ཤེར་སྙིང་བདུད་བཟློག་ཆོ་ག

༄༅། །ཡུམ་རྒྱས་འབྲིང་རྣམས་ཀྱི་དོན་བསྡུས་པ་ཤེས་རབ་སྙིང་པོའི་སྒོ་ནས་བདུད་བཟློག་གི་ཆོ་ག་བར་ཆད་ཀུན་སེལ་ཞེས་བྱ་བ་མཛེས་པའི་རྒྱན་བཞུགས་སོ།།

ན་མོ་མཉྫུ་ནཱ་ཐ་བྷུ་མི་མཎྜལ་ཀཱ་ཡ། ཆོས་ཀུན་རང་བཞིན་སྨྲ་བསམ་བརྗོད་འདས་ཀྱང་། །ཆོས་ཉིད་རང་རྩལ་མི་འགག་འཇའ་ཚོན་བཞིན། །ཆོས་ཀུན་རྒྱུ་འབྲས་བསླུ་མེད་ཕ་རོལ་ཕྱིན། །ཆོས་སྐུ་ཡུམ་ཆེན་མོ་ལ་ཕྱག་འཚལ་ནས། །དུས་གསུམ་རྒྱལ་བ་ཀུན་ཡུམ་དགོངས་པའི་དོན། །དོན་དམ་གོ་འཕང་སྒྲུབ་ལ་གླགས་ལྟའི་བདུད། །བདུད་བཞི་དམིགས་མེད་དབྱིངས་སུ་བཟློག་པའི་ཐབས། །ཐབས་མཆོག་ཆོ་གའི་རྒྱན་འདི་བྲི་བར་བྱ། །འདི་ལ་སྤྱི་དོན་གཉིས་ཏེ། ལོ་རྒྱུས་དང་། ཉམས་ལེན་དངོས། དང་པོ་ལ་གཉིས་ཏེ། བརྒྱུད་པའི་ལོ་རྒྱུས་དང་། ཡིད་ཆེས་པའི་ལོ་རྒྱུས་སོ། །དང་པོ་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། སྤྱན་རས་གཟིགས། ཐུགས་རྗེ་ཆེན་པོ་བློ་གྲོས་རིན་ཆེན། གསེར་གླིང་པ། ཇོ་བོ་ཨ་ཏི་ཤ། དགེ་བཤེས་སྟོན་པ་བ། པུ་ཏོ་བ་རིན་ཆེན་གསལ། རིན་མོ་འབྱུང་གནས་རྡོ་རྗེ། གྱི་ལྗང་དབུ་དཀར་བ། ཁྱབ་བདག་ཆེན་པོ་འཁོན་ཀུ་མ་ར་བུདྡྷ་སྟེ་གཞོན་ནུ་སངས་རྒྱས་ནས་རིམ་བཞིན་བདག་གི་བར་བརྒྱུད་པའོ། །གཉིས་པ་ཡིད་ཆེས་པའི་ལོ་རྒྱུས་ནི། གྱི་ལྗང་དབུ་དཀར་བས་འདི་ཉིད་ཡི་དམ་དུ་བྱེད་ཀྱིན་ཡོད་པ་ལ་དེའི་ཕན་ཡོན་ནི། ཡུལ་དེར་གྱི་ལྗང་ཀུ་ལོ་ཞེས་བྱ་བ་ཡོད་པ་དེས་གཤིན་རྗེ་དམར་ནག་དང་མོན་པ་དམར་ནག་ལ་སོགས་པ་མངོན་དུ་རྒྱུག་བཏུབ་པར་མཁྱེན་པས་ཁོང་གིས་མི་མང་པོ་མཐུས་བསྒྲལ་བ་ལ། ཉིན་གཅིག་གྱི་ལྗང་དབུ་དཀར་བས་ཀུ་ལོ་ལ། ཞལ་སྐྱེམས་དྲངས་གོས་བསྐོན་ཁ་ཏ་བྱས་ནས། ཁྱོད་ཀྱིས་མཐུ་མྱུར་པོ་དགོངས་ཡང་ཕྱི་མ་རྣམ་སྨིན་ཤིན་ཏུ་ལྕི་བ་ཡོད་ཚུལ་སོགས་ཞུས་པས། ཁོང་གི་མཚང་ལ་ཕོག་ནས་ཁྲོས་ཏེ་ཁྱོད་ཞག་བདུན་བས་ཕན་ཆད་དུ་མི་བཞག་ཟེར་ནས་མནའ་བསྐྱལ་ཏེ་ཀུ་ལོ་སོང་བ། དབུ་དཀར་བས་འདི་ཉིད་ཀྱི་སྒྲུབ་པ་ལ་འབད་པས། ཞག་བདུན་ནས་ཀུ་ལོ་ཁོ་རང་གི་མཐུ་ཁོ་རང་ལ་ལྡོག་ཏེ་འཆིའོ། །དེས་ན་བྱད་བཟློག་ཀྱང་ཁྱད་པར་དུ་འཕགས་སོ། །ཡང་རྒྱ་ནག་ཕ་ཅོ་ཞིག་ལ་རྒྱལ་པོས་གནོད་པ་ལ། རྩིས་མཁན་གྱི་རྩིས་བྱས་པས། བུ་ཆུང་གི་རོ་ལ་གཏོ་བྱས་ཏེ་ཇ་སི་གཅིག་གི་ནང་དུ་བཅུག་ནས་དབུས་སུ་བསྐུར་ན་ཕན་ཟེར། དེ་ལྟར་བྱས་ནས་དབུས་སུ་བསྐུར། འཕན་ཡུལ་དུ་དབུས་པ་དགེ་སེར་གྱིས་ཉོས་པ་ལ། རྒྱལ་པོས་དགེ་སེར་ལ་གནོད་ནས་རྟ་དྲེལ་བོང་བུ་ཐམས་ཅད་མེད་པར་བྱས་སོ། །རྒྱལ་པོ་དངོས་སུ་མཐོང་རྒྱུ་ཡོད་པར་འདུག་པས། དགེ་སེར་གྱིས་རྒྱལ་པོ་ལ་དྲིས་པས་ཁྱོད་སུ་ལ་འཇིགས་བྱས་པས། ང་གྱི་ལྗང་དབུ་དཀར་ལ་འཇིགས། དེ་ལས་སུ་ལ་མི་འཇིགས་ཟེར། དགེ་སེར་གྱིས་རྒྱལ་པོ་ལ་སྨྲས་པ། གྱི་ལྗང་དབུ་དཀར་བ་ངས་བསད་པས་ཆོག དབུ་དཀར་བ་འདུག་ས་ལ་ལམ་རྒྱུས་གྱིས་ཤིག་བྱས་ནས་ཁོ་བསླུས་པས། རྒྱལ་པོ་དེས་ཀྱང་ལམ་མཁན་བྱས་ནས་དབུ་དཀར་བའི་རྩ་རུ་ཕྱིན་ཏེ། དགེ་སེར་གྱིས་སྔར་གྱི་ལོ་རྒྱུས་རྣམས་ཞུས་པས། རྒྱལ་པོ་བསྐྲད་པའི་མན་ངག་འདི་ཉིད་ཀྱི་སྒྲུབ་ཐབས་བཅས་གནང་བས། དགེ་སེར་གྱིས་བདུད་བཟློག་འདི་བྱས་པས་དེ་ཕྱིན་ཆད་རྒྱལ་པོའི་གནོད་པ་ཞི་ཞིང་། བློ་ཆོས་སུ་བཀོལ་ཐུབ་པ་བྱུང་ངོ་། །དེ་ནས་རྒྱལ་པོ་སྔར་བཞིན་རྒྱ་ནག་ཡུལ་དུ་ལོགས་ནས་སྔར་གྱི་ཕ་ཅོའི་རྩར་སོང་བས། ཕ་ཅོས་རྒྱལ་པོ་ལ་ཁྱོད་ལོ་མང་པོའི་བར་གར་ཕྱིན་བྱས་པས། དབུས་སུ་ཕྱིན་ནས་དང་པོ་སྐྱིད་པོ་བྱུང་། ཕྱིས་སུ་སྡུག་པར་བཏང་བྱུང་ཟེར། སུ་ལ་འཇིགས་ནས་འོང་དྲིས་པས། ང་གྱི་ལྗང་དབུ་དཀར་བ་དང་དགེ་སེར་ལ་འཇིགས་ནས་འོང་། ད་བར་དགེ་སེར་རྩ་རུ་བསྡད་ཟེར། ཕ་ཅོས་ཡང་དབུས་སུ་འགྲོ། ཁྱོད་ཀྱི་ལམ་མཁན་གྱིས། དགེ་སེར་གྱི་རྩ་རུ་ངེད་རང་གཉིས་འགྲོ་ལ་འདུག་བྱས་ཏེ། ཁོས་ལམ་མཁན་བྱས་ནས་འོང་བས། དགེ་སེར་དང་ཕ་ཅོ་འཕྲད་དེ་སྔར་གྱི་ལོ་རྒྱུས་རྣམས་ཞུས་ཤིང་འབུལ་བ་བཟང་པོ་ཕུལ་ནས། རྒྱལ་པོ་བསྐྲད་པའི་ཐབས་ཀྱི་མན་ངག་ཞུས་པས་འདི་ཉིད་གནང་ནས་སྒྲུབས་གསུངས་པར། ཕ་ཅོས་བསྒྲུབས་པས། དེ་ཕྱིན་ཆད་རྒྱལ་པོའི་གནོད་པ་མ་བྱུང་ངོ་། །དེ་སོགས་ཐུན་མོང་གི་དངོས་གྲུབ་གང་འདོད་འབྱུང་ཞིང་། ཁྱད་པར་དུ་ཡང་མཆོག་གི་དངོས་གྲུབ་འགྲུབ་པར་ཐེ་ཚོམ་མེད་དོ། །གཉིས་པ་ཉམས་ལེན་དངོས་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་ནི། གཞི་དཀར་པོའི་སྟེང་དུ་མེ་ཏོག་སིལ་མ་བཀྲམ་ལ། དབུས་སུ་མཉྫིའི་ཁར་ཐུབ་དབང་གི་སྐུ་བྲིས་འབུར་གང་རུང་བྱིན་ཅན་ཞལ་རང་ལ་བསྟན་ནས་བཤམས་པའི་མཐར་མཚམས་འཛིན་མེ་ཏོག་ནས་བཟུང་སྟེ་ཉེར་སྤྱོད་ལྔ་གཡས་སྐོར་དང་། དེའི་མདུན་ཤར་དུ་ཡོན་བདག་གི་འདྲ་གླུད་རྒྱན་ལྡན་གོས་དྲི་ཅན་བསྐོན་ལ། དར་ཟབ་གསེར་གཡུ་འབྲུ་སྣ་ཚོགས་གླུད་རྫས་ཚང་མས་བསྐོར་བ་སྡེར་མ་སོགས་ཀྱི་ནང་དུ་བཞག་པ་ཁ་ཕར་གྱུ་སྟེ་བཞག དེའི་ཕྱི་རོལ་ཤར་དུ་ཞལ་ཟས། ཐུབ་དབང་དང་མཆོད་པའི་ལྷོར་གཏོར་མ་མེ་ཏོག་དབྱིབས་ཅན་ནི། ཟན་ཀོང་ནང་དུ་རིལ་བུ་བཞག་ལ། ཕྱོགས་བཞི་ནས་ཚུར་ཟན་ཀོང་ལ་ཉག་བཏོད་པ་ཅན་ཡིན། དེ་བཞིན་ནུབ་ཏུ་དཀར་གཏོར། བྱང་དུ་དམར་གཏོར་རེ་ཐེབས་རྩེ་སོགས་ཀྱི་ནང་དུ་བཤམས། དེའི་ཕྱིར་གྲུ་བཞི་བཅད་པའི་ནང་ནས་ཕྱི་རིམ་བཞིན། ཤར་དུ་ཁལ་བདུན། དེའི་ཕྱིར་ཁྱི་བདུན། དེའི་ཕྱིར་ཆང་བུ་བདུན། དེའི་ཕྱིར་མཐེབ་སྐྱུ་བདུན། དེའི་ཕྱིར་ཤ་དུམ་བདུན། དེའི་ཕྱིར་ཟན་ཆད་བདུན། དེའི་ཕྱིར་ལྷའི་བུའི་བདུད་མི་རྟ་དཀར་པོ་གཡས་མེ་ཏོག་དང་གཡོན་ཞགས་པ་བསྣམས་པ་བདུན་བཅས་ཁ་ནང་བསྟན་དུ་བཤམས། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་རྣམས་ལའང་ནང་ནས་ཕྱི་རིམ་བཞིན་བཀོད་པའི། ཁལ། ཁྱི། ཆང་བུ། མཐེབ་སྐྱུ། ཤ་དུམ། ཟན་ཆད་རྣམས་བདུན་རེ་དང་། ལྷོར་ཉོན་མོངས་པའི་བདུད་མི་རྟ་སེར་པོ་གཡས་རལ་གྲི་དང་གཡོན་ཞགས་པ་བསྣམས་པ་བདུན། ནུབ་ཏུ་ཕུང་པོའི་བདུད་མི་རྟ་དམར་པོ་གཡས་མདུང་དང་གཡོན་ཞགས་པ་བསྣམས་པ་བདུན། བྱང་དུ་འཆི་བདག་གི་བདུད་མི་རྟ་ནག་པོ་གཡས་ཁྲམ་ཤིང་དང་། གཡོན་ཞགས་པ་བསྣམས་པ་བདུན་རེ་ཁ་ནང་བསྟན་དུ་བཞག་ཅིང་གཞན་ཡང་བདུད་བཟློག་གི་སྐབས་སུ་མཁོ་བའི་མར་གཞི་ནག་པོ་དང་། དེ་ཁོ་ནའི་སྟེང་ངམ། དེ་སྟེང་བཞག་རྒྱུའི་ལྕགས་སྣོད་སོགས་དང་། རྫོངས་འདེབས་ཀྱི་སྐབས་སུ་འབྲུ་སྣ་ཚོགས་དང་། སྒོ་དབྱེ་བའི་སྐབས་སུ་གསེར་སྐྱེམས་དང་དཀར་གཏོར། རྗེས་ཆོག་གི་སྐབས་སུ་བཤོས་བུ་ཞིག་ཀྱང་སྟ་གོན་བྱ། རྣལ་འབྱོར་པ་རྣམས་ཀྱི་མདུན་དུ་རྡོ་རྗེ་དང་དྲིལ་བུ་བཅས། དཀར་དུང་དང་། རྔ་རོལ་སོགས་བཤམ་མོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། བདག་ཉིད་ལྷར་བསྐྱེད་ཅིང་བཟླས་པ་བྱ་བ་དང་། སླར་ཡང་མདུན་བསྐྱེད་བསྒྲུབ་ཅིང་ཤེས་རབ་སྙིང་པོ་འདོན་པ་དང་། དེ་ནས་བདུད་བཟློག་དངོས་སུ་བྱ་བའོ། །དང་པོ་ནི། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཐོག་མར་མཆོད་རྫས་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། འོག་ཏུ་བསངས་སྦྱངས་ཞེས་པའི་སྐབས་སུ་འདི་ལྟར་དྲན་པར་བྱའོ། །སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཞེས་དང་། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱཱ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི། པྲ་ཛྙཱ་པ་ར་མི་ཏ་ནཱ་ད་སྭ་བྷཱ་ཝེན། བཛྲ་དྷརྨཱ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་རོལ་མོ་དང་བཅས་པས་བྱིན་དབབ་ཅིང་། འོག་ཏུ་མཆོད་པ་བྱིན་རླབས་དགོས་པ་རྣམས་ལ་དྷརྨཱ་ར་ཎི་མི་བརྗོད་པ་ཁྱད་པར་རོ། །བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ཞེས་ལན་ཉེར་གཅིག་ལ་སོགས་པ་ཅི་ནུས་བྱས་ལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ལན་གཅིག ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱབ་འཇུག་སྔོན་པོ། ཚངས་པ་དཀར་པོ། བརྒྱ་བྱིན་ལྗང་གུ། དབང་ཕྱུག་དམར་པོ་རྣམས་ཀྱི་སྟེང་དུ་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་ཐུབ་པ་རྡོ་རྗེའི་གདན། ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་ཞིང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་གཡས་སུ་བྱམས་པ་སེར་པོ་གཡས་རིན་པོ་ཆེའི་རྔ་གཡབ། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ། གཡས་རིན་པོ་ཆེའི་རྔ་གཡབ། གཡོན་པདྨ་དཀར་པོ་འཛིན་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་གསུམ་བཀོད་གཙོ་འཁོར་གསུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ་དང་། བྱམས་པ་ལ་རྣམ་སྣང་། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ། ཐུགས་ཀར་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམས་ལ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་འཁོར་དང་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ། གཉིས་པ་མདུན་བསྐྱེད་ཀྱི་རྟེན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་མུ་ནི་མུ་ནི་མཧཱ་མུ་ན་ཡེ་སྭཱ་ཧཱ་ལས་བསྟན་པའི་བདག་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་འཁོར་དུ།འཁོན་གཞོན་ནུ་སངས་རྒྱས་ཀྱི་གཞུང་དུ་སྟོན་པའི་གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་ཤཱ་རིའི་བུ་གཙོ་འཁོར་བཀོད་པ་འདི་ཤེས་རབ་སྙིང་པོའི་གླེང་གཞི་དང་མཐུན་པས་ཕྱག་ལེན་ལ་མཛད་པས། གཡས་ཕྱོགས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ་སྟེ་སྤྱན་རས་གཟིགས། དཀར་པོ་པདྨ་དང་དྲིལ་བུ་འཛིན་པ། འཇམ་དཔལ་དབྱངས་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པུ་ཏི་འཛིན་པ། ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ས་ཡི་སྙིང་པོ་སེར་པོ་རལ་གྲི་དང་དྲིལ་བུ་འཛིན་པ། སྒྲིབ་པ་རྣམ་སེལ་དཀར་པོ་རིན་པོ་ཆེའི་སྙེ་མ་དང་དྲིལ་བུ་འཛིན་པ། བྱམས་པ་སེར་པོ་ཀླུ་ཤིང་དང་དྲིལ་བུ་འཛིན་པ། ཀུན་ཏུ་བཟང་པོ་སྔོན་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ནམ་མཁའི་སྙིང་པོ་སྔོན་པོ་རལ་གྲི་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་རང་རང་གི་གདན་ལ་བཞུགས་པ། གཡོན་ཕྱོགས་ནས་འཕགས་པ་ཤཱ་རིའི་བུ་སོགས་ཉན་ཐོས་ཆེན་པོ་མཆོག་བརྒྱད་ཀྱིས་བསྐོར་བ་ནི། ཤཱ་རིའི་བུ། མཽངྒལ་གྱི་བུ། འོད་སྲུངས། ཀུན་དགའ་བོ། ནོར་སྦྱིན་འཛིན། ཉེ་བར་འཁོར། མ་འགགས་པ། རབ་འབྱོར་ཏེ་ཐམས་ཅད་ཀྱང་ལྷུང་བཟེད་དང་འཁར་གསིལ་འཛིན་པ། ཆོས་གོས་རྣམ་གསུམ་བཀླུབས་ཤིང་པུས་མོ་གཡས་པའི་ལྷ་ང་གདན་ལ་བཙུགས་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་སྟོན་པ་ཤཱཀྱའི་རྒྱལ་པོ་འཁོར་ཉེ་བའི་སྲས་བརྒྱད་ཉན་ཐོས་མཆོག་བརྒྱད་དང་བཅས་པ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་གི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ཤིང་། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་པར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་གཞི་བདག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་འདི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿ བྷ་ག་ཝན་ཨེ་ཧྱེ་ཧི་མཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སཏྭཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཡེ་ཧཱུྃ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ་ནས། མདོ་འདོན་པའི་དམིགས་པ་ནི། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། ཡུམ་ཆེན་མོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨཱཿ དེའི་མཐར་ཤེས་རབ་ཀྱི་སྙིང་པོའི་མདོའི་ཡིག་འབྲུ་རྣམས་གསལ་བ་ལས་རང་སྒྲ་དང་བཅས་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ། བྱིན་བརླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་དང་བསྲུང་བྱ་རྣམས་ཀྱི་གཙོར་བྱས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག ནད་གདོན་བར་ཆད་ཐམས་ཅད་ཞི་ནས་སྟོང་ཉིད་བཅོ་བརྒྱད་ཀྱི་དོན་རྒྱུད་ལ་སྐྱེས་པར་གྱུར་སྙམ་པའི་ངང་ནས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་སོགས་ནས། མངོན་པར་བསྟོད་དོ་བར་བཅུ་གསུམ་ལས་མི་ཉུང་བར་ཅི་འགྲུབ་བྱས་ལ། དེ་ནས་མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱཱ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་ཚིག་དང་པོ་དང་། གསུམ་པ་མན་འདྲ་བ་དང་། སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། མེ་ཏོག་ཇི་སྙེད་ཡོད་པ་དང་། །པུཥྤེ། བདུག་སྤོས་ཇི་སྙེད་ཡོད་པ་དང་། །དྷུ་པེ། སྣང་གསལ་ཇི་སྙེད་ཡོད་པ་དང་། །ཨཱ་ལོ་ཀེ། དྲི་ཆབ་ཇི་སྙེད་ཡོད་པ་དང་། །གནྡྷེ། ཞལ་ཟས་ཇི་སྙེད་ཡོད་པ་དང་། །ནཻ་ཝི་དྱཱ། རོལ་མོ་ཇི་སྙེད་ཡོད་པ་དང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་བརྗོད། དཔྲལ་བར་ནམ་མཛོད་ཀྱི་ཕྱག་རྒྱའི་མཐར་སེ་གོལ་དང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ ཞེས་པས་བྱིན་གྱིས་བརླབས་ལ། རིན་ཆེན་བདུན་འབུལ་བ་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེ་ཧཱུྃ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟི་རཏྣ་པཱུ་ཛི་ཏེ་ཧཱུྃ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཏ་རཏྣ་པཱུ་ཛི་ཏེ་ཧཱུྃ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་ཐམས་ཅད་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ་པཱུ་ཛི་ཏེ་ཧཱུྃ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཧཱུྃ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཌྒ་རཏྣ་པཱུ་ཛི་ཏེ་ཧཱུྃ། འདོད་ཡོན་ལྔ་འབུལ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་དཀར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྤརྵེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། རྡོ་རྗེས་ཕྱག་འཚལ་བའི་ཚུལ་དང་། དྲིལ་བུ་ཚིགས་བཅད་རེའི་མཚམས་སུ་གསིལ་ལ། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་དང་། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱེད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ཡང་། །མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །ལན་འདོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པས་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པར་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བསྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་གེགས་མཛད་དང་། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་དུ་བག་སྐྱོང་གསུངས། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཁྱོད་ནི་རྒྱུ་བ་དང་། །གནས་སྐབས་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ན་གོམ་པ་བདུན་བོར་ཏེ། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ཏེ། །ཕྱོགས་བཅུའི་འགྲོ་བ་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །སྟོན་པའི་རྟགས་འཆང་ཉན་ཐོས་མཆོག །ལྷུང་བཟེད་འཁར་གསིལ་པུ་ཏི་འཛིན། །བསླབ་སྦྱང་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པས་ཡན་ལག་བདུན་པ་འབུལ་ལོ།།  ༈ །གསུམ་པ་ལ་བཅུ་གཅིག་སྟེ། བྱིན་གྱིས་བརླབས་པ། སྤྱན་འདྲེན་པ། བཞུགས་གསོལ། བདུད་བཟློག་དངོས། གཏོར་འབུལ། གླུད་བསྔོ། བཀའ་བསྒོ། རྫོངས་འདེབས། གསེར་སྐྱེམས། བཟློག་བསྒྱུར། ཤིས་བརྗོད་དང་བཅུ་གཅིག་གོ །དང་པོ་ནི་མདུན་གྱི་གཟུགས་རྣམས་དང་ཡས་སོགས་ཆབ་ཀྱིས་བྲན་ལ། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པ་ནི། རང་ཉིད་སྟོན་པར་གསལ་བའི་ཐལ་མོ་ཁོང་སྟོང་དུ་སྦྱར་བའི། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེཿསརྦ་དྷརྨཱཿབི་ཤུདྡྷོ་྅ཧཾ། ལན་གསུམ། མཆོད་རྫས་རྣམས་ཤིན་ཏུ་དག་པར་གྱུར་པར་བསམས་ལ། ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་ནོ། །རིན་འབྱུང་དུ་བསྒོམས་ཏེ་ཐལ་མོའི་རྩེ་སྤྲད་སོར་མོ་དབུས་མ་གསུམ་གྱི་ཚིགས་བར་མ་བཅག་པ་སྒྲོམ་བུ་ལྟ་བུ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་ནམ་མཁའི་མཛོད་དུ་གྱུར་པར་བསམ་པ་དེའི་ཕྱག་རྒྱ་དང་ཏིང་ངེ་འཛིན་ནོ། །སྣང་མཐར་བསྒོམས་ལ་ཐལ་མོ་ཕྱིར་བསྐྱེད་ལ་གུང་མོ་གཉིས་ཀྱི་རྒྱབ་ཏུ་མཛུབ་མོ་གཉིས་ཁ་སྦྱར་ལ་མཐེ་བོང་གཉིས་བསྣོལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ལན་གསུམ། ནམ་མཁའི་མཛོད་དེ་ལས་སོ་སོའི་ཐུགས་བཞེད་ཇི་ལྟ་བའི་མོད་ལ་དབང་པོ་ལྔའི་བདུད་རྩིའི་གསོས་སུ་གྱུར་པ་ཅི་ཡང་བྱུང་བར་གྱུར་པར་བསམས་ལ། བདུད་རྩི་ཐལ་སྦྱོར་གྱི་ཕྱག་རྒྱ་དང་ཏིང་ངེ་འཛིན་ནོ། །མི་བསྐྱོད་པར་བསྒོམ་ཏེ་གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྟན། གཡས་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ། མགྲོན་རྣམས་རང་རང་གི་མདུན་དུ་མཆོད་རྫས་ཅི་འདོད་པ་ཐམས་ཅད་གང་བར་གྱུར་པར་བསམས་ལ། རྒྱ་ཆེན་ཤུགས་ལྡན་གྱི་ཕྱག་རྒྱ་དང་ཏིང་ངེ་འཛིན་ནོ། །ཕྱག་རྡོར་དུ་བསྒོམས་ནས་གཡས་རྡོ་རྗེ་ཁུ་ཚུར་བྱས་པའི་མཛུབ་མོ་བསྒྲེང་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ལན་གསུམ། བདག་གི་ལུས་ཞིང་རྡུལ་གྱི་གྲངས་སུ་སོང་ནས་ཡར་མཆོད་འོས་དང་། མར་སྙིང་རྗེའི་མགྲོན་ཐམས་ཅད་ལ་ཕམ་རྒྱལ་མེད་པར་བློ་ཁ་རྫོགས་པར་ཕུལ་བར་གྱུར་པར་བསམས་ལ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་དང་ཏིང་ངེ་འཛིན་ནོ། །རྣམ་སྣང་བསྒོམས་ལ་ཐལ་མོ་ཁོང་སྟོང་སོར་མོ་ནང་དུ་བསྣོལ། ན་མཿསམནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ཏེ་མཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ལན་གསུམ། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ལ། མགྲོན་རྣམས་ཀྱིས་སྟོང་གྲོགས་ཅི་དགོས་པ་བྱེད་པར་གྱུར་པར་བསམས་ལ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་དང་ཏིང་ངེ་འཛིན་ནོ། །དེ་ལྟར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་ཀུན་ལན་གསུམ་རེ་བྱའོ། །གཉིས་པ་བདུད་བཞི་སྤྱན་དྲངས་ནས། རང་རང་གི་གཟུགས་ལ་བསྟིམས་པ་ནི། བདག་མདུན་གསལ་བཞིན་པའི་ངང་ནས་དབྱངས་དང་བཅས་པས་འདི་སྐད་དུ། ཀྱཻ༑ ལྷའི་བུའི་བདུད་ནི་དཀར་པོ་སྟེ། །ལྷ་བདུད་དཔུང་དང་བཅས་པ་རྣམས། །ཅི་ཡང་མེད་པའི་གནས་ནས་ནི། །ལྷ་བདུད་དཔུང་དང་སྤྲུལ་པར་བཅས། །གདན་བཤམས་རང་གཟུགས་དམ་པ་འདིར། །སྔགས་འཆང་བདག་གིས་སྤྱན་དྲངས་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །ཀྱཻ་ཉོན་མོངས་བདུད་ནི་སེར་པོ་སྟེ། །ཡོད་མིན་མེད་མིན་གནས་སུ་ནི། །སེམས་ཅན་ཉོན་མོངས་འཁོར་བར་འཁྱམས། །ཉོན་མོངས་བདུད་ཀྱི་དམག་ཚོགས་རྣམས། །སེམས་ཅན་ཉོན་མོངས་བསལ་བའི་ཕྱིར། །སྔགས་འཆང་བདག་གིས་སྤྱན་དྲངས་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །ཀྱཻ་ཕུང་པོའི་བདུད་ནི་དམར་པོ་སྟེ། །འདུས་པ་བཞི་ནི་འབྱུང་བ་ཡི། །གྲིབ་ལྟར་ལྷན་ཅིག་སྐྱེས་པའི་ཕྱིར། །རྣམ་ཤེས་མཐའ་ཡས་གནས་ནས་ནི། །ཕུང་པོའི་བདུད་ཀྱི་དམག་ཚོགས་རྣམས། །སྔགས་འཆང་བདག་གིས་སྤྱན་དྲངས་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །ཀྱཻ་འཆི་བདག་བདུད་ནི་ནག་པོ་སྟེ། །སེམས་ཅན་སྐྱེ་བའི་ལམ་འབྱེད་པ། །ནམ་མཁའ་མཐའ་ཡས་གནས་ནས་སུ། །འཆི་བདག་ནག་པོ་བདུད་ཀྱི་ཚོགས། །དཔུང་དང་གཡོག་འཁོར་བཅས་པ་རྣམས། །སྔགས་འཆང་བདག་གིས་སྤྱན་དྲངས་ན། །ཐང་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །གསུམ་པ་བཞུགས་གསོལ་བྱ་བ་ནི། བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས། །ཡོན་བདག་བདུད་བཞི་བསལ་བའི་ཕྱིར། །མཆོད་བསྟོད་བགྱིད་སླད་དེ་སྲིད་བཞུགས། །དེ་རིང་ཡོན་བདག་འདི་དག་གི །མཆོད་པ་དམ་པ་འདི་བཞེས་ལ། །བདུད་བཞི་གཡོས་པ་བསྒྱུར་དུ་གསོལ། །བཞི་པ་ནི། མར་གཞི་ནག་པོ་ཞིག་གི་སྟེང་དུ་ལྕགས་སྣོད་ལྟ་བུ་བཤམས་ལ། དེ་ནས་དབང་པོ་རབ་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བརྗོད་དུ་མེད་པའི་རང་བཞིན་ཅན་གྱི་ངོ་བོར་བསམ་ལ། དེའི་ངང་ནས་མ་གཡོས་བཞིན་དུ་མདོ་འདོན་པར་བྱའོ། །དབང་པོ་འབྲིང་གིས་བརྗོད་པ་དང་བྲལ་བའི་དོན་དེ་ཡང་སྔོན་དུ་དྲན་པར་བྱས་ལ། མདོ་བཟློག་པའི་བྱ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ངང་ནས་བྱའོ། །དབང་པོ་ཐ་མས་སྔོན་དུ་བརྗོད་བྲལ་དང་རྨི་ལམ་སྒྱུ་མ་དྲན་པར་བྱས་ལ། ཚིག་ཏུ་འདོན་པའི་སྒྲ་ལ་སེམས་གཏད་དེ་མ་ཡེངས་པར་བྱས་ལ། མཐོང་ཐོས་ལ་སོགས་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་སྙམ་དུ་ཤེས་པར་བྱས་ལ་འདོན་ནོ། །ཞིབ་པར་ས་སྐྱ་པཎྜི་ཏ་དང་མཁན་ཆེན་སངས་རྒྱས་ཕུན་ཚོགས་པས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པའི་མན་ངག་ལས་ཤེས་པར་བྱ་ཞིང་། དེ་དག་གི་འོག་ཏུ་བཟློག་པའི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པའི་མཐུ་དང་ནུས་པ་ལ་ཞེས་པའི་དོན་ཡིན་པས། དོན་དེ་དག་དང་ལྡན་པའི་སྒོ་ནས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདི་དག་གིས། ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །བཙུན་པ་ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས། ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་ཤེས་རབ་སྙིང་པོ་ཚར་གསུམ་ཚར་བ་དང་། སྙིང་པོ་ཅི་རིགས་བཟླས་ལ་ཐལ་མོ་སྦྱར་ཏེ། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ཕྱག་འཚལ་བའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་གི་ཚིག་འདི་འགྲུབ་པར་གྱུར་ཅིག ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་ཕྱིར་བཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་འཁོར་དང་བཅས་པའི་དམ་པ་ཆོས་སྒྲུབ་པའི་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤེས་རབ་སྙིང་པོའི་བདུད་བཟློག་བགྱིས་པ་འདི་དང་། འཕགས་པ་དཀོན་མཆོག་གསུམ་གྱི་བཀའི་བདེན་པས་ད་ལྟ་ཉིད་དུ་ཕྱིར་བཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །ཞེས་པའམ། མཐའ་ཡས་འགྲོ་བ་བདག་དང་བཅས་རྣམས་ལ། །མི་བཟད་འཇིགས་དང་སྡུག་བསྔལ་འབྱུང་བའི་རྒྱུ། །ལས་དང་ཉོན་མོངས་སྟོབས་ལས་བྱུང་བ་ཡི། །སྡིག་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །ཡང་ན་དམིགས་གསལ་བཟློག་པའི་ཁ་བསྒྱུར་དགོས་ཚེ། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ཕྱག་འཚལ་བའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་གི་ཚིག་འདི་འགྲུབ་པར་གྱུར་ཅིག ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་ཕྱིར་བཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། ནད་པ་ཡིན་ན་ཆེ་གེ་མོ་འདི་ཞེས་བྱ་བ་བརྗོད་ལ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་གདོན་གྱི་ཚང་བཅའ་བ། ཐ་མ་ནད་ལས་མི་ཕན་པར་བྱེད་པའི་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་ཤེས་རབ་སྙིང་པོའི་བདུད་བཟློག་བགྱིས་པ་འདི་དང་། འཕགས་པ་དཀོན་མཆོག་གསུམ་གྱི་བཀའི་བདེན་པས་ད་ལྟ་ཉིད་དུ་ཕྱིར་བཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་བར་ཤོག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཅེས་སམ། བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང་། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །ཞེས་སམ། གློ་བུར་ཡེ་འདྲོག་གནོད་པ་མ་ལུས་དང་། །དུག་དང་སྦྱར་དུག་ཁ་ཟས་མ་ཞུ་དང་། །འཁོན་དང་ཉམས་གྲིབ་འབགས་དང་མི་གཙང་སོགས། །དྲི་མ་ཐམས་ཅད་ཞི་བར་མཛད་དུ་གསོལ། །ཞེས་སམ། དེ་ལྟར་ཕྱི་ནང་ལུས་སེམས་སྡུག་བསྔལ་ཀུན། །རང་གི་ལས་ལས་བྱུང་མོད་དེ་ལྟ་ནའང་། །དབང་དང་སྟོབས་བཅུ་བརྙེས་པ་ཁྱོད་ཀྱི་མཐུས། །སྡུག་བསྔལ་མཐའ་དག་ཞི་བར་མཛད་དུ་གསོལ། །ཞེས་སམ། སྔོན་དུས་འཁོར་བར་ལན་མང་འཁོར་བའི་ཚེ། །གཞན་སྲོག་གཅོད་དང་འཚོ་བ་འཕྲོག་པ་སོགས། །ཚེ་ཐུང་གྱུར་པའི་ལས་ངན་ཅི་བསགས་པ། །དེ་ཀུན་བྱང་ཞིང་དག་པར་མཛད་དུ་གསོལ།ཞེས་སོགས་གང་རིགས་བརྗོད། ཐན་ལྟས་ངན་པ་ལ། ན་མོ་བླ་མ་ལ་ཕྱག་འཚལ་ལོ། །སོགས་ནས། མཐུ་དང་ནུས་པ་ལ་བརྟེན་ནས་བར་གོང་བཞིན། ཉིན་གྱི་ལྟས་ངན་པ། མཚན་གྱི་རྨི་ལྟས་ངན་པ། ཁྱད་པར་དུ་ལྟས་ངན་པ་འདི་ཞེས་བྱ་བ། འཕགས་པ་དཀོན་མཆོག་གསུམ་གྱི་སོགས་ནས། རབ་ཏུ་ཞི་བར་གྱུར་ཅིག་བར་དང་། དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །ཞེས་སམ། སྐར་མདའ་ལྟུང་དང་ས་གཡོའི་འཇིགས་པ་དང་། །བྱད་སྟེམས་མཐུ་དང་ཐོག་སེར་འབེབས་པ་སོགས། །མི་དང་མི་མ་ཡིན་གྱི་གནོད་པ་དང་། །ཉེར་འཚེ་ཐམས་ཅད་ཞི་བར་མཛད་དུ་གསོལ། །བྱད་ལྟས་ངན་པའི་རྟགས་བྱུང་ན། ན་མོ་བླ་མ་ལ་སོགས་ནས། ནུས་པ་ལ་བརྟེན་ནས་བར་དང་། བྱད་ཁ་ཕུར་ཁ། རྦད་འདྲེ་རྦོད་གཏོང་ཆག་ཆེ་ཉམ་ང་ཐམས་ཅད་འཕགས་པ་དཀོན་མཆོག་གསུམ་གྱི་བཀའི་བདེན་པས་གོང་ལྟར་བརྗོད། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡིས། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །ཞེས་སམ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེངས་འདིར་བདེ་ལེགས་ཤོག །ཅེས་གང་རིགས་བརྗོད། མཐུ་བྱེད་ན། ན་མོ་བླ་མ་ནས། མཐུ་དང་ནུས་པ་ལ་བརྟེན་ནས་བར་གོང་བཞིན་ལ། བདག་ལ་སྡང་བའི་དགྲ་བོ་འདི་དཀོན་མཆོག་གསུམ་གྱི་བཀའི་བདེན་པས་ད་ལྟ་ཉིད་དུ་ཁུག་ཅིག སྒྲོལ་ཅིག ཤ་ཁྲག་སྣང་སྲིད་ལྷ་འདྲེས་ཟོ་ཞིག རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས་ཤིག བགེགས་དང་ལོག་པར་འདྲེན་པ་དང་། །གདུལ་དཀའ་འདུལ་བྱེད་དཔའ་བོ་ཆེ། །ཤིན་ཏུ་གཏུམ་པོའི་ཁྲོ་གཟུགས་ཀྱིས། །མ་རུངས་པ་རྣམས་ཚར་གཅོད་ཤོག །ཅེས་སམ། སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །དགྲ་དང་ཆོམ་རྐུན་གདོལ་པས་གཙེས་པ་དང་། །གཅན་ཟན་འཇིགས་དང་ཕ་རོལ་དམག་ཚོགས་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །ཞེས་སོགས་ཀྱི་བཟློག་པ་ཚར་རེ་འདོན་པ་དང་མཉམ་དུ་ཤར་གྱིས་བདུད་གཅིག་དང་ཟན་ཆད་གཅིག ཤ་དུམ་གཅིག མཐེབ་སྐྱུ་གཅིག ཆང་བུ་གཅིག ཁྱི་གཅིག ཁལ་གཅིག་བཅས་མར་གཞི་ནག་པོའི་སྟེང་དུ་ཕུལ་ཏེ་ཁ་ཕྱིར་བསྟན་ཏེ་བཞག དེ་བཞིན་དུ་མི་གསུམ་རེ་ཡོད་ན་ཟབ་མདོ་ཚར་གསུམ་རེ་དང་བཟློག་པ་ཚར་རེ་དང་། སྦྲགས་ནས་བདུད་རྐྱ་མི་གླུད་ཡས་ཆ་ཚང་རེ་སྔ་མ་བཞིན་འཇོག མི་དགུ་ཡོད་ན་ཟབ་མདོ་ཚར་རེ་དང་བཟློག་པ་ཚར་གཅིག་གིས་འཐུས། དེ་ནས་ཤར་གྱི་བདུན་པོ་མ་རྫོགས་ཀྱི་བར་དུ་བྱ། དེ་བཞིན་དུ། ལྷོའི་བདུན་དང་། ནུབ་ཀྱི་བདུན་དང་། བྱང་གི་བདུན་པོ་རྣམས་གོང་དང་རིགས་འགྲེའོ། །དེ་ལྟར་རེ་རེ་བཞིན་ཚར་དགུ་རེ་འགྲོ་བས་ཤེས་རབ་སྙིང་པོ་དགུ་བཟློག་ཅེས་ཟེར། བཟློག་པ་དུས་ནད་གདོན་དགྲ་བགེགས་བྱད་མ་ཐན་ལྟས་རྨི་ལམ་ངན་པ་མི་ཁ་གོད་འདྲེ་སོགས་གང་ལ་བྱ་བའི་ཚིགས་དང་དམིགས་པ་ཁ་བསྒྱུར་ཤེས་པར་བྱའོ། །དེ་ནས་ལྔ་པ་གཏོར་མ་བསྔོ་བ་ནི། ཤར་གྱི་ལྷ་བཤོས་ཆབ་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་བདུན་རེ་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་པ་ལ་ཕྱག་འཚལ་ལོ། །ཞལ་ཟས་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་ལྷའི་བུའི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར་ཅིག ཐམས་ཅད་མཉེས་ཤིང་ཚིམ་ནས་བདུད་བཞི་གཡོས་པའི་གནོད་པ་ཐམས་ཅད་བསྒྱུར་དུ་གསོལ། ཞེས་བརྗོད་ཅིང་ལྷའི་བུའི་བདུད་ཀྱི་མདུན་དུ་ཞལ་ཟས་ཕུལ་ནས། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་པས་བསྔོའོ། །དེ་ནས་ལྷོའི་གཏོར་མ་མེ་ཏོག་དབྱིབས་ཅན་ལ་ཆབ་བྲན་ཏེ། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་བདུན། དེ་བཞིན་གཤེགས་པ་རིན་ཆེན་མང་སོགས་བཞིའི་མཚན་བརྗོད། གཏོར་མ་མེ་ཏོག་དབྱིབས་ཅན་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་ཉོན་མོངས་པའི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར་ཅིག ཐམས་ཅད་མཉེས་ཤིང་ཚིམ་ནས་བདུད་བཞི་གཡོས་པའི་གནོད་པ་ཐམས་ཅད་བསྒྱུར་དུ་གསོལ། ཞེས་བརྗོད་ཅིང་གཏོར་མ་ཉོན་མོངས་པའི་བདུད་ཀྱི་མདུན་དུ་ཕུལ། ཐམས་ཅད་ནམ་མཁའི་མཛོད་བཞིན་སོགས། བདག་གི་བསམ་པའི་སྟོབས་དང་སོགས་ཀྱིས་བསྔོ། ནུབ་ཀྱི་དཀར་གཏོར་ཆབ་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། སམྦྷ་ར་ལན་བདུན། དེ་བཞིན་གཤེགས་པ་རིན་ཆེན་མང་སོགས་བཞིའི་མཚན་བརྗོད་མཐར། དཀར་གཏོར་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་ཕུང་པོའི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར་ཅིག ཐམས་ཅད་མཉེས་ཤིང་ཚིམ་ནས་བདུད་བཞི་གཡོས་པའི་གནོད་པ་ཐམས་ཅད་བསྒྱུར་དུ་གསོལ། ཞེས་བརྗོད་ཅིང་གཏོར་མ་ཕུང་པོའི་བདུད་རྣམས་ཀྱི་མདུན་དུ་ཕུལ་ནས། ཐམས་ཅད་ནམ་མཁའི་མཛོད་བཞིན་སོགས་དང་། བདག་གི་བསམ་པའི་སྟོབས་དང་ནི་སོགས་ཀྱིས་བསྔོ། བྱང་གི་དམར་གཏོར་ཆབ་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །ཞེས་སོགས་བཞིའི་མཚན་བརྗོད་ཅིང་ཕྱག་འཚལ་བའི་མཐར། དམར་གཏོར་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་འདི་ཉིད་འཆི་བདག་གི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་གྱུར་ཅིག ཐམས་ཅད་མཉེས་ཤིང་ཚིམ་ནས་བདུད་བཞི་གཡོས་པའི་གནོད་པ་ཐམས་ཅད་བསྒྱུར་དུ་གསོལ། ཞེས་བརྗོད་ཅིང་གཏོར་མ་འཆི་བདག་གི་བདུད་རྣམས་ཀྱི་མདུན་དུ་ཕུལ་ནས། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ཞེས་སོགས་དང་། བདག་གི་བསམ་པའི་སྟོབས་དང་ནི་སོགས་ཀྱི་བདེན་སྟོབས་བརྗོད་ནས་བསྔོའོ། །དྲུག་པ་ནི། ངར་མིའི་སྟེང་དུ་ནད་པ་སོགས་ཁྲུས་བྱས་པའི་ཆུ་བླུགས་ལ་ཆབ་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། སམྦྷ་རའི་སྔགས་བདུན་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་མཐར། ཧཱུྃ་ངར་གྱི་མི་ཕོ་མཛེས་པ་འདི། །དེ་རིང་ཡོན་བདག་ཆེ་གེའི་གླུད། །རྒྱུ་ནི་རིན་ཆེན་ལས་གྲུབ་བོ། །དར་ཚོན་རྣམས་ཀྱི་ཆས་ཀྱིས་བརྒྱན། །རྒྱན་ཆ་དེ་ནི་ལྷུབས་སེ་ལྷུབ། །ཁ་རུ་དེ་ནི་གཡུ་ཡང་བཅུག །ལག་ཏུ་དེ་ནི་གསེར་བསྐུར་རོ། །བདུད་བཞི་རྣམས་ཀྱི་ཕྱག་ཏུ་འབུལ། །བདུད་ལ་འཕྲད་དེ་ལ་རུ་བཟློག །ལུང་འཕྲད་དེ་ནི་ལུང་དུ་བཟློག །སྨྲ་མཁས་དེ་ནི་ས་ལ་ལ། །འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ། །མགོ་ལ་ཐོད་བཅིངས་བཀྲག་རེ་ཆེ། །ལུས་བཟང་དེ་ནི་རྒྱན་གྱིས་བརྒྱན། །མིང་བཟང་དེ་ནི་སྟོབས་ཆེ་ལ། །གཟུང་བའི་ཡུལ་ནི་མ་མཆིས་སོ། །ཡོན་གྱི་བདག་པོ་བསླུ་བའི་ཕྱིར། །དེ་རིང་བདག་གིས་འདི་བཏང་བས། །གླུད་བདག་ཆེན་པོས་གླུད་བཞེས་ཤིག །རྣམ་ཤེས་ཚོགས་བརྒྱད་འབྱུང་བ་ལྔ། །རྟེན་ཅིང་འབྲེལ་བར་འབྱུང་བའི་གླུད། །ཁམས་དང་སྐྱེ་མཆེད་རྣམས་ཀྱི་གླུད། །དབང་པོ་ཚོགས་དྲུག་རྣམས་ཀྱི་གླུད། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །རིན་ཆེན་སྣ་ལྔའི་ན་བཟའ་ཅན། །འཁོར་བའི་གཡུལ་བཟློག་དར་མདུང་གཡས། །གཡོན་ན་མདའ་གཞུ་ལམས་སེ་ལམ། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །དེ་འདྲའི་འབྲུ་མཆོག་མི་བོ་ཆེ། །བདུད་བཞིའི་དམག་ཚོགས་འཁོར་བཅས་ལ། །ཡོན་བདག་འདི་ཡི་གླུད་དུ་འབུལ། །མི་བས་གླུད་དུ་བཟང་བས་ན། །བདུད་བཞི་དམག་ཚོགས་ཐམས་ཅད་ཀྱི། །གླུད་བཟང་མཛེས་པ་འདི་ཁྱེར་ལ། །ད་ནི་རང་རང་གནས་སུ་སོང་། །དཀོན་མཆོག་གསུམ་གྱི་བཀའ་མ་བཅག །ལྷ་དབང་བརྒྱ་བྱིན་གྱིས་བསྐུལ་བས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བདུད་བཞི་བཀུག་ནས་གླུད་ཡས་བྱིན། །བཀའ་བསྒོས་དམ་བཞག་མཛད་པ་ཡི། །དམ་ཚིག་དེ་ཉིད་དྲན་གྱིས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །བདུད་རྣམས་རང་རང་གནས་སུ་སོང་། །བདུད་ཁ་གླུད་ཀྱིས་ཆོད་པར་གྱིས། །བདུད་བཞི་གཡོས་པ་ཞི་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་པས་ངར་མི་བདུད་བཞིའི་སྟེང་དུ་ཕུལ། སྐབས་འདིར་ནད་པ་ཡོད་ན་ནད་སྤོ་བའི་ཕྱག་ལེན་ཡང་ཡོད་དོ། །བདུན་པ་དེ་ནས་གཏོར་བསྔོ་རྫོངས་པའི་བདེན་བརྗོད་ནི། ཧཱུྃ་ང་ནི་བཅོམ་ལྡན་ཤཱཀྱ་ཐུབ། །ང་ནི་དཔལ་ཆེན་གསང་བའི་བདག །ང་ནི་སྔགས་འཆང་སྒྲུབ་པ་པོ། །ང་ནི་བདུད་བགེགས་གཉེན་པོ་སྟེ། །བདུད་ཆེན་དང་ནི་ལྷ་དང་ཀླུ། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། ནད་བདག་མ་མོ་ལ་སོགས་པ། །ང་ཡི་བཀའ་ལས་མ་འདའ་ཞིག །ངར་གླུད་གཏོར་མ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ནད་གདོན་བར་ཆད་ཞི་བར་མཛོད། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །བཅོལ་བའི་ཕྲིན་ལས་མ་བསྒྲུབ་ན། །སྔོན་གྱི་བདེ་གཤེགས་ཆད་པ་ཡིས། །སེམས་ཅན་དམྱལ་བ་རྣམས་སུ་ཡང་། །ཡང་ནས་ཡང་དུ་སྐྱེ་འགྱུར་ཞིང་། །ཤིན་ཏུ་ཡང་ནི་སྡུག་བསྔལ་མྱོང་། །དེ་བས་གནོད་པ་མ་བྱེད་པར། །བདུད་བཞི་རང་རང་གནས་སུ་ཆོས། །བདེན་ཅིང་བསླུ་མེད་སངས་རྒྱས་བཀའ། །དེ་བཞིན་བསྒྲུབ་དང་བདེ་བ་ཐོབ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །བདུད་ཆེན་བཞི་ལས་ཐར་བ་དང་། །བར་ཆད་ནད་གདོན་མྱུར་ཞི་ནས། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བརྒྱད་པ་བདུད་བཟློག་རྫོངས་འདེབས་ནི། འབྲུ་སྣ་ཚོགས་བཏབ་ལ། བདུད་ཀྱི་དམག་ཚོགས་ཁྱོད་རྣམས་ཀྱིས། །ཇི་ལྟར་བསྒོས་བཞིན་བྱས་ནས་ནི། །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །ལྷ་བུའི་བདུད་ནི་དཀར་པོའི་ཚོགས། །ཅི་ཡང་མེད་པའི་གནས་སུ་དེངས། །ཉོན་མོངས་བདུད་ནི་སེར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་དམར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོའི་ཚོགས། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །ཤེས་སྒྲིབ་ཉོན་མོངས་ལས་བྱུང་བའི། །ལྷ་བུའི་བདུད་དང་ཉོན་མོངས་བདུད། །ཕུང་པོའི་བདུད་དང་འཆི་བདག་བདུད། །བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །བཟུང་བ་ཐོང་ལ་མནན་པ་ཁྱོག །བདུད་ཆེན་མི་ལ་མ་འབེབས་ཤིག །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །རང་རང་མཛེས་པའི་ཕོ་བྲང་དུ། །བདེ་བའི་སེམས་དང་ལྡན་པར་མཛོད། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་གཤེགས། །ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ། ཡུལ་ཕྱོགས་སུ་ཕྱིར་ཅུང་ཟད་ཁྱེར་དུ་བཅོལ་ནས་ཁ་ཕྱིར་བསྟན་ལ་བཞག ཡུལ་ཕྱོགས་ནི་ནད་པའི་དོན་དུ་བྱེད་ན་དུར་ཆེན་ཐོག་ཏུ་ཕུལ། དེ་བཞིན་སྤར་ཁའི་བཅོས་ཡིན་ན་བཞི་གཤེད་བདུན་ཟུར་དགྲ་ཐོག་སོགས་གང་གནོད་པའི་ཕྱོགས་སུ་ཕུལ། བདེ་རིམ་ཡིན་ན་ལམ་མདོ་དང་ཡས་ལམ་གང་བདེར་ཕུལ། བྱད་བཟློག་ནི་བྱད་མའི་ཕྱོགས་སུ། མཐུ་བྱེད་ན་དགྲ་ཐོག་ཏུ། རྒྱལ་པོས་གནོད་ན་ལྷ་ཁང་ངམ་མཆོད་རྟེན་རྩར། འདྲེ་མོས་གནོད་ན་སྲང་མདོའམ་ལུང་གསུམ་མདོར། ཆར་འབེབས་པ་དང་ཀླུས་གནོད་ན་མཚོའམ་ཆུ་མིག་ཏུ། ཡུལ་ལྷས་གནོད་ན་དེ་ཕྱོགས་སུ། མདོར་ན་གང་དང་གང་ལ་གནོད་ན་དེར་བསྐྱལ་བར་གསུངས་སོ། །སྐབས་འདིར་གསེར་སྐྱེམས་མཛད་པའི་ཕྱག་ལེན་ཡང་ཡོད་པས། དགུ་པ་གཞི་བདག་ལ་གཏོར་མ་ཕུལ་བ་དང་གསེར་སྐྱེམས་བཏང་བ་ནི། དཀར་གཏོར་དང་གསེར་སྐྱེམས་འབྲུ་སྣ་བླུགས་པ་བཤམས་ལ་ཆབ་ཀྱིས་བྲན་ཏེ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཞི་བདག་སོགས་ལ་བསྔོ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་མཆོག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། གནས་བདག གཞི་བདག ཡུལ་བདག གྲོང་བདག གཉུག་མར་གནས་པ་རྣམས་དང་། ཁྱད་པར་དུ་ཡུལ་ཕྱོགས་འདི་ལ་གནས་པ་རྣམས་ལ་འབུལ་ལོ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་བསམ་སྦྱོར་ཆོས་དང་མཐུན་པ་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛོད་ཅིག ཅེས་དང་། ཧཱུྃ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་། །དཀོན་མཆོག་གསུམ་གྱི་བཀའ་བྱུང་གི །སྔགས་འཆང་བདག་གིས་དམ་བཅས་པས། །སྟེང་འོག་ཕྱོགས་བཅུར་གནས་པ་ཡི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སོགས། །གཞི་བདག་ཡུལ་གྲོང་གཉུག་མར་གནས། །ས་བདག་ཀླུ་གཉན་འཁོར་འབངས་བཅས། །འདོད་ཡོན་མཆོད་སྦྱིན་གཏོར་མ་དང་། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །ཕྲག་དོག་ཀོ་ལོང་མ་བསྡམ་པར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཁྱེད་རྣམས་གཡས་དང་གཡོན་དུ་གཟུར། །དེ་རིང་གཏོར་ལམ་གཉེན་པོ་ཕྱེས། །དེ་རིང་ཡས་ཀྱི་ལམ་ཕྱེས་ཤིག །རྣལ་འབྱོར་བདག་གི་མཐུ་དཔུང་མཛོད། །གཏོར་ལམ་ཕྱེས་ལ་དམག་སྣ་དྲོངས། །རུ་ང་ཕྲག་དོག་མ་མཛད་ཅིག །བདག་གི་དཔུང་དང་གྲོགས་མཛོད་ཅིག །དམིགས་པའི་དགྲ་བགེགས་བྱད་མ་བཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གསེར་སྐྱེམས་མཆོད་ཅིང་དཀར་གཏོར་མདོས་ཕུལ་ཕྱོགས་སུ་བསྐྱལ་ལོ། །བཅུ་པ་ནི། དེ་ནས་བདུད་བཞི་ཡས་རྫས་ཁྱེར་མིའི་ལག་ཏུ་བཟུང་བཅོལ་ནས། བདུད་དང་མ་མོ་རྣམས་ཀྱི་གདུག་པ་བཟློག་བསྒྱུར་བྱ་བ་ནི། བྷྱོཿ མ་གཅིག་ཡམས་བདག་འཁོར་དང་བཅས། །ཁྱོད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་ཁྲམ་བམ་རེ་རེ་ཡོད། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །གལ་ཏེ་ཁྲམ་ལ་བཏབ་སྲིད་ན། །ཁྲམ་ཁ་ཕྱེས་ཤིག་མ་གཅིག་མ། །ཁྱོད་ཀྱི་ལག་པ་གཡོན་པ་ན། །བཙན་གྱི་ཤོ་རྡེལ་དཀར་ནག་བཀྲམ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །གལ་ཏེ་རྩིས་ལ་བཅུག་པ་ན། །ཤོ་རྡེལ་དཀར་ནག་ད་ཕྱེས་ཤིག །ཁྱོད་ཀྱི་མཆན་ཁུང་གཡས་པ་ན། །གཤིན་རྗེའི་ཁྲམ་ཤིང་དམར་པོ་ཡོད། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །གལ་ཏེ་ཁྲམ་ལ་བཏབ་པ་ན། །བྱང་དམར་དཀྱུས་ནས་ད་ཕྱུངས་ཤིག །ཁྱོད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་པ་ནག་པོ་ལ། །སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་ཅན། །སྤྲུལ་པ་མང་པོ་དེ་ནས་འགྱེད། །སྤྲུལ་པའི་དམག་དཔུང་ད་ཕྱུངས་ཤིག །ཡོན་བདག་བསླུ་ཕྱིར་བདུད་བཟློག་འབུལ། །འབུལ་བ་བདག་གིས་མ་ནོར་བ། །ལེན་པ་ཁྱོད་ཀྱིས་མ་ནོར་ཞིག །བཞེས་ཤིག་ཀུན་གྱིས་དགྱེས་པར་རོལ། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །བན་བོན་བྱད་ཁ་ད་བཟློག་ཅིག །ཀླུ་གཉེན་གཏད་ཁྲམ་ད་བཟློག་ཅིག །དགྲ་ཇག་གཅན་རྐུན་ད་བཟློག་ཅིག །མི་ཁ་ངན་པ་ད་བཟློག་ཅིག །ནོར་ཕྱུགས་གོད་ཁ་ད་བཟློག་ཅིག །མི་ཡི་ཤི་འཕྲོ་ད་ཆོད་ཅིག །ཡམས་ནད་རིམས་ནད་ད་བཟློག་ཅིག །མ་ཉེས་ཁ་ཡོགས་ད་བཟློག་ཅིག །མི་མཐུན་གནོད་པའི་ཚོགས་རྣམས་ཀུན། །ཤེས་རབ་སྙིང་པོའི་ཡས་བཟློག་གིས། །ད་ལྟ་ཉིད་དུ་བཟློག་བསྒྱུར་ཅིག །ཤེས་རབ་བཟློག་བཅས་བྱིན་རླབས་ཀྱིས། །ས་ཆུ་མེ་རླུང་སྐག་ངན་བཟློག །ངར་གླུད་ཡས་སོགས་གཟུགས་འགྲོས་ཀྱིས། །ལྟས་ངན་རང་སར་ཞི་བར་མཛོད། །ནད་ཡམས་གོད་ཁ་བཟློག་ཏུ་གསོལ། །དེ་བཞིན་གང་ལ་གང་འཚེ་བ། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཤེས་རབ་སྙིང་པོའི་བྱིན་རླབས་དང་། །སྔགས་འཆང་བདག་གི་ནུས་མཐུ་ཡིས། །བདུད་བཞིའི་གནོད་པ་མ་ལུས་ཀུན། །སོ་སོ་རང་རང་གནས་སུ་བཟློག །ད་ལྟ་ཉིད་དུ་ཕྱིར་བཟློག་ཅིག །ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ། །ཅེས་རོལ་མོ་དྲག་ཏུ་བྱའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་སོགས་ནས། མངོན་པར་བསྟོད་དོ་བར་ཚར་གསུམ་མཐར། ག་ཏེ་ལན་ཉེར་གཅིག ན་མོ་བླ་མ་ལ་ཕྱག་འཚལ་ལོ་ནས། རབ་ཏུ་ཞི་བར་གྱུར་ཅིག བར་བཟློག་པ་ཚར་གསུམ་བཅས། དགུ་བཟློག་ལ་སྤྱི་དང་བྱེ་བྲག་དམིགས་གསལ་གང་ཡིན་པའི་བདེན་སྟོབས་བརྗོད་པ་དང་ཐལ་རྡེབ་ཚིགས་བཅད་སོགས་གོང་ལྟར་བྱའོ། །སྤྲོས་པ་རྒྱས་པའམ་མཐུ་བྱེད་པའམ། གལ་ཆེ་དུས་རེ་ལ་ཕུལ་རྒྱུ་མཛད་ཚེ། བདུད་བཟློག་རྫོངས་འདེབས་ཀྱི་མཐར། རང་རང་གནས་སུ་བདེ་བར་གཤེགས། ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ། དེ་ནས་དཔོན་སློབ་རྣམས་བཞེངས་ལ་ཞྭ་མནབས། བླ་མའམ་དགེ་སློང་ཚད་ལྡན་བསྙེན་སོང་ཞིག་གིས་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། གཞན་རྣམས་ཀྱིས་རྔ་སིལ་དུང་སོགས་ཀྱིས་ཕྱོགས་གང་ཡིན་པ་དེར་གླུད་ཆེན་འཇོག་ལ། ཐོག་མར་གཞི་བདག་ལ་དཀར་གཏོར་འབྲུ་སྣ་སོགས་ལ་འབྲུ་གསུམ་གྱིས་བྱིན་རླབས། ཨ་ཀཱ་རོ་ལན་གསུམ། སྡིག་པ་ཅི་ཡང་མི་བྱ་ཞིང་། །ནས། ཡིད་བཞིན་འགྲུབ་པའི་སྟོངས་གྲོགས་མཛོད་བར་དང་། གསེར་སྐྱེམས་འབྲུ་གསུམ་གྱིས་བྱིན་གྱི་རློབས་ལ། ཧཱུྃ༑ བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་། །ནས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་བར་གྱིས་མཆོད། དེ་ནས་བདུད་དང་མ་མོའི་བཟློག་བསྒྱུར་ནི། བྷྱོཿ མ་གཅིག་ཡམས་བདག་འཁོར་དང་བཅས། །ནས། ས་མ་ཡ་པྲ་ཝ་ཤ་ཡ་ཕཊ། །ཅེས་དང་རོལ་མོ་དྲག་ཏུ་བྱ་ཞིང་འཕེན། དེ་ནས་ཤེས་རབ་སྙིང་པོའི་བཟློག་པ་ཚར་གསུམ་སོགས་གོང་བཞིན་བྱ། གང་ལྟར་ཡང་། བདག་དང་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་རྣམས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་ཕྱག་གཡས་པ་ས་གནོན་གྱི་འོག་ཏུ་ཚུད་པར་གྱུར། རྡོ་རྗེ་འཛིན་པའི་རྒྱལ་པོ་ཡི། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །བསྲུང་བའི་དམ་ཚིག་སྦྱོར་བ་ཡིས། །བདག་སོགས་ལུས་ངག་ཡིད་གསུམ་སྲུངས། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་སྲུང་བའི་འཁོར་ལོ་བསྒོམ་མོ། །བཅུ་གཅིག་པ་ནི། ནད་པ་སོགས་གལ་ཆེན་པོ་ཡོད་ན་གོས་དཀར་པོ་གྱོན་ལ་སྟན་དཀར་པོའི་སྟེང་དུ་ཁ་ཤར་དུ་བལྟས་ལ་འདུག་ཅིང་། མེ་ཏོག་གཏོར་ཞིང་ཤིས་པ་བརྗོད་པ་ནི། ཧཱུྃ༑ དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །རྣམ་པར་སྣང་མཛད་བཀྲ་ཤིས་ལགས། །སྐུ་ལུས་བཟང་པོའི་བཀྲ་ཤིས་གང་ཡིན་པ། །ཛཿདེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཧཱུྃ་ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་ལགས། །མི་འགྱུར་བརྟན་པའི་བཀྲ་ཤིས་གང་ཡིན་པ། །ཛཿདེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཧཱུྃ་ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། །རིན་ཆེན་འབྱུང་གནས་བཀྲ་ཤིས་ལགས། །འདོད་དགུ་འབྱུང་བའི་བཀྲ་ཤིས་གང་ཡིན་པ། །ཛཿདེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཧཱུྃ་ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །སྣང་བ་མཐའ་ཡས་བཀྲ་ཤིས་ལགས། །དབང་འདུས་སྙན་གྲགས་བཀྲ་ཤིས་གང་ཡིན་པ། །ཛཿདེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཧཱུྃ་བྱང་གི་ཕྱོགས་ནས་བཀྲ་ཤིས་པ། །དོན་ཡོད་གྲུབ་པའི་བཀྲ་ཤིས་ལགས། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ། །ཛཿདེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཧཱུྃ་འོག་གི་ཕྱོགས་ནས་བཀྲ་ཤིས་པ། །ས་ཡི་ལྷ་མོ་བརྟན་མའི་བཀྲ་ཤིས་ལགས། །ཚེ་འཛིན་འབྲུ་སྣའི་བཀྲ་ཤིས་གང་ཡིན་དེ། །ཛཿདེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཧཱུྃ་སྟེང་གི་ཕྱོགས་ནས་བཀྲ་ཤིས་པ། །ཉི་ཟླ་གཟའ་སྐར་བཀྲ་ཤིས་ལགས། །བདེ་སྐྱིད་གཡང་ཆགས་བཀྲ་ཤིས་གང་ཡིན་དེ། །ཛཿདེ་རིང་སྦྱིན་བདག་འདི་ལ་སྩོལ། །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བདེ་ལེགས་ཤོག །ཉིན་ཡང་བཀྲ་ཤིས་འབྱུང་བ་ཡ་ལ་ལ། །མཚན་ཡང་བཀྲ་ཤིས་འབྱུང་བ་ཀྱི་ལི་ལི། །བཀྲ་ཤིས་དུས་གསུམ་འབྱུང་བ་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་པ་དང་། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་བསྡུས་གང་ཤེས་བརྗོད་དེ་རོལ་མོ་བྱའོ། །གསུམ་པ་རྗེས་ཆོག་ལ་ལྔ་སྟེ། མདུན་བསྐྱེད་ལ་མཆོད་བསྟོད་ཕུལ་ནས་འདོད་དོན་གསོལ་བ་བཏབ་པ། ལྷག་ཆད་ཁ་བསྐོང་ཞིང་བཟོད་གསོལ་བྱ་བ། བརྟན་བཞུགས་བྱ་ཞིང་མེ་ཏོག་འཐོར་བ། བདག་ཉིད་སྲུང་ཞིང་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་སྨོན་དམིགས་པ་མེད་པས་རྒྱས་གདབ་པ། སླར་ཡང་ཤིས་པ་བརྗོད་ཅིང་ཕན་ཡོན་བསྟན་པའོ། །དང་པོ་ནི་མདུན་གྱི་མཆོད་པ་རྣམས་གོང་ལྟར་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་དྱཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། མཐར་ཤབྡ་དང་དྷརྨ་ར་ཎི་བརྗོད་བཞིན་རོལ་མོ་དང་། རྡོར་དྲིལ་འཛིན་བཞིན་པས། ཐབས་མཁས་ཐུགས་རྗེ་སོགས། ཤླཽ་ཀ་དང་། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །སོགས་དང་། སྟོན་པའི་རྟགས་འཆང་ཉན་ཐོས་སོགས་དང་། བསྟོད་པར་འོས་པ་ཐམས་ཅད་སོགས་ཀྱིས་བསྟོད་ལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། གཉིས་པ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ། སོགས་ཡིག་བརྒྱ་ལན་གསུམ། ཐལ་མོ་སྦྱར་ལ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་འཚལ་བ། །འདིར་ནི་བགྱི་བ་གང་བགྱིས་རྣམས། །དེ་དག་ཐམས་ཅད་བཟོད་པར་མཛོད། །ཅེས་པས་ལྷག་ཆད་ཁ་བསྐང་ནས་ནོངས་པ་བཟོད་པར་གསོལ། གསུམ་པ་ནི། མདུན་བསྐྱེད་ཀྱི་འཁོར་རྣམས་འོད་དུ་ཞུ་ནས་གཙོ་བོ་ཤཱཀྱའི་རྒྱལ་པོ་ལ་ཐིམ་པར་བསམས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རྟེན་འདི་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་སྔགས་ལན་གསུམ་བརྗོད་ཅིང་མེ་ཏོག་གཏོར། བཞི་པ་ནི། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཞེས་པས་གནས་གསུམ་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག །རྫོགས་པའི་སངས་རྒྱས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང་། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །སྐར་མདའ་ལྟུང་དང་ས་གཡོའི་འཇིགས་པ་དང་། །བྱད་སྟེམས་མཐུ་དང་ཐོག་སེར་འབེབས་པ་སོགས། །མི་དང་མི་མ་ཡིན་པའི་གནོད་པ་དང་། །ཉེར་འཚེ་ཐམས་ཅད་ཞི་བར་མཛད་དུ་གསོལ། །གློ་བུར་ཡེ་འདྲོག་གནོད་པ་མ་ལུས་དང་། །དུག་དང་སྦྱར་དུག་ཁ་ཟས་མ་ཞུ་དང་། །འཁོན་དང་ཉམས་གྲིབ་འབགས་དང་མི་གཙང་སོགས། །དྲི་མ་ཐམས་ཅད་ཞི་བར་མཛད་དུ་གསོལ། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡིས། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །གཞན་ཡང་སྐྱེ་བ་འདི་ཉིད་ལ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྤང་བ་དང་། །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །སེམས་ཅན་འདི་དག་ཐམས་ཅད་ཀྱང་། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བས་འཚོ་གྱུར་ནས། །འཆི་བའི་སྒྲ་ཡང་གྲགས་མ་གྱུར། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདྲེན་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །ལྔ་པ་ནི། དེ་ནས་ཞྭ་གྱོན་དྲིལ་བུ་གསིལ་ཞིང་། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །གཞན་ཡང་རྒྱལ་མཚན་རྩེ་མོ་སོགས་བཀྲ་ཤིས་གང་རིགས་བརྗོད་མཐར། དེ་ནས་རོལ་མོ་དང་བཅས། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་དེང་འདིར་བདེ་ལེགས་ཤོག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད། ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་ཁ་ནས་ཐར་བ་བཞིན་དུ། འགལ་རྐྱེན་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས། ཤིན་ཏུ་བཀྲ་ཤིས་དང་བདེ་ལེགས་ཀྱི་དཔལ་དམ་པ་ཐོབ་པ་ཅིག་ཏུ་གྱུར་ཅིག །དེ་ལྟར་བྱས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མི་ལོང་ངོ་། །ཁྱད་པར་དུ་བན་བོན་གྱི་རྦོད་གཏོང་བྱད་ཁ་གནོད་པ་གཏད་ལ་བཅུག་པ་ན་ཚ་རྒོད་པའི་འཕྲོ་གཅོད་པ། ཡུལ་དུ་ནད་ཡམས་རིམས་ནད་དར་བ་ཕྱུགས་ནད་གོད་ཁ་མང་བ། ཁྱིམ་དུ་རྒྱལ་པོ་ལ་སོགས་པའི་གདོན་ཞུགས་པ་རྣམས་དང་། སྐར་མ་ངན་པར་ཤི་བ། མ་ཉེས་པའི་ཁ་ཡོག་འོང་བ། མི་ཁ་ཆེ་བ། སྲིའུ་མ་གསོས་པར་ནོར་ལ་དཀར་འགོང་འོང་བ། ཐན་དང་རྨི་ལྟས་ངན་པ། ལོ་དང་སྤར་ཁའི་རྩུབ་པ། མཐུ་ལྟས་བྱུང་བ་སོགས་ལ་འདིའི་བཟློག་པ་བྱས་པས་དེ་མ་ཐག་ཏུ་བཟློག་པར་འགྱུར་རོ། །ཚེ་ཚད་མཐར་ཕྱིན་པ་མ་གཏོགས་བར་ཆད་ཀྱིས་ཟིན་པ་ལ་གནོད་ཚབ་ཆེ་ཆུང་དང་བསྟུན་པའི་ལན་གཅིག་གསུམ་ལྔ་བདུན་དགུ་སོགས། བསྐྱར་ན་ངེས་པར་སེལ་བ་ཐེ་ཚོམ་མེད་དོ།།  །།སྨྲས་པ། གཟུགས་ནས་རྣམ་མཁྱེན་བར་གྱི་འཁོར་འདས་ཆོས། །གང་ལའང་རང་བཞིན་མེད་པར་རྒྱལ་བས་གསུངས། །དེས་ན་བདུད་བཞིར་བཏགས་པའི་རྟོག་པ་ཡང་། །གཉིས་སྣང་ངོར་ལས་གཉིས་འཛིན་བྲལ་ལ་མིན། །འོན་ཀྱང་གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་གསུངས་པས་ན། །འཁྲུལ་སྣང་དབང་གཞུའི་ལང་ཚོ་བཀྲག་ཆེ་ཡང་། །དམིགས་མེད་དབྱིངས་སུ་གཞིལ་བ་ཆོས་ཉིད་གཤིས། །དེ་ལྟར་རྒྱ་གར་མཁས་གྲུབ་རྣམས་ཀྱི་ཐུགས་བཅུད། དཔལ་ལྡན་ཨ་ཏི་ཤའི་ཡི་དམ། དགེ་བཤེས་སྟོན་པ་བ། པུ་ཏོ་བ་རིན་ཆེན་གསལ། རིང་མོ་གསུང་རྡོ་རྗེ། གྱི་ལྗང་དབུ་དཀར་བ་སོགས་ཀྱི་ཕྱག་ལེན་འཁྲུལ་མེད་ཤེས་རབ་སྙིང་པོའི་སྒོ་ནས་བདུད་བཟློག་གི་ཆོ་ག་བར་ཆད་ཀུན་སེལ་མཛེས་པའི་རྒྱན་ཅེས་བྱ་བ་འདི་ནི་ཤཱཀྱའི་དགེ་སློང་བྱམས་པ་ནམ་མཁའ་འཆི་མེད་ཀྱིས་གྱི་ལྗང་དབུ་དཀར་བས་མཛད་པའི་བདུད་བཟློག་ཆོ་ག་དང་། འཁོན་གཞོན་ནུ་སངས་རྒྱས་ཀྱིས་མཛད་པའི་བར་ཆད་ཀུན་སེལ། གཞན་ཡང་བླ་མ་ཕྱི་མས་མཛད་པའི་གསུང་རབ་རྣམས་ལའང་ལེགས་པར་བརྟགས་ཏེ་ཕྱོགས་གཅིག་ཏུ་གསལ་བར་མདོ་སྨད་སྡེ་བཞི་དགེ་བཅུའི་དཔལ་ཡོན་གྱིས་མངོན་པར་མཐོ་བའི་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་གི་རང་གནས་སྒྲུབ་ཁང་བླ་བྲང་དུ་བྲིས་པའི་དགེ་བས་ལུས་ཅན་ཐམས་ཅད་བདུད་བཞི་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག།  །།ཛ་ཡ་ཛ་ཡ་བི་ཛ་ཡནྟུ། སརྦ་མངྒ་ལཾ།།  །།

ཕྱི་ལོ་༢༠༡༡ ལོར་དད་ལྡན་མ་སིངྒ་པུར་གྱི་བུ་མོ་ཏང་ཏོང་ཝའི་ནས་རྒྱུ་འགྲོན་གནང་སྟེ། པོད་གྲངས་༡༠༠༠ ཆོས་སྦྱིན་དུ་བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་ཕུལ་བས་དགེ་བ་གང་ཐོབ་མ་རྒན་སེམས་ཅན་ཐམས་ཅད་བླ་མེད་རྫོགས་བྱང་རིན་པོ་ཆེ་ཐོབ་པའི་རྒྱུ་རུ་བསྔོའོ།། །།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*