རི་བོ་རྩེ་ལྔ་སོ་སོའི་རིགས་སུ་མཐུན་པའི་བསྟོད་པ།

༼བ༽

༄༅། །རི་བོ་རྩེ་ལྔ་སོ་སོའི་རིགས་སུ་མཐུན་པའི་བསྟོད་པ་བཞུགས།།

༄༅། །ན་མོ་མཉྫུ་གྷོ་ཥཱ་ཡ། བྱམས་པའི་ལྟེ་བ་རབ་ཏུ་བརྟན་ཞིང་མཐུ་སྟོབས་རྣོ་བའི་རྩིབས་སྟོང་ལྡན། །ཕན་བདེའི་མུ་ཁྱུད་རྒྱ་ཆེན་གྱིས་བསྐོར་སྨོན་ལམ་ཤུགས་ཀྱིས་ལེགས་རྒྱུ་ཞིང༌། །བདག་ཏུ་ལྟ་བའི་རི་བོ་རབ་བསྙིལ་ཕས་རྒོལ་དཔུང་གི་ཚོགས་འཇོམས་པ། །འཇམ་དཔལ་འཁོར་ལོར་གྲགས་པའི་མཚན་ཅན་སྐྱོབ་པ་མཆོག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གང་ཐུགས་གཉིས་མེད་ཡེ་ཤེས་སྣ་ཚོགས་རྟོགས་པས་མི་ཕྱེད་ཅིང༌། །མཁྱེན་པའི་མེ་འོད་འབར་བའི་ཟེར་འཕྲོ་སྲིད་པའི་རི་བོ་རབ་འཇིག་ཅིང༌། །བདུད་ཀྱི་གྲོང་ཁྱེར་རྣམ་པར་འཇོམས་བྱེད་ལྟ་ངན་གྱིས་ལྟར་མི་བཟོད་པ། །དུས་གསུམ་རྒྱལ་བའི་ལྷ་དབང་གིས་འཛིན་འཇམ་པའི་རྡོ་རྗེའི་ཞབས་ལ་འདུད། །སྲིད་དང་ཞི་བའི་མཐའ་གཉིས་རྣམ་སྤངས་རྒྱལ་བའི་ཡེ་ཤེས་རྒྱ་མཚོར་འཁྲུངས། །ཐུགས་རྗེའི་དབྱིབས་མཛེས་ཡོན་ཏན་མདོག་བཟང་བསྡུ་དངོས་བཞི་ཡི་འོད་འབྱིན་ཅིང༌། །བློ་གསལ་ཀླུ་དབང་གཙུག་གི་རྒྱན་གྱུར་གདུལ་བྱའི་དགོས་འདོད་ཀུན་འབྱུང་བ། །བློ་མཆོག་འཇམ་དཔལ་ཡིད་བཞིན་ནོར་བུ་གུས་པའི་གཙུག་གིས་རྟག་ཏུ་མཆོད། །དགེ་ཚོགས་དཔག་མེད་ཆུ་གཏེར་དབུས་སུ་བྱང་སེམས་ས་བོན་ལས་འཁྲུངས་ཤིང༌། །བྱང་ཆུབ་ཕྱོགས་ཆོས་ལོ་འདབ་རབ་རྫོགས་དབང་བཅུའི་ཟེ་འབྲུས་ཡོངས་བསྐོར་བའི། །ཏིང་འཛིན་སྙིང་པོ་བདེ་ཆེན་བཅུད་ལྡན་གཟུངས་དང་སྤོབས་པའི་མདངས་རབ་གསལ། །འཕགས་པའི་ཚོགས་ཀྱི་བུང་བས་ལེགས་བསྟེན་འཇམ་དབྱངས་པདྨོ་ལ་ཕྱག་འཚལ། །བསོད་ནམས་མཐའ་ཡས་ལྕགས་ཀྱི་ཁམས་ལས་ཐབས་མཁས་སྐྱེས་བུས་ལེགས་བསྒྲུབས་པའི། །ཡེ་ཤེས་རལ་གྲི་སྤྲུལ་པའི་འོད་འཕྲོ་ཕྲིན་ལས་ཐོགས་མེད་རབ་རྣོ་ཞིང༌། །གདུལ་བྱའི་སྲིད་སྡེ་རབ་ཏུ་སྙེམས་བྱེད་ནག་པོའི་རྩ་ལག་དཔུང་འཇོམས་པ། །སྡུག་བསྔལ་མྱུ་གུ་རྣམ་པར་གཅོད་བྱེད་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ། །མེ་མོ་སྦྲུལ་གྱི་ལོ་དབྱར་ཟླ་འབྲིང་པོའི་ཡར་གྱི་ངོ་ལ་རིམ་གྱིས་རི་བོ་རྩེ་ལྔའི་རྩེ་མོ་རྣམས་སུ་ཕྱག་འཚལ་དུ་ཕྱིན་པའི་ཚེ་རི་བོའི་རྩེ་མོ་སོ་སོའི་རིགས་སུ་མཐུན་པར་བསྟོད་པ་འདིའང་འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*