༄༅། །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བཀླགས་ཆོག་མ་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི། དཔལ་ལྡན་མརྒད་རྡུལ་བརྩེགས་ལྷུན་པོ་ནི། །རབ་མཛེས་མཚན་དཔེ་ཉི་མ་འབུམ་གྱི་གཟི། །མ་ལུས་འགྲོ་བ་ཀུན་གྱི་སྐྱབས་ཀྱི་གཙོ། །ལྷ་མཆོག་མྱུར་མ་དཔའ་མོས་འགྲོ་འདི་སྲུངས། །རྒྱལ་བ་ཀུན་གྱི་ཕྲིན་ལས་མ། །ཕོངས་པ་ལས་སྒྲོལ་སྒྲོལ་མ་ལ། །བཏུད་དེ་དེ་ཡི་བསྟོད་པ་ཡི། །ཆོ་ག་ལག་ལེན་བཞིན་དུ་བྲི། །འདི་ལ་སྦྱོར། དངོས། རྗེས་ཀྱི། དང་པོ་ལ་གསུམ་གྱི། དུས་ནི། བསོད་ནམས་གསོག་ན་ཚེས་བརྒྱད་ཉ་སྟོང་ལྟ་བུ། བར་ཆད་སེལ་ན། རིམས། འདྲེ་གདོན། ཕྱི་རོལ་ཀྱི་དམག་ཚོགས། རྨི་ལམ་ངན་པ་ལ་སོགས་བར་ཆད་བྱུང་བའི་དུས་སུ། འདོད་པ་སྒྲུབ་ན། ནངས་པར་ལྟ་བུ་དོན་བསྒྲུབ་པའི་དོ་ནུབ་བྱའོ། །གནས་ནི། གཙུག་ལག་ཁང་ངམ་ཉམས་དགའ་བར་རོ། །རྟེན་ནི། བླ་མ་ཡི་དམ་སྤྱི་དང་། དཀོན་མཆོག་སྤྱིའི་ལུགས་སྐུའམ། རས་བྲིས་ལ་སོགས་པ་དང་། རྗེ་བཙུན་མའི་ལུགས་སྐུའམ། རས་བྲིས་གང་རུང་བཞུགས་སུ་གཞུག མཆོད་པ་ནི། སྟེང་དུ་བླ་རེ། རྔ་གཡབ་ལ་སོགས་པས་བརྒྱན། མཎྜལ་རེ་ཁཱ་ཟླུམ་པོ་ཁོར་ཡུག་གཉིས་པ་བཞི་བྲི། ཚོམ་བུ་བདུན་དགོད། ཡང་ན་ཤིང་ངམ། འཁར་བ། རྡོ་སོགས་ཀྱིས་རུང་། གཅིག་ལས་མེད་ཀྱང་བསྐྱར་ལ་དབུལ། མཆོད་ཡོན། མེ་ཏོག རེང་བུ། མར་མེ། དྲི་མཆོག ཞལ་ཟས་རྣམས་ཚན་པ་བཞི་བཞི་བཤམ། མ་འབྱོར་ན་ཅི་འབྱོར་དུ་བཤམ་ཞེས་གསུངས་པས་གཞན་རྣམས་ཁ་གསོ། ཞལ་ཟས་བཞི་དང་། གཏོར་མ་གསུམ་མམ། གཅིག་ལ་བསྡུས་ཀྱང་རུང་། མེ་ཏོག་ནི་ཟངས་གཞོང་སོགས་སུ་བཏེག་ནས། གསོལ་བ་འདེབས་དུས་སུ་འཐོར་རོ། །ཏིང་ཤག་གམ། དྲིལ་བུ་སོགས་ཀྱང་སྟ་གོན་བྱ། ཆབ་བླངས་ལ་སྟན་ལ་འདུག དངོས་གཞི་ལ་དཀོན་མཆོག་སྤྱི་དང་། རྗེ་བཙུན་མ་ལ་གསོལ་བ་འདེབས་པ་གཉིས་ཀྱི། དང་པོ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་མཆོད་པ་བསང་། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅ཧཾ་གིས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ། ཨྃ་ལས་མཆོད་ཡོན། པཱྃ་ལས་ཞབས་བསིལ། པྃ་ལས་མེ་ཏོག དྷཱྃ་ལས་བདུག་སྤོས། དཱྃ་ལས་མར་མེ། གྃ་ལས་དྲི་ཆབ། ནྃ་ལས་ཞལ་ཟས། ཤྃ་ལས་རོལ་མོ། ཧཱུྃ་ལས་མཆོད་རྫས་གཞན་རྣམས་དྭངས་ཤིང་ཐོགས་པ་མེད་པ་ ཞེས་སོ་སོའི་མིང་གི་ཡི་གེ་དང་པོ་ལས་མཆོད་རྫས་སོ་སོར་བསྐྱེད་པའམ། བསྡུ་ན། རིན་པོ་ཆེའི་སྣོད་དུ། ཞེས་པའི་མཐར། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་རྒྱ་དང་ཚད་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པ་དྱཱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝཱི་དྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱ་ཧཱུྃ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨཱ་ཧྲི་ད་ཡ། སནྟོ་ཥ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ། རོལ་མོས་བྱིན་དབབ། སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བཞི་སྐོར་བྱས་པས་ཆོག་གསུངས། རྗེས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།།ཅེས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག དུཿཁ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་པས་ཚད་མེད་པ་བཞི་བསྒོམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བླ་མ་བརྒྱུད་པ། ཡི་དམ་དཀོན་མཆོག་གསུམ་སོགས་དཔག་མེད་སྤྱན་དྲངས། མདུན་དུ་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་བཞུགས་པར་བསྒོམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་ཕ་རོལ་ཏུ། །ཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱེད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱེད་ལ་ཕྱག་འཚལ་ལོ། །སྐུ་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆགས་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱིས་ཐུགས་ལས་བསྐྱེད་པའི་སྲས། །བྱང་ཆུབ་སྤྱོད་པ་བླ་མེད་མཐར་ཕྱིན་པ། །ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་མཆོག་གྱུར་པ། །མགོན་པོ་མི་ཕམ་པ་ལ་ཕྱག་འཚལ་ལོ། །རྒ་ཤིའི་འཇིགས་སྤངས་གཞོན་ནུར་གྱུར་པ་དེ། །གཞན་དོན་དགྱེས་པས་ཞལ་རས་འཛུམ་པ་ཅན། །སྣ་ཚོགས་སྤྲུལ་མཛད་འོད་ཟེར་མཐའ་ཡས་པ། །བཅོམ་ལྡན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་རྗེ། །འགྲོ་བའི་སྡུག་བསྔལ་མ་ལུས་དཔྱིས་འབྱིན་པ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བརྩེ་བའི་ཐུགས་རྗེས་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བསྟན་ནས་ཀྱང་། །འགྲོ་བའི་གདུང་བ་དྲག་པོ་སེལ་མཛད་པ། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཀྱང་ཐུགས་རྗེའི་དབང་གིས་ན། །ལྷ་མོའི་ཚུལ་སྟོན་ཀུན་ནས་གསལ་བའི་སྐུ། །ཡིད་བཞིན་ནོར་བུ་པདྨ་ལེགས་བསྣམས་པ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་དབང་གྲུབ་པའི་ཅོད་པན་གྱི། །རིན་ཆེན་འོད་ཟེར་འཕྲོ་བས་གང་གི་ཞབས། །ཀུན་ནས་གསལ་བས་ཉི་མའང་ཟིལ་གནོན་པ། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་མའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །འགྲོ་བ་འཇིགས་པས་ཉེན་པ་བསྐྱབ་པའི་ཕྱིར། །བརྩེ་བས་འཇིགས་བྱེད་ཁྲོ་མོའི་སྐུར་བསྟན་ནས། །དབུགས་འབྱིན་མཛད་ཅིང་དངོས་གྲུབ་མཆོག་སྩོལ་མ། །སྒྲོལ་མ་དྲག་མོ་འདུལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །མརྒད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་དང་། །དངོས་གྲུབ་ཀུན་སྩོལ་བདུད་རྩིའི་བུམ་པ་འཛིན། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་གྲོལ་འགྱུར་ཞིང་། །དྲི་མེད་བདེ་བ་ཆེན་པོ་ཐོབ་མཛད་པ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེའི་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །དཔལ་ཆེན་ནམ་མཁའི་མདོག་གི་མདངས་ལྡན་ཞིང་། །དུས་མཐའི་སྤྲིན་ལྟར་ཧཱུྃ་གི་འབྲུག་སྟོང་ཆེམས། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་འགེམས་པ། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །མ་ལུས་རྒྱལ་བའི་གཉིས་མེད་ཡེ་ཤེས་ལས། །ཉེ་བར་བསྒྲུབས་པའི་མཐུ་སྟོབས་རྡོ་རྗེ་ཡིས། །བགེགས་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་བྱེད་པ། །དཔལ་ཆེན་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གདུག་པ་འདུལ་ཕྱིར་རབ་ཁྲོས་པ། །བྱེ་རུའི་མདོག་མཚུངས་པདྨའི་དབྱུག་ཐོ་འཛིན། །རྟ་མཆོག་ཞལ་གྱིས་དགྲ་ཡིས་དཔུང་འཇོམས་པ། །ཁྲོ་རྒྱལ་རྟ་མགྲིན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་བྱུང་ཞིང་། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འབྱུང་ལྔའི་མདོག་ཅན་འབྱུང་ཆེན་ལྔ་ལ་དབང་། །ཀུན་ཏུ་སྒྱུར་བྱེད་རྡོ་རྗེའི་འདབ་གཤོག་ཅན། །ཀླུ་ཡི་དཔལ་འཕྲོག་ལྷ་མིའི་དཔལ་གྱུར་པ། །རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བ། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྐྱོང་དང་སྲུང་མཛད་པ། །འཕགས་པ་གནས་བརྟན་བཅུ་དྲུག་བཞུགས་པ་ནི། །གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །འཕགས་པ་གསེར་ཅན་བ་ཀུ་ལ་དང་ནི། །གནས་བརྟན་ལམ་བརྟན་རྡོ་རྗེ་མོ་ཡི་བུ། །འཕགས་པ་སྦེད་བྱེད་སྒྲ་གཅན་འཛིན་དང་ནི། །ཀླུ་ཡི་སྡེ་དང་གནས་བརྟན་ཡན་ལག་འབྱུང་། །ནགས་ན་གནས་དང་དགྲ་བཅོམ་མ་ཕམ་པ། །ལམ་ཕྲན་བརྟན་དང་གསེར་ཕྲེང་མི་ཕྱེད་པ། །དུས་ལྡན་བཟང་པོ་ཞེས་བྱ་ལ་ཕྱག་འཚལ། །འཛམ་བུ་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ཅན་འདིར་ཆོས་ཀྱི་སྒྲོན་མེ་སྦར། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་ཀྱི་གཙོ། །མཁན་ཆེན་ཞི་བ་འཚོ་ལ་ཕྱག་འཚལ་ལོ། །རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་གངས་ཅན་འགྲོ་བའི་དཔལ། །དངོས་སམ་བརྒྱུད་པས་གཞན་གྱི་དོན་མཛད་པ། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །ས་ཆེན་འདི་ན་ངོ་མཚར་རྣམ་མང་ཡང་། །རྒྱ་གར་ཁ་ཆེ་རྒྱ་ནག་བལ་བོད་ལི། །ཡུལ་གང་ན་ཡང་མཚུངས་མེད་ཆོས་ཀྱི་རྗེ། །འཛམ་གླིང་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། ༈ །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་བཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པས་ཡན་ལག་བདུན་པ་བྱ། དེ་ནས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཚིགས་བཅད་འདི་དཔེ་ཕལ་ཆེར་དུ་འོག་གི་མཎྜལ་ཚིག་ལྷུག་པའི་མཇུག བཞེས་ནས་བྱིན་གྱིས་བརླབས་ཏུ་གསོལ། ཞེས་པའི་མཚམས་སུ་སྣང་། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏྲི་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ། ཞེས་བརྗོད། སྟན་བདེ་བ་ལ་འདུག་སྟེ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་བཞིན་པས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་གནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་བསྟོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་བརྟེན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། རྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་བྱང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུའང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་བརྗོད། དེ་ནས་མཎྜལ་ལ་སོགས་པ་ཡོད་ན། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་བཛྲ་བྷུ་མི་ཨཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུགས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏྲི་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ། ཞེས་བརྗོད་ལ་དབུལ། མེད་ན་མེ་ཏོག་ཐོགས་ལ་ཐལ་མོ་སྦྱར་ནས་སྐབས་སྐབས་སུ་འཐོར་ཞིང་། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱིས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང་། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་དུ་ཆར་ཆུ་དུས་སུ་འབེབས་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་སྦྱིན་བདག་འཁོར་བཅས་ཀྱི་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་འཕེལ། དཔལ་དང་འབྱོར་པ་རྒྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མེ་ཏོག་འཐོར་བཞིན་པས། ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་གསོལ་བ་གདབ་པ་ནི་མཎྜལ་དང་པོ་བླ་མ་དཀོན་མཆོག་ལ་དབུལ་བའི་ཆོ་གའོ།།  ༈ །མཎྜལ་གཉིས་པ་རྗེ་བཙུན་མར་མཎྜལ་གསུམ་དབུལ་བའི་དང་པོ་ནི། མདུན་ན་རྗེ་བཙུན་མའི་རྟེན་ཡོད་ན། ཨོཾ་བཛྲ་ཡཀྵ་ཧཱུྃ། ཞེས་པས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་དང་། རྟེན་མེད་ན། རང་གི་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་སྟེ། གང་ལྟར་ཡང་། ཏཱཾ་ཡིག་ལྗང་གུ་ལས་གྱུར་པའི་རྗེ་བཙུན་མ་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་དཀར་ཁ་བྱེ་བ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པ། ཟླ་བའི་རྒྱབ་ཡོལ་དང་འོད་དཔག་མེད་ཀྱི་ཅོད་པཎ་ཅན། ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། འོད་ཟེར་སྣ་ཚོགས་འཕྲོ་བ་དང་བཅས་པར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས། པོ་ཏཱ་ལ་ནས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་པའི་ཕྱག་རྒྱ་དང་། མཐར་ཐལ་མོ་སྦྱར་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པོ་ཏཱ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །འོད་དཔག་མེད་པས་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་ཕྲིན་ལས་མ། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཞེས་བརྗོད། མདུན་དུ་བཞུགས་པ་ལ། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེར་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་པས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ལ། ཁྱེད་ཀྱི་རང་བཞིན་ཡང་དག་པས། །སྲིད་བའི་འཆིང་བ་མི་མངའ་ཡང་། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱི་སྐུ་ཁྲུས་གསོལ། །སྤྲོ་ན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དང་། །གོས་བཟང་སྲབ་ལ་འཇམ་མཛེས་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝསཏྲ་ཨ་ལཾ་ཀཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གིས་གོས་རྒྱན་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཨཱ་ས་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མེ་ཏོག་གཏོར་ནས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཞེས་པས་མཆོད། ཛཿཧཱུྃ་བཾ་ཧོཿ རྗེ་བཙུན་མ་ལ་ཐིམ་པས། དཔེ་ཁ་ཅིག་ལ་བར་འདིར་གནས་གསུམ་བྱིན་རླབས་སྤྱི་ལྟར་སྣང་ནའང་རྗེ་བཙུན་ཆེན་པོའི་ཡིག་ཆར་མི་གསལ། དེ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པར་མོས་ལ། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱ་ཨུཏྤ་ལ། །བསྣམས་པ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུ་རེ་ཡིས། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་གཉིས་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱས་ཏེ་སྟན་ལ་འདུག་ནས། མཎྜལ་དང་མཆོད་པ་བཅས་ཆ་བཞི་ཡོད་ན་འདི་ནས་དྲི་མེད་གཙང་ཞིང་ལ་འཇུག གཅིག་ལས་མེད་ན་མཎྜལ་གྱི་ཚོམ་བུ་དང་། མཆོད་པ་གསར་པ་བརྗེ་བའམ། ཡང་ན་ཁ་གསོས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾཿགིས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ། ཨྃ་ལས་མཆོད་ཡོན། པཱྃ་ལས་ཞབས་བསིལ། པྃ་ལས་མེ་ཏོག དྷཱྃ་ལས་བདུག་སྤོས། དྃ་ལས་མར་མེ། གྃ་ལས་དྲི་ཆབ། ནྃ་ལས་ཞལ་ཟས། ཤྃ་ལས་རོལ་མོ། ཧཱུྃ་ལས་མཆོད་རྫས་གཞན་རྣམས་དྭངས་ཤིང་ཐོགས་པ་མེད་པ། ཞེས་སོ་སོའི་མིང་གི་ཡི་གེ་དང་པོ་ལས་མཆོད་རྫས་སོ་སོར་བསྐྱེད་པའམ། བསྡུ་ན། རིན་པོ་ཆེའི་སྣོད་དུ། ཞེས་པའི་མཐར། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ། གང་ལྟར་ཡང་། རྒྱ་དང་ཚད་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏ། པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨཱ་ཧྲི་ད་ཡ། སནྟོ་ཥ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཧོཿཧོཿཧོཿ ཨཱ་ཁཾ་སྭཱ་ཧཱ། ཞེས་བརྗོད། བསྡུ་ན་དྷརྨ་ར་ཎི་ཏ་མི་དགོས་སོ། །དེ་ནས། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཐང་སྐྱེས་ཆུ་སྐྱེས་ཆུ་ཆེན་མེ་ཏོག་བཅས། །དྲི་ཞིམ་ཡིད་འོང་ལྡན་པའི་མཆོད་ཡོན་འདི། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་དབུ་ལ་མཆོད་འབུལ་མ། །པུཥྤེ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་དཀོན་མང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་པུཥྤེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཤངས་ལ་མཆོད་འབུལ་མ། །སྤོས་མ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་སྤོས་ཁང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྤྱན་ལ་མཆོད་འབུལ་མ། །དཱི་པཾ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་མ། །ཉི་ཟླ་རིན་ཆེན་སྣང་གསལ་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་ལ་མཆོད་འབུལ་མ། །དྲི་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཨ་གར་ཙནྡན་ག་བུར་དུང་ཆོས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་གནྡྷེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ལྗགས་ལ་མཆོད་འབུལ་མ། །རོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་དང་བཅུད་ལྡན་ལྷ་རྫས་ཞལ་ཟས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ནཻ་ཝི་དྱཱ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྙན་ལ་མཆོད་འབུལ་མ། །སྒྲ་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །པི་ཝང་གླིང་བུ་སིལ་སྙན་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཤབྡ་པཱུ་ཛ་ཨཱཿཧཱུྃ། ཞེས་རོལ་མོ་བྱ་སྟེ་གྷཎྜེ་ར་ཎི་མཆོད་པ་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ་འདི་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏཱ་རཱ་བཛྲ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ་གིས་མཎྜལ་དབུལ། དེ་ནས་རྗེ་བཙུན་མ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ། ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་དྲན་པས། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བའི་བགྱིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མ། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་བའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།།ཅེས་བསྟོད་པ་ཚར་གཉིས་འདོན་ཞིང་ཕྱག་བྱས་ནས། སྟན་ལ་འདུག་སྟེ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དྭང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པ་དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་བྱས་ནས། རྗེ་བཙུན་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་ཡིག་ལྗང་གུའི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས། བདག་སོགས་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་རྒྱས་པར་བྱས་པར་དམིགས་ནས། འདོད་པའི་ལྷ་གང་ཡིན་པ་དེ་ཡིད་ཡུལ་དུ་བྱས་ཏེ། ཨོཾ་ཏཱ་རཱེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པ་སུམ་བརྒྱ་བགྲང་། ཡི་གེ་གཉིས་ཀྱི་སྦྱོར་བ་ཞེས་པ། ཏཱ་རེ། ཞེས་པའང་སུམ་བརྒྱ་བཟླ། འདི་ནི་ཐུན་མོང་གི་འདོད་དོན་ཞུ་བའི་དབང་དུ་བྱས་ལ། དམིགས་བསལ་གྱི་དོན་ཞུ་བའི་ཆེད་དུ་བྱེད་ན། གོང་གི་ཡི་གེ་བཅུ་པ་སུམ་བརྒྱ་སོང་བའི་མཚམས་སུ། ནད་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་གྲ་ཧེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། གདོན་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བིགྷཱན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཛྭཱ་རེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉེར་འཚེ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨུ་པ་དྲ་བེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མ་ཡིན་པར་འཆི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟས་ངན་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུརྣི་མི་ཏེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྨི་ལམ་ངན་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུར་སྭབྣི་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྣམ་གཡེང་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་ཅན་སྤྱི་དང་། ཁྱད་པར་དམིགས་བསལ་སྐབས་སུ་གང་བབས་དེ་ཅི་མང་བཟླ། ཏཱ་རེ། ཞེས་པའང་སུམ་བརྒྱ་བརྗོད་དོ། །ཐུན་མོང་བ་དང་ཁྱད་པར་གཉིས་གང་བཟླས་ཀྱང་། དེ་ནས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་སུ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ་འདི་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་གུ་རུ་ཏཱ་རེ་བཛྲ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ། ཞེས་པས་མཎྜལ་དབུལ། དེ་ནས་མེ་ཏོག་འཐོར་ཞིང་། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་གཅོད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིག་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་བསྒྲུབས་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་པས་སྨོན་ལམ་དང་། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་མའི་བཀྲ་ཤིས་ཤོག །ཅེས་པས་བཀྲ་ཤིས་བརྗོད། མེ་ཏོག་གཏོར་ལ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང་། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་དུ་ཆར་ཆུ་དུས་སུ་ཕེབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་སྦྱིན་བདག་འཁོར་བཅས་ཀྱི་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་འཕེལ། དཔལ་དང་འབྱོར་པ་རྒྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མེ་ཏོག་འཐོར་བཞིན་པས། ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད་པ་ནི་སྤྱིའི་མཎྜལ་གཉིས་པའོ།།  ༈ །རྗེ་བཙུན་མར་མཎྜལ་གསུམ་འབུལ་བའི་གཉིས་པ་ནི། མཎྜལ་དང་མཆོད་པ་བཅས་ཆ་བཞི་ཡོད་ན་མི་དགོས་ཀྱང་། ཆ་གཅིག་ལས་མེད་ན་མཎྜལ་གྱི་ཚོམ་བུ་དང་། མཆོད་པ་གསར་པ་བརྗེ་བའམ། ཁ་གསོས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་རྒྱ་དང་ཚད་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་བར་གྱི་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། སོགས། བསྡུན་དྷརྨ་ར་ཎི་ཏ་མི་དགོས་སོ། །དེ་ནས། འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་མ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །གཉིས་མེད་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་ཕྲིན་ལས་སྣ་ཚོགས་མཛད། །བྱམས་པའི་ཡུམ་གྱུར་ཁྱེད་ལ་ཕྱག་འཚལ་ལོ། །སྐུ་མདོག་ལྗང་གུ་ཕྲིན་ལས་སྣ་ཚོགས་མཛད། །ཡོན་ཏན་རབ་རྒྱས་བཅུ་དྲུག་ལོན་པའི་ཚུལ། །འགྲོ་ལ་རབ་དགྱེས་ཞལ་ནི་འཛུམ་པ་དང་། །ཞི་བའི་སྤྱན་ནི་འཇིག་རྟེན་གསུམ་ལ་གཟིགས། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་ཕྱག་འཚལ་ལོ། །བྱང་སེམས་རང་བཞིན་ཟླ་བ་གདན་དུ་བཏིང་། །ཉོན་མོངས་མི་སྐྱོད་རྡོ་རྗེའི་སྐྱིལ་ཀྲུང་བཅས། །སྒྲིབ་པ་ཀུན་སྤངས་པདྨའི་གདན་ལ་བཞུགས། །ཟག་མེད་བདེ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཟག་མེད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །ན་བཟའ་མཆོག་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་མཆོག་སྦྱིན་སྒྲུབ་ལ་དངོས་གྲུབ་སྟེར། །གཡོན་པས་ཨུཏྤལ་སྐྱོན་བྲལ་དག་པའི་རྟགས། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་འཚལ། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཐང་སྐྱེས་ཆུ་སྐྱེས་ཆུ་ཆེན་མེ་ཏོག་བཅས། །དྲི་ཞིམ་ཡིད་འོང་ལྡན་པའི་མཆོད་ཡོན་འདི། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་དབུ་ལ་མཆོད་འབུལ་མ། །པུཥྤེ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་དཀོན་མང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་པུཥྤེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཤངས་ལ་མཆོད་འབུལ་མ། །སྤོས་མ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་སྤོས་ཁང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྤྱན་ལ་མཆོད་འབུལ་མ། །དཱི་པཾ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་མ། །ཉི་ཟླ་རིན་ཆེན་སྣང་གསལ་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུལ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་ལ་མཆོད་འབུལ་མ། །དྲི་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཨ་གར་ཙནྡན་ག་བུར་དུང་ཆོས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་གནྡྷེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ལྗགས་ལ་མཆོད་འབུལ་མ། །རོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་དང་བཅུད་ལྡན་ལྷ་རྫས་ཞལ་ཟས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ནཻ་ཝི་དྱཱ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྙན་ལ་མཆོད་འབུལ་མ། །སྒྲ་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །པི་ཝང་གླིང་བུ་སིལ་སྙན་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཤབྡ་པཱུ་ཛ་ཨཱཿཧཱུྃ། ཞེས་རོལ་མོ་བྱ་སྟེ་གྷཎྜེ་ར་ཎི་མཆོད་པ་དང་། ས་གཞི་སྤོས་ཆུས་སོགས། ཨོཾ་བཛྲ་བྷཱུ་མི་སོགས། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་ཏཱ་རཱ་བཛྲ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ། ཞེས་པས་མཎྜལ་དབུལ། དེ་ནས། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སོགས་ནས། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་པའི་བར་བསྟོད་པ་ཚང་མ་ཚར་གསུམ་འདོན་ཞིང་ཕྱག་བྱ། སྟན་ལ་འདུག་སྟེ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དྭང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་བདུན་རྣམ་དག་དང་། རྗེ་བཙུན་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་ཡིག་ལྗང་གུའི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས། བདག་སོགས་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་རྒྱས་པར་བྱས་པར་དམིགས་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པ་སུམ་བརྒྱ་བགྲང་། དེ་ནས་དམིགས་བསལ་གྱི་འདོད་དོན་ཞུ་བའི་ཆེད་དུ་བྱེད་ན། ནད་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གྲ་ཧེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་པའི་མཚམས་སུ་གདོན་ལ། སརྦ་དུཥྚན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་ལ། སརྦ་བིགྷྣན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་ལ། སརྦ་ཛྭཱ་རེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉེར་འཚེ་ལ། སརྦ་ཨུ་པ་དྲ་བེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མ་ཡིན་པར་འཆི་བ་ལ། སརྦ་ཨ་ཀཱ་ལ་མྲི་ཏྱུ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟས་ངན་པ་ལ། སརྦ་དུརྣི་མི་ཏེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྨི་ལམ་ངན་པ་ལ། སརྦ་དུར་སྭཔྟི་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྣམ་གཡེང་ལ། སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་ཅན་དང་། ཏཱ་རེ། ཞེས་པ་སུམ་བརྒྱ་བརྗོད། ཐུན་མོང་གི་འདོད་དོན་ཞུ་བའི་དབང་དུ་བྱས་ན་སྤེལ་ཚིག་ཅན་མི་དགོས་སོ། །དེ་ནས། ས་གཞི་སྤོས་ཆུས་སོགས་དང་། ཨོཾ་བཛྲ་བྷཱུ་མི་སོགས་མཎྜལ་སྔར་ལྟར་འབུལ། དེ་ནས་མེ་ཏོག་འཐོར་ཞིང་། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ཅེས་སྨོན་ལམ་དང་། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་མའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། མེ་ཏོག་གཏོར་ཞིང་། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་རྣམ་པར་དཀར་བའ་ིཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང་། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་དུ་ཆར་ཆུ་དུས་སུ་ཕེབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་སྦྱིན་བདག་འཁོར་བཅས་ཀྱི་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་འཕེལ། དཔལ་དང་འབྱོར་པ་རྒྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མེ་ཏོག་འཐོར་བཞིན་པས། ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད་པ་ནི་སྤྱིའི་མཎྜལ་གསུམ་པའོ།།  ༈ །རྗེ་བཙུན་མར་མཎྜལ་གསུམ་འབུལ་བའི་གསུམ་པ་ནི། ཡང་མཎྜལ་དང་མཆོད་པ་བཅས་བཞི་ཡོད་ན་འདིར་མཆོད་པ་བྱིན་རླབས་མི་དགོས་ཀྱང་། ཆ་གཅིག་ལས་མེད་ན་གསར་པ་བརྗེ་བའམ་ཁ་གསོས། ཨོཾ་བཛྲ་ཡཀྵ་གིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ། ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ། རྒྱ་དང་ཚད་ནམ་མཁའ་དང་མཉམ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། ཨོཾ་བཛྲ་གཎྜེ་ར་ཎི་ཏ། སོགས་ཞེས་བརྗོད། བསྡུ་ན་དྷརྨ་ར་ཎི་ཏ་མི་དགོས་སོ། །དེ་ནས། ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་མོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་ལྟར་ནད་འཇོམས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཐབས་མཁས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ས་ལྟར་བརྟན་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཆུ་ལྟར་བསིལ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མེ་ལྟར་སྨིན་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རླུང་ལྟར་རྒྱས་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀཱ་ལ་པིང་ཀའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མ་ལུས་མཁྱེན། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱས། དྲི་མེད་གཙང་ཞིང་ཡན་ལག་བརྒྱད་ལྡན་ཆུ། །ཐང་སྐྱེས་ཆུ་སྐྱེས་ཆུ་ཆེན་མེ་ཏོག་བཅས། །དྲི་ཞིམ་ཡིད་འོང་ལྡན་པའི་མཆོད་ཡོན་འདི། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་དབུ་ལ་མཆོད་འབུལ་མ། །པུཥྤེ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་དཀོན་མང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ར་པུཥྤེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཤངས་ལ་མཆོད་འབུལ་མ། །སྤོས་མ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་སྤོས་ཁང་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་དྷཱུ་པེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྤྱན་ལ་མཆོད་འབུལ་མ། །དི་པཾ་དམར་སྐྱ་ཞལ་གཅིག་ཕྱག་གཉིས་མ། །ཉི་ཟླ་རིན་ཆེན་སྣང་གསལ་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་ལ་མཆོད་འབུལ་མ། །དྲི་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཨ་གར་ཙནྡན་ག་བུར་དུང་ཆོས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་གནྡྷེ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་ལྗགས་ལ་མཆོད་འབུལ་མ། །རོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་དང་བཅུད་ལྡན་ལྷ་རྫས་ཞལ་ཟས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ནཻ་ཝི་དྱཱ་པཱུ་ཛ་ཨཱཿཧཱུྃ། དུས་གསུམ་རྒྱལ་བའི་སྙན་ལ་མཆོད་འབུལ་མ། །སྒྲ་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །པི་ཝང་གླིང་བུ་སིལ་སྙན་སྣ་ཚོགས་བསྣམས། །རྒྱལ་བ་སྐྱེད་པའི་ཡུམ་ལ་མཆོད་པར་འབུལ། །ཨོཾ་གུ་རུ་ཏཱ་རཱ་ས་པ་རི་ཝཱ་ར་ཤབྡ་པཱུ་ཛ་ཨཱཿཧཱུྃ། །ཞེས་རོལ་མོ་བྱ་སྟེ་གྷཎྜེ་ར་ཎི་མཆོད་པ་དང་། ས་གཞི་སྤོས་ཆུས་སོགས་དང་། ཨོཾ་བཛྲ་བྷཱུ་མི་སོགས་མཎྜལ་སྔར་ལྟར་འབུལ། དེ་ནས། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སོགས་ནས། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་པའི་བར་བསྟོད་པ་ཕྱག་འཚལ་ཉེར་གཅིག་ཚང་མ་ཚར་བདུན་འདོན་ཞིང་ཕྱག་བྱ། དེ་ནས་སྟན་ལ་འདུག་སྟེ། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དྭང་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡིས་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་དོ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་འཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། །འདོད་པ་ཐམས་ཅད་འཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར། །ཞེས་ཕན་ཡོན་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སོགས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པ་དང་། རྗེ་བཙུན་མའི་ཐུགས་ཀར་ཟླ་བའི་སྟེང་ཏུ་ཏཱཾ་ཡིག་ལྗང་གུའི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས། བདག་སོགས་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་རྒྱས་པར་བྱས་པར་དམིགས་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པ་བཞི་བརྒྱ་དང་། དེ་ནས་དམིགས་བསལ་གྱི་འདོད་དོན་ཞུ་བའི་དབང་དུ་བྱེད་ན། ནད་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གྲ་ཧེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཞེས་པའི་མཚམས་སུ་གདོན་ལ། སརྦ་དུཥྚན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་ལ། སརྦ་བིགྷྣན་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རིམས་ལ། སརྦ་ཛྭཱ་རེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉེར་འཚེ་ལ། སརྦ་ཨུ་པ་དྲ་བེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་མ་ཡིན་པར་འཆི་བ་ལ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྟས་ངན་པ་ལ། སརྦ་དུརྣི་མི་ཏེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྨི་ལམ་ངན་པ་ལ། སརྦ་དུར་སྭཔྣི་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྣམ་གཡེང་ལ། སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཀུན་ལ་སྦྱར་བའི་སྤེལ་ཚིག་ཅན་དང་། ཏཱ་རེ། ཞེས་པ་བཞི་བརྒྱ་བགྲང་ངོ་། །ཐུན་མོང་གི་དངོས་གྲུབ་རྐྱང་པ་ཞུ་བའི་དབང་དུ་བྱས་ན་སྤེལ་ཚིག་ཅན་མི་དགོས། དེ་ནས། ས་གཞི་སྤོས་ཆུས་སོགས་དང་། ཨོཾ་བཛྲ་བྷཱུ་མི་སོགས་མཎྜལ་སྔར་ལྟར་འབུལ། དེ་ནས་མེ་ཏོག་འཐོར་བཞིན་པས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་གསོལ་བ་གདབ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་ཀྱི་སྨོན་ལམ་དང་། བདག་གི་ཚེ་རབས་ཀུན་ཏུ་སོགས་ཀྱི་བཀྲ་ཤིས་དང་། ཁྱད་པར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང་། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་དུ་ཆར་ཆུ་དུས་སུ་ཕེབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་སྦྱིན་བདག་འཁོར་བཅས་ཀྱི་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་འཕེལ། དཔལ་དང་འབྱོར་པ་རྒྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མེ་ཏོག་འཐོར་བཞིན་པས། ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདོན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད་པ་ནི་སྤྱིའི་མཎྜལ་བཞི་པའོ།།  ༈ །རྗེས་ལ་གཏོར་མ་བསྔོ་བ། གཏང་རག་གི་མཆོད་པ། དགེ་བ་བསྔོ་བ། ལྷག་ཆད་བསྐང་བ། བཟོད་པར་གསོལ་བ། གཤེགས་སུ་གསོལ་བ། བཀྲ་ཤིས་བརྗོད་པའོ། །དང་པོ་ནི། གཏོར་མ་བཞི་བཤམས་པ་ཆབ་ཀྱིས་བྲན་ལ། ཨོཾ་ཨ་མྲྀ་ཀྱིས་བསང་། ཨོཾ་སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་ཏེ་ལྷ་རྫས་ཀྱི་ཞལ་ཟས་སུ་བསྐྱེད་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་པའི། དང་པོ། ནམ་སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ། བྷ་ག་ཝ་ཏཱི་མཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མཱ་བི་ལཾ་བ། མཱ་བི་ལཾ་བ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཧཱུྃ་ཧཱུྃ། སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་གསུམ་མམ། ལྔས་རྗེ་བཙུན་མ་ལ་དབུལ། ཨོཾ་ཨརྻ་ཏཱ་རཱ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཱཾ་སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་གཉིས་པདྨོ་སོགས་ནས། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། སོགས་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་བར་གྱིས་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་ཏྱ་ནུཏྤཱནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ། ཞེས་པ་གསུམ་མམ། ལྔས་ཆོས་སྐྱོང་སྤྱི་ལ་ཕུལ་ལ། མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདི་དཀར་ཕྱོགས་སྐྱོང་བའི་སྲུང་མ་ཁྱད་པར་ཅན་རྣམས་ལ་འབུལ་ལོ། །བདེ་བར་གཤེགས་པའི་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ། རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང་། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་འགྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་དུ་ཆར་ཆུ་དུས་སུ་ཕེབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་སྦྱིན་བདག་འཁོར་བཅས་ཀྱི་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་འཕེལ། དཔལ་དང་འབྱོར་པ་རྒྱས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག ཅེས་བརྗོད་དོ། །གསུམ་པ་ནི། ཡང་། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སོགས། ཞེས་པའམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་མམ། ལྔས་གཏོར་མ་བྱིན་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་པས་དེ་བཞིན་གཤེགས་པ་བཞི་ལ་ཕྱག་བྱས་ལ་རྗེས་སུ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ཙམ་མམ། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་སོགས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པ་བྱིན་ལ། གཏོར་མ་འདིས་འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཟས་སྐོམ་བདུད་རྩིའི་ཆར་ཆེན་བབས། ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །བཞི་པ་ནི། ཡང་། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། གསུམ་མམ། ལྔས་གཞི་བདག་ལ་བསྔོས་ལ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་སོགས། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ཙམ་མམ། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་སོགས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཀྱི་སྦྱིན་པས་བྱིན་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གནས་བདག གཞི་བདག ཡུལ་བདག གྲོང་བདག གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་ཞིང་། བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱི་འགལ་རྐྱེན་བར་ཅད་ཐམས་ཅད་ཞི་ཞིང་། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛོད། ཅེས་བརྗོད་དོ། །གཉིས་པ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་བླ་མ་དང་། མགོན་པོ་ཐུགས་རྗེ་ཆེར་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བ་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཐོབ་པ། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་སམ། བསྡུ་ན། སྟོན་པ་བླ་མེད་སངས་རྒྱས་སོགས། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་དཀོན་མཆོག་གི་བསྟོད་པ་བསྡུས་པའི་རྗེས་སུ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་སོགས། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང་། སྐྱབས་གནས་དམ་པ་རྣམས་ལ་ཕྱག་འཚལ་ཞིང་། །ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་གྱིས་མཆོད། །ཐོག་མེད་འཁོར་བར་བསགས་པའི་སྡིག་པ་བཤགས། །ལེགས་བྱས་བསོད་ནམས་ཀུན་ལ་རྗེས་ཡི་རང་། །སྲས་བཅས་རྒྱལ་བར་ཆོས་འཁོར་བསྐོར་བར་བསྐུལ། །དེ་དག་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་ཚོགས་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་པས་ཡན་ལག་བདུན་པ་དང་། སྤྲོ་ན། བདག་གིས་བཅོམ་ལྡན་ཁྱེད་སྐུ་ལེགས་བསྒོམས་ཤིང་། །མཐུ་ཆེན་གཟུངས་སྔགས་འབད་པས་བཟླས་པ་དང་། །གུས་པས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །འདོད་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །མཐའ་ཡས་འགྲོ་བ་བདག་དང་བཅས་རྣམས་ལ། །མི་བཟད་འཇིགས་དང་སྡུག་བསྔལ་འབྱུང་བའི་རྒྱུ། །ལས་དང་ཉོན་མོངས་སྟོབས་ལྡན་ལས་བྱུང་བའི། །སྡིག་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །དགྲ་དང་ཆོམ་རྐུན་གདོལ་པས་གཙེས་པ་དང་། །གཅན་གཟན་འཇིགས་དང་ཕ་རོལ་དམག་ཚོགས་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང་། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །སྐར་མདའ་ལྟུང་དང་ས་གཡོའི་འཇིགས་པ་དང་། །བྱད་སྟེམས་མཐུ་དང་ཐོག་ཆེན་འབེབས་པ་སོགས། །མི་དང་མི་མ་ཡིན་གྱི་གནོད་པ་དང་། །ཉེར་འཚེ་ཐམས་ཅད་ཞི་བར་མཛད་དུ་གསོལ། །གློ་བུར་ཡེ་འདྲོག་གནོད་པ་མ་ལུས་དང་། །དུག་དང་སྦྱར་དུག་ཁ་ཟས་མ་ཞུ་དང་། །འཁོན་དང་ཉམས་གྲིབ་འབགས་དང་མི་གཙང་སོགས། །དྲི་མ་ཐམས་ཅད་ཞི་བར་མཛད་དུ་གསོལ། །དེ་ལྟར་ཕྱི་ནང་ལུས་སེམས་སྡུག་བསྔལ་ཀུན། །རང་གི་ལས་ལས་བྱུང་མོད་དེ་ལྟར་ནའང་། །དབང་དང་སྟོབས་བཅུ་བརྙེས་པ་ཁྱོད་ཀྱི་མཐུས། །སྡུག་བསྔལ་མཐའ་དག་ཞི་བར་མཛད་དུ་གསོལ། །ཁྱོད་ཀྱིས་བདག་གི་སྡུག་བསྔལ་ཟིལ་གནོན་ཅིང་། །བདེ་བའི་ལས་འབྲས་བཟང་པོའི་གསོས་བཏབ་ནས། །ཡང་དག་བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །ལས་དང་ཉོན་མོངས་ཞི་བར་མཛད་དུ་གསོལ། །སྔོན་དུས་འཁོར་བར་ལན་མང་འཁོར་བའི་ཚེ། །གཞན་སྲོག་བཅད་དང་འཚོ་བ་ཕྲོག་པ་སོགས། །ཚེ་ཐུང་འགྱུར་བའི་ལས་སྒྲིབ་ཅི་བསགས་པ། །དེ་ཀུན་བྱང་ཞིང་དག་པར་མཛད་དུ་གསོལ། །ཁྱད་པར་ཚེ་འདིར་ལས་དང་བསོད་ནམས་ཚེ། །རྒུད་ཅིང་ཉམས་པའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཁྱོད་ཀྱིས་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དེ་ཀུན་བྱང་ཞིང་བཀྲུ་བར་མཛད་དུ་གསོལ། །ཕུན་ཚོགས་ཕན་བདེ་འབྱུང་བའི་སྒོ་གཅིག་པུ། །རྒྱལ་བའི་བསྟན་པ་ཆོས་ཀྱིས་གཟུང་བའི་ཕྱིར། །ཚེ་དང་བསོད་ནམས་རྣམ་དག་ལས་བཟང་རྣམས། །ཡར་ངོའི་ཟླ་ལྟར་རྒྱས་པར་མཛད་དུ་གསོལ། །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཞིང་། །ཚུལ་ཁྲིམས་དག་པའི་ལུས་བཟང་ཡུན་རིང་འཚོ། །ཁ་དོག་རྒྱས་ཤིང་དམ་ཆོས་སྤྱོད་པ་དང་། །ཚེ་གྲངས་དཔག་མེད་རྒྱས་པར་མཛད་དུ་གསོལ། །དཀོན་མཆོག་རྫས་དང་གཞན་ལས་ཕྲོག་པ་སོགས། །མ་དག་ལོག་པའི་འཚོ་བ་ཀུན་སྤངས་ནས། །སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ཀྱིས། །ལུས་ཀྱི་ཟོ་མདོག་རྒྱས་པར་མཛད་དུ་གསོལ། །ནད་དང་གནོད་མེད་དགའ་མགུར་སྤྱོད་པ་དང་། །ཚེ་ཡི་བར་དུ་གཅོད་པ་ཀུན་ཞི་ནས། །བཤད་བསྒྲུབ་བྱ་བས་ཉིན་མཚན་འདའ་བ་སོགས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང་། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་པས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཉིད་ཐུགས་འཆི་མེད་དབང་པོའི་བང་མཛོད་ལས། །རྨད་བྱུང་བློ་དང་ཚེ་ཡི་ནོར་བླངས་ནས། །འགྲོ་བ་ཚེ་ཡི་དབུལ་བ་སེལ་གྱུར་ཅིག །ཅེས་སམ། འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །སོགས་ནས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་གང་རུང་འདོན། མི་ནུས་ན་གོང་ལྟར། ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེར་བར་ཞི་བར་མཛད་དུ་གསོལ། །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །བཤེས་གཉེན་གྲོགས་མཆོག་ཐམས་ཅད་ལ། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་ཆོས་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ༈ །བདག་གིས་སྔར་ཡང་ཁྱེད་ལ་གསོལ་བཏབ་པས། །དོན་དེ་བདེ་བླག་ཉིད་དུ་སྩལ་ལགས་ཀྱི། །ད་དུང་སྒྲོལ་མས་རྗེས་སུ་བཟུང་གྱུར་ནས། །ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང་། །སྐྱེ་བ་ཀུན་ཏུ་བསྟན་ལ་ལེགས་ཞུགས་ནས། །ཡང་དག་བསྟན་པ་རབ་ཏུ་རྒྱས་བྱེད་ཅིང་། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །རྒྱལ་བའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཤོག །ཅེས་པས་གསོལ་བ་གདབ། གསུམ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་འདི་ལྟར་བསྒྲུབ་པའི་དགེ་བ་འདིས་མཚོན་ཏེ། རང་གཞན་འཁོར་འདས་ཀྱིས་དགེ་བའི་རྩ་བ་རྣམས་ཀྱི་མཐུ་ལ་བརྟེན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐོབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མ་གྲོལ་བ་རྣམས་གྲོལ་བར་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསླབ་པའི་གཞི་མཐའ་དག་ལ་སློབ་ཅིང་བྱང་ཆུབ་སེམས་པའི་སྤྱོད་པ་རླབས་པོ་ཆེ་བྱེད་པའི་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད། བཞི་པ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ། སོགས། ཞེས་ཡི་གེ་བརྒྱ་པ་འདོན་པའོ། །ལྔ་པ་ནི། མ་འབྱོར་པ་དང་སོགས། ཞེས་དང་། བདག་ཅག་སོ་སོའི་སྐྱེ་བོ་བསམ་པ་ཉོན་མོངས་པ་ཅན་དུ་གྱུར་པའི་དབང་གིས་ཏིང་ངེ་འཛིན་མི་གསལ་ཞིང་། བྱིང་རྒོད་ཀྱི་དབང་དུ་གྱུར་པ་དང་། ཡོ་བྱད་ལ་དབང་མ་ཐོབ་པས་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ། གཙང་སྦྲས་མ་བྱེད་པ། ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ། ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད། འཕགས་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་ལོ། །བདག་ཅག་ལ་འཕྲལ་དང་ཡུན་དུ་སྒྲིབ་པ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་དོ། །དྲུག་པ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གཤེགས་སུའམ། པོ་ཏཱ་ལར་གཤེགས་པར་བསྒོམ་པའམ། མདུན་གྱི་རྟེན་ཡོད་ན་ནོངས་པ་བཟོད་གསོལ་གྱི་རྗེས་སུ། ཇི་སྲིད་དུ་འབྱུང་བ་བཞིའི་གནོད་པས་མ་ཞིག་པ་དེ་སྲིད་དུ་ཡེ་ཤེས་པ་རྟེན་འདི་དག་ལ་བརྟན་པར་བཞུགས་ནས། སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། འདིའི་ཚབ་ཏུ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾགྱིས་བཞུགས་སུ་གསོལ་ཞིང་གདན་ཕུལ་ཞེས་པའང་སྣང་། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་ཀྱི། །བདག་དང་གཞན་གྱིས་དགེ་བ་ཅི་བསགས་པ། །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས། །ཡེལ་མེད་པ་སོགས་དམིགས་པའི་དུག་སྤངས་ནས། །འཁོར་དང་མྱ་ངན་འདས་ལ་མི་སྨོན་པའི། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དང་། བདུན་པ་ནི། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །བདག་དང་སྦྱིན་བདག་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཤིང་བཀྲ་ཤིས་པར་གྱུར་ཅིག།  །།ཅེས་པ་བཀྲ་ཤིས་བརྗོད་པའོ། །སོར་བཞག་མཆན་བསྣན་ངག་འདོན་ཀུན་ཚང་སྟེ། །སེར་ཡོད་རྣམས་ཀྱང་བློ་ལ་གསལ་བ་གཅེས། །ལག་ལེན་བདེ་ཞིང་བྱིན་རླབས་ཤིན་ཏུ་མྱུར། །ཀུན་གྱིས་མ་ཆག་དམ་བཅའ་མཛད་པར་རིགས། །སྒྲོལ་མ་མཎྜལ་བཞིའི་ཆོ་གའི་རིམ་པ་ཕྱག་ལེན་ལྟར་བཀོད་པའོ། །ཕྱག་འཚལ་བའི་ཚིགས་བཅད་རྣམས་ནི་རང་གིས་གང་ཤེས་བྱས་པས་ཆོག་ལ། ཆོག་ཁྲིགས་འདི་ཁོ་ན་བཞིན་ཉམས་སུ་བླང་ངོ་། །དངོས་གྲུབ་མྱུར་སྩོལ་རྗེ་བཙུན་སྒྲོལ་མ་ལ། །གསོལ་བ་གདབ་ཚུལ་གོང་མའི་གསུང་ངག་བཞིན། །རིན་ཆེན་རྒྱལ་མཚན་སངས་རྒྱས་དཔལ་ཞེས་པས། །ཉེ་བར་སྐུལ་ཕྱིར་ཨ་ཝ་དྷཱུ་ཏཱི་པའི། །བཙུན་པ་བསོད་ནམས་རྒྱལ་མཚན་་་་་་དཔལ་བཟང་པོས། ཀྱིས་སྦྱར་རོ། །ཞེས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཆོ་ག་ཅུང་ཟད་མི་གསལ་བ་རྣམས། སྔར་གྱི་མཆན་རྙིང་ལ་སླར་ཡང་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་ཀུན་དགའ་ཚུལ་ཁྲིམས་ཀྱི་གསུང་རབ་ལ་བརྟེན་ནས་རང་གི་བློ་ལ་འཇག་དཀའ་བའི་གནས་འགའ་མཆན་སྣ་བསྲིངས་ཡོད་པ་ལས། དཔེ་བལྟ་བདེ་བའི་ཆེད་དུ་མཆན་དཀྱུས་སུ་བཅུག་ནས་བཀླག་ཆོག་གི་ཡི་གེ་འདི་བཞིན་གྱིས་ཤིག་ཅེས་ས་སྐྱོང་བླ་མ་སངས་རྒྱས་བསྟན་པའི་གསུང་གིས་བསྐུལ་བའི་ངོར། ཆོས་སྨྲ་བའི་དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་བསྡེབས་པའོ། །འདི་ལ་ཆོས་རྗེ་བླ་མའི་གསུང་ཚིག་གཅིག་ཀྱང་མ་ལུས་པར་ཞབས་ཏོག་གི་ཚུལ་དུ་སྦྱར་བ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དེ་བཞིན་དགོངས་པར་ཞུ། མཁས་ལ་ཡོངས་གྲགས་བྱིན་རླབས་མངོན་གྱུར་པའི། །ཟབ་ཆོས་འདི་འདྲ་རྩྭ་བཞིན་འདོར་བྱེད་པའི། །ཀྱེ་ཧོ་སྙིགས་དུས་སྐྱེ་བོའི་སྡིག་འདི་འདྲ། །བདག་ནི་མན་ངག་རྩད་ཆོད་ཨ་ལ་ཧོ། །ཞེས་ཀྱང་རང་བབས་སུ་སྨྲས་སོ། །འདི་ཉམས་སུ་ལེན་པ་རྣམས་ཀྱིས་བླ་མ་བརྒྱུད་ལྡན་ལས་ལུང་དང་ལག་ལེན་ནོས་ནས་བརྩོན་པར་བྱའོ། །བརྒྱུད་པ་ནི་ཐོས་ཡིག་ཏུ་ཤེས་པར་བྱའོ། །སླར་ཡང་འདིའི་རྩ་བ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་ཉིད་ལ། ཕྱིས་སུ་ཚིག་སྣ་བསྲིངས་པ་དང་མཆན་དཀྱུས་སུ་ཤོར་བ་སོགས་ཀྱིས་གཞུང་ཅུང་ཟད་རྒྱས་བསྡུས་དང་འདྲ་མིན་མང་དུ་སྣང་ནའང་། རྩ་བའི་ཡི་གེ་མ་དག་སྙམ་པ་འགའ་རེ་དང་བསྟུན་ནས་ཚིག་ཟུར་ཉམས་པ་འགའ་ཞིག་དག་པར་བགྱིས་པའོ།།  ༈  །།འཇིགས་པ་བརྒྱད་ལས་སྐྱོབས་པའི་ཐབས། །འཕགས་མ་སྒྲོལ་མ་སྒྲུབ་བྱེད་ན། །ཁུངས་ལྡན་མཎྜལ་བཞི་པ་ཡི། །ཆོ་ག་གཅིག་པུ་མཆོག་ཏུ་གོ །འདི་ནི་དེང་སང་བྱིན་རླབས་ཀྱི། །མཚན་ཁ་ཤིན་ཏུ་ཆེ་བས་ན། །འཕྲལ་ཡུན་ཕན་བདེ་སྟེར་བ་ལ། །རྒྱལ་བ་དངོས་དང་མཚུངས་པར་གྱུར། །གསར་རྙིང་ཀུན་ལ་གྲགས་ཆེ་ཡང་། །བརྒྱུད་པ་བཟང་བ་འདི་ལ་ཐུག །དེ་ཕྱིར་ཟབ་མོའི་སྤྱོད་ཡུལ་ཅན། །འདི་ལས་ཁྱད་འཕགས་གཞན་ན་མེད། །དགེའོ།།  །།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*