ལམ་འབྲས་ཆོས་འབྱུང་རྩོམ་འཕྲོ། བཤད་ཐབས་གསང་བའི་སྒོ་འབྱེད། ཀ ༽

༼ཀ༽༄༅། །ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་རིན་པོ་ཆེ་བསྟན་པ་རྒྱས་པའི་ཉི་འོད་བཞུགས་སོ།།

ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །དགེ་ལེགས་ཐུགས་རྗེའི་རིན་ཆེན་ཁམས་ལས་གྲུབ། །རྒྱ་ཆེན་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །རྣམ་དག་ཕྲིན་ལས་འོད་ཟེར་སྟོང་འཕྲོ་བ། །རྗེ་བཙུན་བླ་མ་ནམ་མཁའི་ནོར་བུ་རྒྱལ། །ལམ་མཆོག་མཐར་ཐུག་གསུང་ངག་རིན་པོ་ཆེ། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་དག་ཏུ། །ཇི་ལྟར་བྱུང་དང་བརྒྱུད་པ་སོ་སོའི་སྲོལ། །མ་འདྲེས་གོ་བདེའི་ངག་གིས་བཤད་ཀྱིས་ཉོན། །འདིར་བདེ་བར་གཤེགས་པའི་གསུང་རབ་མདོ་སྡེ་དང༌། རྒྱུད་སྡེ་མཐའ་དག་གི་ཉམས་ལེན་གྱི་གནད་ཕྱོགས་གཅིག་ཏུ་བསྡུས་ནས། སྐལ་ལྡན་གྱི་འགྲོ་བ་ཐམས་ཅད་མཁྱེན་པའི་ས་ལ་འཁྲིད་པར་བྱེད་པའི་ཐབས། ལམ་འབྲས་བུ་དང་བཅས་པའི་མངོན་པར་རྟོགས་པ་མཐའ་དག་ཚང་ལ་མ་ནོར་བར་སྟོན་པ་ནི། རྗེ་བཙུན་བིརྺ་པས་རྣམ་པར་བཀྲལ་བའི་ལམ་རྒྱས་པ་འདི་ཡིན་ནོ། །འདི་འཆད་པ་ལ་གསུམ་སྟེ། ཐོག་མར་མན་ངག་གི་བྱུང་ཚུལ་དང༌། བྱུང་བའི་ཆོས་ལ་བཤད་བསྒྲུབ་བྱ་ཚུལ་དང༌། སྒྲུབ་པ་མཐར་ཕྱིན་པས་གཞན་དོན་བྱ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྒྱ་གར་དུ་བྱུང་ཚུལ། དེ་བོད་དུ་བྱོན་ཚུལ་ལོ། །དང་པོ་ལ་སྤྱིར་བསྟན་པ་དར་ཚུལ། ཁྱད་པར་ལམ་སྐོར་དགུ་བྱུང་ཚུལ། བྱེ་བྲག་ཏུ་གསུང་ངག་དར་ཚུལ་ལོ། །དང་པོ་ནི་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་སུ་ཟིན་ཡང་གདུལ་བྱའི་ངོར་ཛམྦུའི་གླིང་དུ། ཚེ་ལོ་བརྒྱ་པ་ལ་སངས་རྒྱས་པའི་ཚུལ་བསྟན་ནས། གདུལ་བྱ་ཕར་ཕྱིན་ཐེག་པ་ལ་མོས་པ་རྣམས་ལ། བཀའ་དང་པོ་བདེན་པ་བཞི། གཉིས་པ་མཚན་ཉིད་མེད་པ། གསུམ་པ་དོན་དམ་རྣམ་ངེས་ལས་བརྩམས་ནས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང༌། གདུལ་བྱ་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ལ་མོས་པ་རྣམས་ལ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་སྟེ། རྒྱུད་སྡེ་བཞིའི་ཆོས་འཁོར་བསྐོར་བས། གདུལ་བྱ་རྣམས་རང་རང་གི་ལམ་དང་འབྲས་བུ་ལ་བཀོད་ནས། མཐར་གྲོང་ཁྱེར་རྩྭ་མཆོག་གི་ཤིང་སཱ་ལ་ཟུང་ཅིག་གི་ཚལ་དུ། མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། དེའི་རྗེས་སུ་དེ་ཉིད་ཀྱི་བསྟན་པ་ཡུན་རིང་དུ་གནས་ཏེ། སེམས་ཅན་ལ་ཕན་བདེ་འབྱུང་བ་ཡིན་ནོ། །དེའང་འབྲས་བུའི་དུས་ལྔ་བརྒྱ་པ་ཕྲག་གསུམ། བསྒྲུབ་པའི་དུས་ལྔ་བརྒྱ་པ་ཕྲག་གསུམ། ལུང་གི་དུས་ལྔ་བརྒྱ་པ་ཕྲག་གསུམ་སྟེ། ལྔ་བརྒྱ་པ་ཕྲག་དགུ། རྟགས་ཙམ་འཛིན་པ་ལྔ་བརྒྱ་པ་ཕྲག་གཅིག་སྟེ། ལྔ་བརྒྱ་པ་ཕྲག་བཅུར་གནས་པར་གསུངས་པ་ལས། འབྲས་བུའི་དུས་ལ་རྒྱུན་ཞུགས། དགྲ་བཅོམ། ཕྱིར་འོང༌། ཕྱིར་མི་འོང་ཐོབ་པ་མང༌། སྒྲུབ་པའི་དུས་ལ་ཞི་ལྷག་སྒོམ་པ་དང༌། ཚུལ་ཁྲིམས་དང་ལྡན་པ་མང༌། ལུང་གི་དུས་སྡེ་སྣོད་གསུམ་སོ་སོར་སྤྱོད་པ་མང་བར་གསུངས། དེ་ལས་སྔོན་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བས། ལོ་ལྔ་བརྒྱ་འགྲིབ་སྟེ། དེའི་ལྷག་མ་རྣམས་ཕལ་ཆེར་རྒྱ་གར་དུ་གནས་པས། སངས་རྒྱས་བྱོན། ཆོས་གསུང༌། བཀའ་བསྡུས་པས་བསྟན་པ་དར་བའི་ཡུལ་རྒྱ་གར་དབུས་ཡིན་ལ། དེར་ཁྲིམས་གཉིས་ཀ་ཤིན་ཏུ་དར་བ་བྱུང་བ་ཡིན་ཞིང༌། དགྲ་བཅོམ་པ་དང༌། ལན་ཅིག་ཕྱིར་འོང༌། ཕྱིར་མི་འོང་རྒྱུན་ཞུགས་ཏེ་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༌། རྒྱན་དྲུག་མཆོག་བརྒྱད་དང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏི། བྲམ་ཟེ་ཆེན་པོ་ས་ར་ཧ། གྲུབ་ཆེན་ཀུ་ཀུ་རི་པ་ལ་སོགས་པ་མདོ་སྔགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཀྱི་མཁས་པ་རྣམས་དང༌། གཞན་ཡང་མཁས་པ་དང༌། གྲུབ་པ་བརྙེས་པའི་སྐྱེས་བུ་དུ་མ་བྱོན་ནས་བསྟན་པ་ཡུན་རིང་དུ་གནས་པར་མཛད་པ་ཡིན་ནོ། །གཉིས་པ་ནི། འཕགས་པའི་ཡུལ་གྱི་པཎ་གྲུབ་རྣམས་རྣལ་འབྱོར་བླ་མེད་ཀྱི་གདམས་ངག་ལ་མཆོག་ཏུ་འཛིན་ཅིང༌། ཉམས་ལེན་ཡང་བསྐྱེད་རྫོགས་གཉིས་ལ་མཛད་པ་ཤ་སྟག་གོ །རྣལ་འབྱོར་བླ་མེད་ཀྱི་གདམས་ངག་ལ། ཟབ་ཅིང་ཁུངས་ཐུབ་པའི་ལམ་སྐོར་དགུ་ཞེས་གྲགས་ཏེ། དེ་ཡང་བླ་མ་རྡོ་རྗེ་གདན་པས། ཆུ་བོ་ཆེན་པོ་གྱེན་ལ་བཟློག །ཆང་ལ་ཉི་མ་གཏེང་པར་བཅུག །བིརྺ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་རྣལ་འབྱོར་དབང་ཕྱུག་གིས། རྩ་རྒྱུད་བརྟག་པ་གཉིས་པ་དང༌། སམྦུ་ཊི་ལ་སོགས་པའི་རྒྱུད་ལ་བརྟེན་ནས། རྡོ་རྗེ་བདག་མེད་མའི་བཀའ་བཞིན་དུ། ལམ་འབྲས་བུ་དང་བཅས་པའི་མན་ངག་གསལ་བར་མཛད་དོ། །དེ་བཞིན་དུ། ཟླ་བའི་རིགས་ལ་དངོས་གྲུབ་བརྙེས། །པདྨ་ཅན་དང་ལྷན་ཅིག་བཞུགས། །མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་པདྨ་བཛྲས། བརྟག་གཉིས་ལ་བརྟེན་ནས། སྒྲུབ་ཐབས་མཚོ་སྐྱེས་དང༌། མར་མེའི་རྩེ་མོ་ལྟ་བུའི་རྫོགས་རིམ་བརྩམས། དེའི་མན་ངག་བསྐྱེད་རིམ་ཟབ་པའི་ཚུལ་དགུས་ཟབ་པ། བསྙེན་སྒྲུབ་བཞིའི་ཆོ་གའི་ཡན་ལག་ཆ་དབྲི་བ་དང་བཅས་པ་མཛད་དོ། །ཡང༌། དགེ་སློང་ལུས་ལ་དངོས་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་རྒྱུད་ཀྱི་རྣམ་གྲངས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས། བྱང་ཆུབ་སེམས་འགྲེལ་བརྩམས། དེའི་དོན། མཆོད་རྟེན་གྱི་དྲུང་དུ་སེམས་ཐག་བཅད་པའི་མན་ངག་མཛད་དོ། །ཡང༌། གདིང་པ་བཏིངས་ནས་གངྒཱ་བརྒལ། །སྟག་ལ་ཞོན་ནས་དངོས་གྲུབ་བརྙེས། །ཌོམྦྷི་ཧེ་རུ་ཀ་ཞེས་བྱ། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་ཌོམྦྷི་ཧེ་རུ་ཀས། བརྟག་གཉིས་ལ་བརྟེན་ནས། ལྷན་ཅིག་སྐྱེས་གྲུབ་བརྩམས། དེའི་དོན་ལྷན་ཅིག་སྐྱེས་པ་གསུམ་གྱིས་ལམ་རྫོགས་པའི་མན་ངག་མཛད་དོ། །ཡང༌། རྒྱལ་རིགས་ཨུ་རྒྱན་གནས་ན་བཞུགས། །ལྕམ་སྲིང་གཉིས་ཀྱིས་དངོས་གྲུབ་བརྙེས། །ཨིནྡྲ་བྷཱུ་ཏི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་རྒྱལ་པོ་ཨཱིནྡྲ་བྷཱུ་ཏིས། ཡེ་ཤེས་ཐིག་ལེའི་རྒྱུད་ལ་བརྟེན་ནས། དབང་ཡོན་ཏན་རིམ་པ་བརྩམས། དེའི་དོན་ཕྱག་རྒྱས་ལམ་རྫོགས་པའི་མན་ངག་མཛད་དོ། །ཡང༌། ཐར་བུའི་ལུས་ལ་ཤིང་མཁན་རིགས། །མུ་དྲ་མ་དང་དངོས་གྲུབ་བརྙེས། །ཏོག་ཙེ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་ཏོག་ཙེ་པས། སམྦུ་ཊི་ལ་བརྟེན་ནས། བསམ་མི་ཁྱབ་པ་བརྩམས། དེའི་དོན་བསམ་མི་ཁྱབ་པ་ལྔས་ལམ་རྫོགས་པ་མཛད་དོ། །ཡང༌། བླ་མའི་བཀའ་བཅག་སྤྱོད་པ་མཛད། །སྲིད་པ་བར་དོར་རྫོགས་སངས་རྒྱས། །ནག་པོ་སྤྱོད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་ནག་པོ་སྤྱོད་པས། བདེ་མཆོག་ལ་བརྟེན་ནས། ཨོ་ལ་པ་ཏི་བརྩམས། དེའི་དོན་གཏུམ་མོ་ལམ་རྫོགས་པའི་མན་ངག་མཛད་དོ། །ཡང༌། རྒྱལ་རིགས་ཉི་མིའི་ཟེར་ལ་གཤེགས། །རིལ་བུ་ས་འོག་མིག་སྨན་སྤྱོད། །ངག་གི་དབང་ཕྱུག་ཅེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་ངག་དབང་གྲགས་པས། གསང་འདུས་དང་བརྟག་གཉིས་གཉིས་ཀ་ལ་བརྟེན་ནས། བཞི་པ་སྣང་བ། ཡན་ལག་བདུན་ལྡན། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་སྟེ་གཞུང་གསུམ་བརྩམས། དེའི་དོན་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་གདམས་ངག་མཛད་དོ། །ཡང༌། དཀའ་ཐུབ་བོར་ནས་སྤྱོད་པ་མཛད། །ལྟ་སྟངས་མཛད་ཅིང་དངོས་གྲུབ་བརྙེས། །ནག་པོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་རྣལ་འབྱོར་པ་ནག་པོ་ཨུ་ཙི་ཏྲ་འཆི་བ་མེད་པས། མ་རྒྱུད་མཐའ་དག་གི་མན་ངག རླུང་བཙན་ཐབས་སུ་དབུ་མར་འཇུག་པ། ཡོན་པོ་སྲོང་བའི་མན་ངག་མཛད་དོ། །འདི་དང་ཨོ་ལ་པ་ཏི་མཛད་མཁན་གྱི་ནག་པོ་པ་གཉིས་མི་གཅིག་པར་བརྒྱུད་པ་ལས་ཤེས་སོ། །དེ་ལྟར་མཛད་མཁན་བརྒྱད་ཀྱིས་ཟེར་ཡང༌། དགུས་མཛད་པའི་གདམས་ངག་དགུ་ལ་ལམ་སྐོར་དགུར་གྲགས་སོ། །གསུམ་པ་ནི། དེ་ལྟར་ལམ་སྐོར་དགུའི་ནང་ནས། སློབ་དཔོན་ཆེན་པོ་བིརྺ་པའི་ལམ་འདི་དུས་ཅི་ཙམ་ནས་བྱུང་སྙམ་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ནས་འཕགས་པ་ཀླུ་སྒྲུབ་བྱོན་ཏེ་ལོ་དྲུག་བརྒྱའི་བར་དུ་བཞུགས་སོ། །འཕགས་པའི་སྐུ་ཚེའི་སྨད་ཀྱི་སློབ་མ་ནི། སློབ་དཔོན་ཨཱརྻ་དེ་ཝ་ཡིན་ལ། དེའི་སློབ་མ་ནི་སློབ་དཔོན་བིརྺ་པ་ཡིན་ནོ། །ཞེས་དམ་པ་རྒྱ་གར་གྱི་མན་ངག་ལས་བྱུང་ཞིང༌། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་དབུ་མའི་འགྲེལ་པར། སློབ་དཔོན་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ་ལ། སློབ་དཔོན་འདིས་འགྲེལ་པ་མཛད་པར་བཤད་དོ། །ཡང༌། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ནས་འཕགས་པ་ཐོགས་མེད་བྱོན་པར་མཁན་པོ་ཝ་ན་བརྩེགས་ཀྱིས་བཤད་ལ། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་འཇམ་དཔལ་རྩ་རྒྱུད་དུ་དགུང་ལོ་ཕྱེད་དང་ཉིས་བརྒྱ་བཞུགས་པར་བཤད་དོ། །དེའི་སློབ་མ་སློབ་དཔོན་ཆོས་སྐྱོང་ཡིན་པར་མདོ་སྡེ་ས་བཅུ་པའི་བརྒྱུད་པ་ལས་འབྱུང་ངོ༌། །དེས་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ཉི་ཤུ་ཙམ་འདས་པ་ན་སློབ་དཔོན་འདི་བྱོན་པར་མངོན་ཏེ། དབུ་མ་རང་རྒྱུད་པ་རྣམས་ཀྱི་ལུགས་ལ། ཀླུ་སྒྲུབ་དང་ཡེ་ཤེས་སྙིང་པོ་གཉིས་ཀྱི་བར་ན་ལེགས་ལྡན་བྱེད་དང་དཔལ་སྦས་གཉིས་ལས་མེད་ལ། ཡེ་ཤེས་སྙིང་པོས་སློབ་དཔོན་འདི་ཕྱོགས་སྔར་བཀོད་པའི་ཕྱིར་ན་སྔར་སྨོས་པའི་དུས་དེ་ཤིན་ཏུ་རིགས་པ་ཡིན་ནོ། །གཟའ་ཡུམ་གྱི་མདོའི་བརྒྱུད་པ་ལ་ནི། བིརྺ་པའི་དངོས་སློབ་སློབ་དཔོན་ཞི་བ་འཚོ་ཡིན་པར་བཤད་ལ། དེ་ལྟར་ན་ཞི་འཚོ་ལོ་སྟོང་ལྔ་བརྒྱ་དང་གཅིག་ཐུབ་པར་གྲགས་ལ། སློབ་དཔོན་དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་ཀྱི་རབ་གནས་ལ་ལུག་གི་ལོར་སྤྱན་དྲངས། ལོ་དེ་ཉིད་ཀྱི་དཔྱིད་ཟླ་ར་བའི་ཡར་ངོ་ལ་འཁོན་ཀླུའི་དབང་པོ་སོགས་སད་མི་མི་བདུན་རབ་ཏུ་བྱུང་བར་བཤད་པས་དུས་འགྲིགས་པར་སྣང་ངོ༌། །གཞན་ཡང་མཚན་བརྗོད་ཀྱི་འགྲེལ་པ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ་ལས། འཇམ་དཔལ་སངས་རྒྱས་ཡེ་ཤེས་དང༌། །པདྨ་ཡན་ལག་མེད་པ་དང༌། །སྒེག་པ་བཞད་པའི་རྡོ་རྗེ་དང༌། །གསུང་གི་མྱུ་གུ་མགྲིན་གསུམ་དང༌། །ཨིནྡྲ་བྷཱུ་ཏི་ལེགས་གསུང་དང༌། །ཆོས་སྐྱོང་དང་ནི་དཔལ་སྦས་དང༌། །ཡེ་ཤེས་བཤེས་གཉེན་ཡེ་ཤེས་གྲགས། །ཏྲི་བི་ཀྲ་མ་ཆོས་དབང་པོ། །དཔལ་ལྡན་དབང་ཕྱུག་ཟླ་བཟང་དཔལ། །འདི་དག་བརྒྱུད་པའི་རིམ་པ་ལས། །བདག་གིས་འགྲེལ་པ་འདི་བརྩམས་པས། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །ཅེས་འབྱུང་ངོ༌། །དེ་ལྟ་བུའི་སློབ་དཔོན་གནས་བརྟན་ཆོས་སྐྱོང་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དེ་ལ། སྤྲུལ་པའི་སྐུ་རྡོ་རྗེ་བདག་མེད་མས་དབང་བསྐུར་ཞིང༌། རྒྱུད་སྡེ་རིན་པོ་ཆེ་གདམས་ངག་དང་བཅས་པ་བྱིན་པས་ས་དྲུག་པ་ལ་གནས་པའི་སེམས་དཔའ་ཆེན་པོར་གྱུར་ཏོ། །ཕྱིས་སྤྱོད་པ་མཛད་པ་ན་དཔལ་བིརྺ་པ་ཞེས་གྲགས་སོ། །གྲུབ་ཆེན་འདི་འཕགས་ཡུལ་གྱི་སློབ་དཔོན་ཕྱི་མ་མང་པོས་དཔང་པོར་བྱས་པ་ཞིག་སྟེ། སློབ་དཔོན་ཐུབ་པ་བྱིན་དང༌། གྲུབ་ཐོབ་དཔའ་བོ་འོད་གསལ་དང༌། པཎྜི་ཏ་དརྤན་ཨཱ་ཙརྻ་རྣམས་ཀྱིས་འདིའི་མན་ངག་རྣམས་ཁུངས་སུ་དྲངས་ནས་བཤད་པ་བྱས་པའི་ཕྱིར་རོ། །གྲུབ་ཆེན་དེས་དབང་བསྐུར་རྒྱུད་བཤད། མན་ངག་བྱིན་ནས་བྱིན་གྱིས་བརླབས་པ་ནི། ཚེའི་རིག་འཛིན་བརྙེས་པའི་སློབ་དཔོན་ཤར་ཕྱོགས་ནག་པོ་པ་སྟེ། སློབ་དཔོན་འདི་ཡང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་པའི་ཚེ། ཤར་ཕྱོགས་ཀྱི་རྒྱལ་པོ་ཞིག་བཙུན་མོའི་ཚོགས་བདུན་ཅུ་རྩ་གཉིས་ལ་ཆགས་ནས། དེས་འཁོར་བར་འཆིང་བར་འདུག་པ་ལ། རྐྱེན་དགེ་བའི་བཤེས་གཉེན་ཅིག་དང་ཕྲད་ན། གྲོལ་བར་འདུག་པ་མཁྱེན་ནས། རྒྱལ་པོ་དེའི་བཙུན་མོའི་ཚོགས་སུ་ཞུགས་པ་དང༌། དེ་ཉུག་རུམ་པ་དང༌། བློན་པོའི་ཚོགས་གཅིག་ནས་གཅིག་ཏུ་བསྲིངས་ཏེ། རྒྱལ་པོའི་སྙན་དུ་བྱུང་བ་དང༌། རྒྱལ་པོ་ན་རེ། དེ་ལ་ཆད་པ་ཆོད་ཅིག་ཟེར། དེར་རྒྱལ་པོའི་འཁོར་མི་ཕྱིན་པ་དང༌། སློབ་དཔོན་གཟུང་ཡུལ་འགགས་པའི་སྟོབས་ཀྱིས། ནང་དུ་ཕྱིན་ཙམ་ན་ཐོགས་པ་མེད་པར་ཕྱིར་སོང༌། ཕྱིར་ཕྱིན་ཙ་ན་ནང་དུ་ཡོང་བ་ལ། ཕྱི་ནང་གཉིས་ཀ་དམག་གིས་བཀང་བས་སློབ་དཔོན་གཅིག་ལ་གཉིས་སུ་སོང་བ་ལས། ཐ་མ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་སོང་སྟེ། གང་ལ་བརྡེག་ཆ་མེད་དུ་སོང་བ་ལས། རྒྱལ་པོས་གསེར་གྱི་ཅོད་པཎ་ཕུད་དེ། ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། རྗེས་སུ་བཟུང་བར་ཞུས་པས། ལུས་པོ་རིམ་གྱིས་བསྡུས་ཏེ། རྩ་བའི་སྐུ་ལུས་གཅིག་ཏུ་གྱུར་ནས་རྒྱལ་པོ་དེ་རྗེས་སུ་བཟུང༌། རིག་པ་མཁས་པས་སེམས་མ་རྟོགས་པས། ཐ་སྙད་མཁན་ལ་ངོ་མཚར་མེད། སྲིན་བྱེད་རང་གི་གཟུགས་མ་མཐོང་བས། གཞན་མཐོང་བ་ལ་ངོ་མཚར་མེད། ཨེ་མ་མཁའ་ལ་འགྲོ་བའི་བྱ་དེ་ལམ་དང་རྗེས་ལ་དམིགས་མི་འགྱུར། །བདེ་ཆེན་དེ་བཞིན་ཉིད་འདི་ཐ་སྙད་སྒྲས་མི་མཚོན། །ཨེ་མ་མཁས་པ་སྙིང་རེ་རྗེ། །རང་ལ་ཡོད་ནས་གཞན་དུ་ཚོལ། །བུ་ཤི་བ་ཡི་མྱ་ངན་བཞིན། །དཔག་མེད་བསྒྲུབ་ཀྱང་འགྲུབ་མི་འགྱུར། །ཕྱག་རྒྱ་ཆེན་པོ་རང་ལ་ལྷུན་གྱིས་གྲུབ་པ་སྟེ། །མི་བསམ་འབད་མེད་རིག་པ་ངང་ལ་ཞོག །ཆད་པར་མི་འགྱུར་རིག་པ་ངང་གིས་ཉམས་སུ་མྱོང༌། །རྟག་པར་མི་འགྱུར་མངོན་ཞེན་མེད་པར་ཟུང་དུ་ཆུད། །ཅེས་ཚིགས་བཅད་དེ་རྣམས་གསུངས་པས། རྒྱལ་པོ་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་ནས། འཁོར་དང་བཅས་པ་གྲོལ་བར་བྱས་སོ། །ཞེས་ཞ་མ་ལུགས་ཀྱི་གཞུང་བཤད། སྤང་རྗེ་ཉི་མ་གྲགས་ཀྱིས་བྱས་པ་ལས་འབྱུང་ངོ༌། །དེས་གྲུབ་ཆེན་ཌཱ་མ་རུ་པ་ལ་བྱིན་གྱིས་བརླབས་ཤིང་གདམས་ཏེ། སློབ་དཔོན་འདིས་ཀྱང༌། མུ་སྟེགས་འདུལ་བའི་དོན་དུ། སྨྱོན་པའི་བརྟུལ་ཞུགས་མཛད་ནས། ཕྱག་གཡས་པས་སྟག་མི་ཟན་གྱི་མགྲིན་པ་ནས་བཟུང༌། གཡོན་པས་མུ་སྟེགས་ཀྱི་རྒྱལ་པོའི་སྐྲ་ནས་བཟུང་སྟེ། ཁུར་དུ་ཁུར་ནས་བྱོན་པས་མུ་སྟེགས་ཀྱི་འཁོར་ལྔ་བརྒྱ་དང་བཅས་པ་ཕྱི་བཞིན་འབྲེངས་ཤིང་གུས་འདུད་བྱས་ནས། དེ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དོ། །ཞེས་འབྲོམ་ལུགས་ལས་འབྱུང་ངོ༌། །སློབ་དཔོན་དེས་གྲུབ་ཆེན་ཨ་ཝ་དྷཱུ་ཏཱི་པ་ལ་གདམས་ཏེ། སློབ་དཔོན་འདི་ཡང་བྷུ་སུ་ཀུའི་སྤྱོད་པ་སྐྱོང་ཞིང༌། སྐུ་གཅེར་བུར་བཞུགས་པ་ལ་བཱ་ར་ཎ་སཱིའི་བྱིས་པ་ལྔ་བརྒྱས་སྐུ་ལ་ཅོ་འདྲི་ཞིང་རྩེད་མོ་རྩེ་བས་འགྲོ་བ་མང་པོའི་དོན་མཛད་དོ། །དེ་ལྟར་ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ་སྟེ་གསུམ་པོ་འདིས། དེ་ཁོ་ན་ཉིད་རྟོགས་པར་རྗེ་བཙུན་གྱིས་བཤད་པས། ས་དང་པོ་ཡན་ཆད་ལ་གནས་པའི་འཕགས་པར་གྲུབ་བོ། །དེས་གྲུབ་ཆེན་ག་ཡ་དྷ་ར་ལ་གདམས་ཏེ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ནས། ནུབ་གསུམ་དུ་དབང་གི་ཡེ་ཤེས་བསྐྱངས་པས། སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཏིང་ངེ་འཛིན་སྐྱེས། ཌཱ་མ་རུ་བར་སྣང་ལ་བཞག་པས་རང་དཀྲོལ་དུ་འབྱུང་བ་དང༌། གདུགས་ཡུ་བ་མེད་པར་ནམ་མཁའ་ལ་བཞག་པས་རང་འཁོར་དུ་འབྱུང་བ་སོགས་ཀྱིས་ཡོན་ཏན་དཔག་ཏུ་མེད་པ་ཡོད་ཅེས་འབྲོམ་ལུགས་སུ་འབྱུང་ངོ༌། །གསང་འདུས་འགོས་ལུགས་པ་རྣམས་སློབ་དཔོན་འདི་དང་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གཉིས་གཅིག་པར་བཞེད་ལ། དེ་ལྟར་ན། བླ་མ་རྡོ་རྗེ་གདན་པས། རྒྱལ་རིགས་རིག་པའི་གནས་ལྔ་མཁས། །ནམ་མཁའི་ལྷ་ལ་ཐེ་ཚོམ་གཅོད། །སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་དུ་བགྲངས་པས། ཕྱིས་ཏིང་ངེ་འཛིན་བསྒོམས་པས་བདེན་པ་མཐོང་བ་ཡན་ཆད་ཀྱི་རྟོགས་པ་སྐྱེས་པར་ཐེ་ཚོམ་མེད་དོ། །དེ་ལྟར་འཕགས་ཡུལ་གྱི་གྲུབ་ཆེན་དེ་དག་གིས། བཤད་སྒྲུབ་གཉིས་ཀྱི་སྒོ་ནས། གསུང་ངག་རིན་པོ་ཆེ་དར་ཞིང་རྒྱས་པར་བྱས་སོ། །གཉིས་པ་བོད་དུ་བྱོན་ཚུལ་ལ་གསུམ་ལས། དང་པོ་བསྟན་པ་སྤྱིའི་བྱོན་ཚུལ་ལ་གསུམ་སྟེ། དང་པོ་བསྟན་པ་སྔ་དར་གྱི་ལོ་རྒྱུས་ནི། འོ་ན་བསྟན་པ་དེ་བོད་དུ་ཅི་ཙམ་ན་བྱུང་སྙམ་ན། བོད་མཐའ་འཁོབ་ཡིན་པས་སྔོན་ཁྲིམས་གཉིས་ཀ་མེད་དེ། ཟས་སུ་རི་དྭགས་ཀྱི་ཤ་ཟ། པགས་པ་གོས་སུ་གྱོན། དགེ་སྡིག་གི་བྱེ་བྲག་གང་ཡང་མི་ཤེས་ཤིང༌། རང་དགར་སིལ་བུར་གནས་པས་ཡུན་རིང་པོར་ཆོས་ཀྱི་མིང་ཙམ་ཡང་མ་བྱུང་ངོ༌། །བོད་འདི་གང་ལས་འཕེལ་སྙམ་ན། སྔོན་རྒྱ་གར་དུ་ཁྱབ་འཇུག་དང་འཐབ་དཀའ་འགྲས་ཏེ། ཁྱབ་འཇུག་གིས་སྐྱ་བསེང་གི་ཕྱོགས་བྱས་ཏེ། གཡུལ་བྱས་པ་ན། སྲིད་སྒྲུབ་ཀྱིས་ཁོ་བོའི་ཉེ་དུའི་ཚོགས་གསོད་མི་ནུས་ཞེས་སྨྲས་པ་དང༌། ཁྱབ་འཇུག་གིས། གང་གིས་མི་ནི་བསད་པ་དང༌། །གང་གིས་གསོད་པར་བྱེད་པ་དག །དེ་དག་གཉིས་ཀ་མི་རིགས་ཏེ། །གསོད་དང་གསོད་པ་ཡོད་མིན་ཏེ། །རིགས་དང་འདུལ་བ་ཕུན་སུམ་ཚོགས། །བྲམ་ཟེ་བ་གླང་གླང་པོ་དང༌། །ཁྱི་དང་སྨེ་ཤ་ཅན་དག་དང༌། །མཁས་པ་རྣམས་ནི་མཉམ་པར་བལྟ། །ཞེས་སོགས་མེད་ལྟའི་ཚིག་དང༌། གཟུགས་སྣ་ཚོགས་པ་བསྟན་པས་བསླུས་ནས། སྲིད་སྒྲུབ་ཀྱི་ཁ་ལོ་ཁྱབ་འཇུག་གིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དཀའ་རིགས་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་བྱས་སོ། །དེའི་ཚེ་རུ་པ་རྟི་ཞེས་བྱ་བ་རྒྱལ་པོ་དཔུང་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་དུ་གནས་པའི་རིགས། དེང་སང་ཡང་བོད་ཅེས་གྲགས་པ་ཡིན་ནོ། །ཞེས་ལྷ་ལས་ཕུལ་བྱུང་གི་འགྲེལ་པ་ཤེས་རབ་གོ་ཆས་བྱས་པ་ལས་བཤད་དོ། །དེ་ལྟ་བུའི་བོད་འདིར། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོར། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ནས། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། ལོ་དེ་ཙམ་ན་བསྟན་པ་དབུ་བརྙེས་ནས། རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད། ཅེས་དེང་སང་གི་བར་གཏམ་དུ་གྲགས་པ་ཡིན་ནོ། །ཚུལ་ཇི་ལྟར་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཕོ་བྲང་གི་སྟེང་དུ་མདོ་ཟ་མ་ཏོག་བཀོད་པ། གསེར་གྱིས་བྲིས་པའི། དཔང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ། ཙིནྡྷ་མ་ཎིའི་བརྐོས་ཕོར་རྣམས་ཕྱག་ཏུ་བྱུང་བ་ལས། གང་ཡིན་ངོ་མ་ཤེས་ཀྱང༌། ཡིད་དུ་འོང་བས་མིང་གཉན་པོ་གསང་བ་ཞེས་བྱ་བར་བཏགས་ནས། ཕྱག་མཆོད་བྱས་པས། རྒྱལ་སྲིད་མངའ་ཐང་ཆེར་རྒྱས་ཏེ་འཕེལ་བས་དམ་པའི་ཆོས་ཀྱི་དབུ་བརྙེས་སོ། །དེ་ནས་རྒྱལ་རབས་ལྔ་ན། སྲོང་བཙན་སྒོམ་པོའི་རིང་ལ་རྒྱ་གར་གྱི་ཡི་གེ་མཁས་པ་ལི་བྱིན་གདན་དྲངས་ནས། གླང་ཁམས་པ་གོ་ཆ་དང༌། ཐོན་མི་སམྦྷོ་ཊ་གཉིས་ཀྱིས་བོད་ཀྱི་ཡི་གེ་བརྩམས། སྐད་ལ་སྐད་དོད་བཙལ་ཏེ། དམ་ཆོས་བསྒྱུར་དུ་བཏུབ་མི་བཏུབ་ལྟ་བའི་ཆེད་དུ་སྒྲུང་ལ་སོགས་པ་བསྒྱུར་བས་བཏུབ་པར་གོ་ནས། མདོ་ཟ་མ་ཏོག་བཀོད་པ། པདྨ་དཀར་པོ། ཙིནྡྷ་མ་ཎི། འདུས་པ་རིན་པོ་ཆེ་ཏོག་གཟུངས། རྒྱལ་པོ་མདོ་ལྔ་ལ་སོགས་པ་མང་དུ་བསྒྱུར། ལྷ་ཁང་མང་དུ་བཞེངས། ཆོས་དགེ་བ་བཅུ་སྤེལ་ཞིང་གཏན་ཁྲིམས་རྣམ་པ་ལྔ་བཅས། བཤད་ཉན་གྱི་སྲོལ་དང་ཆོས་གྲྭ་མང་དུ་བཙུགས་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད། ཕྱིས་གདུང་རབས་ལྔ་ན་ཆོས་དར་བ་ལུང་བསྟན་ཏེ། དེ་ནས་གདུང་རབ་ལྔ་ལ་རྒྱལ་པོ་ཁྲི་སྲོང་སྡེའུ་བཙན་བྱོན་ནས། དེའི་རིང་ལ་སློབ་དཔོན་ཞི་བ་འཚོ་དང་པདྨ་གདན་དྲངས་ནས། སློབ་དཔོན་པདྨས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ། བསམ་ཡས་བཞེངས་པའི་ས་ཆོག་མཛད། སློབ་དཔོན་ཞི་བ་འཚོས་རབ་གནས་མཛད། གཞན་ཡང་པཎྜི་ཏ་སངས་རྒྱས་གསང་བ་དང༌། མཁན་པོ་དཱ་ན་ཤཱི་ལ་དང༌། དྷརྨ་ཀཱིརྟི། ཀ་མ་ལ་ཤཱི་ལ་དང༌། བི་མ་ལ་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་ལ་སོགས་པ་མང་པོ་གདན་དྲངས་ནས། གཞོན་ནུ་བློ་གསལ་བ་རྣམས་ལ་སྒྲ་དང་ལོཙྪ་སློབ་དུ་བཅུག་པ་ལས། ཐོག་མར་ལོཙྪ་བ་སད་མི་མི་བདུན་བྱ་བ་བྱུང་སྟེ། དེ་ལ་རྒན་གསུམ་ནི། དབས་རཏྣ་རཀྵི་ཏ། རིན་ཆེན་བསྲུང་བ་ཞེས་བྱ་བ་བོད་ཡུལ་དུ་བཙུན་པ་བྱུང་བ་ལ་སྔ་བ་མཁན་པོ་བོ་དྷི་སཏྭ་སྐུ་གཤེགས་ནས་འདིས་མཁན་པོ་བྱས་པ་ཡིན་ནོ། །རྦ་ཛྙཱ་ནེནྡྲ་རཀྵི་ཏ། ཡེ་ཤེས་དབང་པོ་བསྲུང་བ་སྟེ། དམ་པའི་ཆོས་འབྱིན་པའི་མཁན་པོ་བོད་ལ་སྐུ་དྲིན་ཆེ་བ་ཡིན་ཞིང༌། སངས་རྒྱས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྟ་སྐད་ཅེས་པར་ལུང་བསྟན་པ་ཐོབ་པ་ཡིན་ནོ། །རཏྣེ་ནྡྲ་རཀྵི་ཏ། རིན་ཆེན་དབང་པོ་བསྲུང་བ་སྟེ་གསུམ་མོ། །བར་པ་ནི། གླང་སུ་ག་ཏ་ཝརྨ་རཀྵི་ཏ་བདེ་བར་གཤེགས་པའི་གོ་ཆ་བསྲུང་བ་ཞེས་བྱའོ། །གཞོན་གསུམ་ནི། པ་གོར་བཻ་རོ་ཙ་ན་རཀྵི་ཏ། རྣམ་པར་སྣང་མཛད་བསྲུང་བ་ཞེས་བྱ་བ་དང༌། འཁོན་ནཱ་གེནྡྲ་རཀྵི་ཏ། ཀླུའི་དབང་པོ་བསྲུང་བ་ཞེས་བྱ་བ་དང༌། གཙང་དེ་ཝེནྡྲ་རཀྵི་ཏ། ལྷའི་དབང་པོ་བསྲུང་བ་དང་གསུམ་མོ། །སད་མི་མི་བདུན་ལ། སྐ་བ་ཤྲཱི་ཀུ་ཊ་རཀྵི་ཏ། དཔལ་བརྩེགས་བསྲུང་བ་ལ་སོགས་པ། ལོཙྪ་བ་ཆེ་བ་བརྒྱ་རྩ་བརྒྱད་ཀྱི་ས་བླ་སྦྱངས་ལ། དེ་དག་ལ་ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པ་ལོཙྪ་བ་སྟོང་རྩ་བརྒྱད་ཀྱིས་བློ་སྦྱོང་མཛད་དོ། །ཞེས་སྔོན་གྱི་བཀའ་ཆེམས་ཀྱི་ཡི་གེ་རྙིང་པ་ལས་འབྱུང་ངོ༌། །དེ་རྣམས་ཀྱིས་སྒྲ་བསྒྱུར་དང་ཞུ་ཆེན་དང་མཆན་བུའི་ལོཙྪ་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་མང་པོ་དང༌། རྣམ་སྣང་མངོན་བྱང་ལ་སོགས་པ་བྱ་སྤྱོད་ཀྱི་རྒྱུད་དང༌། དེ་ཉིད་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྔགས་ཅི་རིགས་པ་དང༌། སྒྲུབ་ཐབས་མང་དུ་བསྒྱུར། དེ་ནས་བཟུང་སྟེ་དམ་པའི་ཆོས་དར་ཞིང་རྒྱས་པར་བྱས་སོ། །ཁྲི་སྲོང་ལྡེའུ་བཙན་ལ་སྲས་བཞི་བྱུང་བའི་ཆེ་བ་གསུམ་གྲོངས། ཆུང་ཤོས་ཁྲི་ལྡེ་སྲོང་བཙན། སད་ན་ལེགས་མཇིང་ཡོན་དུ་གྲགས་པ་དེས། སྐར་ཆུང་ལྷ་ཁང་བཞེངས། པཎྜི་ཏ་བི་མ་ལ་མི་ཏྲ། ཀ་མ་ལ་ཤཱི་ལ། ཛྙཱ་ན་སེ་ན། བལ་པོ་ཧཱུྃ་ཀ་ར་རྣམས་བཏེག་སྟེ། འཁོན་ཀླུའི་དབང་པོ་བསྲུང་བ། རྨ་རིན་ཆེན་མཆོག ཡེ་ཤེས་སྡེ། བྲན་ཁ་ནམ་མཁའ། གཙང་པ་དེ་བྱིན་རྣམས་ཀྱིས་ལོཙྪ་བྱས་ཏེ། ཆོས་སྔར་མ་བསྒྱུར་བ་མང་པོ་བསྒྱུར། བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་བཅོས་ཏེ་གཏད་ལ་ཕབ། ཆོས་གྲྭ་དང་སྒོམ་གྲྭ་མང་དུ་བཙུགས། བོད་འབངས་རྣམས་བདེ་ལ་བཀོད་དེ། དམ་པའི་ཆོས་རྒྱས་པར་བྱས་སོ། །དེས་ལ་སྲས་གཙང་མ། དར་མ། རལ་པ་ཅན་བྱ་བ་གསུམ་བྱུང་བས་གཙང་མ་རབ་ཏུ་བྱུང༌། དར་མ་རང་རྒྱུད་ངན་པས་སེམས་ཅན་ལ་གནོད་ཀྱིས་དོགས་ནས་རྒྱལ་སྲིད་མ་གཏད་པར། ཁྲི་ལྡེ་གཙུག་བརྟན་ལ་རལ་པ་ཅན་དུ་གྲགས་པ་དེ་ལོ་བཅུ་གཉིས་ལ་ཡབ་འདས་ནས་དེ་ལ་རྒྱལ་སྲིད་གཏད། དེའི་རིང་ལ་འོན་ཅང་རྡོ་བཞེངས། མཁན་པོ་པྲཛྙཱ་ཝརྨ་དང༌། ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་ལ་སོགས་པ་མང་པོ་དང༌། ལོཙྪ་བ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ། ཡེ་ཤེས་སྡེ་རྣམས་ཀྱིས་ཆོས་མང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ནས་དམ་པའི་ཆོས་ཤིན་ཏུ་དར་ཞིང་རྒྱས་པར་བྱས་སོ། །གཉིས་པ་བར་དུ་འགྲིབ་པའི་ཚུལ་ནི། རལ་པ་ཅན་གྲོངས་པའི་རྗེས་སུ། དར་མས་རྒྱལ་སྲིད་བཟུང་སྟེ། ཐོག་མར་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པ་ལས། བར་སྐབས་སུ་ཁོང་གི་ཐུགས་སུ་གདོན་གསོལ། ཇོ་བོ་ཤཱཀྱ་མུ་ནེ་བྱེ་ཐེམས་སུ་སྦས། སྔགས་ཀྱི་རྒྱུད་སྡེ་རྣམས་རྒྱ་གར་དུ་བསྐྱལ། པུ་སྟི་མཆོད་ཆ་རྣམས་མུན་ཁུང་དུ་སྦས། པཎྜི་ཏ་རྣམས་རྒྱ་གར་དུ་ལོག རབ་ཏུ་བྱུང་བ་ལ་ལ་བཀྲོངས། ལ་ལ་རྟ་ཞོན་པའི་སྟེགས་བྱས། ལ་ལ་ཕབ་ནས་རྔ་གཤང་བསྐུར་ཏེ་བྱ་དང་རི་དྭགས་རྔོན་པ་ལ་བསྐོས་ནས། དབུས་གཙང་གི་བསྟན་པ་ཉམས་ཤིང་མིང་ཙམ་ཡང་མེད་པར་བྱས། དེའི་དུས་ན་འདུལ་བ་ལ་ལག་ལེན་ནི་ངལ་ཞིང་དུབ་པའི་མཐར་ལྟུང་བ་ཙམ་བྱུང༌། བཤད་པའི་བཀའ་ཤིན་ཏུ་ངན་ཏེ། རྩ་བ་དམར་དམར་འདི་འགྲེལ་པ་ནག་ནག་འདིས་འཆད་པ་འདྲ་ཟེར་བ་ཙམ་ལས་མ་བྱུང༌། བྱང་སེམས་ཀྱིའང་སེམས་བསྐྱེད་ཀྱི་བཀའ་ཚོ་ནུབ། གསང་སྔགས་ལའང་ཆགས་ལམ་དང་དྲག་པོ་མངོན་སྤྱོད་ཀྱི་ལག་ལེན་དར་བ་ཅིག་བྱུང༌། དེའི་ཚེ་ཡབ་མེས་ཀྱི་ཆོས་ཁྲིམས་དང༌། རྒྱལ་ཁྲིམས་གཉིས་ཀ་བརླག་པར་བྱས་པས། ལྐོག་ཏུ་གསང་ནས་ཉམས་སུ་ལེན་པ་རེ་ཙམ་མིན་པ་དངོས་སུ་ཆོས་བྱ་ས་མེད་ནས། གྲོམ་པ་རྒྱང་ནས་བྲོས་སམ་ཡང་ཟེར་བའི་གཙང་གཡོ་དམར་གསུམ་གྱིས། རེས་ཅིག་ཆུ་བོ་རིར་གབ་ནས་བཞུགས། དེ་ནས་ཁོང་རྣམས་ཀྱིས་འདུལ་བ་མདོ་རྩ་འོད་ལྡན། ལས་ཆོག་ཀརྨ་ཤ་ཏཾ། མངོན་པ་མཛོད་ལ་སོགས་པ་དཔེ་དྲེའུ་ཁལ་གཅིག་བཀལ། བཙུན་ཆས་བསྒྱུར་ནས་དྭགས་ཀོང་ནས་བརྒྱུད་དེ་བྲོས་པས་མདོ་སྨད་དུ་ཐར་རོ། །དེ་དུས་ན་ཡེར་པའི་དྲག་ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་སྒྲུབ་པ་མཛད་ཀྱིན་ཡོད་པ་ལ། ཡེར་པའི་རི་ལ་རབ་ཏུ་བྱུང་བའི་གཟུགས་ཀྱིས་རྔ་དང་རོལ་མོ་ཁྱེར་ནས་རི་དྭགས་འདོད་པ་མཐོང་ནས། ཅི་ཡིན་དྲིས་པས་རྒྱུ་མཚན་བཤད་པ་དང༌། ཆོས་ཀྱི་བསྟན་པ་ཉམས་པ་ལ་མ་བཟོད་ནས། འཕན་ཡུལ་ལ་བསྐོར་ཏེ་སྒོ་ལར་བྱོན་ནས་ལྷ་སར་སླེབས་པ་དང༌། བྲན་མོ་ཆུ་ལེན་ཅིག་ལ་རྒྱལ་པོ་བཞུགས་སམ་མཇལ་བ་ཡིན་བྱས་པས། བཞུགས་ཡོད་དར་གཅིག་ནས་གླ་བའི་ཚལ་གསེབ་དུ་སྐྱོ་བསངས་ལ་འབྱོན་གྱིན་ཡོད་ཟེར་བ་དང༌། རྟ་དཀར་པོ་བེར་དཀར་པོ་མདུང་དཀར་པོ་ལ་སོལ་བས་བྱུགས་ནས། མི་ནག་རྟག་ནག་མདུང་ནག་ཅན་དུ་བྱས་ཏེ་ཕྱིན་པས་རྒྱལ་པོ་གདོང་བསིལ་མིག་མང་རྩེ་ཞིང་ཡོད་པ་ལ། ཡིད་མ་བདེ་ནས་རྡོ་རིངས་ཀྱི་ཡི་གེ་ཀློག་གིན་ཡོད་པས། མགོན་པོ་ནག་པོ་བྱུང་ཟེར། རྩར་ཕྱིན་ནས་ཞེ་ས་བྱེད་པ་སྐད་བྱས་ཏེ། ལྕགས་མདའ་བརྒྱབ་ཀྱང་ཟེར། མདུང་བསྣུན་ཀྱང་ཟེར་ཏེ། གང་ལྟར་ཡང་མཚོན་བསྣུན་པས། རྒྱལ་པོ་ན་རེ། ཡང་ན་ལོ་གསུམ་གྱིས་སྔས། ཡང་ན་ལོ་གསུམ་གྱིས་ཕྱིས་ཟེར་རོ། །དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་གཙང་པོ་བརྒལ་ནས་བྱོན་པས། སོལ་བ་དག་སྟེ། མི་དཀར་རྟ་དཀར་མདུང་དཀར་ཅན་གཅིག་ཏུ་བྱས་ཏེ་ང་གནས་ཐེལ་དཀར་པོ་ཡིན་ཟེར་ཞིང་བྱོན་ཏོ། །འོ་རྒྱལ་ཐང་ལ་ནུབ་མོ་གཟིམས་ནས་ཐོ་རངས་ཡེར་པར་བྱོན། པེའུ་དམར་སེར་དུ་བྱ་རྒོད་ཀྱི་ཐུལ་པ་གསོལ། ཉེ་འཁོར་རྣམས་སུ་རྡུལ་དང་དུད་པ་གཏོར། དེའི་སྟེང་དུ་མུག་པ་མང་པོ་བཏང་ནས། ཕོང་ཕུལ་ལེ། རྡུལ་ཁད་དེ། མུག་རྗེས་ལམ་མེ་བཞུགས་པས། མི་རྣམས་ན་རེ་རྒྱལ་པོ་སྡིག་ཅན་ལ་ལྷ་མ་སྲིན་རྣམས་ཀྱིས་ཆད་པ་ཕོག་ནས་བཀྲོངས་སོ་ཟེར། བློན་པོ་དང་རྗེས་གཅོད་རྣམས་ཀྱིས་འོང་ནས་མཐོང་བས། རྒྱལ་པོ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེ་བྱ་བའི་མི་མ་འཕྲུལ་འདི་ཡིན་པ་འདྲ་སྟེ། སྙད་མ་རྙེད་ཟེར་ནས་ལོག་གིན་སོང་སྐད། དེ་ནས་ཁོང་རྒྱ་ནག་ཏུ་བྲོས་པས་ཐར། མདོར་ན་ཁོང་གི་ནུས་པ་དང་གཡོ་ཐབས་ཀྱིས་རྒྱལ་པོ་བཀྲོངས་ཀྱང་བསྟན་པ་ཉམས་ཆེས་པའི་ཤུགས་ཀྱིས་བསྟན་པ་འཕེལ་བ་དང་དར་བ་ནི་ཡུན་རིང་གི་བར་དུ་མ་བྱུང་ངོ༌།།  །།གསུམ་པ་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ལ་སྟོད་ནས་དང༌། སྨད་ནས་བསྟན་པ་ཇི་ལྟར་དར་བའི་ཚུལ་གཉིས་ཀྱི། དང་པོ་ནི། ལྷ་བླ་མ་ཡེ་ཤེས་འོད་དང༌། ཇོ་བོ་རིན་ཆེན་བཟང་པོས་བསྟན་པའི་མེ་རོ་སྟོད་ནས་བསླངས་པ་ཡིན་ཏེ། ཚུལ་ཇི་ལྟར་ན། དར་མའི་སྲས་ཁྲི་དར་མ་འོད་སྲུངས་དང༌། ཁྲི་སྡེ་ཡུམ་བརྟན་གཉིས་བྱུང༌། འོད་སྲུངས་ཀྱི་སྲས། མངའ་བདག་དཔལ་འཁོར་བཙན། དེའི་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང༌། སྐྱིད་ལྡེ་ཉི་མ་མགོན་གཉིས། ཉི་མ་མགོན་མངའ་རིས་སུ་སྤྱུགས་པ་ལ། སྲས་དཔལ་གྱི་མགོན། ལྡེ་གཙུག་མགོན། བཀྲ་ཤིས་མགོན་གསུམ་བྱུང༌། སྟོད་ཀྱི་མགོན་གསུམ་མོ། །སྨད་དུ་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ་འོད་ལྡེ་སྐྱིད་ལྡེ་གསུམ་བྱུང་ནས་སྨད་ཀྱི་ལྡེ་གསུམ་མོ། །དེ་རྣམས་ཀྱིས་སྟོད་སྨད་སོ་སོ་མངའ་རིས་བཟུང་བས། སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཅིག་ཆགས་པ་མངའ་རིས་སྐོར་གསུམ་མོ། །སྨད་དུ་རྒྱལ་ཁྲིམས་ལྷྭམ་ཙམ་ཅིག་ཆགས་པ་དབུས་གཙང་རུ་བཞིའོ། །བཀྲ་ཤིས་མགོན་གྱིས་སྐུ་མཁར་ཉི་བཟུར་བཟུང་ནས། པུ་ཧྲང༌། ཞང་ཞུང༌། གུ་གེ གློ་བོ། དོལ་པོ། ཡ་ཚེ་ལ་སོགས་པ་ལ་མངའ་མཛད། དེའི་སྲས་འོད་ཀྱི་རྒྱལ་མཚན། དེའི་སྲས་སྲོང་ངེ་དང་འཁོར་ངེ༌། སྲོང་ངེ་རབ་ཏུ་བྱུང་བ་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ། ཁོང་གིས་ཡབ་མེས་ཀྱི་གདུང་བསབ་ཅིང་སེམས་ཅན་ལ་ཕན་གདགས་པར་དགོངས་ནས། མངའ་རིས་སྟོད་ཀྱི་བྱིས་པ་ལོ་བཅུ་གསུམ་ལས་མི་གཞོན་མི་རྒན་པ་རྣམས་བསགས་ནས། ཆུ་ཚོད་དང༌། དབྱུ་གུ་དང༌། གཞུང་འཛིན་པ་དང༌། གཞུང་གི་དོན་རྣམས་ལ་བློ་རིམ་གྱིས་རྟོག་ཏུ་བཅུག་ནས། དེ་རྣམས་ཀྱིས་ནང་ནས་བློ་རབ་ཏུ་གྱུར་པའི་ཤེས་རབ་ཅན་བདུན། དེའི་གཡོག་བདུན། ཡང་གཡོག་བློ་དང་གྲོས་ལ་སོགས་པ་ཡོད་པ་བདུན་ཏེ། ཉི་ཤུ་རྩ་གཅིག་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་ཁ་ཆེར་སློབ་གཉེར་ལ་བརྫངས་པས་ལས་ཀྱི་དབང་གིས་བཅུ་དགུ་ཤི། བོད་ལ་ཕན་ཐོགས་པ་ལོཙྪ་བ་རིན་ཆེན་བཟང་པོ་དང༌། དེའི་གཡོག་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལས་མ་བྱུང༌། དེ་གཉིས་ཀྱིས་ཆོས་མང་པོ་བསླབས་ནས་འོངས་ཏེ། བོད་དུ་མདོ་བསྟན་བཅོས། སྡེ་སྣོད། མཚན་ཉིད། སྔགས་ཕྱི་ནང་གི་རྒྱུད་འབྲེལ་ལ་སོགས་པའི་ཆོས་མང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ནས། དམ་པའི་ཆོས་རྣམས་རིམ་གྱིས་འཕེལ་ཞིང་དར་བར་བྱས་སོ། །གཉིས་པ་ནི། དབུས་གཙང་གི་བསྟན་པ་ཉམས་དམའ་ནས་དུས་ཡུན་རིང་ཤིག་ནས་སྔར་དབུས་གཙང་ནས་བྲོས་པའི་གཡོ་དགེ་འབྱུང་གིས་མཁན་པོ། གཙང་རབ་གསལ་གྱིས་སློབ་དཔོན། དམར་ཤཱཀྱ་མུ་ནེས་གསང་སྟོན་པ། རྒྱའི་ཧྭ་ཤང་ཀིང་ཝཾ་དང༌། ཀིང་ཕག་གཉིས་ཀྱིས་ཁ་བསྐངས་བྱས་ནས། མདོ་སྨད་ཨེན་ཆུང་གི་དགོན་པ་ཡང་ཟེར་བའི། དན་ཏིག་ཤེལ་གྱི་ཡང་དགོན་ཡང་ཟེར་བ་དེར་རབ་ཏུ་བྱུང་བ་ལ། བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་བྱ་བ་བྱུང་སྟེ། དེ་ལ་ལོ་སྟོན་རྡོ་རྗེ་དབང་ཕྱུག ཚང་ཚོ་ཤེས་རབ་སེང་གེ འབྲེ་བཙུན་རྒྱལ་བ་བྱང་ཆུབ་སྟེ་གཙང་པ་གསུམ། དབུས་པ་ཀླུ་མེས་འཕགས་པའི་ཤེས་རབ་སྟེ་བཞིའམ། སུམ་ཡེ་ཤེས་བློ་སྟེ་དབུས་གཙང་གི་མི་ལྔས་རབ་ཏུ་བྱུང་སྟེ་དབུས་གཙང་དུ་བྱོན་ནས། རབ་ཏུ་བྱུང་བ་མང་པོའི་མཁན་པོ་མཛད། དགེ་འདུན་གྱི་སྡེ་བཙུགས་བསྟན་པ་དར་བར་མཛད་དོ། །དེའི་ཚེ་ན་སྔ་མ་གཉིས་ལ་ལོ་ཚང་གཉིས་ཕྱི་མ་གཉིས་ལ་འབྲིང་སྡེ་རྣམ་གཉིས་འབྱུང་སྟེ། དེང་སང་གི་བར་དུ་སྡེ་པ་ཕལ་ཆེ་བ་ལོ་ཚོ། ཚང་ཚོ། འབྲིང་ཚོ་གསུམ་ལས་གྱེས་པར་གྲགས་སོ།།  །།གཉིས་པ་བྱེ་བྲག་ཏུ་ལམ་སྐོར་དགུ་འཕེལ་ཚུལ་ནི། བསྟན་པ་ཕྱི་དར་གྱི་ཚེ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བུ་རྒྱ་ཤཱཀྱ་གཞོན་ནུ་དང༌། སེ་ཡེ་ཤེས་བརྩོན་འགྲུས་གཉིས་ཀྱི་སློབ་མ་འབྲོག་མི་ལོཙྪ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་རྒྱ་གར་དུ་བྱོན་ནས། སློབ་དཔོན་ཤཱནྟི་པ་ལ་སོགས་པའི་མཁས་གྲུབ་མང་པོ་ལས་མདོ་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཞུས་ཤིང་བསྒྱུར། བྱེ་བྲག་ཏུ་བིརྺ་པའི་ལམ་འབྲས། པདྨ་པའི་ལམ། མཆོད་རྟེན་དྲུང་ཐོབ། གཏུམ་མོ་ལམ་རྫོགས། ཡོན་པོ་སྲོང་བ། བསམ་མི་ཁྱབ་རྣམས་དགེ་སློང་དཔའ་བོ་རྡོ་རྗེ་དང༌། རྗེ་ག་ཡ་དྷ་ར་ལས་རྒྱ་གར་ཤར་ཕྱོགས་དང་བོད་ཡུལ་དུ་ཞུས་ཤིང་བསྒྱུར། ཡི་གེ་མེད་པ་ཨ་མོ་གྷ་བཛྲ་ལས་བོད་དུ་དར། ཨིནྡྲ་བྷཱུ་ཏིའི་ལམ། པཎྜི་ཏ་ཤེས་རབ་གསང་བ་ལས་བོད་དུ་ཞུས་ཤིང་བསྒྱུར་ཏེ་དར་བར་བྱས་སོ། །མདོར་ན་ལམ་སྐོར་རེའི་གཞུང་པ་ཚབ་ལོཙྪ་བ་དང༌། འགོས་ལ་སོགས་པ་ལོཙྪ་བ་ཐ་དད་ཀྱིས་བསྒྱུར་བ་དུ་མ་ཡོད་ཀྱང༌། ལམ་སྐོར་དགུའི་གཞུང་མན་ངག་དང་བཅས་པ་ཕྱོགས་གཅིག་ཏུ་བསྒྱུར་ནས་བོད་དུ་དར་བར་མཛད་པ་ནི། རྗེ་བཙུན་འབྲོག་མི་ལོཙྪ་བ་ཁོ་ན་ཡིན་ནོ།།  །།གསུམ་པ་སྒོས་སུ་གསུང་ངག་བྱུང་ཚུལ་ལ་གསུམ། དང་པོ་གྲུབ་ཆེན་ག་ཡ་དྷ་རས་སྲོལ་བཏོད་ཚུལ། བར་དུ་བླ་ཆེན་འབྲོག་མི་དཔོན་སློབ་ཀྱིས་སྤེལ་ཚུལ། མཐར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་དར་བར་བྱས་ཚུལ་ལོ། །དང་པོ་ནི། གྲུབ་ཆེན་ག་ཡ་དྷ་ར་བོད་དུ་ལན་གསུམ་བྱོན་པའི་དང་པོ་བླ་ཆེན་འབྲོག་མི་ལ། བིརྺ་པའི་ལམ་རྒྱས་པ་ལ་སོགས་པ་མན་ངག་དང་རྒྱུད་འགྲེལ་དུ་མ་གདམས་ཏེ། འདིའི་ཚུལ་རྒྱས་པར་འོག་ཏུ་འཆད་དོ། །བར་པ་རྗེ་འགོས་ལོཙྪ་བ་ཆེན་པོས་སྤྱན་དྲངས་པའི་ཚེ་ལམ་འབྲས་ནི་མ་གནང་མོད། འོན་ཀྱང་ཀྱེ་རྡོ་རྗེའི་རྒྱུད་གསུམ་འགྲེལ་པ་དང༌། སྒྲུབ་ཐབས་ཀྱི་གཞུང་ཆེ་ཕྲ་མང་དུ་བསྒྱུར་ཞིང་བཤད་ནས། ཀྱེ་རྡོ་རྗེ་འགོས་ལུགས་སུ་གྲགས་པ་དར་པོ་བྱུང་སྣང་མོད། དེང་སང་དེ་ནས་བརྒྱུད་པ་ཆད་ནས་མི་སྣང་ངོ༌། །ཐ་མ་གྱི་ཇོ་ལོཙྪ་བ་སྤྱན་དྲངས་སོ། །མ་རྒྱུད་ཀྱི་རྒྱུད་འགྲེལ་མང་པོ་བསྒྱུར་ཅིང་བཤད་ནས་དར་བར་བྱས། ལམ་འབྲས་ནི་མ་གསུངས་སོ། །ཞེས་འབྲོམ་ལུགས་པ་དང༌། ཞྭ་མ་ལུགས་རྣམས་ཟེར་ཡང༌། གསུང་ངག་གི་གདམས་ངག་རྫོགས་པ་ཞིག་ཡོད་པར་སྣང་སྟེ། གྱི་ཇོས་བསྒྱུར་བའི་རྩ་བ་རྡོ་རྗེའི་ཚིག་རྐང་དང༌། གྱི་ཇོའི་སློབ་བརྒྱུད་རྣམས་ཀྱིས་བྱས་པའི་བརྒྱུད་པའི་ལོ་རྒྱུས། རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་རྒྱས་པ་བསྡུས་དོན། བྷ་གའི་ཡི་གེ་བཅུ་བཞིའི་མན་ངག་རྣམས་སྣང་ཞིང་མན་ངག་རྫོགས་པའི་ཡིག་ཆ་ཡོད་པར་སྣང་ངོ༌། །དེ་ལྟར་ན་གྱི་ཇོ་ཟླ་བའི་འོད་ཟེར། ཞུ་འཁོར་ལོ། ཞུ་དར་མ་རྒྱལ་མཚན། ཞུ་སྟོན་ཧོར་མོ། འོད་པ་དོན་ནེ། མཆིམས་ཚུལ་ཁྲིམས་ཤེས་རབ་རྣམས་ཀྱིས་བར་དུ་བརྒྱུད་ནས་མང་དུ་འཕེལ་མོད། དེང་སང་ཡིག་ཆ་ཙམ་ལས་བརྒྱུད་པ་ཟིན་པ་མི་འདུག་གོ།  །།གཉིས་པ་ནི། རྗེ་བཙུན་འབྲོག་མི་ལ། གཞུང་ཚར་བ། མན་ངག་ཚར་བ། གྲུབ་པ་ཐོབ་པའི་སློབ་མ་རྣམས་ཡོད་པ་ལས། མན་ངག་ཚར་བའི་སློབ་མ་ནི། འབྲོམ་དེ་བ་སྟོན་ཆུང༌། ལྷ་བཙུན་ཀ་ལི། རྗེ་སེ་མཁར་ཆུང་བ་དང་གསུམ་ལས་མེད་དོ། །དེ་ལ་ལམ་འབྲས་འབྲོམ་ལུགས་སུ་གྲགས་པ་ཡིན། འབྲོམ་ཙནྡྲ་ཝརྟི་ཞེས་བྱ་བ་མདོ་སྨད་ཀྱི་མི་ཆེན་ཅིག་ཡིན་ཟེར་བ་འབྲོམ་ལུགས་རང་གི་ལོ་རྒྱུས་ན་སྣང་ལ། བླ་མ་དམར་གྱིས་ནི་འཕན་ཡུལ་བ་ཡིན་གསུང༌། གང་ལྟར་རིགས་དང་སྐྱེས་ཤིན་ཏུ་བཟང་ལོངས་སྤྱོད་ཆེ། གདམས་ངག་མང་ཞིང་ཁྱད་པར་དུ་མ་མོ་སྲོག་ཐིག་ལ་མཁས་པ་ཅིག་ཡིན། ཁོང་གི་བླ་ཆེན་གྱི་སྙན་པའི་གྲགས་པ་ཐོས་ནས་དད་དེ་ཡུལ་ན་རྟ་བདུན་གྱི་ཁལ་དུ་ཡོན་མང་པོ་བཀལ་ནས། ཀླག་པ་ལམ་གྱི་ཡུལ་ནས་བསམ་ཡས་ལ་ཐོན་ཏེ་བྱོན་པས། ལམ་དུ་ལྷ་མོའི་སྒྲུབ་ཐབས་ཞུ་བ་མང་བ་བྱུང༌། ནོར་མང་པོ་བྱུང་བ་ཁྱེར་ཏེ་འོངས་ནས་བླ་ཆེན་གྱི་དྲུང་དུ་གདམས་ངག་ཞུ་བ་ལ། ཆོས་ཐུན་རེ་ལ་གསེར་ཞོ་རེའི་མཎྜལ་ཞབས་དཀྲིས་ལ་དར་ཞིང་ཅན་ཁ་རེ་ཕུལ་ཏེ། དེ་དུས་ཀྱི་དར་བཟང་ཞིང་དཀོན་པས། ད་ལྟའི་ཟབ་ཆེན་ཡུག་བས་རིན་ཆེ་སྐད། དེ་བཞིན་དུ་གཏོར་མ་མི་གཉིས་ཀྱིས་ཐེག་ཚད་རེ་ཚོགས་འཁོར་རེ་བྱས། འབྲོག་མིའི་གཡུ་ཞོ་སྤུངས་ཀྱང་ཟེར་བ་ཕུལ་བས་ཤིན་ཏུ་མཉེས། དེ་ལྟར་དུས་ཁྱད་པར་ཅན་དང་ནར་མའི་བསྙེན་བཀུར་དཔག་ཏུ་མེད་པ་ཡུན་རིང་དུ་མཛད་དེ། ཞབས་ཏོག་ཤིན་ཏུ་ཆེ་བས་གདམས་ངག་རབ་ཏུ་ཐོབ་པ་ཟེར། ནང་གཅིག་མཎྜལ་གྱི་གསེར་ཡང་ཟད། ཞབས་དཀྲིས་ཀྱང་མེད་པས་ཁོ་རང་གི་ཇོ་མོའི་དར་ཤམ་ཕོག་ནས་བྱས་པས་ཅུང་མ་མཉེས་སྐད། དེ་ལྟར་ལོངས་སྤྱོད་ཆེ་བ་ལ། དར་འབོག་དང་ཇ་སིགས་དང༌། མཛོ་རྟ་བསྒྲིགས་ན། མདོ་སྨད་ནས་མུ་གུ་ལུང་གི་བར་མ་ཆོད་པ་ཡོད་སྐད། རྡོ་རྗེའི་ཚིག་རྐང་ལ་རྒྱ་གར་སྐད་མ་བསྒྱུར་ཞིང་འགྲེལ་པ་རྒྱས་པར་བྱས། རྒྱ་བློ་གྲགས་ལ་སོགས་པའི་སློབ་མ་མང་པོ་ལ་བཤད་དོ། །སྐུ་ཚེའི་མཇུག་ཏུ་ལ་སྟོད་ལ་འབྱོན་པའི་ལམ་ཀར་མུ་གུ་ལུང་དུ་བླ་ཆེན་དང་མཇལ། འབུལ་བ་མང་དུ་བྱས་ནས། དཔེ་འགེལ་བའི་རྟ་གཅིག་གཡར་བར་ཞུས་པས། སློབ་དཔོན་གྱིས་སློབ་མ་ལ་འབུལ་བ་བྱེད་པའི་ལུགས་མེད་གསུངས་ནས་མ་གནང་བས། འབྲོམ་རྗེ་ཐུགས་ཆེད་བཞུད་ཀར་མུ་གུ་ལུང་རྡོ་རྗེ་གདན་དུ་སོང་རུང༌། འབྲོག་མི་ཤཱཀྱ་ཐུབ་པར་སོང་ཡང༌། ད་ཕྱིན་ཆད་འདི་ཀུན་ཏུ་འོང་བཏུབ་པ་མི་འདུག་གསུང་སྐད། དེ་ནས་ལ་སྟོད་དིང་རི་ཤེད་ནས་ཡར་བྱོན་པས་འབྲོག་མིའི་སློབ་མ་མཆོག་ཡིན་ཟེར་བས་བསོད་ནམས་ཆེན་པོ་བྱུང་ནས། ལམ་དུ་སློབ་མ་འགའ་ཞིག་ཡི་གེ་མེད་པའི་བྱིན་རླབས་ཞུ་བ་བྱུང་ནས་བྱས་པས། ཞལ་ནས་ཁྲག་སྐྱུགས་ནས་བསྙུང་ནད་ཀྱིས་ཟིན། འབྲོམ་ན་རེ། ངའི་བླ་མ་དེ་སངས་རྒྱས་དངོས་ཡིན་ཞིང༌། ངའི་སྣོད་རྟོག་པར་འདུག་པ་ལ། ངས་དེ་ལྟར་མ་ཤེས་པར་མ་དད་པ་གཅིག་སྐྱེས་པས་ལན། འོན་ཀྱང་བླ་མས་རྗེས་སུ་འཛིན་པར་འདུག ངའི་དཔེ་ཆ་དང་ནོར་རྫས་བཏུས་པ་རྣམས་བླ་མའི་ཕྱག་ཏུ་ཕུལ། ཁྱེད་རང་ཚོ་གདམས་ངག་ཞུ་ན་ངའི་དཀའ་ལས་ཙམ་མི་དགོས་པར་བླ་མས་གནང་བར་འདུག་གི་ཞུས་གསུངས་ནས་འདས། སློབ་མ་ཀུན་གྱིས་པུར་བཞུས། གདུང་རུས། དཔེ་ཆ། ནོར་རྫས་རྟ་བདུན་གྱི་བླ་ཁལ་འོག་ཁལ་ཁྱེར་ཕྱིན་པས། ལམ་བགྲོད་དཀར་ཡང་བདེ་བར་ཐོན། མུ་གུ་ལུང་གི་མདའ་ན་ཡར་སླེབ་ཙ་ན། དུང་དཀར་གཅིག་འབུད་ཀྱིན་ཕྱིན་པས། བླ་ཆེན་རྒྱུན་གཏོར་མཛད་པས་གསན་ནས་ངའི་སྙིང་བཏོན་པ་སྙམ་བྱེད་ལྟོས་དང་གསུངས། བལྟས་པས་ཁོང་གི་སླེབས་ནས་དེ་རྣམས་ཕུལ་བས། རུས་པ་པང་དུ་བླངས་ནས། བུ་ཕ་ཅན་བསྙགས་སམ་གསུངས་ནས་བཤུམ་སྐད། དེར་ཁྱེད་ཚོའི་ནང་ན་གདམས་ངག་འདོད་པ་གང་ཡོད་པ་ལ། དཀའ་བ་མེད་པར་སྦྱིན་གྱིས་གསུང་བ་ལ། ཞུ་བ་མང་པོ་མ་བྱུང༌། སྒྱེར་སེའོ། །གཤེད་སྒོམ་རོག་པོ། འཕགས་པ་ཆོས་སྣང་གསུམ་གྱིས་ཞུས་པས་རྫོགས་པར་གནང་སྟེ། བསྒོམས་པས་ཏིང་ངེ་འཛིན་བཟང་པོར་སྐྱེས། སེ་རོག་གཉིས་ཀྱིས་དངོས་གྲུབ་ཅུང་ཟད་རེ་ཐོབ་སྐད་དོ། །དེ་ནས་འབྲོམ་དེ་པ་སྟོན་ཆུང༌། རྒྱ་ལྷོ་བྲག་པ། ཆབ་སྟོན་ཆོས་དགའ། ཉང་ཁམས་ཁུང་པ། རོག་སྒོམ་པ། བྲག་པ་སྐུ་མཆེད། ཟླ་བ་རྒྱལ་མཚན། རྟོག་ལྡན་གནམ་ལྡིང་བའི་བར་དུ་བརྒྱུད་ནས་རྡོ་རྗེའི་ཚིག་རྐང༌། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་ཆུ། མན་ངག་གི་ཡིག་ཆུང་པུ་སྟི་ཆུང་བ་གཅིག་སྣང་ངོ༌། །ཡང་འབྲོམ་གྱིས་རྒྱ་བློ་གྲོས་གྲགས་ལ། དེས་རྒྱ་སྟོན་རྡོ་རྗེ་སེང་གེ་ལ། དེས་དར་མ་གྲགས་ལ། དེས་ཁམས་ཁུང་པ་ལ། དེས་སྒྲོ་སྟོན་ཤཱཀྱ་འོད་རྣམས་ལ་བརྒྱུད་ནས་གཞུང་བཤད་ཤིན་ཏུ་རྒྱས་པ་ཞིག་དང༌། གསང་བཅུ་ལ་སོགས་པ་མན་ངག་ཕྲ་མོ་པུ་སྟི་ཤིན་ཏུ་ཆེ་བ་གཅིག་འདུག་གོ །དེས་ན་ཞི་བ་མོ་རྡོ་རྗེར། འབྲོམ་ལས་ལམ་འབྲས་འཕེལ་བ་མེད་ཟེར་བ་ནི་ཤིན་ཏུ་མ་དག་པར་སྣང་ངོ༌། །རྗེ་སེ་མཁར་ཆུང་བ་ལ་ལམ་འབྲས་རབ་ཏུ་ཐོབ་པའི་སློབ་མ་ཞང་སྟོན་སྐུ་མཆེད། འབྲིང་དུ་ཐོབ་པ་ཞྭ་མ་ལྕམ་སྲིང༌། ཐ་མར་ཐོབ་པ་སེ་སྒོམ་བྱང་ཡེ་རྣམས་བྱུང་ངོ༌། །དེ་ལ་ལམ་འབྲས་ཞང་ལུགས་སུ་གྲགས་པ་ནི། རྗེ་བཙུན་སེ་མཁར་ཆུང་བའི་སློབ་མ་ཞང་དགོན་པ་བ། ཞྭ་མ་དཀོན་མཆོག སློབ་དཔོན་ཉང་སྟོན། མཁན་པོ་སྨོན་མཁར་བའི་བར་དུ་བརྒྱུད་ཅིང༌། ཞྭ་མ་དཀོན་མཆོག་གི་དགོན་པ་བ་དང༌། ས་སྐྱ་པ་ཆེན་པོ་གཉིས་ལ་ཞུས་སོ། །དེ་ལས་བརྒྱུད་པའི་གཞུང་རྡོ་རྗེའི་ཚིག་རྐང་འགྲེལ་པ་དང་བཅས་པ། ཞལ་ཤེས་ཉེར་ཞི་ཕལ་མོ་ཆེ། བརྒྱུད་པའི་ལོ་རྒྱུས་དང་བཅས་པ་སྣང་ངོ༌། །ལམ་འབྲས་ཞྭ་མ་ལུགས་ལ། སྔར་བྱོན་པ་མོ་རྒྱུད་དང་ཕོ་རྒྱུད་གཉིས། ཕྱིས་བྱུང་བ་བསྲེས་པའི་ལུགས་དང་གསུམ་ལས། དང་པོ་ལམ་འབྲས་ཞྭ་ལུགས་མོ་རྒྱུད་དུ་གྲགས་པ་ནི། མ་ཅིག་ཞྭ་མའི་ཡུལ། ལ་སྟོད་ཕ་དྲུག་གི་ཞྭ་མ་བརྒྱ་བཞིའི་ནང་ནས། ཞྭ་མ་མི་རེག་བྱ་བ་ཡིན། ལྕམ་སྲིང་དྲུག་ཡོད་པའི་གཉིས་འོག་མ་ལྷ་རྗེ་ཞྭ་མ་མཚན་རྒྱལ་མོ་ལྕམ། དེའི་འོག་མ་མིང་པོ་ཞྭ་མ་ཆོས་ཀྱི་རྒྱལ་པོ་ཡུལ་ལ་སྨོས་ན། རྗེ་ཁུམ་བུ་བ་ཞེས་ཟེར། ལྕམ་མོས་མོ་ལོ་བཅུ་བདུན་པ་ལ། འབྲོམ་རམ་ཆ་ཡུ་ནི་བྱ་བ་ཅན་ཁྱིམ་སོ་ལ་བྱོན། དེ་དང་བྲལ་ནས་རྨ་ལོཙྪ་བ་ཆོས་འབར་གྱི་ཇོ་མོ་མཛད། ཁོང་གྲོངས་ནས་དེས་རྐྱེན་བྱས་ཏེ། སྙིང་རླུང་བྱུང་ནས་མཐོང་སྣང་ལ་སོགས་ཉམས་ཀྱི་མཐོ་དམན་མང་པོ་དང་རྟག་ཏུ་བྱང་སེམས་འཛག་པའི་ནད་བྱུང་བ་ལ། ཐམས་ཅད་དུ་གདམས་ངག་གང་ཆེ་དྲིས་པས། དིང་རི་གླང་འཁོར་ན། དམ་པ་རྒྱ་གར་གདམས་ངག་ཆེ་བར་གོ་ནས། དམ་པའི་སར་བྱོན་པས་དམ་པའི་ཞལ་ནས། ཁྱོད་ཀྱིས་དང་པོ་བླ་མ་དབང་བསྐུར་ཞུ་བའི་དུས་སུ་དབང་ཡོན་མ་ཕུལ་བས་ལན་འདུག་གསུངས་པས། ལྷ་རྗེ་མས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ། ཟས་ནོར་ཐམས་ཅད་བསྲེས། ང་ཁྱོད་མེད་པར་བྱས་པ་ལགས་མོད་བྱས་པས། དེ་ཁྱེད་ཀྱི་མིང་བོས་རྟ་གཅིག་རིན་དུ་ཟོས་འདུག་གསུངས། དེ་ལྷ་རྗེ་མ་ལ་རྒྱུས་མེད་པར་མིང་པོ་ཀུན་གྱིས་རྟ་གཅིག་རིན་དུ་བླངས་འདུག དེར་ལྷ་རྗེ་མས་དམ་པ་ལ་བླ་མ་གྲོངས་ནས་མི་བདོག་ཇི་ལྟར་བགྱི་ཞུས་པས། དེས་བཞེངས་པའི་རྟེན་ནམ་འབྲེལ་པ་མེད་དམ། ཞབས་ཏོག་གྱིས་གསུངས་ནས་སྙེ་ནམ་མཁར་མདའ་ན། རྨ་ཡིས་བཞེངས་པའི་གནས་སར་ལྷ་ཁང་བྱ་བ་ཡོད་པ་ལ། རྟ་གཅིག་ཁལ་དང་བཅས་པ་དང་ཁྲབ་གཅིག་ཕུལ། རྨ་ཡི་སྲས་མོ་ཇོ་མོ་དཀར་ཡུ་བྱ་བ་ལ། གཡག་གཅིག་རེ་ཐུལ་གཅིག་རེ་དམར་དར་ཟབ་དང་བཅས་པ་གཅིག་ཕུལ་ཡང་ཟེར། ཕྱི་རྟེན་ལ་བལ་པོ་ནས་གཉྫིར་གཅིག་བླངས་ནས་བཙུགས་ཀྱང་ཟེར་ཏེ། དེ་ལྟར་བྱས་པས་ལོ་གཅིག་གི་བར་དུ་ནད་དེ་ཕན། དེ་ནས་སྔར་བས་ཀྱང་ཐུ་རུ་སོང་སྟེ། དམ་པ་ལ་ཞུས་པས། རྒྱལ་ཁམས་འདྲ་བསྐོར། མདོ་རྒྱུད་འདྲ་ལྟོས་གསུངས་ནས། ལོ་བདུན་དུ་མཚམས་བཅད་ནས་མདོ་རྒྱུད་རྙེད་ཚད་གཟིགས་ཀྱང་མ་ཕན་པ། གནུབས་ཡུལ་གྲོང་ན་མར་ཕྱིན་པས་ལྷ་རྗེ་གནུབ་པའི་བན་ཆུང་ཁ་ཅིག་ཆུ་ཁ་ན། ཨེ་མ་ངོ་མཚར་ལ་སོགས་པ་དབྱངས་སུ་གྱེར་གྱིན་འདུག་སྟེ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེ། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་ཟེར་བ་ཐོས་ནས། དེ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་པའི་སྟོབས་ཀྱིས་ཁམས་དྲག དེ་ནས་ཡང་ཐུར་སོང་སྟེ་དམ་པ་ལ་ཞུས་པས། རྔ་ཅིག་ལག་ཏུ་གཏད་ནས་བརྡུང་བྱ་བའི་བརྡ་ཅིག་མཛད། བརྡུངས་པས་སྐད་ཆེན་པོ་ཅིག་བྱུང༌། གཞན་ཅི་ཡང་མ་བྱུང་སྟེ། གདམས་ངག་ཞུས་པས། སོང་ཅིག་པའི་བརྡ་མཛད་དེ། ཕན་པ་མ་བྱུང་བས་གདམས་ངག་རྡུགས་པར་ཐག་བཅད་གསུངས། དེ་དུས་བླ་མ་སེ་མཁར་ཆུང་བ་མདོ་མངས་བཞེངས་ཀྱིན་ཡོད་པའི་ཆོས་ཀྱི་གླེགས་ཤིང་བསྒྲུབ་པ་ལ་བྲིན་དུ་བྱོན་པའི་ཚུར་ལམ་དིང་རི་ཤར་ཕྱོགས་ཀྱི་མཁར་ཆུང་བ་ཅན་བྱོན། མཁར་ཆུང་བའི་སློབ་མ་དིང་རི་སྐྱེ་ཆགས་པ་ཁྱུང་པོ་ཧཱུྃ་ཀ་ར་བ་ན་རེ། འབྲོག་མིའི་སློབ་མ་སེ་ཀུན་རིག་བྱ་བ་ལམ་འབྲས་ཀྱི་བདག་པོ། ཁམས་འདུས་པ་གསོ་བ་ལ་ཤིན་ཏུ་མཁས་པ་ཅིག་བྱོན་བདོག་པས་ཉིད་ཆོས་མི་ཞུའམ་ཟེར་ཏེ། ལྕམ་སྲིང་གཉིས་ཀྱིས་རྟ་གཅིག་ལ་ཡོ་བྱད་མང་པོ་བཀལ་ནས་མཇལ་དུ་བྱོན། དང་པོ་ནས། ཁམས་ཀྱི་སྐྱོན་འདི་ལྟར་བྱུང་གི་ལོ་རྒྱུས་བླ་མའི་སྙན་དུ་ཕུལ་བས། ཁོང་ལྷྭམ་འབུར་མ་ཅིག་ལ་ཏུག་ཏུག་མཛད་ཅིང༌། ཁྱེད་ལ་དང་པོ་འདི་ལྟར་མ་བྱུང་ངམ། དེ་ནས་འདི་ལྟར་མ་བྱུང་ངམ་གསུངས་པས། ཞྭ་མའི་ཉམས་ལ་བྱུང་བ་ཚོ་དང་མཐུན་ནས། རྗེ་སངས་རྒྱས་བྱ་བ་དེ་ཁྱེད་ལགས་སམ་ཟེར་ཞིང་ཤིན་ཏུ་ཡིད་ཆེས་ཏེ་ཕྱག་མང་པོ་འཚལ། བླ་མའི་ཞལ་ནས་ཞྭ་ཆུང་མ་ལ་བསྒོམ་འདུག་སྟེ་གདམས་ངག་མི་འདུག སེ་མཁར་ཆུང་བ་ལ་གདམས་ངག་འདུག་སྟེ་བསྒོམ་མི་འདུག སྤྲང་པོ་ཐེའུ་འདིས་ཀྱང་བར་ཆད་ཅིག་ཀྱང་བྱེད་མ་འདོད་གསུང༌། དེར་གདམས་ངག་ཞུས་པས། དབང་བསྐུར་དགོས་གསུང༌། སྔར་བླ་མ་རྨ་ལ་དབང་ཐོབ་བྱས་པས། ངའི་ཆོས་འདོད་ན་ང་རང་གི་དབང་བསྐུར་དགོས་གསུང༌། འོ་ན་ཆ་རྐྱེན་བསྒྲུབས་ནས་བླ་མའི་དྲུང་དུ་འོང་བར་ཞུ། བདག་གི་མིང་པོ་སྟོན་པ་ཅིག་བདོག་པས་དེ་ཁྲིད་ན་མཆིའམ་ཞུས་པས་རུང་གསུངས་ནས། རྗེ་ཁུམ་བུ་པ་དང་ལྕམ་སྲིང་གཉིས་ནོར་མང་པོ་ཁྱེར་ནས་མཁར་ཆུང་དུ་བྱོན། འབུལ་བ་འཁོར་གསུམ་ཡང་དག་ལན་གསུམ་བྱས། བླ་མ་མཉེས་ནས་དབང་བསྐུར། གེགས་སེལ་གདམས་ངག་བསྟན་ནས་བསྒོམ་དུ་བཅུག་པས་ནད་དྲག་སྟེ་ཁྲིད་རྣམས་གནང༌། གཞུང་ཚར་བ་ནི་མ་ཉན་གསུང༌། ཞྭ་མ་བས་ནི། གསུང་ངག་རགས་རིམ་ཅིག་ཉན། སེམས་ཚིམས་ནས་ཁོང་ལྕམ་སྲིང་འགྲོ་བར་འདུག་པ་ལ། བླ་མའི་ཞལ་ནས་ཞང་སྟོན་པ་ལ་ཞྭ་མ་ལྕམ་སྲིང་འདི་པ་མི་ཆེན་དུའང་འདུག གདམས་ངག་གི་སྣོད་དུའང་གདའ། ཁོང་ལ་གདམས་ངག་འདི་རྫོགས་པར་སྦྱིན་བསམ་སྟེ། ཁོང་མི་བཞུགས་པར་འགྲོ་བར་འདུག གདམས་ངག་ནི་མ་ཚར། འོ་སྐོལ་གྱི་བརྒྱུད་པ་འདིའི་ལུགས་ཀྱི་སློབ་མས་མ་ཞུས་པའི་བླ་མས་མི་བཤད་པ་སྲོལ་དུ་གདའ་བས། ཁྱེད་ཀྱིས་གྲོས་ཐོབ་གསུངས་ཏེ། ཞང་སྟོན་པས། ཁྱེད་ཀྱི་བླ་མ་ལ་ཞབས་ཏོག་ནན་ཆེར་བྱས། བླ་མ་ཡང་མཉེས། ཐུགས་ལ་འདོགས་པར་འདུག ཁྱེད་ཀྱི་ཞོར་ལ་ཡང་ངེད་ལ་ཡང་ཐུགས་ལ་བཏགས། ད་དུང་གདམས་ངག་ལྷག་མ་འདྲ་ཡོད་པ་འདྲ། བཞུགས་ནས་ལྷག་མ་ཀུན་གཅོད་པར་ཞུ་བྱས་པས། ཞྭ་མ་ལྕམ་སྲིང་ན་རེ། ཇོ་བོ་འདི་ཅི་གསུང་ན། འབུལ་བ་ཡང་འཁོར་གསུམ་ཡང་དག་ལན་གསུམ་བྱས། བྱང་དང་ར་ཚུན་ཆད་བསྐོར། ཇག་དམར་གྱི་གོས་རྐྱང་པ་རེ་ལས་མེད་པར་ཕུལ་བས། གྲང་དྲགས་ནས་ལམ་དུ་གནག་གི་སྐྱིབས་འཇོ་ཡིན་འོང༌། ཅི་ཡོད་ཕུལ་ནས་ཞུས། མཉེས་ཀྱང་མཉེས། གདམས་ངག་ཀྱང་མ་ལུས་པར་གནང༌། ལྷག་མ་ཡང་མེད་པར་ཐག་ཆོད། དེས་ཚིམ་ཡང་ཚིམས། ལྷག་མ་ཡོད་པ་སྐད་གསུང་ཡང༌། རྗེའི་ཞལ་རྫུན་གསུང་བ་ཡིན་གསུངས་ནས་སྡོད་དུ་མ་ཉན་ནས་སོང་བས། ཅུང་ཟད་མ་རྫོགས་པ་ནས་འབྲིང་དུ་ཐོབ་པ་ཡིན་གསུང༌། འོན་ཀྱང་བསྒོམས་པས་ཡོན་ཏན་ཁྱད་པར་ཅན་སྐྱེས་ཏེ། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཁ་གདོང་མས་ཆུ་ཆུས། འུག་གདོང་མས་མེ་ཐོང་བྱས་པ་ཙམ་གྱིས། ཐབ་ཏུ་མེ་ལམ། ཕྲུ་བར་ཆུ་མེར་གྱིས་འབྱུང་བར་བྱུང་ངོ༌། །ལུས་གཅིག་ལ་དུ་མར་བྱེད་པ་ལ་སོགས་རྫུ་འཕྲུལ་གྱི་ཞིང་གཞན་དུ་སྐད་ཅིག་གིས་བགྲོད་པར་ནུས་པ་ཡིན་ཏེ། རྡོ་རྗེ་གདན་དུ་བདེ་བར་གཤེགས་པའི་མཆོད་པ་ལ་ནམ་མཁའ་ལ་བྱོན་ནས། གནྡྷོ་ལ་ལ་སྐོར་བ་བྱེད་པ་བོད་མོའི་ཆ་ལུགས་སུ་ཡོད་པ་ཁམ་པ་མི་ཉག་ལོཙྪ་བས་ངོ་ཤེས། འདི་ལ་སྟོད་དིང་རི་ན་ཡོད་པའི་མ་ཇོ་ཞྭ་ཆུང་མ་བྱ་བར་འདུག་བྱས་པས། དེར་རྒྱ་གར་གྱི་མི་ཐམས་ཅད་ངོ་མཚར་སྐྱེས་ཏེ། བྲམ་ཟེ་རྣམས་ཀྱིས་ཤིས་པ་བརྗོད་པ་ཡང་བྱས། ཨ་ཙ་ར་གསུམ་བོད་དུ་ཆོས་ཞུར་བྱུང་བས། མ་ཇོའི་ཞལ་ནས་ངེད་མཐའ་འཁོབ་ཀྱི་མི། སྒོས་བུད་མེད་ཀྱི་སྐྱེ་བ་དམན་པས། ཁྱེད་ཀྱི་སློབ་དཔོན་མི་འོང་གསུངས་ནས་གསེར་སྲང་གསུམ་གནང་ནས་ཆོས་མ་གནང་སྐད། ཉིན་ཅིག་ཁོག་སྣ་ན། དགེ་བཤེས་ལྡོང་སྟོན་པ་ཆོས་གསུང་གིན་ཡོད་པ་ལ་མ་ཇོ་ཞྭ་ཆུང་མས་ཕུག་རོན་ཅིག་ཏུ་བརྫུས་ནས་ཆོས་ཉན་པས། བྱིས་པས་སོར་རྡོ་བརྒྱབ་པས། དགོངས་མོ་ཉེ་གནས་མ་ལ། དགེ་བཤེས་ལྡོང་སྟོན་པས་ཆོས་ཟབ་མོ་ཅིག་བཤད་ཀྱིན་འདུག་ནས་ཉན་པས། ཕུང་བྱིས་པ་ཁ་ཅིག་གིས་སོར་རྡོ་བརྒྱབ་ནས་ཆོས་ཉན་དུ་མ་སྟེར་ཟེར། ཉིན་ཅིག་འུ་རང་སང་ནི་སྒོག་པ་ཐུ་རུ་འདོང་ངོ་གསུངས་ནས་ཉེ་གནས་མས་སྔ་དྲོ་གཤེགས་བྱས་པས་ང་འོང་གི་ཁྱེད་རང་སྔོན་ལ་སོང་ཞིག་གསུངས་ནས་བལྟས་པས་མ་བྱོན། ཉེ་གནས་མ་གར་ཕྱིན་སར་ཕུག་རོན་ཅིག་བྱུང་བས། ཉེ་གནས་མ་གྲོག་པོ་གཅིག་ན་དེའུ་འདྲིལ་བས། ཁྱིམ་དུ་ལོག་ཙམ་ན་མ་ཇོའི་སྔུན་ན་སྒོག་པ་སྤར་གང་ཡང་འདུག་གོ །མ་ཇོ་ལ་སུས་དྲངས་ཞུས་པས་ང་རང་གིས་བཏུས་ཁྱོད་གྲོག་པོར་དེའུ་འདྲིལ་བ་ངས་བཟུང་སྟེ། ཕུག་རོན་དུ་སྤྲུལ་ལོ། །གཞན་ཡང་ཕྱི་ནང་གསང་བའི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་གཟིགས་ཏེ། ཐབ་ཏུ་ནུབ་མོ་ནས་གཏོར། ནངས་པར་སྲུས་སུ་རེད་པ་བྱུང་བ་དང༌། རྗེ་བཙུན་དམ་པ་རྒྱ་གར་ཀྱི་ཞལ་ནས། དིང་རི་བའི་སློབ་མ་རྣམས་ལ། ཁྱེད་རྣམས་སྤྱི་ལ་གསེར་ར་ཏི་གཅིག་ལས་མི་རེ། བུད་མེད་འདི་ལ་གསེར་སྲང་བརྒྱ་རེ་བ་ཡིན་གསུང༌། རྔ་ཅིག་གཏད་ནས། ཞྭ་ཆུང་མ་དྲག་ཏུ་བརྡུང་གསུང་སྐད། དེ་གྲགས་པ་ཆེན་པོ་འབྱུང་བའི་བརྡ་ཡིན། དེ་ལྟ་བུའི་རྗེ་བཙུན་མ་དེ་ལ་བླ་མ་ཉང་སྒོམ་ཆེན་པོས་ལོ་བཅུ་གཉིས་བསྟེན་ནས་ཞུས། དེས་བླ་མ་སྨོན་མཁར་བ་ཉང་རྒྱལ་པོ་གྲགས། དེས་ཁ་རེག་གི་གཉོས་ཆོས་ཀྱི་གཟི་བརྗིད། དེས་བླ་མ་ཀོ་བྲག་པ། དེས་བླ་མ་ལྷ་སྲུང་པ་ཏྲོ་ལ་བརྒྱུད་དོ། །ཡང་ཉང་སྒོམ་ལ་སྟོན་གཡུང་གིས་ཞུས། དེ་ལ་ཞང་སྟོན་སེ་མིག་པས། དེ་ལ་ཀོ་བྲག་པས་སོ། །ཡང་བླ་མ་སྨོན་མཁར་བས། སྨོན་མཁར་ཇོ་སྲས་སམ་ཞྭ་མའི་དབོན་པོ་ཤེས་རབ་ཚུལ་ཁྲིམས་སུ་གྲགས་པ་ལ་བཤད། དེ་ལ་ཀོ་བྲག་པས་སོ། །འདི་དག་ནས་བརྒྱུད་པའི་ཡིག་ཆ་ཕྲན་ཚིགས་གང་ཟག་ཐ་དད་ཀྱིས་བྱས་པ་རབ་ཏུ་མང་པོ་སྣང་ལ། འདི་དག་ཕལ་ཆེ་བ་མན་ངག་བཟང་པོ་སྣང་ཞིང༌། ཁ་ཅིག་སྦྱངས་པ་མ་བྱས་པའི་སྒོམ་ཆེན་འགའ་ཞིག་གིས་བྱས་པའི་ཅི་རིགས་པ་ཡང་སྣང་ངོ༌། །ལམ་འབྲས་ཀོ་བྲག་པའི་ལུགས་ནི། བླ་མ་དམ་པ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ལམ་འབྲས་དང༌། བི་བྷཱུ་ཏི་ཙནྡྲའི་ལུགས་ཀྱི་སྦྱོར་དྲུག་བསྒོམས་པ་ལ་བརྟེན་ནས། རྩ་རླུང་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་འཁྲུངས་པ་དེ་ཉིད་ཀྱིས། མཁན་པོ་སྨོན་མཁར་བ་ལ་ཞྭ་མ་མོ་རྒྱུད་ཀྱི་མན་ངག་བརྒྱུད་པ་གསུམ་ལྡན་གྱིས་གདམས་ངག་དང་རྗེ་བཙུན་ཞང་དགོན་པ་ལ་ཞྭ་མ་དཀོན་མཆོག་གིས་ཞུས་པ། ལམ་འབྲས་ཞང་ལུགས་སུ་གྲགས་པའི་གདམས་ངག་རྣམས་ཞུས་ཤིང་ཐུགས་སུ་ཆུད་པར་བྱས། དབང་བཞིའི་ལམ་ཁྲིད་དང་གཞུང་བཤད་སོགས་མན་ངག་ཡི་གེར་མིང་དུ་བཀོད། ལོ་ཉི་ཤུ་རྩ་བཞིར་ར་ས་ཆུ་ཕུག་ཏུ་ལམ་འབྲས་ཁོ་ན་བསྒོམས་པས་མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས་པ་ཐོབ། རྩ་རླུང་གི་གནད་གཟིགས་པས་གེགས་སེལ་གཞན་ལ་ལྟོས་མི་དགོས་པར། གེགས་སེལ་ཐུགས་ལ་རང་ཤར་དུ་འཁྲུངས་པ་རྣམས་ཡི་གེར་བཀོད་པ་ཧ་དམིགས་རྒྱ་མཚོ་སོགས་ཧ་རྒྱས་འབྲིང་བསྡུས་གསུམ་གྱི་མན་ངག ནད་གདོན་དབྱུང་བའི་མན་ངག ལམ་སྐོར་གྱི་གདམས་ངག བོགས་འབྱིན་གནད་དྲུག་གི་མན་ངག་སོགས། ལམ་འབྲས་པ་གོང་མ་རྣམས་ལ་མ་གྲགས་པའི་གེགས་སེལ་གྱི་མན་ངག་མང་དུ་མཛད། དེ་ལ་ལྷ་སྲུ་ལུང་པ་མཁའ་འགྲོ། རྒྱ་གར་ཡེ་ཤེས། གཉོས་རྡོ་རྗེ་སེང་གེ་གསུམ་གྱིས་ཞུས་ནས་མང་དུ་འཕེལ་བ་ཡིན་ནོ། །གཉོས་རྡོ་རྗེ་སེང་གེ ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་ཆུ་སོགས་ལམ་འབྲས་ཀྱི་ཡིག་ཆ་མང་དུ་བྱས་སོ།།  །།གཉིས་པ་ཞྭ་མ་ཕོ་རྒྱུད་དུ་གྲགས་པ་ལ། ལམ་འབྲས་སྤང་རྗེ་ལུགས་ནི། རྗེ་བཙུན་སེ་མཁར་ཆུང་བ་ལ་མ་གཅིག་ཞྭ་མའི་མིང་པོ་རྗེ་ཁུམ་བུ་པ་ཞྭ་མ་ཆོས་ཀྱི་རྒྱལ་པོས་ཞུས། དེས་སེ་སྒོམ་བྲག་སྐྱབས་དང་སྲས་ཞྭ་མ་ཙིནྡྲ་གཉིས་ལ་བཤད། དེ་གཉིས་ལ་སྤང་རྗེ་ཉི་མ་གྲགས་དང་རྗེ་མལ་ཇོ་བ་གཉིས་ཀྱིས་ཞུས་ནས། སྤང་རྗེས་བླ་མ་བརྒྱུད་པའི་རྣམ་ཐར། རྡོ་རྗེའི་ཚིག་རྐང་གི་འགྲེལ་པ། གེགས་སེལ་གྱི་མན་ངག་ལ་སོགས་པ་མང་པོ་མཛད་དེ་དར་བར་བྱས། དེ་ལ་ལྷ་ཟངས་ཕུག་པས་ཞུས་ནས་གཞུང་བཤད་རྒྱས་པ་གཅིག་མཛད། དེ་ལ་སྲུ་ལུང་པ་སོགས་ཀྱིས་ཞུས་ཏེ་དར་བར་བྱས་སོ། །ལམ་འབྲས་མང་ལམ་ལུགས་ནི། ལ་སྟོད་ལྷོའི་ཕ་དྲུག་པ་ཇོ་སྟོན་སེང་གེ་བཟང་པོ་ཞེས་ཀྱང་བྱ། བྱང་ཆུབ་བཟང་པོ་དང་རྣལ་འབྱོར་པ་ཀྱེའི་རྡོ་རྗེ་སྟེ། མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་དགེ་བའི་བཤེས་གཉེན་དེས་མཛད་པ་སྟེ། དེའང་རྗེ་བཙུན་སེ་མཁར་ཆུང་བ། ཞྭ་མ་ཆོས་ཀྱི་རྒྱལ་པོ། ཞྭ་མ་ཙནྡྲི། བླ་མ་ཞང་བན་ཆེན་པོ། དེ་ཇོ་སྟོན་ཉིད་ཀྱིས་ཞུས་ནས། ཐོས་བསམ་དང་སྒྲུབ་པ་ཡུན་རིང་དུ་མཛད་དེ། རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་རྒྱས་པ། ལམ་བསྡུས་པའི་འགྲེལ་པ། བླ་མའི་རྣལ་འབྱོར་སོགས་མན་ངག་ཚང་བར་མཛད་ཅིང༌། ལམ་འབྲས་བསྒོམས་པས་རྨི་ལམ་དུ་མཚན་མ་ཐོབ་ནས་ཡི་གེར་བཀོད་པ་རྨི་ལམ་ལུང་བསྟན་གྱི་མན་ངག འབྲས་བུའི་མན་ངག ཡི་གེ་གསུམ་གྱི་མན་ངག་སོགས་ཡིག་ཆུང་སུམ་ཅུ་སོ་གཉིས་ཙམ་མཛད་ཅིང༌། སྒྲུབ་ཐབས་མཚོ་སྐྱེས་ཀྱི་འགྲེལ་པ་དང༌། མན་ངག་ལུགས་ཀྱི་དབང་ཆུ་བསྡུས་པ་སོགས་མཛད་ནས་བཤད་སྒྲུབ་ཀྱིས་གཏན་ལ་ཕབ་བོ། །དེ་ལྟར་ན་ཞྭ་མ་ཕོ་རྒྱུད་པ་རྣམས་ལ། ལམ་འབྲས་ཀྱི་ཡིག་ཆ་བཟང་ལ་མང་བ་ཅིག་བྱུང་སྣང་ངོ༌། །འོན་ཀྱང་ལམ་འབྲས་ཙོ་ལུགས། འབྲོམ་ལུགས། ཞྭ་མ་ལྕམ་སྲིང་གི་ལུགས་རྣམས་ལས། ཞྭ་མ་དང་ཀོ་བྲག་པའི་མན་ངག་ཕྲན་ཚེགས་རེ་ཙམ་གྱི་ལུང་མ་གཏོགས་གཞན་ཐམས་ཅད་ལུང་ཙམ་ཡང་ཆད་དོ།།  །།གསུམ་པ་མན་ངག་མང་པོ་བསྲེས་པའི་ལུགས་ལ། ལམ་འབྲས་བཀའ་རྒྱ་མར་གྲགས་པ་ནི། བླ་མ་ཆག་ན་དབང་ཕྱུག་རྒྱལ་མཚན། གྲུབ་ཐོབ་དཀར་པོ་གྲགས་པ། དེས་མཛད་པ་སྟེ། དེ་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ། ཀུན་མཁྱེན་ཕུ་ཧྲང་བ་སངས་རྒྱས་གྲགས། དེ་ལ་ཆ་གན་གྱི་ལམ་འབྲས་ས་ལུགས་ཞུས། ཡང་རྗེ་མ་གཅིག་ཞྭ་མ། ཕུ་དམར་བ་ཞང་རས། མང་ལམ་ཞིག་པོ། ཆོས་སྡིང་བ་ཉང་རས། མ་གཅིག་ཉི་ཁྲི། དེ་ལ་ཆ་གན་གྱི་ཞྭ་ལུགས་ཀྱི་ཆོས་སྐོར་ཐམས་ཅད་རྫོགས་པར་ཞུས་ནས། གར་ཀོ་མང་གི་དགོན་པར་ལོ་མང་པོར་སྒྲུབ་པ་མཛད་པས། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཞིང༌། སློབ་དཔོན་རྣལ་འབྱོར་དབང་ཕྱུག་བིརྺ་པ་སྐུ་དམར་མདངས་ཤས་ཆེ་བ་ཞིག་ཞལ་གཟིགས་ཞེས་གྲགས་ལ། ཕྲིན་ལས་དཔག་ཏུ་མེད་པ་བྱུང་ངོ༌། །བླ་མ་དེས་ཕྱིས་རིན་ཆེན་སྒང་བླ་བྲང་གོང་མར་བཞུགས་ནས། ལམ་འབྲས་བརྒྱུད་པའི་རྣམ་ཐར་རྒྱས་པ། གོང་འོག་མང་པོ་བཅོས་པའི་རྩ་བ་རྡོ་རྗེའི་ཚིག་རྐང༌། དེ་དང་བསྟུན་པའི་གཞུང་བཤད་རྒྱས་པ་ཚིག་རྐང་ས་བཅད། སྣང་བ་གསུམ། གཞུང་ཇི་ལྟ་བ་བཞིན་བཀྲི་བ། གནད་དྲུག གནད་བཅུ་གཅིག དབང་པོ་རབ་འབྲིང་གསུམ་རྣམས་ལ་ཁྲིད་ཡིག་རེ་རེ། ལམ་ཟབ་བླ་མའི་རྣལ་འབྱོར། མངོན་རྟོགས་ལག་ལེན་མཚམས་ཀྱིས་ཉམས་མྱོང༌། དོན་ཁྲིད་ལམ་རིམ། དབང་བཞིའི་བརྡའི་དོན་འགྲོལ་བའི་མན་ངག ཡང་གསང་གཅེས་པ་ལྔ་ལྡན། སྨིན་གྲོལ་མཚམས་ཀྱི་སྤྱི་ཆིངས། ཟབ་ལམ་ཀྱི་བརྗེད་བྱང་ཉམས་ཁྲིད་ཆེན་མོ། རྣལ་འབྱོར་དབང་ཕྱུག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ཡི་གེ་མེད་པའི་བྱིན་རླབས་སོགས་ལམ་འབྲས་ཀྱི་མན་ངག་པུ་སྟི་ཆུང་ངུ་གཅིག་མཛད། དེ་ཉིད་ལ་བླ་མ་མཉམ་མེད་གྲགས་པ་རྒྱལ་མཚན་ལ་སོགས་པ་མང་པོས་ཞུས་ནས་དར་བར་བྱས་སོ། །འདི་དང་ཆ་གན་གཉིས་ཀྱིས་རྡོ་རྗེའི་ཚིག་རྐང་རྒྱ་དཔེ་ལ་མ་གཏུགས་པར་འགྱུར་བཅོས་མཛད་པ་སོགས་རང་བཟོ་ཆེ་བར་མཛད་སྣང་ཞིང༌། ཞྭ་མའི་ལུགས་ལྟར་འཆད་པའི་ངེས་པ་མི་སྣང་ཡང༌། ཞྭ་ལུགས་ཤས་ཆེ་བས་དེའི་ཁོངས་སུ་བསྡུས་སོ། །ལམ་འབྲས་དབང་རྒྱལ་ལུགས་ནི། ཇོ་ནང་ཀུན་སྤངས་ཆེན་པོའི་སློབ་མ་ལ་སྟོད་དབང་རྒྱལ། གཉོས་དབང་རྒྱལ་དུ་གྲགས་པ་སྦྱོར་དྲུག་གི་གོ་མྱོང་བཟང་པོ་ཡོད་པའི་དེས། ལམ་འབྲས་ཀྱི་ཁྲིད་ཡིག་ཟབ་ལམ་ཁྱད་འཕགས་དང༌། ལམ་བཞི་སྤྱིའི་རྣམ་པར་གཞག་པ་རྣམས་མཛད་ནས། འདི་ཉིད་གང་ཟག་སུས་རྙེད་པ། །ཚེ་གཅིག་སངས་རྒྱས་དེ་ཡིས་ཐོབ། །མི་རྟོག་ཏིང་འཛིན་བསྒོམ་པ་ཡིས། །སྣང་བ་ལྷ་རུ་འཆར་བ་ལ། །བསྐྱེད་རིམ་རྟོག་བསྒོམ་དགོས་རྒྱུ་ཆུང༌། །རླུང་སེམས་དབུ་མར་འཇུག་པ་ལ། །སྔགས་ཀྱི་དམ་པར་བཤད་པ་ལ། །བསྙེན་སྒྲུབ་འདི་ཡིས་དགོས་རྒྱུ་ཆུང༌། །རྩ་མདུད་རླུང་དང་མེ་དང་ནི། །བྱང་ཆུབ་སེམས་ཀྱིས་འགྲོལ་བ་ལ། །འཁྲུལ་འཁོར་འདི་ཡིས་དགོས་རྒྱུ་ཆུང༌། །ཐོད་རྒལ་འཇུག་པས་མེ་འབར་ཕྱིར། །གཏུམ་མོའི་དམིགས་པ་དགོས་རྒྱུ་ཆུང༌། །བྱང་སེམས་མེ་ཡིས་འཇུ་བ་ལ། །ལས་ཀྱི་ཕྱག་རྒྱས་དགོས་རྒྱུ་ཆུང༌། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ལ། །བདག་འཇུག་འདི་ཡིས་དགོས་རྒྱུ་ཆུང༌། །བྱང་སེམས་གསང་གནས་བརྟན་འགེང་ལ། །བཟློག་འདྲེན་འདི་ཡིས་དགོས་རྒྱུ་ཆུང༌། །དགོས་པ་བདུན་དང་མི་དགོས་བདུན། །དགོས་པ་བདུན་གྱིས་སངས་རྒྱས་སྒྲུབ། །མི་དགོས་བདུན་པོ་འདི་དག་ནི། །རྨོངས་པའི་ལྟོ་ཟོང་ཟོག་པོའི་ཆོས། །རང་ཕུང་གཞན་བསླུ་བྱེད་པར་གསུངས། །ཞེས་ལམ་འབྲས་པ་སྔ་མ་བཀག་ནས། རང་ལུགས་ལ་ཐོག་མར་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཁྲིད་བྱེད་དགོས་ལ། དེ་ཉིད་སྦྱོར་དྲུག་གི་སོར་སྡུད་དང་དོན་གཅིག་པས། མུན་ཁང༌། ལུས་གནད་བྱེད་བཅིང་སོགས། སྦྱོར་དྲུག་ལྟར་ཉམས་སུ་བླངས་པས། སྟོང་གཟུགས་ཀྱི་སྣང་བ་དཔག་ཏུ་མེད་པ་དང༌། ཉམས་མྱོང་ཤར་ལ། དེ་ཉིད་ལ་དཀྱིལ་འཁོར་དང་ལྷ་དང་སྔགས་ཚང་བས་གཞན་ཟུར་པ་ཉམས་སུ་ལེན་པ་རྣམས། རྟོག་སྒོམ་འབའ་ཞིག་ལམ་དུ་བྱེད་པ་ཡིན་པས། སངས་རྒྱས་ཀྱི་ལམ་དུ་མི་འགྱུར་རོ། །ཞེས་འཆད་དོ། །འདི་ནི་ཏིང་ངེ་འཛིན་ཅིག་བསྒོམས་པས། དེ་ལ་ཡོན་ཏན་གཞན་མང་པོ་དང་ལྡན་པའི་ཕྱིར། གཞན་ཐབས་ཀྱི་ཆ་རྣམས་ཉམས་སུ་ལེན་མི་དགོས་ཞེས། རྒྱ་ནག་གི་མཁན་པོ་ཧ་ཤང་གི་འདོད་པ་ཅི་ལྟ་བ་བཞིན་དུ་སྣང་ལ། དེ་ཉིད་མི་འཐད་པའི་ཚུལ་སློབ་དཔོན་བདག་ཉིད་ཆེན་པོ་ཀ་མ་ལ་ཤཱི་ལས་བསྒོམ་རིམ་མཐའ་མར་ལེགས་པར་སུན་ཕྱུང་བ་ཉིད་ཀྱིས་ཤེས་སོ། །ལུགས་འདི་སྔར་གྱི་ལམ་འབྲས་པ་སུ་དང་ཡང་མི་མཐུན་མོད། འོན་ཀྱང་བརྒྱུད་པ་ཞྭ་མ་ལ་དེད་པར་སྣང་བས། ཞྭ་ལུགས་ཀྱི་ཁོངས་སུ་བཞག་གོ །ལམ་འབྲས་ཇོ་ནང་ལུགས་གྲགས་པ་ནི། སྦྱོར་བ་ཡན་ལག་དྲུག་ལ་སོགས་པ་རྒྱུད་སྡེའི་མན་ངག་ཟབ་མོ་རྣམས་ལ་ཉམས་མྱོང་དང་མཁྱེན་པ་ཕྱོགས་མེད་དུ་རྒྱས་པ། ཀུན་སྤངས་ཀུན་ཏུ་བཟང་པོ། དཔལ་མི་བསྐྱོད་རྡོ་རྗེར་གྲགས་པ་དེ་ཉིད་ཀྱིས་འཇམ་དབྱངས་གཞི་ཐོག་པ་ཆེན་པོ་ལ་ལམ་འབྲས་ས་ལུགས་ཀྱི་མན་ངག་རྣམས་ཞུས་ཤིང༌། བླ་མ་ལྷ་ལུང་བའི་དངོས་སློབ། ཁ་ཕྱར་བ་རིན་ཆེན་འོད་ལ། ཞྭ་ལུགས་ཕོ་རྒྱུད་མོ་རྒྱུད་གཉིས་ཀའི་མན་ངག་རྣམས་ཞུས་ནས། ཉམས་ལེན་མང་དུ་མཛད་པས། རྡོ་རྗེའི་ཚིག་རྐང་གི་གོ་རིམ་སྔར་དང་མི་འདྲ་བ་ཞིག་བྲིས་ན་གོ་བདེ་བ་ཞིག་འོང་བར་འདུག་དགོངས་ནས། བླ་མ་དང་མཁའ་འགྲོ་ལ་གསོལ་བ་བཏབ་པས། མནལ་ལམ་དུ་གྲུབ་པའི་དབང་ཕྱུག སེ་སྟོན་ཀུན་རིག་གི་རྣམ་འཕྲུལ་བསྟན་ནས། གཞུང་རྩོམས་ཤིག་པའི་གནང་བ་ཐོབ་པ་ལ་བརྟེན་ནས། ཞྭ་ལུགས། འབྲོམ་ལུགས། ས་ལུགས་གསུམ་གྱི་རྡོ་རྗེའི་ཚིག་རྐང་ཐམས་ཅད་ཕྱོགས་གཅིག་ཏུ་བྲིས། གོ་རིམ་མང་པོ་བསྒྱུར་བའི་རྡོ་རྗེའི་ཚིག་རྐང་གཅིག་ཀྱང་མཛད། དེའི་འགྲེལ་པ་དཔལ་ས་སྐྱ་པ་ཆེན་པོ་དང༌། ཞྭ་མ་ལྕམ་མིང་དབོན་སྲས་ཀྱིས་མཛད་པའི་འགྲེལ་པ་དང༌། བཀའ་རྒྱུད་གཉིས་ཀྱི་འགྲེལ་པའི་བཅུད་དུ་བསྡུས་ནས་རྡོ་རྗེའི་ཚིག་རྐང་དཀྲུགས་པ་བསྡེབས་གབ་པ་མངོན་དུ་ཕྱུང་བའི་འགྲེལ་པའི་ཚིག་དོན་གསལ་བྱེད་སྒྲོན་མ་དང༌། དེའི་བསྡུས་དོན་བརྒྱུད་པའི་ལོ་རྒྱུས་རྣམས་མཛད་ནས། ལམ་འབྲས་རྩ་བ་རྡོ་རྗེའི་ཚིག་རྐང་འདི། །དཀྲུགས་བཞིན་བཤད་དམ་གང་འགྲིག་སྡེབ་བཤད་ཀུན། །མཐའ་དྲུག་བཤད་བཞིན་ཁྲིད་ཚུལ་ཡིན་ལགས་མོད། །ཚིག་དོན་འགྲིགས་བསྡེབས་རྩ་འགྲེལ་ངོ་མཚར་ཧེ། །དེ་ལྟར་ཚིག་དོན་ངོ་མཚར་བསྡེབས་ལེགས་འདི། །སྣོད་ལྡན་ལ་སྦྱིན་སྣོད་མིན་བསྟན་མི་བྱ། །ཅེས་གདམས་སོ། །དེ་ལ་བྲག་ཁ་བ་གྲགས་པ་སེང་གེ བྱང་སེམས་རྒྱལ་ཡེ། ཀུན་མཁྱེན་འཕགས་འོད། སྐལ་ལྡན་སྒོམ་བཟང་སོགས་མང་པོས་ཞུས་ནས་ཤིན་ཏུ་དར་བར་བྱས་སོ། །ལམ་འབྲས་ལྕེ་སྒོམ་ལུགས་ནི། རྗེ་ས་སྐྱ་པ་ཆེན་པོའི་སློབ་མ། དཔལ་ཏལ་ཕུག་པ་ལ་ལྕེ་སྒོམ་གྱིས་ཞུས་སོ། །ཡང་རྗེ་ས་ཆེན་ལ། ཁམ་སྒོམ་ཆོས་ཀྱི་བླ་མས་ཞུས། དེ་ལ་སློབ་དཔོན་ཇོ་བོ། དེ་ལ་ལྕེ་སྒོམ་རིན་པོ་ཆེས་ཞུས་ནས་ཏིང་ངེ་འཛིན་བསྒོམས་པས་ཉམས་མྱོང་བསམ་གྱིས་མི་ཁྱབ་པ་འཁྲུངས་ཏེ། རྒྱས་པར་དེ་ཉིད་ཀྱི་རྣམ་ཐར་ལས་ཤེས་སོ། །བླ་མ་དེ་ལ་ལམ་འབྲས་ཀྱི་གདམས་ངག་རྫོགས་པ་ཞིག་ཡོད་པར་སྣང་མོད། འོན་ཀྱང་དངོས་སུ་ཡི་གེར་བཀོད་པ། ལམ་འབྲིང་པོའི་ཡིག་ཆ་ཞིག་མཛད། འདི་ལ་ཆོས་ལྔའི་ཆོས་བཞིའི་སྐབས་སུ་བག་ཙམ་མི་འདྲ་བ་མ་གཏོགས་གཞན་རྗེ་བཙུན་ཆེན་པོས་བཤད་པ་ཇི་ལྟ་བ་བཞིན་སྣང་ངོ༌། །བླ་མ་ལྕེ་སྒོམ་གྱིས། སྤྲུལ་སྐུ་བརྩོན་འགྲུས་ལ་སྙན་བརྒྱུད་བཞིས་གདམས་ནས་ཅུང་ཟད་འཕེལ་ལོ། །ལམ་འབྲས་ཕག་གྲུ་ལུགས་ནི། རྗེ་ས་སྐྱ་པ་ཆེན་པོ་ལ་བདེ་གཤེགས་ཕག་མོ་གྲུ་པ། རྗེ་ཁམ་པ་རྡོར་རྒྱལ། དཔལ་མཐའ་རྩ་བ་སྟེ་མཚན་གྱི་རྣམ་གྲངས་གསུམ་དང་ལྡན་པའི་སྐྱེས་བུ་ཆེན་པོ་དེས་ཞུས་ཤིང༌། ས་སྐྱར་ལོ་བཅུ་གཉིས་བཞུགས། དཀའ་བ་དཔག་ཏུ་མེད་པས་བླ་མ་མཉེས་པར་བྱས་ནས་མན་ངག་ཐོབ་པ་རྣམས་ཡི་གེར་བཀོད་པ་ལམ་འབྲས་བཤད་མཛོད་མ་ཞེས་པའི་གཞུང་ཆེན་པོ་མཛད། ཁ་ཅིག་དཔེ་མཛོད་མ་ཟེར་བ་ནི་མ་དག་པར་སྣང་ངོ༌། །དེའི་སློབ་མ་པྲཛྙཱ་ཀིརྟིས་བཤད་མཛོད་མའི་སྟེང་དུ། མཐའ་རྩ་བའི་གསུང་སྒྲོས་རྣམས་བསྣན་ནས། ཅུང་ཟད་རྒྱས་སུ་གཏང་བ་ཞིག་བྱས་ཏེ་གཏན་ལ་ཕབ་བོ། །མདོར་ན་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་འབྲོག་མི་ལོཙྪ་བ་ཆེན་པོ་རྗེས་འབྲང་དང་བཅས་པས་མན་ངག་འདི་སྤེལ་ཞིང་དར་བར་བྱས་པ་ཡིན་ནོ།།  །།གསུམ་པ་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་དར་བར་བྱས་ཚུལ་ལ་བཞི་སྟེ། ཐོག་མར་དཔལ་ས་སྐྱ་པ་ཆེན་པོས་ལམ་འབྲས་གཞན་དང་སྤྱི་མཐུན་དུ་ཞང་དགོན་པ་ལ་ཞུས་ནས་ཐུགས་ཉམས་སུ་བཞེངས་ཚུལ། དེ་རྗེས་སུ་དཔལ་བིརྺ་པ་དང་མཇལ་ཏེ་གཞན་ལས་ཁྱད་པར་དུ་འཕགས་པའི་གདམས་ངག་མང་པོའི་བཀའ་བབས་ཚུལ། མཐར་དཔལ་ས་སྐྱ་པ་ཉིད་ཀྱིས་ལམ་འབྲས་ཀྱི་དོན་ཐམས་ཅད་བསྡུས་ནས་རྗེ་བཙུན་ཆེན་པོ་ལ་གདམས་ཚུལ། དེ་དག་ལ་བརྟེན་ནས་ད་ལྟའི་བར་དུ་འཕེལ་བའི་ཚུལ་ལོ། །དང་པོ་ནི། དཔལ་ས་སྐྱ་པ་ཆེན་པོ་དགུང་ལོ་བཅུ་གཉིས་པ་ལ་འཕགས་པ་འཇམ་དཔལ་ཞལ་གཟིགས་ནས་ཞེན་པ་བཞི་བྲལ་གྱི་གདམས་ངག་གནང་སྟེ་ཆོས་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། གཞན་ཡང་མིའི་དགེ་བའི་བཤེས་གཉེན་ལོཙྪ་ཆེན་པོ་དྲུག་ལ་སོགས་པ་ལ་གཏུགས་པའི་རང་གི་ཡབ་འཁོན་དཀོན་མཆོག་རྒྱལ་པོ། བ་རི་ལོཙྪ་བ། བྲང་ཏི་དར་མ་སྙིང་པོ། ཉང་སྟོད་ཀྱི་ཁྱུང་རིན་ཆེན་གྲགས། བླ་མ་གནམ་ཁའུ་པ། འཁོན་དགེ་ཆུ་བ་ཆེན་པོ་དགྲ་བླ་འབར། མལ་གྱོ་བློ་གྲོས་གྲགས་པ་ལ་སོགས་པ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཆོས་ཀྱི་གསན་སྦྱོང་མཛད་ཚུལ་རྣམ་ཐར་གྱི་ཡི་གེ་རྣམས་སུ་གསལ་ལ། ཁྱད་པར་དུ་གསུང་ངག་རིན་པོ་ཆེ་མནོས་ཚུལ་ནི་དང་པོར་རྗེ་བཙུན་སེ་སྟོན་ཀུན་རིག་དང་མཇལ་ཏེ་ལམ་འབྲས་ཀྱི་མན་ངག་གི་རྣམ་གྲངས་ཉམས་ལེན་གྱི་ཁོག་སྒྲིག་ཙམ་ཞིག་གསན་ཏེ་རྗེ་བཙུན་ཞང་དགོན་པའི་དྲུང་དུ་གསུང་ངག་ལམ་འབྲས་ལོ་བཞིའི་བར་དུ་གསན་སྦྱང་མཛད་དེ། བུམ་པ་གང་བྱོའི་ཚུལ་དུ་གནང་ནས་སྙན་བརྒྱུད་བཞིས་གདམས་ཏེ་ལམ་བསྡུས་པ་བསྒྲུབ་པའི་ལུང་སྦྱིན་པའང་མཛད་ནས། བཀའ་རྒྱས་ཀྱང་བཏབ་སྟེ། ད་གསུང་ངག་རིན་པོ་ཆེ་འདི་ལོ་བཅོ་བརྒྱད་ཀྱི་བར་དུ་གཞན་ལ་བཤད་པ་ལྟ་ཞོག ངས་ཤེས་ཙམ་ཡང་མ་ཟེར། དེ་ནས་ཁྱོད་རང་གཞན་ལ་བཤད་དམ་ཡི་གེར་བྲིའམ་ཁྱོད་རང་ཤེས། ལར་ཆོས་འདི་ལ་བདག་པོ་ཅིག་དགོས་བསམས་ནས་ན་ནིང་ནས་བློ་མ་བདེ་སྟེ། ད་ཁྱོད་ལ་འཕྲོད་པས་བློ་ཤིན་ཏུ་བདེ་གསུངས། སྤྱིར་ཁྱོད་ཀྱིས་བསྒྲུབ་པར་བྱས་ན་ལུས་མ་སྤངས་པར་གྲུབ་པ་ཐོབ་པ་རྣལ་འབྱོར་དབང་ཕྱུག་ཙམ་ཅིག་འོང་བ་ཡིན། བཤད་པ་བྱས་ན་འགྲོ་བ་མང་པོ་ལ་ཕན་ཐོགས་པ་ཅིག་འོང༌། དེའང་ཁྱོད་ལ་གྲུབ་པ་ཐོབ་པའི་སློབ་མ་གསུམ། བཟོད་པ་ལ་གནས་པའི་སློབ་མ་བདུན། གཞན་ཚོགས་ལམ་ཆེ་འབྲིང་ལ་གནས་པ་མང་དུ་འབྱུང་གསུངས་ནས་དེ་བཞིན་དུ་ཐུགས་ཉམས་སུ་བཞེས་ཏེ། བླ་ཆེན་གྱི་སྐུ་ཚེའི་སྟོད་ཡན་ཆད་སྙན་བརྒྱུད་འབའ་ཞིག་ཡིན་པས་ཡི་གེ་མེད་པའི་སྟོབས་ཀྱིས་ཐུགས་བསྙེལ་གྱིས་དོགས་ནས། ཞག་རེ་ལ་རྡོ་རྗེའི་ཚིག་རྐང་ཚར་བདུན། ཟླ་རེ་ལ་ལམ་རྒྱས་པ་ཆ་ལག་དང་བཅས་པ་བསམ་མནོ་ཚར་རེ་ཐུགས་དམ་དུ་མཛད་དོ། །དེ་ལྟར་རྗེ་བཙུན་སེ་ཞང་གཉིས་ལ་དངོས་སུ་མནོས་པ་དེ་ཡན་ཆད་ནི་སྔར་གྱི་ལམ་འབྲས་པ་གཞན་དང་ཐུན་མོང་ངོ༌།།  །།གཉིས་པ་དེ་རྗེས་དཔལ་བིརྺ་པ་དང་མཇལ་ཏེ་གཞན་ལས་ཁྱད་དུ་འཕགས་པའི་གདམས་ངག་མང་པོའི་བཀའ་བབས་ཚུལ་ནི། དེ་ལྟར་ཐུགས་ཉམས་སུ་བཞེས་པའི་སྐབས་སུ་དུག་ནད་དྲག་པོའི་བསྙུང་གཞི་བྱུང་ནས་ཐུགས་དྲན་པ་སྟོར་བ་ཡུན་རིང་བྱུང་སྟེ། ཕྱིས་སྐུ་ཁམས་སོས་པ་ནའང་ཆོས་ཐམས་ཅད་བརྗེད་ནས་འདུག་པ་ལ་ཆོས་གཞན་ཚོ་གཞུང་དང་ཡི་གེ་གཟིགས་པས་དྲན་པར་བྱུང༌། གསུང་ངག་རིན་པོ་ཆེ་ནི་ཞུ་སའི་བླ་མ་ནི་མི་བཞུགས། ཡི་གེ་དང་གྲོགས་ཤེས་པ་ནི་མེད། རྒྱ་གར་དུ་ཕྱིན་ཡང་ཞུ་ས་ནི་མི་རྙེད་དགོངས་ནས་ས་སྐྱར་སྔར་འཇམ་དབྱངས་ཞལ་གཟིགས་པའི་སྒྲུབ་ཕུག་ཏུ་མཚམས་བཅད་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པས། རྨི་ལམ་དུ་བླ་མ་ཞང་དགོན་པ་བ་བྱོན་སྔར་གྱི་ཆོས་ཐམས་ཅད་གསུངས། དེ་ནས་ཤིན་ཏུ་དགའ་ཞིང་གསོལ་བ་ཆེར་བཏབ་པས། རྣལ་འབྱོར་དབང་ཕྱུག་བིརྺ་པ་དངོས་སུ་བྱོན་ནས་གསུང་ངག་རིན་པོ་ཆེ་སྤྱི་དང་བྱེ་བྲག་གི་གདམས་པ་མང་པོ་གནང་བས། ཟླ་བ་གཅིག་གི་བར་དུ་མཉན་ཏེ། སྤྱིར་བླ་མེད་ཀྱི་རྒྱུད་སྡེ་བདུན་ཅུ་དོན་གཉིས་ཁྱད་པར་དུ་ལམ་སྦས་བཤད་ཆ་ལག་དང་བཅས་པ་རྣམ་འཇོམས་བིར་ལུགས་བིར་སྲུང་ཐུན་མོང་མ་ཡིན་པ་ལམ་ཟབ་ཐུན་མོང་མ་ཡིན་པ་ལ་སོགས་པ། སྔར་ཞང་དགོན་པ་བ་ལས་མ་བྱུང་བ་མང་པོ་གནང་བས། ལམ་འབྲས་ཉེ་བརྒྱུད་ལ་རྡོ་རྗེ་འཆང་ནས་ས་ཆེན་གྱི་བར་བཞི་ལས་མེད་དེ། རྗེ་རྩེ་མོའི་ཕྱག་དཔེ་ལས། ཡེ་ཤེས་ཟླ་བ་དྲི་མེད་མིག་ལ་ཤར། །སྡེ་སྣོད་གསུམ་གྱིས་དེ་ཉིད་གསལ་བར་བྱས། །རྒྱ་མཚོའི་ནང་ན་ནོར་བུ་བཞིན་དུ་མཛེས། །བློ་ལྡན་རྣམས་ཀྱིས་རྟོགས་འགྱུར་གཞན་གྱིས་མིན། །ཞེས་བྲིས་པའི་དོན་ནོ། །བླ་མེད་ཀྱི་རྒྱུད་སྡེ་བདུན་ཅུ་དོན་གཉིས། འཆད་ཐབས་ཀྱི་མན་ངག་བཞིས་གསལ་བར་བྱས་པའི་ཉེ་བརྒྱུད་ཀྱང་རྡོ་རྗེ་འཆང་ནས་རྗེ་བཙུན་རྩེ་མོའི་བར་ལྔ་ཡིན་ཏེ། རྗེ་བཙུན་གྱི་ལྗོན་ཤིང་གི་ས་བཅད་ཀྱི་མཇུག་ཏུ། བླ་མེད་ཕྱོགས་ནི་རིས་བསྒྱུར་མིག་བཅས་པ། །རིག་བྱེད་ཀྱིས་གསལ་ལག་པས་མེ་ལ་བགོ །དེ་འོད་ཀུན་གསལ་ཆུ་གཏེར་འབྱུང་བར་བབས། །བློ་ལྡན་དོན་འདི་རྟོགས་ནས་སྨྲ་བར་གྱིས། །ཞེས་པའི་དོན་ནོ། །ཡང་རྩེ་མོ་ཡང་ས་ཆེན་དང་བིརྺ་པ་གཉིས་ཀའི་སློབ་མ་སྟེ། མེ་དང་ཆུ་བོས་འབྱུང་བ་རབ་ཏུ་བསྐྱེད། །ཞེས་བྲིས་པའི་དོན་ཏོ། །དེས་ན་ལམ་འབྲས་ཀྱི་གདམས་ངག་མང་པོའི་ཡིག་ཆུང་མང་པོ་འབྱུང་བ་ཕལ་ཆེར་ཀྱང་ཉེ་བརྒྱུད་ལས་བྱུང་བའོ། །གསུམ་པ་མཐར། དཔལ་ས་སྐྱ་པ་ཉིད་ཀྱིས་ལམ་འབྲས་ཀྱི་དོན་ཐམས་ཅད་བསྡུས་ནས་རྗེ་བཙུན་ཆེན་པོ་ལ་གདམས་ཚུལ་ནི། རྗེ་ས་ཆེན་བདེ་བར་གཤེགས་ནས་ལོ་སོ་དྲུག་སོང་བ། རྗེ་བཙུན་ཆེན་པོའི་དགུ་པ་རེ་ཞེ་དྲུག་བཞེས་པ་ན་ས་ཆེན་དངོས་སུ་བྱོན་ཏེ། སྔོན་ཁྱོད་ལ་མན་ངག་བསྟན་པའི་དུས་ཀྱི་བརྗེད་བྱང་འདི་ཡིན་གསུངས་ནས། རྡོ་དཀར་ཁྲུ་བཞི་པ་གཅིག་ལ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཨཱཿདང་ཧཱུྃ། ནུབ་བྱང་ནས་གཡོན་སྐོར་གྱི་མཚམས་བཞིར་ཡ་ར་ཝ་ལ་གནས་པ། ཕྱོགས་ཀྱི་འདབ་མ་བཞི་སྟོང་པར་ཡོད་པ་ཅིག་གཏད་ནས། དང་པོ་ཆོས་ཉིད་གདན་དུ་བྱ། །གཉིས་པ་རླུང་ལ་སྤར་ཟིན་བྱ། །གཏུམ་མོ་མེ་དྲོད་རབ་ཏུ་སྦར། །བྱང་ཆུབ་ཆུ་རྒྱུན་རབ་ཏུ་གཞུག །ས་སོགས་འབྱུང་བ་དབང་དུ་འདུས། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་གསུངས་ནས་ལམ་འབྲས་བུ་དང་བཅས་པའི་དོན་ཐམས་ཅད་བསྡུས་ནས་གདམས་པ་འདི་ནི་མཆོག་ཏུ་ངོ་མཚར་བ་ཞིག་སྟེ། དེ་གསལ་བའི་ཁུངས་འོག་ནས་འཆད་པར་འགྱུར་རོ། །བཞི་པ་དེ་དག་ལ་བརྟེན་ནས་ད་ལྟའི་བར་དུ་འཕེལ་བའི་ཚུལ་ལ་དང་པོ་རྗེ་ས་ཆེན་གྱིས་བླ་མའི་བཀའ་བཞིན་ལོ་བཅོ་བརྒྱད་ཀྱི་བར་གསང་སྤྱོད་ཀྱི་ཐུགས་དམ་མཛད་པས། སྒྲུབ་པ་མཐར་ཕྱིན་ནས་གཞན་དོན་བྱ་བའི་དུས་ལ་བབས་ཏེ། ཐོག་མར་བྱང་ཆུབ་སེམས་དཔའ་ཨ་སེང་གིས་ལམ་འབྲས་རྩད་ཆོད་ནས། གཞུང་བཤད་ཀྱི་དང་པོ་དོན་བསྡུས་མ། བྱང་ཆུབ་སེམས་དཔའི་ཟླ་བ་རྒྱལ་མཚན་གྱིས་ཞུས་པའི་ཟླ་རྒྱལ་མ། གློག་སྐྱ་ཆོས་གྲགས་གིས་ཞུས་པའི་གློག་སྐྱ་མ། ཇོ་གདན་འདན་བུས་ཞུས་པའི་འདན་བུ་མ། གཡའ་ཆུང་གི་ཇོ་མོ་འ་འུ་མས་ཞུས་པའི་འ་འུ་མ་སྟེ། ཇོ་མོ་འདིའི་ཉམས་ཤར་བ་ལ་ཁྱི་སྐད་འདོན་པ་ཅིག་ཡོད་པས་འ་འུ་མ་ཟེར་སྐད། ཡང་ཞུ་བྱས་ཀྱི་དོན་དུ་བྱས་པས་ཞུ་བྱས་མ། སྟོད་སྒོམ་བྱང་ཆུབ་ཤེས་རབ་ཀྱི་དོན་དུ་བྱས་པ་ཅིག ལྡན་མ་ཀྱོག་པོ་སྒལ་རྒ་ཐིང་ཏིང་མ། ཡུམ་གྱི་དོན་དུ་བྱས་པའི་ཡུམ་དོན་མ། ཐུགས་སྲས་གཉེན་ཕུ་ཆུང་བའི་དོན་དུ་མཛད་པས་སྲས་དོན་མ། ཡང་ན་འདི་སྲས་རྗེ་བཙུན་སྐུ་མཆེད་ཀྱི་དོན་དུ་ཤོག་དྲིལ་མང་པོ་མཛད་པ་རྣམས་གཉན་ཕུ་ཆུང་བས་ཕྱོགས་གཅིག་ཏུ་བསྒྲིགས་པས་ན་སྲས་དོན་མ་ཞེས་ཟེར་བའང་ཡོད། དེ་ཐམས་ཅད་ཀྱི་རྗེས་ལ་གཉགས་ཞི་ར་བ་དབང་ཕྱུག་དཔལ་གྱིས་ཞུས་ནས་མཛད་པའི་གཉགས་མ་སྟེ། ཚོགས་བསྒོམ་གྱི་སློབ་མ་གཉགས་སྙིང་པོ་རྒྱལ་མཚན་སོགས་དང་ནོར་བར་མི་བྱའོ། །དེ་ལྟར་རྣམ་འགྲེལ་བཅུ་གཅིག་པོ་ཐམས་ཅད་ཀྱང་སྔ་ཕྱིའི་གདུལ་བྱ་རྣམས་ཀྱི་དོན་དུ་རྗེ་ས་ཆེན་གྱིས་མཛད་པའི་གཞུང་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་རེ་ཡིན་ཏེ། གཞུང་བཤད་ཟེར་བ་ཐམས་ཅད་རྡོ་རྗེའི་ཚིག་རྐང་གི་ཊཱི་ཀར་ཤེས་དགོས་ལ། བླ་མ་རེ་རེས་ཀྱང་ཕར་ཕྱིན་ལ་ཊཱི་ཀ་ཆེ་ཆུང་མང་པོ་བྱས་པ་བཞིན་ཏེ། དེ་དག་ལ་འཆད་ཚུལ་མི་འདྲ་བ་དང༌། དོན་སྟོན་ཚུལ་མི་འདྲ་བ་འགའ་རེ་ཡོད་པ་ཡིན་ནོ། །དེ་ལྟར་མ་ཤེས་པ་རྣམ་འགྲེལ་བཅུ་གཅིག་གིས་ངོས་འཛིན་ལ་ཨ་སེང་མ་དང་དོན་བསྡུས་མ་སོ་སོར་བྱས་པ་དང༌། ཟླ་རྒྱལ་མ་ལ་ཡུམ་དོན་མ་ཟེར་བ་དང༌། རྒྱལ་བ་འབྱུང་གནས་ལ་དབང་བཞི་ངོ་སྤྲོད་མ། ཤེས་རབ་བཤེས་གཉེན་ལ་སྦས་པ་གསལ་བ། རྗེ་བཙུན་ཆེན་པོ་ལ་རྡོ་རྗེའི་ཚིག་རྐང་མ་ཟེར་བ་དང༌། རྗེ་བཙུན་གྱིས་སློབ་མ་བྲ་སྟོན་སོགས་བྲིས་པ་ནི་ནོར་བ་ཡིན་ནོ། །གཞན་རྗེ་ས་ཆེན་གྱི་སློབ་མ་དག་གིས་བྱས་པ་ཟང་རི་ཕུག་པ། ཞུ་བྲག་མར་པ། ཞང་སེ་མར་པ། འུ་ཡུག་གི་དབུ་མ་པ་ཆེན་པོ། པྲཛྙཱ་ཛྭ་ལ་མ་སྟེ་འདིས་སམྦུ་ཊའི་རྒྱུད་ཀྱི་འབྲུ་འགྲེལ་དང༌། རྒྱུད་གསུམ་གྱི་དཀའ་འགྲེལ་རེ་དང༌། བདེ་མཆོག་གི་བཤད་པ་ཁྱད་པར་ཅན་བྱས་འདུག་སྟེ་མི་ཉག་གི་སྟོན་པ་ཡིན་སྐད། ས་ཆེན་དང་རྗེ་བཙུན་གཉིས་ཀའི་སློབ་མ་ཕག་མོ་གྲུ་པའི་བཤད་མཛོད་མ་ལ་སོགས་པའི་གཞུང་བཤད་བཟང་ལ་མང་བ་ཡོད་དོ། །གཞན་ཡང་རྗེ་ས་ཆེན་གྱིས་གདུལ་བྱ་སྨིན་པར་བྱས་པའི་ཚུལ་ལ་རང་གི་རྨི་ལྟས་འཁོན་དགེ་ཆུ་བས་ལུང་བསྟན་པ་དང༌། ཞང་དགོན་པ་བའི་ལུང་བསྟན་ལྟར་ལུས་མ་སྤངས་པར། མཆོག་གི་དངོས་གྲུབ་ཐོབ་པའི་སློབ་མ་སྟག་བྱང་ཆུབ་སེམས་དཔའ་དང༌། འཕྲང་འོག་གི་སྒོམ་པ་ཀྱི་འབར་མངོན་ཤེས་དང་རྫུ་འཕྲུལ་ཐོབ་སྟེ་ལྷོ་ཕྱོགས་དཔལ་གྱི་རི་ལ་སོང་བ་དང༌། ཡང་སིངྒ་ལའི་གླིང་ཕྲན་ན་ཉན་ཐོས་དགྲ་བཅོམ་པ་ཅིག་གིས་བོད་ན་རྣལ་འབྱོར་དབང་ཕྱུག་བིརྺ་པའི་སྤྲུལ་པ་དཔལ་ས་སྐྱ་པ་བྱ་བ་ཡོད་པ་དེར་སོང་ཞེས་ལུང་བསྟན་པའི་ཛོ་ཀི་གཅིག་སྟེ། མཆོག་ཐོབ་པའི་མི་གསུམ་དང༌། ཡང་ཁམ་པ་རྒ་ལོས་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཙ་མི་སངས་རྒྱས་གྲགས་ལ་སྦྱོར་དྲུག་ཞུས་ནས་རྡོ་རྗེ་གདན་གྱི་སྒོ་ཁང་དུ་བསྒྲུབས་པས་ཚོགས་སྦྱོར་གྱི་རྟོགས་པ་སྐྱེས་ཙམ་ན་གཞན་རྐྱེན་གྱི་གེགས་ཆེན་པོས་སྨྱོ་རྒྱུག་བྱེད་པ་ཅིག་བྱུང༌། རྒྱ་གར་དུ་གེགས་སེལ་ནུས་པ་མ་རྙེད་པ་ལ་བོད་དུ་བིརྺ་པའི་སྤྲུལ་པ་ས་སྐྱ་པ་ཟེར་བ་དེ་གེགས་སེལ་མི་ནུས་པ་མེད་ཟེར་བ་ཐོས་ནས་བླ་ཆེན་གྱི་དྲུང་དུ་སླེབ། གེགས་སེལ་བས་ཁོ་དགའ་སྟེ་གླེགས་བམ་ལ་སོགས་པའི་མནའ་སྤང་ཆེན་པོ་ཁུར་ཏེ་རྒྱ་བོད་ཐམས་ཅད་ན་ཁྱོད་ལས་མན་ངག་མཁས་པ་ཡོད་རེ་ཟེར་བའི་མནའ་ཅིག་བསྐྱལ་ནས་སོང་སྐད་དོ། །རྗེ་བཙུན་རྩེ་མོ་ཡང་བདེ་བ་ཅན་ན་དངོས་སུ་གཤེགས་པ་ཡིན་ལ། རྗེ་བཙུན་ཆེན་པོ་ལ་སོགས་པ་བཟོད་པ་ཐོབ་པའི་སློབ་མ་མང་པོ་དང༌། ཁམ་པ་སྦས་སྟོན་ཏེ་འདི་རྗེ་བཙུན་རྩེ་མོ་ལ་བདག་མེད་མའི་ཟིན་བྲིས་ཞུ་བ་པོ་དེ་ཡིན་ལ། ཕག་མོ་གྲུབ་པ་ཡང་ས་ཆེན་ལ་ལམ་འབྲས་ཞུས་ནས་གྲུབ་པ་ཐོབ་པ་ཡིན་ཟེར་ལ། གཞན་ཡང་གདུལ་བྱ་རབ་ཏུ་མང་པོ་སྨིན་གྲོལ་ལ་བཀོད་པ་ཡིན་ཏེ། བདག་ཉིད་ཆེན་པོ་དེའི་རྣམ་པར་ཐར་པ་ལས་ཤེས་ཤིང༌། ལམ་འབྲས་ཀྱི་གཞུང་ཡི་གེར་བཀོད་པ་ཡང་གོང་གི་རྣམ་འགྲེལ་བཅུ་གཅིག་གི་ནང་ནས་ཚིག་ཉུང་ལ་སྡེབ་ལེགས་པ་གཞུང་བཤད་གཉགས་མ་ཚིག་རྐང་དང་བཅས་པའི་སྟེང་དུ་ད་ལྟ་གླེགས་བམ་ནང་དུ་བཅུག་པའི་ཡིག་ཆུང་འགའ་ཞིག་དང༌། པོད་དམར་མའི་ནང་དུ་བསྡུས་པའི་བླ་མ་ཆེན་པོའི་ཉམས་ཆེ་ཆུང་ལ་སོགས་པ་མང་པོ་ཞིག་ཡོད་པ་རྣམས་སག་སྒམ་གྱི་ནང་དུ་སྒོ་ལྕགས་བརྒྱབ་སྟེ། ཕྱག་དཔེ་མཛད་པས་དེ་དུས་ན་སག་ཤུབས་མ་ཞེས་གྲགས་པ་ཡིན་སྐད་དོ། །གསང་སྔགས་ལམ་གྱི་ཁོག་སྒྲིག་རྒྱུད་སྡེའི་དུམ་བུ་བརྒྱད་ཅུ་གྱ་གསུམ་པ་ཡང་མཛད་དེ། རྣམ་བཤད་རིགས་པར་མདོ་སྡེའི་དུམ་བུ་བསྒྲིགས་པས་ལམ་ཚང་བ་དང་མཐུན་ལ། དབྱིག་གཉེན་དང་བིརྺ་པ་གཉིས་ཀའང༌། ཐོགས་མེད་ཀྱི་སློབ་མ་ཡིན་པས་ཚུལ་མཚུངས་པ་ཅིག་འདུག་གསུངས། བླ་ཆེན་དེའི་སྲས་མཆོག་རྗེ་བསོད་ནམས་རྩེ་མོ་ནི་རྒྱ་གར་གྲུབ་ཆེན་མི་ཐུབ་ཟླ་བའི་སྤྲུལ་པ་ཡིན་པར་གྲགས་ཤིང་ལུས་མ་སྤངས་པར་བདེ་བ་ཅན་དུ་གཤེགས་པའི་ཚུལ་ལ་སོགས་པ་ནི་དེའི་རྣམ་ཐར་དུ་གསལ་ཞིང༌། རང་གི་གཅུང་རྗེ་བཙུན་ཆེན་པོ་ལོ་སོ་དྲུག་གི་བར་དུ་ལེགས་པར་བསྐྱངས་པའི་རྗེ་བཙུན་ཆེན་པོས་ཐོག་དྲངས་གདུལ་བྱ་མང་པོ་སྨིན་པར་མཛད་ལ། གཞུང་ཡི་གེར་བཀོད་པ་ཡང་རྒྱུད་གསུམ་མན་ངག་དང་བཅས་པའི་རྒྱུད་སྤྱི་ལ་གལ་ཆེ་བ་རྒྱུད་ལ་འཇུག་པའི་སྒོ་སྟེ་རྒྱུད་སྡེ་སྤྱི་རྣམ་ཆེན་མོ་དང༌། སོ་སོ་ལ་དགོས་པ་སམྦུ་ཊའི་ཊཱི་ཀ་ཆེན་མོ་སོགས་དང༌། མན་ངག་ལ་གལ་ཆེ་བ་ལུང་སྦྱོར་ཆེ་ཆུང་གཉིས་དང༌། པོད་དམར་མའི་ནང་གི་གཏུམ་མོའི་དམིགས་པ་ཉི་ཤུ་རྩ་དགུ་སོགས་དང༌། སྨིན་བྱེད་དབང་ཆུ་ཆེན་མོ། སྒྲུབ་ཐབས་རྒྱས་པ་དང༌། གཞན་ཡང་གླེགས་བམ་ནང་གི་གདམས་ངག་འགའ་ཞིག་མཛད་ལ། གཞན་ཡང་ལས་དང་པོ་རྣམས་ལ་གལ་ཆེ་བ་བྱིས་པ་འཇུག་པའི་སྒོ། བསྟན་པ་སྤྱི་ལ་གལ་ཆེ་བ་ཆོས་ལ་འཇུག་པའི་སྒོ། གསང་སྔགས་སྤྱི་ལ་གལ་ཆེ་བ་རྒྱུད་ལ་འཇུག་པའི་སྒོ། མཁས་པ་འཆད་རྩོད་རྩོམ་གསུམ་ལ་གལ་ཆེ་བ་མཁས་པ་འཇུག་པའི་སྒོ་སྟེ་སྒོ་བཞི་ལས། དང་པོ་གསུམ་བདག་ཉིད་ཆེན་པོ་འདིས་མཛད་དེ་ཞིབ་པར་གཞན་དུ་ཤེས་སོ། །ཡང་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས་རང་གི་དབོན་པོ་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ལོ་སོ་ལྔའི་བར་དུ་བསྐྱངས་ཏེ་མཁས་པ་དང་གྲུབ་པའི་ས་ལ་བཞག བོད་གངས་ཅན་གྱི་བསྟན་པའི་བྱི་དོར་གྱི་བདག་པོའི་བཀའ་གནང་དང༌། སྐུ་ཚེའི་མཇུག་ཏུ་ཧོར་དང་ཡོན་མཆོད་དུ་འབྲེལ་པས་བོད་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་མཛད་པས། ད་ལྟའི་བར་དུ་དེ་བཞིན་དུ་གྱུར་པ་དང༌། གཞན་ཡང་གྲགས་པའི་མཐའ་ཅན་བུ་བཞི་སྟེ། ཤར་ན་ལེ་སྟོན་དཀོན་མཆོག་གྲགས། ལྷོ་ན་དཀར་ཤཱཀྱ་གྲགས། ནུབ་ཏུ་ནུབ་པ་རིག་འཛིན་གྲགས། བྱང་ན་གསའ་ལ་བ་དབང་ཕྱུག་གྲགས་དང༌། གཞན་ཡང་དགའ་སྟོན་རྡོ་རྗེ་གྲགས། བྲག་སྟོན་བློ་གྲོས། ཀར་སྟོན་ཆོས་འོད། ཇོ་སྲས་ལྕགས་ཀྱི་རྡོ་རྗེ་ལ་སོགས་པ་མཁས་པ་དང་གྲུབ་པའི་སློབ་མ་མང་དུ་འཕེལ་ལ། གཞུང་ཡི་གེར་བཀོད་པ་ཡང་རྒྱུད་གསུམ་སྤྱི་ལ་གལ་ཆེ་བ་མངོན་རྟོགས་རྫོགས་པ་ལྗོན་ཤིང་སྟེ་གསང་སྔགས་ཀྱི་ལམ་རིམ་ཆེན་མོ་དང༌། རྒྱུད་སོ་སོ་ལ་གུར་བརྟག་གཉིས་ཀྱི་འགྲེལ་པ། མན་ངག་ལ་གལ་ཆེ་བ་གཞུང་བཤད་གཉགས་མའི་ཞལ་ཤེས་དགུ་སྨོས་པ་ལ་སོགས་པའི་གསལ་བྱེད་ཉེར་གཉིས་སོགས་གླེགས་བམ་གྱི་དཀར་ཆག་དུ་ཐེགས་པའི་ཡིག་ཆུང་དྲུག་ཅུ་ཐམ་པ་ཕལ་ཆེ་བ་དཔེ་རིས་དང་བཅས་པ་དང་དང༌། དཀར་ཆག་ཏུ་སྨོས་ཀྱང་དེར་མི་བཞུགས་པའི་ཡི་གེ་བདུན་གྱི་རྩ་ལྟུང་འཁྲུལ་སྤངས་སོགས་ཕལ་ཆེ་བ་མཛད་པ་དང༌། མདོར་ན་གསུང་ངག་རིན་པོ་ཆེ་ལ་ཡབ་སྲས་གསུམ་གྱི་མན་ངག་འཐོར་བ་ཐམས་ཅད་བསྡུས། མ་དག་པ་ཐམས་ཅད་བསལ། མི་གསལ་བ་ཐམས་ཅད་གསལ་བར་བྱས་ནས་གདམས་ངག་མི་འཐོར་ཞིང་གཅེས་སྤྲས་བྱ་བའི་ཕྱིར་གླེགས་བམ་དུ་བསྒྲིགས་བཀའ་རྒྱས་བཏབ། དཀར་ཆག་གིས་མཐའ་བརྟེན་ཏེ་ན་བཟའ་སེར་པོས་གྲིལ་ནས་བཞུགས་པས། དེ་དུས་ན་པོད་སེར་མ་ཞེས་གྲགས་སྐད། ད་ལྟ་ནི་གླེགས་བམ་ཞེས་གྲགས་ཏེ། འདིའི་དཀར་ཆག་དུ་གླེགས་བམ་ཆུང་ངུ་འདི་ན་གནས་པ་ཞེས་སོགས་གླེགས་བམ་གྱི་མིང་ཡང་ཡང་སྨོས་པས་སོ། །རྗེ་བཙུན་དེའི་ཐུགས་སྲས་ས་སྐྱ་པཎྜི་ཏ་ཆེན་པོ་ནི་ཡང་སྲིད་སྔ་མར་མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔར་འཇམ་དབྱངས་བླ་མར་བརྟེན་ནས་ཞིང་འདིར་གནས་ལྔ་རིག་པ་ཐམས་ཅད་མཁྱེན་པར་གྱུར་ཚུལ་ཉིད་ཀྱི་རྟོགས་པ་བརྗོད་པ་ང་བརྒྱད་མ་རྩ་འགྲེལ་དུ་ཤེས་ལ། མ་འོངས་པ་ན་བདེ་གཤེགས་དྲི་མེད་དཔལ་དུ་འཚང་རྒྱ་བར་ལུང་བསྟན་ཏེ། འོ་འཇོ་བའི་སློབ་མས་འདམ་དུ་འཕགས་པ་རིན་པོ་ཆེ་ལ་ཞུས་པ་ན་དྲི་མེད་དཔལ་དུ་བཞེས་ནས་ལོ་འགའ་ཡང་སོང་བར་གསུང་འདུག་པས། ད་ལོ་མང་པོར་ཡང་སོང་ལ་འདིས་གདུལ་བྱ་སྨིན་པའི་ཚུལ་ལ་ལམ་འབྲས་ཀྱི་སློབ་མ་རྒྱལ་ཚ་ཏ་འུག་པ་ཆེན་པོ་བཤད་པ་གཙོ་བོར་གྱུར་པའི་སློབ་མ་འུ་ཡུག་པ་རིགས་པའི་སེང་གེ་ལ་སོགས་པ་སེང་གེའི་མཐའ་ཅན་མང་པོ་དང༌། ཞང་མདོ་སྡེ་དཔལ་དང༌། རྒྱལ་བ་དཔལ་ལ་སོགས་པའི་དཔལ་གྱི་མཐའ་ཅན་མང་པོ་དང༌། ལྷོ་པ་རིན་ཆེན་དཔལ། དམར་ཆོས་ཀྱི་རྒྱལ་པོ་དང༌། ཡར་ལུང་པ་བྱང་ཆུབ་རྒྱལ་མཚན་ལ་སོགས་པ་རྒྱལ་མཚན་གྱི་མཐའ་ཅན་མང་པོ་དང༌། ཆག་ལོ། ཞང་ལོ། གློ་བོ་ལོཙྪ། གཡག་སྡེ་ལོཙྪ་སོགས་ལོཙྪ་མང་པོ་དང༌། ཁྱད་པར་དུ་ལམ་འབྲས་ཀྱི་སྒྲུབ་པ་གཙོ་བོར་གྱུར་པ། ཚོགས་སྒོམ་ཀུན་དགའ་དཔལ་དང༌། གྲུབ་ཐོབ་ཡོན་ཏན་དཔལ་གཉིས། བསྟན་པ་སྤྱིའི་མངའ་བདག་འགྲོ་མགོན་འཕགས་པ་རིན་པོ་ཆེ་ལ་སོགས་པ་སྟེ། དེ་དུས་ན་བོད་ཀྱི་ཆོས་པ་ཐམས་ཅད་ཀྱི་བླ་མར་གྱུར་པ་ཞིག་གོ །བདག་ཉིད་ཆེན་པོ་འདིས་གཞུང་ཡི་གེར་བཀོད་པ་ལ་གསུང་རབ་སྤྱིའི་ཚུལ་ནི། རྣམ་ཐར་དང་བཀའ་འབུམ་གྱི་དཀར་ཆག་དུ་ཤེས་ལ། གསུང་ངག་གི་ཡིག་ཆུང་ལ་ལམ་ཟབ་བླ་མའི་རྣལ་འབྱོར་སྟེ་འདིའི་གདམས་ངག་འགའ་ཞིག་གླེགས་བམ་གྱི་ཡིག་ཆུང་ལ་རག་གོ །རྟེན་འབྲེལ་གྱི་ཡི་གེ་སྟེ། དེའང་གོང་མའི་ཡི་གེ་ལ་རག་གོ །ཕྱག་རྒྱའི་དབྱེ་བ་འཁོར་བཞིའི་རྒྱ། ལམ་སྦས་བཤད། ཨཥྚའི་བཞི་བཤད། ཕྱི་ནང་གསང་གསུམ་གྱི་མཎྜལ། བརྡ་དོན་གསལ་བ་འདི་ཤིན་ཏུ་གལ་ཆེ་སྟེ། རྗེ་ས་ཆེན་གྱི་ལམ་འབྲས་ཀྱི་དོན་ཐམས་ཅད་བསྡུས་ནས་གདམས་པ་དེའི་གསལ་བྱེད་ཡིན་པའི་ཕྱིར། ཡང་སྒྲུབ་པ་ལུང་སྦྱིན་དེ་ཡང་གོང་མའི་ཡི་གེ་ལ་ལྟོས་སོ། །གནད་དུ་ཆེ་བ་དྲུག་ལ་སོགས་པ་མང་པོ་མཛད་དེ་ཞིབ་པར་གཞན་དུ་ཤེས་སོ། །ཡང་བསྟན་པའི་མངའ་བདག་འགྲོ་མགོན་འཕགས་པ་རིན་པོ་ཆེ་ནི་མཁྱེན་རབ་ཕུལ་དུ་བྱུང་ཞིང་གཞོན་ནུའི་དུས་ནས་མཁྱེན་པའི་ཡོན་ཏན་མཐའ་ཡས་པར་གྱུར་པས་འཕགས་པ་ཞེས་ཡོངས་སུ་གྲགས་པ་དེ་ནི། རྒྱུ་བོད་ཧོར་གསུམ་གྱི་བསྟན་པ་ཐམས་ཅད་ཀྱི་མངའ་བདག སྐྱེ་དགུ་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་མགོན་དུ་གྱུར་པ་དེས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པའི་ཚུལ་ནི། དེང་སང་གི་བར་དུ་བདག་གཞན་ཐམས་ཅད་ལ་གསལ། བུ་སློབ་བསྐྱངས་པའི་ཚུལ་ཡང་གཞུང་གི་བཤད་པ་གཙོ་བོར་གྱུར་པའི་སློབ་མ་དགའ་ལྡན་པ་བཀྲ་ཤིས་དཔལ་ལ་སོགས་པ་མང་པོ་དང༌། སྒྲུབ་པ་གཙོ་བོར་གྱུར་པའི་སློབ་མ་ཞང་དཀོན་མཆོག་དཔལ་ལ་སོགས་པ་མང་པོ་སྟེ། ཆོས་རྗེ་ས་པཎ་གྱི་བུ་སློབ་ཕལ་ཆེ་བ་ཡང་བདག་ཉིད་ཆེན་པོ་འདིའི་སློབ་མ་ཡིན་ལ། སྤྱིར་གཞུང་ལུགས་མང་དུ་མཛད་ཅིང༌། ཁྱད་པར་དུ་གསུང་ངག་རིན་པོ་ཆེ་ལ་ཡང་གཞུང་བཤད་འཕགས་མཛད་མ་ཞེས་གྲགས་ཤིང༌། རྣལ་འབྱོར་དབང་ཕྱུག་གི་བསྲུང་བའི་ཡི་གེ ཚོགས་སྦྱོར་གྱི་མངོན་རྟོགས། བདུད་རྩི་རིལ་བུ་སྒྲུབ་པའི་ཞལ་ཤེས་སོགས་མཛད་དོ། །ཡང་བར་སྐབས་སུ་ས་སྐྱ་པའི་བསྟན་པ་ཉམས་དམའ་བའི་ཚེ། གྲུབ་ཆེན་བྲག་ཕུག་པ་ཆེན་པོ་བསོད་ནམས་དཔལ་ཞེས་བྱ་བ་བྱོན་ཏེ། བཤད་སྒྲུབ་ཀྱི་བུ་སློབ་རབ་ཏུ་མང་པོ་འཕེལ་བའི་བརྒྱུད་རིམ་ནི་འོག་ནས་སྟོན་ལ། དེའི་ནང་ནས་ཀྱང་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ཞེས་བྱ་བས། གསུང་རབ་གང་ལ་ཡང་མཁྱེན་པ་རྒྱས་པར་མཛད་དེ། བོད་གཞན་གྱི་བྱ་བར་མ་ནུས་པ་དུས་འཁོར་འགྲེལ་ཆེན་ལ་སོགས་པ་མཛད་ཅིང༌། ཁྱད་པར་དུ་རང་གི་ཕ་ཆོས་སུ་གྱུར་པ་ཀྱེ་རྡོར་རྒྱུད་གསུམ་མན་ངག་དང་བཅས་པ་ལ་གསན་སྦྱངས་མཐར་ཕྱིན་ནས། རྒྱུད་ཀྱི་ཊཱི་ཀ་ཆེ་ཆུང་དང་མན་ངག་གི་ཁྲིད་ཡིག་དང་གཞུང་བཤད་ལ་སོགས་པ་ཆ་ཚང་བ་པོད་ནག་མ་ཞེས་བྱ་བ་མཛད་ལ། འདི་གོས་ལྕགས་ནག་གི་ན་བཟའ་ཅན་དུ་མཛད་པས་པོད་ནག་མ་ཞེས་གྲག་གོ །ཡང་ཕྱིས་ཀྱི་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ། རྒྱ་བོད་ཀྱི་གཙུག་རྒྱན་དམ་པར་གྱུར་པ་དེས་ཀྱང༌། ལམ་འབྲས་ཀྱི་གཞུང་བཤད་སོགས་མཛད་ཅིང་བུ་སློབ་མང་དུ་འཕེལ་བའི་བརྒྱུད་རིམ་འོག་ནས་སྟོན་ཏོ། །ཡང་ཆོས་རྗེ་ས་པཎ་གྱི་དངོས་སློབ་གྲུབ་ཚོགས་དབོན་གསུམ་གྱིས་སློབ་མ་ལ་ཉན་ཞང་གསུམ། གསུམ་ཀའི་བཀའ་བབས་པ་བྲག་ཕུག་པ་ཆེན་པོ་ཡིན་ལ། ཉན་ཆེན་པ་དང་བྲག་ཕུག་པ་གཉིས་ཀ་ལ་ཞུས་པ་ཆོས་རྗེ་བླ་མ་དམ་པ་དང༌། བྲག་ཕུག་པའི་དབོན་པོ་བློ་གྲོས་བརྟན་པ་དང༌། དཔལ་ལྡན་ཚུལ་ཁྲིམས་པ་གསུམ། ཡང་དཔལ་ལྡན་ཚུལ་ཁྲིམས་པས་བླ་མ་དམ་པ་དང༌། བློ་གྲོས་བརྟན་པ་གཉིས་ལའང་ཞུས་སོ། །ཁོང་གི་སློབ་མ་ལ་བཤད་པ་གཙོ་བོར་གྱུར་པ་འཇམ་དབྱངས་ཤར་པ་ཡེ་ཤེས་རྒྱལ་མཚན་ལ་སོགས་པ་དང༌། སྒྲུབ་པ་གཙོ་བོར་གྱུར་པ་གྲུབ་ཆེན་བུདྡྷ་ཤྲཱི་སྟེ་འདི་མཁན་ཆེན་གཡག་པའི་བླ་མ་ཡང་ཡིན་ནོ། །དེ་ལ་རྗེ་བཙུན་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཀུན་དགའ་བཟང་པོ་ཞེས་བྱ་བ། དེས་དང་པོར་བདག་ཆེན་ཀུན་རིན་དང༌། ཆོས་རྗེ་ཤར་པ་ལ་སོགས་པ་བསྟེན་ནས་གསན་སྦྱངས་རྒྱ་ཆེན་མཛད་དེ། དགུང་ལོ་བཅོ་བརྒྱད་ཀྱི་དུས་སུ་བདག་ཆེན་གཤེགས། ཉེར་ལྔ་པའི་བར་དུ་སྤྱིར་མདོ་སྔགས་ཀྱི་ཆོས་རྒྱ་ཆེན་པོ་དང་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་སྡེ་མང་པོ་དང༌། ཁྱད་པར་དུ་ཀྱེ་རྡོ་རྗེའི་ཆོས་སྐོར་མང་པོ་དང༌། དཔལ་ལྡན་ཚུལ་ཁྲིམས་པ་དང་ཆོས་རྗེ་ཤར་པ་དཔོན་སློབ་གཉིས་ཀ་ལ་གསན་ཀྱང༌། གསུང་ངག་རིན་པོ་ཆེ་ནི་དཔལ་ལྡན་ཚུལ་ཁྲིམས་པ་ལ་གདམས་ངག་ཅི་རིགས་པ་ཙམ་དང༌། ཆོས་རྗེ་ཤར་པ་ལ་ལམ་གྱི་ཁོག་སྒྲིག་ཙམ་ལས་ཁྲིད་དང་འབྲེལ་པ་གསན་པ་མ་བྱུང༌། དེ་རྗེས་ས་བཟང་འཕགས་པའི་སྤྱན་སྔར་ཡང་མདོ་སྔགས་ཀྱི་ཆོས་རྒྱ་ཆེན་པོ་དང༌། ཆོས་རྗེ་གཡག་པ་ལ་ཕར་ཚད་ལ་སོགས་པའི་སྡེ་སྣོད་མང་པོ་དང༌། ཞྭ་ལུ་པའི་ཆོས་རྒྱུད་འཛིན་པ་མཁན་ཆེན་བཀྲ་རིན་པ་ལ་ཡོ་ག་ལ་སོགས་པའི་ཆོས་མང་པོ་དང༌། བླ་མ་དམ་པའི་དངོས་སློབ་ལོཙྪ་བ་སྐྱབས་མཆོག་ལ་ཡང་མདོ་རྒྱུད་ཀྱི་ཆོས་མང་དུ་གསན་ཀྱང༌། གསུང་ངག་རིན་པོ་ཆེ་རྫོགས་པར་མ་བྱུང་བས་ཐུགས་ཐེ་ཚོམ་དུ་གྱུར་པ་ལ་ལུང་བསྟན་གྱི་མནལ་ལམ་ཁྱད་པར་ཅན་དང༌། སྔར་གྱི་གསན་དགོངས་ཁྱད་པར་ཅན་ལ་བརྟེན་ནས་གྲུབ་ཆེན་བུདྡྷ་ཤྲཱིའི་སྤྱན་སྔར་བྱོན་ཏེ། ཉམས་ཁྲིད་རྫོགས་པ་དང་གདམས་ངག་ཟབ་མོ་གཞན་ལས་ཁྱད་པར་དུ་འཕགས་པ་མང་པོ་གནང་སྟེ་སྙན་བརྒྱུད་བཞིས་གདམས་སོ། །གཞན་ཡང་དུས་འཁོར་སྦྱོར་བ་ཡན་ལག་དྲུག་ལ་ར་འབྲོ་ས་གསུམ་གྱི་ལུགས་སོ་སོ་བ་དང༌། དེ་དག་དང་ཚུལ་ཅུང་ཟད་མི་འདྲ་བ་དང༌། ཨུ་རྒྱན་བསྙེན་སྒྲུབ་དང༌། སྲོན་ལུགས་སུ་གྲགས་པ་ལ་སོགས་པ་མང་པོ་གནང་སྟེ། འཕྲལ་ཕུག་གི་ལུང་བསྟན་དུ་མ་དང་བཅས་པས་གདམས་སོ། །གཞན་ཡང་ས་སྐྱ་པ་ལས་འཕེལ་བ་ནི། ས་ཆེན་གྱི་དངོས་སློབ་ཕག་མོ་གྲུ་པའི་གཞུང་བཤད་ཀྱི་ཟིན་བྲིས་ཆེན་པོ་མཐའ་རྩ་བ་སེང་གེ་དྷྭ་ཛས་བྱས་པ་ཟེར་བ་དང༌། ཕག་གྲུ་པ་རང་གིས་ཀྱང་གསང་སྔགས་ལམ་རིམ་དུ་ལམ་འབྲས་ཀྱི་བརྡ་ཆད་མང་པོ་བྲིས་པ་དང༌། དགས་རྒྱུད་པ་ཕྱི་མ་རྣམས་ཀྱིས་ནཱ་རོ་ཆོས་དྲུག་དང་ལམ་འབྲས་བསྲེས་པའི་ཉམས་ལེན་བྱས་པ་ལ། སྡོམ་གསུམ་རབ་དབྱེར། ནཱ་རོ་ཆོས་དྲུག་ཅེས་བྱའི་ཁྲིད། །མི་ལ་ཡན་ཆད་དེ་ལས་མེད། །ཆོས་དྲུག་བོར་ནས་ལམ་འབྲས་སོགས། །གཞན་གྱི་གདམས་ངག་བསྒོམ་བཞིན་དུ། །ཞེས་སོགས་གསུངས་པ་ཡིན་ནོ། །ཡང་རྗེ་བཙུན་ཆེན་པོ་དང༌། ཆོས་རྗེ་ས་པཎ་གཉིས་ཀའི་དངོས་སློབ་ཤར་པ་ཤེས་རབ་འབྱུང་གནས་ཀྱིས་གཞུང་བཤད་ཆེན་པོ་མཛད་དེ། མཇུག་ཅུང་མ་རྫོགས་པ་ཆོས་རྗེ་པ་དང་ཤེས་རབ་འབྱུང་གནས་གཉིས་ཀའི་སློབ་མ་ཤར་པ་རྡོ་རྗེ་འོད་ཟེར་གྱིས་བྱས་པ་ཡོད་དོ། །ཡང་ནགས་ཕུག་པ་ཤེས་རབ་འོད་ཟེར་ཞེས་བྱ་བ་འཇམ་དཔལ་དངོས་སུ་ཞལ་གཟིགས་པ་དེས། དང་པོ་ཆོས་རྗེ་ས་པཎ་ལ་དགག་པ་བྱས་པས་འཇམ་དབྱངས་མ་མཉེས་པ་བྱུང་བས། ཆོས་རྗེ་ཁུ་དབོན་གཉིས་ཀ་ལ་གཏུགས་ཤིང་ལམ་འབྲས་ཀྱང་ཞུས་ཏེ། ལམ་འབྲས་བརྒྱུད་པའི་གསོལ་འདེབས་དང༌། ཆོས་རྗེ་ཁུ་དབོན་གྱི་བསྟོད་པ་ཁྱད་པར་ཅན་རེ་རེ་ཡང་བྱས་ཏེ། ནགས་ཕུག་པ་ལས་འཕེལ་བ་ཡང་ཡོད་དོ། །ཡང་འཕགས་པ་རིན་པོ་ཆེའི་གདན་ས་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞེས་བྱ་བས་ཧོར་བོད་ཐམས་ཅད་ཀྱི་བསྟན་པའི་བདག་པོ་བྱས་པ་དེས། འཕགས་པ་དང་ནག་ཕུག་པ་གཉིས་ཀ་ལ་ཞུས་སོ། །ཡང་འཇམ་དབྱངས་ཆེན་པོ་དང༌། ནགས་ཕུག་པའི་སློབ་མ་བྱང་པ་སྦྱར་བ་རིན་ཆེན་འོད་ཟེར་གཉིས་ལ་ཇོ་ནང་གི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཞུས་ཏེ། གཞུང་བཤད་ཆེན་པོ་བྱས་ཚུལ་གོང་དུ་བྲིས་པ་ལྟར་རོ། །འདིས་སྦྱོར་དྲུག་གི་ཐོག་མཐའ་བར་དགེའི་ཁྲིད་ཡིག་རྣམས་བྱས། ཇོ་ནང་གི་དགོན་པ་བཏབ་པ་ཡིན་པས་ཇོ་ནང་ཡང་ས་སྐྱའི་དགོན་ལག་སྟེ། འདིའི་དུས་ན་ཇོ་ནང་པ་ཞེས་ཟུར་པ་མེད། ཁོང་གི་དངོས་སློབ་ཀུན་མཁྱེན་དོལ་བུ་པས་བྱས་པའོ། །ཡང་ཀུན་སྤངས་ཀྱི་སློབ་མ་ལ་སྟོད་དབང་རྒྱལ་གྱིས་གཞུང་བཤད་བྱས་པའི་ཚུལ་ཡང་སྔར་བཞིན་ནོ། །ཡང་ཆོས་རྗེ་པའི་སློབ་མ་ཚོགས་སྒོམ་ཀུན་དགའ་དཔལ་ལས་གཉགས་སྙིང་པོ་རྒྱལ་མཚན་གྱིས་ཞུས། དེ་ལས་བར་སྟོན་རྡོ་རྗེ་རྒྱལ་མཚན་དང༌། རྒྱ་རྒན་ཐུགས་རྗེ་བསོད་ནམས་གཉིས་ཀྱིས་ཞུས་ཏེ། སྔ་མས་བླ་མ་བརྒྱུད་པའི་རྣམ་ཐར་ཞིབ་མོ་རྡོ་རྗེ་ཟེར་བ་དང༌། གཞུང་བཤད་དམར་མའི་ཟིན་བྲིས་ཆེན་མོ་བྱས་སོ། །ཕྱི་མས་ཀྱང་གཞུང་བཤད་ཆེན་མོ་མཛད། ཡང་རྗེ་བཙུན་གྱི་སློབ་མ་བྲག་སྟོན་གྱིས་བྱས་པའི་གཞུང་བཤད་ཁྱད་པར་ཅན་དང༌། ཆོས་རྗེ་པའི་སློབ་མ་གཅིག་གིས་བྱས་པའི་གཞུང་བཤད་ཉི་མའི་འོད་ཟེར་བྱ་བ་ཡོད་དོ། །ཡང་ཆོས་རྗེ་པའི་སློབ་མ་དམར་ཆོས་ཀྱི་རྒྱལ་པོས་ཆོས་རྗེའི་གསུང་བཞིན་དུ་ཡིག་ཆུང་འགའ་ཞིག་དང༌། བླ་མ་བརྒྱུད་པའི་རྣམ་ཐར་དང་གཞུང་བཤད་དམར་མ་ཞེས་ཡོངས་སུ་གྲགས་པ་དེ་མཛད་དོ། །ཡང་དམར་གྱི་སློབ་མ་སྒང་སྟོན་ཤེས་རབ་འབུམ་དང༌། ཚོགས་སྒོམ་གྱི་སློབ་མ་ཉན་ཆེན་བསོད་ནམས་བརྟན་གཉིས་ལ་ཤངས་ཀྱི་དཀར་པོ་བྲག་པ་རིན་ཆེན་སེང་གེས་ཞུས་སོ། །འདི་ལོ་བརྒྱ་དང་ལྔ་ཐུབ་པའི་གྲུབ་ཆེན་ཞིག་ཡིན་ཏེ། ཁོང་རང་གི་མི་རྒྱུད་ཀྱི་དགེ་བཤེས་ད་ལྟའི་བར་དུ་ཡོད་ཅིང༌། ཁོང་ལ་ས་སྐྱའི་མཁན་ཆེན་དབང་ཕྱུག་དཔལ་དང་དཔལ་ལྡན་ཚུལ་ཁྲིམས་གཉིས་ཀྱིས་ལམ་འབྲས་ཞུས་སོ། །ཡང་ཆོས་རྗེ་པའི་སློབ་མ་གྲུབ་ཐོབ་ཡོན་ཏན་དཔལ་དང་ཚོགས་སྒོམ་གཉིས་ལ། ལ་རུ་བ་བསོད་ནམས་སེང་གེ་དང༌། ཉན་ཆེན་པ་བསོད་ནམས་བརྟན་གྱིས་ཞུས། དེ་གཉིས་ཀ་ལས་རྒྱང་གི་དོན་མོ་རི་པ་གྲགས་པ་དཔལ་གྱིས་ཞུས། དེ་ལས་སྤང་སྒང་བ་གྲགས་པ་དཔལ་ཏེ། ཀུན་མཁྱེན་གངས་ཁྲོད་པར་གྲགས་པ་དེས་ཞུས། དེ་ལས་ས་བཟང་མ་ཏི་པཎ་ཆེན་གྱིས་ཞུས། དེ་རྩ་བའི་བླ་མ་ཡིན་པ་ལ་དགོངས་ནས་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་ལམ་འབྲས་ཚང་མར་ཞུས་ཀྱང༌། ཁོང་ལ་ཆགས་མེད་རྣམས་མེད་པས། ས་སྐྱའི་ཟུར་ཁང་བུ་སྟོན་དབང་ཕྱུག་རྒྱལ་པོ་ལ་ཐེག་ཆེན་པས་ཞུས་སོ། །ཡང་ཞང་དཀོན་མཆོག་དཔལ་གྱིས་གྲུབ་ཐོབ་ཡོན་ཏན་དཔལ་གྱི་སློབ་མར་གཉིས་པ་རིན་ཆེན་རྒྱལ་མཚན་ལ་ལམ་འབྲས་ཚང་མར་ཞུས་ཀྱང༌། ཁུངས་བཙུན་པ་མི་རྒྱུད་དང་ཆོས་རྒྱུད་གཉིས་ལྡན་ལ་བསམས་ནས་འཕགས་པ་རིན་པོ་ཆེ་སྨར་ཁམས་དཔལ་འབར་དུ་བཞུགས་པའི་དྲུང་དུ་ཕྱིན། གར་བྱོན་གྱི་ཆག་ཕྱིར་ལམ་འབྲས་ཞུ་ཤིང་བསྒོམས་པས། འཕགས་པའི་བརྟག་གཉིས་མཛོ་འགྲོ་མ་དེ་དགའ་ལྡན་པ་བཀྲ་ཤིས་དཔལ་ལ་ཡོད་ལམ་འབྲས་མཛོ་འགྲོ་མ་དེ་ཞང་དཀོན་མཆོག་དཔལ་ལ་ཡོད་ཅེས་གྲགས་སོ། །དེ་ལྟ་བུའི་ཞང་དཀོན་མཆོག་དཔལ་ལ་བྲག་ཕུག་པ་ཆེན་པོ་བསོད་ནམས་དཔལ་གྱིས་ཞུས། འདི་ཉིད་བླ་བྲང་རིན་ཆེན་སྒང་པ་རང་གི་མི་ཡིན་པའི་འབྲེལ་དང་གང་ཟག་བཟང་བ་ལ་དགོངས་ནས་ཆོས་རྗེ་བླ་མ་དམ་པས་ཞུས་པ་ལ། གངས་ཁྲོད་པ་དཔོན་སློབ་ན་རེ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གདམས་ངག་ཐམས་ཅད་ཆོས་རྗེ་ས་པཎ་ལ་ཡོད། དེའི་གདམས་ངག་ཐམས་ཅད་ཚོགས་གྲུབ་གཉིས་ལའང་ཡོད། དེ་ཉིད་ཀྱི་གདམས་ངག་ཐམས་ཅད་ལར་ཉན་གཉིས་ལ་ཡོད། དེ་གཉིས་ཀྱི་གདམས་ངག་ཐམས་ཅད་ངེད་དཔོན་སློབ་གཉིས་ལ་ཡོད་པ་ཡིན་ཏེ། ཁོང་རང་རིན་ཆེན་སྒང་བའི་མི་ཡིན་པས་བྲག་ཕུག་པ་ལ་ཞུ་བར་འདུག་གོ །ཅེས་ཡིད་མ་རངས་པར་བྱུང་སྐད། དེ་ལྟ་བུའི་གྲུབ་ཐོབ་བྲག་ཕུག་པ་ཆེན་པོ་དེ་ནི་སྐུ་ཚེ་སྒྲུབ་པ་ལ་སྐྱེལ། ཐུགས་དམ་གྱི་སྐབས་སུ་བསྟན་པའི་བྱ་བ་དང་འགྲོ་ཕན་མཛད། ཁྱད་པར་དུ་ཟབ་མོ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་དང༌། ཀྱེ་རྡོར་རྒྱུད་གསུམ་མན་ངག་དང་བཅས་པ་ཐམས་ཅད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས། དཔལ་ལྡན་ས་སྐྱ་པའི་བསྟན་པ་རྨིང་ནས་བསླངས་ཏེ། དེང་གི་བར་དུ་ཡང་བྲག་ཕུག་པའི་ཕྱག་ལེན་ལ་ཡོད་མེད་ཅེས་དཔང་པོར་བྱེད་པ་ཡིན་ནོ། །དེ་དུས་ནས་བུ་དོལ་གཉིས་གྲགས་ཆེ་བས། རྒྱུད་སྡེའི་དགོངས་དོན་མ་ངེས་པར་སྔར་གྱི་བཤད་སྲོལ་བཟང་པོ་ཚོ་སུན་འབྱིན་པ་ལ་དགའ་བ་དང༌། ལྟ་བ་གཞན་སྟོང་ཁོ་ན་མཆོག་གོ་ཞེས་པའི་འུད་གྲགས་ཀྱི་རྗེས་སུ་འབྲང་བ་མང་སྟེ། དཔལ་ལྡན་ས་སྐྱ་པའི་བསྟན་པ་ཉམས་དམའ་བ་ལ་གྲུབ་ཆེན་འདིས། བླ་འཁོར་བ་ནམ་མཁའ་གྲུབ་ལ་སོགས་པ། མདོ་སྔགས་ཀྱི་གནད་ལ་མཁས་པའི་བུ་སློབ་མང་པོ་སྤེལ་བས་བསྟན་པའི་བྱི་དོར་ཀྱང་འབད་མེད་དུ་བྱུང་བ་ཡིན་ནོ། །ཡང་འཕགས་པའི་སློབ་མ་སྲུ་ལུང་ཀུན་སྨོན་དང༌། ཚོགས་སྒོམ་གྱི་སློབ་མ་ཉན་ཆེན་པ་གཉིས་ཀ་ལས་ཞུས་པ་བླ་མ་དཔལ་ལྡན་སེང་གེས་ཉན་ཆེན་པའི་སློབ་མ་འཇམ་སྐྱ་ནམ་མཁའ་རྡོ་རྗེ་ལ་ཡང་ཞུས་ཏེ། དཔལ་ལྡན་སེང་གེ་ལ་བླ་མ་དམ་པས་ཞུས་ཤིང་ཁོང་ཞྭ་ལུ་བུ་སྟོན་གྱི་ས་ལུགས་ཀྱི་ཆོས་སྐོར་མང་པོ་ཞུས་པའི་བླ་མ་ཡང་ཡིན་ནོ། །སྤྲུ་ལུང་པས་ཀྱང་གཞུང་བཤད་ལེགས་པོ་དང་གཉགས་མ་ལ་ཕན་པའི་ཟིན་བྲིས་དང༌། ལམ་བསྡུས་པའི་བཤད་པ། ཨ་སེང་མའི་ཊཱི་ཀ་རྣམས་མཛད་དོ། །ཡང་བྲག་ཕུག་པ་ལ་སློབ་མ་མི་ཆེ་བ་བླ་མ་དམ་པ་སྐུ་མཆེད། ལ་སྟོད་ཀྱི་ཆོས་རྗེ་དཀོན་མཆོག་རྒྱལ་མཚན་པ་དང༌། མདོ་ཁམས་དཔལ་འབར་གྱི་ཐེ་མཆུ་བ་བློ་གྲོས་དཀར་པོ་སོགས་བྱོན་པ་ལས། བུ་སྟོན་ལ་ཐེག་ཆེན་པ་དང༌། ཁམས་ཀྱི་འབེ་ཤེར་རིན་གྱིས་ཞུས། དཀོན་མཆོག་རྒྱལ་མཚན་པ་ལས་ཟུར་ཁང་བུ་སྟོན་དང་གཡག་སྡེ་པ་ནམ་མཁའ་བསོད་ནམས་ཀྱིས་ཞུས། གཡག་སྡེ་པ་ལས་བརྩེ་ཆེན་ཆོས་རྗེས་ཞུས། ཡང་ཐེག་ཆེན་པས་བླ་མ་དམ་པའི་ལམ་འབྲས་པོད་ནག་མའི་ལུང༌། ཇོ་ནང་ཆོས་རྗེ་ལས་བྱང་སེང་གིས་ཞུས། ཡང་གོ་འགྱོ་ཡེ་ཤེས་དཔལ་གྱིས་དཔལ་འབར་དུ་བློ་གྲོས་དཀར་པོ་ལ་ལམ་འབྲས་ཞུས་ནས་ཤིན་ཏུ་དད་དེ། དབུས་གཙང་དུ་ཡང༌། གྲུབ་ཆེན་བྲག་ཕུག་པ་ལ་སྣང་གསུམ་གྱི་ཁྲིད་ཡན་ཆད་ཐོབ། ལྷག་མ་བློ་གྲོས་བརྟན་པའི་དྲུང་དུ་ཞུས་ཤིང་དགེ་སྦྱོར་གྱི་འཚོ་བ་རྙེད་སླ་བས། མོན་ཕག་རི་ཁར་ཕྱིན་ནས་གཞུང་བཤད་སོགས་ཀྱི་དཔེ་འཛིན་དང༌། དགེ་སྦྱོར་ལ་ལོ་འགའ་ཞིག་བཞུགས། ཚུར་འོང་ཞྭ་ལུར་ཡང་བཞུགས་ནས་ས་སྐྱར་ཕྱིན་པས་མཁན་ཆེན་གཡག་པ་དང་བློ་བཟང་དཀར་མོ་སོགས་མང་པོས་ལམ་འབྲས་ཞུས། བློ་བཟང་འདི་མཆམ་ལ་ཁར་སྐྱེས་པ་ཡར་ས་སྐྱར་སླེབས་ནས་གླིང་ཚང་དུ་ཞུགས་པ་ཅིག་ཡིན་ཏེ། ཡེ་ཤེས་དཔལ་དང་བློ་བཟང་དཔོན་སློབ་འདི་གཉིས་གདམས་ངག་དང་ཆོས་རྒྱུད་ལ་ཤིན་ཏུ་གུས་པ་ཐུགས་དམ་བཟང་བ་ཡིན་འདུག་པས། ཤར་བཙོང་ཁ་པ་བློ་བཟང་གྲགས་པ་ལ་སོགས་པས་ཀྱང་གཙིགས་སུ་བྱེད་པ་ཅིག་བྱུང་འདུག་ལ། དེ་དུས་ན་ས་སྐྱ་པའི་སྒྲུབ་རྒྱུད་ཀྱི་བསྟན་པ་ཉམས་དམའ། གཞན་དུ་ལམ་འབྲས་སྟོན་མཁན་མཁས་པ་མེད་འདུག་པས། ཁོང་གཉིས་ལ་ལམ་འབྲས་ཀྱི་གདུལ་བྱ་མང་པོ་བྱུང་འདུག་ཀྱང༌། བཤད་སྒྲུབ་ཀྱི་ཕྱག་ལེན་བཟང་པོ་མེད་པའི་ལོ་རྒྱུས་འདུག་པ་དང༌། དེ་དག་ནས་བརྒྱུད་པ་ཡིན་ཟེར་བ་འགའ་རེ་ད་ལྟ་གྲགས་པ་རྣམས་ལ་ཡང་ལམ་འབྲས་ཀྱི་ཕྱོགས་འགྲོས་སྣང་ལ་མ་ངེས་པ་རང་དུ་གྲག་གོ །ཡང་ཆོས་རྗེ་ས་ཆེན་གྱི་དངོས་སློབ་ལམ་འབྲས་དཀར་ཆག་བྱེད་མི་རྗེ་བཙུན་ལུང་ཕུ་བ་བསོད་ནམས་རིན་ཆེན་ལས་མཁས་གྲུབ་གཞོན་ནུ་གྲུབ་དང༌། ཤབ་བཀྲས་ལུང་པ་གཉིས་ཀྱིས་ཞུས་ཏེ། དང་པོས་སྡོམ་གསུམ་གྱི་བཤད་པ་ཆེན་མོ་རྩ་འགྲེལ་གཉིས་བྱས་ཏེ། ནེ་གུ་པའི་གྲུབ་ཐོབ་ཏུ་གྲག་གོ །ཕྱི་མ་ལ་རེ་མདའི་ཞང་བྱང་ཤེས་ཞུས། དེ་ལས་བླ་མ་དམ་པས་ཞུས། དེ་ལས་ལོཙྪ་བ་བྱང་རྩེས་ཞུས་ནས་བླ་མ་བརྒྱུད་པའི་གསོལ་འདེབས་དང༌། བླ་མ་བརྒྱུད་པའི་རྣམ་ཐར་དང༌། རྡོ་རྗེ་ཚིག་རྐང་ལ་མཆན་འདེབས་པ་བྱས་སོ། །ཡང་བྱང་རྩེའི་སློབ་མ་ནམ་མཁའ་འོད་ཟེར་ཞེས་པས་ལམ་འབྲས་གླེགས་བམ་གྱི་ཡིག་ཆུང་རྣམས་སོ་སོར་ཆུང་ངུར་བཏང་བའི་གླེགས་བམ་བྱས་པའང་ཡོད་ལ། ཡང་དཀར་ཤཱཀྱ་གྲགས་ཀྱིས་སྤྱིར་རྒྱུད་གསུམ་སོགས་གང་ལ་ཡང་ཡི་གེ་བྱས་ཤིང་ཁྱད་པར་དུ་ལམ་འབྲས་ཀྱི་གཞུང་བཤད། ཡིག་ཆུང་མཐའ་དག་དང་བཅས་པ་ལེགས་པོ་རང་ཡོད་དོ། །ཡང་ས་ཆེན་གྱི་སློབ་མ་ཞུ་བྲག་དམར་པའི་གླེགས་བམ་ལ་གཞུང་བཤད་གཉགས་མའི་སྟེང་དུ་ཡིག་ཆུང་ཐམས་ཅད་ས་ལུགས་ལས་ཉུང་ངུར་བཏང་བའི་གླེགས་བམ་བྱས་པ་ལ། ཐོག་མར་རྡོ་རྗེ་ཚིག་རྐང་དང་གཉགས་མ་ཡོད་པ་མཐོང་ནས། ས་ལུགས་ཀྱི་གླེགས་བམ་རང་ཡིན་སྙམ་པ་སྲིད་དེ། དེ་འདྲ་འགའ་རེ་འདུག་པས་མ་ནོར་དགོས་སོ། །ཡང་ཆོས་རྗེ་ས་པཎ་གྱི་སློབ་མ་པུ་རང་པ་སངས་རྒྱས་གྲགས་དང་འཕགས་པ་རིན་པོ་ཆེ་དང་ཤར་པ་འཇམ་དབྱངས་ཆེན་པོའི་སློབ་མ་ཆ་གན་ཞེས་བྱ་བས་གཞུང་བཤད་ཆེན་མོ་བཀའ་རྒྱ་མ་སོགས་བྱས་ཚུལ་སྔར་བཞིན་ཏེ། ཆ་གན་ལ་མཉམ་མེད་གྲགས་རྒྱལ་གྱིས་ཞུས། དེ་ལས་སི་ཏུ་བྱང་རྒྱལ་གྱིས་ཞུས། དེས་ཆོས་རྗེ་བླ་མ་དམ་པ་བླ་མཆོད་དུ་ཁུར། དབུས་ཀྱི་སྙེ་ཐང་ཆོས་རྫོང་ལ་སོགས་པ་བརྩིགས་ནས་ཕུལ། ཞབས་ཏོག་ཆེར་བྱས་སོ། །བླ་བྲང་རིན་ཆེན་སྒང་པའི་བརྒྱུད་པ་ལ་གུས་པར་དགོས་ཚུལ་གྱི་ཞལ་ཆེམས་བཞུགས་སོ། །ཁོང་ས་སྐྱ་པའི་བུ་སློབ་ཡིན་པ་འོན་ཀྱང་རང་སྲིད་ཟུར་དུ་བསྐྱངས། རྫོང་ཆེན་པོ་བཅུ་གསུམ་བརྩིགས་ནས་ད་ལྟ་ཕག་མོ་གྲུ་པའི་སྡེ་པ་ཞེས་གྲགས་པར་བྱས་སོ། །ཡང་དཔལ་ན་ལེནྡྲའི་རོང་སྟོན་ཆོས་ཀྱི་རྗེས། ཐེག་ཆེན་པ་ལ་ལམ་འབྲས་སྣང་བ་གསུམ་གྱི་ཁྲིད་ཡན་ཆད་གསན་ཏེ། ཕྱིས་ལ་སྟོད་ལྷོའི་བླ་མ་རྡོ་རྗེ་མགོན་ཟེར་བ་ལ་ཚད་མར་གསན་ནས་ཐུགས་དམ་དུ་མཛད་ཅིང༌། ཕྱིས་དཔལ་ན་ལེནྡྲའི་དགོན་པ་འདེབས་པའི་འབྲུག་ལོ་ལ་འཕན་ཡུལ་ཉན་པོའི་དགོན་པར་ལམ་འབྲས་ཚར་གཅིག་གསུངས་པ་བདག་གིས་ཀྱང་ཐོས་སོ། །ཡང་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་ཆེན་པོ་གླང་ཐང་གི་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེས་ནི་སྒྲུབ་པ་ཐུགས་དམ་གྱི་རིམ་པ་ཐམས་ཅད་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཇི་ལྟ་བ་བཞིན་ཕྱག་ལེན་ལ་ཐེབས་པར་མཛད་ནས། ཆོས་དང་ཟང་ཟིང་གི་སྒོ་ནས་དགེ་བའི་བཤེས་གཉེན་མང་པོ་དང་བསྟན་པ་ལ་ཕན་པ་རྒྱ་ཆེར་མཛད་པ་ཡིན་ནོ། །དེ་ནས་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་ལེན་གྱི་ཚུལ་དེ་འདྲ་བ་ཞིག་ཡོད་འདུག་པ་ལ། དེང་སང་ཡུལ་འགའ་ཞིག་ཏུ་ཐེག་ཆེན་པ་ནས་བརྒྱུད་པ་ཡིན་ཟེར་བ་དང༌། བློ་བཟང་དཀར་མོ་ནས་བརྒྱུད་པ་ཡིན་ཟེར་བ་འགའ་རེ་ལའང༌། འཁོར་བསྡུ་བ་ལ་དམིགས་ནས་ཁྲིད་ཡིག་གམ་ཟིན་བྲིས་ཙམ་ཀློག་པའི་ཆོས་ཀྱི་གཟུགས་བརྙན་ཙམ་ལས་མི་འདུག་སྟེ། རྒྱུ་དབང་གར་བསྐུར་གྱི་ངེས་པ་ཙམ་ཡང་མེད་པ་དང༌། ལམ་དུས་ཀྱི་དབང་མི་བསྐུར་བར་སློབ་མ་དང་མཉམ་འདོན་བྱེད་པའི་རྫུན་རིགས་སྣ་ཚོགས་པས་རང་གཞན་སླུ་བར་བྱེད་པ་དག་ནི་ས་སྐྱ་པའི་གསེར་ཆོས་ཟབ་མོ་རྒྱུད་གསུམ་མན་ངག་དང་བཅས་པ་ལ་མཁས་པ་ཞེས་ཟེར་བའི་དོན་ཐམས་ཅད་བརླག་པར་མ་བྱེད་ཅིག ཅེས་བདག་གིས་གསོལ་བ་འདེབས་ཤིང་ཆོས་འདིའི་སྲུང་མ་དག་གིས་ཀྱང་དཔང་པོར་མཛོད་ཅིག དེས་ན་ངེད་ཀྱི་བརྒྱུད་པ་འདི་ལ་གྲུབ་ཆེན་དཔལ་ལྡན་ཚུལ་ཁྲིམས་ཞེས་བྱ་བས་སྔར་སྨོས་པ་ནས་དང་པོར་བྲག་ཕུག་པ་དང༌། བློ་གྲོས་བརྟན་པ་སོགས་ལ་གསན་སྦྱངས་མཐར་ཕྱིན་པར་བྱས་ཏེ། ཆོས་རྗེ་བླ་མ་དམ་པ་སྐུ་ན་གཞོན་ནུར་གྱུར་པའི་དུས་དཔལ་ལྡན་ས་སྐྱར་ཁྲིད་འཛུགས་པའི་ཁྲིད་གཉེར་དུ་བརྫངས་ནས། བླ་མ་དམ་པ་ལ་མངའ་བའི་ཡོན་ཏན་ཐམས་ཅད་ཀྱང་ཐུགས་སུ་ཆུད་པར་མཛད་པའི་སྐྱེས་བུ་དེ་ལས་ཆོས་རྗེ་ཤར་བ་དང་གྲུབ་ཆེན་བུདྡྷ་ཤྲཱི་ལ་སོགས་པས་ཞུས་ཤིང་དེ་དག་ཐམས་ཅད་ཀྱི་བསྟན་པའི་མཛོད་འཛིན་པ་རྗེ་བཙུན་ཀུན་དགའི་མཚན་ཅན་དེས་ནི་མདོ་སྔགས་གང་ལ་ཡང་ཕྱི་རབས་པ་དག་རང་གི་བློ་གྲོས་ཁོ་ནས་འཇུག་པ་དག་གཟིགས་པས་རྐྱེན་བྱས་ཏེ། སྤྱིར་གཞུང་ལུགས་དང་གྲུབ་མཐའ་གང་ལ་ཡང་ཁུང་གཏུགས་པའི་གཞུང་གང་ཡིན་པ་དང་རང་རང་གི་བརྒྱུད་པ་གང་ཡིན་པ་དང༌། བཤད་སྲོལ་སོ་སོའི་མན་ངག་གང་ཡིན་ཕུག་ལེགས་པར་བཅད་ནས། སྤྱིས་ཕྱིན་པར་ཐུགས་སུ་ཆུད་པས། ཕྱི་རབས་པ་དག་རང་གི་འདོད་པ་ཁོ་ན་ལྷུར་བླངས་ཏེ་བྲིས་ཤིང་ཕལ་ཆེར་ཕོད་ཚོད་དུ་འདུག་པར་དགོངས་ནས། སྤྱིར་གསུང་རབ་ཐམས་ཅད་ཀྱི་སོ་སོའི་ལམ་གྱི་བགྲོད་ཚུལ་གདམས་ངག་གི་གནད་ལག་ལེན་གྱི་རིམ་པ་ཕྲ་མོ་ཚུན་ཆོད་ཕན་ཚུན་མ་འདྲེས་པ་སྤྱི་སྒོས་ཀྱི་བསྟན་པའི་འཛིན་སྐྱོང་གང་ལ་ཡང་འགྲན་པའི་ཟླ་དང་བྲལ་བར་བཞུགས་ཤིང༌། ཁྱད་པར་དུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་རང་གཞན་གྱིས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་འདམ་དུ་བྱིང་སྟེ་མི་གསལ་བའི་སྐབས་སུ། བདག་ཉིད་ཆེན་པོ་འདིས་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ལུང་རིགས་ཀྱི་ཆར་ཆེན་ཕབ་ནས། ལོག་རྟོག་གི་དྲི་མ་ཐམས་ཅད་འཁྲུད་པའི་བྱི་དོར་བྱས་ཏེ། དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཀྱི་རྒྱལ་མཚན་གྱི་རྩེ་མོར་མཆོད་པས་དགོས་འདོད་ཕྱོགས་མཐའ་དག་ཏུ་སྩོལ་པའི་ཕྲིན་ལས་བཟང་པོ་ཅན་ནོ། །བྱེ་བྲག་ཏུ་གསུང་ངག་ལམ་འབྲས་འདི་ལ་བར་སྐབས་སུ་ལམ་འབྲས་པ་ཡེ་ཤེས་དཔལ་དཔོན་སློབ་ལ་སོགས་པས་རྗེ་བཙུན་གོང་མའི་གཞུང་ཁུངས་མ་ལ་གཏུགས། རྒྱུད་སྟེང་འོག་གི་ལམ་ཁོག་བསྒྲིག་མ་ངེས་པར་ཁྲིད་སྟོན་ཚུལ་ལ་སོགས་པ་འོ་ལེ་བ་ལས་མ་བྱུང་འདུག་པ་གཟིགས་པས་རྐྱེན་བྱས་ཏེ། རྒྱུད་གསུམ་མན་ངག་གི་ཁུངས་ལེགས་པར་གཏུགས་པས་རྒྱུད་ཀྱི་སྐལ་དམན་རིམ་འཇུག་ཏུ། དང་པོ་གསོ་སྦྱོང་སྦྱིན་པ་ནས། །དེའི་རྗེས་སུ་དབུ་མ་བསྟན་པ་སོགས་དང༌། དེ་རྗེས་ཀྱཻའི་རྡོ་རྗེ་སྟོན། །ཞེས་སོགས་ཀྱི་ལམ་ཁོག་བསྒྲིག ལྗོན་ཤིང་དུ། ལམ་ཐུན་མོང་བ་ལ་བསླབ་ཟིན་ནས། རྒྱུ་དབང་དང་སྔགས་ལམ་སྟོན་པ་གསལ་བར་གསུངས་ཤིང༌། མན་ངག་གི་རྡོ་རྗེའི་ཚིག་རྐང་དུ། སྣང་གསུམ་གྱི་རྗེས་ལ། གདན་སོགས་གསུམ་པ་བཞིས་རྒྱུའི་དབང༌། ཞེས་སོགས་རྒྱུད་དང་མན་ངག་མཐུན་པར་བྱུང་བས། ཁྲིད་སྟོན་དུས་ཕར་ཕྱིན་ཐེག་པའི་ཉམས་ལེན་ཐམས་ཅད་སྣང་བ་གསུམ་དུ་འདུས་པས་སྣང་གསུམ་གྱི་ཁྲིད་སྔགས་ལམ་ཐམས་ཅད་རྒྱུད་གསུམ་དུ་འདུས་པས་རྒྱུད་གསུམ་གྱིས་དཀྲི་བ་ཞེས་དང༌། སྣང་གསུམ་གྱི་ཁྲིད་ཚར་རྗེས། རྒྱུ་དབང་བསྐུར་བ་སོགས་བྱ་དགོས་ཏེ། རྗེ་ས་ཆེན་གྱིས། སྣང་བ་གསུམ་གྱི་ལམ་གྱི་གཞི་བཅས་ཏེ། །ཉམས་ལེན་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཞེས་གསུངས་པ་དང༌། རྗེ་བཙུན་གྱི་ཁྲིད་ཡིག་ཚིགས་བཅད་མར། སྣང་གསུམ་གྱི་ཁྲིད་གསུངས་ཚར་བའི་རྗེས་སུ། ཕ་རོལ་ཕྱིན་པའི་གཞུང་ལུགས་མདོར་བསྡུས་ན། །སྙིང་པོ་དོན་གྱི་མན་ངག་འདི་དག་ཡིན། །ཞེས་དང༌། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཏུ། སྔགས་ཀྱི་གཞུང་ཐམས་ཅད་རྒྱུད་གསུམ་དུ་འདུ་བས། རྒྱུད་གསུམ་དུ་དཀྲི་བ་ཞེས་དང༌། ཁྲིད་ཡིག་དེ་གཉིས་ཀར་སྣང་གསུམ་གྱི་རྗེས་ལ་རྒྱུ་དབང་བསྐུར་བ་སོགས་བཤད་པས་སོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་རྣམས་ཀྱང་ཐོག་མར་བྱེད་པ་མ་ཡིན་ཏེ། རྫོགས་རིམ་ཟབ་མོ་ཀུན་གྱི་སྔོན་འགྲོ་ནི། །སྦྱང་བ་གསུམ་ཡིན་དེ་ནས་རླུང་ལ་བསླབ། །ཅེས་གསུངས་པ་ལྟར། དེ་དག་སྔགས་ལམ་དང༌། རྫོགས་རིམ་གྱི་སྔོན་འགྲོ་ཡིན་པས་སོ། །གལ་ཏེ་རྒྱུ་དབང་སྣང་གསུམ་གྱི་རྗེས་རང་ལ་བྱེད་དགོས་ན་གཞུང་བཤད་རྣམས་སུ། ཉམས་སྣང་གི་རྟེན་རྣལ་འབྱོར་པ་དེ། ཐོས་བསམ་དང༌། བསླབ་པ་དང༌། དབང་གི་རྒྱུད་སྦྱངས་པ་གཅིག་ལ་བཤད་པ་དེ། ཇི་ལྟར་ཡིན་སྙམ་ན། ཆོས་རྗེ་ས་པཎ་གྱིས། ཁྲིད་མ་རྫོགས་པར་གཞུང་མི་བཤད། ཅེས་སོགས་གསུངས་པའི་ཚད་མ་བཞིའི་གོ་རིམ་མི་ཤེས་པ་དག་ལ་དེའི་ཐེ་ཚོམ་སྐྱེ་བ་བདེན་ནའང༌། དེའི་དོན་ནི་ད་ལྟ་བླ་མ་གཅིག་གིས་སློབ་མ་ལ་དང་པོར་དུས་འཁོར་གྱི་ཟབ་ལམ་གྱི་ཁྲིད་བསྟན། དེའི་རྗེས་སུ་དུས་འཁོར་གྱི་རྒྱུད་གཞུང་དུ་ལམ་ཟབ་མང་པོ་གསུངས་པ་སློབ་མས་གཞུང་གཅིག་ཏུ་ཡི་གེར་བཀོད་པ་ལྟར། བདག་མེད་མས་བིརྺ་པ་ལ། དང་པོར་ཀྱཻ་རྡོར་གྱི་སྨིན་གྲོལ་གྱི་ལམ་ཟབ་མོ་བསྟན་ནས། གྲུབ་པའི་ས་ལ་བཞག དེ་རྗེས་གདུལ་བྱ་གང་ལ་ཅི་འཚམས་ཀྱི་ལམ་རྒྱས་འབྲིང་བསྡུས་གསུམ། ཟབ་འབྲིང་ཐ་གསུམ་ལ་སོགས་པ་རྒྱུད་དོན་ཟབ་མོ་རྫོགས་པར་གསུངས་པ་རྣམས། བི་རཱུ་པ་རང་གི་གཞུང་རྡོ་རྗེའི་ཚིག་རྐང་དུ་བཀོད་པ་ཡིན་གྱི། ཚིག་རྐང་ནང་གི་གདམ་ངག་ཐམས་ཅད་ཀྱིས། བིརྺ་པ་རང་ཉིད་དཀྲིས་པ་ག་ལ་ཡིན་ཏེ། གཏུམ་མོའི་དམིགས་པ་ཚང་བའི་ཐོག་གི་ཆེད་བརྗོད་དུ། རྣལ་འབྱོར་དབང་ཕྱུག་དམིགས་པ་འདི་ཁོ་ནས་གྲོལ་བ་ཡིན་ནོ་ཞེས་འབྱུང་བ་བཞིན་ནོ། །དེ་བཞིན་དུ་བིརྺ་པའི་དངོས་སློབ་ནག་པོ་པ་ཡང༌། རྒྱུད་ལྟར་ན་སྐལ་དམན་རིམ་འཇུག །ཚིག་རྐང་ལྟར་ན། ལུས་སོ་སོར་བརྟག་པའི་འགོག་པའི་ཁྲིད་བསྟན་ནས་གྲུབ་པའི་ས་ལ་བཀོད། དེ་རྗེས་རྡོ་རྗེའི་ཚིག་རྐང་ཚང་བར་གསུངས་པ་ཡིན་གྱི། ཚིག་རྐང་ནས་བཤད་པའི་ལམ་ཐམས་ཅད་ཀྱིས་ནག་པོ་པ་དཀྲིས་པ་མ་ཡིན་ཏེ། ལམ་ཟབ་འབྲིང་ཐ་གསུམ་གྱི་ལམ་ཟབ་བླ་མ་དང༌། ཐ་མའི་ལུས་སོ་སོར་བརྟག་པའི་འགོག་པའི་ཁྲིད་ཚུལ་གཉིས་ཤིན་ཏུ་འགལ་བས་སོ། །དེས་ན་ད་ལྟ་ཚད་མ་བཞི་ལྡན་གྱི་ཁྲིད་སྟོན་པའི་ཚུལ་ནི། སྐལ་དམན་རིམ་འཇུག་ཁོ་ན་གཙོ་བས་དང་པོར་གཞུང་ཇི་ལྟ་བ་བཞིན་ཁྲིད། དེ་རྗེས་ཁྲིད་ཚུལ་དེ་ཚིག་རྐང་གི་དོན་ནོ་ཞེས་སྟོན་པ་དང༌། གདམས་ངག་གི་རྣམ་གྲངས་གཞན་ཡང་འདི་ལྟར་ཡོད་དོ་ཞེས་བསྟན་པའི་ཆེད་དུ་གཞུང་བཤད། དེ་རྗེས་སུ་ཚིག་རྐང་གི་གཞུང་ཇི་ལྟ་བ་བཞིན་ཁྲིད་ཚུལ་དེ་རྒྱུད་ཀྱི་སྐལ་དམན་རིམ་འཇུག་གི་དོན་ཡིན་ཞིང༌། ཚིག་རྐང་གི་གདམས་ངག་གཞན་ཐམས་ཅད་ཀྱང་རྒྱུད་དོན་ཡིན་ནོ་ཞེས་བསྟན་པའི་ཕྱིར་དུ། གདམས་ངག་ལུང་ཐམས་ཅད་དང་སྦྱར་བ་སྟོན་པས། གཞུང་བཤད་དུས་ངོ་སྤྲོད་ཀྱི་ཚུལ་དུ་འཆད་པ་ཡིན་པས། ཆོས་རྗེ་ས་པཎ་གྱི་གསུང་སྒྲོས་ལ། སྤྱིར་ཆོས་ཀྱི་འདོམས་ཆེ་བ་དེ་གོ་ན་གཞན་སླ་བས་འདིར་ཡང༌། བླ་མ་བཞིའི་སྐབས་དེ་ལེགས་པར་གོ་ན། གཞུང་འོག་མ་བཀླག་པས་ཆོག་གོ་ཞེས་འབྱུང་བ་ལྟར། གཞུང་བཤད་ཀྱི་ཐོག་མའི་མཆོད་བརྗོད་བཤད་པར་དམ་བཅས་པས། ལམ་ཐམས་ཅད་མདོར་བསྟན། སྣང་གསུམ་གྱིས་ལམ་ཐམས་ཅད་རྒྱས་པར་བཤད། རྒྱུད་གསུམ་དང་གཞུང་ལྷག་མས་ཤིན་ཏུ་རྒྱས་པར་བཤད་པའི་ལུགས་ཡིན་གྱི། ཁྲིད་དམིགས་ཇི་ལྟ་བ་བཞིན་དུ་མེད་ལ། གཞན་དུ་ན། བླ་མ་དམ་པའི་ཞབས་པད་བཏུད་དེ། ཞེས་པའི་མཆོད་བརྗོད་ནས་ལམ་འབྲས་ཐམས་ཅད་རྫོགས་ནས་སྣང་གསུམ་མན་ཆད་མི་དགོས་པར་འགྱུར་རོ། །དེས་ན་གཞུང་བཤད་དུ་ཉམས་སྣང་གི་རྒྱུ་ལ། ཁམས་འདུས་པ་གསུམ་དང༌། ཉམས་སྣང་ལ་ཉམས་བཅོ་ལྔ་དང༌། དབང་སྣང་ལ་སྔགས་ལམ་ལ་བརྟེན་ནས་བདེ་བར་གཤེགས་ཚུལ་ལ་སོགས་བཤད་པ་ཡིན་ནོ། །དེས་ན་ཚུལ་འདི་ལ་བློ་ལེགས་པར་བྱས་ནས་སྨྲ་བར་རིགས་སོ། །གཞན་ཡང་བིརྺ་པའི་དངོས་སློབ་གཉིས་ལ་བཤད་སྲོལ་མི་འདྲ་བ་འོང་བའི་རྒྱུ་མཚན་ཡང་སྣང་སྟེ། རྗེ་བླ་མས་མི་གསུངས་པས་མ་བྲིས་སོ། །དེང་སང་ནི་ཁྲིད་མ་རྫོགས་པ་ནས་ལམ་འབྲས་ཀྱི་འདོད་པ་རྫོགས་པར། ཁྲིད་སྟོན་མཁན་གྱི་བླ་མ་དང༌། སློབ་མ་བཞེད་པ་མཐུན་པར་འདུག་ནའང༌། ལམ་འབྲས་ཉམས་སུ་ལེན་འདོད་ཡིན་ན་ཁྲིད་ཚར་ནས་གཞུང་བཤད་ཅིས་ཀྱང་ཉན་དགོས་ཏེ། ཁྲིད་ཡིག་ནི་དམིགས་པའི་རྣམ་གྲངས་སྟོན་པ་ཙམ་ཡིན་པས་དམིགས་པའི་མཐའ་ཆད། ཉམས་སྐྱེས་པའི་བོགས་འདོན་གེགས་སེལ་དང་བཅས་པ་གཞུང་བཤད་ལ་རག་ལས་པས་སོ། །དེར་མ་ཟད་གེགས་སེལ་ལ་པོད་དམར་མའི་ནང་གི་ཞལ་ཤེས་ཀྱི་ཡི་གེ་རྣམས་གལ་ཆེ་ཞིང༌། སྔགས་ཀྱི་ལྟ་བ་ལྷན་སྐྱེས་ཆོས་གསུམ་གཅིག སྐྱེས་གྲུབ་བཞིན་དང༌། ཕྱི་བསྐྱེད་རིམ་གྱི་དམིགས་པ་སོ་གཉིས་མཚོ་སྐྱེས་བཞིན་དང༌། བོགས་འབྱིན་བརྒྱད་བསམ་མི་ཁྱབ་བཞིན་གསུངས་པས་ལམ་སྐོར་གཞན་བརྒྱད་ཀྱང་མཉན་ནས་ཤེས་པ་གལ་ཆེའོ། །འོ་ན་ལམ་བསྐོར་གཞན་རྣམས་ལ་དབང་དང་བྱིན་རླབས་རེ་བྱེད་ནས་ཉམས་སུ་ལེན་ནམ། དཔེ་ལུང་ཙམ་གྱིས་ཆོག་ཅེ་ན། རྗེ་འབྲོག་མིས་བླ་མ་སོ་སོ་ལ་ཞུས་པ་ཡན་ཆད། བརྒྱུད་པ་སོ་སོ་ལ་རང་རང་གི་རྒྱུད་ལ་བརྟེན་པའི་དབང་ལེགས་པར་བསྐུར་ནས་ཁྲིད་སྟོན་དགོས་ལ། འབྲོག་མིས་ཀྱང་ལམ་འབྲས་མ་གནང་བར། ལམ་སྐོར་གཞན་གནང་བ་ལ་སོ་སོའི་དབང་མཛད་ནས་གནང་བ་ཡིན་ཀྱང༌། ལམ་འབྲས་པས་ཞར་ཆོས་སུ་བྱེད་པའི་ཚུལ་ནི། ལྷན་ཅིག་སྐྱེས་གྲུབ་ལ་ཌོཾ་བི་པའི་བསྲུང་བ་དང༌། ཡི་གེ་མེད་པ་ལ་བྱིན་རླབས་ཆུང་ངུ་གཅིག་དང༌། བསམ་མི་ཁྱབ་ལ་བདག་མེད་མའི་ལུས་དཀྱིལ་གྱི་དབང་ཆོག་དང་འདྲ་བའི་བྱིན་རླབས་གཅིག་ཡོད། གཞན་རྣམས་ལུང་ལ་བརྟེན་ནས་གདམས་ངག་ཚུལ་མཐུན་པས་ཕན་འདོགས་པ་དང༌། འགའ་ཞིག་ཚུལ་མི་མཐུན་ཡང་ངེས་ཤེས་བསྐྱེད་པ་ཡིན་ནོ། །དེས་ན་ངེད་ཀྱི་བླ་མ་ཆོས་ཀྱི་རྗེ་དེས་ནི་རྒྱུ་མཚན་དེ་དག་ཐུགས་ཀྱི་ཡུལ་དུ་ཉེ་བར་བཟུང་ནས། གསུང་ངག་ལམ་འབྲས་ཀྱི་བསྟན་པ་མི་གསལ་བ་གསལ་བར་བྱས། མ་ཚང་བ་ཁ་བསྐངས། འཐོར་བ་བསྡུས་གླེགས་བམ་གྱི་དཀར་ཆག་ཏུ་ཐེབས་པའི་གཞུང་ཐམས་ཅད་ཉམས་ལེན་དུ་བསྒྲིགས་པ་གསང་བའི་སྒོ་འབྱེད་མཛད་པ་དང༌། དཀར་ཆག་ཏུ་མན་ངག་ཕྲ་མོ་གཞན་གྱི་དཀར་ཆག་ཀྱང་བརྗོད་པར་ག་ལ་ནུས་པས་འདིར་མ་བྲིས་སོ། །ཞེས་གསུངས་པའི་མན་ངག་ཕྲ་མོ་ཐམས་ཅད་ཀྱང་རྩད་བཅད་སྟེ་ཕྱོགས་གཅིག་ཏུ་བསྡུས། མི་འཐོར་བར་བྱ་བའི་ཕྱིར་དཀར་ཆག་དང་བཅས་ཏེ་གླེགས་བམ་ཆུང་ངུར་མཛད་པ་པོད་དམར་མ་སྟེ། འདི་ཡང་ཕྱག་དཔེ་ན་བཟའ་དམར་པོས་གྲིལ་བར་མཛད་པས་པོད་དམར་མ་ཞེས་གྲགས་སོ། །དེ་ལྟར་གླེགས་བམ་ཆེ་ཆུང་གཉིས་སུ་བཞུགས་པའི་ཡི་གེ་ཐམས་ཅད་ཀྱང་འོག་ནས་འབྱུང་བ་བཞིན་ཚད་མ་བཞིའི་སྲང་དུ་བཅུག་ནས་ཉམས་ལེན་ལ་ལྷག་ཆད་མེད་པ་གཅིག་སྟེ། དམར་གྱི་སློབ་མ་གཅིག་གིས་བྱས་པའི་ཟིན་བྲིས་ལ་ཡི་གེ་ཐམས་ཅད་ཀྱང་ཚད་མ་བཞིར་བསྡུས་པར་བྱས་འདུག་པ་གཟིགས་པ་ཡིན་གསུངས་སོ། །གཞན་ཡང་ཆོས་རྗེ་རིན་པོ་ཆེ་འདི་ལ་མངའ་བའི་ལམ་འབྲས་འདི་ནི། གདམས་ངག་རྩད་གཅོད་ལུགས་ལ་གང་ཡང་ལྷག་མ་མ་ལུས་པ། ལམ་ཁོག་བསྒྲིག་ལུགས་ལ་གོ་རིམ་མ་འཆོལ་ཞིང༌། མགོ་མཇུག་ཚང་བ་ཉམས་ལེན་གྱི་གནད་ནས་འཛིན་ལུགས་ཀྱང་གཞན་དང་ཐུན་མོང་མ་ཡིན་པ་ཞིག་སྟེ། ཆོས་རྗེ་ཉིད་ཀྱི་གསུང་ལས། སྒྲུབ་ཐབས་འདི་ནི་རྗེ་བཙུན་ས་སྐྱ་པ། །བརྒྱུད་པར་བཅས་པའི་དགོངས་པ་ཡིན་མོད་ཀྱི། །དེང་སང་ལམ་འབྲས་པ་ཞེས་ཡོངས་གྲགས་པའི། །བཤེས་གཉེན་ཀུན་གྱི་ལྟ་བའི་སྤྱོད་ཡུལ་མིན། །ཞེས་དང༌། ལམ་འབྲས་སྙིང་པོ་བསྡུས་པའི་དོན། །གཉིས་ལས་གསུམ་བྱུང་གདམས་ངག་ཡིན། །ཀུན་དང་ཐུན་མོང་མ་ཡིན་པ། །མན་ངག་ཤེས་པ་བླ་མའི་དྲིན། །ཞེས་པ་ལྟར། བླ་མ་མཉེས་པའི་ཞལ་ལ་རག་གོ །ཞེས་གསུངས་པ་བཞིན་ཏེ། བདག་ཅག་རྣམས་ལ་ལྟོས་ན། གསུམ་ལས་བཞི་འབྱུང་གདམས་ངག་ཡིན། །ཀུན་དང་ཐུན་མོང་མ་ཡིན་པ། །མན་ངག་ཤེས་པ་ཆོས་རྗེའི་དྲིན། །ཡང་རྗེ་འདིས་སྤྱིར་གདུལ་བྱ་སྨིན་པའི་ཚུལ་ལ། རབ་བྱུང་དང་བསྙེན་རྫོགས་སོགས་འདུལ་བ་འཛིན་པ་འབུམ་ཕྲག་གི་མཁན་པོ། ཐེག་པ་ཆེན་པོའི་སེམས་བསྐྱེད་ལུགས་གཉིས་འབོག་པ་སོགས་སྡེ་སྣོད་འཛིན་པ་འབུམ་ཕྲག་གི་བཤེས་གཉེན། སྔགས་ཀྱི་སྨིན་གྲོལ་གྱི་ལམ་དང༌། རྒྱབ་རྟེན་གྱི་རྒྱུད་སྟོན་པ་སོགས་རྒྱུད་སྡེ་འཛིན་པ་འབུམ་ཕྲག་ཞིག་གི་བླ་མ་མཛད་པ་ཞིག་གོ །ཡང་རྗེ་འདི་ཉིད་ཀྱིས་རྒྱལ་ཚབ་ཆོས་རྗེ་མུས་པ་དཀོན་མཆོག་རྒྱལ་མཚན་པ་ནི། སྐུ་ཚེ་སྔ་མ་ནས་བྱང་ཆུབ་སེམས་དཔའ་གྱུར་བ་ཞིག་སྟེ། སྐུ་ཚེ་འདིར་ཡང་གཞོན་ནུ་ནས་བྱང་ཆུབ་ཀྱི་ཐུགས་དང་ལྡན་པ་དམ་པའི་ཆོས་ཀྱི་གསན་སྦྱངས་གང་མཛད་ཀྱང་སྒྲུབ་པ་ཉམས་ལེན་དང་སེམས་ཅན་གྱི་དོན་ལ་གཞོལ་བ་འབའ་ཞིག་སྟེ། རྗེ་འདིའི་དྲུང་དུ་གསུང་ངག་རིན་པོ་ཆེ་གསན་པའི་ཚེ་ན་བསྟན་པ་ལ་ཕན་པའི་མཚན་ལྟས་བཟང་པོ་བྱུང་ནས་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ། རྗེ་དེ་ཉིད་ཞིང་གཞན་དུ་གཤེགས་པའི་ཚེ་ནའང་རང་གི་རྒྱལ་ཚབ་ཏུ་བཀའ་བསྒོ་མཛད་དེ། སྔར་གྱི་མཚན་ལྟས་དང་བཀའ་བསྒོས་པ་བཞིན་བཤད་སྒྲུབ་ཀྱི་རྒྱལ་མཚན་མངོན་པར་མཐོ་བ། བདེ་དགྱེས་གསང་གསུམ་སོགས་གང་ལ་ཡང་རང་གཞན་གྱི་སྲོལ་ལུགས་ཀྱི་གནད་ཟབ་མོ་བསམ་གྱིས་མི་ཁྱབ་པ་དག་ལ་རང་དབང་ཐོབ་པའི་ཚུལ་གྱིས་ལེགས་པར་མཁྱེན་ནས་འཆད་པ་བསྟན་པའི་རྩ་བ་འཛིན་ལུགས་གཞན་དང་འགྲན་ཟླ་མེད་པའི་མཁས་གྲུབ་ཆེན་པོ་ཞིག་སྟེ། ད་ལྟའི་སྐྱེ་བོ་ཕལ་མོ་ཆེ་འཆད་པ་པོའི་ཁ་ལ་བལྟ་བས་ཚིམ་པ་རྣམས་ཀྱིས་ནི་དེ་དག་གི་གནས་ཚུལ་ཤེས་པར་དཀའོ། །ཆོས་རྗེ་འདི་ཉིད་ཀྱིས་ཀྱང་ཁྲིད་ཀྱི་ཟིན་རིས་དང༌། རྗེའི་རྣམ་ཐར་ལ་སོགས་མང་དུ་མཛད་དོ། །ཡང་མཁས་གྲུབ་ཆོས་རྗེ་གཞོན་ནུ་ལ་སོགས་པ། རྗེའི་བུ་སློབ་རབ་ཏུ་མང་པོ་བྱོན་པ་སོགས་ཀྱང༌། རྗེའི་རྣམ་ཐར་སོགས་སུ་ཤེས་པར་བྱའོ། །དེ་ཡན་ཆད་ནི་ཐོག་མར་གདམས་ངག་བྱུང་བའི་ཚུལ་ལོ།།  །།སྤྱི་དོན་གཉིས་པ་བྱུང་བའི་ཆོས་ལ་བཤད་བསྒྲུབ་བྱ་ཚུལ་ལ་གསུམ་སྟེ། གཏན་ལ་དབབ་པར་བྱ་བའི་གཞུང་ངོས་གཟུང་བ། དེ་བཤད་ཐབས་ཀྱི་མན་ངག མན་ངག་དེ་བཞིན་དུ་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། སྔར་སྨོས་པའི་གླེགས་བམ་དང་པོད་དམར་མའི་ནང་དུ་བཞུགས་པའི་ཡི་གེ་ཐམས་ཅད་ཡིན་ཏེ། ལམ་འབྲས་ལ་དགོས་པའི་གཞུང་ཐམས་ཅད་ཕྱོགས་གཅིག་ཏུ་བྲི་ན་དུས་འཁོར་འགྲེལ་པ་ཙམ་ཞིག་འབྱུང་གསུངས་སོ། །གཉིས་པ་དེ་འཆད་ཐབས་ཀྱི་གདམས་ངག་ནི། ཚད་མ་བཞིའི་སྲང་དུ་བཅུག་པ་སྟེ། བླ་མ་ཚད་མ་ལ་སོགས་པ་སམྦུ་ཊིའི་རྒྱུད་ལས་གསུངས་སོ། །གསུམ་པ་གདམས་ངག་དེ་བཞིན་དུ་ཉམས་སུ་ལེན་པ་ལ། དང་པོར་བླ་མ་ཚད་མར་བྱ་བ་ལ་གང་དགོས་པ་ཐམས་ཅད་སྟོབ་ཅིང་མོས་གུས་བྱ། དེ་རྗེས་ཉམས་མྱོང་ཚད་མ་ལ་དགོས་པ་ཉམས་མྱོང་མ་སྐྱེས་པ་སྐྱེ་བའི་ཐབས། སྐྱེས་པ་བོགས་འབྱིན་གྱི་སྐོར། གེགས་སེལ་གྱི་སྐོར་ལ་སོགས་པ་རྣམས་སོ། །དེ་རྗེས་བསྟན་བཅོས་ཚད་མ་ལ་དགོས་པ་གཞུང་བཤད་དང༌། དེ་ལ་ཕན་པའི་ཡི་གེ་ཆེ་ཆུང་ཐམས་ཅད་སྐབས་སོ་སོར་སྦྱར་རོ། །བླ་མ་དོན་རི་བྲག་ཆེན་པའི་རྣམ་ཐར་ན་གཞུང་བཤད་བཅོ་བརྒྱད་ཀྱི་ལུང་ཞུས་ཟེར་བ་ཡོད་འདུག་ཀྱང༌། བརྒྱུད་པ་འདི་ལ་དོན་བསྡུས་མ་དང༌། སྲས་དོན་མ་དང༌། གཉགས་མ་སྟེ་རྣམ་འགྲེལ་བཅུ་གཅིག་གི་ཐོག་མ་བར་མ་ཐ་མ་གསུམ། དམར་མ་དང་པོད་ནག་མའི་གཞུང་བཤད་དེ། ལྔའི་བཤད་ལུང་བཞུགས་སོ། །དེ་ཡང་གཞུང་འཆད་ཚུལ་ལ་གལ་ཆེ་བ། རྡོ་རྗེའི་ཚིག་རྐང་དུ། ལམ་རྒྱས་པ་ལ་སྣང་གསུམ་དང༌། རྒྱུད་གསུམ་སོགས་ཆོས་བཅོ་བརྒྱད། ལམ་འབྲིང་པོ་ལ་ཆོས་ལྔ། བསྡུས་པ་ལ་ཆོས་གསུམ། གཞན་ཡང་ལམ་ཟབ་འབྲིང་ཐ་གསུམ་སྟེ། ལམ་ལ་ཚུལ་དྲུག འབྲས་བུ་ལན་བཞིར་བཤད་པའི་འབྲས་བུ་ཆེ་བ་གསུམ་ལྡན་ཏེ། ལམ་འབྲས་ཚུལ་དགུ་རུ་གནས་པ་ལ། ཁྲིད་ཚུལ་སོ་སོར་བྱེད་ན། རྒྱས་བསྡུས་སྣ་ཚོགས་ཡོད་ཀྱང༌། ལམ་རྒྱས་པའི་ཆོས་ལ་བཅོ་བརྒྱད་ཐམས་ཅད་རྒྱུད་གསུམ་དུ་བསྡུས་ནས་ཉམས་སུ་ལེན་དགོས་ཏེ། གཞུང་བཤད་རྣམས་སུ་སྣང་གསུམ་སོགས་ཀྱི་སྔ་ཕྱི་གཉིས་འབྲེལ་རྩིས་པའི་དོན་ངེས་པ་གལ་ཆེའོ། །འོན་ཀྱང་གོང་བཞིན་མདོ་སྔགས་ཀྱི་ལམ་ཉམས་ལེན་ཚུལ་གཉིས་སུ་བསྡུས་ནས། ལམ་ཡོངས་རྫོགས་གཅིག་ཏུ་བསྒྲིག་ན་སྣང་གསུམ་དང་རྒྱུད་གསུམ་དུ་འདུས་པས་དེ་གཉིས་ཐོག་མའི་གཞིར་བཀོད་དོ། །ཞེས་གོ་དགོས་ཏེ། དོན་བསྡུས་མས་གོ་བར་ནུས་ལ། །རྗེ་བཙུན་གྱི་ཁྲིད་ཡིག་ཚིགས་བཅད་ལྷུག་གཉིས་ཀྱིས་ཤེས་སོ། །དེ་ཡང་དཔེར་ན། ཕར་ཕྱིན་ལ་མངོན་རྟོགས་རྒྱན་རྩ་འགྲེལ་དུ་སྐབས་གོང་འོག་མང་པོར་ལམ་ཚང་བ་རེ་བཤད་ཀྱང༌། སྐབས་ཐམས་ཅད་དྲིལ་ནས་གཞི་ལམ་འབྲས་གསུམ་གྱི་ཉམས་ལེན་ཚང་བར་བྱེད་པ་བཞིན་ནོ། །ཁྲིད་ཚུལ་གཞན་ཐམས་ཅད་ཀྱང་རྒྱུད་གསུམ་གྱི་ནང་དུ་འདུས་ཏེ། གཞིའི་ཆོས་གང་ཡིན་དང༌། ལམ་གྱི་ཆོས་གང་ཡིན་དང༌། འབྲས་བུའི་ཆོས་གང་ཡིན་པ་རྣམས་རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་པོ་སོ་སོར་མ་འདུས་པ་མེད་ཅིང༌། རྒྱུད་དོན་ཐམས་ཅད་རྒྱུད་གསུམ་དུ་བསྡུས་ནས་ཉམས་ལེན་དུ་བསྒྲིག་པ་མངོན་རྟོགས་ལྗོན་ཤིང་བཞིན་ནོ། །ལམ་འབྲས་ཀྱི་ཉམས་ལེན་ཐམས་ཅད་རྒྱུད་གསུམ་དུ་འདུ་བ་གཞུང་བཤད་ཨ་སེང་མ་དཔང་པོར་ཡོད་དོ། །དེ་རྗེས་ལུང་ཚད་མ་སྟོན་ཏེ་ལུང་སྦྱོར་རྣམས་སོ། །མདོར་ན་འཆད་ཐབས་གསང་བའི་སྒོ་འབྱེད་དུ་གསུངས་པའི་ཁོག་སྒྲིག་གི་སྟེང་དུ་པོད་དམར་མའི་ཡིག་ཆུང་རྣམས་ཀྱང་ཚད་མ་བཞིའི་སྐབས་སོ་སོར་སྦྱོར་བ་ཤེས་དགོས་སོ། །ཁོག་སྒྲིག་གི་གཞིའམ་གཞུངས་ཤིང་གལ་ཆེ་བ་རྗེ་བཙུན་གྱི་ཁྲིད་ཡིག་གཉིས་སོ། །སྤྱི་དོན་གསུམ་པ་སྒྲུབ་པ་མཐར་ཕྱིན་པས་གཞན་དོན་བྱ་ཚུལ་ལ། སྐལ་དམན་ལ་གསང་ཞིང་སྐལ་ལྡན་ལ་སྤེལ་བར་གདམས་པ་སྟེ། ཁྲིད་ཀྱི་ཆོས་ཐམས་ཅད་ཚར་བའི་རྗེས་སུ་གསང་བ་བཅུས་རྒྱས་གདབ་པ་མཛད་དེ་པོད་དམར་དུ་ཡོད་པ་དེའོ། །གདམས་ངག་ཚར་བའི་རྗེས་སུ་སྒྲུབ་པ་ལུང་སྦྱིན་པའི་གདམས་པ་སློབ་མ་ལ་གཅིག་བརྒྱུད་དུ་སྟེར་ཏེ། རྟེན་འབྲེལ་གྱི་མཁྱེན་པ་མངའ་བའི་བླ་མ་ཡིན་ན། ཞང་དགོན་པ་བས་ས་ཆེན་ལ་ལུང་བསྟན་པ་བཞིན་བྱ། དེ་ལྟར་མིན་ཀྱང་ཆོས་ལ་གཅེས་སྤྲས་སུ་སྒྲུབ་པ་ལ་ནན་ཏན་དུ་བྱ་ཚུལ་དང་འགྲོ་ཕན་བྱུང་དུས་ཀྱང་ཚུལ་བཞིན་སྟོན་པ་ལ། དཔོན་སློབ་འབྲེལ་མ་བརྟག་པར་དབང་མི་བསྐུར། དབང་མ་བསྐུར་བར་གདམས་ངག་མི་སྟོན། གདམས་ངག་མ་བསྟན་པར་གཞུང་མི་འཆད། གཞུང་མ་བཤད་པར་ལུང་སྦྱོར་མི་སྟོན་ལ། ཐམས་ཅད་ཀྱི་རྗེས་ལ་ལུང་སྦྱིན་ཏེ། ཚུལ་བཞིན་དུ་བསྐྱངས་པའི་དམ་བཞག་བཞི་མཛད་པ། ཆོས་རྗེ་ས་པཎ་གྱི་ཡི་གེ་བཞིན་ཏེ་པོད་དམར་ན་བཞུགས་སོ། །ཞུ་བྲག་དམར་པའི་ཡི་གེར་དེའི་ཚེ་སྐེ་ལ་ཕྲེང་བ་བསྐོན། མགོན་པོའི་སྐུའི་མདུན་དུ་དམ་བཞག་བྱེད་ཟེར་ཏེ། ཆོས་ལ་གཙིགས་སུ་བྱེད་པའི་དོན་ཡིན་གསུངས་སོ། །དེ་ལྟར་ན་ལམ་འབྲས་ཀྱི་གཞུང་ཁྲིད་ཀྱི་ཚིག་ཐམས་ཅད་ཚང་བར་ཐོབ་པའི་ཆིག་བརྒྱུད་ཉམས་མྱོང་རྒྱུད་ལ་སྐྱེས་པའི་དོན་བརྒྱུད། བརྡ་ལྐོག་ཏུ་ཁྲིད་པའི་བརྡ་བརྒྱུད་དེ། བརྒྱུད་པ་གསུམ་ལྡན་ལ་བསྒྲུབ་པའི་བཀའ་ལུང་སྦྱིན་ནོ། །དེ་ལྟར་ན་དེ་དག་གིས་ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས་མཛད་འཕྲོ་ས་བཅད་ཁ་ཚང་བ་ཙམ་དུ་བྲིས་པ་ཡིན་ནོ། །འོ་ན་རྗེ་ཉིད་ཀྱིས་ཚང་བར་མ་བཀོད་པ་ཅི་ཡིན་སྙམ་ན། འདིར་དངོས་སུ་བཀོད་ན་ལེགས་མོད་ཀྱི་མ་བཀོད་ཀྱང༌། རྗེ་ས་སྐྱ་པ་མན་ཆོད་ཀྱི་བླ་མའི་རྣམ་ཐར་ཚང་མ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། གླེགས་བམ་མཛད་ཡོད་པ་དང༌། གདམས་ངག་དངོས་ལ་ཡང་གླེགས་བམ་ཆེ་ཆུང་གཉིས་བཤད་ཐབས་དང་བཅས་པ་ཟུར་དུ་ཡོད་པ་ལ་དགོངས་པ་འདྲའོ། །དེས་ན་འདིའི་ཐོག་མར་དང་པོའི་བླ་མ་ཞྭ་ལུགས་པ་ཡན་ཆད་ཀྱི་བླ་མའི་རྣམ་ཐར་ཞིབ་པར་བྲིས་འདུག་པ་བཞིན། འདིར་ཡང་རྗེ་ས་ཆེན་མན་ཆད་ཀྱི་རྣམ་ཐར་ཚང་བ་རེ་དང༌། ཉམས་ལེན་དངོས་ལ་བཤད་སྒྲུབ་ཀྱི་ཚུལ་ཞིབ་པར་བྲིས་ན་མང་པོ་རང་ཡོང་ངོ༌། །འདིར་རེ་ཞིག་འདི་ཙམ་བྲིས་པས་ཀྱང༌། འདི་སྐུལ་བ་པོ་ལ་སོགས་པ་ཕྱོགས་འདི་ལ་མོས་པའི་གདུལ་བྱ་བདག་ལས་བློ་དམན་པ་མང་པོ་ལ་ཕན་ཐོག་པར་གྱུར་ཅིག།  །།ཨོཾ་སྭ་སྟི། མདོ་རྒྱུད་སྤྱི་དང་དཔལ་ལྡན་ས་སྐྱ་པའི། །རྒྱུད་གསུམ་མན་ངག་གང་དང་གང་གི་གཞུང༌། །མ་ཚང་བ་དང་འཐོར་བ་ལེགས་བསྡུས་ནས། །བསྟན་པ་རིན་ཆེན་བང་མཛོད་ལེགས་འཛིན་པ། །རྗེ་བཙུན་ཀུན་དགའ་བཟང་པོ་ཡབ་སྲས་རྒྱལ། །རྒྱལ་བའི་བསྟན་པ་མདོ་རྒྱུད་རྒྱ་མཚོ་ཡི། །ཟབ་དོན་རིན་ཆེན་བྱེ་བའི་ལམ་བཟང་མཆོག །མཁས་གྲུབ་བྱེ་བས་བཤད་སྒྲུབ་གཏན་ལ་ཕབ། །ལམ་བཟང་དེ་དག་འགྲོ་ལ་གསལ་བ་ནི། །ལམ་སྐོར་དགུ་དང་གནད་དུ་ཆེ་བ་དྲུག །གཞན་ཡང་ལམ་སྲོལ་དུ་མ་བྱོན་པ་ལས། །རྒྱ་མཚོ་ཆེན་པོར་ནོར་བུའི་ཚོགས་བཞིན་དུ། །གཞན་གྱིས་རབ་བསྔགས་ཟབ་ཁྱད་ཀུན་དང་ལྡན། །གང་ལ་གང་འཚམ་ཅི་དང་ཅི་དགོས་ཀྱི། །ཕུན་ཚོགས་རྒྱལ་པོ་ལྟ་བུའི་ལམ་བཟང་འདི། །ཐོག་མར་བྱུང་ཚུལ་བཤད་སྒྲུབ་བྱ་བའི་ཚུལ། །གྲུབ་ནས་གཞན་དོན་བྱེད་ཚུལ་དང་བཅས་པ། །བླ་མས་མཛད་འགྲོ་བླ་མའི་གསུང་སྒྲོས་བཞིན། །བཀོད་པ་འདིས་ཀྱང་བསྟན་ལ་ཕན་པར་ཤོག །ཀྱེ་མ་དེང་སང་ཆོས་འདོད་རྣམས་ཀྱི་འཇུག་ཚུལ་ལ། །བླུན་པོ་ཕལ་ཆེར་ཆོས་དང་མི་འཕྲད་སྟོང་པར་འགྲོ། །ཆོས་དང་ཕྲད་པ་ཕལ་ཆེར་འགྲོ་བ་བཞི་ཡིས་འགྲོ། །དེས་ན་འདིས་ཀྱང་གཞན་ལ་ཕན་པར་ཇི་ལྟར་འགྱུར། །འོན་ཀྱང་འདི་ཡི་རྣམ་དབྱེ་འདི་ཙམ་བྲིས་པ་ནི། །བོད་འདིར་ཕྱི་དུས་ལམ་འབྲས་པ་ཞེས་མང་ན་ཡང༌། །དཔེ་ཆའི་རྣམ་གྲངས་ཙམ་ཡང་མ་མཐོང་ཕྱོགས་རེ་ཙམ། །ཁོ་བོའི་བླ་མ་རྗེ་དེ་ཆོས་འདིའི་བདག་པོ་སྟེ། །གཞན་དང་འགྲན་ཟླ་མེད་པར་གོ་བར་བྱ་ཕྱིར་དང༌། །འདིའི་བསྐུལ་བ་པོ་དག་དགྱེས་པ་བསྐྱེད་ཕྱིར་ཡིན། །བདག་གི་མཁས་པའི་དྲུང་དེར་ལམ་བཟང་འདིར། །འབད་པས་རི་ལ་འཛེགས་པས་ཡོངས་སུ་རྫོགས། །སླར་ཡང་མིག་གིས་བལྟས་པས་ཕྲ་ཞིབ་རྙེད། །དེ་ཡི་རྒྱལ་ཚབ་དམ་པས་སྤྱན་གྱིས་གཟིགས། །སྔ་ཕྱིའི་བླ་མ་དག་གིས་དེ་ཉིད་བསྟན། །ཐོས་བསམ་«༨༣»འདོད་«་་་་་རོང་སྟོན་དང་གཞོན་ནུ་བས་རེ་རེར་གསུམ། »མཐར་པ་སྒྲུབ་ལ་བདག་བློ་དང༌། །དད་པ་དེ་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཅེས་བྱ་བ་འདིའི་ཐོག་མའི་བྱུང་ཚུལ་ཕལ་ཆེ་བ། རྗེ་བཙུན་ཀུན་དགའི་མཚན་ཅན་གྱིས་ཞལ་སྔ་ནས་མཛད་པ་ལ། རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་དར་བར་བྱས་ཚུལ་མན་ཆོད་རྗེ་དེ་ཉིད་ཀྱི་གསུང་བཞིན་བྲིས་པ་འདི་ཡང་སྤྱིར་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བ་དང་ཁྱད་པར་དུ་ཏོར་སྡེ་དཔོན་པོ་ཁུ་དཔོན་གྱིས་རྒྱང་རིང་པོ་ནས་བསྐུལ་བའི་ངོར། མདོ་དང་སྔགས་ཀྱི་ཚུལ་ལུགས་མན་ངག་བཅས་པ་ལ་ཀུན་མཁྱེན་རོང་སྟོན་ཡབ་སྲས་དང༌། རྗེ་བཙུན་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་ཞབས་ལ་གཏུགས་པ་གུང་རུ་ཤེས་རབ་བཟང་པོས་རིངས་པར་བྲིས་པ་འདིས་ཀྱང་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག།  །། ༄། །ལམ་འབྲས་བུ་དང་བཅས་པའི་བཤད་ཐབས་ཀྱི་མན་ངག་བཞུགས་སོ། །        རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*