་པར་བྱེད་པས། ཞེས་དང༌། ཁང་བུ་བརྩེགས་པ་ནི་ཁང་བཟང་ལ་བྱའོ། །ཞེས་དང༌། གཞན་ཡང་རྒྱུད་འགྲེལ་ཆེན་པོ་རྣམས་ལས་ཁང་བཟངས་སུ་བཤད་པ་འགའ་རེ་འབྱུང་བས། རྒྱལ་ཁབ་ཀྱི་རྣམ་པ་འདི་གཙོ་བོར་བྱ་སྟེ། དེ་ལྟར་ན་མདའ་ཡབ་མན་ཆད་ལ་ཆ་ཆེན་བཞི་འདོད་ཅིང༌། དེའི་ནང་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཀ་བའི་དཔངས་ཆ་ཆེན་བཞི་པ་དེའི་སྟེང་དུ་གདུང་ཟླུམ་དང༌། དེའི་སྟེང་དུ་ཐལ་གདུང་བཞི་ཕྲད་མཚམས་སུ་བསྣོལ་མར་བཏང་བའི་རྩེ་མོ་བྲེ་ཕུལ་ལ་གཏད་པ། དེའི་ཀ་གོང་རྣམས་ཅམ་ལ་སོགས་པའི་ཐོག་གིས་ཕུབ་པར་གྱུར་པ་སྟེ། འདི་མན་ཆད་ལ་ཆ་ཆེན་བཞིའོ། །དེའི་སྟེང་དུ་ཁང་བཟངས་ཀྱི་རྣམ་པའི་རྒྱ་ཕུབས་ནི། འཇིག་རྟེན་གྱི་ལུགས་དང་མཐུན་པས་ཇི་ལྟར་མཛེས་པར་བྱ། རྒྱ་ཕུབས་དེའི་ཐོག་དཔངས་ལ་ཆ་ཆེན་གསུམ། ཏོག་ལ་ཆ་ཆེན་གཅིག་སྟེ། ཏོག་གི་རྩེ་མོ་ནས་མ་གཞི་ལ་ཐུག་གི་བར་གྱི་དཔངས་དང་འོག་གཞིའི་རྒྱ་མཉམ་པོར་བྱེད་པ་བླ་མ་རྣམས་ཀྱི་མན་ངག་ཡིན་ནོ་ཞེས་བཞེད་དོ། །འདི་ལ་མདའ་ཡབ་མན་ཆད་ཀྱི་དཔངས་ཆ་ཆེན་བཞིར་འདོད་པ་ནི་སྔར་བཀག་ཟིན་ལ། ཏོག་གཞལ་ཡས་ཁང་གི་དཔངས་ལ་གཏོགས་པར་འདོད་པ་ནི་མི་འཐད་དེ། ལུས་འདོམ་གང་གྲུ་བཞི་མཉམ་པ་དག་པས་གཞལ་ཡས་ཁང་པའང་རྒྱ་དཔངས་མཉམ་པོ་ཡིན་པར་འདོད་པ་བཞིན་དུ། ལུས་ཀྱི་རྒྱའི་འདོམ་གང་དང་མཉམ་པའི་དཔངས་ནི་ཐོད་པ་མན་ཆད་ཡིན་གྱི། དེའི་སྟེང་དུ་མགོ་རྒྱན་གཞན་ཡོད་ཀྱང་ལུས་ཀྱི་དཔངས་ལ་མི་ཐེ་བ་བཞིན་དུ་ཏོག་ཀྱང་གཞལ་ཡས་ཁང་གི་རྒྱན་ཡིན་པས་གཞལ་ཡས་ཁང་པའི་དཔངས་ལ་མི་གཏོགས་སོ། །གལ་ཏེ་གཏོགས་ན་དེའི་སྟེང་ན་བ་དན་དང་རྒྱལ་མཚན་ལ་སོགས་ཡོད་པ་རྣམས་ཀྱང་གཞལ་ཡས་ཁང་པའི་དཔངས་སུ་གཏོགས་པའི་སྐྱོན་ཡོད་དོ། །གཉིས་པ་ནི། སྟེང་གི་ཐོག་ཕུབ་ཀྱི་རིམ་པ་རྒྱུད་འགྲེལ་གཞན་རྣམས་ལས་གསལ་བར་བཤད་པ་མི་སྣང་ཡང༌། ཐམས་ཅད་གསང་བའི་རྒྱུད་ལས། རྡོ་རྗེའི་ཐིག་གིས་ཡོངས་བསྐོར་ཞིང༌། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཀ་བ་བརྒྱད་ཀྱི་ནང་གནས་པའི། །དཀྱིལ་འཁོར་བརྒྱད་པར་བསྟན་པ་དང༌། །གྲྭ་ཡི་དཀྱིལ་འཁོར་དོར་བ་ནི། །རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད། །འཁོར་ལོ་ལྔ་དང་ཡང་དག་ལྡན། །དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན། །དྲྭ་བ་དྲྭ་ཕྱེད་ཀྱིས་སྤྲས་ཤིང༌། །རྔ་ཡབ་ཀྱིས་ནི་ཉེར་སྤྲས་པ། །ཞེས་གསུངས་ཤིང༌། དེའི་འགྲེལ་པ། སློབ་དཔོན་ཤཱནྟི་པས་མཛད་པར། རྟ་བབས་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའི་ནང་གི་ཀ་བ་བརྒྱད་ཀྱིས་མདུན་གྱི་གནས་རྣམས་སུ་དཀྱིལ་འཁོར་བརྒྱད་བྱ་བར་བསྟན་ལ། རྡོ་རྗེ་ལྷ་མོ་ནི་རྡོ་རྗེ་སྒེག་མོ་ལ་སོགས་པ་བརྒྱད་དེ། དེ་རྣམས་ཀྱི་ཚོགས་ཀྱིས་མཆོད་པའོ། །ལྷའི་སྣམ་བུའི་མཚམས་ཀྱི་རེ་ཆ་དོར་ལ། ལྔ་པོ་རེ་ཆར་རྡོ་རྗེ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལྔས་འདི་རྣམས་ལ་རེ་རེ་ཞིང་ལྷ་ལྔ་ཡོད་པར་བྱ་བ་དང༌། དྲྭ་བ་དང༌། རྔ་ཡབ་ལ་སོགས་པས་བརྒྱན་པར་བྱའོ། །ཞེས་གསུངས་པའི་དོན། གདུང་ཟླུམ་གྱི་ནང་གི་ལེའུ་ཚེ་བརྒྱད་ཀྱི་ཟུར་བཞི་ལ་རྒྱུད་འདིའི་ལུགས་ཀྱི་ལྷ་འགོད་རྒྱུ་མེད་པས་དོར་ལ། གཞན་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ལ་དྲྭ་ཕྱེད་ལ་སོགས་པ་བྱ། ཞེས་གསུངས་པ་ཡིན་པས། ཕྱོགས་བཞིའི་དཀྱིལ་འཁོར་བཞི་རྡོ་རྗེའི་གདུང་ཟླུམ་གྱི་སྟེང་དུ། དྲྭ་བ་དང་རྔ་ཡབ་ལ་སོགས་པས་བརྒྱན། ཞེས་དངོས་སུ་དྲྭ་ཕྱེད་བསྟན་པའི་སོགས་ཁོང་ནས། ཤར་བུ་དང་མདའ་ཡབ་དང་དྲྭ་བའི་སྣམ་བུའི་རྟེན་ཕ་གུ་དང༌། དེའི་རྟེན་རྩིག་པ་རྣམས་ཤུགས་ལ་འཕངས་སོ། །དེས་དཀྱིལ་འཁོར་བཞིའི་ཐོག་བསྟན་ནས་གཙོ་བོའི་རེ་མིག་གི་སྟེང༌། རྡོ་རྗེའི་གདུང་བསྣོལ་མར་བཏང་བའི་རེ་མིག་གྲུ་བཞི་པ་ལ། དྲྭ་བ་དང་རྔ་ཡབ་ལ་སོགས་པས་བརྒྱན་ཞེས་པའི་དོན། རྩིག་པ་དང༌། ཕ་གུ་དང༌། མདའ་ཡབ་ཀྱི་བར་བསྟན་ནོ། །དེས་ན་ཐམས་ཅད་གསང་བ་རྩ་འགྲེལ་གྱི་དགོངས་པ། སྟེང་ཐོག་རིམ་པ་གསུམ་ལྡན་གྱི་རྣམ་པར་བྱེད་པ་ཡིན་པས་འདིར་དེའི་ལུགས་ལྟར་དུ་བཤད་ན། སྔར་ལྟར་གདུང་ཟླུམ་དང༌། གསེར་གྱི་སྐ་རགས་མན་གྱི་དཔངས་ལ་ཆ་ཕྲན་བཅུ་དགུ་དང༌། ཆ་ཕྲན་གཅིག་གི་ལྔ་ཆ་ཡོད་ལ། དེའི་སྟེང་དུ་གདུང་ཟླུམ་གྱི་སྟེང་ནས་བྱ་འདབ་ཀྱི་བར་ལ་ཅམ་རྣམས་བཏང་སྟེ་ཐོག་ལེགས་པར་ཕུབ་ལ། གདུང་ཟླུམ་གྱི་ནང་ངོས་ཟླུམ་པོར་གནས་པའི་ཐོག་ནི་ཕུབ་པར་མི་བྱའོ། །གདུང་གི་ཐོག་སྟེང་དུ་ཕྱོགས་ཀྱི་ཁ་དོག་དང་མཐུན་པའི་རྩིག་པ་རིམ་པ་གཅིག་པ་དཔངས་སུ་ཆ་ཆེན་གཅིག་དང༌། ཆ་ཕྲན་གཅིག་གི་སུམ་གཉིས་ཡོད་པ་དེའི་སྟེང་དུ་ཕ་གུ་ཆ་ཕྲན་སུམ་ཆ། དེའི་སྟེང་དུ་དྲྭ་བ་དང༌། གསེར་གྱི་སྐ་རགས་ཟླུམ་པོའི་ས་ལ་ཆ་ཕྲན་གཅིག དེའི་སྟེང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་གདུང་བཞི་མིག་མངས་རིས་སུ་བྲེས་ནས། ཕྱོགས་མཚམས་བརྒྱད་ཀྱི་རེ་མིག་རྣམས་མཛེས་པར་ཕུབ་ཅིང༌། རེ་མིག་དབུས་མ་མ་ཕུབ་པའི་གདུང་བསྣོལ་མ་གྲུ་བཞི་པའི་སྟེང་དུ་གཙོ་བོའི་ཁ་དོག་དང་མཐུན་པའི་རྩིག་པ་ཆ་ཕྲན་གསུམ་དང༌། ལྔ་ཆ་མེད་པའི་ཆ་ཕྲན་གཅིག དེའི་སྟེང་དུ་ཕ་གུ་ཆ་ཕྲན་སུམ་ཆ། དྲྭ་བ་དང་སྐ་རགས་ཀྱི་ཆ་ལ་ཆ་ཕྲན་གསུམ་གཉིས། དེའི་སྟེང་དུ་ཐོག་མཉམ་པོར་ཕུབ་པའི་སྟེང་དུ་ཏོག་གིས་བརྒྱན་པར་བྱའོ། །འདི་ནི་སློབ་དཔོན་རིགས་ཀྱི་སྦྱིན་པས། ཀ་བའི་སྟེང་དུ་གདུང་འཛིན་བཀོད་ནས་དེའི་སྟེང་དུ་གདུང་དགོད་པར་བྱའོ། །གདུང་གི་སྟེང་དུ་གདུང་དང་མཉམ་པའི་རྩིག་པའི་སྟེང་དུ་ཀླུའི་སྟོབས་སམ། ཡང་ན་དོ་ཤལ་གྱི་སྣམ་བུའོ། །དེའི་སྟེང་དུ་སེངྒེ་རྣམས་ཀྱི་ཁ་ནས་བྱས་པའམ་བྱུང་བའོ། །དེའི་སྟེང་དུ་རྗེས་སུ་འགུགས་པ་རྣམས་སོ། །དེའི་སྟེང་དུ་སོ་ཕག་རྣམས་ཀྱིས་བྱས་པའི་གཞིའོ། །དེའི་སྟེང་དུ་མགྲིན་པའོ། །ཞེས་གསུངས་པ་དང་དོན་འདྲ་བར་མངོན་ཏེ། ཀ་བ་ནི་དཀྱིལ་འཁོར་གྱི་ནང་གི་ཀ་བ་བརྒྱད་དོ། །གདུང་འཛིན་ཞེས་པ་ནི། ཀ་ཞུ་ལ་སོགས་པའི་ཤིང་བརྩེགས་སོ། །དེའི་སྟེང་གི་གདུང་ནི་གདུང་ཟླུམ་མོ། །གདུང་སྟེང་གི་རྩིག་པ་ནི། རྩིག་པ་ཟླུམ་པོའོ། །ཀླུའི་སྟོབས་ནི་ཕ་གུའོ། །དེའི་སྟེང་དུ་སེངྒེ་རྣམས་ཀྱི་ཁ་ནས་བྱས་པ་ནི། སེངྒེའི་ཁ་ནས་དྲྭ་ཕྱེད་བྱུང་བ་སྟེ། སྔར་ཆུ་སྲིན་གྱི་ཁ་ནས་དྲྭ་ཕྱེད་བྱུང་བར་བཤད་པ་དང་དོན་འདྲའོ། །དེའི་སྟེང་དུ་རྗེས་སུ་འགུགས་པ་ནི། གཅིག་རྗེས་སུ་གཅིག་བཀབ་པ་སྟེ་དོན་ཐལ་གདུང་བཞིའོ། །དེའི་སྟེང་དུ་སོ་ཕག་གིས་བྱས་པའི་གཞི་ནི་སྟེང་ཐོག་གོ །དེའི་སྟེང་དུ་མགྲིན་པའོ། །ཞེས་པ་ནི། རེ་མིག་དབུས་མའི་སྟེང་གི་ཁང་བརྩེགས་བསྟན་ནམ་སྙམ་སྟེ་དཔྱད་དོ། །དེ་ལྟར་ན་ལུས་འདོམ་གང་གྲུ་བཞི་མཉམ་པས། གཞལ་ཡས་ཁང་ཡང་ཤར་ནུབ་ཀྱི་རྒྱ་དང་སྟེང་ཐོག་ནས་འོག་གཞི་སྣ་ཚོགས་རྡོ་རྗེའི་བར་མཉམ་པོར་བྱ་དགོས་ལ། ཏོག་ནི་རྒྱན་ཡིན་པའི་ཕྱིར། གཞལ་ཡས་ཁང་གི་དཔངས་ལ་མི་བརྩེའོ། །བཞི་པ་སྒོ་ནི། དབུས་སུ་བརྒྱད་ཆ་ཕྱིས་པ་སྒོ། །ཞེས་བཤད་པས། རྩ་བའི་སྒོའི་རྒྱར་ཆ་ཆེན་གཅིག་པ། དཔངས་སུ་སྔ་རབས་པ་རྣམས་སྒོའི་དཔངས་སུ་ཆ་ཆེན་གཅིག་པར་འདོད་པ་ལ། བླ་མ་དག་གཙོ་བོའི་སྐུ་ལུས་སྒོ་ལ་མི་ཤོང་བས་ཤིན་ཏུ་མི་འཐད་གསུངས་ལ། ཕྱིས་ཀྱི་མཁས་པ་དག སྒོའི་དཔངས་ཚད་སྔགས་ཀྱི་གཞུང་རྣམས་ལས་གསལ་པོར་བཤད་པ་མ་མཐོང་ཡང༌། གདགས་པར་ལྷའི་གྲོང་ཁྱེར་ལྟ་ན་སྡུག་གི་ལྕགས་རིའི་སྒོ་ལྕགས་རི་དང་དཔངས་མཉམ་པོར་བྱས་པའི་རིག་པས་འདིར་ཡང་རྩིག་པ་དང་དཔངས་ཚད་མཉམ་སྟེ། དེ་ལ་སྟེང་འོག་གི་ཡ་ཐེམ་མ་ཐེམ་ཡང་སྒོའི་དཔངས་ལ་ཐེའོ་ཞེས་གསུངས་ཤིང་གདགས་པར་ཡང༌། རྭ་བའི་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ་ཡོད་དོ། །ཞེས་དང༌། ལྷའི་གྲོང་ཁྱེར་དེ་ནི་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་དེ། སྒོ་གཅིག་ཀྱང་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་ནི་དཔག་ཚད་ཕྱེད་དང་གཉིས་ཡོད་དོ། །ཞེས་བཤད་ལ། གདགས་པའི་དཔེ་ཁ་ཅིག་ལས་སྒོ་གཅིག་ཀྱང་འཕང་དུ་ནི་དཔག་ཚད་གསུམ་ཞེས་པ་ལས་མི་འབྱུང་ངོ༌། །དེ་ལ་དཔེ་དང་པོ་ལྟར་ན་སྒོ་དང་ལྕགས་རི་དཔངས་མཉམ་ཀྱང༌། ཕྱི་མ་ལྟར་ན་སྒོ་ལྕགས་རི་བས་དཔག་ཚད་ཕྱེད་ཀྱིས་མཐོ་སྟེ། བལ་པོའི་གྲོང་ཁྱེར་རྣམས་ལའང་དེ་བཞིན་སྣང་ངོ༌། །ཞེས་བདག་གི་བླ་མ་གསུང་ངོ༌། །དེ་ལ་སྤྱིར་སྔགས་ཀྱི་རྒྱུད་འགྲེལ་རྣམས་ལས། སྒོའི་དཔངས་ཚད་གསལ་བར་བཤད་པ་ཉུང་ཡང༌། བཤད་པ་གཏན་མེད་པ་མ་ཡིན་ཏེ། སློབ་དཔོན་དར་ཕན་གྱིས་འགལ་བ་མེད་པས་ལྷ་ཡི་ཕྱིར། རིང་བའི་སྒོ་ནི་བཤད་པ་ཡིན། །ཤིན་ཏུ་ཆུང་ནའང་མི་འགལ་བས། །མཆོད་བྱ་རྣམས་ཀྱང་བསྟེན་པ་སྟེ། །ཞེས་གསུངས་པ་ལྟར་སྒོ་ཆེ་བ་དང་ཆུང་བ་གཉིས་ཡིན་ལ། དེ་ལ་སྒོ་ཆེ་བ་ནི་གཞུང་དེར། མ་ཐེམ་གྱིས་ནི་གདུང་གི་མཐར་ཐུག་པའི་ཚད་གང་ཡིན་པ་སྟེ། དེ་བཞིན་དུ་རྩེ་མོའི་མཐར་ཐུག་པའི་རིང་དུ་ནི་ཆ་གསུམ་གྱི་ཚད་དུ་འགྱུར་ཞིང༌། ཆ་རེ་རེ་ནི་ཆ་ཆེན་པོའོ། །ཞེས་སྒོའི་དཔངས་སྒོ་ཚད་གསུམ་དུ་གསུངས་སོ། །སྒོ་ཆུང་བ་ནི། དར་བན་གྱིས། ཁང་བཟངས་རྣམས་ཀྱི་བརྒྱད་དང་བཅུའི་ཆ་ཤས་ཀྱི་ཞེང་ནི་སྒོའི་དབུས་ཀྱི་ཆ་ལ་སྟེ། དེའི་ཚད་ཀྱི་ཡལ་འདབ་དང༌། དེའི་ཉིས་འགྱུར་ནི་སྒོའི་དཔངས་སུ་བསྟན་ཅིང༌། སྒོ་ཁྱུད་དང༌། དཔུང་པ་དང༌། རེ་བཞི་རྣམས་ནི་དེའི་ཆ་ལྔ་པར་བཤད་དོ། །ཞེས་སྒོ་དཔངས་ཆེ་ཆུང་གཉིས་སུ་གསལ་བར་བཤད་ལ། སྒོ་འདི་ཆུང་ངུའི་ལུགས་ཡིན་པའང༌། དེ་ཉིད་ལས། འདེགས་པའི་དཔངས་ནི་རྣམ་བཟུང་བ། །འདེགས་པའི་རྒྱ་ཡི་ཚད་ཡིན་ཏེ། །ཆ་གཉིས་སླར་ཡང་སྟེང་དུ་ནི། །ཆུང་བར་བཟོ་བོ་ཡང་དག་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ལུགས་འདི་གཉིས་ཀ་ཡང་ཁས་བླང་དགོས་ཏེ། རྟ་བབས་དཔངས་སུ་སྒོ་ཚད་གསུམ་མ་ལྟར་ན། སྒོ་ཆེ་བ་དང༌། སྒོ་ཚད་གཅིག་མ་ལྟར་ན། སྒོ་ཆུང་བ་འདོད་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་རྩ་བའི་སྒོའི་ཕྱི་རོལ་དུ་སྒོ་ཚད་གཅིག་ཡོང་བའི་ས་ནི་སྒོ་ཁྱུད་དེ། མཁས་པ་དག་འདིར་ཡང་སྔར་བཞིན་གྱི་སྒོ་བྱའོ། །གལ་ཏེ་འདིར་སྒོ་བྱེད་པ་མི་འཐད་དོ་སྙམ་ན། དེ་ཉིད་བསྡུས་པ་ལས། སྒོ་རྣམས་ཀུན་གྱི་ནང་དུ་ནི། །སྒོ་བསྲུང་རྣམས་ནི་དགོད་པར་བྱ། །ཞེས་གསུངས་པས། སྒོ་ཁང་ལ་སྒོ་ཡོད་པར་གྲུབ་བོ། །དེ་རྩ་བའི་སྒོའི་ནང་མདུན་དུ་འགོད་པ་ཡིན་ནོ་སྙམ་ན། དེ་ཉིད་བསྡུས་པ་ལས། ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང༌། ནོར་བུ་དང༌། རིན་པོ་ཆེ་ལས་བྱས་པའི་སྒོ་ཁང་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ཞེས་གསུངས་ཤིང༌། ཀོ་ས་ལར་ཡང༌། སྒོ་ཁྱུད་ཀྱི་ནི་ཞེས་པ་སྒོ་ཁང་གིའོ། །ཞེས་སྒོ་ཁྱུད་ཀྱི་བར་ལ་སྒོ་ཁང་དུ་བཤད་པས་སོ། །རྩ་བའི་སྒོ་ལ་སྒོ་མེད་དོ་སྙམ་ན། དེ་ཉིད་བསྡུས་པར། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་དང༌། དེའི་འགྲེལ་པར། སྒོ་ནི་དབུས་སུ་བརྒྱད་ཆའོ། །ཞེས་སོགས་ལུང་དུ་མ་དང་འགལ་ཞིང༌། དཔལ་མཆོག་ཏུའང༌། སྒོའི་དབུས་ནི་ཐམས་ཅད་དུ། །གཟུགས་མཚན་ལ་སོགས་བསྡུས་པ་དགོད། །ཅེས་དང༌། ཡང༌། སྒོ་དབུས་སུ་ཡང་དེ་རྣམས་ཉིད། །ཅེས་པའི་འགྲེལ་པར། ཤར་ཕྱོགས་ཀྱི་ཆའི་སྒོའི་དབུས་སུ་རྡོ་རྗེ་ལྕགས་ཀྱུའོ། །ཞེས་པ་དང༌། ཀོ་ས་ལར་ཡང༌། རྡོ་རྗེའི་སྒོ་སྟེ་དེའི་ནང་ནི་དབུས་སུའོ། །ཞེས་པ་དང༌། རྩེ་མོར། སྒོ་ཡི་དབུས་ན་གང་གནས་པ། །སྒོ་སྲུང་རྣམས་ནི་སྤྱན་དྲངས་བྱ། །ཞེས་དང༌། གཙུག་དགུར། སྒོ་ནི་སྲུང་བ་བཞི་པོ་དག །སྒོ་ཡི་དབུས་སུ་བྲི་བར་བྱ། །ཞེས་གསུངས་པས། སྒོ་གླེགས་ཀྱི་དབུས་སུའམ་སྒོ་ཐེམ་གྱི་དབུས་སུ་བཞུགས་པར་འགལ་བའི་ཕྱིར། གཞན་འོས་མེད་པས། རྩ་བའི་སྒོ་དང་སྒོ་ཁང་གི་སྒོ་གཉིས་ཀྱི་དབུས་སུའོ། །དེ་ལྟ་མ་ཡིན་ན། རྒྱུད་འགྲེལ་གྱི་ཚིག་དེ་རྣམས་ལ་བཤད་དུ་མི་རུང་བའི་ཕྱིར་དང༌། རྩ་བའི་སྒོ་ལ་སྒོ་མེད་ན། རྩ་བའི་སྒོ་སྒོ་མ་ཡིན་པར་འགྱུར་བའི་སྐྱོན་ཡོད་དོ། །ཞེས་རྡོར་དབྱིངས་བློས་བསླངས་སུ་བྲིས་སོ། །སློབ་དཔོན་ཀུན་སྙིང་གིས། སྒོ་ནི་འཁོར་ལོ་བརྒྱད་ཆ་སྟེ། །སྒོ་ཁྱུད་ཀྱང་ནི་སྒོ་ཡི་ཚད། །ཅེས་དང༌། དེ་ཉིད་སྣང་ཆེན་དུ། སྒོ་ཁྱུད་ནི་སྒོའི་ཚད་དོ། །ཁ་ཁྱེར་ནི་སྒོའི་ཕྱེད་ཀྱི་ཚད་དོ། །སྒོ་འགྲམ་ནི་ཁ་ཁྱེར་གྱི་ཚད་དོ། །ཞེས་གསུངས་པས། སྒོ་ཁྱུད་ཀྱི་ནང་ངོས་སྒོ་དང་མཉམ་པ། སྒོ་འགྲམ་དང་སྒོ་ལོགས་སྒོའི་ཕྱེད་ཕྱེད་དེ། སློབ་དཔོན་ཤཱནྟི་པས། སྒོའི་ཕྱེད་ཀྱི་ཚད་ནི་ཐམས་ཅད་དུ་ཁྱམས་དང༌། སྒོ་འགྲམ་དང༌། དེ་བཞིན་དུ་སྒོའི་ལོགས་ཀྱི་ཡིན་ནོ། །ཞེས་སོ། །སྒོ་སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་བཞི་ཀ་མཉམ་པ་དང༌། སྒོ་དང་མི་མཉམ་སྒོ་ཁྱུད་སྒོ་ལོགས་སྒོ་འགྲམ་གསུམ་མཉམ་པ་དང༌། སྒོ་དང་སྒོ་ཁྱུད་མཉམ། སྒོ་འགྲམ་དང་སྒོ་ལོགས་མཉམ་པའི་ལུགས་གསུམ་ལས། འདིར་ཕྱི་མའི་དབང་དུ་བྱས་པ་སྟེ། སྒོ་དང་སྒོ་ཁྱུད་ཀྱི་ནང་མཉམ་པས་ཆ་ཕྲན་བཞི་བཞི། སྒོ་འགྲམ་དང་སྒོ་ལོགས་ཀྱི་ནང་མཉམ་པས་ཆ་ཕྲན་གཉིས་གཉིས་སོ། །སྒོ་ལོགས་ཀྱི་ཕྱི་ལ་ནི་ཆ་ཕྲན་གསུམ་ཡོད་པས། འདིར་ནང་གི་དབང་དུ་བྱས་སོ། །ལྔ་པ་རྟ་བབས་ལ་གཉིས། སློབ་དཔོན་ཨ་བྷ་ཡཱའི་ལུགས་དང༌། སློབ་དཔོན་གཞན་གྱི་ལུགས་སོ། །དང་པོ་ནི། རྟ་བབས་སྒོ་ལས་སུམ་འགྱུར་ལ། དཔངས་སུ་བརྩི་བ་དང༌། ཞེང་དུ་བརྩི་བ་གཉིས་ལས། ཞེང་ལ་བརྩི་བ་ནི། ཕྲེང་བར་གཞན་གྱི་ལུང་དྲངས་པ། ཆུ་སྲིན་ཁ་ནས་ཆུ་སྲིན་བར། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །ཞེས་སྣ་ཚོགས་རྡོ་རྗེའི་རྭ་རྩེའི་ཆུ་སྲིན་ཀ་བའི་རྩེ་ནས་འཐོན་ཞིང༌། དེ་ཆུ་སྲིན་ནས་ཆུ་སྲིན་གྱི་བར་ལ་ཆ་ཆེན་གསུམ་ཡོད་པའི་ཕྱིར། འཕྲེད་ལ་སུམ་འགྱུར་དུ་བརྩི་བ་ཡིན་ཏེ། ཕྲེང་བར། རྟ་བབས་ནི་རྟ་བབས་ཀྱི་ཀ་བའི་བར་དུ་ངོས་སུ་སྒོ་ལས་སུམ་འགྱུར་རོ། །ཞེས་གསུངས་པས་རྟ་བབས་ཀྱི་ཀ་བ་ནས་ཀ་བའི་བར་ལ་སྒོ་ལས་སུམ་འགྱུར་ཡོད་པ་ལ་དགོངས་ནས་སུམ་འགྱུར་དུ་གསུངས་ཀྱི། སྣམ་བུ་རིང་ཤོས་ལ་ནི་སྒོ་ལས་བཞི་འགྱུར་ཡོད་ཅིང༌། ལ་ཝ་པའི་བདེ་མཆོག་གི་དཀྱིལ་ཆོག་ཏུ། སྒོ་ལས་བཞི་འགྱུར་དུ་བཤད་པའང་འདི་ལ་དགོངས་སོ། །འདིར་སུམ་འགྱུར་དཔངས་སུ་བྱེད་པ་ལ་ལུགས་གཉིས་ལས། མུན་སྣམ་གཉིས་མའི་ལུགས་ལྟར་ན། སྒོ་ལོགས་ཀྱི་རྩེ་མོ་ནས། མདུན་དུ་ཆ་ཕྲན་གཉིས་དོར་ངོས་སུ་ཆ་ཕྲན་རེ་རེ་དོར་བར་ཞེང་དུ་ཆ་ཆུང་གཅིག་དང༌། དཔངས་སུ་ཆ་ཆུང་ལྔ་པའི་ཀ་བ་གཉིས་ཏེ། ཀླུའི་བློ་ཡི་དཀྱིལ་ཆོག་ལས། བུམ་པ་ཀ་བའི་སྟེང་གནས་པའི། །སྒོ་ལས་སུམ་འགྱུར་རྟ་བབས་ཏེ། །ཞེས་དང༌། ཕྲེང་བར། སྟེགས་བུ་བུམ་པ་ལས་བྱུང་བའི། །རྟ་བབས་ཀ་བ་དྲང་པོར་བྱ། །ཞེས་གསུངས་པས། སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ། རྩ་བ་དང་རྩེ་མོ་ལ་ནོར་བུས་སྤྲས་པ། ཀ་བའི་གློ་གཉིས་སུ་དར་དཔྱངས་ཀྱི་སྣམ་བུ་རྒྱ་དཔངས་ཀ་བ་དང་མཉམ་པ་ལ། གླང་པོ་ཆེའི་སྟེང་དུ་སེངྒེའི་ལག་པ་གཅིག་གིས་གླང་པོ་ཆེའི་སྤྱི་བོ་ནས་མནན་ཅིང་དཔུང་པ་གཉིས་བཏེག་སྟེ་འཕྱར་བ། དེའི་སེངྒེའི་ཁ་ནས་རིན་པོ་ཆེ་འཕྱང་བའོ། །ཀ་བའི་སྟེང་དུ་རྟ་བབས་འདེགས་པའི་གདུང་ཡོད་པ་དང་མེད་པའི་ཕྱོགས་གཉིས་ལས། འདིར་གདུང་མེད་པའི་ཕྱོགས་བསྟན་ཏེ། ཚངས་ཐིག་གི་གཡས་གཡོན་དུ་ཆ་ཆུང་ཕྱེད་དང་དྲུག་སྟོང་པར་བཞག་ནས་གསེར་གྱི་སྣམ་བུ་ཆ་ཆུང་ཕྱེད་དང་གསུམ་པའོ། །དེའི་སྟེང་དུ་ཚངས་ཐིག་ནས་ཆ་ཆུང་དྲུག་དོར་བར་གཉིས་པ་རིན་པོ་ཆེའི་ཤར་བུ་དང༌། གསུམ་པ་རིན་པོ་ཆེ་གཉིས་ཆ་ཆུང་གསུམ་གསུམ་དུ་རིང་བའོ། །ཆ་ཆུང་བཞི་དོར་བར་བཞི་པ་རྨིག་པ་ཆ་ཆུང་ལྔར་རིང་བའོ། །ཆ་ཆུང་ཕྱེད་དང་བཞི་དོར་བར་ལྔ་པ་མུན་པའི་སྣམ་བུ་ཆ་ཆུང་ཕྱེད་དང་ལྔར་རིང་བའོ། །ཞེས་པ་ནི། མུན་སྣམ་ནི་བར་སྟོང་ཡིན་པས་གཞན་དོར་རྒྱུ་མེད་ཀྱང༌། བ་རན་གྱི་འོག་ཆ་ཆུང་ཕྱེད་དང་བཞི་དོར་བ་ནས་ཡོད་པ་ལ་དགོངས་ནས་ཆ་ཆུང་ཕྱེད་དང་ལྔར་རིང་བ་ནི་བ་རན་གྱི་འོག་ཆ་ཆུང་ཕྱེད་དང་ལྔར་རིང་བའོ། །ཆ་ཆུང་གསུམ་དོར་བར་དྲུག་པ་ཆ་ཆུང་ལྔ་པའོ། །ཞེས་པ་བ་རཎྜའི་སྟེང་ཆའི་ཚད་དོ། །དེའི་སྟེང་དུ་མུན་སྣམ། དེའི་སྟེང་དུ་རིན་ཆེན་ཤར་བུ་དང༌། རིན་པོ་ཆེ་དང༌། རྨིག་པ་གསུམ། ཚངས་ཐིག་གཡས་གཡོན་ནས་ཆ་ཕྲན་བདུན་བདུན་ཏེ། བཅུ་བཞིར་རིང་བའོ། །དེའི་སྟེང་དུ་མདའ་ཡབ་ཀྱི་སྣམ་བུ་ནི་ཆ་ཆུང་ལྔ་ལྔ་སྟེ་བཅུར་རིང་བའོ། །འདི་ལ་སྣམ་བུ་ལྔ་པའི་ལོགས་སུ་ཆ་ཆུང་ཕྱེད་དང་བཞི་ནི་སྟེང་གི་ཆ་ལའོ། །ཞེས་པ་བ་རན་གྱི་འོག་ཆ་ནས། ཆ་ཆུང་ཕྱེད་དང་བཞི་དོར་བར་མུན་སྣམ་གཅོད་པའི་བྲི་བྱ་ལ་ཐིག་འོང་བ་བཞིན་དུ་རྩིག་པ་ལའང་བར་བཅད་པའི་དོན་ཏེ། དེ་ལྟ་མ་ཡིན་ན། དེའི་ཕྱི་ངོས་ན་བ་རན་གྱི་འོག་གི་བར་སྟོང་ཡོད་པས་དེ་ཡང་མུན་སྣམ་དུ་ཐལ་བས་སོ། །བདུན་པ་ལ་འོག་ཆ་ཆུང་གསུམ་པ་སྟེ། དེའི་སྟེང་དུ་ཆ་ཆུང་དྲུག་པའོ། །ཞེས་པའི་དོན་བ་རཎྜའི་སྟེང་མཐའ་ནས་ཆ་ཆུང་གསུམ་དོར། ཤར་བུའི་ནང་ནས་ཆ་ཆུང་དྲུག་དོར་བར་མུན་སྣམ་བར་གཅོད་པའི་དོན་ཏོ། །དེ་ལ་མུན་པ་སེལ་བའི་ནོར་བུ་བྱེད་པ་ཕྱག་ལེན་ལ་ཡོད་དོ། །དེ་ལ་མུན་སྣམ་གཉིས་ནི་དཔངས་ཆ་ཆུང་ཕྱེད་དང་གཉིས་སོ། །གཞན་སྣམ་བུ་ཐམས་ཅད་ནི་དཔངས་ཆ་ཆུང་རེ་རེ་བའོ། །སྔར་གྱི་སྣམ་བུ་རྣམས་ཀྱིས་ནང་གི་རྩེ་མོ་ནས་གསེར་གྱི་སྣམ་བུའི་ཆ་ཆུང་ཕྱེད་དོར་ནས་རིམ་གྱིས་སྣམ་བུ་གཞན་དང་འབྲེལ་བས་སྣམ་བུ་བརྒྱད་པའི་མ་མཐའ་ལ་ཐུག་གི་བར་དུ་སྦྲེལ་བའི་རྒྱར་ཆ་ཆུང་ཕྱེད་པའི་སྣམ་བུ་འཁྱོག་པོ་བྱས་ཏེ། དེ་ཡང་གཞན་དང་འབྲེལ་ཞེས་པ་བ་རན་གྱི་སྟེང་ནས་སྟེང་གི་ཆའི་བར་དུ་འབྲེལ་བ་ནི་མ་ཡིན་གྱི། སྣམ་བུ་བརྒྱད་པའི་མ་མཐའ་ལ་རེག་གི་བར་དུ་འབྲེལ་བར་བྱ་སྟེ། མཁས་པ་དུ་མའི་ཕྱག་ལེན་མཐོང་བ་བརྒྱུད་པ་ལས་དེ་ལྟར་འབྱུང་བའི་ཕྱིར་དང༌། རྒྱ་གར་བ་དང་བལ་པོར། མཁས་པ་རྣམས་ཡོད་དུས་བྲིས་པའི་ཐང་སྐུ་རྙིང་པ་རྣམས་ལའང་དེ་ལྟར་མཐོང་བའི་ཕྱིར་དང༌། ཕྲེང་བར་ཡང༌། ནང་གི་མཐར་ཡང་ཐིག་དང་པོའི་ཆ་ཆུང་ཕྱེད་དོར་ནས་ཇི་ལྟར་རིགས་པ་གྱེན་དུ་འགྲེང་བའི་ཐིག་གཅིག་གོ །དེ་དག་ནི་གཞན་དང་འབྲེལ་བས་འཁྱོག་པོ་གཅིག་ཏུ་མཐོང་སྟེ། ཇི་ལྟར་མཛེས་པར་བྲི་བར་བྱའོ། །འདིའི་ནང་དུའང་རིན་པོ་ཆེ་ལ་སོགས་པ་འབྲི་བའི་དོན་དུ་ཆ་ཆུང་ཕྱེད་དོར་ནས་སྔ་མ་དེ་ཁོ་ན་བཞིན་དུ་ཐིག་ཀྱོག་པོ་གཅིག་གོ །ཞེས་མཛེས་པར་བྲི་བར་གསུངས་པའི་ཕྱིར་རོ། །དེ་ལ་གསེར་གྱི་སྣམ་བུ་ནི་གསེར་ཉིད་དོ། །ཤར་བུ་རྣམས་ནི་སྤྱིར་དཀྱིལ་འཁོར་གྱི་ཤར་བུ་དང་མཚུངས་པ་ལས་ཁྱད་པར་དཀྱིལ་འཁོར་གྱི་ནི་བྱ་འདབ་ལས་དཔྱངས་པ་ཡིན་ལ། འདིར་ནི་རིན་པོ་ཆེའི་སྣམ་བུའི་འོག་ཏུ་བསྒྲིག་པ་བར་སྟོང་དང་བཅས་པའོ། །རིན་པོ་ཆེའི་སྣམ་བུ་ནི་དཀྱིལ་འཁོར་གྱི་ཕ་གུ་དང་མཚན་ཉིད་འདྲ་བའོ། །རྨིག་པ་ནི་རྟ་རྨིག་གི་རྣམ་པ་ལྟ་བུ། བ་རཎྜ་ནི་འབོལ་རིས་ཀྱི་རྣམ་པ་ལྟ་བུར་མཛད་པ་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལས་འབྱུང་ལ། ཁ་དོག་ཇི་ལྟར་མཛེས་པར་བྱ་བར་ཕྲེང་བ་སོགས་སུ་བཤད་དོ། །སྣམ་བུ་བཅུ་གཅིག་པ་མདའ་ཡབ་ཀྱི་སྣམ་བུ་ལ་དབུས་སུ་ཆོས་འཁོར་གྱི་གདན་རྒྱར་ཆ་ཆུང་གཉིས་པ་དཔངས་སུ་ཆ་ཆུང་གཅིག་པའི་པདྨ་དང་ཟླ་བ། དེའི་སྟེང་དུ་རྩིབས་བརྒྱད་པའམ། རྩིབས་བཅུ་གཉིས་པའི་གསེར་གྱི་འཁོར་ལོ་རྒྱར་ཆ་ཆུང་གཉིས་པ་ཆ་ལྔ་དང་ལྡན་པའི་མུ་ཁྱུད་ཅན་རྩིབས་ཀྱི་བར་རྣམས་སྟོང་པར་ཡོད་པ་སྟེང་དུ་བསླང་ནས་བཞག་པའོ། །ཆོས་འཁོར་གྱི་གདན་གྱི་གཡས་གཡོན་དུ། འཁོར་ལོ་ལས་ཆ་ཆུང་ཕྱེད་ཙམ་དུ་རིང་བར་གནས་པའི་རི་དྭགས་དང་རི་དྭགས་མོ། ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་པ་འགྲེང་ཞིང༌། མིག་འཁོར་ལོའི་རྩེ་མོ་ལ་ལྟ་བ་གསེར་ལས་བྱས་པ་རིན་པོ་ཆེ་གཞན་གྱིས་སྤྲས་པའོ། །རི་དྭགས་མདའ་ཡབ་ཀྱི་སྣམ་བུ་ལ་གནས་པར་འདོད་པ་དང༌། མི་འདོད་པའི་ལུགས་གཉིས་ལས། འདིར་མི་འདོད་པའི་ལུགས་ཡིན་ལ། རི་དྭགས་ཀྱི་མཇུག་མའི་ཕྱི་རོལ་གྱི་ངོས་གཉིས་སུ་མདའ་ཡབ་གཉིས་གཉིས་དང་ལྡན་པའོ། །ཁ་ཅིག་མདའ་ཡབ་ཀྱི་སྣམ་བུ་ལ་མདའ་ཡབ་མེད་པར་འདོད་པ་ཨ་བྷ་ཡས་བཀག་སྟེ། ཇི་སྐད་དུ་ཁ་ཅིག་ནི་མདའ་ཡབ་མེད་དེ། དེའི་སྣམ་བུ་ལ་རི་དྭགས་དང༌། རི་དྭགས་མོ་དག་ཁོ་ན་གནས་སོ། །ཞེས་ཟེར་རོ། །འདོད་པ་དེ་ནི་འཕགས་པ་ཀླུའི་བློའི་ཞབས་ཀྱིས། བུམ་པ་ཀ་བའི་སྟེང་གནས་པའི། །སྒོ་ལས་སུམ་འགྱུར་རྟ་བབས་ནི། །ཕྱོགས་ཅན་མདའ་ཡབ་དག་དང་ལྡན། །དྲིལ་བུའི་སྒྲ་ནི་ཡང་དག་སྒྲོགས། །ཞེས་པའི་ལུང་དང་འགལ་ལོ། །འདིས་ནི་གདན་གྱི་གཞོགས་ན་གནས་པའི་རི་དྭགས་དང༌། རི་དྭགས་མོའི་མཇུག་མའི་ཕྱོགས་དག་ཏུ་མདའ་ཡབ་གཉིས་གཉིས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བཞེད་པ་འདི་ལ་ནི་རི་དྭགས་དང་རི་དྭགས་མོ་དག་མདའ་ཡབ་ལ་གནས་པ་མ་ཡིན་ནོ། །ཞེས་པས་སོ། །དེའི་ཕྱོགས་ཅན་ཞེས་པ་ལ། པ་ཚབ་འགྱུར་དུ་བྱ་རུ་བསྒྱུར་བ་ནི་ཅུང་ཟད་འགྱུར་ཉེས་པ་སྟེ། ཕྱོགས་ཅན་གཉིས་སྟོན་པའི་བརྡ་ཚིག་སྟེ། བྱ་དང་ཟླ་བ་ཡར་ངོ་མར་ངོ་གཉིས་ཀ་ལ་འཇུག་གོ །རི་དྭགས་དང་རི་དྭགས་མོའི་མཇུག་མའི་ཕ་རོལ་དུ་མདའ་ཡབ་ལ་གནས་ཤིང༌། སྤྲེའུས་བཟུང་བའི་ཟླ་ཚེས་དང༌། རིན་པོ་ཆེ་དང་རྡོ་རྗེའི་རྩེ་མོ་ཅན་གྱི་ཆ་ཆུང་ཕྱེད་དང་གསུམ་པའི་རིན་པོ་ཆེའི་ཡུ་བ་ལ་མཐའ་མར་དར་ལྕེའི་ཤམ་བུ་དང་བཅས་པའི་གདུགས་དཀར་པོ་གཉིས་ཏེ། ཁ་ཅིག་ཏུ་ནི་དམར་པོ་དར་དཔྱངས་གཉིས་འཕྱང་བའོ། །འདིས་དཀྱིལ་འཁོར་ཟུར་གྱི་གདུགས་ཀྱི་ཆག་ཚད་ཀྱང་ཤེས་པར་བྱའོ། །ཁ་ཅིག་གདུགས་ཆ་ཆུང་དྲུག་པར་འདོད་དེ། མདའ་ཡབ་མཐའ་མའི་སྟེང་དུ་ཆ་ཆུང་གཅིག་པའི་རྒྱལ་མཚན་དང་བ་དན་ནོ། །རྟ་རྨིག་དང་བ་རན་གྱི་མཐའ་རྣམས་སུ་རྒྱལ་མཚན་དང་བ་དན་རྣམས་ཇི་ལྟར་མཛེས་པས་བརྒྱན་པ་དང༌། སེངྒེ་དང༌། སེངྒེ་རྐང་བརྒྱད་དང༌། ངང་པ་དང༌། རྨ་བྱ་དང༌། མིའམ་ཅི་མོ་རྣམས་ཅི་མཛེས་སུ་བྱའོ། །གླང་པོའི་རྒྱབ་ཀྱི་ནང་དུ་ཆུ་སྲིན་གྱི་ཁ་ནས་འཐོན་པའི་མུ་ཏིག་གི་ཆུན་འཕྱང་དོ་ཤལ་དང་དོ་ཤལ་ཕྱེད་པ་དང༌། བླ་རེ་ལ་སོགས་པས་སྤྲས་པ་སྟེ། ཕྲེང་བར། སྟེང་དུ་ཆུ་སྲིན་གྱི་ཁ་ནས་འཐོན་པའི་མུ་ཏིག་གི་ཆུན་འཕྱང་ལ་སོགས་པ་ཇི་ལྟར་མཛེས་པར་རོ། །ཞེས་དང༌། རྟ་བབས་ལ་རྣམ་པར་བཀྲ་བའི་བླ་རེ་དང༌། དོ་ཤལ་དང་དོ་ཤལ་ཕྱེད་པའོ། །སེངྒེ་དང༌། སེངྒེ་རྐང་པ་བརྒྱད་པ་དང༌། ངང་པ་དང༌། རྨ་བྱ་དང༌། མིའམ་ཅི་དང༌། མིའམ་ཅི་མོ་རྣམས་ཀྱང་ངོ༌། །ཞེས་གསུངས་པས་སོ། །འདིར་ཕྲེང་བ་པ་ཁ་ཅིག རྟ་བབས་ནི་སྒོ་ལོགས་ཀྱི་གདོང་ན་ཡར་སྦྱར་ནས་ཐིག་ཤིང་བརྩེགས་པ་ལྟར་གནས་པར་འདོད་པ་ཡོད་དེ། དེ་ནི་སྔར་བྲི་བྱ་ལ་སྒོའི་ཡ་ཕུབས་ཀྱི་ཐིག་དེ་བརྩེགས་ན་སྒོ་ལོགས་ཀྱི་མདུན་དུ་མི་འོང་བར་སྔར་བསྒྲུབས་ཤིང༌། དེའི་ཕྱིའི་ཆ་ཆུང་གཅིག་པོ་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་དུ་ཡོད་པར་གསུངས་ཏེ། ཕྲེང་བར། འདིར་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་གྱིས་ནི། མུན་པའི་སྣམ་བུ་དང༌། ལོང་བའི་སྣམ་བུ་དང༌། སྟོང་པའི་སྣམ་བུ་དང༌། བར་སྐབས་ཀྱི་སྣམ་བུ་ཞེས་བརྗོད་དོ། །ཞེས་པ་དང༌། དེའི་ཕྱིའི་ཆ་ཆུང་གཅིག་ནི་དཀྱིལ་འཁོར་དང༌། རྟ་བབས་ཀྱི་བར་གྱི་སྣམ་བུའོ། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ན་སྒོ་ལོགས་ཀྱི་གདོང་དང༌། རྟ་བབས་ཀྱི་བར་དུ་སྟོང་པ་ཆ་ཆུང་གཉིས་ཡོད་པར་གྲུབ་བོ། །དེ་ལྟར་ན་སྣམ་བུ་ལྔ་པ་དང་བདུན་པ་གཉིས། ཆ་ཆུང་ཕྱེད་དང་གཉིས་པ་དང༌། སྣམ་བུ་གཞན་དགུ་ཆ་ཕྲན་རེ་རེར་མཉམ་པས་གཉིས་མཉམ་དགུ་མཉམ་དང༌། སྣམ་བུ་གསུམ་པ་བདུན་པ་དགུ་པ་གསུམ་ཆ་ཆུང་རེ་རེར་མཉམ་ཞིང༌། བཞི་པ་དྲུག་པ་བཅུ་པ་གསུམ་ཆ་ཆུང་ཕྱེད་ཕྱེད་དུ་དང༌། ལྷག་མ་ལྔ་ཕྱེད་དང་གཉིས་པར་མཉམ་པས་ལྔ་མཉམ་གསུམ་གསུམ་མཉམ་སྟེ། སྒོ་ཚད་གསུམ་མའི་ལུགས་གཉིས་དང༌། སྒོ་ཚད་གཅིག་མ་ལ་ལྔ་མཉམ་གསུམ་གསུམ་མཉམ་གཅིག་སྟེ། དཀྱིལ་འཁོར་སྤྱི་འགྲོའི་རྟ་བབས་མི་འདྲ་བ་གསུམ་བཤད་དོ། །གཉིས་པ་ནི། རབ་ཏུ་སྒྲོན་གསལ་ལས། རྟ་བབས་ཀྱི་དཔངས་སྒོ་ཚད་གཉིས་མར་བཤད་ཀྱང༌། སྣམ་བུ་སོགས་འདི་ལྟར་བྱེད་ཀྱི་གསལ་ཁ་མི་སྣང་མོད། འོན་ཀྱང་ཕྲེང་བར་བཤད་པའི་ལྔ་མཉམ་གསུམ་གསུམ་མཉམ་སྦྱར་ན་འགྲིག་པར་སྣང་ངོ༌། །གཞན་རྒྱ་གར་བའི་གཞུང་ཕལ་མོ་ཆེ་ནས། རྟ་བབས་སྒོ་ཚད་གཅིག་མར་གསུངས་པ་མང་ཞིང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པའང་འདི་ཁོ་ན་བཞིན་ཡིན་པས་དེ་བཤད་ན། སློབ་དཔོན་ཤྲཱདྡྷ་ཀ་ར་ཝ་རྨས། རྟ་བབས་ཡ་ཕུབས་དག་ལ་ནི། །ཆ་གཅིག་དོར་བར་ཆ་ཆེན་ཚད། །ཆུར་ནི་ཆ་ཆེན་བཞི་པ་སྟེ། །སྐས་ལ་སོགས་པ་ཇི་བཞིན་འགྱུར། །རྟ་བབས་ཆ་གཅིག་པདྨར་གནས། །ཆོས་ཀྱི་འཁོར་ལོ་ཆ་གཉིས་པ། །ཆུར་དང་ཞེང་མཉམ་གདུགས་ཀྱི་ཚད། །ཆ་གཅིག་པ་ལ་ཡུ་བ་བྱེད། །འཁོར་ལོའི་ངོས་གཉིས་ཐད་ཀར་ནི། །རི་དྭགས་གཉིས་ནི་མཉམ་གནས་པ། །རྟ་བབས་ལ་བརྟེན་འཁོར་ལོར་ཕྱོགས། །ཤིན་ཏུ་འབྱར་མིན་རྒྱང་རིང་མིན། །རྡོ་རྗེ་རིན་ཆེན་ཡུ་བ་ཅན། །དེ་ཚད་རི་དྭགས་ཀྱི་རྒྱབ་ཏུ། །ཆ་ཆུང་གཅིག་དོར་ཐིག་ལ་བརྟེན། །རྡོ་རྗེ་རིན་ཆེན་ཡུ་བ་ཕྱེད། །བ་དན་དྲིལ་བུར་ལྡན་པ་ཡིས། །མཛེས་པ་རྟ་བབས་ཡིན་པར་འདོད། །ཅེས་གསུངས་པས། སྒོའི་སྟེང་ནས་ཆ་ཕྲན་གཅིག་དོར་བའི་སྟེང་དུ་རྟ་བབས་དཔངས་སུ་ཆ་ཆེན་གཅིག་པ། རྒྱར་སྣམ་བུ་འོག་མའི་མཐའ་ནས་མཐའི་བར་ལ་སྒོ་ཚད་བཞི་ཡོད་ལ། སྣམ་བུ་གོང་མ་གསུམ་འོག་མ་འོག་མ་ལས་གཡས་གཡོན་གཉིས་ནས་ཆ་ཕྲན་རེ་རེས་ཐུང་དུ་སོང་བ་སྟེ། སྣམ་བུ་སྟེང་མ་ལ་ཆ་ཕྲན་བཅུ་ཡོད་པ་དེའི་སྟེང་དུ་ཆོས་འཁོར་གྱི་གདན་གྱི་པདྨ། དཔངས་སུ་ཆ་ཆུང་གཅིག རྒྱ་ཆོས་འཁོར་དང་མཉམ་པ། དེའི་སྟེང་དུ་ཆོས་འཁོར་རྩིབས་བརྒྱད་པའམ། བཅུ་གཉིས་པ་ཆུར་ཞེང་དུ་ཆ་ཆུང་གཉིས་ཡོད་པ། དེའི་སྟེང་དུ་གདུགས་ཆ་ཆུང་གཅིག་གི་ཚད་ལ་ཕྱེད་གདུགས་ངོ་བོ་དང་ཕྱེད་ཡུ་བ་ལ་ཡོད་པ། ཆོས་འཁོར་གྱི་གཡས་གཡོན་གཉིས་སུ་རི་དྭགས་ཀྲྀཥྞ་ས་ར་གཉིས་ཆོས་འཁོར་ལ་ཁ་བལྟས་ཤིང༌། ཤིན་ཏུ་འབྱར་མིན་རྒྱང་རིང་མིན། །ཞེས་པའི་དོན་རི་དྭགས་དང་ཆོས་འཁོར་གྱི་བར་ན། ཆ་ཆུང་རེ་རེ་གནས་པ་ལ་འགྲེལ་པས་བཤད་དོ། །རི་དྭགས་ཀྱི་དཔངས་ཀྱི་ཚད་ནི་ཆ་ཕྲན་གཉིས་ཡིན་ལ། དེ་ནས་ཆ་ཕྲན་གཅིག་དོར་བར་བ་དན་དྲིལ་བུ་དང་བཅས་པ་ཡུ་བ་ལ་ཆ་ཕྲན་གཅིག སྟེང་ཆ་ཕྲན་གཅིག་ལ་ཕྱེད་རྡོ་རྗེ། ཕྱེད་རིན་པོ་ཆེར་བྱས་ལ། བ་དན་དང་དྲིལ་བུ་སྣ་ཚོགས་པ་བཏགས་པས་མཛེས་པར་བྱས་པའོ། །དེ་ལ་ཁ་ཅིག་རྡོ་རྗེ་མཁའ་འགྲོ་ལས། སྒོ་ལས་སུམ་འགྱུར་རྟ་བབས་ཏེ། །ཞེས་བཤད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། སློབ་དཔོན་འདི་དང༌། སློབ་དཔོན་ལ་ཝ་པ་ལྟར་ན། ཀ་བའི་ནང་མཐའ་ནས་ནང་མཐའི་བར་ལ་རྟ་བབས་ཀྱི་ཚད་དུ་བྱས་ནས། དེ་ལ་སྒོ་ལས་སུམ་འགྱུར་དུ་ཡོད་པའི་ཕྱིར་རོ། །ཡང་ཁ་ཅིག དཔངས་སུ་སྒོ་ཚད་གཅིག་ཏུ་བྱེད་པ་རྒྱུད་རྣམས་ལས་བཤད་པ་མེད་དོ་སྙམ་ན། བདེ་མཆོག་སྡོམ་འབྱུང་ལས། ཟླུམ་པོ་ནང་མའི་མཐའ་ནས་མཐའི་བར་ལ། ཆ་རེ་བཞིར་བཤད་པའི་ཆ་རེ་ནི། དེའི་འགྲེལ་པར་ཆ་ཆུང་རེ་རེ་བཤད་པས། དབུས་ནས་རྭ་རྩེའི་བར་ལ་ཆ་ཆེན་བརྒྱད་ལས་མེད་པའི་ཕྱིར་རྟ་བབས་དཔངས་སུ་སྒོ་ཚད་གཅིག་མ་ལས་གཞན་འོང་དོན་མེད་ལ། ཁ་ཆེ་རིན་ཆེན་རྡོ་རྗེ། དྷ་རི་ཀ་པ། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་སོགས་པ་རྒྱ་གར་བའི་གྲུབ་ཆེན་དུ་མ་ཞིག་གིས་བཤད་ལ། བྱེ་བྲག་ཏུ་ཀྱེ་རྡོ་རྗེའི་དཀྱིལ་ཆོག་རྣམས་ལས་ཀྱང་འདི་ཁོ་ན་ལྟར་འབྱུང་ངོ༌། །གལ་ཏེ་རྟ་བབས་སྒོ་ཚད་གཅིག་མར་བཤད་པ་ཡོད་ན། ཕྲེང་བ་ལས་འབྱུང་བ་ལྟར། མུན་སྣམ་མེད་པའི་སྣམ་བུ་བཅུ་གཅིག་མར་རིགས་ཀྱི། མུ་སྣམ་དང་བཅས་པའི་སྣམ་བུ་བཞི་མར་མི་རིགས་སོ། །ཞེ་ན་དེ་ནི་མ་ཡིན་ཏེ། རྟ་བབས་སྒོ་ཚད་གཅིག་མ་ལ་མུན་སྣམ་བྱེད་པ་ནི། ལ་ཝ་པའི་བདེ་མཆོག་གི་དཀྱིལ་མཆོག་ཏུ་བཤད་ལ། སྣམ་བུ་བཞིར་བྱེད་པ་ནི། ཤྲདྡྷཱས། དེ་གསུམ་ཆ་ནི་བཞི་བཞིར་བྱ། །ལྔ་པ་དྲུག་བདུན་བརྒྱད་པ་ཡང༌། །དེ་བཞིན་ལེགས་པར་བགོ་བྱ་ཞིང༌། །ཞེས་ཆ་ཆེན་བདུན་པ་དང་བརྒྱད་པ་གཉིས། རྟ་བབས་ཀྱི་ས་ཡིན་ལ་དེ་དག་དུམ་བུ་བཞི་བཞིར་བགོས་ནས་བཞག་པའི་ཕྱིར་དང༌། འགྲེལ་པར་སྐས་ལ་སོགས་པའི་མིང་ཅན་གྱིས་དབྱིབས་ཀྱི་ཁྱད་པར་གང་དག་ཡོད་པ་དེ་དག་ཏུ་འགྱུར་བར་བྱའོ། །ཞེས་ཐེམ་སྐས་ཀྱི་རྣམ་པ་ཅན་དུ་བཤད་པའི་ཕྱིར་དང༌། གྲུབ་ཆེན་མཚོ་སྐྱེས་ཀྱིས་ཀྱེ་རྡོར་དཀྱིལ་ཆོག་ལས། རྟ་བབས་ཀྱི་སྣམ་བུ་བཞི་པའི་ཕྱོགས་ན། ཆ་ཕྱེད་ལོགས་ཀྱི་ཕྱེ་བ་བཞི་ལ། གཅིག་ལ་དྷརྨ་ཙཀྲ། གཅིག་ལ་རྡོ་རྗེ་རྒྱ་གྲམ་གྱི་རྭ་དབུས་མ། དེའི་སྣ་ལ་པདྨའི་སྡོང་བུ་ནས་གཏད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྒོ་འགྲམ་གྱི་ཕྱི་མཐའ་དང༌། སྒོ་ལོགས་ཀྱི་ཕྱི་མཐའ་གཉིས་སུ། རྟ་བབས་ཀྱི་ཀ་བ་དཔངས་ཆ་ཕྲན་ལྔ་པ། ཀ་རྒྱན་དང་བཅས་པ་བཞི་བཞི་བཙུགས་ལ་དེའི་སྟེང་དུ་སྒོ་འགྲམ་གྱི་ཕྱི་ནས་སྒོ་ལོགས་ཀྱི་བར་མདུན་དུ་འོང་ཞིང༌། དེ་ནས་སྒོ་ལོགས་ཅིག་ཤོས་ཀྱི་བར་ངོས་སུ་སོང་བ་དེ་ནས་སྒོ་འགྲམ་ཅིག་ཤོས་ཀྱི་བར་རྒྱབ་ཏུ་སོང་བར་གྱུར་གྱི་བར་རྡོ་རྗེའི་གདུང་དགོད་དེ། རིན་ཆེན་འབར་བར། ཡ་ཕུབས་ཐ་མ་རྡོ་རྗེ་གདུང༌། །བདུན་པ་རྟ་བབས་དག་ཏུ་འགྱུར། །བརྒྱད་པ་པདྨ་འཁོར་ལོ་གདུགས། །ཞེས་གསུངས་སོ། །དེའི་སྟེང་ནས་རྟ་བབས་རྣམས་བརྩེགས་ཏེ། ཀ་རྒྱན་གྱི་སྟེང་དུ་ཆ་ཕྲན་གཅིག་པ། དེ་ནས་ཀ་བའི་སྟེང་དུ་བང་རིམ་གཉིས་པ་ལ་ཆ་ཕྲན་གཅིག་གིས་ཐུང་བ། དེ་ནས་མུན་སྣམ་གྱི་སྟེང་དུ་བང་རིམ་གསུམ་པ་སྔར་བས་ཆ་ཕྲན་གཅིག་གིས་ཐུང་བ། དེ་ལས་སྒོ་ཁང་ཆ་ཕྲན་གཅིག་གིས་ཐུང་བ་ནི་རིམ་པ་བཞི་པ་སྟེ། དེའི་སྟེང་དུ་པདྨ་དང་ཆོས་འཁོར་སོགས་དགོད་དོ། །དེ་ལྟར་ན་རྟ་བབས་ཀ་བ་དང་བཅས་པའི་དཔངས་ཆ་ཕྲན་དགུ་ཡིན་ལ། དེ་བཞིན་དུ་རྩ་བའི་སྒོ་དང༌། སྒོ་ཁྱུད་དང༌། འགྲམ་ལོགས་རྣམས་ཀྱི་དཔངས་ཀྱང་ཆ་ཕྲན་དགུ་དང༌། སྒོའི་དཔངས་ཀྱང་སྔར་བཤད་པ་ལྟར། ཆ་ཆེན་གཉིས་ཡིན་ནོ། །འོ་ན་བྲི་བྱ་ལ་རྩིག་པ་དང་རྟ་བབས་ཀྱི་བར་ལ་མུན་སྣམ་བཤད་པ་དང་འགལ་ཏེ། དེར་བར་སྟོང་མི་འདུག་པའི་ཕྱིར་རོ་སྙམ་ན་བྲི་བྱ་ལ་མུན་སྣམ་ཨ་བྷ་ཡའི་ལུགས་ལ་ཡོད་ཀྱང༌། འདིར་ཤྲདྡྷཱས། སྒོའི་སྟེང་གི་ཆ་ལས་ཆ་གཅིག་དོར་བ་ཞེས་བྱ་བའི་དེའི་ཕྱི་རོལ་གྱི་ཆ་ཆུང་གཅིག་དོར་ཞིང་བཞག་ལ། ཞེས་པ་ལས་མུན་པའི་ཐ་སྙད་མ་བཤད་ལ། ཆ་གཅིག་པོ་དེ་ནི་བསྒོམ་བྱའི་སྐབས་སུ་གདུང་ཡིན་པར། རིན་ཆེན་འབར་བའི་ལུང་སྔར་དྲངས་པས་ཤེས་སོ། །དེ་ལྟར་ན་གཡས་གཡོན་གྱི་རྟ་བབས་ནི་རིང་ཐུང་གི་ཚུལ་དུ་གནས་ལ། སྒོ་མདུན་གྱི་རྟ་བབས་རྣམས་ལོགས་མཉམ་པོར་ཡོད་ཀྱང༌། ཁ་དོག་མི་འདྲ་བའི་དབང་གིས་སྣམ་བུ་བཞི་ཡོད་དོ། །གསུམ་པ་ནི། རྩ་རྒྱུད་ལས། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་བཤད་པ་ཙམ་ལས་མི་འབྱུང་ཞིང༌། སློབ་དཔོན་མི་ཐུབ་ཟླ་བའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་གཞུང་རྣམས་དང༌། མངོན་རྟོགས་དོན་གསལ། དཔལ་མཆོག་ཌོམྦྷི་པ། བྱང་ཆུབ་སྙིང་པོ། སློབ་དཔོན་མཚོ་སྐྱེས་རྣམས་ཀྱིས་ཀྱང༌། དུར་ཁྲོད་བཤད་པ་མེད་ཀྱང༌། རྗེ་བཙུན་སྐུ་མཆེད་ཀྱིས་དུར་ཁྲོད་བྱེད་པར་གསུངས་ལ། དེ་བཞིན་དུ་སློབ་དཔོན་ཤཱནྟི་པ། ཉིན་འབྱུང༌། གཉིས་མེད་རྡོ་རྗེ། མར་མེ་མཛད། ཛ་ལན་དྷ་རི་པ། ནག་པོ་པ་རྣམས་ཀྱི་སྒྲུབ་ཐབས་ལས་དུར་ཁྲོད་བཤད་པས། འདིར་དེ་ལྟར་དུ་བཤད་པ་ལ་གསུམ། དུར་ཁྲོད་ཀྱི་དོན་བཤད་པ། དེ་གནས་གང་དུ་སྒོམ་པ། བསྒོམ་བྱའི་དུར་ཁྲོད་དངོས་སོ། །དང་པོ་ནི། དུར་ཁྲོད་ལ་ནི་ཤྭ་ས་ཏི་ཞེས་འབྱུང་བའི་ཤྭ་ས་ནི་རོ་དང༌། བ་ས་ཏི་ནི་གནས་ཏེ། རོའི་གནས་དང༌། ཡང༌། ཤཱ་ཤཱ་ན། ཞེས་པ་དུར་ཁྲོད་ཏེ། ཤ་བ་ནཾ་བ་ས་ན་ཞེས་པ་ལ་ཤ་བའི་འོག་གི་བ་མར་བྱས་ཏེ། ཤ་ལ་བཏགས་ན་ཤྨ་དང༌། བ་ཕྱི་མ་ཨར་བསྒྱུར་ཏེ། ས་ལ་བཏགས་པས་སཱ་རིང་པོར་བྱས་པ། ཤ་སྭོ་ཤྨ་སཱ་ནར་འགྱུར་བ་མུ་ཏིག་ཕྲེང་བ་ལས་བཤད་དེ། རོ་གནས་པར་བྱེད་པའོ། །རོ་གནས་པའི་བྱ་བ་བྱེད་ཚུལ་ནི། རོ་མགོ་མེད་ཀྱིས་འཆག་པ་དང༌། འགགས་ཏེ་དཔྱངས་པས་ལངས་པ་དང༌། འགྱེལ་བས་ནི་ཉལ་བ་དང༌། གསལ་ཤིང་ལ་བསྐྱོན་པས་ནི་འདུག་པའི་བྱ་བ་བྱེད་དོ། །དེས་ན་དུར་གྱི་གནས་ལ་དུར་ཁྲོད་ཅེས་བྱའོ། །དུར་ཁྲོད་དེར་ཧེ་རུ་ཀ་རོལ་པར་གསུངས་པའི་དགོངས་པ་ནི། མན་སྙེ་ལས། ཇི་ལྟར་དུར་ཁྲོད་ན་རོ་རྣམས་བདག་མེད་པ་དེ་ལྟར་ཐམས་ཅད་ལའོ། །ཞེས་པས་བདག་མེད་པར་སེམས་ཅན་ཐམས་ཅད་གནས་པ་ནི་དུར་ཁྲོད་དེ། སེམས་ཅན་རྣམས་སེམས་ཅན་གྱི་རང་བཞིན་གྱིས་སྟོང་པ་དང༌། སེམས་ཅན་གྱི་གནས་རྣམས་ཀྱང་སེམས་ཅན་གྱི་གནས་ཀྱི་རང་བཞིན་གྱིས་སྟོང་པའོ། །ཞེས་དུར་ཁྲོད་ཀྱི་དོན་ཏེ། དེས་ན་གནས་དེ་ཁོ་ནར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་ཆེན་པོའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོ་ཕྱག་རྒྱ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་རོལ་པར་རིགས་སོ། །ཞེས་བཤད་དེ་སྣོད་བཅུད་རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་ལ་སྙིང་རྗེ་ལྷན་ཅིག་སྐྱེས་པའི་བདེ་ཆེན་རོལ་པ་མཚོན་པའི་དོན་དུ་བཤད་པ་ལེགས་ཤིང༌། རོའི་གདན་བཤད་པའི་ངེས་དོན་ཡང་དེ་ལྟར་ཡིན་པས་ལམ་འདིར་བདག་མེད་པའི་དེ་ཁོ་ན་ཉིད་གཏན་ལ་ཕེབས་ནས་བསྒོམ་པ་ཅིག་ངེས་པར་དགོས་སོ། །གཉིས་པ་ནི། དུར་ཁྲོད་དེ་དཀྱིལ་འཁོར་གྱིས་གང་དུ་བསྒོམ་སྙམ་ན་སྡོམ་འབྱུང་གི་འགྱུར་ཁ་ཅིག་ལས། རྡོ་རྗེ་རྭ་བའི་ནང་དུ་བསྒོམ་པར་བཤད་པ་སྣང་ཡང༌། རྒྱུད་སྡེའི་དགོངས་པ་དང༌། རྒྱ་གར་བའི་གཞུང་ཕལ་ཆེ་བ་ཞིག་གི་དགོངས་པ་ནི། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ཕྱི་རོལ་དུ་དུར་ཁྲོད་བསྒོམ་པ་ཡིན་ནོ། །འདིར་རྗེ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་རྭ་བའི་ཕྱི་རོལ་དུ་བསྒོམ་པ་དང༌། ནང་དུ་བསྒོམ་པའི་ཚུལ་གཉིས་ཀ་གསུངས་ཤིང༌། དེའི་ནང་ནས་ནང་དུ་བསྒོམ་པའི་བཤད་པ་ཅུང་མང་བ་ནི། དུར་ཁྲོད་ཀྱི་གཞུང་ཆེ་བར། གཡོན་གྱི་ཤར་ཕྱོགས་ཕྱོགས་རྣམས་སུ། །གཡས་ཀྱི་དབང་ལྡན་ཕྱོགས་རྣམས་ལ། །རྡོ་རྗེ་གུར་གྱི་ནང་དུ་ནི། །བཞི་བཞིར་སྦྱོར་བ་བྱ་བ་ཉིད། །གཏུམ་མཆོག་གཱ་ཧཱ་ར་ཉིད་དང༌། །འབར་བ་འཁྱིལ་པ་ཐོད་པ་ཅན། །རྣམ་འཇིགས་ཤར་ལ་སོགས་པའོ། །ཞེས་གསུངས་པ་ལ་བརྟེན་པར་སྣང་ཞིང༌། དེ་བཞིན་དུ་མན་སྙེ་ལས་ཀྱང༌། རྡོ་རྗེ་གུར་གྱི་ནང་དུ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའི་ཆོས་འབྱུང་དང༌། ཆུ་སྐྱེས་དང༌། སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཁང་པ་བརྩིགས་པ་ཞེས་དང༌། མུ་ཏིག་ཕྲེང་བར། རྭ་བ་བཞིའི་ནང་དུ་དུར་ཁྲོད་བརྒྱད་ལ་སོགས་པ་ཕྱོགས་དང་ཕྱོགས་མཚམས་སུ་བསམས་ནས་ཞེས་གསུངས་པ་དང་མཐུན་ནོ། །གསུམ་པ་ནི། དུར་ཁྲོད་ཡོད་པའི་སྒྲུབ་ཐབས་གཞན་རྣམས་དུར་ཁྲོད་ཀྱི་མངོན་རྟོགས་ཅུང་ཟད་བསྡུས་ལ། ཛ་ལནྡྷ་རི་བ། ཉིན་འབྱུང༌། ནག་པོ་པ་གསུམ་གྱིས་རྒྱས་པར་བཤད་པ་ལས། འདིར་རྗེ་བཙུན་རྩེ་མོས། ནག་པོ་པའི་གཞུང་ལྟར་དུ་མཛད་པས། དེ་ལྟར་དུ་བཤད་ན་སྒྲུབ་ཐབས་དེ་ཉིད་གསལ་བ་ལས། ཕྱི་རོལ་དུར་ཁྲོད་འཇིགས་པ་སྟེ། །རྡོ་རྗེ་རྭ་བའི་ནང་ཉིད་དུ། །གདུག་ཅིང་དྲག་དང་འཐུག་པ་དང༌། །དེ་བཞིན་འབར་བའི་ཕྲེང་བ་དང༌། །འཇིགས་པར་བྱེད་པའི་ཐོད་པ་ཅན། །གཡོན་ནས་ཤར་ལ་སོགས་པ་བཞིན། །དྲག་ཏུ་དགོད་པ་དབང་ལྡན་དུ། །དབང་ཕྱུག་ནགས་ཚལ་མེ་ཡི་མཚམས། །འཇིགས་བྱེད་མུན་པ་བདེན་བྲལ་དུ། །རླུང་དུ་ཀཱི་ལི་ཀཱི་ལ་སྒྲོགས། །ཤིརྴ་ཨ་ཤྭད་ཀངྐ་ལི། །ཙུ་ཏིའི་ཤིང་ནི་ཤར་སོགས་རིམ། །ཤིང་ཆེན་ཀ་རཉྫ་ཉིད་དང༌། །འཁྲི་ཤིང་ཅན་དང་ཨརྫུ་ན། །དབང་པོ་ནོར་སྦྱིན་ཞགས་པ་ཅན། །གཤིན་རྗེའི་རྒྱལ་པོའི་ཕྱོགས་སུ་འདོད། །དབང་ལྡན་མཚམས་དང་བྱིན་ཟ་དང༌། །སྲིན་པོའི་དབང་པོ་རླུང་དག་ཏུའོ། །ནོར་རྒྱས་བུ་དང་ཏག་ཤ་ཀ །ཀརྐོ་ཊ་དང་པདྨ་དང༌། །པདྨ་ཆེན་པོ་ཧུ་ལུན་ཏ། །རིགས་ལྡན་དང་ནི་དུང་སྐྱོང་ཉིད། །སྒྲོགས་བྱེད་འཁོར་བྱེད་འཇིགས་པ་དང༌། །ལྡོག་བྱེད་དང་ནི་འཐུག་པོ་ཉིད། །འགེངས་བྱེད་དང་ནི་ཆར་འབེབས་དང༌། །གཏུམ་པོ་རིམ་བཞིན་སྤྲིན་གྱི་བདག །དེ་ལ་བརྒྱ་བྱིན་ནི་གླང་པོར་ཞོན་པ་མདོག་སེར་པོ་ལག་པ་གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་ཐོགས་པའོ། །ནོར་སྦྱིན་ནི་གནོད་སྦྱིན་ལ་ཞོན་པ་མདོག་སེར་པོ་གསུས་པ་འཕྱང་བ་མིའུ་ཐུང་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །ཆུ་ལྷ་ནི་ཆུ་སྲིན་ལ་ཞོན་པ་མདོག་དཀར་པོ་སྦྲུལ་གྱིས་བརྒྱན་པ་གཡོན་ན་ཐོད་པ་དང་ཞགས་པ་ཐོགས་པའོ། །གཤིན་རྗེ་ནི་མ་ཧེ་ལ་ཞོན་པ་མདོག་སྔོན་པོ་ལྟོ་བ་འཕྱང་བ་སྐྲ་སེར་པོ་གྱེན་དུ་བརྫེས་པ་མིའུ་ཐུང་གི་གཟུགས་ཅན་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ། །དབང་ལྡན་ནི་གླང་ལ་ཞོན་པ་མིག་གསུམ་པ་མདོག་དཀར་པོ་གཡོན་ན་ཐོད་པ་དང་མདུང་ཐོགས་པའོ། །བྱིན་ཟ་ནི་ར་སྐྱེས་ལ་ཞོན་པ་མདོག་དམར་སེར་ཕྱག་བཞི་པ་སྐྲ་སེར་པོ་དབྱུག་གུ་གསུམ་པ་དང་ཐོད་པ་དང་སྤྱི་བླུགས་དང་ཕྲེང་བ་འཛིན་པའོ། །སྲིན་པོའི་བདག་པོ་ནི་རོ་ལ་ཞོན་པ་མིའུ་ཐུང་གི་གཟུགས་ཅན་མདོག་སྔོན་པོ་སྐྲ་སེར་པོ་གྱེན་དུ་འབར་བ་གསུས་པ་འཕྱང་བ་གཡོན་ན་རལ་གྲི་དང་ཐོད་པ་ཐོགས་པའོ། །རླུང་གི་བདག་པོ་ནི་མདོག་སྔོན་པོ་རི་དྭགས་ལ་ཞོན་པ་ཞི་བའི་གདོང་པ་ཅན་བ་དན་ཐོགས་པའོ། །འཇིག་རྟེན་སྐྱོང་བ་འདི་དག་ཀུན་རང་རང་གི་མདོག་དང་གདན་དང་ཕྱག་མཚན་དང་ལྡན་ཞིང་ཀུན་ཀྱང་གཡས་ཀྱི་ནི་བཅོམ་ལྡན་འདས་ལ་ཕྱག་འཚལ་བའོ། །སྤྲིན་རྣམས་ཀྱི་ཁ་དོག་ནི་འཇིག་རྟེན་སྐྱོང་བ་ལྟ་བུའོ། །ཀླུ་རྣམས་ནི་དེ་དག་ལ་གནས་པ་སྟེ་ཀུན་ཀྱང་ཐལ་མོ་སྦྱར་བའོ། །ཤིང་བརྒྱད་ལ་གནས་པའི་ཞིང་སྐྱོང་བ་བརྒྱད་ནི། འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་བཞོན་པ་རྣམས་ཀྱི་གདོང་ལྟ་བུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་བཞིན་འགྱུར་བ་སྟེ། ཤི་རི་ཤ་ལ་གནས་པ་ནི་ལྷའི་དགེ་འདུན་ཞེས་བྱ་བ་མདོག་དཀར་པོའོ། །ཤིང་ཙུ་ཏ་ལ་གནས་པ་ནི་གཤིན་རྗེ་ཞེས་བྱ་བ་སྟེ་མདོག་སྔོན་པོའོ། །ཨ་ཤོ་ཀ་ལ་གནས་པ་ནི་སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་དམར་པོའོ། །བྱང་ཆུབ་ཀྱི་ཤིང་ལ་གནས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བ་སྟེ་མདོག་སེར་པོའོ། །ཀ་རཉྫའི་ཤིང་ལ་གནས་པ་ནི་དྲང་སྲོང་འདུས་པ་ཞེས་བྱ་བ་སྟེ་མདོག་དམར་པོའོ། །འཁྲི་ཤིང་ཅན་ལ་གནས་པ་ནི་སྲིན་པོའི་ཚོགས་ཅན་ཏེ་ཁ་དོག་སྔོན་པོའོ། །ཨརྫུ་ན་ལ་གནས་པ་ནི་རླུང་གི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་ལྗང་གུའོ། །ཤིང་ཆེན་པོ་ལ་གནས་པ་ནི་ཡི་དྭགས་འདུས་པ་ཞེས་བྱ་བ་སྟེ་དུ་བའི་མདོག་ཅན་བལྟ་བར་བྱའོ། ཕྱོགས་བརྒྱད་ཀྱི་དུར་ཁྲོད་རྣམས་ནི་མགོ་བཅད་པ་དང༌། དཔྱངས་པ་དང༌། བསྙལ་བ་དང༌། གསལ་ཤིང་གིས་ཕུག་པ་དང༌། མགོ་བོ་དང༌། ཀེང་རུས་དང༌། བ་གླང་གི་ཚེ་དང༌། ཁྭ་དང༌། འུག་པ་དང༌། བྱ་རྒོད་དང༌། རོ་ལངས་རྣམས་ཕཻཾ་ཞེས་པའི་སྒྲ་སྒྲོགས་པར་བྱེད་དེ། མ་ལུས་པ་ཀུན་ཀྱང་སྔོན་གྱི་གྲུབ་པ་ཐོབ་པ་རྣམས་ཀྱིས་མངོན་པར་རྟོགས་པ་སྟེ། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་དང༌། གདོན་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་ཀྱིས་རྣམ་པར་བརྒྱན་ཅིང་སྒྲུབ་པ་པོ་རྣམས་དང་བཅས་པ་བལྟ་བར་བྱའོ། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་གཞན་རྣམས་ཀྱི་ལུགས་ནི་མངས་པས་འཇིགས་པས་མ་བཤད་ལ། དུར་ཁྲོད་ཀྱི་རང་གི་ངོ་བོ་ནི་གཏུམ་དྲག་ལ་སོགས་པ་བརྒྱད་དང༌། དེར་སྡོམ་འབྱུང་ལས། ཀེང་རུས་དང་ནི་མདུང་གིས་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ །ཐོད་པ་བྱིན་པ་མགོ་རྡུམ་དང༌། །གཙིགས་པའི་མགོ་དང་རུས་པ་དང༌། །ཞེས་མགོ་བོའི་ཐོད་རུས་དང༌། བྱིན་པའི་རུས་པ་དང༌། དེ་ལས་གཞན་པའི་རུས་པ་འཐོར་བ་དང༌། མ་འཐོར་བའི་ཀེང་རུས་དང༌། མདུང་གིས་ཕུག་པའི་རོ་ལ་སོགས་པ་གཅལ་དུ་བཀྲམ་པའོ། །དེ་འདྲ་བའི་གནས་བརྒྱད་ནི་དུར་ཁྲོད་དངོས་ཡིན་ལ། ལྷག་མ་ཤིང་དང་ཕྱོགས་སྐྱོང་སོགས་ནི་དེ་ན་གནས་པ་ཡིན་གྱི། དུར་ཁྲོད་དངོས་མ་ཡིན་ནོ། །ཞེས་བདག་གི་བླ་མ་མཁས་པ་དག་གསུངས་སོ། །གཉིས་པ་གཞུང་དོན་ལ་གསུམ། ཕྱིའི་དབྱིབས་བཤད་པ། ནང་གི་རྣམ་པ་བསྟན་པ། དེར་གདན་བསྒོམ་པའོ། །དང་པོ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་མཚོན་པས་ངོས་ཏེ་ལོགས་བཞི་པ་ལ་རྣམ་པར་ཐར་པ་བཞི་དག་པས་སྒོ་བཞི་པ་བསམ་གཏན་བཞི་དག་པའི་རྟ་བབས་བཞིས་ནི་སྒོ་བཞི་ལ་རྣམ་པར་བརྒྱན། རྩ་ཉོན་དང་ཉེ་ཉོན་སྤངས་པས་དྲྭ་བ་དང་དྲྭ་བ་ཕྱེད་པས་དོ་ཤལ་གྱི་སྣམ་བུ་ལ་ཡང་དག་པར་ལྡན་པ་སྟེ། དེས་མཚོན་ནས་སྔར་བཤད་པ་ལྟར་གྱི་མཚན་ཉིད་ཐམས་ཅད་དང་ལྡན་པར་བསམ་མོ། །གཉིས་པ་ནི། གཞལ་ཡས་ཁང་པའི་སྒོ་བཞིའི་ནང་གི་གཡས་གཡོན་དུ་ཀ་བ་གཉིས་གཉིས་ཏེ་བརྒྱད་ཀྱིས་ཤིན་ཏུ་མཛེས་པར་སྤྲས་པ་ལ་བརྟེན་པའི་སྟེང་ཐོག་དང་ལྡན་པ་དེའི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ་རྣམས་མཉམ་པོར་གྱུར་པའི་དབུས་སྔོན་པོ་ཕྱོགས་མདོག་ལས་ཆ་ཕྲན་གཅིག་གིས་མཐོ་བ། དེའི་དབུས་སུ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་སྐུ་ལས་སྐྱེས་པའི་འོད་རྣམས་ཀྱིས་ནི་རང་རང་གི་གནས་འོད་གསལ་བར་བྱས་པ་ལ། ལྷའི་སྣམ་བུ་ཞེས་བྱ་བ་ཡིན་ཏེ། དཔལ་མཆོག་ཌོམྦྷི་པས། ས་བོན་ལས་ནི་སྤྲོ་བར་བྱ། །གར་བྱེད་པ་ཡི་ལྷ་སྟེང་དུ། །པདྨ་ལས་ནི་རིམ་ཇི་བཞིན། །ཞེས་དང༌། བདེ་བའི་རྡོ་རྗེས། ལྷ་མོ་བརྒྱད་ཀྱི་འོད་ཀྱིས་ཀྱང༌། །གསལ་བར་ལྷ་ཡི་སྣམ་བྱས་བྱ། །ཞེས་བཤད་པས་སོ། །དེས་ན་གཞུང་འདིའི་དོན། སྒོའི་ནང་དུ་ལྷ་སྣམ་ཆ་ཆེན་གཅིག་བཞག་ནས་དེ་ལ་ལྷ་མོ་བརྒྱད་དགོད་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། ལྷ་སྣམ་བྱས་ནས་འཕར་མ་གཉིས་པར་འགྱུར་ལ། འདིར་རྩ་རྒྱུད་ལས། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །དེས་ན་ཡབ་ཀྱི་དཀྱིལ་འཁོར་འདིར་ནི་ཆུ་སྐྱེས་ཏེ། པདྨ་ཡུ་བ་དང་བཅས་པར་བསྒོམ་སྟེ། མུ་ཏིག་ཕྲེང་བར། རྡོ་རྗེའི་རང་བཞིན་གྱི་སའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་གྱེན་དུ་འཕགས་ཤིང་ཤིན་ཏུ་རྒྱ་ཆེ་བའི་ལྟེ་བ་ལ་ཞེས་གསུངས་ལ། ཁ་དོག་སྣ་ཚོགས་པར་ནག་པོ་པ། ཛ་ལནྡྷ་རི་པ། རྗེ་བཙུན་རྩེ་མོ་རྣམས་ཀྱིས་གསུངས་ཤིང༌། སློབ་དཔོན་འདིས་གུར་གྱི་སྒྲུབ་ཐབས་ལས། དབུས་སུ་པདྨ་དཀར་དམར་ཏེ། །ཞེས་གསུངས་ལ། དེའི་དོན་དབུས་དཀར་ལ་མཐའ་དམར་བའི་འདབ་མ་བརྒྱད་དུ་བླ་མ་དག་བཞེད་པ་ནི། དཔལ་མཆོག་ཌོམྦྷི་པ་དང༌། མངོན་རྟོགས་དོན་གསལ་དང༌། གཉིས་མེད་རྡོ་རྗེས། པདྨ་དམར་པོ་འདབ་མ་བརྒྱད་པ་ཞེས་གསུངས་པ་དང་དོན་གཅིག་གོ །དེ་ལྟ་བུའི་འདབ་མ་ནི་བརྒྱད་པ་བྲི་ཞིང༌། ཕྲེང་བ་གཅིག་ཅེས་པ་ནི། འཕར་མ་དང༌། ཁ་སྦྱོར་དང་གསུམ་དོན་གཅིག་ཏུ་སྣང་བས་འདབ་མའི་ཕྱི་ཐིག་རྩིག་པ་ལ་རེག་པར་བསྐོར་བའམ། དེ་གཉིས་ཀྱི་བར་དུ་རྡོ་       རྗེས་མ། »

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*