ལུས་དཀྱིལ་རྩོད་སྤོང་ཆེ་ཆུང་གཉིས། རྒྱུད་གསུམ་གནོད་འཇོམས་ཀྱི་བསྟན་བཅོས་སོགས། ཁ༽

ཕུང་པོ་ལྔ་ཡི་བདག་ཉིད་ལུས། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །དེ་ཉིད་འབྱུང་བ་ལྔ་ཡིས་ནི། །ཡེ་ཤེས་ལྔར་ནི་རྣམ་པར་གནས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །རྩ་ཡི་འཁོར་ལོར་ཤེས་པར་བྱ། །ཇི་ལྟར་ཆུ་ཡི་དབུས་ཀྱི་ཤིང༌། །མྱུར་དུ་ཡང་ནི་འཕེལ་ནས་འགྲོ། །དེ་ལས་འབྲས་བུ་སོགས་ལྡན་པ། །སྟེར་བར་འདི་ལ་ཐེ་ཚོམ་མེད། །དེ་བཞིན་ཕུང་པོའི་ཤིང་ཞེས་བྱ། །རྩ་ཡི་ཆུ་ཡིས་འཕེལ་ནས་ནི། །འཕེལ་བས་ཡང་དག་འབྲས་བུ་ནི། །ཐམས་ཅད་མཁྱེན་པ་ཉིད་སྟེར་བྱེད། །ལྷ་ཡི་རྣམ་པའི་ངོ་བོ་ཡིས། །རྩ་རྣམས་རང་བཞིན་སྒོམ་པར་བྱེད། །ཅེས་སོ། །དེ་ལ་ཚིག་རྐང་དང་པོ་གཉིས་ཀྱི་དོན། འཁོར་ལོ་ལྔའི་དབུས་སུ་མཁའ་འགྲོ་ལྔ་བསྒོམ་པ་དང༌། ཚིག་རྐང་ཕྱི་མ་གཉིས་ཀྱིས་རྩ་འདབ་རྣམས་ལ་ལྷ་མོ་བརྒྱད་དང་སུམ་ཅུ་སོ་གཅིག་དགོད་པར་བསྟན་ཏེ། རྒྱས་པར་སློབ་དཔོན་ཨ་ལཾ་ཀ་ཀ་ལ་ཤའི་འགྲེལ་པར་ཤེས་སོ། །ཡན་ལག་གི་ལྷ་བསྐྱེད་ཚུལ་ཡང༌། ལེའུ་དེ་ཉིད་ལས། ལུས་ཀྱི་གཞལ་ཡས་ཁང་དུ་ཡང༌། །དེ་ཉིད་ཀྱི་ནི་ནང་བཞུགས་པ། །དེ་བཞིན་གཤེགས་དང་ལྷ་མོ་དང༌། །གཟུགས་ལ་སོགས་དང་སངས་རྒྱས་སྲས། །ཁྲོ་བོ་བཅུ་ཞེས་བྱ་བ་ནི། །དེ་ཉིད་མཆོག་ནི་ཡང་དག་བཞུགས། །ཞེས་ཀྱེ་རྡོར་ལུས་དཀྱིལ་དང་ཆ་འདྲ་བའི་ལུས་དཀྱིལ་གསལ་བར་གསུངས་པ་ཡིན་ནོ། །དེས་ན་རྒྱུད་དང་ཚད་ལྡན་གྱི་རྒྱ་གཞུང་རྣམས་ལས་དངོས་སུ་བཤད་ཅིང་དོན་ཐོབ་ལ་ཡོད་བཞིན་དུ་དེ་ལས་བཟློག་སྟེ་སྨྲ་བ་ནི། མངོན་སུམ་ལ་བསྙོན་པ་ཁོ་ནར་ཟད་ལ། ཐུན་བཞིའི་རྣལ་འབྱོར་བསྒོམ་པར་འདོད་པའི་གང་ཟག་རྣམས་ཉམས་ལེན་ལ་ལྷོད་པར་འགྱུར་བ་སོགས་བསོད་ནམས་ཀྱི་བར་ཆད་མང་དུ་བྱས་པས་དགག་བྱ་ཆེ་ལ་དགོས་པ་ཆུང་བའི་གྲུབ་མཐའ་འདི་ལྟ་བུ་ལྟ་བའི་སྙིགས་མ་ཁོ་ནར་རིགས་པར་བྱའོ། །དེ་བས་ན་བློ་གྲོས་ཅན་བདག་ལེགས་སུ་འདོད་པ་རྣམས། ས་དྲུག་གི་དབང་ཕྱུག་དཔལ་བིརྺ་པ་ནས་དེང་དུས་ཀྱི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་བར་དུ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་དང་དབང་ལེན་པའི་བརྒྱུད་པ་ཆུ་བོའི་རྒྱུན་ལྟར་བར་མ་ཆད་ཅིང༌། ཚད་མ་བཞིས་གྲུབ་པའི་གདམས་ངག་འདི་ལྟ་བུ་ལ་ཐུན་བཞིའི་རྣལ་འབྱོར་གྱི་ཉམས་ལེན་ལ་བརྩོན་པར་གྱིས་ཤིག་དང༌། སྔོན་གྱི་གྲུབ་པའི་སློབ་དཔོན་རྣམས་ཇི་ལྟར་ཐབས་འདི་མངོན་པར་བྱང་ཆུབ་པ་དེ་བཞིན་དུ། བདག་ཉིད་ཀྱང་རྡོ་རྗེ་འཆང་ཆེན་པོ་ས་བཅུ་གསུམ་གྱི་གོ་འཕང་ཐོབ་པར་འགྱུར་རོ།།  །།རྒྱལ་བས་བསྔགས་གཞུང་ཇི་སྙེད་གསུང་རྣམས་ལས། །ཟབ་ཅིང་རྟོགས་དཀའ་ལྷན་ཅིག་སྐྱེས་པའི་དོན། །གསལ་བར་སྟོན་ལ་ཀྱེ་རྡོར་མཆོག་གོ་ཞེས། །བདེ་གཤེགས་ཉིད་དང་འཕགས་ཡུལ་མཁས་རྣམས་སྒྲོགས། །གཞུང་དེའི་སྙིང་པོ་སྨིན་བྱེད་སྔོན་སོང་ནས། །རྣམ་དག་དམ་ཚིག་སྡོམ་བཟང་དང་ལྡན་པས། །ཐུན་བཞིར་རིམ་གཉིས་རྣལ་འབྱོར་བསྒོམ་པ་ལས། །ཚེ་འདིར་སངས་རྒྱས་འགྲུབ་པའི་ལམ་དེར་ངེས། །རྫོགས་རིམ་བདེ་བའི་ཡེ་ཤེས་བསྐྱེད་པ་ལ། །རྩ་རླུང་རྒྱལ་བས་བྱིན་གྱིས་བརླབས་པ་དགོས། །དེ་ཉིད་སྒྲུབ་ལ་ལུས་ཀྱི་དཀྱིལ་འཁོར་ལས། །གཞན་པའི་མྱུར་ལམ་ཟབ་མོ་ཡོད་མ་ཡིན། །དེ་ཕྱིར་རྒྱུད་དང་འཕགས་ཡུལ་གཞུང་མང་དང༌། །བོད་ཡུལ་མཁས་ཤིང་གྲུབ་པའི་དབང་ཕྱུག་གིས། །རྒྱ་ཆེར་བསྔགས་ཤིང་གཏན་ལ་ཕབ་པ་དང༌། །ཐུན་བཞིར་ཉམས་སུ་ལེན་པའང་འདི་ལ་དགོངས། །དེང་དུས་མི་མཁས་དེད་དཔོན་འགའ་ཞིག་གིས། །ནོར་བུ་སྤངས་ཏེ་མཆིང་བུ་ལེན་པ་ལྟར། །སྡང་ཞེན་དབང་གིས་མན་ངག་མཆོག་དོར་ནས། །སྣ་ཚོགས་སྦུན་པའི་ཉེས་བཤད་སྨྲ་བ་མཐོང༌། །ལོག་པའི་ལྟ་ངན་དེ་དག་གཞོམ་པ་དང༌། །གཟུར་གནས་མཁས་གཞན་དགེས་པ་བསྐྱེད་པ་དང༌། །ཐུབ་དབང་བསྟན་པའི་པད་ཚལ་རྒྱས་ཕྱིར་དུ། །ལེགས་བཤད་ཉིན་མོར་བྱེད་འདི་ཁོ་བོས་བསྒྲུབས། །ཡོངས་འཛིན་མཁས་པའི་ཚོགས་ཀྱིས་རྗེས་བཟུང་ཞིང༌། །རྡོ་རྗེ་ཐེག་པའི་གཞུང་རྒྱ་མཐོང་བ་དང༌། །རིང་དུ་སྦྱངས་པའི་བློ་གྲོས་མི་དམན་ཕྱིར། །ལེགས་བཤད་འདི་ལ་བློ་ལྡན་སུ་ཞིག་རྒོལ། །གང་གིས་རྣོ་བའི་མཚོན་ཆ་མ་བཟུང་ཞིང༌། །སྲ་བའི་གོ་ཆ་ལུས་ལ་བཏགས་མིན་ཀྱང༌། །སྐྱོན་མེད་ལུང་དང་རིགས་པའི་དཔུང་ཚོགས་ཀྱིས། །ཕྱིར་རྒོལ་ཕམ་པར་བྱས་པ་མིན་ནམ་ཅི། །དེ་ལྟར་བཤད་འདི་བློ་གྲོས་ལུས་རྒྱས་ཤིང༌། །ཐོས་བསམ་བཞིན་མཛེས་སྒོམ་པའི་མིག་ཡངས་ཅན། །མདོ་དང་སྔགས་ཀྱི་གཞུང་ལ་རབ་སྦྱངས་པ། །སྡེ་སྣོད་འཛིན་པ་མང་པོས་བསྐུལ་བའི་ངོར། །བྱ་སྤྱོད་རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི། །སྔགས་གཞུང་རྒྱ་མཚོའི་ཕ་རོལ་མཐར་སོན་ཞིང༌། །མང་ཐོས་དོན་ལ་བརྟེན་པའི་བློ་གྲོས་ཅན། །ཤཱཀྱ་དགེ་སློང་ཀུན་དགའ་བཟང་པོས་སྦྱར། །འདིར་འབད་དགེ་བ་ལེགས་བཤད་མེ་འོད་དེས། །ཉེས་བཤད་མུན་པའི་ཚང་ཚིང་ཀུན་བསྲེགས་ནས། །ཟབ་ཡངས་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་དང༌། །ཚུལ་བཞིན་འཆད་པའི་སྣང་བ་རྒྱས་གྱུར་ཅིག །མ་ལུས་འགྲོ་ལ་ཕན་བདེ་འབྱུང་བའི་སྒོ། །སྟོན་པའི་བསྟན་པ་ཡུན་དུ་གནས་པ་དང༌། །བྱེ་བྲག་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག །བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཚུལ་ཁྲིམས་དག་ཅིང་རིག་པའི་གནས་ལ་མཁས། །བསམ་གཏན་ལྷུར་ལེན་འགྲོ་ལ་ཕན་སེམས་ལྡན། །གཅིག་ཏུ་བསྟན་པའི་བྱ་བ་ལྷུར་ལེན་ཤོག །དཔལ་ཀྱེ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཟབ་མོ་ལ་རྟོག་བཏགས་དང་མུན་སྤྲུལ་དུ་འདོད་པའི་ཤེས་བྱེད་ལྟར་སྣང་རྣམས་བཀག་ནས། ཡང་དག་པའི་ལུང་དང་རིགས་པས་མན་ངག་མཆོག་ཏུ་སྒྲུབ་པའི་བསྟན་བཅོས་ལྟ་བ་ངན་སེལ་ཞེས་བྱ་བ་འདི་ནི། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པས་བདེ་བར་གཤེགས་པའི་རིང་ལུགས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པས། སྔགས་གཞུང་རབ་འབྱམས་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་རྒྱས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཟིལ་གནོན་གྱི་ལོ་སངས་རྒྱས་དབང་བསྐུར་བའི་ཟླ་བའི་ཡར་ཚེས་གསུམ་ལ་མཁས་པའི་ཆོས་གྲྭ་དཔལ་ས་སྐྱ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་ལེགས་པར་སྦྱར་བའོ། །འདིས་བདུད་དང་ཕྱིར་རྒོལ་བ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག།  །། ༄། །རྒྱུད་གསུམ་གནོད་འཇོམས་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།  ༈ །རྒྱུད་གསུམ་གནོད་འཇོམས་ཞེས་བྱ་བ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཡེ་ཤེས་དཔག་ཡས་ཤིང༌། །ཐུགས་རྗེའི་རྒྱལ་མཚན་དྲི་མ་མེད། །ཕྲིན་ལས་དཔལ་འབྱོར་བཟང་པོ་ཅན། །དཔལ་ལྡན་བླ་མས་བདག་སྐྱོངས་ཤིག །ཁ་ཅིག་བརྟག་པ་«་་་་་བཤད་རྒྱུད་གཉིས་དང་བཅས་པ། »གཉིས་པ་ཡི། །བརྗོད་བྱའི་གཙོ་བོ་མཐར་ཐུག་དོན། །རང་བཞིན་ལྷན་སྐྱེས་ཡེ་ཤེས་ནི། །གསལ་རིག་ཙམ་ལ་འཆད་པའི་ཕྱིར། །རྒྱུད་འདིའི་དགོངས་པ་མཐར་ཐུག་པ། །རྣམ་རིག་སྨྲ་བར་གནས་ཞེས་ཟེར། །འདི་ནི་རིགས་པ་མ་ཡིན་པས། །ལུང་དང་རིགས་པས་དགག་པར་བྱ། །དེ་ལ་རྣམ་རིག་སྨྲ་རྣམས་ནི། །གསལ་ཞིང་རིག་པ་ཙམ་ཉིད་ལ། །གཟུང་འཛིན་གཉིས་སུ་མེད་པ་ཡི། །ཤེས་པ་རང་རིག་རང་གསལ་ཞེས། །དོན་དམ་བདེན་པར་འདོད་པ་སྟེ། །སུམ་ཅུ་«་་་་་སློབ་དཔོན་དབྱིག་གཉེན་གྱིས། »པ་ཡི་རབ་བྱེད་ལས། །ཆོས་ཀྱི་དོན་གྱི་དམ་པའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དུས་རྣམས་ཀུན་ན་དེ་བཞིན་ཉིད། །དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་སོགས་རྒྱ་«་་་་་གསུང་ཞིང་དེའི་རང་འགྲེལ་ལས། »ཆེར་གསུངས་པའི་ཕྱིར། །རྒྱུད་«་་་་་གསུམ་པོ། »འདིའི་དགོངས་པ་དེ་མིན་ཏེ། །སེམས་ཀྱི་མཚན་ཉིད་ཀུན་རྫོབ་ཏུ། །གསལ་རིག་ཙམ་དུ་འདོད་མོད་ཀྱི། །དེ་ཡི་ངོ་བོ་སྟོང་པར་འདོད། །དེ་སྐད་དུ་ཡང་རྒྱུད་འདི་ལས། །རང་རིག་བདེ་བ་ཆེན་པོ་ཉིད། །ཅེས་གསུངས་པ་ཡི་བདེ་ཆེན་ནི། །ནམ་མཁའ་ལྟ་བུའི་སྟོང་ཉིད་དེ། །རྣལ་འབྱོར་དབང་ཕྱུག་བིརྺ་པས། །ནམ་མཁའ་ལྟ་བུར་བདག་མེད་པའི། །ཆོས་འདི་བདེ་བ་ཆེན་པོའོ། །ཞེས་གསུང་«་་་་་ཞེས་ཚིག་འདི་དགྲ་ནག་གི་རྒྱུད་ལས་ཀྱང་འབྱུང་ལ། དེའི་འགྲེལ་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པར་ཡང་འདི་བཞིན་བཤད་དོ།། »རྗེ་བཙུན་ས་སྐྱ་པས། །སེམས་ཀྱི་མཚན་ཉིད་གསལ་རིག་སྟེ། །གསལ་རིག་རང་བཞིན་སྟོང་པ་ཡིན། །ཞེས་གསུངས་ཕྱིར་ན་གསལ་རིག་ཉིད། །ཀུན་རྫོབ་ཡིན་གྱི་དོན་དམ་མིན། །དེས་ན་རྒྱུད་འདིའི་ལྷན་སྐྱེས་ནི། །བདེན་གཉིས་ཟུང་འཇུག་ཡིན་པའི་ཕྱིར། །གསལ་རིག་སྤངས་ནས་སྟོང་པ་ཉིད། །གཞན་ན་ཡོད་པ་མ་ཡིན་ཞིང༌། །སྟོང་པ་བོར་ནས་གསལ་རིག་ཉིད། །ལོགས་ན་གྲུབ་པ་མ་ཡིན་ཏེ། །དཔེར་ན་མེ་དང་ཚ་བ་བཞིན། །དེ་ཡང་འཕགས་པ་ཀླུ་«་་་་་བྱང་ཆུབ་སེམས་འགྲེལ་ལས། »སྒྲུབ་ཀྱིས། །སྐྱེ་བ་མེད་པའི་ཆོས་རྣམས་ནི། །སྟོང་པ་ཉིད་ཅེས་རབ་ཏུ་གྲགས། །དེ་ཉིད་ཇི་ལྟར་བཤད་པ་ལས། །ཀུན་རྫོབ་ཆད་པ་མ་ཡིན་ཏེ། །ཀུན་རྫོབ་ལས་ནི་ལོགས་ཤིག་ན། །དེ་ཉིད་ཉེ་བར་མི་དམིགས་སོ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་པ་ན། །སྟོང་པ་ཉིད་ནི་ཀུན་རྫོབ་སྟེ། །ཀུན་རྫོབ་ཉིད་ནི་སྟོང་པར་བཤད། །ཅེས་གསུངས་པ་ཡི་ལུང་གི་གྲུབ། །དེས་ན་ཀུན་རྫོབ་དོན་དམ་དག །གཉིས་སུ་མེད་པའི་བརྗོད་བྲལ་ལ། །རང་བཞིན་ལྷན་སྐྱེས་ཞེས་གསུངས་ཀྱི། །གསལ་རིག་ཙམ་ལ་གསུངས་པ་མེད། །གཞན་ཡང་རྩ་བའི་རྒྱུད་འདི་ལས། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་གསུངས་པ་དང་འགལ་བ་སྟེ། །རྒྱུད་འདིའི་མཐར་ཐུག་རྣམ་རིག་ཏུ། །གནས་ན་དེ་ཡིས་ཆོག་པ་ལ། །དབུ་མ་གསང་སྔགས་མ་ལུས་པའི། །རྗེས་ལ་བསྟན་པས་ཅི་ཞིག་བྱ། །གལ་ཏེ་དེ་ནི་གསང་སྔགས་ཀྱི། །ཐབས་ལ་གཞུག་ཕྱིར་གསུངས་པ་སྟེ། །ལྟ་བ་མཐར་ཐུག་ཁྱད་མེད་ཟེར། །དེ་ལྟ་ན་ནི་དབུ་མ་པའི། །ལྟ་བ་རྟོགས་པའི་གང་ཟག་དེ། །རྣམ་རིག་པ་ལ་འཇུག་པར་འགྱུར། །གཞན་ཡང་རྒྱལ་བའི་བཀའ་ཡིན་ན། །དེ་ཡི་མཐར་ཐུག་དགོངས་པ་ནི། །དབུ་མ་ཁོ་ནར་གནས་སོ་ཞེས། །ཤིང་རྟའི་སྲོལ་འབྱེད་ཕལ་ཆེར་བཞེད། །ཁྱེད་ཀྱང་དེ་བཞིན་འདོད་པ་ལ། །རྒྱུད་འདིའི་དགོངས་པ་མཐར་ཐུག་པ། །རྣམ་རིག་སྨྲ་བར་གནས་པས་ན། །རྒྱུད་འདི་རྒྱལ་བའི་བཀའ་མིན་འགྱུར། །གལ་ཏེ་རྒྱུད་འདི་བཀའ་ཡིན་ཏེ། །ཐུབ་པ་བཞུགས་དུས་མ་གསུངས་ཀྱང༌། །སྟོན་པ་མྱ་ངན་འདས་འོག་ཏུ། །དགོངས་འགྲེལ་གྲུབ་མཐའ་བཞིར་གྱེས་པའི། །རྗེས་ལ་རྣམ་རིག་སྨྲ་རྣམས་དང༌། །མཐུན་པར་གསུངས་པར་མངོན་ཞེས་ཟེར། །འོ་ན་ཁྱོད་ཀྱི་དབུ་མ་ལས། །གཞན་པའི་གྲུབ་མཐའ་འོག་མ་གསུམ། །སྟོན་པས་མ་གསུངས་སྨྲས་པ་ལ། །གཞན་གྱི་རྒྱུད་ལས་འདི་སྐད་དུ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་པ་དེ་ཇི་ལྟར་འགྲེལ། །དྲིས་པས་ཁྱེད་ཀྱི་ལུང་དེའི་དོན། །ཐུབ་པས་དགོངས་འགྲེལ་གྲུབ་མཐའ་བཞི། །གསུངས་པར་སྟོན་པ་མ་ཡིན་མོད། །འོན་ཀྱང་ཕྱི་མར་སྟོན་པར་ཡི། །བསྟན་ལ་དགོངས་འགྲེལ་གྲུབ་མཐའ་བཞི། །འོང་བར་མཁྱེན་ནས་དེ་ཡི་ཚེ། །བླ་མས་སློབ་མ་ཁྲིད་པའི་ཚུལ། །གསུངས་པ་ཡིན་ཞེས་ཁྱེད་རང་གིས། །འཇུག་«་་་་་བྱས་པའི་དབུ་མ་ལ། »པའི་ཊཱི་ཀར་བཤད་དང་འགལ། །གཞན་ཡང་སེམས་ཀྱི་མཚན་ཉིད་ནི། །གསལ་རིག་ཙམ་དུ་ཁས་བླངས་པས། །རྣམ་རིག་སྨྲ་བར་འགྱུར་ན་ནི། །རྒྱུད་དང་རྟོག་པ་ཞེས་བྱ་བ། །རང་སེམས་ཉིད་ལ་འཆད་པའི་ཕྱིར། །རྒྱུད་སྡེ་ཐམས་ཅད་དེ་ལྟར་འགྱུར། །འདོད་ན་འདུས་པའང་དེ་ལྟར་ཐལ། །གལ་ཏེ་ཀླུ་སྒྲུབ་ཡབ་སྲས་ཀྱིས། །དེ་ནི་དབུ་མར་བཀྲལ་ཞེས་ཟེར། །འོ་ན་རྒྱུད་དེའི་དགོངས་པ་ནི། །རྣམ་རིག་སྨྲ་བར་གནས་པ་ལ། །རང་གི་མོས་པ་གཙོར་བྱས་ནས། །ཁྱེད་ཀྱིས་དབུ་མར་བཀྲལ་བའི་ཕྱིར། །ཀླུ་སྒྲུབ་ཡབ་སྲས་ཟླ་གྲགས་སོགས། །གསང་བ་འདུས་པ་འགྲེལ་བྱེད་རྣམས། །དགོངས་འགྲེལ་ཚད་ལྡན་མིན་པར་འགྱུར། །གཞན་ཡང་གསང་འདུས་རིམ་ལྔ་ལས། །རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་གསུངས་སྤྱོད་བསྡུས་སྒྲོན་མ་ལས། །དེས་ན་རྣམ་པར་ཤེས་པ་ནི། །ཁ་དོག་མེད་དང་མཚན་མ་མེད། །དབྱིབས་མེད་པ་ཡི་བདག་ཉིད་ཅན། །རང་རིག་ཙམ་དུ་མདོ་ལས་བསྟན། །ཞེས་གསུངས་ཕྱིར་ན་ཀླུ་སྒྲུབ་དང༌། །འཕགས་པ་ལྷ་ལ་སོགས་པ་ཡིས། །དབུ་མར་བཀྲལ་བའི་འདུས་པ་དེ། །རྣམ་རིག་སྨྲ་བར་འགྱུར་རམ་ཅི། །གཞན་ཡང་ཆོས་དབྱིངས་བསྟོད་པ་ལས། །སོ་སོ་རང་རིག་རྣམ་དག་ན། །ས་རྣམས་དེ་ཡི་བདག་ཉིད་གནས། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར། །ཆོས་ཀྱི་དབྱིངས་སུ་བསྟོད་པ་«་་་་་དང་སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་དང་སྐུ་གསུམ་གྱི་བསྟོད་པ་རྩ་འགྲེལ་ལས། »ཡང༌། །རྣམ་རིག་སྨྲ་བའི་གཞུང་དུ་འགྱུར། །འདོད་ན་འཕགས་པ་ཀླུ་སྒྲུབ་ཉིད། །དབུ་མར་སྨྲ་བའི་དམ་བཅའ་ཉམས། །མདོ་སྡེ་ལང་ཀར་གཤེགས་པ་ལས། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ཅེས་གསུངས་འཇམ་དཔལ་རྩ་རྒྱུད་ལས། །དངོས་པོ་མེད་པའི་དོན་དེ་རིག །ཅེས་གསུངས་པའང་རིགས་མ་ཡིན། །གཞན་ཡང་ཐུབ་པས་ཆོས་རྣམས་ནི། །ཟབ་དོན་མཆོག་ཏུ་གྱུར་པ་ནི། །རྡོ་རྗེ་ཐེག་པ་ཡིན་ནོ་ཞེས། །རྒྱུད་སྡེ་རྣམས་ལས་གསུངས་པ་ལ། །རྒྱུད་ཀྱི་ལྟ་བ་མཐར་ཐུག་པ། །རྣམ་རིག་སྨྲ་བར་གནས་པས་ན། །སྟོན་པ་ཉིད་ཀྱིས་གདུལ་བྱ་རྣམས། །ལོག་པའི་ལམ་ལ་བཅུག་པར་འགྱུར། །གཞན་ཡང་རྣམ་རིག་སྨྲ་རྣམས་ཀྱིས། །ཐར་པ་ཐོབ་པ་མ་ཡིན་པར། །ཐལ་རང་«་་་་་ཟླ་གྲགས་དང་ལེགས་ལྡན་བྱེད་ལ་སོགས། »གཉིས་ཀ་བཞེད་དོ་ཞེས། །ཁྱེད་ཀྱིས་«་་་་་བདེན་གཉིས་རྣམ་བཞག་ཏུ། »གསལ་པོར་བཀོད་པའི་ཕྱིར། །སྔགས་ཀྱི་ལམ་ལ་ཞུགས་རྣམས་ཀྱིས། །ཐར་པ་ཐོབ་པར་མི་སྲིད་འགྱུར། །འདོད་ན་ཚེ་འདི་འམ་འཆི་ཀ་དང༌། །སྐྱེ་བ་བཅུ་དྲུག་ལ་སོགས་ལ། །གྲོལ་བར་གསུངས་པ་མི་རིགས་ཤིང༌། །ཨིནྡྲ་བྷཱུ་ཏི་ཀླུ་སྒྲུབ་སོགས། །སྔགས་ཀྱི་ལམ་གྱིས་གྲོལ་བ་ཀུན། །ཐར་པ་ཐོབ་པ་མ་ཡིན་འགྱུར། །གཞན་ཡང་གནོད་བྱེད་མཐའ་ཡས་མོད། །དེང་སང་སྐྱེ་བོ་ཕལ་མོ་ཆེ། །རྒྱས་པར་འཆད་ལ་མི་དགའི་ཕྱིར། །འདིར་ནི་ཉེ་བར་བསྡུས་ཏེ་བཀོད། །ཚུལ་འདི་དཔལ་ལྡན་ཆོས་ཀྱི་རྗེ། །ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི། །གསུང་གི་ཚ་ཟེར་ལས་སྐྱེས་པ། །ཀུན་དགའ་བཟང་པོ་ཞེས་བྱས་སྦྱར། །དེ་ཡི་དགེ་བ་གང་ཐོབ་དེས། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །ལོག་པའི་ལྟ་བ་ཀུན་སྤངས་ནས། །ཡང་དག་ལམ་ལ་འཇུག་པར་ཤོག །རྒྱུད་གསུམ་གནོད་འཇོམས་ཞེས་བྱ་བའི་ཚིག་ལེའུར་བྱས་པ་རྫོགས་སོ།།  །།དགེའོ།། །།  ༄། །རྒྱུད་གསུམ་གནོད་འཇོམས་ཀྱི་འགྲེལ་བཞུགས་སོ།།  ༈ །ཨོཾ་སྭ་སྟི་སིདྡྷིཾ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དེ་ལ་རེ་ཞིག་སྐྱེས་བུ་དམ་པའི་ཚུལ་དང་མཐུན་པར། ཡུལ་ཁྱད་པར་ཅན་ལ་བསྟན་བཅོས་རྩོམ་པའི་སྔོན་དུ་མཆོད་པར་བརྗོད་པའི་ཕྱིར། མཁྱེན་པའི་ཡེ་ཤེས་དཔག་ཡས་ཤིང༌། །ཐུགས་རྗེའི་རྒྱལ་མཚན་དྲི་མ་མེད། །ཕྲིན་ལས་དཔལ་འབྱོར་བཟང་པོ་ཅན། །དཔལ་ལྡན་བླ་མས་བདག་སྐྱོངས་ཤིག །ཅེས་བྱ་བ་སྨོས་ཏེ། མཁྱེན་པའི་ཡེ་ཤེས་དང༌། བརྩེ་བའི་ཐུགས་རྗེ་དང༌། མཛད་པའི་ཕྲིན་ལས་ཏེ། རྣམ་པ་གསུམ་གྱི་སྒོ་ནས་དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་བའི་དོན་ཏོ། །དེ་ལྟར་ཕྱག་བྱས་ནས། གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེ་རྡོ་རྗེ་རྒྱུད་གསུམ་མན་ངག་དང་བཅས་པ་ལ་སྒྲོ་འདོགས་པའི་ཚུལ་འགའ་ཞིག་དགག་པར་བྱ་སྟེ། དེ་ལ་དགག་བྱའི་ལོག་རྟོག་དང༌། འགོག་བྱེད་ཀྱི་ལུང་རིགས་གཉིས་སོ། །དང་པོ་ནི། ཁ་ཅིག་བརྟག་པ་གཉིས་པ་ཡི། །བརྗོད་བྱའི་གཙོ་བོ་མཐར་ཐུག་དོན། །རང་བཞིན་ལྷན་སྐྱེས་ཡེ་ཤེས་ནི། །གསལ་རིག་ཙམ་ལ་འཆད་པའི་ཕྱིར། །རྒྱུད་འདིའི་དགོངས་པ་མཐར་ཐུག་པ། །རྣམ་རིག་སྨྲ་བར་གནས་ཞེས་ཟེར། །ཞེས་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མཁས་པ་ཁ་ཅིག བརྟག་པ་གཉིས་པ་བཤད་པའི་རྒྱུད་དང༌། དེ་དག་གི་མན་ངག་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བརྗོད་བྱའི་གཙོ་བོ་མཐར་ཐུག་པའི་དོན་དུ་གྱུར་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། རྒྱུད་ལས། རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །ཞེས་སོགས། མྱོང་རིག་སྟོན་པའི་གཞུང་དུ་མ་གསུངས་ཤིང༌། འགྲེལ་བྱེད་དག་གིས་ཀྱང༌། ཡེ་ཤེས་ཞེས་བྱ་བ་ནི་གསལ་ཞིང་ཤེས་པས་ན་ཡེ་ཤེས་ཏེ། ཞེས་གསལ་རིག་ཙམ་ལ་འཆད་པའི་ཕྱིར། རྒྱུད་གསུམ་མན་ངག་དང་བཅས་པ་འདིའི་དགོངས་པ་མཐར་ཐུག་པ་ནི། རྣམ་རིག་ཏུ་གནས་པ་ཁོ་ན་ཡིན་ཞིང༌། སློབ་དཔོན་ཤཱནྟི་པས་མཛད་པའི་རྩ་རྒྱུད་ཀྱི་དཀའ་འགྲེལ་མུ་ཏིག་ཕྲེང་བར་ཡང་རྣམ་རིག་གི་ཚུལ་དུ་བཀྲལ་བ་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་ནི། འདི་ནི་རིགས་པ་མ་ཡིན་པས། །ལུང་དང་རིགས་པས་དགག་པར་བྱ། །ཞེས་སྨོས་ཏེ། སྒྲོ་འདོགས་པའི་ཚུལ་འདི་དག་ནི་ཆེས་རིགས་པ་མ་ཡིན་པས། བསྟན་པ་ལ་གཅེས་སྤྲས་སུ་བྱེད་པའི་གང་ཟག་རྣམས་ཀྱིས། དྲི་མ་མེད་པའི་ལུང་དང༌། དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་དགག་པར་བྱ་སྟེ། བྱམས་པས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པ་ལྟར། འདི་ལྟ་བུའི་ལྟ་བ་ངན་པས་རང་གཞན་རྣམས་ལ་ཕུང་ཁྲོལ་བསྐྱེད་པའི་ཕྱིར། དེ་ལ་བསྡུས་པའི་དོན་བརྒྱད་ལས། དང་པོ་རྒྱུད་སྡེ་དང༌། རྣམ་རིག་པ་གཉིས་ཆར་གྱི་གྲུབ་མཐའ་མ་རྟོགས་པས་དགག་པ་ལ་གསུམ། སེམས་ཙམ་པའི་འདོད་པ་བརྗོད་པ། རྒྱུད་གསུམ་གྱི་རང་ལུགས་བཞག་པ། རང་བཞིན་ལྷན་སྐྱེས་ངོས་བཟང་བའོ། །དང་པོ་ནི། དེ་ལ་རྣམ་རིག་སྨྲ་རྣམས་ནི། །གསལ་ཞིག་རིག་པ་ཙམ་ཉིད་ལ། །གཟུང་འཛིན་གཉིས་སུ་མེད་པ་ཡི། །ཤེས་པ་རང་རིག་རང་གསལ་ཞེས། །དོན་དམ་བདེན་པར་འདོད་པ་སྟེ། །སུམ་ཅུ་པ་ཡི་རབ་བྱེད་ལས། །ཆོས་ཀྱི་དོན་གྱི་དམ་པའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དུས་རྣམས་ཀུན་དུ་དེ་བཞིན་ཉིད། །དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། ཞེས་སྨོས་ཏེ། འདི་ལ་སྤྱི་དོན་དང་གཞུང་གི་དོན་གཉིས་ལས། དང་པོ་ནི། རྣམ་རིག་པ་ལ་དབྱེ་ན་གཉིས་ཏེ། རྣམ་བདེན་པ་དང༌། རྣམ་བརྫུན་པའོ། །དང་པོ་ནི། ཤེས་པ་ལ་སྣང་བ་འདི་གཟུང་བ་བག་ཆགས་ཀྱི་དབང་གིས་ཕྱི་རོལ་ལྟར་སྣང་ཡང༌། ཡིན་ལུགས་ལ་ཤེས་པ་རང་གི་ངོ་བོ་ཡིན་གྱི་ཕྱི་རོལ་དུ་མ་གྲུབ་པར་འདོད་པའོ། །གཉིས་པ་ནི་གཟུང་བྱ་བག་ཆགས་ཀྱི་དབང་གིས་ཕྱི་རོལ་དུ་སྣང་བ་མ་གཏོགས་ཡིན་ལུགས་ལ་ཕྱི་རོལ་གྱི་དོན་དུ་ཡང་མ་གྲུབ་ཤེས་པར་ཡང་མ་གྲུབ་ལ་རིག་པ་བདེན་པར་འདོད་དོ། །དེ་གཉིས་ཀྱང་ཕྱི་རོལ་གྱི་དོན་བདེན་པ་མེད་ཅིང༌། ནང་ཤེས་པ་བདེན་པར་འདོད་པ་ལ་ཁྱད་མེད་དོ། །དེ་ལ་རྣམ་བདེན་པ་ལ་དབྱེ་ན། སྣ་ཚོགས་གཉིས་མེད་དུ་སྨྲ་བ་དང༌། གཟུང་འཛིན་གྲངས་མཉམ་དུ་སྨྲ་བ་གཉིས་ལས། །དང་པོ་ནི། ཤེས་པ་གཅིག་སྔོ་སེར་དཀར་དམར་སྣ་ཚོགས་སུ་སྣང་བ་དེ་ཤེས་པ་གཅིག་གི་ངོར་འདོད་པའོ། །གཉིས་པ་ནི་སྔོ་སེར་དཀར་དམར་སོགས་སུ་སྣང་བ་དེ་རྫས་ཐ་དད་ཅིང༌། འཛིན་པའི་ཤེས་པའང་ལྕགས་ཀྱི་ཐུར་མ་གཤིབས་པ་ལྟར་རྫས་ཐ་དད་དུ་འདོད་པའོ། །བོད་ཀྱི་མཁས་པ་ལྔ་རབས་པ་རྣམས་ནི། ཤེས་པ་ལ་སྣང་བ་འདི། སྣང་མཁན་གྱི་ཤེས་པ་ལས་རྫས་ཐ་དད་དུ་གྱུར་པའི་ཤེས་པའི་ངོ་བོར་བདེན་པར་འདོད་པ་ལ། སྒོ་ང་ཕྱེད་ཚལ་པ་ཞེས་པའང་འདོད་དོ། །རྣམ་བརྫུན་པ་ལ་དབྱེ་ན། དྲི་བཅས་པ་དང༌། དྲི་མེད་པ་གཉིས་ལས། དང་པོ་ནི། གཟུང་བྱ་སྒྲོ་བཏགས་སྣང་བར་འདོད་པའོ། །གཉིས་པ་ནི། དེ་དག་མི་སྣང་བར་འདོད་པའོ། །འདི་གཉིས་ལ་རྣམ་བཅས་པ་དང༌། རྣམ་མེད་པ་ཞེས་ཀྱང་ཟེར་རོ། །རྒྱས་པར་ནི་རྗེ་བཙུན་ཆེན་པོའི་མངོན་རྟོགས་ལྗོན་ཤིང་ལྟར་ཤེས་པར་བྱའོ། །གཉིས་པ་ནི། དེ་ལ་རྣམ་རིག་གི་ཚུལ་དུ་སྨྲ་བ་རྣམས་ནི། སེམས་ཀྱི་རང་བཞིན་གསལ་ཞིང་རིག་པ་ཙམ་ཉིད་ལ། གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་རང་རིག་རང་གསལ་ཤེལ་སྒོང་དག་པ་ལྟ་བུ་ཞེས་དོན་དམ་པའི་བདེན་པར་འདོད་པ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། ཆོས་ཀྱི་དོན་གྱི་དམ་པའང་དེ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དུས་རྣམས་ཀུན་དུ་དེ་བཞིན་ཉིད། །དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་དང༌། དེའི་འགྲེལ་པ་བློ་བརྟན་གྱིས་མཛད་པར། དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པའི་ཕྱིར་རོ། །དེའི་དོན་ནི་དོན་དམ་པའོ། །ཡང་ན་ནམ་མཁའ་ལྟར་ཐམས་ཅད་དུ་རོ་གཅིག་པ་དང༌། དྲི་མ་མེད་པ་དང༌། མི་འགྱུར་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་དེ་དོན་དམ་པ་ཞེས་བྱའོ། །འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་གཞན་གྱི་དབང་གི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་དོན་དམ་པ་སྟེ། དེའི་ཆོས་ཉིད་ཡིན་པས། དེའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་སྟེ། ཡོངས་སུ་གྲུབ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཅི་དོན་དམ་པ་ཞེས་བྱ་བ་འབའ་ཞིག་གི་ཡོངས་སུ་གྲུབ་པ་བརྗོད་དམ། སྨྲས་པ་མ་ཡིན་ཏེ། དེ་བཞིན་ཉིད་ཀྱང་དེའོ། །ཀྱང་གི་སྒྲ་ནི། དེ་བཞིན་ཉིད་ཀྱི་སྒྲར་བརྗོད་པ་འབའ་ཞིག་མ་ཡིན་གྱི་ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་པ་དེ་ཐམས་ཅད་བརྗོད་པར་བྱའོ། །རྣམ་ཀུན་ནི་དེ་བཞིན་ཉིད་ཡོད་པས་དེ་བཞིན་ཉིད་དེ་འདི་ལྟར་སོ་སོ་སྐྱེ་བོ་དང༌། སློབ་པ་དང་མི་སློབ་པའི་དུས་དག་ན། དུས་ཐམས་ཅད་དུ་དེ་བཞིན་ཉིད་དེ། གཞན་དུ་མ་ཡིན་པས་དེ་བཞིན་ཉིད་ཅེས་བྱའོ། །ཅི་དེ་བཞིན་དུ་རྣམ་པར་རིག་པ་ཙམ་ཡང་ཡོངས་སུ་གྲུབ་པ་ཉིད་དམ། འོན་ཏེ་རྣམ་པར་རིག་པ་ཙམ་གཞན་ཞིག་ཡིན་སྙམ་པ་ལ་དེའི་ཕྱིར། དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཁོངས་སུ་ཆུད་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །གསལ་རིག་ཉིད་དོན་དམ་བདེན་པར་འདོད་པ་ཡིན་ནོ། །གཉིས་པ་ནི་རྒྱུད་འདི་ཡི་དགོངས་པ་དེ་མིན་ཏེ། སེམས་ཀྱི་མཚན་ཉིད་ཀུན་རྫོབ་ཏུ། །གསལ་རིག་ཙམ་དུ་འདོད་མོད་ཀྱི། །དེ་ཡི་ངོ་བོ་སྟོང་པར་འདོད། །དེ་སྐད་དུ་ཡང་རྒྱུད་འདི་ལས། །རང་རིག་བདེ་བ་ཆེན་པོ་ཉིད། །ཅེས་གསུངས་པ་ཡི་བདེ་ཆེན་ཉིད། །ནམ་མཁའ་ལྟ་བུའི་སྟོང་ཉིད་དེ། །རྣལ་འབྱོར་དབང་ཕྱུག་བིརྺ་པས། །ནམ་མཁའ་ལྟ་བུར་བདག་མེད་པའི། །ཆོས་འདི་བདེ་བ་ཆེན་པོའོ། །ཞེས་གསུངས་རྗེ་བཙུན་ས་སྐྱ་པས། །སེམས་ཀྱི་མཚན་ཉིད་གསལ་རིག་སྟེ། །གསལ་རིག་རང་བཞིན་སྟོང་པ་ཡིན། །ཞེས་གསུངས་ཕྱིར་ན་གསལ་རིག་ཉིད། །ཀུན་རྫོབ་ཡིན་གྱི་དོན་དམ་མིན། །ཞེས་སྨོས་ཏེ། འདི་ལ་སྤྱི་དོན་དང༌། གཞུང་གི་དོན་གཉིས་ལས། དང་པོ་ནི། སྤྱིར་སེམས་ཀྱི་རང་བཞིན་ལ་གཉིས་ཏེ། ཀུན་རྫོབ་བདེན་པས་བསྡུས་པ་དང༌། དོན་དམ་བདེན་པས་བསྡུས་པའོ། །དང་པོ་ནི། སེམས་ཀྱི་རང་གི་ངོ་བོ་རིག་ཅིང་གསལ་བའི་ཆ། གནས་སྐབས་ཐམས་ཅད་དུ་སེམས་ཀྱི་ངོ་བོ་མི་འཁྲུལ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སེམས་དང་ཀུན་གཞིའི་རྣམ་ཤེས་དང༌། ལེན་པའི་རྣམ་ཤེས་དང༌། སློབ་དཔོན་ཁ་ཅིག་བདེ་བར་གཤེགས་པའི་སྙིང་པོ་སོགས་ཀྱི་མིང་གིས་ཀྱང་བསྟན་ལ། རྡོ་རྗེ་ཐེག་པ་ལྟར་ན། རྒྱུའི་རྒྱུད་དང་མྱོང་རིག་དང༌། སྣང་མཆེད་ཐོབ་གསུམ་སོགས་མིང་གཞན་གྱིས་བསྟན་པ་ཡིན་ཞིང༌། དེ་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་ལྟར་ན། ལས་ཉོན་དང༌། རྣམ་རྟོག་གི་གཞན་དབང་དུ་གྱུར་པའི་གནས་སྐབས་ན་འཁོར་བ་«་་་་་འདིར་ཚིག་ཁ་ཤས་ཆད།»རང་བཞིན་བརྒྱད་ཅུའི་རྣམ་རྟོག་ལ་བརྟེན་ནས་བསྒྲིབས་པའི་གཞན་དབང་དུ་གྱུར་པའི་ཕྱིར་འཁོར་བ་ཞེས་བརྗོད་ལ་བསྒྲིབས་པ་དེ་དང༌། དེ་དག་གིས་རྣམ་པར་དག་པའི་གནས་སྐབས་ན་སངས་རྒྱས་དང་ཐར་པ་ཞེས་བརྗོད་དོ། །དོན་འདི་ཉིད་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་དང་སེམས་ཀྱི་རྡོ་རྗེར་བསྟོད་པ་སོགས་ཀྱིས་གསལ་བར་བྱེད་དོ། །གཉིས་པ་ནི། གོང་དུ་བཤད་པའི་སེམས་དེ་དག་ཡང་དག་པར་ན་ཡོད་མེད་ལ་སོགས་པའི་མཐའ་གང་དུའང་མི་གནས་པའི་གནས་ལུགས་ལ། ཐ་སྙད་དུ་དོན་དམ་པའི་བདེན་པ་ཞེས་མིང་འདོགས་པ་ཡིན་ལ། དེ་དག་ལ་དགོངས་ནས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་ཡིན་ནོ། །ཁ་ཅིག་དོན་དམ་གྱིས་བསྡུས་པའི་རང་བཞིན་ལྷན་སྐྱེས་འདི། འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཁོ་ནར་འཆད་པ་ནི་གཏན་མ་ཡིན་ཏེ། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། རྒྱུད་གསུམ་མན་ངག་དང་བཅས་པ་འདི་ཡི་དགོངས་པ་མ་ཡིན་ཏེ། དེའང་སེམས་ཀྱི་མཚན་ཉིད་ཀུན་རྫོབ་ཏུ་ནི། སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས། སེམས་དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། དེ་ནི་རང་རིག་པ་ཙམ་མཚན་མ་ཐམས་ཅད་དང་བྲལ་བ་དམིགས་སུ་མེད་པའོ། །ཞེས་པ་ལྟར་གསལ་རིག་ཙམ་དུ་འདོད་མོད་ཀྱི་གསལ་རིག་དེའི་ངོ་བོ་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀྱི་བར་ན་ཡང་མི་གནས་སོ། །གསང་བའི་བདག་པོ་སེམས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མི་གཟིགས། གཟིགས་པར་མི་འགྱུར་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན། དམར་པོར་མ་ཡིན། དཀར་པོར་མ་ཡིན། ལེ་བརྒན་དུ་མ་ཡིན། ཤེལ་གྱི་ཁ་དོག་ཏུ་མ་ཡིན། ཐུང་ངུར་མ་ཡིན། རིང་པོར་མ་ཡིན། ཟླུམ་པོར་མ་ཡིན། གྲུ་བཞིར་མ་ཡིན། སྣང་བར་མ་ཡིན། མུན་པར་མ་ཡིན། བུད་མེད་དུ་མ་ཡིན། སྐྱེས་པར་མ་ཡིན། མ་ནིང་དུ་མ་ཡིན། གསང་བའི་བདག་པོ་སེམས་དེ་ནི། འདོད་པའི་ཁམས་ཀྱི་རང་བཞིན་དུ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་དུ་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་དུ་མ་ཡིན་ནོ། །ཞེས་པ་ལྟར་སྟོང་པར་འདོད་དོ། །དེ་སྐད་དུ་ཡང་རྩ་བའི་རྒྱུད་འདི་ལས། རང་རིག་བདེ་བ་ཆེན་པོ་ཉིད། །ཅེས་གསུངས་པའི་བདེ་བ་ཆེན་པོ་ནི། ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ལ་འཆད་པ་ཡིན་ཏེ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ལས། ནམ་མཁའ་ལྟ་བུར་བདག་མེད་པའི། །ཆོས་འདི་བདེ་བ་ཆེན་པོའོ། །ཞེས་གསུངས་ཤིང༌། ཚིག་འདི་ཇི་ལྟ་བ་དགྲ་ནག་གི་རྒྱུད་ལས་འབྱུང་ལ། དེའི་འགྲེལ་པ་སློབ་དཔོན་དཔལ་གྱིས་མཛད་པར་ཡང༌། ནམ་མཁའ་ཇི་ལྟ་བ་དེ་ལྟ་བུར་བདག་མེད་པ་སྟེ། འདས་ཤིང་བྲལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཅེས་བྱ་བ་ནི་མཚོན་པ་སྟེ། བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་བདག་དང༌། བྱེད་པ་པོ་དང༌། རིག་པ་པོ་ལ་སོགས་ཐམས་ཅད་སྤངས་པའོ། །འདི་ཞེས་བྱ་བ་ནི་འདི་ཉིད་དོ། །ཆོས་བདེ་བ་ཆེན་པོ་ཞེས་བྱ་བ་ལ་ཆོས་རྣམས་ནི་བདེ་བ་ཆེན་པོ་སྟེ། རྟོག་པ་མ་ལུས་པ་ཟད་པའི་ཕྱིར་བདེ་བའོ། །ཞེས་གསུངས་ཤིང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། རང་དངོས་བདེ་བ་ཆེན་པོ་ནི། །ཡེ་ཤེས་རླུང་དུ་རབ་ཏུ་གྲགས། །དེ་ནི་ནམ་མཁའ་ཞེས་སུ་བཤད། །ནམ་མཁའ་སྟོང་པར་བསྟན་པའོ། །སྟོང་པ་ལས་ནི་ཐམས་ཅད་འབྱུང༌། །སྟོང་པའི་ངང་དུ་ཐམས་ཅད་ཐིམ། །སྟོང་པ་ཡང་དག་དྲི་མེད་གནས། །རྣམ་པ་ཐམས་ཅད་དང་བྲལ་བ། །མཆོག་གི་རྣམ་པ་སྐྱེ་མེད་དག །རང་དགའ་ཉམས་སུ་མྱོང་བ་དངོས། །དེ་ནི་རང་བཞིན་ཞེས་སུ་བཤད། །ཅེས་གསུངས་པས་ན། བདེ་བ་ཆེན་པོ་ཞེས་པ་སྟོང་ཉིད་ལ་བྱའོ། །དེ་ལ་ཁ་ཅིག་བདེ་བ་ཆེན་པོ་སྟོང་ཉིད་ལ་ཟེར་ན། བདེ་སྟོང་དབྱེར་མེད་ཅེས་པ་ཇི་ལྟ་བུ་ཞེ་ན། འདི་ལ་བདག་གི་བླ་མ་ཐམས་ཅད་མཁྱེན་པས་འདི་ལྟར་བཞེད་དེ། བདེ་སྟོང་དབྱེར་མེད་ཅེས་པ་ནི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པས་རྣལ་འབྱོར་པའི་ལུས་སེམས་ལ་བདེ་བ་འཆར་ཞིང༌། ཉམས་དེའི་ངོ་བོ་སྟོང་པར་ཤེས་པ་ལ་བྱ་ལ། འདིར་ནི་སམྦུ་ཊི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་པ་ལྟར། གང་རྟོག་པ་དང་བཅས་པ་ནི་དུཿཁ་ཡིན་ལ། དེ་དང་བྲལ་བ་ནི་བདེ་བ་ཆེན་པོ་སྟེ། ཇི་སྐད་དུ། དཔེར་ན་ནད་དང་བྲལ་བ་ན། །ལུས་བདེ་མྱ་ངན་མེད་པ་ལ། །སེམས་བདེ་ཞེས་ནི་འཇིག་རྟེན་ཟེར། །འདི་དག་དུཿཁ་མེད་པ་ལས། །གཞན་པའི་བདེ་བ་མེད་མོད་ཀྱི། །འོན་ཀྱང་དུཿཁ་མེད་ཙམ་ལ། །བདེ་བ་ཡིན་ཞེས་ཀུན་ལ་གྲགས། །དེ་བཞིན་ཆོས་ཀྱི་དབྱིངས་ལ་ཡང༌། །སྡིག་པ་མེད་པ་ཙམ་ཞིག་ལས། །ལྷག་པའི་དགེ་བ་མེད་མོད་ཀྱི། །དགེ་བ་ཡིན་ཞེས་བརྟགས་པར་ཟད། །ཅེས་གསུངས་པ་ལྟར་ཡིན་པས། དེ་གཉིས་མི་མཚུངས་པར་ཤེས་པར་བྱའོ། །གལ་ཏེ་རྒྱུད་དང་འགྲེལ་བྱེད་དེ་དག་གི་དགོངས་པ་ནི་གསལ་རིག་ཀུན་རྫོབ་ཀྱི་མཚན་ཉིད་དུ་བྱས་ནས། དེའི་ངོ་བོ་སྟོང་པར་འདོད་པ་དེ་ཡིན་མོད་ཀྱི། བླ་མ་ས་སྐྱ་པ་རྣམས་ཀྱིས་དེ་ལྟར་དུ་མ་བཀྲོལ་ལོ་སྙམ་ན་མ་ཡིན་ཏེ་རྗེ་བཙུན་ས་སྐྱ་པ་ཆེན་པོས་དབང་བཞིའི་ངོ་སྤྲོད་དུ། སེམས་ཀྱི་མཚན་ཉིད་གསལ་རིག་སྟེ། །གསལ་རིག་རང་བཞིན་སྟོང་པ་ཡིན། །ཞེས་གསུངས་པ་དེའི་དོན་ཀྱང༌། ཀུན་རྫོབ་སེམས་ཀྱི་མཚན་ཉིད་ནི་གསལ་རིག་ཡིན་ཏེ། བུམ་པའི་མཚན་ཉིད་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པ་ལྟར་རོ། །གསལ་རིག་དེའི་ངོ་བོའམ་རང་བཞིན་ནི་སྟོང་པ་ཉིད་ཡིན་ཏེ། བུམ་པའི་རང་བཞིན་སྟོང་པ་ཡིན་པ་ལྟར་རོ། །ཞེས་པའི་དོན་ཏོ། །དེ་བཞིན་དུ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་ཀྱང༌། ཡེ་ཤེས་འདི་ནི་གསུམ་པའི་ཚེ་མྱོང་བ་གང་ཡིན་པའོ། །ཆེས་ཕྲ་བ་ནི་རྟོགས་པར་དཀའ་བའོ། །རྡོ་རྗེ་ནི་མི་ཕྱེད་པའོ། །ནམ་མཁའི་དཀྱིལ་ནི་མཐའ་དང་བྲལ་བའོ། །ཡང་ན་དཀྱིལ་ནི་སྙིང་པོ་སྟེ་མཐའ་དང་བྲལ་བ་སྟེ། ནམ་མཁའ་ནི་དམིགས་པ་མེད་པའོ། །རྡུལ་བྲལ་ནི་ཉོན་མོངས་པ་ཟད་པའོ། །མཐར་ཕྱིན་ནི་སྲིད་པ་ཟད་པའོ། །ཞི་བ་ནི་གནོད་པ་མེད་པའོ། །ཞེས་དང༌། རྗེ་བཙུན་ཆེན་པོས། དེ་ལ་རང་རིག་ཡེ་ཤེས་ཞེས་བྱ་བ་ནི། དྲན་པ་མེད་པའི་ཡེ་ཤེས་སུ་འདོད་པ་དགག་པའི་ཕྱིར་དང༌། སོ་སོ་རང་གི་རིག་པའི་ཆོས་ཉིད་ཡིན་ཞིང༌། གཞན་གྱིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་རང་རིག་པ་ཞེས་བྱ་བ་ཞིག་ཏུ་གྲུབ་བམ་ཞེ་ན། དེ་སྤྲོས་པ་དང་བྲལ་བར་བསྟན་པའི་ཕྱིར། རང་གཞན་ཡང་དག་རིག་པ་སྤངས་ཏེ། དེ་གཉིས་ཕན་ཚུན་ལྟོས་པའི་ཕྱིར་དང༌། དམིགས་པར་བྱ་བའི་ཡུལ་འགའ་ཡང་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་དཔེ་ནི་མཁའ་མཉམ་ཞེས་བྱ་བ་སྨོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །ནམ་མཁའ་བསྒོམ་པ་དེ་ཉིད་ནི། །སྟོང་ཉིད་བསྒོམ་པར་བཞེད་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་རྡུལ་བྲལ་སྟོང་པ་ཉིད་དོ། །ཞེས་བཤད་པ་དང་ནམ་མཁའ་ལ་ཐོག་མཐའ་མེད་པ་བཞིན་སེམས་ཀྱང་ཐོག་མཐའ་མེད་པར་བསྟན། ནམ་མཁའ་ལ་འདུས་བྱས་ཀྱི་གནོད་པས་མི་ཚུགས་པ་བཞིན་སེམས་ཀྱང་བློ་བུར་གྱི་རྐྱེན་གྱིས་མི་འཇིག ནམ་མཁའ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་ལྟར། སེམས་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱབ། ནམ་མཁའ་ལ་ཁ་དོག་དང་དབྱིབས་ལ་སོགས་པ་དང་བྲལ་བ་བཞིན། སེམས་ཀྱང་གཟུང་འཛིན་ལ་སོགས་པའི་རྣམ་རྟོག་མ་ལུས་པས་སྟོང་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་དགོངས་པའང་གསལ་རིག་ཙམ་དེ་ཉིད་ཀུན་རྫོབ་སེམས་ཀྱི་མཚན་ཉིད་ཡིན་གྱི་དོན་དམ་དུ་བཞེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཡེ་ཤེས་ཐིག་ལེ་ལས། སེམས་ལས་གཞན་ནི་ཡོད་པ་མིན། །གང་ཞིག་ཅི་ཞིག་འདི་ཐམས་ཅད། །དེ་ནི་ཐམས་ཅད་སེམས་ཡིན་ནོ། །ཞེས་དང༌། དེ་བཞིན་དུ། རྡོ་རྗེ་གུར་ལ་སོགས་པར་ཡང༌། སྣང་བ་རྣམས་སེམས་སུ་བསྟན་པའི་དོན་ཡང༌། སེམས་ཙམ་པ་ལྟར་སྣང་བ་ཐམས་ཅད་སེམས་སུ་བདེན་པར་ཁས་མི་ལེན་གྱི། སེམས་ཀྱི་ངོ་བོ་ནི་སྟོང་པ་ཉིད་ཡིན་པའི་ཕྱིར། དེ་ལས་བྱུང་ཞིང་སྣང་བ་ཐམས་ཅད་ཀྱང་སྟོང་པ་ཉིད་ཡིན་ཏེ། ཡེ་ཤེས་ཐིག་ལེ་ལས། ཕྱི་ཡི་ཐམས་ཅད་སྐད་ཅིག་མ། །དགའ་མོ་སེམས་ཀྱི་ཆོ་འཕྲུལ་ཡིན། །དེ་ལྟར་སེམས་ལས་གཞན་པ་མིན། །སེམས་ཉིད་ནམ་མཁའ་ལྟ་བུའོ། །ཞེས་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། འགྲོ་དང་མི་འགྲོ་གང་ཞིག་ནི། །དེ་ནི་ཐམས་ཅད་སེམས་ཡིན་ནོ། །དེ་ཡི་གཟུགས་གྲུབ་སེམས་མ་ཡིན། །སེམས་ནི་སྟོང་པའི་རང་བཞིན་ནོ། །ངོ་བོ་ཉིད་བྲལ་སྟོང་པ་སྟེ། །དེ་བས་འགྲོ་བ་སེམས་སུ་གྲུབ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྣང་བ་སེམས་ཞེས་རྣམ་རིག་པ་དང་མིང་ཚུལ་མཚུངས་པ་ཙམ་ཡིན་གྱི། དོན་མཚུངས་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་རྗེ་བཙུན་ཆེན་པོའི་འཁོར་འདས་དབྱེར་མེད་ལས། སྣང་བ་སེམས་སུ་སྒྲུབ་པ་ལ། རྨི་ལམ་སོགས་རྩ་བའི་དཔེ་བཞི་དང༌། མིག་ཡོར་སོགས་ཡན་ལག་གི་དཔེ་བཞི་སྟེ། བརྒྱད་གསུངས་ནས་དཔེ་འདི་རྣམས་དང༌། སྣང་བ་འདི་ལ་ཁྱད་པར་མེད་དེ། ཉམས་སུ་ནི་དཔེ་འདི་རྣམས་ཀྱང་མྱོང་ལ། བདེན་པར་ནི་སྣང་བ་འདི་དག་ཀྱང་མ་གྲུབ་པའོ། །ཞེས་སྣང་བ་རྣམས་བདེན་མེད་དུ་བཤད་པ་འདི་རྣམས་ཇི་ལྟར་དྲང་སྨྲ་བར་བྱའོ། །དོན་འདི་ཉིད་དཔལ་ལྡན་ཟླ་བ་གྲགས་པའང་བཞེད་དེ། འགྲེལ་ཆེན་སྒྲོན་མ་གསལ་བའི་ལེའུ་བཅོ་ལྔ་པར། ཆོས་ཐམས་ཅད་རྨི་ལམ་མཐོང་བའི་དུས་སུ། སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་དོ། །སེམས་དེ་གང་ན་གནས་ཤེ་ན། །ནམ་མཁའ་རྡོ་རྗེའི་གནས་སེམས་འདི། །ཞེས་བྱ་བ་སྟེ། ནམ་མཁའ་རྡོ་རྗེ་ནི་འོད་གསལ་བའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དེས་ན་རྒྱུད་འདིའི་ལྷན་སྐྱེས་ནི། །བདེན་གཉིས་ཟུང་འཇུག་ཡིན་པའི་ཕྱིར། །གསལ་རིག་སྤངས་ནས་སྟོང་པ་ཉིད། །གཞན་ན་ཡོད་པ་མ་ཡིན་ཞིང༌། །སྟོང་པ་བོར་ནས་གསལ་རིག་ཉིད། །ལོགས་ན་གྲུབ་པ་མ་ཡིན་ཏེ། །དཔེར་ན་མེ་དང་ཚ་བ་བཞིན། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། །སྐྱེ་བ་མེད་པའི་ཆོས་རྣམས་ནི། །སྟོང་པ་ཉིད་ཅེས་རབ་ཏུ་གྲགས། །དེ་ཉིད་ཇི་ལྟར་བཤད་པ་ལས། །ཀུན་རྫོབ་ཆད་པ་མ་ཡིན་ཏེ། །ཀུན་རྫོབ་ལས་ནི་ལོགས་ཤིག་ན། །དེ་ཉིད་ཉེ་བར་མི་དམིགས་སོ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་པ་ན། །སྟོང་པ་ཉིད་ནི་ཀུན་རྫོབ་སྟེ། །ཀུན་རྫོབ་ཉིད་ཀྱང་སྟོང་པར་བཤད། །ཅེས་གསུངས་པ་ཡི་ལུང་གི་གྲུབ། དེས་ན་ཀུན་རྫོབ་དོན་དམ་དག །གཉིས་སུ་མེད་པའི་བརྗོད་བྲལ་ལ། །རང་བཞིན་ལྷན་སྐྱེས་ཞེས་གསུངས་ཀྱི། །གསལ་རིག་ཙམ་ལ་གསུངས་པ་མེད། །ཞེས་སྨོས་ཏེ། འདི་ལ་སྤྱིའི་དོན་དང༌། གཞུང་གི་དོན་གཉིས་ལས། དང་པོ་ནི། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་གསུངས་པའི་དོན་གཏན་ལ་དབབ་པ་ལ་ལྔ། ཡེ་ཤེས་ཀྱི་རྟེན་དང༌། རང་གི་ངོ་བོ་དང༌། དེའི་མཚན་ཉིད་དང༌། དེ་ཐམས་ཅད་ལ་ཁྱབ་པར་བསྟན་པ་དང༌། རྟེན་དང་བརྟེན་པའི་གནས་ལུགས་བསྟན་པའོ། །དང་པོ་ནི་ལུས་ལ་སྟེ། རང་གི་ལུས་ཉོན་མོངས་པ་དང་བཅས་པ་འདི་ཉིད་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །གཉིས་པ་ནི་ཡེ་ཤེས་ཆེན་པོ་སྟེ། ཡེ་ཤེས་ནི་གསལ་ཞིང་ཤེས་པས་ན་ཡེ་ཤེས་ཏེ། སོ་སོ་སྐྱེ་བོ་རྣམས་དང་ཐུན་མོང་གི་ཤེས་པ་སྟེ་འདིས་ཀུན་རྫོབ་སེམས་ཀྱི་མཚན་ཉིད་གསལ་རིག་སྟོན་ཏོ། །ཆེན་པོ་ནི་ཕུལ་དུ་བྱུང་བ་འཇིག་རྟེན་ལས་འདས་པའི་ལམ་སྟེ། འདིས་དོན་དམ་པས་བསྡུས་པའི་སེམས་རང་བཞིན་སྤྲོས་བྲལ་ཉིད་སྟོན་ཏོ། །དེ་བས་ན་ཡེ་ཤེས་ཀྱང་ཡིན་ལ་ཆེན་པོའང་ཡིན་པས་ན་ཡེ་ཤེས་ཆེན་པོ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདིས་བདེན་གཉིས་ཟུང་དུ་འཇུག་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་གསལ་བར་སྟོན་ཏོ། །དེས་ནི་གསལ་བ་ནི་ཀུན་རྫོབ་ཀྱི་བདེན་པ། སྟོང་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་གཉིས་ཇི་ལྟར་ཟུང་དུ་འཇུག་ཅེ་ན། སེམས་ཀྱི་གསལ་བ་མི་འདོར་བ་ནི། གསལ་བ་སེམས་ཀྱི་མཚན་ཉིད་ཡིན་ལ། གསལ་བ་དེ་ལེགས་པར་བརྟགས་ན། གནས་སམ་རིགས་སམ་ཁ་དོག་གམ། དབྱིབས་ལ་སོགས་པ་གང་ལྟར་བཙལ་ཀྱང༌། མི་རྙེད་ཅིང་མ་གྲུབ་པ་ནི། སྟོང་པ་སེམས་ཀྱི་རང་བཞིན་ཞེས་བྱ། དེ་ལྟར་ན། གསལ་བ་བཙལ་བས་མ་རྙེད་པ་ལ་སྟོང་པ་ཞེས་བྱ། སྟོང་པར་ཚོལ་མཁན་དེ་ཉིད་ལ་གསལ་བ་ཞེས་བྱ་སྟེ། མདོར་ན་གསལ་བའི་དུས་ཉིད་ན་སྟོང་པ། སྟོང་པའི་དུས་ཉིད་ན་གསལ་བ། གསལ་སྟོང་གཉིས་སོ་སོར་སུས་ཀྱང་དབྱེར་མི་ཕྱེད་པ་དེ་ལ་བཅོས་མིན་སེམས་ཀྱི་ངོ་བོའམ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ། གཉིས་མེད་དམ། བརྗོད་བྲལ་ལམ། ཟུང་འཇུག་ཅེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་དུ་མས་བསྟན་པ་ཡིན་ལ། དེ་ལྟར་གཉིས་མེད། ཟུང་འཇུག་ཅེས་ངེས་པར་བཟུང་ན་ཡང་ལྟ་བ་མཐའ་ཅན་དུ་འགྱུར་བའི་ཕྱིར། དེར་ཡང་མི་འཛིན་ཏེ། སམྦུ་ཊ་ལས། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས། ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ལ། །དེ་ལྟར་མཐའ་བཞི་རྣམ་པར་སྤངས་པ་ཡི། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། རྟོག་པ་ཐམས་ཅད་ཡང་དག་སྤངས་ཏེ། དེ་ལ་རྟོག་པ་ནི་སྒྲོ་བཏགས་པའམ་མི་བདེན་པར་འཛིན་པས་ན་རྟོག་པ་སྟེ། སོ་སོ་སྐྱེ་བོའི་བློ་རྣམས་སོ། །དེ་སྐད་དུའང་ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ་ལས། བྱིས་པ་འཁྲུལ་པས་བདེན་མིན་པ། །ཀུན་ཀྱང་རྟོག་པ་ལས་བྱུང་དངོས། །ཀུན་ཀྱང་རྟོག་པའི་བདག་ཉིད་ཅན། །དེ་ནི་སྲིད་པར་མཁས་པས་བཤད། །ཅེས་སོ། །དེས་མི་བདེན་པར་ཇི་ལྟར་འཛིན་ཞེ་ན། ཡོད་པ་དང་མེད་པར་འཛིན་པས་སོ། །དེ་ཡང་ཡང་དག་པར་མ་ཡིན་ཏེ། བརྟག་ན་མི་བདེན་པའི་ཕྱིར་ཡོད་པ་མི་བདེན་ལ། ཡོད་པ་མེད་པས་དེ་ལ་ལྟོས་པའི་མེད་པའང་མི་འགྲུབ་ཅིང༌། ཀུན་རྫོབ་ཏུ་སྐྱེ་བར་མཐོང་བས་མེད་པའང་མི་འཐད་དེ། རིན་ཆེན་ཕྲེང་བ་ལས། སྐྱེ་བ་རྒྱུ་དང་བཅས་མཐོང་ནས། མེད་པ་ཅི་ཡི་ཕྱིར་ན་བརྗོད། །རྒྱུ་དང་བཅས་པ་འགག་མཐོང་ནས། །ཅི་ཡི་ཕྱིར་ན་ཡོད་པར་བརྗོད། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་རྟོག་པ་ནི་སོ་སོ་སྐྱེ་བོའི་བློ་འཛིན་པ་དང་བཅས་པ་ཡིན་ལ། དེ་སྤངས་པ་ནི་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ཆེན་པོ་ཞེས་བྱའོ། །བཞི་པ་ནི། དངོས་པོ་ཀུན་ལ་ཁྱབ་པ་པོ་སྟེ། དངོས་པོ་ཀུན་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་རྣམས་སོ། །སྲིད་པ་གསུམ་མམ། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལའོ། །ཁྱབ་པ་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་སྟེ། ཟླ་གསང་ཐིག་ལེ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །ཐམས་ཅད་དུ་ནི་རྟག་ཏུ་བཞུགས། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ལ་གཉིས། གནས་ལུགས་དངོས་དང༌། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ལུས་གནས་ཞེས་ཏེ་དེ་ལ་ལུས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །གནས་ཞེས་བྱ་བ་ནི་རྟོག་མེད་ཀྱི་ཡེ་ཤེས་དེ་ལས་མཚན་མ་དང་རྟོག་པ་རྣམས་འབྱུང་ལ། རྟོག་པ་ལས་ནི་སྣང་བ་སྣ་ཚོགས་སུ་འབྱུང་བར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་མའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །ཞེས་བཤད་པས་ན་ཐམས་ཅད་དེ་ལས་བྱུང་བའི་ཚུལ་དུའམ། ཐམས་ཅད་དེའི་བདག་ཉིད་དུ་འགྱུར་བའི་ཚུལ་གྱིས་ཁྱབ་སྟེ། ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས་གནས་ཞེས་བྱའོ། །གཉིས་པ་ནི། གལ་ཏེ་ལུས་འཁོར་བ་དེ་ལ་ཡེ་ཤེས་མྱ་ངན་ལས་འདས་པ་དེ་གནས་ན་ཡེ་ཤེས་འཁོར་བར་འགྱུར་ལ། ཡང་ན་ལུས་མྱ་ངན་ལས་འདས་པར་འགྱུར་རོ་སྙམ་ན། ལུས་ལས་མ་སྐྱེས་ཏེ། ཡེ་ཤེས་དེའི་རང་གི་ངོ་བོ་ལུས་ཀྱིས་མ་བསྒྲིབས་ཤིང༌། ལུས་དེས་ཡེ་ཤེས་དེ་བསྐྱེད་པ་མ་ཡིན་པས་ཡེ་ཤེས་འཁོར་བར་མི་འགྱུར་ཏེ། དབུས་མཐའ་ལས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་ཡོངས་སུ་དག །ཅེས་གསུངས་པ་བཞིན་ནོ། །ཡང་འཁོར་བ་དེའང་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ལུས་ལས་མ་སྐྱེས་པའོ། །ཞེས་ཏེ། ལུས་ནི་རྟོག་པ་ཡིན་ལ། ཡེ་ཤེས་རྟོག་མེད་ཡིན་པས་ལུས་ཅན་རྣམས་རྟོག་པ་ཡིན་ལ། དེ་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གིས་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འདི་དག་ཀྱང་རྗེ་བཙུན་སྐུ་མཆེད་ཀྱིས་ཇི་ལྟར་བཤད་པ་བཞིན་བྲིས་པ་ཡིན་ནོ། །གཉིས་པ་ནི། རྒྱུ་མཚན་དེས་ན་རྒྱུད་གསུམ་པོ་འདིའི་ངེས་དོན་མཐར་ཐུག་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཟུང་འཇུག་ཡིན་པའི་ཕྱིར། ཡོད་མེད་ཀྱི་མཐའ་དང་བྲལ་བ་ཡིན་ཏེ། རྣལ་འབྱོར་དབང་ཕྱུག་གིས། ཕྱག་རྒྱ་ཆེན་པོའི་ངང་ནས་ལྷན་ཅིག་སྐྱེས་པ་སྟེ། །མི་བསམ་མི་རིག་བདག་མེད་རང་གི་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བ་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག །ཅེས་པ་ལྟར་རོ། །དེའང་ཀུན་རྫོབ་གསལ་ལ་རིག་སྤངས་ནས་དོན་དམ་པ་སྟོང་པ་ཉིད་གཞན་ན་ཡོད་པ་མ་ཡིན་ཏེ། ཡིན་ན་ཆད་པའི་མཐར་ལྟུང་བའི་ཕྱིར་རོ། །འཕགས་པ་ལྷས་ཀྱང༌། མེད་ཅེས་རྟོག་པ་ཇི་སྙེད་པ། །དེ་སྙེད་ཆད་པའི་ལྟ་བ་སྟེ། །ཆད་པར་མངོན་པར་ཞེན་པས་ན། །དེའང་སྒྱུ་མའི་མཚན་ཉིད་མིན། །ཞེས་སོ། །དོན་དམ་སྟོང་པ་ཉིད་བོར་ནས་ཀུན་རྫོབ་གསལ་རིག་དེ་ཉིད་ལོགས་ཤིག་ན་གྲུབ་པ་མ་ཡིན་ཏེ། ཡིན་ན་རྟག་པའི་མཐར་ལྟུང་བའི་ཕྱིར་རོ། །འཕགས་པ་ལྷས་ཀྱང༌། ཡོད་ཅེས་རྟོག་པ་ཇི་སྙེད་པ། །དེ་ནི་རྟག་པའི་ལྟ་བ་སྟེ། །རྟག་པར་མངོན་པར་ཞེན་པས་ན། །དེའང་སྒྱུ་མའི་མཚན་ཉིད་མིན། །ཞེས་སོ། །དེས་ན་བདེན་པ་གཉིས་ཡ་མ་བྲལ་བ་དཔེར་ན་མེ་ཡོད་སར་ཚ་བ་ཡོད་པ་བཞིན་ནོ། །དེ་ལྟར་ཡིན་པར་ཡང༌། འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། སྐྱེ་བ་མེད་པའི་ཆོས་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལུང་གིས་ཀྱང་གྲུབ་བོ། །དེས་ན་ཀུན་རྫོབ་དང་དོན་དམ་པ་དེ་དག་གཉིས་སུ་མེད་པའི་བརྗོད་བྲལ་དེ་ཉིད་ལ། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་སྟེ། སློབ་དཔོན་ཌོམྦི་ཧེ་རུ་ཀས། ལྷན་ཅིག་སྐྱེས་པའི་དངོས་གང་ཡིན། །བདག་ཉིད་གྲུབ་པ་བརྗོད་པ་ཉིད། །ལྷན་ཅིག་སྐྱེས་གྱུར་དེ་ཡི་ཕྱིར། །བརྗོད་བྲལ་ལྷན་ཅིག་སྐྱེས་པར་ཤེས། །ཞེས་གསུངས་སོ། །དེས་ན་མཚན་མ་ཐམས་ཅད་དང་བྲལ་བ་དམིགས་སུ་མེད་པ་དེ་ཉིད་ལ་མིང་གཞན་གདགས་མི་ནུས་པའི་ཕྱིར། རང་བཞིན་ལྷན་སྐྱེས་དང་ཟུང་འཇུག་སོགས་ཀྱིས་བཏགས་ཀྱི། ཟུང་འཇུག་ཅེས་པ་མཐའ་གཉིས་དང་བྲལ་བའི་ལྟ་བ་ཡང་དག་པའོ། །ཞེས་ཀྱང་མི་གསུངས་ཏེ་འཕགས་པ་ལྷས། ཡོད་ཅེས་པ་དང་མེད་ཅེས་པའི། །དབུས་སུ་གང་ཞིག་རྟོག་པ་ནི། །དབུས་སུ་མངོན་པར་ཞེན་པས་ན། །དེའང་སྒྱུ་མའི་མཚན་ཉིད་མིན། །ཞེས་སོ། །དེ་ལྟར་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་ཟུང་འཇུག་ཞེས་ཀྱང་བྱ་སྟེ། ཀླུ་སྒྲུབ་ཀྱིས། ཀུན་རྫོབ་པ་དང་དོན་དམ་དག །སོ་སོར་ཕྱེ་སྟེ་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པས། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་སོ། །དེ་ཉིད་ལས། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ་སྟེ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །ཕྱག་རྒྱ་ཆེན་པོ་གསང་བ་ཆེ། །བརྗོད་མེད་མི་ཟད་མ་སྐྱེས་པ། །ཐམས་ཅད་གཟུགས་ཅན་གཟུགས་དང་བྲལ། །གཟུགས་མེད་གཟུགས་ཀྱི་བདག་ཉིད་མཆོག །སྦོམ་ཕྲ་ལ་སོགས་དང་བྲལ་བ། །གཞལ་དུ་མེད་པའི་རང་བཞིན་ནོ། །ཡང་དག་དྲི་མེད་རྣམ་པའི་འོད། །གང་དུ་ཡང་ནི་གནས་མེད་པ། །ཤར་བ་མ་ཡིན་ནུབ་པ་མིན། །རྟག་ཏུ་ཤར་བ་ཆར་ཡང་མཆོག །དུས་དང་གནས་སྐབས་གྲོལ་བ་སྟེ། །སྐྱེ་དང་འཇིག་པར་བྱེད་པའོ། །ཞེས་སོ། །དེ་བཞིན་དུ། དེ་ཉིད་ལ་བདེ་གཤེགས་སྙིང་པོ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མ་གསུངས་ཀྱི། གསལ་རིག་ཙམ་ལ་ཟུང་འཇུག་སོགས་སུ་གསུངས་པ་མེད་དོ། །གང་ཡང་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟི་པས། རྩ་རྒྱུད་རྣམ་རིག་ཏུ་བཀྲལ་བར་ཡང་མཐའ་གཅིག་ཏུ་མ་ངེས་མོད། འོན་ཀྱང་དཀའ་འགྲེལ་དེ་དག་ལ་མི་འཐད་པའི་ཕྱོགས་སྣང་བ་རྣམས་ནི་རྗེ་བཙུན་གོང་མའི་རྣམ་བཤད་དག་ལས་དྲི་མ་མེད་པའི་ལུང་རིག་གིས་བཀག་པ་ཡིན་ནོ། །སྤྱི་དོན་གཉིས་པ་རྩ་བའི་རྒྱུད་དང་འགལ་བས་དགག་པ་ནི། གཞན་ཡང་རྩ་བའི་རྒྱུད་ལས། དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་གསུངས་པ་དང་འགལ་བ་སྟེ། རྒྱུད་འདིའི་ལྟ་བ་མཐར་ཐུག་རྣམ་རིག་ཏུ། །གནས་ན་དེ་ཡི་ལྟ་བ་ལ། །དབུ་མ་གསང་སྔགས་མ་ལུས་པའི། །རྗེས་ལ་བསྟན་པས་ཅི་ཞིག་བྱ། །གལ་ཏེ་དེ་ནི་གསང་སྔགས་ཀྱི། །ཐབས་ལ་གཞུག་ཕྱིར་གསུངས་པ་སྟེ། །ལྟ་བ་མཐར་ཐུག་ཁྱད་མེད་ཟེར། །དེ་ལྟ་ན་ནི་དབུ་མ་པའི། །ལྟ་བ་རྟོགས་པའི་གང་ཟག་དེ། །རྣམ་རིག་པ་ལ་འཇུག་པར་འགྱུར། །ཞེས་སྨོས་ཏེ། སྐྱོན་གཞན་ཡང་རྩ་བའི་རྒྱུད་དཔལ་ཀྱེ་རྡོ་རྗེ་འདི་ཉིད་ལས། དེ་ནས་རྣལ་འབྱོར་སྤྱོད་པ་ཉིད་ཅེས་གསུངས་པ་དང་འགལ་བ་ཡིན་ཏེ། རྒྱུད་འདིའི་ལྟ་བ་མཐར་ཐུག་རྣམ་རིག་ཏུ་གནས་ན་རྣལ་འབྱོར་སྤྱོད་པ་དེ་ཉིད་ཀྱིས་ཆོག་པ་ལ། དེའི་རྗེས་སུ་དབུ་མ་དང་གསང་སྔགས་ཀྱི་ཐེག་པ་མ་ལུས་པའི་རྗེས་ལ་ཀྱེ་རྡོ་རྗེ་བསྟན་པས་ཅི་ཞིག་བྱ་སྟེ། དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་བསྟན་པའི་གོ་རིམ་དེ་ནི། གསང་སྔགས་ཀྱི་བསྐྱེད་རྫོགས་ལ་སོགས་པའི། ཐབས་ཁྱད་པར་ཅན་ལ་གཞུག་པའི་ཕྱིར། རིམ་པ་དེ་ལྟར་གསུངས་པ་སྟེ། ལྟ་བ་མཐར་ཐུག་ནི་རྣམ་རིག་པ་དང་ཁྱད་པར་མེད་དོ། །ཞེས་ཟེར་རོ། །དེ་ལྟ་ན་ནི། དང་པོར་གྲུབ་མཐའ་འོག་མ་གཉིས་ལ་བསླབ། དེ་ནས་རྣམ་རིག་པ་ལ་བསླབས་པ་ནས་གཟོད་དབུ་མ་བསྟན་ཏེ། དབུ་མའི་ལྟ་བ་རྟོགས་པའི་གང་ཟག་དེ་སླར་ཡང་རྣམ་རིག་པ་ལ་འཇུག་པར་འགྱུར་ཏེ། རྒྱུད་འདི་ལྟ་བ་རྣམ་རིག་ཏུ་གནས་ཤིང༌། དབུ་མའི་རྗེས་ལ་རྒྱུད་འདི་ལ་བསླབ་པར་གསུངས་པའི་ཕྱིར་རོ། །འདོད་ན་དབུ་མ་ལས་རྣམ་རིག་པ་དག་ཁྱད་པར་དུ་འཕགས་པར་འགྱུར་ཞིང༌། རྣལ་འབྱོར་པའང་བློ་ཁྱད་ཀྱིས། གོང་མ་གོང་མ་རྣམས་ཀྱིས་གནོད་པར་ཡང་མི་འགྱུར་ལ། སེམས་ཀྱི་སྒྲིབ་སྦྱོང་ལས། ཇི་ལྟར་འཇིག་རྟེན་ཕལ་པ་ལས། །རྣལ་འབྱོར་པ་ལ་འཇིག་རྟེན་རྒྱལ། །གོང་མ་གོང་མའི་བློ་ཁྱད་ཀྱིས། །རྣལ་འབྱོར་པ་ཡང་རྒྱལ་བར་འགྱུར། །ཞེས་བཤད་པ་དང་འགལ་བ་ཡིན་ནོ། །སྤྱི་དོན་གསུམ་པ། རྒྱུད་གསུམ་རྒྱལ་བའི་བཀའ་མ་ཡིན་པར་འགྱུར་བས་དགག་པ་ནི། གཞན་ཡང་རྒྱལ་བའི་བཀའ་ཡིན་ན། །དེ་ཡི་མཐར་ཐུག་དགོངས་པ་ནི། །དབུ་མ་ཁོ་ནར་གནས་སོ་ཞེས། །ཤིང་རྟའི་སྲོལ་འབྱེད་ཕལ་ཆེར་བཞེད། །ཁྱེད་ཀྱང་དེ་བཞིན་འདོད་པ་ལ། །རྒྱུད་འདིའི་དགོངས་པ་མཐར་ཐུག་པ། །རྣམ་རིག་སྨྲ་བར་གནས་པ་ན། །རྒྱུད་འདི་རྒྱལ་བའི་བཀའ་མིན་འགྱུར། །གལ་ཏེ་རྒྱུད་འདི་བཀའ་ཡིན་ཏེ། །ཐུབ་པ་བཞུགས་དུས་མ་གསུངས་ཀྱང༌། །སྟོན་པ་མྱ་ངན་འདས་འོག་ཏུ། །དགོངས་འགྲེལ་གྲུབ་མཐའ་བཞིར་གྱེས་པའི། །རྗེས་ལ་རྣམ་རིག་སྨྲ་རྣམས་དང༌། །མཐུན་པར་གསུངས་པར་མངོན་ཞེས་ཟེར། །འོ་ན་ཁྱེད་ཀྱི་དབུ་མ་ལས། །གཞན་པའི་གྲུབ་མཐའ་འོག་མ་གསུམ། །སྟོན་པས་མ་གསུངས་སྨྲས་པ་ལ། །གཞན་གྱི་རྒྱུད་ལས་འདི་སྐད་དུ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པའང་དེ་བཞིན་དུ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་པ་འདི་ཇི་ལྟར་འགྲེལ། །དྲིས་པས་ཁྱེད་ཀྱི་ལུང་དེའི་དོན། །ཐུབ་པས་དགོངས་འགྲེལ་གྲུབ་མཐའ་བཞི། །གསུངས་པར་སྟོན་པ་མ་ཡིན་མོད། །འོན་ཀྱང་ཕྱི་མར་སྟོན་པ་ཡི། །བསྟན་ལ་དགོངས་འགྲེལ་གྲུབ་མཐའ་བཞི། །འོང་བར་མཁྱེན་ནས་དེ་ཡི་ཚེ། །བླ་མས་སློབ་མ་ཁྲིད་པའི་ཚུལ། །གསུངས་པ་ཡིན་ཞེས་ཁྱེད་རང་གིས། །འཇུག་པའི་འགྲེལ་པར་བཤད་དང་འགལ། །ཞེས་སྨོས་ཏེ། སྐྱོན་གཞན་ཡང༌། རྒྱལ་བའི་བཀའ་ཡིན་ན་དེའི་མཐར་ཐུག་གི་དགོངས་པ་ནི་དབུ་མ་ཁོ་ནར་གནས་སོ་ཞེས་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོའི་སྲོལ་འབྱེད་ཕལ་མོ་ཆེར་བཞེད་ཅིང༌། ཁྱེད་རང་ཀྱང་དེ་བཞིན་དུ་འདོད་པ་ལ་རྒྱུད་གསུམ་པོ་འདིའི་དགོངས་པ་མཐར་ཐུག་རྣམ་རིག་ཏུ་གནས་པའི་ཕྱིར་ན། རྒྱུད་གསུམ་པོ་འདི་རྒྱལ་བའི་བཀའ་མིན་པར་འགྱུར་རོ། །གལ་ཏེ་རྒྱུད་གསུམ་པོ་འདི་དག་རྒྱལ་བའི་བཀའ་རྣམ་དག་ཡིན་ཏེ། དེའང་ཐུབ་པ་དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་ནས་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་རྒྱུད་འདི་མ་གསུངས་ཀྱང༌། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་དགོངས་འགྲེལ་གྲུབ་མཐའ་བཞིར་གྱེས་པའི་རྗེས་ལ་རྣམ་རིག་ཏུ་སྨྲ་བ་རྣམས་དང་མཐུན་པར་ཡུལ་གཞན་དུ་གསུངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་འཕགས་པའི་ཡུལ་དུ་སྤྱན་དྲངས་པར་མངོན་ནོ་ཞེས་ཟེར་རོ། །འདི་ཡང་མི་འཐད་དེ། འོ་ན་ཁྱེད་ཀྱི་དབུ་མ་ལས་གཞན་པའི་གྲུབ་མཐའ་འོག་མ་གསུམ་ནི། གྲུབ་མཐའ་སྨྲ་བ་པོ་རྣམས་ཀྱིས་སྒྲོ་བཏགས་པར་ཟད་ཀྱི་སྟོན་པས་མ་གསུངས་ཏེ། གལ་ཏེ་གསུངས་ན་བཀའ་ལ་ནང་འགལ་འབྱུང་བར་འགྱུར་བའི་ཕྱིར་རོ། །ཞེས་སྨྲས་པ་ལ། ཕྱིར་རྒོལ་གཞན་དག་གིས་འོ་ན་ཀྱེ་རྡོ་རྗེའི་རྒྱུད་ལས་གྲུབ་མཐའ་བཞི་སྟོན་པས་གསུངས་པར་བཤད་དེ། ཇི་སྐད་དུ། དེ་ལ་བྱེ་བྲག་སྨྲ་བ་བསྟན་ཞེས་སོགས་ཀྱི། དགོངས་པ་ཇི་ལྟར་འགྲེལ་ཞེས་དྲིས་པས། དེའི་ལན་དུ་ཁྱེད་ཀྱིས། ལུང་དེའི་དོན་ནི། ཐུབ་པས་གདུལ་བྱ་ལ་དགོངས་འགྲེལ་གྲུབ་མཐའ་བཞི་གསུངས་པར་སྟོན་པ་མ་ཡིན་མོད་ཀྱི་འོན་ཀྱང་ཕྱི་མའི་དུས་སུ་སྟོན་པའི་བསྟན་པ་ལ་དགོངས་འགྲེལ་གྲུབ་མཐའ་བཞིར་འོང་བར་མཁྱེན་ནས་དེའི་ཚེ་བླ་མས་སློབ་མ་ཁྲིད་པའི་ཚུལ་གསུངས་པ་ཡིན་ནོ། །ཞེས་ཁྱེད་རང་གིས་དབུ་མ་ལ་འཇུག་པའི་འགྲེལ་པར་བཤད་པ་དང་ནང་འགལ་བར་འགྱུར་རོ། །སྤྱི་དོན་བཞི་པ། རྒྱུད་སྡེ་ཐམས་ཅད་རྣམ་རིག་ཏུ་འགྱུར་བས་དགག་པ་ནི། གཞན་ཡང་སེམས་ཀྱི་མཚན་ཉིད་ནི། །གསལ་རིག་ཙམ་དུ་ཁས་བླངས་པས། །རྣམ་རིག་སྨྲ་བར་འགྱུར་ན་ནི། །རྒྱུད་དང་རྟོག་པ་ཞེས་བྱ་བ། །རང་སེམས་ཉིད་ལ་འཆད་པའི་ཕྱིར། །རྒྱུད་སྡེ་ཐམས་ཅད་དེ་ལྟར་འགྱུར། །འདོད་ན་འདུས་པའང་དེ་ལྟར་ཐལ། །གལ་ཏེ་ཀླུ་སྒྲུབ་ཡབ་སྲས་ཀྱིས། །དེ་ནི་དབུ་མར་བཀྲལ་ཞེས་ཟེར། །འོ་ན་རྒྱུད་དེའི་དགོངས་པ་ནི། །རྣམ་རིག་སྨྲ་བར་གནས་པ་ལ། །རང་གི་མོས་པ་གཙོར་བྱས་ནས། །ཁྱོད་ཀྱིས་དབུ་མར་བཀྲལ་བའི་ཕྱིར། །ཀླུ་སྒྲུབ་ཡབ་སྲས་ཟླ་གྲགས་སོགས། །གསང་བ་འདུས་པའི་འགྲེལ་བྱེད་རྣམས། །དགོངས་འགྲེལ་ཚད་ལྡན་མིན་པར་འགྱུར། །ཞེས་སྨོས་ཏེ་སྐྱོན་གཞན་ཡང༌། ཀུན་རྫོབ་སེམས་ཀྱི་མཚན་ཉིད་ནི་གསལ་རིག་ཙམ་དུ་ཁས་བླངས་པས་རྣམ་རིག་སྨྲ་བར་འགྱུར་ན་ནི་འཁོར་ལོ་སྡོམ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་དང༌། འཇམ་དཔལ་རྩ་བའི་རྟོག་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་པ་ལྟར་རང་གི་སེམས་གསལ་རིག་འདི་ཉིད་ལ་འཆད་པའི་ཕྱིར། རྒྱུད་སྡེ་ཐམས་ཅད་དེ་ལྟར་དུ་འགྱུར་བའི་སྐྱོན་ཡོད་དོ། །གལ་ཏེ་དེ་འདོད་ན། གསང་བ་འདུས་པའང་དེ་ལྟར་དུ་ཐལ་བའི་སྐྱོན་ཡོད་དེ། རྒྱུད་ཐམས་ཅད་རྣམ་རིག་ཡིན་པ་གང་ཞིག་ཁྱོད་ཀྱང་ཕ་རྒྱུད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་གསང་བ་འདུས་པ་དེ་ནི། དབུ་མར་བཀྲལ་ལོ་ཞེས་ཟེར་རོ། །འོ་ན་གསང་འདུས་ཀྱི་རྒྱུད་དེའི་དགོངས་པ་ནི་རྣམ་རིག་སྨྲ་བ་དང་མཚུངས་པར་གནས་པ་ལ། རང་དབུ་མ་ལ་མོས་པ་ལ་གཙོ་བོར་བྱས་ནས་ཁྱོད་ཀྱིས་དབུ་མར་བཀྲལ་བའི་ཕྱིར། ཀླུ་སྒྲུབ་ཡབ་སྲས་དང༌། ཟླ་བ་གྲགས་པ་དང་སོགས་པ་ཀླུའི་བྱང་ཆུབ་དང་ཤཱཀྱ་བཤེས་གཉེན་ཏེ་གསང་བ་འདུས་པའི་འཕགས་ལུགས་ཀྱི་འགྲེལ་བྱེད་རྣམས་དགོངས་འགྲེལ་མཁན་པོ་ཚད་དང་ལྡན་པ་མ་ཡིན་པར་འགྱུར་ཏེ། རྒྱུད་ཀྱི་དགོངས་པ་བཞིན་མ་བཀྲལ་བའི་ཕྱིར་རོ། །སྤྱི་དོན་ལྔ་པ། ཀླུ་སྒྲུབ་ཡབ་སྲས་ཀྱང་རྣམ་རིག་པ་འགྱུར་བས་དགག་པ་ནི། གཞན་ཡང་གསང་འདུས་རིམ་ལྔ་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་གསུངས་སྤྱོད་བསྡུས་སྒྲོན་མ་ལས། དེས་ན་རྣམ་པར་ཤེས་པ་ནི། །ཁ་དོག་མེད་དང་མཚན་མ་མེད། །དབྱིབས་མེད་པ་ཡི་བདག་ཉིད་ཅན། །རང་རིག་ཙམ་དུ་མདོ་ལས་བསྟན། །ཞེས་གསུངས་ཕྱིར་ན་ཀླུ་སྒྲུབ་དང༌། །འཕགས་པ་ལྷ་ལ་སོགས་པ་ཡིས། །དབུ་མར་བཀྲལ་བའི་འདུས་པ་དེ། །རྣམ་རིག་སྨྲ་བ་འགྱུར་རམ་ཅི། །ཞེས་སྨོས་ཏེ་སྐྱོན་གཞན་ཡང༌། གསང་འདུས་རིམ་ལྔ་ལས། རང་རིགས་ཙམ་སོགས་དང༌། དེའི་འགྲེལ་པ། ཨ་བྷ་ཡས། དེ་ཡང་ནང་གི་ཚོར་བ་ཙམ་ཀུན་རྫོབ་པ་ཡིན་ལ་དོན་དམ་པར་རང་བཞིན་མེད་པ་ནམ་མཁའ་དང་འདྲའོ། །དེ་བཤད་པ། རང་རིག་ཙམ་ཞེས་བྱ་བ་ལ་སོགས་པའོ། །ཞེས་དང༌། མཁས་པ་རྔོག་གིས་ཀྱང་སེམས་ཀུན་རྫོབ་པའི་མཚན་ཉིད་ནི། གཟུང་བ་དང་འཛིན་པས་དབེན་པའི་རང་རིག་པའམ། མྱོང་བའམ། །གསལ་བ་ཙམ་མོ། །སེམས་ཀྱི་ཆོས་ཉིད་དོན་དམ་པའི་མཚན་ཉིད་ནི། སེམས་ཐམས་ཅད་དོན་དམ་པར་ན་སྟོང་ཉིད་ལས་བྱུང་ཞིང་སྟོང་པའི་རང་བཞིན་ནམ་མཁའ་ལྟ་བུར་གང་ལྟར་ཡང་མ་གྲུབ་པའོ། །ཞེས་གསུངས་ཤིང༌། དེ་བཞིན་དུ་སློབ་དཔོན་འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ་ལས། དེ་ལྟར་ན་རྣམ་པར་ཤེས་པ་ནི་ཁ་དོག་མེད་པ་དང༌། མཚན་མ་མེད་པ་དང༌། དབྱིབས་མེད་པའི་བདག་ཉིད་ཅན་རང་རིག་ཙམ་དུ་ཐེག་པ་ཆེན་པོའི་མདོ་སྡེ་ལས་བསྟན་ཏོ། །ཞེས་དང༌། འདི་ན་ལུས་ཀྱི་ནང་ན་སྣང་བའི་རྣམ་པར་ཤེས་པ། རྣམ་པ་གསུམ་པོ་དེ་ནི་ཡིད་ཀྱི་དབང་པོ་སྟེ། དབང་པོ་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་སོ་སོ་རང་རིག་པ་ཡིན་ཞེས་དང༌། འགྲོ་བ་མེད་ཅིང་འོང་བ་མེད། །འགགས་མེད་རབ་ཏུ་ཞི་བ་མེད། །རྟག་དང་ཆད་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པའི། །སོ་སོ་རང་རིག་མཚན་ཉིད་དོ། །ཞེས་དང༌། དོན་དམ་པ་ཡི་བདེན་པ་ནི། །ལུས་ལ་མེད་པ་དཔེ་མེད་པ། །རྩོལ་བ་ཐམས་ཅད་དང་བྲལ་བ། །སོ་སོ་རང་གི་རིག་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསལ་རིག་སྟོན་པའི་གཞུང་དུ་མ་གསུངས་པའི་ཕྱིར་ན། སློབ་དཔོན་ཀླུ་སྒྲུབ་དང༌། འཕགས་པ་ལྷ་ལ་སོགས་པས་དབུ་མར་བཀྲལ་བའི་གསང་བ་འདུས་པ་དེ་རྣམ་རིག་ཙམ་དུ་སྨྲ་བར་འགྱུར་རམ་འོན་ཏེ་ཅི་ཞིག་འགྱུར་རོ། །སྤྱི་དོན་དྲུག་པ། དབུ་མའི་གཞུང་རྣམས་སེམས་ཙམ་པར་འགྱུར་བས་དགག་པ་ནི། གཞན་ཡང་ཆོས་དབྱིངས་བསྟོད་པ་ལས། སོ་སོ་རང་རིག་རྣམ་དག་ན། །ས་རྣམས་དེ་ཡི་བདག་ཉིད་གནས། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར། ཆོས་དབྱིངས་བསྟོད་པ་ལ་སོགས་ཀྱང༌། །རྣམ་རིག་སྨྲ་བའི་གཞུང་དུ་འགྱུར། །འདོད་ན་འཕགས་པ་ཀླུ་སྒྲུབ་ཉིད། །དབུ་མར་སྨྲ་བའི་དམ་བཅའ་ཉམས། །མདོ་སྡེ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ཅེས་གསུངས། འཇམ་དཔལ་རྩ་རྒྱུད་ལས། དངོས་པོ་མེད་པའི་དོན་དེ་རིག །ཞེས་གསུངས་པའང་རིགས་པ་མིན། །ཞེས་སྨོས་ཏེ། སྐྱོན་གཞན་ཡང་ཀླུ་སྒྲུབ་ཀྱིས་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། སོ་སོ་རང་རིག་ལ་སོགས་དང༌། །སོ་སོ་ཡང་དག་རིག་ཀུན་ལ། །ཞེས་དང༌། སོ་སོ་རང་རིག་སྦྱོར་ལྡན་ཉིད། །ཅེས་དང༌། སོ་སོ་རིག་ན་དེ་ཉིད་དེ། །ཅེས་བྱ་བ་དང༌། སྐུ་གསུམ་ལ་བསྟོད་པ་ལས་ཀྱང༌། སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། ཞེས་དང༌། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས། གང་ཕྱིར་སེམས་བྱུང་དྲྭ་བ་ནི། །སེམས་ཉིད་ཀྱིས་ནི་བསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་མོས་པ་སྣ་ཚོགས་རྣམས། །ཐ་དད་པ་ཡི་ལྷ་དམིགས་པ། །རིན་ཆེན་སེམས་ནི་རྣམ་གྲོལ་ལས། །ལྷ་གཞན་བསྒྲུབ་ཏུ་ཡོད་མ་ཡིན། །སེམས་ཐོབ་པ་ནི་བྱང་ཆུབ་སྟེ། །སེམས་ནི་འགྲོ་བ་ལྔ་པོ་ཡི། །བདེ་དང་སྡུག་བསྔལ་མཚན་ཉིད་དག །སེམས་ལས་མ་གཏོགས་ཅུང་ཟད་མེད། །འགྲོ་བ་ཀུན་གྱི་མཐོང་བ་རྣམས། །ཅུང་ཟད་བསྒོམ་པའི་རྣམ་པ་གང༌། །དེ་ཀུན་སེམས་ཀྱི་དྲྭ་བ་རུ། །དེ་ཉིད་གསུང་པས་བསྟན་པ་ཡིན། །རྣམ་པར་རྟོག་པ་སྤངས་པའི་ཕྱིར། །རྣམ་པར་རྟོག་པས་བསྒོམས་བྱས་པས། །འཁོར་བ་རྣམ་རྟོག་ཙམ་ཉིད་དོ། །རྣམ་རྟོག་མེད་པ་ཐར་པ་ཡིན། །དེ་བས་ཀུན་གྱི་འབད་པ་ཡིས། །བྱང་ཆུབ་སེམས་ལ་ཕྱག་བྱའོ། །སེམས་ཀྱི་རྡོ་རྗེ་བསྒོམ་པའི་ཕྱིར། །དེ་ནི་བྱང་ཆུབ་མཆོག་ཅེས་བྱ། །ཁམས་སྐྱེས་ལུས་ནི་སེམས་ཀྱིས་བཅིངས། །སེམས་མེད་ཁམས་ནི་མེད་པར་བརྟག །དེ་ཕྱིར་སེམས་ནི་ཀུན་ཏུ་བསྲུངས། །བདེ་ལེགས་སེམས་ལས་སངས་རྒྱས་འབྱུང༌། །ཞེས་གསུངས་པའི་ཕྱིར་ཆོས་དབྱིངས་བསྟོད་པ་ལ་སོགས་པ་དང་སེམས་ཀྱི་རྡོ་རྗེར་བསྟོད་པ་དང༌། སྐུ་གསུམ་ལ་བསྟོད་པ་རྣམས་ཀྱང༌། དབུ་མའི་གཞུང་མ་ཡིན་པར་རྣམ་རིག་པའི་གཞུང་དུ་འགྱུར་རོ། །གལ་ཏེ་བསྟོད་ཚོགས་དེ་རྣམས་རྣམ་རིག་པའི་གཞུང་ཡིན་པར་འདོད་ན་འཕགས་པ་ཀླུ་སྒྲུབ་ཉིད་ཆོས་ཐམས་ཅད་དབུ་མར་སྨྲ་བའི་དམ་བཅའ་ཉམས་ཤིང༌། མདོ་སྡེ་ལང་ཀར་གཤེགས་པ་དང༌། འཇམ་དཔལ་རྩ་རྒྱུད་ལས། ཡོད་མེད་ཀྱི་ཕྱོགས་ཐམས་ཅད་བཅོམ་ནས་དབུ་མའི་གཞུང་རྒྱས་པར་མཛད་པ་དང༌། དངོས་པོ་མེད་པར་དབུ་མའི་དོན་རིག་པར་གསུངས་པ་རྣམ་རིགས་པ་མ་ཡིན་པར་འགྱུར་རོ། །སྤྱི་དོན་བདུན་པ། སྟོན་པས་གདུལ་བྱ་རྣམས་ལམ་ལོག་པར་བཅུག་པར་འགྱུར་བས་དགག་པ་ནི། གཞན་ཡང་ཐུབ་པས་ཆོས་རྣམས་ཀྱི། །ཟབ་དོན་མཆོག་ཏུ་གྱུར་པ་ནི། །རྡོ་རྗེ་ཐེག་པ་ཡིན་ནོ་ཞེས། །རྒྱུད་སྡེ་རྣམས་ལས་གསུངས་པ་ལ། །རྒྱུད་ཀྱི་ལྟ་བ་མཐར་ཐུག་པ། །རྣམ་རིག་སྨྲ་བར་གནས་པས་ན། །སྟོན་པ་ཉིད་ཀྱི་གདུལ་བྱ་རྣམས། །ལོག་པའི་ལམ་ལ་བཅུག་པར་འགྱུར། །ཞེས་སྨོས་ཏེ་སྐྱོན་གཞན་ཡང༌། སྟོན་པ་ཤཱཀྱ་ཐུབ་པས་གདུལ་བྱའི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས་ཀྱི་ཟབ་དོན་མཆོག་ཏུ་གྱུར་པ་ནི། གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེ་དག་ལམ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ཡང་རྒྱུད་སྡེ་དུ་མ་རྣམས་ལས་གསུངས་པ་ལ་རྒྱུད་སྡེ་རྣམས་ཀྱི་ལྟ་བ་མཐར་ཐུག་པ་རྣམ་རིག་སྨྲ་བར་གནས་པས་ན་སྟོན་པ་ཉིད་ཀྱིས་གདུལ་བྱ་རྣམས་ལོག་པའི་ལམ་ལ་བཅུག་པར་འགྱུར་རོ། །སྤྱི་དོན་བརྒྱད་པ། སྔགས་ཀྱི་ལམ་ལ་བརྟེན་ནས་ཐར་པ་ཐོབ་པ་མ་ཡིན་པར་འགྱུར་བས་དགག་པ་ནི། གཞན་ཡང་རྣམ་རིག་སྨྲ་རྣམས་ཀྱི། །ཐར་པ་ཐོབ་པ་མ་ཡིན་པར། །ཐལ་རང་གཉིས་ཀ་བཞེད་དོ་ཞེས། །ཁྱེད་ཀྱིས་གསལ་པོར་བཀོད་པའི་ཕྱིར། །སྔགས་ཀྱི་ལམ་ལ་ཞུགས་རྣམས་ཀྱིས། །ཐར་པ་ཐོབ་པ་མི་སྲིད་འགྱུར། །འདོད་ན་ཚེ་འདིའམ་འཆི་ཀ་དང༌། །སྐྱེ་བ་བཅུ་དྲུག་ལ་སོགས་ལ། །གྲོལ་བར་གསུངས་པ་མི་རིགས་ཤིང༌། །ཨིནྡྲ་བྷཱུ་ཏི་ཀླུ་སྒྲུབ་སོགས། །སྔགས་ཀྱི་ལམ་གྱིས་གྲོལ་བ་ཀུན། །ཐར་པ་ཐོབ་པ་མ་ཡིན་འགྱུར། །ཞེས་སྨོས་ཏེ། སྐྱོན་གཞན་ཡང༌། རྣམ་རིག་སྨྲ་བའི་ལྟ་བ་ལ་གནས་པ་རྣམས་ཀྱིས་ནི་ཐར་པ་ཐོབ་པ་མ་ཡིན་པར་སློབ་དཔོན་ཟླ་བ་གྲགས་པ་དང༌། ལེགས་ལྡན་བྱེད་ལ་སོགས་པ་དབུ་མ་ཐལ་འགྱུར་བ་དང༌། རང་རྒྱུད་པ་གཉིས་ཀས་བཤད་དེ། སློབ་དཔོན་ཟླ་བ་གྲགས་པས། དོན་དམ་པའི་བདེན་པ་མ་རྟོགས་པར་ཉོན་མོངས་སྤོང་མི་ནུས་ལ། དེ་མ་སྤངས་པར་ཐར་པ་ཐོབ་པ་མེད་པའི་ཕྱིར་རོ། །རྣམ་རིག་པ་མན་ཆད་ཀྱི་ལྟ་བ་ལ་བརྟེན་ནས་ཐར་པ་ཡང་མི་ཐོབ་ན། ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས་ཞེས་བཞེད་ལ། སློབ་དཔོན་ལེགས་ལྡན་བྱེད་ལ་སོགས་པ་ནི། ཉན་ཐོས་སྡེ་གཉིས་ཀྱི་ལྟ་བས། གང་ཟག་གི་བདག་མེད་རྟོགས་ནུས་པས་ཐར་པ་ཐོབ་ལ་ཤེས་སྒྲིབ་སྤོང་མི་ནུས་པས་ཐམས་ཅད་མཁྱེན་པ་མི་ཐོབ་ཅིང༌། རྣམ་རིག་པའི་ལྟ་བ་ལ་བརྟེན་ནས་ཐར་པ་ཡང་མི་ཐོབ་སྟེ། གང་ཟག་གི་བདག་འཛིན་ཙམ་སྤངས་པའི་ཐར་པ་དོན་དུ་མི་གཉེར་བའི་ཕྱིར་དང༌། རང་གི་ལྟ་བ་དེ་ཉིད་ཆོས་ཀྱི་བདག་ཏུ་འཛིན་པ་ཆེན་པོ་ཡིན་པས་བདག་འཛིན་གཉིས་ཀ་མ་སྤངས་པས་ཐར་པ་ཐོབ་མི་ནུས་པའི་ཕྱིར་རོ། །ཞེས་བཞེད་དོ། །ཞེས་བྱ་བ་ཁྱེད་ཀྱིས་བདེན་པ་གཉིས་རྣམ་པར་འབྱེད་པ་རིགས་ཚོགས་གནད་ཀྱི་ཟླ་ཟེར་དུ་གསལ་པོར་བཀོད་པའི་ཕྱིར་རོ། །ཁྱེད་ཀྱི་ལུགས་ལྟར་ན། གསང་སྔགས་ཀྱི་ལམ་ལ་ཞུགས་ནས་རིམ་གཉིས་ཀྱི་རྣལ་འབྱོར་ལ་ནན་ཏན་དུ་བྱེད་པ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས་ཐར་པ་ཡང་ཐོབ་མི་སྲིད་པར་འགྱུར་རོ། །དེ་འདོད་ན་རྒྱུད་སྡེ་རྣམས་ལས། གང་ཟག་དབང་པོ་རབ་ཀྱིས་ཚེ་འདི་དང༌། འབྲིང་གིས་འཆི་ཁ་དང་བར་དོ། །ཐ་མས་སྐྱེ་བ་བདུན་ནམ་བཅུ་དྲུག་ལ་སོགས་པ་ལ་གྲོལ་བར་གསུངས་པ་རྣམས་མི་རིགས་ཤིང༌། སྟོན་པས་ཚིག་དེ་རྣམས་གཅམ་བུའམ། ཟོལ་དུ་གསུངས་པར་འགྱུར་ལ། སྤྱོད་བསྡུས་ལས། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བར་ཕུང་པོའི་ཁོག་པ་བརྗེས་ཏེ་རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོའི་ཚོགས་དང་ལྷན་ཅིག་མི་སྣང་བར་གྱུར་ཏོ། །ཞེས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་གྲོལ་བར་བཤད་པ་དང༌། འགྲེལ་ཆེན་སྒྲོན་མ་གསལ་བར། དེ་ལྟར་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཉིད་ཀྱིས་དོན་རྗེས་སུ་བརྙེས་ནས། སོ་སོ་རང་རིག་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་རྟེན་དུ་བརྟེན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང༌། མུ་སྟེགས་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་འདས་ནས་སྐྱེ་བ་དང་འགག་པ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་ཆོ་ག་མི་ཤེས་པ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་གཤེགས་པ་སྟེ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ། །ཞེས་འཕགས་པ་ཀླུ་སྒྲུབ་སྔགས་ཀྱི་ལམ་གྱིས་གྲོལ་བར་གསུངས་པ་ཀུན། ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས་ཐར་པ་ཡང་ཐོབ་པ་མ་ཡིན་པར་འགྱུར་རོ། །གཞན་ཡང་གནོད་བྱེད་མཐའ་ཡས་མོད། །དེང་སང་སྐྱེ་བོ་ཕལ་མོ་ཆེ། །རྒྱས་པར་འཆད་ལ་མི་དགའི་ཕྱིར། །འདིར་ནི་ཉེ་བར་བསྡུས་ཏེ་བཀོད། །ཚུལ་འདི་དཔལ་ལྡན་ཆོས་ཀྱི་རྗེ། །ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི། །གསུང་གི་ཚ་ཟེར་ལས་སྐྱེས་པ། །ཀུན་དགའ་བཟང་པོ་ཞེས་བྱས་སྦྱར། །དེ་ཡི་དགེ་བ་གང་ཐོབ་དེས། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །ལོག་པའི་ལྟ་བ་ཀུན་སྤངས་ནས། །ཡང་དག་ལམ་ལ་འཇུག་པར་ཤོག །རྒྱུད་གསུམ་གནོད་འཇོམས་ཞེས་བྱ་བའི་ཚིག་ལེའུར་བྱས་པ་རྫོགས་སོ།།  །།སླར་ཡང་འདི་དོན་གསལ་བར་གྱིས་ཤིག་ཅེས། །མང་ཐོས་བློ་གསལ་གཞོན་ནུ་སེང་གེ་ཡིས། །ཉེ་བར་བསྐུལ་ནས་རྒྱུད་འགྲེལ་དགོངས་པ་བཞིན། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར། །དེ་ཡི་དགེ་བ་གངྒཱའི་ཆུ་རྒྱུན་དེས། །དོན་གཉེར་གསེར་མིག་ལྡན་པའི་ཚོགས་རྣམས་ཀྱི། །ལྟ་ངན་འཁྲུས་པའི་དྲི་མ་ཀུན་སྦྱངས་ནས། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་ཕྱིན་པར་ཤོག །རྒྱུད་གསུམ་གནོད་འཇོམས་ཞེས་བྱ་བའི་རྣམ་བཤད། རྒྱུད་གསུམ་གནད་ཀྱི་སྒྲོན་མ་ཞེས་བྱ་འདི་ནི། བསམ་གྱིས་མི་ཁྱབ་པའི་མཁྱེན་རབ་མངའ་བས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་དབང་འབྱོར་ཞིང་དཔག་ཏུ་མེད་པའི་ཐུགས་རྗེས་འགྲོ་བ་རྣམས་བུ་གཅིག་པ་ལྟར་གཟིགས་ལ། གཞལ་དུ་མེད་པའི་ཕྲིན་ལས་ཀྱིས་གདུལ་བྱ་རྣམས་ཀྱི་དོན་སྐྱོབ་མེད་པར་མཛད་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་རྙོག་པ་མེད་པ་ཡན་ལག་མཆོག་གིས་གུས་པས་བླངས་པས་སྡོམ་པ་གསུམ་ཕྱིན་ཅི་མ་ལོག་པར་ཐོབ་ཅིང་ཆོས་དང་ཟང་ཟིང་གི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་མི་ཟད་ཀྱི་ལོ་ཐ་སྐར་གྱི་ཟླ་བའི་ཚེས་བཅུ་བདུན་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།།  །། ༄། །ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་ས་མཚམས་རྣམ་པར་བཤད་པ་ལོག་རྟོག་ངན་སེལ་བཞུགས་སོ།།  ༈ །ཨོཾ་ན་མོ་བཛྲ་དྷ་རཱ་ཡ། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་ས་མཚམས་རྣམ་པར་བཤད་པ་ལོག་རྟོག་ངན་སེལ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་ལེགས་གསུང་ཉིན་མོར་བྱེད་པ་ཡིས། །ལྟ་ངན་མུན་པའི་ཚོགས་རྣམས་ཀུན་བསྲེགས་ནས། །བདག་བློའི་པད་ཚལ་རྣམ་པར་རྒྱས་མཛད་པ། །ཐུབ་བསྟན་སྣང་བྱེད་ཡོངས་འཛིན་བླ་མས་སྐྱོངས། །རྣམ་དག་འོད་གསལ་དབྱིངས་ལས་མ་གཡོས་ཀྱང༌། །ཟུང་འཇུག་བདེ་ཆེན་རྣམ་འཕྲུལ་སྣ་ཚོགས་ཀྱིས། །འགྲོ་བ་འདུལ་མཛད་རྡོ་རྗེ་སེམས་དཔའ་ལ། །གུས་པས་བཏུད་དེ་དེ་ཡི་ས་མཚམས་བཤད། །འདིར་བདེ་བར་གཤེགས་པ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཉོན་མོངས་པའི་གཉེན་པོར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ལས་རབ་དང་མཆོག་ཏུ་གྱུར་པ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་དག་ཡིན་ལ། དེ་ཡིས་ཐོབ་པར་བྱ་བའི་འབྲས་བུ་མཐར་ཐུག་པ་ནི། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། རྡོ་རྗེ་འཛིན་པའི་ས་དགེ་བ། །བཅུ་གསུམ་དུ་ཡང་རྣམ་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །འདིའི་ས་མཚམས་གཏན་ལ་དབབ་པར་བྱ་བ་ལ། དགག་བཞག་སྤོང་གསུམ་གྱི་དང་པོ་གཞན་ལུགས་དགག་པ་ལ་ལོག་རྟོག་དངོས་དང་དེ་དགག་པ་གཉིས་ཀྱི་དང་པོ་ནི། ཁ་ཅིག་ན་རེ་ཕ་རོལ་ཏུ་ཕྱིན་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། སྔགས་ཀྱི་མཐར་ཐུག་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་གཅིག་པར། ཨཱརྻ་དེ་བས་བཤད་དེ། སྤྱོད་བསྡུས་ཀྱི་ལེའུ་དང་པོར། འཕོང་སློབ་པའི་དཔེས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་རིམ་གྱིས་སློབ་ཅིང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས། གང་ལའང་མི་སློབ་བོ། །ཞེས་པའི་མདོ་ཤེས་བྱེད་དུ་དྲངས་ནས། ཚུལ་འདི་ཉིད་ཀྱིས་རྡོ་རྗེ་ཐེག་པ་ལ་གནས་པའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པས་ཀྱང༌། རིམ་པ་འདི་ཉིད་ཀྱིས་བསླབ་པར་བྱའོ། །ཞེས་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་པ་ནས་བཟུང་སྟེ། ཟུང་འཇུག་གི་བར་ལ་རིམ་གྱིས་སློབ་ཅིང༌། ཟུང་འཇུག་ཐོབ་ནས་གང་ལའང་མི་སློབ་པར་བཤད་པའི་ཕྱིར་དང༌། ཟུང་འཇུག་གི་སྐབས་ནས་ཀྱང་སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པར་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། །ཞེས་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་ཀྱི་ཁྱད་པར། བཅོམ་ལྡན་འདས་ཀྱི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང༌། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པའི་སྐྱེས་བུ་དམ་པ་འདི་དག་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་དབང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ལ་ནི། བྱང་ཆུབ་སེམས་དཔའ་ཞེས་མི་སྨྲའོ། །ཞེས་སོགས་གསུངས་སོ། །ཞེས་བཤད། དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཐོབ་པར། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བཤད་དོ། །ཇི་སྐད་དུ་མདོ་དེ་ཉིད་ལས། བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པས་མི་ཐོབ། ས་གཉིས་པ་ལ་གནས་པས་མ་ཡིན། ས་གསུམ་པ་ལ་གནས་པས་མ་ཡིན། ས་བཞི་པ་ལ་གནས་པས་མ་ཡིན། ས་ལྔ་པ་ལ་གནས་པས་མ་ཡིན། ས་དྲུག་པ་ལ་གནས་པས་མ་ཡིན། ས་བདུན་པ་ལ་གནས་པས་མ་ཡིན། ས་བརྒྱད་པ་ལ་གནས་པས་མ་ཡིན། བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པས་མི་ཐོབ་ཀྱི། བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པས་འཐོབ་བོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་སྔགས་ཀྱི་ཟུང་འཇུག་ལ་གནས་པ་ནི། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ཡིན་པར་སྔར་བཤད་པའི་ལུང་དེ་དག་གིས་བསྙོན་མི་ནུས་པར་ལེགས་པར་གྲུབ་པ་ཡིན་ནོ། །དེ་བས་ན། ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཐོབ་ལ། སྔགས་ཀྱི་ལམ་གྱིས་བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བས། སྔགས་ཀྱི་ཐེག་པ་ཆེས་ཁྱད་པར་དུ་འཕགས་པར་ཡང་གྲུབ་པ་ཡིན་ནོ། །དེ་བས་ན་ཇི་སྐད་དུ། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་བཤད་པར་ཡང་ཟུང་འཇུག་རྡོ་རྗེ་འཆང་གི་ས་ལ་གནས་པ་ཡང་སངས་རྒྱས་ཡིན་གྱི། ཆོས་ཀྱི་སྐུ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་ཤེས་པར་བྱའོ། །ཞེས་ཟེར་རོ། །གཉིས་པ་ནི། འདི་ནི་ཡང་དག་པ་མ་ཡིན་ཏེ། ཅི་དེ་ལྟ་བུའི་ཟུང་འཇུག་དེ་སློབ་པའི་ཟུང་འཇུག་ཡིན་ནམ། མི་སློབ་པའི་ཟུང་འཇུག་ཡིན། དེ་ལྟ་སློབ་པའི་ཟུང་འཇུག་ཡིན་ཀྱང་སྐྱེ་བ་གཅིག་ནས་རྫོགས་པའི་སངས་རྒྱས་སུ་འགྱུར་བས། དུས་ཉེ་བའི་ཕྱིར་མི་སློབ་པའི་ཟུང་འཇུག་ཏུ་ཐ་སྙད་བཏགས་པ་ཡིན་ནམ། འདོད་ན་སེ་གོལ་གྱི་སྒྲ་ཙམ་ལས་རྫོགས་པའི་སངས་རྒྱས་སུ་འགྱུར་བས་མི་སློབ་པའི་ཟུང་འཇུག་ཏུ་ཐ་སྙད་བཏགས་པ་ཡིན་ཞེས་སྨྲ། དང་པོ་ལྟར་ན། རིམ་ལྔ་ལས། ཟུང་འཇུག་གོ་འཕང་ལ་གནས་པའི། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཞེས་དང༌། ཀུན་རྫོབ་དང་ནི་དོན་དམ་དང༌། །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་ཅིས་དེ་བཤད་དོ། །ཞེས་སློབ་པའི་ཟུང་འཇུག་ཀྱང་བདེན་གཉིས་གཉིས་སུ་མེད་པ་ལ་གསུངས་ལ་དེ་ས་བཅུ་པ་དེས་མངོན་དུ་གྱུར་པ་མ་ཡིན་ཏེ། སེམས་དབེན་མཐར་ཕྱིན་ནས། ཀུན་རྫོབ་བདེན་པ་ལ་གདོད་སློབ་པའི་ཕྱིར་རོ། །དེའང་རིམ་ལྔ་ལས། སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་དང༌། དེའི་འགྲེལ་པར། དེའི་རྗེས་ལ་སྣང་བ་གསུམ་པོ་མཐོང་བ་སྟེ་འོད་གསལ་བ་ནི་རང་བཞིན་དང༌། རྣམ་པར་ཤེས་པ་འགོག་པའི་ཕྱིར། མན་ངག་ཐོབ་པ་དེ་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་རབ་ཏུ་གནས་པར་འགྱུར་ཏེ། དེར་ནི་ཡེ་ཤེས་ལ། དབང་ཐོབ་པའི་ཕྱིར་ས་བཅུ་པ་ཡང་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་དེ་དག་ཟུང་འཇུག་ཏུ་ག་ལ་འཐད། འདིར་ནི་སྤྱོད་བསྡུས་ཀྱི་འགྲེལ་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་དང༌། ཟླ་གྲགས་ཀྱིས་མཛད་ཟེར་བའི་མངོན་རྟོགས་རྒྱན་འགྲེལ་ལ་སོགས་ལས་དྲོད་རྩེ་མོ་བཟོད་པ། ཆོས་མཆོག་བཞི་རེ་རེ་ལ་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་བས་བཅུ་གཉིས། རབ་ཏུ་དགའ་བའི་ས་ལ་བཅུ་གསུམ་རྡོ་རྗེ་འཛིན་པར་འདོད་པའང་བསལ་བ་ཡིན་ནོ། །ཡང་སྔགས་ཀྱི་མཐར་ཐུག་སློབ་པའི་ཟུང་འཇུག་ཡིན་ན། མི་སློབ་པའི་ཟུང་འཇུག་གང་ཡིན་ས་བཅུ་གཅིག་པའོ། །ཞེ་ན་དེ་ལྟར་ན། སྔགས་པས་མཚན་ཉིད་འབྲས་བུ་ཁྱད་པར་འཕགས་པར་འགྱུར་ལ། དེ་འདོད་ན་སངས་རྒྱས་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་སྔགས་ཀྱི་ཐེག་པ་ནི། རྣམ་པ་གསུམ་ཀྱི་ཐུན་མོང་མ་ཡིན་ཏེ། དེ་ལྟར་སྒྲུབ་པ་པོ་དང་ལམ་དང་འབྲས་བུ་གསུམ་མོ། །ཞེས་དང༌། སློབ་དཔོན་ཌོམྦི་ཧེ་རུ་ཀས་ཀྱང༌། འདིར་ནི་སྣོད་ཀྱི་ཁྱད་པར་དང༌། །སྣོད་དུ་བྱེད་པའི་ཆོས་དང་ནི། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང༌། སློབ་དཔོན་དྲིལ་བུ་པས་ཀྱང་སྔགས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོ་སྟེ། འདི་ལྟར་རྟེན་གྱི་གང་ཟག་གི་ཁྱད་པར་དང༌། འཇུག་པ་ལམ་གྱི་ཁྱད་པར་དང༌། མངོན་པར་འབྱུང་བའི་ཁྱད་པར་རོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལྟར་ན། སྒྱུ་ལུས་མ་རྟོགས་པའི་ཟུང་འཇུག་རྡོ་རྗེ་འཆང་ཞིག་སྲིད་པར་འགྱུར་ཏེ། ཁྱོད་ཀྱིས་ཁས་བླངས་པའི་རྡོ་རྗེ་འཆང་ནི་ས་བཅུ་པ་ཡིན་ལ། དེས་སྒྱུ་ལུས་མ་རྟོགས་པར་བཤད་དེ། སྤྱོད་བསྡུས་ལས། དེ་བས་ན་ཡེ་ཤེས་ཙམ་གྱི་ལྷ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ནས་རྟོགས་པར་འཚལ་ལོ། །རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །ལྷའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ། སངས་རྒྱས་ཐམས་ཅད་ཀྱི་མན་ངག་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ། ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཡང་ཡུལ་མ་ཡིན་པ་དེ་ངས་ཁོང་དུ་ཆུད་པར་བྱའོ། །ཞེས་དང༌། དེའི་འགྲེལ་པར། ས་བཅུའི་དབང་ཕྱུག་ཅེས་བྱ་བ་ནི་སེམས་དབེན་མཐར་ཕྱིན་པ་ལ་བྱ་སྟེ། དེ་སྐད་དུ་ཡང༌། སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་གསུངས་པས་ན། སེམས་དབེན་མཐར་ཕྱིན་པ་ས་བཅུ་ལ་གནས་པ་སྟེ། སྒྱུ་མ་ལྟ་བུ་བསྒོམ་པའི་རྟེན་ཡིན་ཏེ། དེ་ལྟ་བུ་དེས་ཀྱང་བླ་མའི་མན་ངག་མེད་ན་ཡང་དེའི་ཡུལ་མ་ཡིན་པ་དེའང་བཤད་པར་བྱའོ། །ཞེས་ཁས་བླངས་པའོ། །ཞེས་པ་དང་འགལ་ཞིང༌། ཡང་ཨ་བྷི་དྷ་ན་ལས། དཔེ་མེད་པ་དང་ཡེ་ཤེས་ཆེ། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་པའི་ས་ལྷག་མ་གསུམ་གྱི་མངོན་རྟོགས་རིམ་གྱིས་རྒྱུད་ལ་སྐྱེ་མི་དགོས་པར་འགྱུར་ཏེ། ས་བཅུ་པ་དེ་བསླབ་བྱ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་འདོད་དེ་ས་ལྷག་མ་དེ་རྣམས་ཀྱི་མངོན་རྟོགས་གཅིག་ཅར་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཞེ་ན་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པར། ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང༌། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་དང༌། སྤྱོད་བསྡུས་ལས་རིམ་གྱིས་འཇུག་པ་ལ་བསླབ་པར་བྱའི་གཅིག་ཆར་ནི་མ་ཡིན་ནོ། །ཞེས་སོགས་དཔེ་དང་བཅས་པ་རྒྱ་ཆེར་གསུངས་པ་དང་འགལ་ལོ། །གསུམ་པ་ལྟར་ན། མདོ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས། འདོད་ན་ཞག་བདུན་གྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །ཞེས་གསུངས་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་ནི་ས་བརྒྱད་པ་ཡིན་པས་ན། ས་བརྒྱད་པ་ལ་གནས་པའི་བྱང་སེམས་དེའང༌། མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་དུ་འགྱུར་ཏེ། སྐྱེ་བ་གཅིག་པས་དུས་མྱུར་བ་ཞག་བདུན་ནས་སངས་རྒྱས་ཐོབ་པའི་ཕྱིར་རོ། །ཡང་ཟུང་འཇུག་རྡོ་རྗེ་འཆང་སྐྱེ་བ་གཅིག་གིས་ཐོབ་པའི་བྱང་སེམས་ཡིན་ན། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་པའི་གཞིར་གྱུར་པའི་ཟུང་འཇུག་རྡོ་རྗེ་འཆང་དེ་གང་ཡིན་སྨྲ་དགོས་ལ། རིམ་ལྔར་ཡང༌། དང་པོའི་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་པའི། །ཚེ་འདི་ཉིད་ཀྱིས་ཐམས་ཅད་མཁྱེན། །ཞེས་པ་དང་འགལ་ཞིག་དེའི་དོན་བྷ་བྱ་ཀཱིརྟི་དང༌། ནག་པོ་དམ་ཚིག་རྡོ་རྗེ་དང༌། བརྩོན་འགྲུས་བཟང་པོ་རྣམས་ཀྱི་དཀའ་འགྲེལ་དང༌། ཀླུ་བྱང་དང་ཨ་བྷ་ཡའི་རྒྱ་ཆེར་འགྲེལ་པ་རྣམས་ལས་བསྐྱེད་རིམ་གྱིས་ས་བརྒྱད་པ་དང༌། སེམས་དབེན་གྱིས་ས་བཅུ་པ། སྒྱུ་ལུས་ཀྱིས་ས་བཅུ་གཅིག་པ། འོད་གསལ་གྱིས་ས་བཅུ་གཉིས་པ་ཐོབ་ནས་ཟུང་འཇུག་ས་བཅུ་གསུམ་པ་ལ་སྦྱོར་ལ། ས་བཅུ་གསུམ་པའི་ཟུང་འཇུག་ཏིང་ངེ་འཛིན་ལ་སློབ་པ་ཙམ་ལ་སློབ་པའི་ཟུང་འཇུག་དེ་མི་མཐུན་པ་ལ་མི་སློབ་པའི་ཟུང་འཇུག་ཅེས་མཁས་པ་འགོས་རྔོག་གླན་གསུམ་བཞེད་དེ། ཤིན་ཏུ་ཟབ་པའི་མན་ངག་ལས། ས་བཅུ་གསུམ་པའི་ཕྱེད་མན་ཆད་སློབ་ལམ་དང༌། ཕྱེད་ཡན་མི་སློབ་ལམ་དུ་བཤད་པ་དང་མཐུན་ནོ། །གསང་སྔགས་ཀྱིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པའང་མིན་པར་འགྱུར་ཏེ། ཚེ་དང་ལུས་འཕོ་བའི་ཕྱིར་རོ། །དེ་འདོད་དེ་རྒྱུ་ཐོགས་བཅས་ལ་འབྲས་བུ་དྭངས་ཤིང་ཐོགས་པ་མེད་པའི་ལུས་འབྱུང་བར་འདོད་པར་ནི། སོལ་བ་བདར་བས་དུང་འབྱུང་བ་དང་འདྲའོ། །ཞེས་ཟེར་རོ། །དེ་ནི་མི་འཐད་དེ། དགོངས་པ་ལུས་སྟོན་ལས། གསང་སྔགས་སྐྱེས་བུའི་སྦྱོར་བ་ཡིས། །དེ་ནི་མི་མཆོག་དག་ཏུ་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་ཡིས། །ལྕགས་ནི་གསེར་དུ་བྱེད་པ་ཡིན། །དེ་བཞིན་སྔགས་ཀྱི་དེ་ཉིད་ཀྱིས། །མི་ཉིད་བདེ་གཤེགས་བྱེད་པ་ཡིན། །ཞེས་པ་དང་འགལ་ལོ། །འོ་ན་སློབ་དཔོན་འཕགས་པས་ཀྱང༌། སངས་རྒྱས་བརྙེས་པ་སྒྲོན་གསལ་དུ་གསུངས་ལ། ཉིད་ཀྱི་མ་དག་པའི་སྐུ་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་ལ་སྦྱིན་པ་བཏང་བར་བཤད་པ་དང༌། སྤྱོད་བསྡུས་ལས། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་འདྲ་བར་ཕུང་པོའི་ཁོག་པ་བརྗེས་ཏེ་རྡོ་རྗེའི་ལུས་སུ་གྱུར་ནས། ཞེས་གསུངས་པ་དང་འགལ་ཞེ་ན་མི་འགལ་ཏེ། སློབ་དཔོན་འཕགས་པ་ནི། བར་དོར་སངས་རྒྱས་པར་བཤད་པ་ཡིན་གྱི་ཚེ་འདིར་སངས་རྒྱས་པ་བཤད་པ་མིན་ཏེ། དེ་ལྟ་མ་ཡིན་ན་ནག་པོ་སྤྱོད་པ་ཡང་ཚེ་འདིར་སངས་རྒྱས་པར་འགྱུར་ཏེ། མ་དག་པའི་ཕུང་པོ་བོར་བའི་ཕྱིར་རོ། །དེ་འདོད་ན། ཚེ་འདིར་མཆོག་མིན་གཞུང་དྲུག་རྩོམས་ཤིག་བར་དོར་སངས་རྒྱས་འགྲུབ། །ཅེས་ཧེ་རུ་ཀས་ལུང་བསྟན་པ་དང་འགལ་ལོ། །གལ་ཏེ་བར་དོར་སངས་རྒྱས་པ་ནི་རྣལ་འབྱོར་པ་གང་བདེན་པ་མཐོང་ཡང་སྔོན་གྱི་བག་ཆགས་ཀྱི་དབང་གིས་ཞིང་ལས་དང་ཚོང་ལས་སོགས་ཀྱིས་གཡེངས་ཏེ་སྤྱོད་པ་གསུམ་བྱེད་མ་ཁོམ་པར་འཆི་ལྟས་འབྱུང་བ་ཞིག འཆི་ཁ་མའི་མན་ངག་ལ་བརྟེན་ནས་བར་དོར་འཚང་རྒྱ་བ་བཤད་པ་ཡིན་ལ། སློབ་དཔོན་ལ་ནི་གཡེངས་རྐྱེན་དེ་ལྟ་བུ་མི་མངའ་བའི་ཕྱིར་རོ། །ཞེ་ན། མ་ཡིན་ཏེ་སློབ་དཔོན་ལ་གཡེངས་རྐྱེན་ཤིན་ཏུ་ཡང་མངའ་སྟེ། དཔལ་གྱི་རི་ལ་སྒྲུབ་པ་མཛད་པ་ན་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་ལ་མས་གོས་རིན་པོ་ཆེ་གཅིག་བྱིན་པས་འདི་སྦས་ལ་བདག་རྒྱལ་སྲིད་སྐྱོང་བ་ན་བགོ་བར་བྱའོ་ཞེས་ཟེར་རོ། །མས་ཁྱོད་ཀྱི་ཕ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་ལ་རྒྱལ་པོ་ཡང་མི་འཆི་བས་ཁྱེད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཟེར་བས་བུ་མྱ་ངན་སྐྱེས་ཏེ་ངུས་པས། དེར་མ་ན་རེ་དེ་ཙམ་ངུ་མི་དགོས་ཀྱི། སློབ་དཔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས་དབུ་བསླངས་ན་སྟེར་ཞིང༌། དེར་ཡབ་ཀྱང་འགུམས་པས་ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཞེས་ཟེར་རོ། །དེ་ནས་རྒྱལ་བུ་དེས་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་དབུ་བསླངས་པས་བྱིན་ཏེ། རལ་གྲིས་མ་ཆོད་པ་ན། སློབ་དཔོན་ན་རེ་ངས་རྩྭ་ཀུ་ཤ་བཅད་པས་སྲོག་ཆགས་ཤི་བའི་རྣམ་སྨིན་ཡོད་པས་ཁྱེད་རང་རྩྭ་ཀུ་ཤས་ཆོད་ཅིག་གསུངས་ནས་བཅད་དོ། །ཞེས་འབྱུང་བའི་ཕྱིར་རོ། །སྤྱོད་བསྡུས་ཀྱི་དགོངས་པའང༌། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟར་ལམ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་པ་ཡེ་ཤེས་སུ་གནས་གྱུར་པ་ལ་ཕུང་པོའི་ཁོག་པ་བརྗེས་ཏེ་ཞེས་གསུངས་པ་ཡིན་གྱི། མ་དག་པའི་ལུས་བོར་བ་ནི་མ་ཡིན་ཏེ། ལུང་དེའི་རྗེས་ཁོ་ན་ལ། བཙུན་མོའི་ཚོགས་དང་ལྷན་ཅིག་མི་སྣང་བར་གྱུར་ཏེ་ཞེས་གསུངས་པའི་ཕྱིར་རོ། །ཡང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པ་མ་ཡིན་ན། སྔར་ཁྱེད་རང་གིས་ཀྱང་བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་ཞེས་ཁས་བླངས་པ་དང༌། སློབ་དཔོན་ནག་པོ་པས་སྤྱོད་པ་ལ་བྱོན་པའི་ཚེ། འཁོར་ཀུ་ས་ལི་པས་མཛེ་མོ་གཅིག་ཆུ་ལ་བསྒྲལ་བས་ཀུ་ས་ལི་པ་ཧེ་རུ་ཀར་བྱས་མཛེ་མོ་ཕག་མོར་གྱུར་པ་ལ་སོགས་པ་མངོན་སུམ་དུ་སྔགས་ཀྱི་ལམ་གྱིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་དང༌། འདུས་པར་གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་དང༌། ཨཱརྻ་དེ་བའི་སེམས་ཀྱི་སྒྲིབ་སྦྱོང་ལས། ཐེག་པ་ཆེན་པོའི་བདག་ཉིད་ཆེ། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་ནི། །ཀུན་མཁྱེན་གོ་འཕང་ཉམས་དགའ་བ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང༌། སྒྲོན་གསལ་ལས། གསང་བ་འདུས་པ་ཚེ་འདི་ཉིད་ལ་སངས་རྒྱ་བའི་སྣོད་རྣམས་ཀྱི་རྒྱུ་ལ་འཇུག་ཅིང་འཕོའོ། །ཞེས་གསུངས་པ་རྣམས་ཀྱི་རྗེས་སུ་དཔགས་པས་ཅིག་ཅར་དུ་གནོད་དོ། །བཞི་པ་ལྟར་ན། སེ་གོལ་གཏོགས་པའི་ཡུད་ཙམ་ལ་རྫོགས་པའི་སངས་རྒྱས་སུ་འགྱུར་ཞེས་པ་དང༌། རྫོགས་པའི་སངས་རྒྱས་ཐོབ་པ་ལ་སྐྱེ་བ་གཅིག་གིས་ཐོགས་སོ་ཞེས་པ་རང་ཚིག་དང་འགལ་ལོ། །ཡང་ཟུང་འཇུག་རྡོ་རྗེ་འཆང་ཆོས་ཀྱི་སྐུ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འདོད་པའང་རིགས་པ་མ་ཡིན་ཏེ། རིམ་ལྔའི་ཀླུ་བྱང་གི་འགྲེལ་པར། སྐས་ཀྱི་རིམ་པའི་ལམ་ནས་འཛེགས་པའི་སྐྱེས་བུ་ནི། རིམ་གྱིས་རིམ་གྱིས་ཁང་བཟངས་ལ་སོགས་པའི་རྩེ་མོ་མཐོན་པོར་ཕྱིན་པ་དེ་བཞིན་དུ། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བསྒོམས་པས། རིམ་གྱིས་རིམ་གྱིས་ངག་ལ་སོགས་པ་རྣམ་པར་དག་པའི་རིམ་གྱིས་རྟག་ཏུ་དགྱེས་པའི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མི་སློབ་པའི་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་སྐུའི་ངོ་བོ་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་དང་འགལ་ཞིང༌། གཞན་ཡང་སའི་ཡོན་ཏན་ཐམས་ཅད་མཐར་ཐུག་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ནམ་མ་ཡིན་དང་པོ་ལྟར་ན། ཟུང་འཇུག་རྡོ་རྗེ་འཆང་ཡང་ཆོས་སྐུར་མི་འགལ་ཏེ་སའི་ཡོན་ཏན་མཐར་ཐུག་པ་ཡིན་ཏེ། ཟུང་འཇུག་ཐོབ་ནས་གང་ལའང་མི་སློབ་པར་གསུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཆོས་དབྱིངས་བསྟོད་པར། ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་གྱུར་པ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་གསུངས་པ་དང་འགལ་ཞིང༌། གཞན་ཡང་གནོད་བྱེད་མཐའ་ཡས་སོ། །ཡང་ཉོན་མོངས་པ་སྤངས་པ་ན། ཆོས་ཀྱི་སྐུ་གསལ་བར་འགྱུར་རམ་མི་འགྱུར། དང་པོ་ལྟར་ན་ཟུང་འཇུག་རྡོ་རྗེ་འཆང་ཡང་ཆོས་སྐུར་མི་འགལ་ཏེ། སྤྱོད་བསྡུས་ལས། ཉོན་མོངས་པའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་འདོད་པ་ཙམ་གྱིས་དབང་དུ་གྱུར་པ་ཐོབ་པ། ཆུ་ལས་ཉ་ལྟ་བུའམ། མྱུར་བར་གཉིད་ལོག་སད་པ་བཞིན་དུ་མཆོག་ཏུ་དགའ་བའི་ལུས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་འབྱུང་བར་འགྱུར་བའི་གཟུགས་ཀྱི་བདག་ཉིད་ཅན་གྱི་མིང་གི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ། །ཞེས་གསུངས་ཤིང་ཆོས་དབྱིངས་བསྟོད་པར་ཡང༌། གནས་འདི་ཡོངས་སུ་གྱུར་པ་ནི། །ཆོས་ཀྱི་སྐུ་ཞེས་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཆོས་དབྱིངས་བསྟོད་པར། ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་གྱུར་བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཞེས་པ་དང་འགལ་ལོ། །ཡང་ས་བཅུ་གསུམ་པ་དེས་རྫོགས་པའི་རིམ་པ་མཐར་ཕྱིན་ནམ་མ་ཕྱིན། དང་པོ་ལྟར་ན། ཆོས་སྐུར་མི་འགལ་ཏེ། སམྦུ་ཊ་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་གྲགས་པའི་ཕྱིར་རོ། །གཉིས་པ་ལྟར་ན། རྡོ་རྗེ་ཕྲེང་བར། སྐུ་གསུམ་དག་གིས་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བཤད། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཞེས་དང༌། བསམ་གྱིས་མི་ཁྱབ་པའི་རིམ་པ་ལས། མཆོག་གི་དབང་ཕྱུག་མ་བཅོམ་པ། །ས་ནི་བཅུ་གསུམ་ཐོབ་པ་དང༌། །བདེ་བའི་རྣམ་པ་ལྟ་བུ་གཞན། །ཐོག་མ་མེད་པར་གྲུབ་པའི་གཟུགས། །ཆོས་ཀྱི་འཁོར་ལོ་སྐོར་བ་པོ། །ཞེས་གསུངས་པ་དང་འགལ་ལོ། །ཡང་ཟུང་འཇུག་རྡོ་རྗེ་འཆང་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། ཆོས་སྐུ་ལ་བཞུགས་པའི་རྫོགས་པའི་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །དེ་འདོད་ན་རྡོ་རྗེ་གུར་ལས། སངས་རྒྱས་ཉིད་དེ་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པའོ། །ཞེས་སོགས་དང༌། རིམ་ལྔར། དེ་ནི་རྫོགས་པའི་རྣལ་འབྱོར་བརྗོད། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་གནས་འགྱུར། །ཞེས་དང༌། དེའི་འགྲེལ་པར། དེ་ཞེས་བྱ་བ་ཐམས་ཅད་ཀྱི་མིང་གིས་ནི། རིམ་པ་ལྔའི་འབྲས་བུར་གྱུར་པ་རིམ་པ་ལྔ་པ་གཟུང་ངོ༌། །དེ་ནི་རྫོགས་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་པའི་ཆོས་ཉིད་ཀྱི་རང་བཞིན་ཉིད་ཡིན་པ་དང༌། མི་སློབ་པ་ཉིད་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་རིམ་པས། གོང་ནས་གོང་དུ་ཐོབ་པར་བྱས་པ་ཉིད་ཡིན་པའི་ཕྱིར་རྣལ་འབྱོར་ཡང་ཡིན་ནོ། །དེ་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའ་རང་གི་ངོ་བོ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ལྷའི་རྣམ་པའོ། །དེའང་རྣམ་པ་ཀུན་གྱི་མཆོག་ནི་མཚན་དང་དཔེ་བྱད་དོ། །དེ་དག་དང་ལྡན་པ་སྟེ། བརྒྱན་པའི་ཐམས་ཅད་མཁྱེན་པ་སྟེ། མངོན་པར་ཤེས་པ་དྲུག་ཐོབ་ཅིང་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པར་རྣལ་འབྱོར་པར་འགྱུར་ཏེ། ཡང་དག་པར་གྲུབ་བོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཞེས་པ་དང་འགལ་ལོ། །གཞན་ཡང་སྔགས་ཀྱི་ལམ་གྱིས་ཚེ་འདི་ལ་སངས་རྒྱས་ཐོབ་པ་མ་ཡིན་པར་འགྱུར་ཏེ། ས་བཅུ་པ་ལས་མ་ཐོབ་པའི་ཕྱིར་རོ། །དེ་འདོད་དེ་བྱམས་པས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་བཅུ་པའང་སངས་རྒྱས་སུ་གསུངས་ཤིང༌། རྒྱུད་བླ་མར་ཡང༌། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ས་བཅུ་པ་ལ་གནས་པའི་བྱང་སེམས་རྫོགས་པའི་སངས་རྒྱས་དང་གཞན་དོན་བྱེད་ཚུལ་མཉམ་པས་སངས་རྒྱས་ཞེས་བྱའི། སྟོབས་ལ་སོགས་པའི་ཆོས་མ་རྫོགས་པས་རྫོགས་པའི་སངས་རྒྱས་མ་ཡིན་ཏེ། རྒྱུད་བླ་མར། དེ་ལྟ་མོད་ཀྱི་ས་རྡུལ་དང༌། །རྒྱ་མཚོ་བ་གླང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་གསུངས་ལ། འདིར་སྐུ་གསུམ་དབྱེར་མེད་ཀྱི་རྫོགས་པའི་སངས་རྒྱས་སུ་གསུངས་པའི་ཕྱིར་རོ། །དེས་ན་འདི་ལྟ་བུའི་གྲུབ་མཐའ་འཕགས་པ་ཡབ་སྲས་ཀྱི་བརྡ་ཆད་ཐམས་ཅད་དང་འགལ་བར་ཤེས་པར་བྱའོ། །སྐྱོན་གཞན་ཡང་སྔགས་མཚན་ཉིད་གཉིས་ཀའི་ལམ་གྱི་ཆོས་སྐུ་ལ་བཞུགས་པའི་རྫོགས་པའི་སངས་རྒྱས་མི་ཐོབ་པར་འགྱུར་ཏེ། སྔགས་ཀྱི་ལམ་གྱི་དུས་མྱུར་པོར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ལ། མཚན་ཉིད་ཐེག་པས་དུས་རིང་མོས་དེ་ཉིད་ཐོབ་ཅིང༌། དེ་ཐོབ་ནས་བསླབ་བྱ་དང་བྲལ་བས་གང་ལའང་མི་སློབ་པའི་ཕྱིར་རོ། །དེ་བས་ན་སྔར་སྤྱོད་བསྡུས་སུ་གསུངས་པའི་ལུང་དེ་ནི་དཔའ་བར་འགྲོ་བའི་མདོ་ལས། ཏིང་ངེ་འཛིན་དེ་ཐོབ་ནས། གཞན་གང་ལའང་མི་སློབ་བོ། །ཞེས་གསུངས་པའི་དཔེ་དེ་བཞིན་དུ། འདིར་ཡང་ཟུང་འཇུག་ཐོབ་ནས་གང་ལའང་མི་སློབ་བོ། །ཞེས་དཔེར་མཛད་པ་ཡིན་གྱི། གཞན་དུ་ན་སློབ་དཔོན་ཉིད་ཀྱི་གསུང་ལ་ནང་འགལ་འབྱུང་བར་འགྱུར་ཏེ། ཇི་སྐད་དུ་སྤྱོད་བསྡུས་ལས། དེ་བས་ན་ཁྱད་པར་གྱི་རྒྱུ་ལས་ཁྱད་པར་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པའི་འདོད་པ་ལྔའི་ཡུལ་རྣམས་ལ་ཁྱད་པར་གྱི་ལོངས་སྤྱོད་ཀྱི་དངོས་པོར་གྱུར་པས། ཁྱད་པར་གྱི་འབྲས་བུ་ཐོབ་པ་ཡིན་པར་ཤེས་པར་བྱའོ། །ཞེས་དང་དེའི་འགྲེལ་པར། དེ་བས་ན་ཁྱད་པར་གྱི་རྒྱུ་ལས་ཁྱད་པར་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །ཞེས་པ་ནི། དངོས་པོ་གང་དང་གང་ལ་རྒྱུ་ལ་ཁྱད་པར་ཡོད་པ་དེ་ལས་འབྲས་བུ་ལ་ཁྱད་པར་འབྱུང་བར་འགྱུར་ཏེ། དཔེར་ན་ཨ་རུ་རའི་དངོས་པོ་གཅིག་རྒྱུ་དང་རྐྱེན་ཁྱད་པར་ཡོད་པ་ལས་ཨ་རུ་རའི་འབྲས་བུའི་ཁྱད་པར་མི་འདྲ་བར་འབྱུང་བ་བཞིན་ནོ། །དཔེ་དེ་བཞིན་དུ་གསང་སྔགས་ཀྱི་ལམ་གྱི་རིམ་པ་འདི་ལ་ཡང་གཟུགས་ལ་སོགས་པ་ལྔའི་ཡུལ་རྣམས་ལ་ཁྱད་པར་ངོ་བོར་གྱུར་པ་ཞེས་བྱ་བས་ནི། ཁྱད་པར་གྱི་ལོངས་སྤྱོད་ནི་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས། གཟུགས་ལ་སོགས་པའི་ཡུལ་ལྔ་པོ་དེ་ལྷ་དང་སེམས་དང་སྟོང་པའི་ངོ་བོར་ཤེས་པ་ནི་ཁྱད་པར་གྱི་ལོངས་སྤྱོད་པ་རྒྱུའི་ཁྱད་པར་ཡིན་ལ། དེ་ལས་ཁྱད་པར་གྱི་འབྲས་བུ་ནི། རྡོ་རྗེ་འཆང་ཆེན་པོ་མཐར་ཐུག་གྱི་འབྲས་བུ་དབང་ཕྱུག་ཆེན་པོ་བརྒྱད་དམ་ཡན་ལག་བདུན་དང་ལྡན་པའི་སྒྲུབ་བྱེད་དེ་ཐོབ་པར་འགྱུར་བ་ཡིན་ནོ། །ཞེས་དང༌། སེམས་ཀྱི་སྒྲིབ་སྦྱོང་དུ། གཞན་ཉིད་དུ་ནི་མོས་པ་ཡང༌། །བྱང་ཆུབ་སྤྱོད་པ་དེ་བཞིན་གཞན། །སེམས་ཀྱི་རྣམ་དག་གཞན་ཉིད་ཀྱིས། །འདིར་ནི་འབྲས་བུ་གཞན་ཞིག་མཐོང༌། །ཞེས་གསུངས་པའི་ཕྱིར་རོ། །དཔའ་བར་འགྲོ་བའི་མདོའི་དགོངས་པའང་ཏིང་ངེ་འཛིན་དེའི་ཆེ་བ་དབྱུང་བ་ཙམ་ཡིན་གྱི་དེ་ལྟ་མ་ཡིན་ན། ས་བཅུ་པ་དེས་སངས་རྒྱས་གྱི་ཡོན་ཏན་རྣམས་ལ་བསླབ་མི་དགོས་པའི་སྐྱོན་ཡོད་དོ། །དེ་འདོད་ན། འཇུག་པའི་རང་འགྲེལ་ལས། རེ་ཞིག་བྱང་ཆུབ་སེམས་དཔའ་གང་དག་ས་བཅུ་ལ་རབ་ཏུ་གནས་པ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་རྙེད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པར་མི་ནུས་པས། ཡོན་ཏན་ནམ་མཁའ་ལྟ་བུ་མུ་མཐའ་མེད་པ་དག་ལས་ལྡོག་གི་ཡོན་ཏན་ཡོངས་སུ་རྫོགས་པ་ནི་མ་ཡིན་ཏེ། ཞེས་དང༌། ཡང་དེ་ཉིད་ལས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང༌། །ཞེས་གསུངས་པ་དང་འགལ་ཞིང༌། གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ས་བཅུ་པ་ཁོ་ནས་ཐོབ་ཀྱི། གཞན་ས་དགུ་པ་མན་ཆད་ལ་གནས་པ་རྣམས་ཀྱིས་མི་ཐོབ་ན། མངོན་རྟོགས་རྒྱན་རྩ་འགྲེལ་ལས། ཏིང་འཛིན་དེའི་བྱེད་པ་ཉིད། ཅེས་དང༌། ཆུང་ངུའི་དམིགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་ཆོས་མཆོག་ཆུང་ངུའི་གནས་སྐབས་ནས་ཐོབ་པར་གསུངས་པ་དང་འགལ་བས་ན་ལུང་དེ་ནི་དགོངས་པ་ཅན་ཁོ་ནར་ཟད་དོ། །གཉིས་པ་རང་ལུགས་བཞག་པ་ནི། རྒྱུད་སྡེ་དྲི་མ་མེད་པ་རྣམས་ཀྱི་དགོངས་པ་འཕགས་པའི་ཡུལ་གྱི་མཁས་གྲུབ་རྣམས་ཀྱི་བཞེད་གཞུང༌། ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ། ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་ནི་ས་བཅུ་གཅིག་པ་ཡིན་ལ། སྔགས་ཀྱི་ཟུང་འཇུག་རྡོ་རྗེ་འཆང་ནི་ས་བཅུ་གསུམ་པ་ཡིན་པས། དེ་གཉིས་ལ་ཁྱད་ཆེས་ཆེ་བ་ཡོད་དེ། སམྦུ་ཊ་ལས། སྐྱེ་བ་འདིར། སངས་རྒྱས་ཉིད་དམ་རྡོ་རྗེ་སེམས་དཔའ་ཉིད་འཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི། བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ནོ། །མཚན་གཞི་མཚོན་པར་བྱེད་པ་ནི། སེམས་དཔའ་ཡང་དག་པར་གསུངས་སོ། །ཞེས་བཤད་ལ་དེའི་དོན་བཤད་པར་བྱ་བ་ལ། དུས་ནམ་གྱི་ཚེ་གྲུབ་པ། ངོ་བོ་གང་གྲུབ་པ། དེའི་ཁྱད་པར་བསྟན་པ་དང་གསུམ་གྱི་དང་པོ་ནི། ཡེ་ཤེས་ཐིག་ལེར། སྔགས་ཀྱི་ཐེག་པ་ལ་མོས་ནས། །ཚེ་འདི་ཉིད་ལ་སངས་རྒྱས་སོ། །ཞེས་དང༌། རྩེ་མོར། སོ་སོའི་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར། སོ་སོ་སྐྱེ་བོས་ལུས་ཟག་པ་དང་བཅས་པ་དང༌། གནས་པ་འདི་ཉིད་ཀྱི་སྐྱེ་བ་སྟེ། ཚེ་འདིར་འབྲས་བུ་མངོན་དུ་འགྱུར་པ་ཡིན་ནོ། །གཉིས་པ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །ཐམས་ཅད་ཆོས་ཀུན་ཡང་ཤེས་ནས། །དེ་ནི་སངས་རྒྱས་ངེས་པ་ཡིན། །ཞེས་པའི་སངས་རྒྱས་ཉིད་དམ། ཡང་དེ་ཉིད་ལས། ཕྱག་རྒྱ་ཆེན་པོ་རབ་ཤེས་ནས། །དེ་ནི་དཔལ་རྡོར་སེམས་དཔར་འགྱུར། །ཞེས་པའི་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པར་འགྱུར་ཏེ། ཡེ་ཤེས་སྙིང་པོ་ལས། ཚེ་འདི་ལ་སངས་རྒྱས་ཉིད་དམ། ཡང་ན་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནི། གང་དག་ཤེས་བྱ་ཐམས་ཅད་རང་སྣང་གི་ཡེ་ཤེས་ཏེ། སྣང་བ་ཉིད་ཀྱང་ཡེ་ཤེས། ཡེ་ཤེས་ཉིད་ཀྱང་སྣང་བ། དེའང་སྟོང་པ། སྟོང་པ་ཉིད་ཀྱང་སྣང་བ། དེ་དག་དུས་གཅིག་ཆར་དུ་འཇུག་པ་ནི། བསམ་གྱིས་མི་ཁྱབ་པའི་གནས་ཞེས་བྱ་ལ། དེ་ཇི་ལྟ་བ་བཞིན་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སྟེ། ཕ་རོལ་ཏུ་ཕྱིན་པར་གྲགས་པའི་ས་བཅུ་གཅིག་པ་ལ་བཞུགས་པའི་སངས་རྒྱས་ཡིན་ནོ། །དེ་སྐད་དུ་ཡང་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། གང་ཞིག་ཕྱག་རྒྱ་ཆེ་མི་ཤེས། །སངས་རྒྱས་ཡིན་ཡང་རྣལ་འབྱོར་མིན། །ཞེས་དང༌། དེའི་འགྲེལ་པར། ཕྱག་རྒྱ་ཆེན་པོ་གང་ཞིག་མི་ཤེས་པ་དེ་ནི་བཅོམ་ལྡན་འདས་སངས་རྒྱས་ཡིན་ཀྱང་རྣལ་འབྱོར་ཆེན་པོ་མ་ཡིན། དཔལ་རྡོ་རྗེ་སེམས་དཔའ་ཆེན་པོའི་རང་བཞིན་མི་མཁྱེན་ཞེས་པའི་དོན་ཏོ། །ཞེས་གསུངས་ཤིང༌། དེ་ལྟ་བུའི་ཡེ་ཤེས་མངོན་སུམ་དུ་བྱས་པ་མཚན་གཞི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མཚོན་པར་བྱེད་པ་དེ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པར་རྒྱུད་ཕྱི་མ་ལས་གསུངས་ཏེ། ཇི་སྐད་དུ། དཔེར་ན་ཀེ་ཏ་ཀའི་མེ་ཏོག་དྲིའི་གླང་པོ་ཆེས་ཟོས་ན། གླ་རྩི་ལ་སོགས་པའི་དངོས་པོར་འགྱུར་རོ། །གླང་པོ་ཆེ་ཕལ་པས་ཟོས་ན་ལྕི་བའི་དངོས་པོར་འགྱུར་རོ། །དེ་བས་ན་ཀེ་ཏ་ཀའི་མེ་ཏོག་གི་སྐྱོན་མ་ཡིན་ཏེ། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཡང་རྣམ་པར་དག་པའི་རིམ་པ་ལ་གནས་པས། བསམ་པའི་ཁྱད་པར་གྱི་སྦྱོར་བ་ལས། ཁྱད་པར་དུ་འཕགས་པ་ཉིད་ཀྱི་འབྲས་བུ་བྱེད་དོ། །དཔེར་ན་འོ་མ་སྦྲུལ་ལ་སོགས་པས་འཐུངས་ན་དྲུག་གི་དངོས་པོར་འགྱུར་རོ། །གཞན་ཡང་སྐྱེས་བུས་འཐུངས་ན་བདུད་རྩིའི་དངོས་པོ་སྐྱེ་བར་འགྱུར་རོ། །དེ་ལྟར་རིགས་ཀྱི་བུ་འདོད་ཆགས་ལ་སོགས་པ་བསམ་པའི་ཁྱད་པར་གྱིས་རང་བཞིན་གྱི་ཁ་ན་མ་ཐོ་བ་མེད་པའི་ཕྱིར། དངོས་པོ་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འགྱུར་རོ། །གང་དང་གང་ཁྱད་པར་དུ་འཕགས་པའི་རྒྱུད་ཀྱི་དངོས་པོ་དང་ལྡན་པ་དེ་དང་དེའི་འབྲས་བུ་ཁྱད་པར་དུ་འཕགས་པ་འབྱུང་ངོ༌། །ཞེས་སོ། །ཟུང་འཇུག་དེ་ཉིད་འོད་གསལ་གྱི་རྒྱས་བཏབ་ནས་མི་རྟོག་པར་གནས་པ་ཆོས་སྐུ་དེ་ཉིད་ས་བཅུའི་བྱང་སེམས་རྣམས་ལ་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཀྱིས་ཆོས་ཀྱི་རོ་མྱོང་བར་མཛད་པ་ལོངས་སྐུ། དེ་ཉིད་སོ་སོའི་སྐྱེ་བོ་ལས་དག་པ་དང་ས་དགུ་པ་མན་ཆད་ལ་སྤྲུལ་པ་དུ་མ་སྣང་བ་སྤྲུལ་སྐུ། དེ་གསུམ་དབྱེར་མེད་པ་མཚན་ཉིད་སུམ་ལྡན་དེ་ལ་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཞེས་བྱ་སྟེ། རིམ་ལྔར། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་བཞིན་གང་ལའང་མི་སློབ་བོ། །ཞེས་དང༌། དེའི་འགྲེལ་པར། དེ་ནས་གཉིད་སད་པ་བཞིན་དུ་རྣལ་འབྱོར་པ་ལངས་ཏེ་ཐོག་མ་མེད་པ་ནས་སྨོན་ལམ་གྱི་སེམས་ཀྱི་བག་ཆགས་ཀྱི་སྟོབས་དང༌། དེའི་རང་བཞིན་ཁོ་ནས་ཀུན་རྫོབ་དང་དོན་དམ་ཐ་མི་དད་པའི་ཟུང་འཇུག་ཏིང་ངེ་འཛིན་ལ་གནས་པ་སྟེ། རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པ་ལ་སོགས་པའི་ཟུང་དུ་འཇུག་པ་སྟེ། བཅིངས་ཤིང་འདྲེས་པར་གྱུར་པ་ནི་ཟུང་དུ་འཇུག་པའོ། །ཏིང་ངེ་འཛིན་དེ་ལས་ལངས་ཀྱང་དེ་ལ་རྩེ་གཅིག་པའི་རང་བཞིན་ཅན་དེ་ལ་གནས་ནས་འཁོར་བ་ཇི་སྲིད་ཀྱི་བར་དུ་ཆོ་འཕྲུལ་སྟོན་པ་དང༌། ཆོས་རྣམ་པ་སྣ་ཚོགས་སྟོན་པའི་རིམ་པ་དང་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་རྣལ་འབྱོར་པ་ནི། བྱ་བ་དང་བྱས་པ་དང་བྱེད་པ་དང་སྤྲོས་པ་མེད་ཅིང་འབྲས་བུར་གྱུར་པའི་ངེས་པར་བྱེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པ་ཉིད་ཡིན་པའི་ཕྱིར་གང་ལ་ཡང་མི་སློབ་བོ། །ཞེས་བྱ་བ་ནི་མཐར་ཐུག་པའོ་ཞེས་གསུངས་སོ། །གཞན་ཡང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ལ་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་དང༌། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མ་དང༌། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་རྣམ་པར་གཞག་པ་ཡིན་ནོ། །གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་དེ་ལྟ་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་འབྱུང་བའི་སྐྱོན་ཡོད་དེ། བསྟན་པ་འདི་ལ་ཡང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང༌། འཕགས་པ་ཀླུ་སྒྲུབ་སྔགས་ཀྱི་ལམ་གྱིས་སངས་རྒྱས་པའི་ཕྱིར་རོ། །བསྟན་པ་གཅིག་ལ་སྟོན་པ་གཉིས་འབྱུང་ཡང་མི་རིགས་ཏེ། སངས་རྒྱས་གཉིས་ལྷན་ཅིག་འབྱུང་བ་དགོས་པ་མེད་པའི་ཕྱིར་དང༌། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་སོགས་ཀྱིས་ཐེག་པ་ཆེ་ཆུང་གི་ལུང་དུ་མ་དང་འགལ་བའི་ཕྱིར་རོ། །ཞེ་ན་སྐྱོན་མེད་དེ་དཔེར་ན་འཛམ་བུ་གླིང་འདིར་ཤཱཀྱ་ཐུབ་པའི་བསྟན་པ་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་མི་འབྱུང་བ་ཡིན་ནོ། །ཞིང་ཁམས་གཞན་དུ་གདུལ་བྱ་གཞན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་ཅིང༌། འཕགས་པ་ཀླུ་སྒྲུབ་ཀྱང༌། ཞིང་ཁམས་གཞན་དུ་སངས་རྒྱས་པ་ཡིན་ཏེ། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས། ཀུན་དགའ་བོ་ལིཙྪ་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལ་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ་མཐར་གྱིས་དྭང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་འཇུག་འགྲེལ་དུ་ལུང་དྲངས་པའི་ཕྱིར་རོ། །ཡང་སངས་རྒྱས་ཞེས་བྱ་བ་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ལ་དེའི་སྟེང་དུ་བགྲོད་པར་བྱ་བ་མི་འཐད་དོ། །ཞེ་ན་སྐྱོན་མེད་དེ། སངས་རྒྱས་ཉིད་ཡིན་མོད་དེ་ཉིད་ལ་རྟོགས་པའི་ས་རིམ་པ་དུ་མར་བཞག་སྟེ། དབུ་མ་ལ་འཇུག་པར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་དང༌། དེའི་རང་འགྲེལ་དུ། སངས་རྒྱས་ཀྱི་སྒྲ་འདི་སངས་རྒྱས་ཀྱི་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལ་འཇུག་སྟེ། ཞེས་པ་སངས་རྒྱས་རབ་འབྲིང་གསུམ་བཤད་ལ། ཟུང་འཇུག་རྡོ་རྗེ་འཆང་ནི་སངས་རྒྱས་རབ་ཀྱི་རབ་ཡིན་ཏེ། ཞལ་ལུང་གི་འགྲེལ་པར། ལྷ་རྣམས་ལས་མཆོག་ཏུ་གྱུར་པ་ནི་ཁ་ན་མ་ཐོ་བ་མེད་པའོ། །དེ་ལས་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་སེམས་དཔའོ། །དེ་ལས་མཆོག་ཏུ་གྱུར་པ་ནི་སངས་རྒྱས་རྣམས་སོ། །དེ་རྣམས་ལས་ཕུལ་དུ་གྱུར་བ་ནི་རྡོ་རྗེ་འཆང་ཆེན་པོ་སྦྱོར་བ་བདུན་དང་ལྡན་པའོ། །ཞེས་གསུངས་སོ། །དེས་ན་ས་བཅུ་གཅིག་པ་ལ་རྫོགས་པའི་སངས་རྒྱས་སུ་བཞག་པ་ནི་ཕ་རོལ་ཏུ་ཕྱིན་པ་རང་གི་ལམ་གྱི་འབྲས་བུ་གོང་དུ་འགྲོར་མེད་པ་ལ་དགོངས་ཀྱི། དེའི་གོང་ན་འབྲས་བུ་གཞན་མེད་པ་མ་ཡིན་ཏེ། ཉན་ཐོས་དང་རང་རྒྱལ་ལ་སངས་རྒྱས་སུ་བཤད་པ་བཞིན་ནོ། །འོ་ན་སམྦུ་ཊར། ཐར་པ་ཉིད་ནི་གཅིག་པུ་ཉིད། །ཅེས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ་དཔེར་ན་ཉན་ཐོས་དགྲ་བཅོམ་ངེས་པར་ཐེག་ཆེན་གྱི་ལམ་ལ་འཇུག་དགོས་པ་བཞིན། ཕ་རོལ་ཏུ་ཕྱིན་པའི་ལམ་ལ་ཞུགས་པའི། གང་ཟག་དེས་ཀྱང་ཟུང་འཇུག་རྡོ་རྗེ་འཆང་སྒྲུབ་པའི་ཕྱིར་རོ། །མཐར་ངེས་པར་གསང་སྔགས་ཀྱི་ལམ་ལ་འཇུག་དགོས་ཏེ། ལམ་ཐམས་ཅད་ཀྱི་མཐར་ཐུག་ཡིན་པའི་ཕྱིར་རོ། །ཞལ་ལུང་ལས། སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང༌། རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཞེས་དང༌། དེའི་འགྲེལ་པར། སྡུག་བསྔལ་ཞེས་བྱ་བ་ནི་མགོ་སྦྱིན་པ་ལ་སོགས་པའི་སྒོ་ནས་ལམ་རྣམས་ལ་བསྐལ་པ་གསུམ་དུ་ཡང་གསུངས་ཏེ་དད་པས་སྤྱོད་པ་དང༌། དང་པོ་ནས་བདུན་པ་དང༌། བརྒྱད་པ་ནས་བཅུ་པའི་བར་དུ་གྲངས་མེད་པའི་བསྐལ་པར། རང་གི་རྗེས་སུ་མཐུན་པའི་བྱང་ཆུབ་ཐོབ་ཀྱང༌། དེའི་གོང་ན་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཡོད་པས་བླ་དང་བཅས་ཞེས་སོགས་ཞེས་གསུངས་པས་རང་གི་ལམ་དེས་རྗེས་སུ་མཐུན་པའི་བྱང་ཆུབ་ཐོབ་ཀྱི། ཤེས་རབ་ཡེ་ཤེས་གསལ་«་་་་་སློབ་དཔོན་དེ་བ་ཙནྡྲས། »བ་ལས། ཐབས་གཞན་གང་གིས་ཀྱང༌། སངས་རྒྱས་ཙམ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་བདེ་བའི་ངོ་བོ་ཉིད་ཀྱིས་ཁ་སྦྱོར་བ་མེད་པའི་ཕྱིར་ཏེ། ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་འབད་ཀྱང་དོན་མེད་པར་འགྱུར་རོ་ཞེ་ན། ལམ་དེ་ཁོ་ནས་ཟུང་འཇུག་རྡོ་རྗེ་འཆང་ཐོབ་པ་མིན་ཏེ། སློབ་དཔོན་ཀ་ལ་ཀུ་ལི་ཤས། ཁྱོད་ཀྱང་ཐབས་དང་བྲལ་བས་མིན། །ཐབས་ཀྱང་ཁྱོད་དང་བྲལ་བས་མིན། །དེ་གཉིས་ཕན་ཚུན་བྲལ་བ་ཡིས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། རིམ་ལྔ་ལས། གང་ཞིག་རྣམ་གསུམ་མི་སློབ་པ། འབྲས་བུ་མྱུར་དུ་ཐོབ་མི་འགྱུར། །ཞེས་གསུངས་སོ། །དེས་ན་བྱང་ཆུབ་སེམས་དཔའི་གང་ཟག་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་དེ་ནི་སྔགས་ཀྱི་ལམ་ཁོ་ནས་གྲོལ་པ་ཡིན་ཏེ། རིམ་ལྔར། གངྒཱའི་ཀླུང་གི་བྱེ་སྙེད་ཀྱིས། །སངས་རྒྱས་རྣམས་ཀྱིས་གཟུང་འཇུག་དུ། །ཐུགས་ཆུད་ཡོད་མིན་ཕྱོགས་སྤངས་པའི། །ཕྱག་རྒྱ་ཆེན་པོ་བདག་ཉིད་གྲུབ། །ཅེས་དང༌། དེའི་འགྲེལ་པར། རེ་ཞིག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཏེ། དུས་གསུམ་གྱི་བདེ་བར་གཤེགས་པ་གང་ཡིན་པ་དེ་རྣམས་ཀྱིས་ཟུང་དུ་འཇུག་པ་བདག་ཉིད་ཀྱི་རིམ་པ་འདི་ཉིད་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོ་གྲུབ་ཅིང༌། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །སྔགས་ཀྱི་ལམ་གྱིས་ཟུང་འཇུག་རྡོ་རྗེ་འཆང་སྒྲུབ་པ་ལ། ཉེ་རྒྱུའི་ལམ་ལ་མ་བརྟེན་པར་ཐོབ་པ་མི་སྲིད་དེ། སློབ་དཔོན་དཔལ་འཛིན་གྱིས། འདི་དེ་སངས་རྒྱ་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་དང༌། དྷ་རི་ཀ་པས། ཐབས་གཞན་སངས་རྒྱས་མི་རྙེད་དོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་འོག་མིན་གྱི་རྟེན་ལ་སངས་རྒྱས་ཐོབ་མི་སྲིད་པར་འགྱུར་ཏེ། འོག་མིན་གྱི་རྟེན་ལ་ཉེ་རྒྱུའི་ཕྱག་རྒྱ་བསྟེན་མི་སྲིད་པའི་ཕྱིར་རོ། །ཞེ་ན་སྐྱོན་མེད་དེ། དེའང་སངས་རྒྱས་རྣམས་ནི་ཡེ་ཤེས་ཀྱི་རིག་མ་ལ་བརྟེན་ནས། ཉེ་རྒྱུའི་སྤྱོད་པ་ཅུང་ཟད་ཙམ་ལ་བརྟེན་ནས་བྱེད་པ་ཡིན་ནོ། །འོ་ན་ཕ་རོལ་ཏུ་ཕྱིན་པའི་གང་ཟག་དེ་སྔགས་ཀྱི་ལམ་ལ་དུས་ནམ་གྱི་ཚེ་འཇུག་ཅེ་ན། ཁ་ཅིག་དང་པོ་ཉིད་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞུགས་ནས། སྡོམ་པ་གཉིས་ལ་སོགས་པ་སྔོན་དུ་སོང་ནས། དབང་བཞི་ཐོབ་སྟེ། རྡོ་རྗེ་ཐེག་པ་དང་ལམ་རོ་གཅིག་པ་བྱས་ནས་འབྲས་བུ་མངོན་དུ་བྱེད་པ་ཡང་ཡོད་དོ། །ཁ་ཅིག་ས་དང་པོ་མན་ཆད་དང༌། ཁ་ཅིག་གི་ས་གཉིས་པ་མན་ཆད་དང༌། ཁ་ཅིག་གི་ས་དྲུག་པ་མན་ཆད་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བགྲོད་ནས། དེ་ནས་རྡོ་རྗེ་ཐེག་པའི་ལམ་དང་རོ་གཅིག་པར་བྱས་ནས་འབྲས་བུ་མངོན་དུ་བྱེད་པ་ཡང་ཡོད་མོད། གང་ལྟར་ཡང་ལམ་དེ་ཉིད་ཀྱིས་ས་བཅུའི་བར་བགྲོད་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་རྣམས་ལས་གསང་སྔགས་ཀྱི་གདམས་ངག་ནོད་ནས། ཉེ་རྒྱུའི་སྤྱོད་པ་ཅུང་ཟད་ཙམ་ལ་བརྟེན་ནས། སྐད་ཅིག་ཙམ་གྱིས་སྦས་པའི་ས་གཉིས་དང༌། མཐར་ཕྱིན་གྱི་ས་ཕྱེད་བགྲོད་ནས། རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པ་ཡིན་ཏེ། ཤེས་རབ་ཡེ་ཤེས་གསལ་བ་ལས། གཞན་ཡང་འཁོར་གསུམ་མི་དམིགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་གོམས་པས་ས་དེ་ཐོབ་ནས། བསྐལ་པ་གྲངས་མེད་པ་གསུམ་གྱིས་ས་བཅུ་པའི་བར་དུ་བསྒྲུབས་ནས་རང་བཞིན་མེད་པ་མངོན་དུ་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་རྩེད་མོ་ཙམ་དུ་སངས་རྒྱས་ཀྱི་དངོས་པོ་བསྟན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་དུས་མི་རིང་བར་ནུས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་རྗེས་སུ་འཛིན་པར་མདུན་དུ་མཐོང་ནས། དེ་དག་ལས་སྔགས་ཀྱི་ཚུལ་གྱིས་ཉེ་བར་བསྟན་པ་ཐོབ་སྟེ། སེ་གོལ་གཏོགས་པའི་ཡུད་ཙམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཕར་ཕྱིན་ཐེག་པའི་ལམ་གྱི་མཐར་ཐུག་ཤེར་ཕྱིན་གྱིས་ཀྱང་སྤོང་མི་ནུས་པའི་སྒྲིབ་པ་ཅིག་ཡོད་པར་འགྱུར་རོ་ཞེ་ན་དེ་ནི་ཡོད་དེ། སམྦུ་ཊ་ལ་སོགས་པ་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་གསུངས་པར་མ་ཟད་ཕ་རོལ་ཏུ་ཕྱིན་པར་ཡང་བཤད་དེ་མདོ་སྡེ་དགོངས་འགྲེལ་ལས། རབ་དགའ་ལ་སོགས་པའི་ས་བཅུ་ལ་རང་རང་གི་མི་མཐུན་ཕྱོགས་གནས་ངན་ལེན་རེ་རེ་དང༌། ཤིན་ཏུ་རྨོངས་པ་གཉིས་གཉིས་བཤད་ནས། ས་བཅུ་གཅིག་པའི་སྐབས་སུ། རང་རང་གི་སྤང་བྱ་གནས་ངན་ལེན་གཅིག་དང༌། ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པ་ལ་སྒྲིབ་པ་རབ་ཏུ་ཕྲ་བའི་ཆགས་པ་དང༌། ཐོགས་པའི་རྨོངས་པ་གཉིས་བཤད་ལ། ས་ལ་འཇུག་པར་ཡང༌། ཡན་ལག་བཅུ་གཅིག་རྫོགས་གྱུར་པས། །རབ་དགའ་ལ་སོགས་བཅུ་གཅིག་པ། །རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། །མི་མཐུན་ཕྱོགས་ནི་ཐ་དད་དོ། །ཞེས་བཤད་དོ། །དོན་འདི་ཉིད་རྒྱ་ཆེར་རོལ་པའི་མདོའི་དགོངས་པ་རིམ་ལྔར་བཤད་དེ། ཇི་སྐད་དུ། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ན་ར་ཛ་རའི་ཆུ་འགྲམ་དུ། །མི་གཡོའི་ཏིང་ངེ་འཛིན་ལ་བཞུགས། །དེ་ཚེ་རྒྱལ་བས་མཁའི་རྡོ་རྗེ། །ཏིལ་གྱི་གོང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང༌། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང༌། །དེ་ནས་ཏིང་འཛིན་མི་གཡོ་བཏང༌། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །ཞེས་དང༌། འདི་འགྲེལ་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཏམ་རྒྱུད་བསྟན་པ་ནི། ཞེས་པ་ནས་འདི་སྙམ་དུ་དགོངས་པར་གྱུར་ཏོ། །དེ་ཁོ་ན་ཉིད་བཞི་པ་གང་ཡིན་ཞེ་ན། སྟོང་པ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། འདི་ལྟར་དེ་ནི་སྟོང་པ་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་ཆེན་པོ་སྟོང་པ་སྟེ། དེ་ལས་ཕ་རོལ་ན་སྟོང་པ་ཉིད་མེད་དོ། །དེའི་ཕྱིར་དེ་ཉིད་བསླང་བར་བྱ་བ་ཡིན་པས་བདག་གི་ཏིང་ངེ་འཛིན་དེ་ཉིད་ཀྱིས་སངས་རྒྱས་ཐོབ་པར་བྱ་ཞིང་རྙེད་པར་བྱའོ་ཞེས། མངོན་པར་དགོངས་པ་ལ་བརྟེན་ནས་སྐྱེ་བོའི་ཚོགས་དང་བྲལ་བའི་ཏིང་ངེ་འཛིན་གྱི་གནས་དབེན་པ་ཚོལ་པར་གྱུར་པ་ན། ཐ་མར་ནཻ་རཉྫ་ཞེས་བྱ་བའི་ཆུ་བོའི་རྒྱུན་རབ་ཏུ་ཞི་བ་འབབ་པ་སེམས་རྩེ་གཅིག་པའི་རྒྱུར་གྱུར་པ་གཟིགས་ནས། དེའི་འགྲམ་སྟེ་ངོགས་སུ་བྱོན་ཞིང་དེར་བཞུགས་ནས་ཏེ་ཨ་ཤྭཏྠའི་ཤིང་དྲུང་གཅིག་གི་རྩར་ཉེ་བར་བཞུགས་ནས་སེམས་རྣམ་པར་དག་པའི་རིམ་གྱིས་གནས་གྱུར་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་གསུམ་པ་སྟོང་པ་ཆེན་པོ་ཞེས་བྱ་བ་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་ཤིང་སྙོམས་པར་ཞུགས་སོ། །ཞེས་པ་ནས་དེའི་རྗེས་ལ། འདི་ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །ཞེས་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེ་བར་བསྟན་པ་ནི། ཞེས་པ་ནས། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཟིགས་པ། ཐོས་པ་ལ་སོགས་པའི་རིམ་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང༌། གཅིག་ཏུ་སེམས་ཅན་གྱི་དོན་བྱ་བ་ལྷུར་ལེན་པ། མངོན་པར་ཤེས་པ་དྲུག་དང་ལྡན་ཞིང༌། སངས་རྒྱས་ཀྱི་ས་ཐོབ་པར་གྱུར་བའི་བཅོམ་ལྡན་འདས་སྔོན་གྲུབ་པ་གང་ཡིན་པ་དེ་རྣམས་ནམ་མཁའི་དབྱིངས་ཏིལ་གྱི་གོང་བུ་བཞིན། གཅིག་ལ་གཅིག་མ་འདྲེས་པར་ཁྱབ་པར་བཞུགས་ཏེ། དེ་རྗེས་སུ་བཟུང་བའི་དོན་དུ་ཉིད་ཀྱི་སྐུ་རྣམས་ལས་འོད་ཟེར་གྱི་འཁོར་ལོ་རྣམ་པར་སྤྲོས་ནས། དེས་དེ་ལ་དབང་བསྐུར་ཏེ། སྣོད་དུ་རུང་བར་བྱས་ནས། ཏིང་ངེ་འཛིན་གསུམ་པ་སྤང་བའི་ཕྱིར། མན་ངག་བཞི་པ་བསྟན་པའི་སྒོ་ནས། མངོན་པར་བྱང་ཆུབ་པ་མངོན་སུམ་བྱ་བའི་དོན་དུ་བསྐལ་བ་བཟང་པོ་འདི་ཉིད་ཀྱི་ཆོས་ཀྱི་རྒྱལ་པོ་གྱུར་ནས་འགྲོ་བ་འདུལ་བར་བྱེད་པར་འགྱུར་རོ་སྙམ་དུ་དགོངས་ནས། རྒྱལ་བ་རྣམས་ཀྱིས་དེའི་ཚེ་བྱང་ཆུབ་སེམས་དཔའི་ས་ལ་གནས་ཤིང༌། སྟོང་པ་ཆེན་པོའི་གནས་གོམས་པར་བྱས་ནས་སངས་རྒྱས་ཀྱི་ས་ཐོབ་པར་རྒྱལ་བའི་སྲས་ས་དེ་ལ་གཡོ་བ་མེད་པ་སྟེ། རྒྱུ་སྤངས་པའི་སེམས་རབ་ཏུ་དང་བའི་བློ་དང་དབྱངས་གཅིག་སྟེ་ཚིག་གཅིག་གིས་འདི་སྐད་གསུངས་ཤིང༌། བསྟན་ཏེ་ཞེས་པ་ནས། ཀྱེ་མ་བྱང་ཆུབ་སེམས་དཔའ་ཤཱཀྱ་སེང་གེ་ཁྱོད་ཀྱིས་སེམས་རྣམ་པར་དག་པར་བྱ་བའི་དོན་དུ་སྟོང་པ་ཆེན་པོའི་མཚན་ཉིད་ཀྱིས་བསམ་གཏན་ལ་དམིགས་པ་གང་ཡིན་པ་དེ་ནི་རྣམ་པར་དག་པ་མ་ཡིན་ཏེ། ཐམས་ཅད་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པ་མ་ཡིན་པ་དང༌། འདོད་ཆགས་ལ་སོགས་པ་རྣམ་པར་དག་ཏུ་ཟིན་ཀྱང༌། རབ་ཏུ་གསལ་ཞིང་དགའ་བའི་རང་བཞིན་གྱིས་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པ་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་བསམ་གཏན་འདི་ནི་མཐར་ཐུག་ཐོབ་བྱེད་མ་ཡིན་ཏེ་རྫོགས་པའི་རིམ་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ནི་དོར་བར་བྱའོ། །ཞེས་པ་ནས། དེ་ཁོ་ན་ཉིད་ཉེ་བར་སྟོན་པའི་ཚིག་ལྟ་བུའི་རྣམ་པ་ཅན་དེ་བཞིན་གཤེགས་པ་རྣམས་ལས་གསན་ནས། འདི་ནི་དེ་ཁོ་ན་ཉིད་རྣམ་པར་དག་པའི་གནས་མ་ཡིན་ནོ་སྙམ་དགོངས་ཏེ། སྟོང་པ་ཆེན་པོའི་ཏིང་ངེ་འཛིན་མི་གཡོ་བ་བཏང་ཞིང་བོར་ནས་མཚན་ཕྱེད་ཀྱི་དུས་ཏེ་ནམ་གྱི་གུང་གི་དུས་སུ་རྒྱལ་བའི་སྲས་ཤཱཀྱ་ཐུབ་པས་མན་ངག་བཞི་པ་དེ་ཁོ་ན་ཉིད་ལ་དམིགས་པར་གྱུར་ཏོ། །འདིར་དོན་འདི་ཡིན་ཏེ། ནམ་མཁའི་དབྱིངས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་དང་པོའི་འོད་ཟེར་གྱི་འཁོར་ལོ་སྤྲོས་ནས། དེའི་རྒྱུད་སྣོད་དུ་རུང་བར་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་སྤྲོས་ནས། དེའི་གན་དུ་བཏང་སྟེ། དེ་དང་ལྷན་ཅིག་སྙོམས་པར་ཞུགས་པས། མཚམས་དང་མཚན་མོ་དང་ཉིན་མོའི་རིམ་པས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས་མི་གཡོ་བ་སྤངས་ཏེ། ཤེས་རབ་ཀྱིས་དབང་བསྐུར་བ་གསང་བ་ཉིད་ཡིན་པའི་ཕྱིར། མཚན་ཕྱེད་ན་དེ་ཁོ་ན་ཉིད་བཞི་པ་དམིགས་པར་འགྱུར་ཞིང་ཐོབ་པར་གྱུར་ཏོ། །ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །ཡང་གལ་ཏེ་ཉེ་རྒྱུ་ནི་ཉོན་མོངས་པའི་བག་ཆགས་མ་སྤངས་པས་བསྟེན་པ་ཡིན་ལ། དེ་མ་སྤངས་པས་ན་སངས་རྒྱས་སུ་མི་འགྱུར་རོ། །ཞེ་ན་སྐྱོན་མེད་དེ། ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་བསྒོམ་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ནོ། །དེས་བྱང་ཆུབ་ཐོབ་པ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དེ་བཞིན་གཤེགས་པ་དང་དགྲ་བཅོམ་པར་འགྱུར་རོ། །དེས་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང༌། སྔགས་དང་སྨན་གྱིས་བསད་པའི་དུག་ལྟ་བུ་དང༌། དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་བསྐྱེད་དེ། ཞེས་དང༌། ཐེག་བསྡུས་ལས་ཀྱང་གསུངས་པའི་ཕྱིར་རོ། །གལ་ཏེ་བྱ་སྤྱོད་རྣལ་འབྱོར་རྒྱུད་དང་བཅས་པའི་ལམ་བསྒོམས་པས་ཀྱང་ཟུང་འཇུག་རྡོ་རྗེ་འཆང་མི་ཐོབ་བམ་ཞེ་ན། ཐོབ་པ་མ་ཡིན་ཏེ། དེའི་རྒྱུ་མཚན་ཡང༌། འཇམ་དཔལ«་་་་་སློབ་དཔོན་ཡེ་ཤེས་ཞབས། »ཞལ་ལུང་ལས། དེ་འདྲ་མཆོག་རབ་ཡེ་ཤེས་ནི། །སོ་སོ་སྐྱེ་བོས་ག་ལ་ཤེས། །ཉན་ཐོས་རྣམས་ཀྱིས་མི་ཤེས་སོ། །རང་སངས་རྒྱས་ཀྱིས་མི་ཤེས་སོ། །རྣལ་འབྱོར་སྤྱོད་དང་དབུ་མ་པ། །བྱང་ཆུབ་སེམས་དཔས་མི་ཤེས་སོ། །བླ་བཅས་སངས་རྒྱས་ཀུན་གྱིས་ཀྱང༌། །འདི་ནི་ཅུང་ཟད་མི་ཤེས་སོ། །ཞེས་པ་དང༌། དེའི་འགྲེལ་«་་་་་སློབ་དཔོན་སྨན་ཞབས་»པར། སོ་སོ་སྐྱེ་བོ་ཞེས་པ་ནི་ཚངས་པ་ལ་སོགས་པའོ། །ཉན་ཐོས་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའོ། །རང་སངས་རྒྱས་ནི་བསེ་རུ་ལྟ་བུ་དང་ཚོགས་ཤིང་སྤྱོད་པའོ། །རྣལ་འབྱོར་སྤྱོད་དང་དབུ་མ་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་པའོ། །བྱང་ཆུབ་སེམས་དཔའ་ནི་ས་བཅུ་ལ་གནས་པའོ། །བླ་བཅས་སངས་རྒྱས་ཞེས་བྱ་བ་ནི་བྱ་བའི་རྒྱུད་ཀྱི་སངས་རྒྱས་དང༌། སྤྱོད་པའི་རྒྱུད་ཀྱི་སངས་རྒྱས་དང༌། རྣལ་འབྱོར་རྒྱུད་ཀྱི་སངས་རྒྱས་སོ། །དེ་དག་ཐམས་ཅད་ཀྱིས་ཀྱང་འདི་ནི་ཅུང་ཟད་ཀྱང་མི་ཤེས་སོ། །ཞེས་གསུངས་པས་རྒྱུད་སྡེ་དེ་དག་ཏུ། ཉེ་རྒྱུའི་སྤྱོད་པ་དང༌། ཕྱག་རྒྱ་ཆེན་པོའི་བདེ་བའི་ཡེ་ཤེས་ཉིད་མ་གསུངས་པས། འབྲས་བུ་བཅུ་གསུམ་རྡོ་རྗེ་འཛིན་པ་ཐོབ་པ་མ་ཡིན་ཏེ། རྡོ་རྗེ་གུར་ལས། འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །ཞེས་དང༌། ཆོས་དབྱིངས་བསྟོད་པར། དེ་བཞིན་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང༌། །ས་བོན་མེད་པའི་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དུས་གསུམ་གྱི་བདེ་བར་གཤེགས་པ་སངས་རྒྱས་པ་གང་ཡིན་པ་དེ་ནི། རྣལ་འབྱོར་བླ་མེད་ཀྱི་ལམ་ཁོ་ནས་ཐོབ་པ་ཡིན་ཏེ། འདུས་པར། སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །སྔགས་ཀྱི་སྐྱོད་པ་མཆོག་སྤྱོད་པས། །ཆོས་དང་མི་འགྱུར་མཆོག་བརྙེས་རྣམས། །འདོད་པ་ཐམས་ཅད་བརྟེན་པས་སོ། །ཞེས་དང༌། དེའི་འགྲེལ་པར། འདས་པའི་ཡེ་ཤེས་ཅན་རྣམས་ཀྱིས་ཀྱང་སྤྱོད་པ་འདི་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་བོ་ཞེས་བསྟན་པ་ནི་སངས་རྒྱས་ཞེས་པ་ལ་སོགས་པས་གསུངས་ཏེ། སངས་རྒྱས་ནི་རིན་པོ་ཆེ་པའི་གང་ཟག་གོ །བྱང་ཆུབ་སེམས་དཔའ་ནི་པདྨ་དཀར་པོ་ལ་སོགས་པའོ། །སྔགས་ཀྱི་སྤྱོད་པ་ནི་བྱ་བ་དང༌། སྤྱོད་པ་དང༌། གཉིས་ཀའི་རྒྱུད་དུ་བཤད་པའི་སྤྱོད་པའོ། །དེ་དག་གི་མཆོག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་སྤྱོད་པ་སྟེ། སྤྱོད་པའི་ངང་ཚུལ་གང་རྣམས་ཡིན་པ་དེ་དེ་བཞིན་ནོ། །ཆོས་ནི་ཀུན་རྫོབ་ཀྱི་བདེན་པའོ། །མི་འགྱུར་བ་ནི་དོན་དམ་པའི་བདེན་པ་སྟེ། ཆོས་དང་ལྡན་པའི་མི་འགྱུར་བ་ནི། ཆོས་དང་མི་འགྱུར་བའོ། །དེ་གཟུགས་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཉིད་དབང་ཕྱུག་ཐམས་ཅད་ཀྱི་གཞིར་གྱུར་པས་མཆོག་སྟེ་ཕུལ་དུ་བྱུང་བ་བརྙེས་པ་རྣམས་ནི། མངོན་སུམ་དུ་བྱས་པ་རྣམས་འདོད་པ་ཐམས་ཅད་བརྟེན་པས་སོ། །ཞེས་པ་ནི་མཉམ་པར་གཞག་པར་མི་འགྱུར་བའི་ཕྱིར། ཡང་དཀའ་ཐུབ་ལ་སོགས་པ་དགག་པ་མཛད་པ་སྟེ། དགོངས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གལ་ཏེ། ཕྱག་རྒྱ་ཆེན་པོ་བདེ་བའི་ཡེ་ཤེས་ནི། སྟོང་པ་དང་སྙིང་རྗེ་ཟུང་འཇུག་ཡིན་ལ། དེ་ནི་རྣལ་འབྱོར་རྒྱུད་མན་ཆད་ལས་ཀྱང་གསུངས་པས་ན་ལམ་མཚུངས་པར་འགྱུར་རོ། །ཞེ་ན་མི་འགྱུར་ཏེ། ཉན་ཐོས་ཀྱི་ཐེག་པར་སངས་རྒྱས་ཀྱི་ཡོན་ཏན་སོགས་བསྟན་ཀྱང༌། སྟོང་ཉིད་མ་བསྟན་པས། ཐེག་ཆེན་ལ་ཁྱད་པར་ཡོད་པ་བཞིན། རྣལ་འབྱོར་རྒྱུད་མན་ཆད་དུ། སངས་རྒྱས་ཀྱི་བདེ་བ་སོགས་བསྟན་ཡང༌། དེ་མངོན་དུ་བྱེད་པའི་ཐབས་མ་བསྟན་ཞིང་མ་བསྒོམས་པས་འབྲས་བུ་ལ་ཁྱད་ཡོད་དོ། །ཤེས་རབ་ཡེ་ཤེས་གསལ་བ་ལས། སྟོང་པ་དང་སྙིང་རྗེ་དག་སྦྱོར་བ་ཁ་སྦྱོར་མ་ཡིན་ཏེ། བསྐྱེད་པའི་རིམ་པ་ཙམ་གྱིས་སམ། དེ་ལྟ་བུ་ལ་གོམས་པ་ཡིས། རང་རིག་པས་སྟོང་པ་ཉིད་དུ་བདེ་བའི་རྣམ་པ་ཅན་གྱི་ཡེ་ཤེས་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་སྐྱེས་པ་བཞིན་དུ། གང་ལས་ཀྱང་མི་མྱོང་བའི་ཕྱིར་རོ། །དེའི་ཕྱིར་ན་གོམས་པ་མེད་པའི་དེ་ཁོ་ན་ཉིད་ཀྱིས། བདེ་བ་ཆེན་པོའི་བདག་ཉིད་རྡོ་རྗེ་སེམས་དཔའི་གོ་འཕང་མི་ཐོབ་བོ། །དེས་ན་འདོད་ཆགས་ཆེན་པོའི་ཚུལ་འདིར། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ་བའི་ཕྱིར་ཁ་སྦྱོར་བསྟན་པ་ཡིན་ནོ། །དེ་ཉིད་སངས་རྒྱས་ཉིད་ལ་འདིར་ཁྱད་པར་ཡོད་པའི་ཕྱིར། རྡོ་རྗེ་འཆང་ཞེས་བྱའོ། །ཞེས་གསུངས་སོ། །དེ་བས་ན་རྒྱུ་དམན་པའི་ཕྱིར་འབྲས་བུའང་ཅུང་ཟད་དམན་པ་ཡིན་ཏེ། ལྷ་མོ་བཞིས་ཞུས་ཀྱི་འགྲེལ་པར། གསང་བའི་རྒྱུད་རྡོ་རྗེ་ཐེག་པ་ལས་སངས་རྒྱས་པ་ནི། བླ་ན་ཡོད་པ་མིན་ཏེ། དེའི་གོང་ན་ཐེག་པ་གཞན་མེད་པའི་ཕྱིར་རོ། །ཡང་དག་པ་ཡང་ཡིན་ཏེ། ཐེག་པ་ཆེན་པོ་གནས་པའི་ཕྱིར་རོ། །སྦྱོར་བའི་རྒྱུད་དང་མདོ་སྡེ་ཆེན་པོའི་ཐེག་པ་ལས་སངས་རྒྱས་པ་ནི། ཐེག་པ་གོང་ན་ཡོད་པས་བླ་དང་བཅས་པ་ནི་ཡིན་ལ། ཡང་དག་པར་རྫོགས་པ་ཡིན་ཏེ། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་རོ། །ཐེག་པ་ཆུང་ངུ་ལ་སངས་རྒྱས་པའི་ཉན་ཐོས་དང༌། རང་སངས་རྒྱས་ནི་བླ་དང་བཅས་པའང་ཡིན་ལ། ཡང་དག་པར་རྫོགས་པ་མིན་ཏེ། ཐེག་པ་གོང་ན་ཡོད་པའི་ཕྱིར་དང༌། ཡང་ཐེག་པ་ཆུང་ངུ་ལས་ཕྱིར་བཟློག་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་བས་ན་སེམས་ཀྱི་སྒྲིབ་སྦྱོར་ལས། ཇི་ལྟར་འཇིག་རྟེན་ཕལ་པ་ལས། །རྣལ་འབྱོར་པ་ནི་འཇིག་རྟེན་རྒྱལ། །གོང་མ་གོང་མའི་བློ་ཁྱད་ཀྱིས། །རྣལ་འབྱོར་པའང་རྒྱལ་བར་འགྱུར། །ཤེས་རབ་ཆེ་དང་ཐབས་ཆེ་དང༌། །བརྩེ་བ་ཆེ་དང་མོས་པ་ཉིད། །ཐེག་པ་ཆེན་པོར་ཡང་དག་བསྟན། །སེམས་ཅན་ཆེན་པོའི་སྤྱོད་ཡུལ་ཡིན། །ཞེས་གསུངས་པ་ལྟར་འབྲས་བུ་ལའང་ཁྱད་པར་ཅུང་ཟད་ཡོད་དོ། །ཡང་རྒྱུ་ལ་ཁྱད་ཞུགས་པས་འབྲས་བུ་ལ་ཁྱད་འཇུག་པ་ཆོས་ཉིད་ཡིན་ན། རྣལ་འབྱོར་བླ་མེད་དུ་གསུངས་པའི་སྤྱོད་པ་གསུམ་སྤྲོས་པ་མང་ཉུང་གི་ཁྱད་ཡོད་པས་འབྲས་བུ་སོ་སོར་འགྱུར་རོ། །ཞེ་ན། མི་འགྱུར་ཏེ་སྤྱོད་པ་གསུམ་ལ་སྤྲོས་པ་མང་ཉུང་ཡོད་ཀྱང་འདོད་པའི་ཡོན་ཏན་ལྔའི་བདེ་བ་ལ་ལོངས་སྤྱོད་པར་ཁྱད་མེད་པས། འབྲས་བུ་གཅིག་ཏུ་འགྱུར་ཏེ་དཔེར་ན་ཞིང་ལས་བྱེད་པ་ལ་བྱེད་པ་པོ་གང་ཟག་མང་བས་བྱེད་པ་དང༌། ཉུང་བས་བྱེད་པ་གཉིས་འབྲས་བུ་ལོ་ཏོག་ལ་ཁྱད་པར་མི་འབྱུང་བ་བཞིན་ཏེ། སྤྱོད་བསྡུས་ལས། དཔེར་ན་ཤིང་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་རོ། །ཏཱ་ལའི་ལོ་མ་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་རོ། །རས་བལ་གྱི་ལོ་མ་ཚིག་པར་གྱུར་ཀྱང་ཐལ་བར་འགྱུར་ཏེ། ཐམས་ཅད་ཀྱང་ཐལ་བར་འགྱུར་རོ། །དེ་བཞིན་དུ་སྤྱོད་པ་གསུམ་ཆར་གྱིས་ཀྱང་རྡོ་རྗེ་འཛིན་པའི་གོ་འཕང་མངོན་པར་འདོད་པའི་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས་ཏཱ་ལ་ལ་སོགས་པའི་ཤིང་གསུམ་པོའང་སྲ་སྙིའི་ཁྱད་པར་ཡོད་མོད། སྲེག་པ་པོ་མེའི་རང་བཞིན་ལ་ཁྱད་པར་མེད་པས་འབྲས་བུ་ཐལ་བར་དབྱེར་མེད་པ་བཞིན་ནོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ཀྱང་ཚེ་འདི་ལ་སངས་རྒྱས་ཐོབ་པར་འགྱུར་ཏེ། །སྐྱེ་བ་འདིར་སངས་རྒྱས་ཉིད་ས་བཅུ་གཅིག་པ་ཐོབ་པར་སྔར་ཁས་བླངས་པའི་ཕྱིར་རོ། །ཞེ་ན་མ་ཡིན་ཏེ། སྔགས་ཀྱི་ལམ་བསྒོམས་པས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སངས་རྒྱས་ཀྱང་ཐོབ་ཞེས་སྨྲས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཚེ་གཅིག་ལ་སངས་རྒྱས་ཐོབ་ཅེས་ཆོས་ཀྱི་སྤྱན་ལྡན་རྗེ་ས་སྐྱ་པ་ཡབ་སྲས་ཀྱིས་མ་གསུངས་ཤིང༌། དེ་དག་གི་རྗེས་སུ་འབྲངས་པ་ཁོ་བོ་ཅག་གིས་ཀྱང་ཁས་བླངས་པ་མེད་དོ། །ཡང་གཞུང་དེས་གསང་སྔགས་ཀྱི་ལམ་བསྒོམས་པས། ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་ཀྱང་ཐོབ་པར་བཤད་པ་ཡིན་ན། རྒྱུ་འབྲས་འཆོལ་བའི་སྐྱོན་ཡོད་དོ་ཞེ་ན་སྐྱོན་མེད་དེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཉེ་རྒྱུའི་སྤྱོད་པ་དང་སྨིན་བྱེད་ཀྱི་དབང་དང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་ལ་སོགས་པ་མ་བསྟན་ལ། སྔགས་ཀྱི་ཐེག་པར་ནི། སེམས་བསྐྱེད་པ་དང་ལམ་ལྔ་དང་ས་བཅུ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ནས་ཇི་སྐད་གསུངས་པ་བཞིན་བསྟན་པའི་ཕྱིར་རོ། མདོར་ན་ཕ་རོལ་ཏུ་ཕྱིན་པའི་ལམ་སྔོན་དུ་མ་སོང་བའི་སྔགས་ཀྱི་ལམ་མེད་ལ་སྔགས་ལ་མ་བསྟེན་པར་འབྲས་བུ་ས་བཅུ་གསུམ་པ་ཐོབ་པ་མེད་དོ། །གསུང་རབ་ཀུན་གྱི་སྙིང་པོ་མཆོག །རྡོ་རྗེ་ཐེག་པའི་མཐར་ཐུག་གི །ས་མཚམས་ལུང་རིགས་ཉི་མ་ཡིས། །ལོག་རྟོག་ངན་པ་ཀུན་བསལ་བྱས། །དེ་ཡི་དགེ་བ་གང་ཐོབ་དེས། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །ལོག་པའི་ལྟ་བ་ཀུན་སྤངས་ནས། །ཡང་དག་ལམ་ལ་འཇུག་པར་ཤོག །ཅེས་པ་འདི་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ངོ་བོ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ་བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་རྙོག་པ་མེད་པ་ཡན་ལག་མཆོག་གིས་གུས་པར་བླངས་པས་སྡོམ་པ་གསུམ་ཕྱིན་ཅི་མ་ལོག་པར་ཐོབ་ཅིང༌། ཆོས་དང་ཟང་ཟིང་གི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པའི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཉི་སྒྲོལ་གྱི་ལོ་ནག་པ་ཟླ་བའི་ཚེས་བཅུ་གསུམ་ལ་ཆོས་གྲྭ་ཆེན་པོ་དཔལ་ས་སྐྱར་སྦྱར་བའོ།།  །།མངྒལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*