རེ་བ་དང་དམིགས་ཡུལ།

               རྒྱལ་ཡོངས་ས་ཆེན་དྲ་བ་ནི་སྤྱིར་ན་མི་སྒེར་ཞིག་གིས་ལས་ཞོར་དུ་དཔལ་ལྡན་ས་སྐྱ་པའི་རིག་མཛོད་ལྟ་བུ་ཞིག་ཡོང་ཕྱིར་དང་། བྱེ་བྲག་ཏུ་ཟུང་ཁྲག་གིས་བྲིས་པའི་ཕ་སྐད་ལ་དུང་བའི་བརྩེ་སེམས་ཡིན།

            བོད་ཀྱི་སྐད་ཡིག་ནི་རྩ་བ་ཡིན་པས་ཐོག་མར་བོད་ཀྱི་སྐད་ཡིག་གཉིས་པོ་མཐར་ཕྱིན་པ་དང་བྱང་ཆུབ་པ་ཞིག་ཡིན་དགོས།  དེ་ལྟར་ཡོང་བ་ལ་འབད་བརྩོན་ཆེན་པོས་སྔར་སྲོལ་བོད་ཀྱི་རིག་གནས་ཀུན་སློབ་དགོས་པ་ལས། བོད་སྐད་བཤད་ཤེས་པ་དང་། བོད་ཡིག་འབྲི་ཀློག་ཤེས་ཙམ་གྱིས་ཆོག་ཤེས་པར་མི་བལྟའོ།  

            གལ་སྲིད་མི་རིགས་རང་ཉིད་ཀྱི་སྐད་ཡིག་མཐར་སོན་པ་ཞིག་མ་ཤེས་པར་མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་སོགས་ཅི་ཙམ་ཤེས་ཀྱང་དེ་དེ་ལ་མཁས་པ་ཡིན་པ་ཙམ་ལས།  དེས་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་རྣམས་བླངས་ཏེ་རང་མི་རིགས་ཀྱི་རིག་གནས་ཡར་རྒྱས་གཏོང་ཐུབ་རྒྱུ་ནི་ནམ་མཁའི་སྐར་མ་ལེན་ཐབས་བྱེད་པ་དང་མཚུངས་སོ།              

             བརྡ་འཕྲིན་གྱི་དུས་རབས་འདིའི་ནང་ང་ཚོར་ཆེས་བེད་སྤྱོད་ཆེ་ཤོས་དང་ཕན་ཐོགས་ཆེ་ཤོས་ཀྱི་དངོས་པོ་ནི་དྲ་རྒྱའི་རིག་གནས་འདི་རེད། འཇིག་རྟེན་འདིའི་ནང་མི་ཉུང་ཤས་ཞིག་རེད་མ་གཏོགས་ཚང་མས་སོ་སོའི་སྐད་ཡིག་བེད་སྤྱད་ནས་གནའ་དེང་གི་ལོ་རྒྱུས་དང་རིག་གཞུང་སོགས་ཀྱི་རིག་མཛོད་བཟོས་ཏེ་འཇིགས་པ་ལས་བསྐྱབས་དང་སྐྱོབ་བཞིན་པའི་དུས་འདིར།  རང་རིགས་གངས་ཅན་པ་ཚོས་ཀྱང་མེས་པོ་ཚོའི་ཟུང་ཁྲག་གིས་བྲིས་པའི་ཕ་སྐད་འདི་བེད་སྤྱད་ནས་བརྡ་འཕྲིན་གྱི་གོམ་ཁ་འཕེལ་ཕྱོགས་དང་བསྟུན་ནས་སོ་སོའི་ཕ་སྐད་དེ་འཇིག་པ་ལས་ངེས་པར་སྐྱོབས་རོགས།

ཞེས་རྒྱལ་ཡོངས་ས་ཆེན་དྲྭ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཕར་ནང་ཚང་དཀོན་མཆོག་དར་རྒྱས་ནས།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*