༄༅། །དཔལ་ས་སྐྱའི་ཁྲི་རབས་ཞེ་གཉིས་པའི་ཁྲི་སྟོན་མཛད་སྒོ་དང། བརྟན་བཞུགས།

ཕྱི་ལོ་ ༢༠༡༧ ཟླ་ ༠༣ ཚེས་ ༠༩ ནས་ ༡༡ བར་ཉིན་གསུམ་གྱི་རིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ཁུལ་ས་གཞིས་སྤུ་རུ་ཝ་ལར་རྟེན་བཞེང་བྱས་པའི་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་དཔལ་ས་སྐྱའི་ཁྲི་རབས་ཞེ་གཉིས་པའི་ཁྲི་སྟོན་མཛད་སྒོ་དང་༸སྐྱབས་མཆོག་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་བཞེས་གནང་ཡོད་འདུག།

དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༠༥ ཚེས་ ༠༨ ཉིན་དཔལ་ས་སྐྱའི་ཕོ་བྲང་རྣམ་གཉིས་ཀྱིས་གྲོས་འཆར་དང་གྲོས་ཆོད་གཅིག་འཐུས་ཀྱི་ནང་མོལ་ཡིག་ཆ་ཞིག་བཞག་གནང་མཛད་ཡོད་པའི་ནང་གསལ་«དཔལ་ལྡན་ས་སྐྱ་པ་ཡོངས་ཀྱི་བསྟན་བདག་ཁྲི་པའི་མཚན་གནས་འདི་བཞིན་ད་ཡོད་ཕོ་བྲང་གཉིས་ཀ་ཁྱད་མེད་ཀྱི་གདུང་སྲས་བགྲེས་རིམ་བཞིན་གནང་རྒྱུ་དང་། དེ་ལྟར་མཛད་ན་གདུང་སྲས་བགྲེས་གཞོན་ཚང་མས་བསྟན་བདག་ཁྲི་པའི་ཐུགས་འགན་བཞེས་རྒྱུའི་གོ་སྐབས་ཡོད་པ་སོགས་དགེ་མཚན་ཆེ་ངེས་འོང་ཞིང་། མཁྱེན་ཡོན་གྱི་ཆ་རྐྱེན་ཞིག་ཀྱང་མེད་ཐབས་མེད་པར་སོང་། རང་ལུགས་ཆོ་ག་ཕྱག་ལེན་གྱི་རིམ་པ་གཞི་རིམ་སློབ་ཚན་གཞི་བཟུང་ལེགས་ཐོན་ཐོག་གཞུང་ལུགས་སློབ་གཉེར་གསན་བསམ། ཟབ་ཆོས་གསུང་ངག་རིན་པོ་ཆེ་ཚོགས་སློབ་གཉིས་ཀྱི་མཚོན་དབང་ལུང་མན་ངག་གལ་ཆེའི་རིགས་གསན་བསམ་གྲུབ་པ་དང་། དཔལ་ཀྱཻ་རྡོ་རྗེའི་གཞི་བསྙེན་གཙོར་གྱུར་ལྷག་ལྷ་གལ་ཆེའི་རིགས་ཀྱི་ལྗགས་བསྙེན་གྲུབ་པ་བཅས་དགོས་གལ་ཆེ། དུས་ཡུན་ཐད་སྔོན་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་དགོངས་ཚུལ་ཞིག་ལ་ངོར་པའི་བླ་བྲང་ཁག་རྣམ་པ་བཞིན་ལོ་ངོ་གསུམ་རེ་གནང་ན་གསུངས་པ་ཞིག་གོ་ཐོས་བྱུང་བ་དེ་བཞིན་གནང་རྒྱུ་དང་དུས་ཡུན་ལོ་གསུམ་རེ་རྫོགས་མཚམས་ཀ་ཀོར་སྣེ་གཅིག་མེད་པར་རེས་མོས་སུ་ཡིན་ལ་རྩིས་སྤྲོད་གནང་རྒྱུ་» ལྟར་ཕོ་བྲང་རྣམ་གཉིས་ཀྱི་ཆ་རྐྱེན་ཚང་རིགས་ཀྱི་གདུང་སྲས་བགྲེས་རིམ་བཞིན་གནང་དགོས་པའི་དགོངས་དོན་བཞིན། ད་ལམ་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་༸སྐྱབས་མགོན་༸གོང་མ་གདུང་སྲས་སྐུ་བགྲེས་རཏྣ་བཛྲའམ་ངག་དབང་ཀུན་དགའ་བློ་གྲོས་རིན་ཆེན་འཇིགས་མེད་འཕྲིན་ལས་དཔལ་བཟང་པོ་མཆོག་གོང་གསལ་ལྟར་མཁྱེན་ཡོན་གྱི་ཆ་རྐྱེན་ཚང་བའི་གདུང་སྲས་བགྲེས་ཤོས་ཡིན་པར་རྟེན་དཔལ་ལྡན་ས་སྐྱ་པའི་བསྟན་བདག་ཁྲི་རབས་ཞེ་གཉིས་པའི་གསེར་ཁྲིར་མངའ་གསོལ་ཞུས་པ་ཞིག་ཡིན་འདུག །

དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༠༣ ཚེས་ ༠༩ཉིན་གྱི་སྔ་དྲོར་སྲོལ་རྒྱུན་བཞིན་བླ་ཆེན་རྣམ་པ་དང་གནད་ཡོད་མི་སྣ་བཅས་ནས་༸སྐྱབས་མཆོག་༸གོང་མ་གདུང་སྲས་སྐུ་བགྲེས་རིན་པོ་ཆེ་མཆོག་ས་སྐྱ་སྒྲོལ་མ་ཕོ་བྲང་ནས་གདན་ཞུས་ཀྱི་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་གི་འདུ་ཁང་ནང་ཞབས་སོར་འཁོད་གྲུབ་མཚམས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་མཚམས་བཞུགས་ཁྲིར་མངའ་གསོལ་ཏེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གཞི་བསྙེན་བཞུགས་ཟིན་པའི་འདུས་པ་བརྒྱ་ཕྲག་མང་པོས་སྒྲུབ་ཞག་སྔོན་དུ་སོང་བའི་སྒོ་ནས་རང་གཞུང་གི་མཛད་གཙོ་རྣམ་པ་དང་། བསྟན་བདག་བླ་ཆེན་རྣམ་པ། དགོན་སྡེ། ཚོགས་པ་སྒྲིག་འཛུགས་དེ་བཞིན་དད་ལྡན་མི་མང་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག  །

 བརྟན་བཞུགས་འབུལ་གྲུབ་མཚམས་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་ངག་དབང་ཀུན་དགའ་བློ་གྲོས་རིན་ཆེན་འཇིགས་མེད་འཕྲིན་ལས་དཔལ་བཟང་པོ་མཆོག་གིས་དཔལ་ལྡན་ས་སྐྱ་པའི་བསྟན་བདག་ཁྲི་པའི་ཐུགས་འགན་བཞེས་རྗེས་ཀྱི་གསུང་ཆོས་ཐོག་མ་དེ་ཆོས་རྗེ་ས་པཎ་གྱི་མཛད་པའི་ཐུབ་པ་དགོངས་གསལ་ལམ་ཚོགས་ཆོས་ཆེན་མོ་ཡང་ན་རྒྱལ་སྲས་ལམ་བཟང་ཞེས་སུ་གྲགས་པའི་མཚན་གྱི་སྙན་གྲགས་དུ་མ་དང་ལྡན་པའི་བསྟན་བཅོས་ཆེན་མོ་དེ་ཉིད་ཀྱི་ཐོག་ནས་འཆད་ཁྲིད་བསྩལ།

 ཕྱི་ཚེས་ ༡༠ཉིན་ཕྱི་ལུགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བསྟན་བདག་བླ་ཆེན་རྣམ་པས་དབུས་རང་གཞུང་གི་མཛད་གཙོ་རྣམས་དང་། མི་མང་བཅས་ཁྱོན་སྟོང་ཚོ་བརྒལ་བ་མཛད་སྒོར་ཞུགས་ཡོད་པ་དང་། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་།༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་རྣམ་གཉིས་ཀྱི་བཀའ་སློབ་བོད་དབྱིན་གཉིས་ཀའི་ཐོག་གསུངས་པ་དང་། དེ་བཞིན་གཞུང་མང་གི་མཛད་གཙོ་རྣམས་ཀྱི་གསུང་བཤད་བཅས་གྲུབ་མཚམས་ས་སྐྱ་གཞིས་ཆགས་ཀྱི་གཞིས་མི་རྣམས་དང་། དད་ལྡན་ལ་དྭགས་པ། དེ་བཞིན་གླུ་བ་གླུ་མ་མང་པོ་ཞིག་གིས་དགའ་སྤྲོ་ཆེན་པོའི་ཞབས་གཞས་ཀྱི་མཆོད་སྤྲིན་འབུལ་ཡོད་པ་དང་། དགོང་མོར་རང་གཞུང་ཟློས་གར་ཚོགས་པས་ཆོས་རྗེ་ས་པཎ་གྱི་རྣམ་ཐར་ཚན་པ་ཞིག་ཀྱང་འཁྲབ་གནང་ཡོད་འདུག།

 ཕྱི་ཚེས་ ༡༡ ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ཟབ་རྒྱས་ཞིག་འབུལ་བཞེས་མཛད་སོང་།

བརྟན་བཞུགས་འབུལ་སྐབས་ཁྱོན་དགོན་སྡེ་དང་ཚོགས་པ་སྒྲིག་འཛུགས་ལྔ་བརྒྱ་ལྷག་ཆེད་ཕེབས་ཀྱི་བརྟན་བཞུགས་ཀྱི་ཆ་ཤས་བླངས་ཡོད་པ་དང་། ཆོས་བརྒྱུད་ཁག་སོ་སོའི་བསྟན་བདག་བླ་ཆེན་རྣམས་ཀྱི་སྐུ་ཚབ་རེ་ཡང་ཆེ་བཏང་མཛད་ཡོད་འདུག །

ཕྱེད་ཡོལ་ཙམ་དུ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་།༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པ་རྣམ་གཉིས་ཀྱི་བཀའ་སློབ། ༸སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་གསུང་བཤད་དང་གཞུང་མང་གི་མཛད་གཙོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད། དེ་བཞིན་དཔེ་དེབ་མི་ཉུང་བ་ཞིག་དབུ་འབྱེད་སྒྲུབ་མཚམས། དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་བཀའ་དྲི་ཆེ་གསུངས་བཤད་གནང་རྗེས་རིག་གཞུང་འཁྲབ་སྟོན་སོགས་དགའ་དད་སྤྲོ་གསུམ་གྱི་ངང་ནས་དཔལ་ས་སྐྱའི་ཁྲི་རབས་ཞེ་གཉིས་པའི་ཁྲི་སྟོན་མཛད་སྒོ་དང། བརྟན་བཞུགས་བཅས་ཡོངས་སུ་འཇུག་སྒྲིལ་ཡོད་པ་རེད་འདུག

ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོར་སུད་སི་ནས་རྒྱལ་ཡོངས་ས་ཆེན་དྲ་བའི་རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ཀྱིས།

དཔྱད་མཆན།

  1. བཀུར་འོས་སྐུ་ངོ་མཁན་པོ་ཀ་བྲག་ལགས་ཀྱིས་རྩོམ་ཡིག་འདི་དག་མཆན་ནང་དུ་མི་བཞག་པར་རྒྱལ་ཡོངས་ས་ཆེན་དྲ་བའི་རྩོམ་སྒྲིག་པར་སྐུར་བའང་། ཡང་ན་སྐུ་ཉིད་ཀྱིས་རྒྱལ་ཡོངས་ས་ཆེན་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པར་འབྲེལ་བ་བྱེད་ནས་སྐུ་ཉིད་ཀྱིས་ཀྱང་རྩོམ་སྒྲིག་གནང་ན་དགེ་མཚན་མཐོང་།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*