ཡོན་ཏན་ཚད་མེད་མ།

ཆོས་སྤྱོད་དཀར་ཆག

༈ །ཡོན་ཏན་ཚད་མེད་འོད་གསལ་ཆོས་ཀྱི་སྐུ། །མཚན་དཔེས་རབ་བརྒྱན་གསུང་དབྱངས་སེང་གེའི་སྒྲ། །ཡིད་བཞིན་ནོར་ལྟར་འགྲོ་བའི་དོན་མཛད་པའི། །འགྲོ་མགོན་བླ་མ་བརྒྱུད་པར་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པས་མཆོད། །ལུས་ངག་ཡིད་ཀྱི་སྡིག་པ་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་སུ་ཡི་རང་ངོ་། །ཆོས་འཁོར་བསྐོར་ཞིང་རྟག་ཏུ་བཞུགས་པར་གསོལ། །མགོན་པོ་ཁྱོད་ཀྱིས་བྱང་ཆུབ་ཚུལ་བསྟན་ཚེ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས་ནས་ཀྱང་། །བདག་སོགས་གདུལ་བྱ་ཡལ་བར་མི་འདོར་ཞིང་། །ཐེག་མཆོག་བདུད་རྩིས་ཚིམ་པར་མཛད་དུ་གསོལ། །གཟུངས་དང་སྤོབས་པ་ཆོས་ཀྱི་གྲུ་སྦྱར་ཏེ། །ཉོན་མོངས་ལས་དང་སྐྱེ་བའི་ཆུ་བོ་ལས། །སེམས་ཅན་ཐམས་ཅད་ལེགས་པར་བསྒྲལ་ནས་ཀྱང་། །མཐའ་གཉིས་ལས་གྲོལ་བདེ་ཆེན་སྩལ་དུ་གསོལ། །སེམས་ཅན་བུ་ཚའི་སྤྱོད་པ་ཅི་འདྲ་ཡང་། །ཕ་མའི་བྱམས་པས་འདོར་བར་མི་འགྱུར་ལྟར། །རྨོངས་པས་བསླུས་པ་བདག་སོགས་གདུལ་བྱ་ཡི། །སྤྱོད་པ་ཅི་འདྲ་དེ་འདྲར་ཐུགས་རྗེས་གཟིགས། །སྲིད་པ་ཀུན་དུ་བླ་མའི་ཞབས་བསྟེན་ཅིང་། །རྙེད་དང་བཀུར་སྟི་སྒྲུབ་པས་མཆོད་བྱས་ཏེ། །སྟོན་པའི་འདུ་ཤེས་སྐད་ཅིག་མི་འབྲལ་ཞིང་། །སྐྱོན་གྱི་རྟོག་པས་གོས་པར་མ་གྱུར་ཅིག །བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང་། །ངོ་མཚར་མོས་པ་རབ་ཏུ་འཕེལ་འགྱུར་ཞིང་། །བྱ་བ་ཀུན་ལ་གཞན་དུའང་མི་རྟོག་པར། །ཕན་པའི་འདུ་ཤེས་རྟག་ཏུ་རྙེད་གྱུར་ཅིག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཡན་ལག་བདུན་པ་འདི་ནི་རིགས་པར་སྨྲ་བ་ཡར་ཀླུངས་པ་ཡིས་སྦྱར་བའོ།།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*