ཚད་མའི་མདོ་དང་གཞུང་ལུགས་སྡེ་བདུན་གྱི་དེ་ཁོ་ན་ཉིད་བསྡུས་པ། ཀ ༽

༼ཚ༽༄༅། །ཚད་མའི་མདོ་དང་གཞུང་ལུགས་སྡེ་བདུན་གྱི་དེ་ཁོ་ན་ཉིད་བསྡུས་པ་རྟོག་གེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ཚད་མའི་མདོ་དང་གཞུང་ལུགས་སྡེ་བདུན་གྱི་དེ་ཁོ་ན་ཉིད་བསྡུས་པ་རྟོག་གེའི་སྙིང་པོ་ཞེས་བྱ་བ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དངོས་སྟོབས་གསེར་གྱི་འཛིན་མར་ཞབས་བརྟེན་ཅིང༌། །བགྲང་ཡས་རིགས་པའི་ཚོགས་ཀྱི་བང་རིམ་ཅན། །ཕྲིན་ལས་རྒྱ་མཚོའི་དབུས་ན་ལྷམ་མེ་བ། །ཐུབ་དབང་སྨྲ་བའི་ལྷུན་པོ་དེང་འདིར་རྒྱལ། །དེ་ལས་བརྒྱུད་པའི་ཆོས་ཀྱི་བགྲོད་མང་པོ། །ཁྱོད་བློ་གཏིང་མཐའ་ཡངས་པར་གནས་བཅས་ནས། །གྲགས་པའི་ཆུ་བོ་སྟོང་ཕྲག་འབེབས་མཁས་པ། །སྡེ་བདུན་མཛད་པའི་མཚོ་ཆེན་རྟག་ཏུ་རྒྱལ། །དེ་ལས་འོངས་པའི་ལུགས་བཟང་ནོར་བུའི་ཕྲེང༌། །ཕྱོགས་བྲལ་སྐྱེ་བོའི་མགྲིན་པར་སྟེར་བརྩོན་ཞིང༌། །དྲི་མེད་གྲགས་པས་ཕྱོགས་མཐའ་མཛེས་མཛད་པའི། །གཟུར་གནས་དགེ་བའི་བཤེས་ལ་མགོས་ཕྱག་འཚལ། །གཞུང་ལུགས་སུམ་རྩེན་སྐྱེད་ཚལ་ནས་འོངས་རྒྱུན། །རྣམ་དཔྱོད་རལ་པ་འཐུག་པོས་ལེགས་འཐུངས་པ། །སྟོང་ཕྲག་བློ་གསལ་དྲང་སྲོང་ཛཱཧྣུ་ཡི། །མགྲིན་པར་སྦྱིན་པས་ས་འདི་དགེ་གྱུར་ཅིག །འདི་ལ་དོན་གཉིས་ཏེ། རྟོག་གེའི་ལུས་བརྒྱད་ཀྱི་སྒོ་ནས་ཤེས་བྱེད་ཚད་མའི་རང་བཞིན་ངོས་གཟུང༌། ཚད་མ་དེའི་ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པའོ། །དང་པོ་ལ། ཐོག་མར་གཞན་རྗེས་སུ་འཛིན་པའི་ཡན་ལག རྗེས་སུ་བཟུང་ནས་གཞལ་བྱའི་གནས་གསུམ་ལ་མཁས་པར་བྱ་བའི་ཡན་ལག་གོ །དང་པོ་ལ། ཐེ་ཚོམ་ཅན་རྗེས་སུ་འཛིན་པའི་ཡན་ལག་རྟགས་དང་སྒྲུབ་ངག ལོག་རྟོག་ཅན་ཚར་གཅོད་པའི་ཡན་ལག་ཐལ་འགྱུར་བཤད། དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་གྲུབ་པའི་དོན་དུ་གྱུར་པའི་བསྒྲུབ་བྱ་བཤད་པའོ། །དང་པོ་ལ། བརྗོད་བྱ་རྟགས་ཀྱི་རྣམ་གཞག རྗོད་བྱེད་རྟགས་ཚིག་གི་རང་བཞིན་བཤད་པའོ། །དང་པོ་ལ་གཏན་ཚིགས་ཡང་དག་དང༌། ལྟར་སྣང་གཉིས། དང་པོ་ལ་མཚན་ཉིད་དང༌། མཚན་གཞིའི་དབྱེ་བ་གཉིས། དང་པོ་ལ། ཡང་དག་གི་མཚན་ཉིད་དང༌། ལྟོས་གཞི་སོ་སོའི་མཚན་ཉིད་དོ། །དང་པོ་ལ། གཞན་ལུགས་མི་འཐད་པ་དང༌། རང་ལུགས་གཞག་པ་གཉིས། དང་པོ་ནི། བོད་ཕྱི་རབས་པ་དག་ན་རེ། མཚན་ཉིད་ནི་ཚུལ་གསུམ་ཡིན་པའོ། །མཚན་གཞི་ནི་བྱས་པ་ལྟ་བུའོ། །དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག རྗེས་ཁྱབ་བམ། རྗེས་འགྲོའི་ཚུལ་ཡིན་པའི་ཕྱིར། དང་པོ་ཡིན་ཏེ། དེ་སྒྲུབ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡིན་འགོད་སོགས་ཡིན། ཁྱོད་དང་དེ་གསུམ་ཕན་ཚུན་ཐ་དད་དེ་ཁྱོད་ཡིན་པར་ངེས་ནས་དེ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་སྲིད། དེ་ཁྱོད་ཡིན་པའི་ཕྱིར། རྗེས་ཁྱབ་བམ་རྗེས་འགྲོའི་ཚུལ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད། ཁྱོད་མི་རྟག་པ་ལ་འབྲེལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་ངེས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་སྒྲུབ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡིན་འགོད་སོགས་གང་ཞིག ཁྱོད་ཡིན་ཡོད། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པའི་ཕྱིར། ཞེས་ཟེར་རོ། །དེ་དག་ནི་རིགས་པ་མ་ཡིན་ཏེ་འདི་ལྟར། སྒྲ་བྱས་པ་ཡིན་པ་དེ་མདུན་གྱི་གཞི་འདིར་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དུ་ཐལ་བ་དང༌། སྒྲ་དང་མི་རྟག་པ་གང་རུང་དེ་དེར་ཐལ་བ་དང་ཁྱེད་ལྟར་ན། བྱས་པའི་བྱེ་བྲག་ཀྱང་དེར་ཐལ་བ་དང༌། གཞལ་བྱ་དེ་སྒྲ་རྟག་པ་ཡོད་པར་སྒྲུབ་པའི་དེར་ཐལ་བ་དང༌། རྟོག་བྲལ་གྱི་རིག་པ་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཚད་མར་སྒྲུབ་པའི་ཚུལ་གསུམ་དུ་ཐལ་ཏེ། སྒྲུབ་བྱེད་དེ་དག་རིམ་པ་ཞུགས་པའི་ཕྱིར། གཞན་ཡང༌། དེ་སྐབས་ཀྱི་ཕྱིར་རྒོལ་གྱི་རྒྱུད་ཀྱི་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་འཇལ་བྱེད་ཀྱི་རྗེས་དཔག་གསུམ་པོ་དེ་གསར་རྟོགས་སུ་སོང་སའི་གཞལ་བྱ་གསུམ་གྱི་གཞི་མཐུན་སྲིད་པར་འགྱུར་ཏེ། བྱས་པ་དེ་དེ་སྐོར་གྱི་ཚུལ་གསུམ་ཡིན། དེ་ལས་ལྡོག་པ་ཐ་དད་ན་དེ་མ་ཡིན་དགོས་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་སོ། །འདོད་མི་ནུས་ཏེ། རེ་རེ་ནས་ཕན་ཚུན་ཡིན་པར་འགལ་བའི་ཕྱིར། ཡང་དེའི་དུས་ཀྱི་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་རྗེས་དཔག་ཡིན་ན། དེ་སྐོར་གྱི་ཕྱོགས་ཆོས་མི་འཇལ་དགོས་པར་ཐལ། དེ་དུས་ཀྱི་རྗེས་དཔག་དེ་གསར་རྟོགས་སུ་སོང་སའི་གཞལ་བྱ་ཡང་ཡིན། དེ་སྐོར་གྱི་ཕྱོགས་ཆོས་ཀྱང་ཡིན་པའི་གཞི་མཐུན་མི་སྲིད་པའི་ཕྱིར། སྲིད་ན་གང་ཡིན། བྱས་པ་དེའོ་ཞེ་ན། དེ་རྟགས་ཡང་དག་གི་བསྒྲུབ་བྱར་ཐལ་བ་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་མི་རྟག་པ་ལ་གསར་རྟོགས་སུ་ཐལ་བ་དང༌། བྱས་པ་དེ་སྐོར་གྱི་རྗེས་ཁྱབ་འཇལ་བའི་ཚད་མའི་གཞལ་བྱར་ཐལ་བ་རྣམས་འཇུག་གོ །ཡང་སྒྲ་བྱས་པར་མི་ཤེས་པའི་ཕྱིར་རྒོལ་གྱི་ངོར་དང༌། དེ་མི་ཤེས་པའི་སྔར་རྒོལ་གྱི་དང༌། སྒྲ་མི་རྟག་པ་ལ་ཤེས་འདོད་མེད་པའི་རྒོལ་བའི་ངོར། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། དེ་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་ཐལ། སྒྲུབ་བྱེད་དེ་དག་ཞུགས་པའི་ཕྱིར། འདོད་ན་ཇི་སྐད་དུ། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ༌། །ཞེས་པའི་ལུང་དང་འགལ་བ་དང༌། ཤེས་འདོད་མེད་པའི་ཕྱོགས་ཆོས་སྲིད་པར་ཐལ་ལོ། །ཡང་མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་ངེས་སུ་ཐལ་བ་དང༌། བྱས་མི་རྟག་གི་འབྲེལ་པ་མི་ཤེས་པའི་རྒོལ་བའི་ངོར་ཡང༌། བྱས་པ་དེ་དེ་སྒྲུབ་ཀྱི་དེར་ཐལ་བ་དང༌། མི་རྟག་པ་དེ་ཡང་དེ་སྒྲུབ་ཀྱི་དེར་ཐལ་བར་འགྱུར་ཏེ། ཁྱེད་རང་གི་སྒྲུབ་བྱེད་དེ་དག་ཞུགས་པའི་ཕྱིར་རོ། །འདོད་ན། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཞེས་དང༌། འདི་རུ་ཤེས་པའང་ཐོབ་པ་ཉིད། །ཅེས་གསུངས་པ་དང་འགལ་བ་དང༌། མི་རྟག་པ་དེ་མི་རྟག་པ་ལ་འབྲེལ་བར་འགྱུར་རོ། །གཞན་ཡང༌། ཁྱེད་མཉན་བྱ་མཐའ་གཅིག་ཏུ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་རྟགས་སུ་འདོད་པ་ལྟར་ན། མཉན་བྱ་དང་མི་རྟག་པའི་འབྲེལ་པ་ཤེས་པའི་རྒོལ་བའི་ངོར། དེ་སྒྲུབ་ལ་དེ་རྟགས་སུ་བཀོད་པའི་ཚེ་མཉན་བྱ་ཆོས་ཅན། དེ་སྒྲུབ་ཀྱི་རྗེས་ཁྱབ་དང་རྗེས་འགྲོའི་ཚུལ་དུ་ཐལ། ཁྱེད་རང་གི་སྒྲུབ་བྱེད་དེ་དག་ཞུགས་པའི་ཕྱིར། དེ་ལ་མཐུན་དཔེ་མེད་དོ་སྙམ་ན། འོ་ན་རྟག་པ་བྱས་སྟོང་དུ་སྒྲུབ་པ་དང༌། འདུས་བྱས་དང་དངོས་པོ་མི་རྟག་པར་སྒྲུབ་པ་དང༌། ཤེས་བྱ་བདག་མེད་དུ་སྒྲུབ་པ་སོགས་ཀྱི་མཐུན་དཔེ་མེད་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི། དེ་དག་དེར་རྟོགས་པའི་རྗེས་དཔག་མེད་པར་འགྱུར་ཞིང༌། དེ་ཡང་འདོད་ན། བྱས་ཡོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་འཇལ་བའི་རྗེས་དཔག་མི་སྲིད་པར་ཐལ་བ་དང༌། ཤེས་བྱ་བདག་མེད་དུ་རྟོགས་པའི་ཚུར་མཐོང་གི་ཚད་མ་མེད་པར་ཐལ་བ་དང༌། རིགས་འདྲའི་རྒྱུན་མེད་པའི་དངོས་པོ་རྣམས་དང་དངོས་པོ་ཙམ་ལ་མི་རྟག་པར་རྟོགས་དཀའ་སླའི་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང༌། ཁྱེད་ལྟར་ན། སྦྱོར་བ་དེ་སྐོར་གྱི་རྗེས་ཁྱབ་གྲུབ་ན། དེ་སྐོར་གྱི་ལྡོག་ཁྱབ་གྲུབ་དགོས་པར་འགྱུར་ཏེ། ཕྱོགས་ཆོས་གང་ཞིག རྗེས་ཁྱབ་བམ་རྗེས་འགྲོའི་ཚུལ་ཡིན་ན། ཚུལ་གསུམ་ཡིན་དགོས་པའི་ཕྱིར། འདོད་ན། བློ་ཡུལ་དུ་བྱ་རུང་གི་རྟགས་ཀྱིས་བུམ་པ་ཤེས་བྱར་སྒྲུབ་པ་སོགས་ཀྱི་ལྡོག་ཁྱབ་གྲུབ་པར་འགྱུར་ལ། དེ་ཡང་འདོད་ན། ཤེས་བྱ་མ་ཡིན་པ་ཆོས་ཅན། བློ་ཡུལ་དུ་བྱ་རུང་མ་ཡིན་པ་ལ་འབྲེལ་བར་ཐལ། ཁྱོད་ཀྱི་རྟགས་ཀྱིས་བུམ་པ་དེ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པའི་ཕྱིར། རྟགས་ཁས། ཁོ་བོ་ཅག རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་ངོ་བོ་གཅིག་ཏུ་འདོད་པ་ལ་ཉེས་པ་དེ་མཚུངས་པ་མ་ཡིན་ཏེ། བློ་ཡུལ་དུ་བྱ་རུང་དེ་ཤེས་བྱ་མ་ཡིན་པ་ལ་མེད་པར་སྒྲུབ་པའི་རྟགས་ཡང་དག་དང༌། དེ་ལ་བརྟེན་པའི་རྗེས་དཔག་ཡོད་པའི་ཕྱིར། གཞན་ཡང༌། ཁྱེད་ཁྱབ་པ་གྲུབ་པ་ལ་འབྲེལ་བ་མི་དགོས་པར་འདོད་པ་དང༌། རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་འབྲེལ་ཞེས་ཟེར་བ་ནང་འགལ། ཡང་དེ་ཡིན་ན་དེ་ཡིན་དགོས་པ་ཙམ་གྱིས་རྗེས་ཁྱབ་ཀྱི་གོ་ཆོད་པར་འདོད་པ་དང༌། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་མེད་པར་འདོད་པ་ནང་འགལ། ཚུལ་གསུམ་རེ་རེ་ནས་མཚོན་བྱར་ཁས་ལེན་པ་དང༌། ཚུལ་གསུམ་མཚན་ཉིད་དུ་འདོད་པ་ནང་འགལ་ལོ། །གཉིས་པ་རང་གི་ལུགས་ལ། མཚན་ཉིད་དང་མཚན་གཞི་དཔེར་བརྗོད་པའོ། །དང་པོ་ལ། རྟགས་ཡང་དག་གི་མཚན་ཉིད་དང༌། ཚུལ་གསུམ་སོ་སོའི་མཚན་ཉིད་དོ། །དང་པོ་ནི། དེ་སྒྲུབ་ཀྱི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་སམ། ཡང་ན་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་གྲུབ་ཅིང༌། ཁྱོད་དང་མི་རྟག་པ་ལ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་གྲུབ་པ་དེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་མཚན་ཉིད་དོ། །འདིར་འབྲེལ་པ་ངེས་པ་ལ་སྔོན་དུ་རྗེས་སུ་འགྲོ་ལྡོག་གཉིས་ཀ་ངེས་དགོས་ཏེ། ཇི་སྐད་དུ། རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོར་མཐོང༌། །ཞེས་དང༌། དེ་ཡང་རྗེས་སུ་འགྲོ་ལྡོག་གི །སྒོ་ནས་ཕྲུགས་གསུམ་རྣམ་པ་གཉིས། །ཞེས་འབྲེལ་པ་ངེས་པ་ལ་རྗེས་སུ་འགྲོ་ལྡོག་ངེས་བྱེད་ཀྱི་ཚད་མ་གཉིས་ཀ་སྔོན་དུ་འགྲོ་དགོས་པར་བཤད་པའི་ཕྱིར། འོ་ན་ཇི་སྐད་དུ། རྣམ་པར་ངེས་པ་ལས། འབྲེལ་པ་ངེས་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་དེ་ཇི་ལྟར་གྲང་ཞེ་ན། དེ་ནི་ཚུལ་གསུམ་ཁྱད་པར་ཅན་ལ་དགོངས་པ་ཡིན་ཏེ། འབྲེལ་པ་མི་ཤེས་པའི་ངོར། གཏན་ཚིགས་ཡང་དག་མི་འགོད་པའི་ཕྱིར་ཏེ། དེའི་ངོར་རྗེས་སུ་འགྲོ་ལྡོག་གཉིས་ལས་གང་རུང་གཅིག་སྨྲས་པས་ཅིག་ཤོས་དོན་གྱིས་གོ་བར་མི་ནུས་པའི་ཕྱིར། འོ་ན་འབྲེལ་པ་ངེས་བྱེད་ཀྱི་རྗེས་སུ་འགྲོ་ལྡོག་གཉིས་དང༌། རྟགས་ཚུལ་དུ་གྱུར་པའི་རྗེས་སུ་འགྲོ་ལྡོག་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། བོད་སྔ་མ་རྣམས་ཀྱིས་རྗེས་སུ་འགྲོ་ལྡོག་ཙམ་པོ་དང༌། ཁྱད་པར་ཅན་གྱི་ཐ་སྙད་མཛད་པ་ཉིད་ལེགས་པ་ཡིན་ཏེ། སྔ་མ་ལ་མཐུན་ཕྱོགས་ལ་ཡོད་པར་ངེས་པ་ཙམ་གྱིས་ཆོག་ལ། ཕྱི་མ་ལ་ནི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཅིག་དགོས་པའི་ཕྱིར་རོ། །གཉིས་པ་ལ། གཞན་ལུགས་མི་འཐད་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། བོད་ཕྱི་རབས་པ་རྣམས། ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་རྟགས་ཆོས་དོན་གསུམ་ཕན་ཚུན་ཐ་དད། ཅེས་དང༌། དེ་དེར་ངེས་ནས་དེ་དེ་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་སྲིད་ཅེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། བློ་ཡུལ་དུ་བྱ་རུང་གི་རྟགས་ཀྱིས་བུམ་པ་ཤེས་བྱ་མ་ཡིན་པར་སྒྲུབ་པ་ལྟ་བུ་ལ། དེ་གསུམ་ཕན་ཚུན་ཐ་དད་མེད་པའི་ཕྱིར་དང༌། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་དུ་སྒྲུབ་པ་ལྟ་བུ་ལ། དེར་དེ་ཡོད་པར་ངེས་ནས་དེར་མེ་ཡོད་མེད་ཐེ་ཚོམ་ཟ་བའི་རྒོལ་བ་མི་སྲིད་པའི་ཕྱིར་དང༌། དེར་དུ་བ་ཡོད་པར་ངེས་ནས་དེར་མེ་ཡོད་མེད་ཐེ་ཚོམ་ཟ་ན་ནི། དེ་འདྲའི་ཐེ་ཚོམ་དེ་གང་གིས་ལྡོག་པར་བྱེད། ཅེས་ཁྱེད་ཀྱིས་བསམ་དགོས་སོ། །ཡང་རྗེས་འགྲོའི་མཚན་ཉིད་ཀྱི་ཟུར་དུ་མཐུན་དཔེ་ཡོད་ཅེས་དང༌། འབྲེལ་ཞེས་འདོད་པ་ནི་ལྷག་པ་ཡིན་ཏེ། མཐུན་དཔེ་དང་འབྲེལ་བ་མེད་ན། མཐུན་ཕྱོགས་ཁོ་ན་ཡོད་པར་ངེས་པ་ཞེས་བྱ་བ་དེ་འབྱུང་བའི་ཐབས་མེད་པའི་ཕྱིར་དང༌། འབྲེལ་བ་དང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བའི་ཕྱིར་རོ། །འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྲིད་རྟགས་ཆོས་གཉིས་ཀྱི་འབྲེལ་པ་མ་ངེས་པ་དེ་སྲིད་དུ་ཚུལ་གཉིས་སུ་མི་འགྱུར་བར་ཁས་བླངས་པ་ཡིན་གྱི། ཚུལ་གཉིས་ཀྱི་ཐ་སྙད་ངེས་པ་འབྲེལ་པ་ངེས་པ་ལ་རག་ལས་པར་ཁས་མ་བླངས་སོ། །འོ་ན་དེའི་ཐ་སྙད་གང་གིས་ངེས་པར་བྱེད་ཅེ་ན། དེ་གཉིས་ཀྱི་མཚན་ཉིད་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་རང་ལུགས་ནི། རང་གི་ལྟོས་གཞི་ཕྱོགས་ལ་གཙོ་བོར་ལྟོས་པའི་རྟགས་ཚུལ་དེ། ཕྱོགས་ཆོས་ཀྱི་ཚུལ་གྱི་མཚན་ཉིད། མཚན་གཞི་ནི། བྱས་པ་དེ་ཤེས་འདོད་ཆོས་ཅན་དུ་གྱུར་པའི་སྒྲའི་སྟེང་དུ་ཡོད་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཆ་ལྟ་བུའོ། །རང་གི་ལྟོས་གཞི་མཐུན་ཕྱོགས་ལ་གཙོ་བོར་ལྟོས་པའི་རྟགས་ཚུལ་དེ། རྗེས་འགྲོའི་ཚུལ་གྱི་མཚན་ཉིད། མཚན་གཞི་ནི། བྱས་པ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཆ་ལྟ་བུའོ། །རང་གི་ལྟོས་གཞི་མི་མཐུན་ཕྱོགས་ལ་གཙོ་བོར་ལྟོས་པའི་རིགས་སུ་གནས་པའི་རྟགས་ཚུལ་དེ། ལྡོག་པའི་ཚུལ་གྱི་མཚན་ཉིད། མཚན་གཞི་ནི། བྱས་པ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཆ་ལྟ་བུའོ། །ཚུལ་གསུམ་གྱི་གོ་རིམ་ནི། གཞུང་ལས་ཕྱོགས་ཆོས་ཀྱི་ཚུལ་དང་པོར་གསུངས་ཀྱང༌། རྒོལ་བའི་བློ་ངོར་དང་པོ་ཡིན་པའི་ངེས་པ་མེད་དེ། ཁྱབ་པ་སྔོན་འགྲོ་ཅན་གྱི་སྒྲུབ་ངག་ཡོད་པའི་ཕྱིར། རྗེས་འགྲོའི་ཚུལ་དེ་ཚུལ་གཉིས་པ་ཡིན་པའི་ངེས་པ་མེད་པའང་དེའི་རིགས་པས་ཤེས་པར་བྱའོ། །ཡང་གཞུང་ལས། ཚུལ་གསུམ་གྱི་མཚན་གཞི་གསལ་བར་གསུངས་པ་ཡོད་ཀྱང༌། མཚན་ཉིད་མ་བཤད་པས་དེ་གསུམ་སོ་སོའི་མཚན་ཉིད་མ་གཞག་ཀྱང་ཉེས་པ་མེད་དོ། །གཉིས་པ་རྟགས་ཡང་དག་གི་མཚན་གཞི་ངོས་གཟུང་བ་ལ། གཞན་ལུགས་མི་འཐད་པ་དང༌། རང་ལུགས་གཞག་པའོ། །དང་པོ་ནི། བོད་ཕྱི་རབས་པ་རྣམས་ན་རེ། མཚན་གཞི་ནི་བྱས་པ་ཙམ་པོ་ཡིན་ཅིང༌། འགོད་ཚུལ་ནི་སྐབས་ཀྱི་རྒོལ་བའི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པས། རྟགས་ཅན་རྗེས་དཔག་སྐྱེད་དོ་ཞེས་ཟེར། འདི་མི་འཐད་པ་ལ་གཉིས་ཏེ། མཚན་གཞི་མི་འཐད་པ་དང༌། འགོད་ཚུལ་མི་འཐད་པའོ། །དང་པོ་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར། གཏན་ཚིགས་ཡང་དག་ཡིན་པའི་ངེས་པ་མེད་དེ། ཁྱོད་དེའི་ངོར་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་སུ་སོང་བའང་སྲིད། མ་ངེས་པའི་གཏན་ཚིགས་སུ་སོང་བའང་སྲིད་པའི་ཕྱིར། འོ་ན་དེའི་ངོར་གཏན་ཚིགས་ལྟར་སྣང་དུ་ཁས་ལེན་ནུས་སམ་ཞེ་ན། དེའི་ངེས་པ་མེད་དེ། དེའི་ངོར་གཏན་ཚིགས་ཡང་དག་ཏུ་སོང་བའང་སྲིད་པའི་ཕྱིར། འོ་ན་ཚུལ་གསུམ་ཚང་མ་ཚང་དངོས་འགལ་མ་ཡིན་པར་འགྱུར་རོ་ཞེ་ན། འོ་ན་ཡོད་མེད་དངོས་འགལ་མ་ཡིན་པར་འགྱུར་ཏེ། མདུན་གྱི་གཞི་འདིར་རྣམ་མཁྱེན་ཡོད་མེད་གང་དུ་ཡང་རྒོལ་བ་ཁྱོད་ཀྱིས་ཁས་ལེན་མི་ནུས་པའི་ཕྱིར། ཡོད་པར་ཁས་ལེན་ནུས་སོ་ཞེ་ན། དེ་དེར་ཚད་མས་གྲུབ་ནས་སམ། མ་གྲུབ་པར་ཁས་ལེན་ནུས་པ་ཡིན། དང་པོ་ལྟར་ན། ཚད་མ་གང་གིས་གྲུབ་བརྟགས་པས་འཇིག་གོ །དེ་བས་ན་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་ཚེ་རྟགས་ཡང་དག་དང༌། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་དུ་སོང་བའི་ཚེ། གཏན་ཚིགས་ལྟར་སྣང་ཡིན་ཞེས་ཁས་ལེན་དགོས་པ་ཡིན་ཏེ། དཔེར་ན་བྱས་པ་རང་ལྡོག་ནས་དགག་རྟགས་དང་སྒྲུབ་རྟགས་གང་རུང་མ་ཡིན་ཀྱང༌། དེ་དེར་སོང་བའི་ཚེ་དེ་དང་དེར་ཁས་ལེན་པ་བཞིན་ནོ། །གཉིས་པ་ནི། དེ་ལྟ་བུའི་སྦྱོར་ངག་ནི་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་དེའི་ངོར། ཁྱོད་དེ་སྒྲུབ་ཀྱི་སྦྱོར་ངག་ཡང་དག་མ་ཡིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པའི་ཕྱིར་དང༌། ཚུལ་གསུམ་གང་རུང་མ་བརྗོད་པའི་ཕྱིར་རོ། །གཉིས་པ་རང་ལུགས་ལ། སྦྱོར་བ་འགོད་པའི་ཚུལ་དང༌། གཏན་ཚིགས་ཡང་དག་ཏུ་སོང་བའི་དུས་སོ། །དང་པོ་ནི། ཕྱིར་རྒོལ་བས་སྒྲ་མི་རྟག་པ་དང་དེའི་སྒྲུབ་བྱེད་ལ་ཤེས་འདོད་ཞུགས་ནས་དྲིས་པའི་ཚེ། སྔ་རྒོལ་མཁས་པས། རྟགས་དགོད་དང༌། ཚུལ་སྒྲུབ་པའོ། །དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། ཕྱི་རྒོལ་བས། ཕྱོགས་ཆོས་དང་འབྲེལ་པ་བསྒྲུབ་བྱེད་དྲིས་པ་ན། ལྟོས་མེད་དང༌། གནོད་པ་ཅན་གྱི་གཏན་ཚིགས་དང༌། རྒྱུ་རྐྱེན་ལས་སྐྱེས་པའི་གཏན་ཚིགས་གསུམ་གྱི་བྱེད་པས་ཕྱོགས་ཆོས་དང་འབྲེལ་པ་ལྟོས་གཞི་སོ་སོའི་སྟེང་དུ་ཤེས་པར་བྱེད་དོ། །དེ་ལྟར་ཤེས་ཤིང༌། ཚུལ་གསུམ་དྲན་ལམ་དུ་མ་ཤར་བ་དེ་ལ་གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ཞེས་བྱ་ལ། དེའི་ངོར་གང་ཅུང་ཟད་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་འགོད་པར་བྱེད་དོ། །གཉིས་པ་ནི། རྒོལ་བ་དེའི་ངོར་དེ་ལྟར་བཀོད་པའི་ཚེ་ན། བྱས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། དེ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པ་གང་ཞིག ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཡང་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར། དེ་སྒྲུབ་པ་ནི། དེ་དུས་ཀྱི་རྒོལ་བ་དེ་ཆོས་ཅན། དེའི་ཚེ་བྱས་པ་དེ་དེ་དང་དེ་ལ་ཡོད་པར་ཁྱོད་ཀྱི་ཚད་མས་ངེས་པ་ཡིན་ཏེ། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཡིན་པའི་ཕྱིར་རོ། །དེའི་ངོར་དེ་འགོད་པའི་ཚུལ་ནི་སྔ་མ་དེ་ཁོ་ནར་ངེས་ལ། རྟགས་ཡང་དག་ཏུ་སོང་བ་དང་ཚུལ་གསུམ་དྲན་ལམ་དུ་འཕངས་པ་དུས་གཅིག་ཅིང༌། དེའི་སྐད་ཅིག་གཉིས་པར་རྟགས་ཅན་རྗེས་དཔག་སྐྱེ་བར་ངེས་སོ། །གལ་ཏེ་འོ་ན་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ། དེའི་ཚེ་ན་དེ་དེ་ཡིན་པའི་ཕྱིར་ཞེ་ན། འོ་ན་སྐྱེས་བུ་ལྷ་སྦྱིན་སངས་རྒྱས་སུ་ཐལ། དེ་སངས་རྒྱས་པའི་ཚེ་དེ་དེ་ཡིན་པའི་ཕྱིར་རོ། །གཉིས་པ་ལྟོས་གཞི་སོ་སོའི་མཚན་ཉིད་ལ། ཚུལ་དང་པོའི་ལྟོས་གཞི་དང༌། ཕྱི་མ་གཉིས་ཀྱི་ལྟོས་གཞི་བཤད་པའོ། །དང་པོ་ལ་གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་གཞག་པའོ། །དང་པོ་ནི། བོད་ཕྱི་མ་རྣམས་ཤེས་འདོད་ཆོས་ཅན་དང་ཚུལ་དང་པོའི་ལྟོས་གཞི་མིང་གི་རྣམ་གྲངས་སུ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། ཚུལ་དང་པོའི་ལྟོས་གཞི་ཡིན་ན། རང་གི་དངོས་མིང་དུ་ཤེས་འདོད་ཆོས་ཅན་ཞེས་བྱ་བའི་མིང་གིས་བཏགས་པར་འགལ་བའི་ཕྱིར། འགལ་བ་ཅི་ཞེ་ན། ཇི་སྐད་དུ། ཆོས་ཅན་བརྗོད་ན་འཁྲུལ་གཞི་ཡོད། །མཐའ་རྣམས་བཀག་ན་ཡུན་རིང་འགོར། །ཞེས་པའི་ཉེས་པ་དེར་འགྱུར་བའི་ཕྱིར། གཉིས་པ་ལ་མཚན་ཉིད་དངོས་དང༌། འདོགས་པའི་ཆོས་གསུམ་གང་ལ་འཇུག་པའི་གཞི་བསམ་པའོ། །དང་པོ་ནི། ཕྱོགས་ཆོས་གཏན་ལ་འབེབས་པའི་གཞིར་གཟུང་བ་གང་ཞིག རང་གི་དངོས་མིང་དུ་ཤེས་འདོད་ཆོས་ཅན་ཞེས་པའི་མིང་གི་བརྡ་སྦྱོར་དུ་མི་རུང་བའོ། །གཉིས་པ་ནི། ཕྱོགས་ཞེས་པའི་སྒྲའམ་མིང་དེ། ཚུལ་དང་པོའི་ལྟོས་གཞི་ལ་བཏགས་མིང་དུ་འཇུག་ཏུ་མི་རུང་བའི་རྒྱུ་མཚན་ཅི་ཡིན། དེ་དེ་ལ་བཏགས་མིང་དུ་མི་འཇུག་ན། དེ་གང་ལ་བཏགས་མིང་དུ་འཇུག་པའི་ཆོས་གསུམ་རྩི་བའི་གཞི་གང་ལ་བྱ་ཞེ་ན། བཤད་པ། ཕྱོགས་ཞེས་པའི་མིང་དེ་ལྟོས་གཞི་དང་པོའི་དངོས་མིང་ཡིན་ཏེ། ཕྱོགས་ཆོས་ཞེས་པའི་མིང་དེ་ཚུལ་དང་པོའི་དངོས་མིང་ཡིན་པའི་ཕྱིར། ཡང་ཕྱོགས་ཞེས་པའི་མིང་ཆོས་ཅན། ཚུལ་དང་པོའི་ཐ་སྙད་གཏན་ལ་འབེབས་པའི་ཚེ་ཤེས་འདོད་ཆོས་ཅན་གྱི་མཚན་གཞིར་གང་གཟུང་བ་དེའི་དངོས་མིང་ཡིན་ཏེ། དེའི་ཚེ་དེ་ལ་འདོད་རྒྱལ་ཐོག་མར་སྦྱར་བའི་མིང་ཡིན་པའི་ཕྱིར། དཔེར་ན་ཁྱབ་པ་གཏན་ལ་འབེབས་པའི་ཚེ། བསྒྲུབ་བྱའི་ཆོས་དང༌། བསྒྲུབ་བྱ་གཏན་ལ་འབེབས་པའི་ཚེ་ཚོགས་དོན་ལ་ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་བཞིན་ནོ། །གནས་སྐབས་གསུམ་པོ་དེར་ཕྱོགས་ཀྱི་མིང་དོན་གསུམ་པོ་དེ་དང་དེ་ལ་དངོས་མིང་དུ་འཇུག་པ་ཡིན་ཏེ། དཔེར་ན། སེནྟ་པ་ཞེས་པའི་མིང་བཞིན་ནོ། །འདོད་རྒྱལ་གྱི་མིང་ལ་གཉིས་ཏེ། རྒྱུ་མཚན་དང་དགོས་པ་ལ་མ་ལྟོས་པ་ཐོག་མའི་འདོད་རྒྱལ་དང༌། དེ་ལ་ལྟོས་པ་རྗེས་གྲུབ་ཀྱི་འདོད་རྒྱལ་གཉིས་ཡོད་པར་སྨྲ་སྒོ་ལས་བཤད་དོ། །བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་དུ། ཡ་གྱལ་གཉིས་པོ་དེ་རང་ཉིད་ལྟོས་གཞིར་འཇོག་པའི་སྐབས་དེ་དང་དེར་ཕྱོགས་མཚན་ཉིད་པ་ཡིན་པ་ལ་དངོས་ལ་གནོད་བྱེད་གསུངས་པ་མེད་དོ། །གཉིས་པ་ནི། སྐབས་དེར་དེ་ལ། ཕྱོགས་ཀྱི་སྒྲ་དངོས་མིང་དུ་འཇུག་ཀྱང༌། སྐབས་གཞན་དུ་བཏགས་མིང་དུ་འཇུག་པ་ཡིན་ཏེ། དེའི་ཆོས་གསུམ་ཚང་བའི་ཕྱིར། དཔེར་ན་བསྒྲུབ་བྱ་གཏན་ལ་འབེབས་པའི་སྐབས་སུ་ཡ་གྱལ་གཉིས་པོ་ལ་དེའི་སྒྲ་བཏགས་མིང་དུ་འཇུག་པ་བཞིན་ནོ། །དེ་ལྟར་ན། ཤེས་འདོད་ཆོས་ཅན་གྱི་མཚན་གཞི་གཅིག་ཉིད་ལྡོག་པའི་སྒོ་ནས་བསྒྲུབ་བྱའི་ཆོས་ཀྱི་རྟེན་ཡིན་པ་དེའི་ཚེ་ཕྱོགས་ཞེས་པའི་མིང་དེ་བཏགས་མིང་དང༌། ཤེས་འདོད་ཆོས་ཅན་ཞེས་པའི་མིང་དེ་དངོས་མིང་དུ་འཇུག ཚུལ་དང་པོའི་ལྟོས་གཞི་ཡིན་པ་དེའི་ཚེ་ཕྱོགས་ཞེས་པའི་མིང་དེ་དངོས་མིང་དུ་འཇུག་པར་ངེས་སོ། །དེའི་ཕྱིར་ཚུལ་དང་པོའི་ལྟོས་གཞིར་གྱུར་པའི་ཕྱོགས་ནི། ཕྱོགས་ཆོས་ཀྱི་ཚུལ་གཏན་ལ་འབེབས་པའི་གཞིར་གཟུང་བ་དེའི་ཚེ་ཁོ་ནར་ངེས་སོ། །གཉིས་པ་ཁྱབ་པའི་ལྟོས་གཞི་བཤད་པ་ལ། གཞན་ལུགས་མི་འཐད་པ་དང༌། རང་ལུགས་གཞག་པ་གཉིས། དང་པོ་ནི། བོད་སྔ་ཕྱི་ཕལ་ཆེ་བ་དག་མཐུན་པར། སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་དང་ལྡན་པ་དང༌། །མི་ལྡན་པ་ཞེས་པ་མཚན་ཉིད་དུ་གཞག་ནས། མཚན་གཞི་ནི། གང་མི་རྟག་པ་ཡིན་པ་ཐམས་ཅད་སྒྲ་མི་རྟག་པར་གྲུབ་པའི་མཐུན་ཕྱོགས་དང༌། གང་རྟག་པ་ཡིན་པ་ཐམས་ཅད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་སུ་གཞག་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། ལུང་དང་འགལ་ཞིང་རིགས་པས་གནོད་པའི་ཕྱིར། དང་པོ་ནི་འདི་ལྟར། ཆོས་ཅན་སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་དང་མཐུན་ཕྱོགས་གཉིས་ཀ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། རྣམ་པར་ངེས་པ་ལས། རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་མ་ཡིན་ཏེ། ཞེས་གསུངས་པ་དང་འགལ། ཡང་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་པའི་ངེས་གཟུང་གི་ཚིག་གིས་རྟགས་ཤེས་འདོད་ཆོས་ཅན་ལ་ཡོད་པ་སེལ་ལམ་སྙམ་པའི་དོགས་པ་སྐྱེ་མི་སྲིད་པར་ཐལ་བ་དང༌། སྲིད་དུ་ཆུག་ཀྱང་དོགས་པ་དེ་སེལ་བ་ན། རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཉིད་མཐུན་ཕྱོགས་ཡིན་ནོ་ཞེས་ལན་བཏབ་པས་ཆོག་པར་འགྱུར་ལ། དེ་ཡང་དེ་ལྟ་ན། རྣམ་པར་ངེས་པ་ལས། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་གཟུང་བའི་ཕྱིར། ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡོད་པར་གྲུབ་པ་བསྡུད་པའི་ངེས་པར་གཟུང་བ་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། ཞེས་དོགས་པ་དེ་ལ་ལན་འདེབས་པའི་ཚུལ་དེ་ལྟར་བྱུང་བ་དང་འགལ་ལོ། །གཉིས་པ་རིགས་པས་གནོད་པ་ནི། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དུ་གྱུར་པའི་སྒྲ་ཆོས་ཅན། དེ་སྐོར་གྱི་རྗེས་འགྲོ་གཏན་ལ་འབེབས་པའི་གཞིར་རུང་བར་ཐལ། དེ་སྐོར་གྱི་མཐུན་ཕྱོགས་ཡིན་པའི་ཕྱིར། འདོད་ན། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཆོས་ཅན། བྱས་པ་དེ་རྟག་པ་མཐའ་དག་ལས་ལོག་པར་ཁྱོད་ཀྱི་ཚད་མས་ངེས་པར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལས་ལོག་པར་ཁྱོད་ཀྱི་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཁྱོད་ཀྱི་ཚད་མས་ངེས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ཁྱོད་ཀྱི་ཚད་མས་ངེས་པར་ཐལ། འདོད་པའི་ཕྱིར། དེའང་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་རྟགས་ལ་མ་བརྟེན་པར་སྒྲ་མི་རྟག་པ་ཉིད་དུ་ཚད་མས་ངེས་ནུས་པར་ཐལ། ཁྱོད་ཀྱིས་སྒྲ་བྱས་པ་ཡིན་པ་དང༌། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ཚད་མས་ངེས་པའི་ཕྱིར། ཡང་དེ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་མ་ཡིན་པར་ཐལ། སྒྲ་བྱས་པ་ཡིན་པ་དང༌། བྱས་པ་ཐམས་ཅད་མི་རྟག་པར་ཚད་མས་ངེས་པའི་རྒོལ་བ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་མེད་ན། གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་ཡང་དག་སྲིད་པར་ཐལ། བྱས་པ་ཐམས་ཅད་མི་རྟག་པར་ཚད་མས་གྲུབ་ཟིན་པའི་རྒོལ་བའི་ངོར་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་འགོད་དགོས་པའི་ཕྱིར། གཉིས་པ་རང་ལུགས་ནི། དེ་སྒྲུབ་ཀྱི་རྗེས་འགྲོ་གཏན་ལ་འབེབས་གཞིར་རུང་བ་གང་ཞིག དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ལྡན་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། མཚན་གཞི་ནི། རྒོལ་བས་མི་རྟག་པར་ངེས་པའི་བུམ་པ་ལྟ་བུའོ། །དེ་སྒྲུབ་ཀྱི་ལྡོག་པ་གཏན་ལ་འབེབས་པའི་གཞིར་རུང་བ་གང་ཞིག དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་དགག་བྱའི་ཆོས་ལྡན་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། དབྱེ་ན་འགལ་བ། གཞན་པ། མེད་པ་མི་མཐུན་ཕྱོགས་དང་གསུམ། དཔེ་རིམ་བཞིན་དུ། སྒྲ་མི་རྟག་པར་སྒྲུབ་པའི་ཚེ། མི་རྟག་པའི་དངོས་ཀྱི་འགལ་ཟླ་རྟག་པ་དང༌། དོན་ལ་རྟག་པར་གནས་ཀྱང༌། རྒོལ་བས་རྟག་པར་མ་ངེས་པའི་ཤེས་བྱ་ལྟ་བུ་དང༌། རྒོལ་བས་རྟག་པར་ཚད་མས་ངེས་པའི་ནམ་མཁའ་ལྟ་བུའོ། །འདིར་ལྡོག་ཚུལ་གྱི་ལྟོས་གཞིར་གཞག་པ་ནི། གསུམ་པ་ཡིན་ཏེ། ཇི་སྐད་དུ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་ཞེས་དང༌། དེའི་རང་འགྲེལ་དུ། མེད་པ་ལ་མེད་པ་ཞེས་བྱ་བ་ནི། དེ་དང་འགལ་བས་ཀྱང་མ་ཡིན་ལ། གཞན་པ་ཉིད་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ། །སྤྱིར་རྟགས་ཡང་དག་གི་མཐུན་ཕྱོགས་ཡིན་ན། རྗེས་ཁྱབ་གཏན་ལ་འབེབས་པའི་གཞིར་རུང་བ་ཡིན་པས་ཁྱབ་ཀྱང༌། དེའི་མི་མཐུན་ཕྱོགས་ཡིན་ན། ལྡོག་ཁྱབ་གཏན་ལ་འབེབས་པའི་གཞི་ཡིན་པས་ཁྱབ་པ་མེད་དེ། རྟགས་ཆོས་ཀྱི་འབྲེལ་པ་མཐུན་དཔེའི་སྟེང་དུ་ཤེས་ཟིན་པའི་འོག་ཏུ་ལྡོག་པ་མི་མཐུན་དཔེའི་སྟེང་དུ་སྟོན་མི་དགོས་པ་ཞིག་ཀྱང་སྲིད་པའི་ཕྱིར། ཇི་སྐད་དུ། དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །ཅེས་གསུངས་སོ། །ཡང་སྐབས་འདིར་གཞལ་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་ཀྱང༌། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་མཐུན་ཕྱོགས་ཡོད་པ་མ་ཡིན་ཏེ། དེ་སྐོར་གྱི་རྗེས་ཁྱབ་གཏན་ལ་འབེབས་པའི་གཞི་མེད་པའི་ཕྱིར། དེ་བས་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཐུན་ཕྱོགས་ཡིན་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་གཏན་ལ་འབེབས་པའི་གཞི་ཡིན་པས་ཁྱབ་ཀྱང༌། སྦྱོར་བ་དེ་སྐོར་གྱི་དེ་ལ་དེས་མ་ཁྱབ་ཅེས་ཁས་བླང་བར་བྱའོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། སྒྲུབ་རྟགས་དང་དགག་རྟགས་ཡང་དག་གཉིས། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། ཐ་སྙད་འབའ་ཞིག་སྒྲུབ་དང༌། དོན་དང་ཐ་སྙད་གཉིས་ཀ་གྲུབ་པའི་རྟགས་ཡང་དག་གཉིས། སྒྲུབ་བྱེད་ཀྱི་སྒོ་ནས་དངོས་པོ་སྟོབས་ཞུགས་སོགས་གསུམ། མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས། དེ་ལ་ཁྱབ་བྱེད་དུ་འཇུག་པ་དང༌། རྣམ་གཉིས་སུ་འཇུག་པ་གཉིས། སྦྱོར་བའི་སྒོ་ནས་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ། རྒོལ་བའི་སྒོ་ནས་རང་དོན་དང༌། གཞན་དོན་སྐབས་གཉིས་སོ། །དབྱེ་སྒོ་དང་པོ་ལ་གཉིས་ལས། གཞན་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག རྟགས་དེའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་སྒྲུབ་པ་ཡིན་པ་དང༌། མེད་པར་དགག་པ་ཡིན་པའི་ཆ་ནས་འབྱེད་དོ་ཞེས་མཐུན་པར་སྨྲ་བ་ལ་ནི་འདི་ལྟར་བརྟག་དགོས་ཏེ། དངོས་ཞེས་པ་ཞེ་འདོད་དམ། སྒྲས་ཟིན་གང་ལ་བྱེད། དང་པོ་ལྟར་ན་གཞུང་དང་མཐུན་མོད། ཁྱེད་ཀྱི་འདོད་པ་ནི་དེ་ལྟར་མ་ཡིན་ཏེ། བོད་ཕྱི་མ་ཀུན་གྱིས་ནི། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་བཞི་དང༌། འགལ་ཟླ་དམིགས་པའི་གཏན་ཚིགས་སུ་བཀོད་པ་ཐམས་ཅད་མཐའ་གཅིག་ཏུ་དགག་པའི་གཏན་ཚིགས་ཁོ་ནར་ཁས་ལེན་པས་སོ། །དེ་ལྟར་ཁས་བླངས་ན་གཞུང་དང་མི་མཐུན་པ་ཡང་ཡིན་ཏེ། གཞུང་ལས་ནི་རྒྱུ་དང་ཁྱབ་བྱེད་དང༌། རང་བཞིན་མ་དམིགས་པ་གསུམ་དང༌། དེར་མ་ཟད་བསྒྲུབ་བྱའི་ཆོས་ཐ་སྙད་འབའ་ཞིག་པ་ཅན་གྱི་མ་དམིགས་པའི་གཏན་ཚིགས་རྣམས་སྒྲུབ་པའི་གཏན་ཚིགས་སུ་ཡང་བཤད་པའི་ཕྱིར། འོ་ན་དེ་སྐབས་ཀྱི་བསྒྲུབ་བྱའི་ཆོས་དགག་སྒྲུབ་གཉིས་ཀའི་གཞི་མཐུན་དུ་ཁས་ལེན་ནམ་ཞེ་ན། སྐབས་ཀྱི་རྒོལ་བའི་ཤེས་འདོད་དང༌། དཔག་འདོད་ལ་ལྟོས་ནས་སོ་སོར་ངེས་པ་ཡིན་ཏེ། དཔེར་ན་མཚན་མོའི་རྒྱ་མཚོར་མེ་ཡོད་བཀག་ཙམ་ལ་དང༌། མེ་མེད་ཀྱི་ཐ་སྙད་ལ་དཔག་ཤེས་ཞུགས་པའི་ཚེ། སྒྲུབ་ཆོས་སོ་སོར་ངེས་པ་བཞིན་ནོ། །དོན་དང་ཐ་སྙད་གཉིས་ཀ་ལ་དཔག་ཤེས་ཞུགས་པའི་ཚེ་ལྡོག་ཆ་སོ་སོ་ནས་ཐ་དད་དུ་འཇོག་པ་ཡིན་ཏེ། གཉིས་ཀའི་ཡང་གཏན་ཚིགས་ཞེས་པའི་འགྲེལ་བཤད་དུ། ཆོས་མཆོག་ལས། གཉིས་ཀའི་ཡང་ཞེས་བྱ་བ་ནི། དགག་པ་དང་དགག་པའི་ཐ་སྙད་ཀྱིའོ་ཞེས་གསུངས་པ། ཐ་སྙད་ཀྱི་ངོས་འཛིན་ཤེས་བརྗོད་ལ་འཆད་དགོས་པས། རློམ་ཚོད་སྣང་བའི་སྒྲུབ་པ་དང༌། སོང་ཚོད་སེལ་བའི་སྒྲུབ་པ་ལས་གཞན་འོས་མེད་པའི་ཕྱིར་གཉིས་པ་ལྟར་ཁས་ལེན་ནོ་ཞེ་ན། དེ་ཉིད་ཁྱེད་ཀྱི་འདོད་པ་དངོས་ཡིན་ཞིང༌། གཟུང་བྱ་ཞེས་པའི་ཚིག་ལ་སྟབས་གང་བདེའི་འཁྲིས་ཚོལ་བ་ཡིན་མོད། དེ་ལྟར་བྱས་པས་ཆོག་པ་མ་ཡིན་ཏེ། གཟུང་བྱ་ཞེས་པ་རྒོལ་བའི་བསམ་པ་ལ་ལྟོས་ནས་འཇོག་དགོས་པའི་ཕྱིར། དཔེར་ན། དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་ཚེ་མེ་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ནོ་ཞེས་ཁྱེད་ཅག་གི་ཟེར་བ་དེ་སྐབས་ཀྱི་དོན་མ་ཡིན་པ་བཞིན་ནོ། །ཁྱད་པར་དུ་དངོས་ཀྱི་ཞེས་པ་སྒྲས་ཟིན་ལ་འཆད་པ་དང་གཟུང་བྱ་ཞེས་པའི་ཁོག་ནས་ཟོལ་ཚོལ་བ་ནང་འགལ་བར་མ་ཟད་གཏན་ཚིགས་ཡང་དག་དང་ལྟར་སྣང་སོ་སོའི་འཇོག་མཚམས་གཞུང་ནས་འབྱུང་བ་ཐམས་ཅད་འཁྲུགས་པར་འགྱུར་ཏེ། གཞུང་ལས་ནི། ཚིག་གིས་མ་ཟིན་ཀྱང་ཞེ་འདོད་གང་ཡིན་གྱི་བསྒྲུབ་བྱའི་ཆོས་གང་ཡིན་པ་དེ་ལ་ལྟོས་ནས་གཏན་ཚིགས་དེ་དང་དེར་འཇོག་པ་ཉིད་དུ་བཤད་པའི་ཕྱིར། དཔེར་ན་མིག་སོགས་བདག་དོན་བྱེད་པ་དང༌། སྐྱེ་བ་སྔ་ཕྱི་མེད་པ་ཚིག་ཟིན་ལ་མ་སྨྲས་ཀྱང༌། མིག་སོགས་གཞན་དོན་བྱེད་པ་དང༌། ལུས་སེམས་རྫས་གཅིག་པར་སྒྲུབ་པའི་གཏན་ཚིགས་འགལ་བར་བཤད་པ་བཞིན་ནོ། །གཉིས་པ་རང་ལུགས་ལ་གཉིས་ཏེ། དགག་བྱ་འགོག་ཚུལ་ལ་ལྟོས་ནས་གཏན་ཚིགས་གཉིས་སུ་དབྱེ་བ་དང༌། བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་སྒྲུབ་པའི་གཏན་ཚིགས་གཅིག་པུར་བསྡུ་བའོ། །དང་པོ་ལ། རྟགས་ཡང་དག་ཡིན་པ་གཞིར་བྱས་ནས། ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་སོང་ཚོད་དེ་ཡིན་ན། དགག་པ་རྐྱང་པའམ་མེད་དགག་ཡིན་དགོས་པ་དང༌། ཡང་དེ་ཡིན་ན་དགག་སྒྲུབ་གཉིས་ཚོགས་པའམ། མ་ཡིན་དགག་ཏུ་གྱུར་པའི་སྒྲུབ་པ་ཡིན་དགོས་པ་ནི། གཏན་ཚིགས་གཉིས་པོ་སོ་སོའི་མཚན་ཉིད་དོ། །མཚན་གཞིའི་དབྱེ་བ་ལ་འབྲས་བུའི་གཏན་ཚིགས་རྣམས་མཐའ་གཅིག་ཏུ་སྒྲུབ་པའི་གཏན་ཚིགས་དང༌། རང་བཞིན་དང༌། མ་དམིགས་པའི་གཏན་ཚིགས་ཡང་དག་གཉིས་ལ་ནི། དགག་པ་དང་སྒྲུབ་པའི་གཏན་ཚིགས་གཉིས་ཀའི་ཆ་སོ་སོར་དབྱེ་དགོས་པ་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་ཚན་ན་དགག་པའི་གཏན་ཚིགས་དང་མ་དམིགས་པའི་གཏན་ཚིགས་ཀྱི་ནང་ཚན་ལ་སྒྲུབ་པའི་གཏན་ཚིགས་ཡོད་པའི་ཕྱིར། མ་དམིགས་པའི་རྟགས་ཀྱི་སྒྲུབ་རྟགས་ནི་བཤད་ཟིན་པ་དང་འཆད་པར་འགྱུར་ལ། རང་བཞིན་རྟགས་སུ་གྱུར་པའི་དགག་རྟགས་ནི་སྐབས་ཀྱི་རྒོལ་བའི་དཔག་ཤེས་ལ་ལྟོས་པ་ཡིན་ཏེ། དཔེར་ན་ཇི་སྐད་དུ། མི་རྟག་དོན་ནི་མེད་དོན་དང༌། །ཞེས་དང༌། འདུས་བྱས་ཐམས་ཅད་སྐད་ཅིག་ཏུ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་གསུངས་པ་ལྟར་འདུས་བྱས་ཐམས་ཅད་རང་གི་ངོ་བོས་སྟོང་པ་དང༌། སྐད་ཅིག་ལས་ལྷག་པ་མི་གནས་པར་སྒྲུབ་པར་འདོད་ནས། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །དེའི་ཤེས་བྱེད་ཀྱང་མི་རྟག་པའི་དོན་སྐད་ཅིག་མ་ཡིན་པ་ལ་ཐུག་ཅིང༌། སྤྱིར་རྟག་པ་ལ་སྒྲུབ་པའི་མཚན་ཉིད་ཤས་ཆེ། མི་རྟག་པ་ལ་དགག་པའི་མཚན་ཉིད་ཤས་ཆེ་མོད། སྒྲུབ་རྟགས་སུ་འགྲོ་བའི་ཚེ་ནི་སྐད་ཅིག་མའི་དངོས་པོ་སྒྲུབ་ཆོས་སུ་བྱས་པའོ། །འབྲས་རྟགས་ལ་མི་མཚུངས་ཏེ། མེད་པར་དགག་པ་ལ་འབྲས་བུ་མི་སྲིད་པའི་ཕྱིར། གཉིས་པ་དགག་པའི་གཏན་ཚིགས་ཀྱི་དབྱེ་བ་ལ། གཞན་ལུགས་མི་འཐད་པ་ནི། བོད་ཕྱི་མ་རྣམས་མ་དམིགས་པའི་གཏན་ཚིགས་ལ་དགག་རྟགས་ཀྱིས་ཁྱབ་པར་འདོད་པ་ནི། དེའི་སྒྲུབ་ཆོས་ལ་མེད་དགག་གིས་ཁྱབ་པར་འདོད་པ་དང་ཁས་བླངས་ནང་འགལ་ཞིང༌། རྣམ་འགྲེལ་མཛད་པའི་གཞུང་ཀུན་དང་མི་མཐུན་ནོ། །གཉིས་པ་རང་གི་ལུགས་ནི། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཇི་སྙེད་པ་དང༌། སྣང་རུང་མ་དམིགས་པ་རྣམས་ལས་དགག་བྱ་འགོག་པ་ལ་དཔག་ཤེས་ཞུགས་ཤིང༌། དེའི་ཚེ་བསྒྲུབ་བྱ་སྒྲུབ་པ་ལ་དཔག་ཤེས་མེད་པ་རྣམས་སོ། །དང་པོའི་དཔེ་ནི། མདུན་གྱི་གཞི་འདིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པར་སྒྲུབ་པ་ལ། དེ་སྐབས་ཀྱི་རྒོལ་བའི་ཚད་མས་མ་དམིགས་པ་གཏན་ཚིགས་སུ་སོང་བ་ལྟ་བུའོ། །བོད་ཕྱི་མ་དག རྟགས་དེས་ཡོད་ངེས་བཀག་པའི་ཚེ་མེད་ངེས་སྒྲུབ་དགོས་པ་ཡིན་ཏེ། གཉིས་པོ་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། རྒོལ་བ་དེའི་ངོར་ཕན་ཚུན་སྤངས་ཏེ་གནས་པར་འཇོག་པ་ནི་དེ་ལ་སྣང་རུང་གི་དབང་དུ་བྱས་པར་གཞུང་ལས་བཤད་པའི་ཕྱིར། གཉིས་པའི་མཚན་གཞི་ནི། དཔེར་ན་མཚན་མོའི་རྒྱ་མཚོར་དུ་བ་མེད་པའི་དོན་ལ་དཔག་ཤེས་ཞུགས། ཐ་སྙད་ལ་མ་ཞུགས་པའི་ཚེ་མེ་མེད་པ་རྟགས་སུ་སོང་བ་ལྟ་བུའོ། །འདིར་ཡང་ཡོད་པ་བཀག་ཙམ་གྱིས་མེད་པ་སྒྲུབ་པར་སོང་བ་ནི་མ་ཡིན་ཏེ། མཚན་མོའི་རྒྱ་མཚོ་ནི་དུ་བ་ཡོད་ཀྱང་སྣང་རུང་གི་གཞི་མ་ཡིན་པའི་ཕྱིར། འོན་ཀྱང་དེའི་ཐ་སྙད་འབའ་ཞིག་ལ་དང༌། དེའི་དོན་དང་ཐ་སྙད་གཉིས་ཀ་ལ་དཔག་ཤེས་ཞུགས་པའི་ཚེ་སྒྲུབ་པའི་གཏན་ཚིགས་ཁོ་ན་སྟེ། མ་ཡིན་དགག་བསྒྲུབ་བྱའི་ཆོས་སུ་བྱས་པའི་ཕྱིར། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །འོ་ན་ཇི་སྐད་དུ། འདིས་ནི་དངོས་ལ་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །ཅེས་གཏན་ཚིགས་གཉིས་པོ་དེས་མེད་དགག་ཁོ་ན་བསྒྲུབ་བྱའི་ཆོས་སུ་བྱེད་ཅེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་སྐབས་ཀྱི་རྒོལ་བས་དཔག་འདོད་ལ་ལྟོས་པ་ཡིན་ཏེ། གཞན་དུ་ན། མེད་པས་འགའ་ཞིག་སྒྲུབ་པའི་ཡང༌། །གཏན་ཚིགས། ཞེས་པ་དང་འགལ་བས་སོ། །གཉིས་པ་བསྒྲུབ་བྱ་ལ་ལྟོས་ནས་སྒྲུབ་པའི་རྟགས་གཅིག་པུར་སྡུད་པ་ནི། སྣང་རུང་མ་དམིགས་པའི་རྟགས་ཇི་སྙེད་པ་རང་གི་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ་ཁྱད་པར་མེད་ལ། བཀག་པ་དེས་ཁྱད་པར་དུ་བྱས་པའི་བསྒྲུབ་བྱ་ཞིག་སྒྲུབ་ན་ནི་ཐམས་ཅད་ཀྱང་སྒྲུབ་པའི་རྟགས་སུ་གཞག་དགོས་པ་ཡིན་ཏེ། ཇི་སྐད་དུ། ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། །ཅེས་སྣང་རུང་མ་དམིགས་པ་ཇི་སྙེད་རང་བཞིན་མ་དམིགས་པའི་རྟགས་སུ་འདུ་བ་དང༌། རྒྱུ་ལས་འབྲས་བུ་བསྒྲུབ་པས་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་དེ་ཡང་རང་བཞིན་རྟགས་སུ་འདུ་བར་བཤད་པས་སོ། །འདིར་གཞན་དག་ན་རེ། དགག་པའི་གཏན་ཚིགས་མི་སྲིད་པར་འགྱུར་ཏེ། བསྒྲུབ་བྱ་མི་སྒྲུབ་པའི་གཏན་ཚིགས་མེད་པའི་ཕྱིར་ཟེར་བ་ལ་ནི་ལན་བཏབ་ཟིན་ལ། མ་དམིགས་པའི་རྟགས་ཐམས་ཅད་སྒྲུབ་རྟགས་སུ་བསྡུས་ནས། དགག་པའི་གཏན་ཚིགས་རང་བཞིན་རྟགས་ཀྱི་ནང་ནས་ཚོལ་བ་འདི་སྔོན་མ་བྱུང་བ་ཞིག་གོ་ཞེས་ཟེར་མོད། འོ་ན་ཇི་སྐད་དུ། མ་དམིགས་རང་བཞིན་གཏན་ཚིགས་སུ། །བསྡུས་པས་འགལ་བ་གཉིས་ཉིད་ཡིན། །ཞེས་བཤད་པ་དེ་ཡང་སྔོན་མ་བྱུང་བ་ཞིག་གམ། དེར་མ་ཟད་ཚད་མ་ཡིད་ཀྱི་མུན་སེལ་ནས་ནི། ལྷན་ཅིག་མི་གནས་པའི་འགལ་དམིགས་འབྲས་བུའི་རྟགས་སུ་དང༌། ཕན་ཚུན་སྤངས་པའི་འགལ་དམིགས་ཁ་གཅིག་འབྲས་བུ་དང༌། གཞན་རྣམས་རང་བཞིན་གྱི་རྟགས་སུ་ཡང་འདུས་པར་བཤད་པས་སྔོན་མ་བྱུང་བ་ཡང་མ་ཡིན་ནོ། །གཉིས་པ་ལ་བོད་སྔ་རབས་པ་རྣམས། བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དོན་ཡིན་པ་དང་ཐ་སྙད་ཡིན་པའི་སྒོ་ནས་འབྱེད་པ་ནི་མ་ཤེས་པ་ཡིན་ཏེ། སྤྱིར་དོན་སྒྲུབ་དང་ཐ་སྙད་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མི་འགལ་བའི་ཕྱིར་དང༌། དོན་སྒྲུབ་ན་ཐ་སྙད་ཀྱང་སྒྲུབ་དགོས་པའི་ཕྱིར་དང༌། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། དེ་དེ་སྒྲུབ་ཀྱི་དོན་སྒྲུབ་ཀྱི་གཏན་ཚིགས་ཡིན་ཀྱང༌། སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ལ་དོན་དང་ཐ་སྙད་གཉིས་ཀ་ཡོད་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ་ནི། རྟགས་ཡང་དག་གང་ཞིག སོང་ཚོད་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་ཐ་སྙད་ཁོ་ན་ཡིན་དགོས་པ་དེ། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན། ཐ་སྙད་བྱ་རུང་སྒྲུབ་དང་ཐ་སྙད་བྱས་ཟིན་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་གཉིས། དང་པོ་ནི། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ། རྟོག་ཡུལ་ན་ཡོད་པ་རྟགས་སུ་བཀོད་པ་དང༌། བུམ་པ་དངོས་པོའི་ཐ་སྙད་བྱ་རུང་དུ་སྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་སྐད་ཅིག་མ་རྟགས་སུ་བཀོད་པ་ལྟ་བུ་དང༌། བུམ་པ་དངོས་པོར་སྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་སུ་བཀོད་པ་ལྟ་བུའོ། །རྟགས་ཡང་དག་གང་ཞིག རང་གི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། དོན་ནམ་མཚན་ཉིད་ཀྱང་ཡིན་པའི་གཞི་མཐུན་གྲུབ་པ་དེ། དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན། དཔེར་བརྗོད་ནི། གྲགས་པའི་གཏན་ཚིགས་མ་གཏོགས་པའི་གཏན་ཚིགས་ལྷག་མ་རྣམས་སོ། །བོད་སྔ་མ་བུམ་པ་དོན་བྱེད་ནུས་པར་སྒྲུབ་པ་ལྟ་བུ་དོན་འབའ་ཞིག་སྒྲུབ་ཀྱི་མཚན་གཞིར་བཞེད་ཀྱང༌། གཞུང་ལས་དོན་འབའ་ཞིག་སྒྲུབ་ཀྱི་རྣམ་གཞག་མ་བཤད་པས་འདིར་མི་འཆད་མོད། དོན་འབའ་ཞིག་ལ་དཔག་འདོད་ཞུགས་པའི་རྟགས་མི་སྲིད་པ་མ་ཡིན་ནོ། །དབྱེ་སྒོ་གསུམ་པ་ལ། དང་པོ་གཞན་ལུགས་མི་འཐད་པ་ནི། བོད་སྔ་མ་རྣམས། ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པ་དང༌། དེ་འཇིག་རྟེན་གྱི་གྲགས་པས་གྲུབ་པ་དང༌། དེ་ཡིད་ཆེས་པའི་ལུང་གིས་གྲུབ་པའོ། །ཞེས་གསུངས་པ་ལེགས་པ་མ་ཡིན་ཏེ། ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མ་གྲུབ་པའི་རྟགས་ཡང་དག་མི་སྲིད་པའི་ཕྱིར་དང༌། གྲགས་ཡིད་གཉིས་ཀྱི་ཕྱོགས་ཆོས་ཀྱང་མངོན་སུམ་གྱིས་འགྲུབ་པའི་ཕྱིར་དང༌། གྲགས་རྟགས་ཀྱི་ཁྱབ་འབྲེལ་འཇིག་རྟེན་གྱི་གྲགས་པས་མི་འགྲུབ་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲ་ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་པར་སྒྲུབ་པ་ནི། ངེས་པར་དངོས་པོ་སྟོབས་ཞུགས་ལ་རག་ལས་པའི་ཕྱིར་དང༌། ཡིད་ཆེས་པའི་རྟགས་ཆོས་ཀྱི་འབྲེལ་པ་ཡང་ལུང་གིས་སྒྲུབ་དགོས་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། དངོས་པོའི་གནས་ཚུལ་ལ་ཞུགས་པའི་བསྒྲུབ་བྱ་ལུང་ལ་མ་ལྟོས་པར་སྒྲུབ་པ་ལ་ཚུལ་གསུམ་ཚང་བ་དང༌། འཇིག་རྟེན་གྱི་རྣམ་པར་རྟོག་པ་ཙམ་གྱིས་བཞག་པའི་བསྒྲུབ་བྱ་ལུང་ལ་མ་ལྟོས་པར་སྒྲུབ་པ་ལ་ཚུལ་གསུམ་ཚང་བ་དང༌། ལུང་ཁོ་ན་ལ་གྲགས་པའི་གཞལ་བྱ་ཤིན་ལྐོག་སྒྲུབ་པ་ལ་ཚུལ་གསུམ་ཚང་བ་དེ་རིམ་བཞིན་སོ་སོའི་མཚན་ཉིད་དོ། །དཔེར་བརྗོད་པ་ལ། དང་པོའི་དཔེ་ནི། འཆད་འགྱུར་གྱི་འབྲས་རང་མ་དམིགས་པའི་རྟགས་ཡང་དག་རྣམས་སོ། །གཉིས་པའི་དཔེ་ནི། བཤད་མ་ཐག་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཇི་སྙེད་པའོ། །དེ་ཡང་འདི་ལྟར། བུམ་པ་དངོས་པོར་སྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་སུ་བཀོད་པའི་ཚེ་དེ་ཆོས་ཅན། དེ་སྒྲུབ་ཀྱི་གྲགས་རྟགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱར་སོང་ཚོད་པོ་དེ་ཡིན་ན། སྐྱེས་བུའི་བརྗོད་འདོད་ཙམ་གྱིས་བཞག་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་ཐ་སྙད་འབའ་ཞིག་ཡིན་པས་ཁྱབ་པའི་ཕྱིར། བུམ་པ་དངོས་པོར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། དེ་ཆོས་ཅན། གྲགས་པའི་གཏན་ཚིགས་མ་ཡིན་ཏེ། དོན་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱར་སོང་ཚོད་པོ་དེ་ཡང་ཡིན། སྐྱེས་བུའི་འདོད་པ་ལ་མ་ལྟོས་པར་དངོས་པོའི་སྟོབས་ལས་ཞུགས་པ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། བུམ་པ་དོན་བྱེད་ནུས་པ་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར་རོ། །ཡང་བོད་ཕྱི་རབས་པ་དག རི་བོང་ཅན་བརྡའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ་རྟོག་ཡུལ་ན་ཡོད་པ་རྟགས་སུ་བཀོད་པ་དེ་གྲགས་པའི་རང་བཞིན་གྱི་རྟགས་ཡང་དག་དང༌། དེ་དངོས་པོའི་དབང་གིས་དེ་མི་རུང་དུ་སྒྲུབ་པ་ལ་དེ་ལྟར་རྟགས་སུ་བཀོད་པ་དེ་གྲགས་པའི་དགག་རྟགས་ཡང་དག་ཡིན་ནོ། །ཞེས་འཆད་པ་ནི་མ་ཤེས་པ་ཡིན་ཏེ། འདི་ལྟར་དེ་ཆོས་ཅན། དེ་སྒྲུབ་ཀྱི་གྲགས་རྟགས་ཡང་དག་མ་ཡིན་ཏེ། དེ་དང་དེར་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྒྲ་རྟོག་ཡུལ་ལ་དངོས་པོའི་དབང་གིས་འཇུག་པ་དེ་དངོས་པོ་སྟོབས་ཞུགས་ཀྱི་བསལ་བར་རིགས་ཀྱི། གྲགས་པའི་བསལ་བར་མི་རིགས་པའི་ཕྱིར་དང༌། དེ་ལྟར་ཁས་བླངས་པ་ལ་དགག་སྒྲུབ་ཅིག་ཅར་རྟོགས་པར་ཐལ་བ་སོགས་དངོས་པོ་སྟོབས་ཞུགས་དང་འགལ་བར་གསུངས་པ་ཡོད་ཀྱི། གྲགས་པ་དང་འགལ་བར་གསུངས་པ་མེད་པའི་ཕྱིར། དེས་ན་རང་ལུགས་ནི། གྲགས་པའི་གཏན་ཚིགས་ལ་དགག་རྟགས་གཞུང་ལས་མ་བཤད་པས་ཅིས་ཀྱང་འཆད་མི་དགོས་ལ། གལ་ཏེ་འཆད་ན། བདག་ཚད་མས་མ་དམིགས་པ་དེ་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་སྒྲུབ་པའི་དགག་རྟགས་སུ་ཁ་འཆམ་འདུག་པ་ལྟར་ན་དེ་དེ་སྒྲུབ་ཀྱི་གྲགས་པའི་དགག་རྟགས་ཡང་དག་ཏུ་ཁས་བླངས་པས་ཆོག་པ་ཡིན་ནོ། །འོ་ན་དེའི་ཡང་ལོག་ཕྱོགས་དངོས་པོ་སྟོབས་ཞུགས་ཀྱི་བསལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། ཕུང་པོའི་སྟེང་དུ་བདག་གི་དོན་ཁས་བླངས་ན་དེ་ལྟར་འགྱུར་མོད། དེའི་སྟེང་དུ་དེ་མེད་པའི་དོན་གྲུབ་ནས་ཐ་སྙད་འབའ་ཞིག་མ་གྲུབ་པ་ནི། གྲགས་པ་དང་འགལ་བ་ཁོ་ནར་ངེས་སོ། །གསུམ་པའི་དཔེ་བརྗོད་ནི། སྦྱིན་སོགས་ཆོས་ཅན། སྤྱད་པ་ལས་བདེ་བ་འབྱུང་སྟེ། དེ་འབྱུང་བར་དབུ་མ་རིན་ཆེན་ཕྲེང་བ་ལས་གསུངས་པའི་ཕྱིར། དེའི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ལ། ཁྱབ་པ་སྒྲུབ་པ་ནི། བསྟན་བཅོས་རིན་ཆེན་ཕྲེང་བ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་སྒྲུབ་པར་བྱའོ། །སྔ་མ་གྲགས་རྟགས་ལ་ཡང་ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་ཅིང༌། ཁྱབ་པ་སྒྲུབ་པ་ནི། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དངོས་པོའི་དབང་གིས་འཇུག་པ་མ་ཡིན་ཏེ། ཞེས་པའམ། བརྡའི་དབང་གིས་འཇུག་པ་ཡིན་ཏེ། སྐྱེས་བུའི་བརྗོད་འདོད་ཙམ་གྱིས་སྦྱར་བའི་ངག་ཡིན་པའི་ཕྱིར་ཞེས་པའོ། །ཡང་ཐ་སྙད་ཀྱི་གྲགས་པའི་ཁྱབ་འབྲེལ་ནི། གང་དོན་བྱེད་ནུས་པ་ཡིན་པ་ལ་དངོས་པོའི་བརྡ་སྦྱར་བ་ཡིན་ཏེ། ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ལ་ཤིང་གི་བརྡ་སྦྱར་བ་བཞིན། ཞེས་པའི་རིགས་པས་འགྲུབ་པར་ཚད་མ་ཡིད་ཀྱི་མུན་སེལ་དང༌། རིགས་པའི་གཏེར་ལས་གསུངས་སོ། །བོད་ཕྱི་མ་གཞན་དག་གིས་ནི། གྲགས་ཡིད་གཉིས་ཀྱི་རྩ་སྦྱོར་དང་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་རིགས་པའི་ཤན་མ་ཕྱེད་པས་ཤིན་ཏུ་ནོངས་པ་ཡིན་ནོ། །ཡང་ཕྱི་རབས་པ་དག་བྱས་པ་དེ་རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཁོ་ནར་འདོད་པ་ཡང་ནོར་བ་ཡིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དེ་ཡིན་ན། ཚུ་རོལ་མཐོང་བ་རྣམས་ཀྱི་ལུང་ལ་མ་ལྟོས་པར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པར་འགལ་བའི་ཕྱིར་རོ། །དབྱེ་སྒོ་བཞི་པ་ལ། དང་པོ་གཞན་ལུགས་མི་འཐད་པ་ནི། རྟགས་ཡང་དག་ཡིན་པ་གཞིར་བྱས་ལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་དེ་ཡིན་ན། རྟགས་དེ་ཡིན་པས་ཁྱབ་མ་ཁྱབ་ལ་འདོད་པ་ནི་ཤིན་ཏུ་ནོར་བ་ཡིན་ཏེ། དེ་ཡིན་ན་དེ་ཡིན་པས་ཁྱབ་པ་ཙམ་གྱིས་དེ་དེ་ལ་ཁྱབ་བྱེད་དུ་འཇུག་པའི་གོ་ཆོད་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། འདོད་ན་མི་རྟག་པ་དེ་ཁྱོད་ལ་འབྲེལ་བར་ཐལ་ལོ། །ཡང་དེ་ལ་དེས་མ་ཁྱབ་པ་དེ་རྣམ་གཉིས་པའི་གོ་དོན་དུ་འདོད་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་ཁྱོད་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་འགའ་ཞིག་ཁྱོད་ཀྱི་ཁྱབ་བྱར་ཐལ་ལོ། །གཉིས་པ་རང་གི་ལུགས་ནི། དེ་སྒྲུབ་ཀྱི་མཐུན་ཕྱོགས་དེ་ཡིན་ན་ཁྱོད་ལ་མེད་ན་མི་འབྱུང་གི་འབྲེལ་པ་ངེས་དགོས་པ་དེ་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་དེ་ཡིན་ན་ཁྱོད་ལ་འབྲེལ་པས་མ་ཁྱབ་ཅིང༌། མཐུན་ཕྱོགས་དེའི་ནང་ཚན་ཡང་ཡིན་ཁྱོད་ལ་འབྲེལ་པ་ཡང་ཡིན་པའི་གཞི་མཐུན་གྲུབ་པ་དེ་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་གཏན་ཚིགས་ཀྱི་མཚན་ཉིད། དེར་འཇུག་པའི་ཡང་དག་གཉིས་ཀྱི་མཚན་ཉིད་ཀྱང༌། རིགས་པས་དཔྱད་ནས་ཤེས་པར་བྱ་ཞིང༌། མཚན་གཞི་ནི། འབྲས་རྟགས་མཐའ་དག་དང༌། རང་བཞིན་རྟགས་ཀྱི་ཕྱོགས་གཅིག་དང༌། མ་དམིགས་པའི་རྟགས་ཕལ་ཆེ་བ་རྣམས་ནི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའོ། །སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ་ནི་ཁྱབ་བྱེད་དུ་འཇུག་པའོ། །དབྱེ་སྒོ་ལྔ་པ་ལ་གསུམ་ལས། དང་པོ་མ་དམིགས་པའི་གཏན་ཚིགས་ཡང་དག་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། འདིར་སྒྲ་བཤད་དང་མཐུན་པར་བཞག་པ་ནི། རང་གི་དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པའི་སྒོ་ནས། རང་གི་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་ལ་གཉིས་ཏེ། མི་སྣང་བ་མ་དམིགས་པ་དང༌། སྣང་རུང་མ་དམིགས་པའོ། །དང་པོ་ལ། མཚན་ཉིད་དང་དཔེར་བརྗོད་པའོ། །དང་པོ་ལ། གཞན་ལུགས་མི་འཐད་པ་ནི་བོད་ཕྱི་མ་དག དགག་པའི་གཏན་ཚིགས་གཞིར་བྱས་པ་ལ། དགག་བྱའི་ཆོས་སུ་བརྟགས་པའི་དོན་དེ་ཡོད་ཀྱང༌། སྐབས་བབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་མི་རུང་བའོ། །ཞེས་ཟེར་བ་དེ་དག་ལ་ནི་རྟགས་ཀྱི་འཇུག་པ་མ་ཤར་བ་ཡིན་ཏེ། རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་ལྷག་མ། སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་བཤད་པ་ཕལ་ཆེ་བ་རྣམས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་ཏུ་ཐལ་བའི་ཕྱིར་དང༌། དགག་བྱའི་ཆོས་སུ་བརྟགས་པའི་དོན་ཞེས་པའི་ཐ་སྙད་འདི་ཡང་ཚད་ལྡན་གྱི་རྟོག་གེ་ལ་མ་གྲགས་པའི་ཕྱིར། དེ་ཡང་འདི་ལྟར་མེ་མེད་ཆོས་ཅན། མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སྒྲུབ་སྟེ། དུ་བ་ཡོད་ཀྱང་རྒོལ་བ་དེའི་ཚད་མ་ལ་སྣང་དུ་མི་རུང་བའི་ཕྱིར། མ་གྲུབ་ན། མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་དེ་ཆོས་ཅན། ཁྱོད་དེར་དེ་མེད་པར་སྒྲུབ་པ་ལ་དུ་བ་སྣང་རུང་མ་དམིགས་པ་གཏན་ཚིགས་ཡང་དག་ཏུ་འཇུག་པའི་རྒོལ་བ་ཡིན་པར་ཐལ། དེར་དེ་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་གང་ཞིག གཞི་དེར་དུ་བ་ཡོད་ན། ཁྱོད་ཀྱི་ཚད་མ་ལ་སྣང་དུ་རུང་བའི་ཕྱིར། འཕེན་ཚུལ་དེ་ཉིད་ཁྱབ་བྱེད་མ་དམིགས་པ་དང༌། དངོས་འབྲས་མ་དམིགས་པ་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་རྣམས་ལ་སྦྱར་ནས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་ཏུ་ཐལ་བ་ཟློག་པར་མི་ནུས་སོ། །གཉིས་པ་རང་ལུགས་ནི། སྐབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་མི་རུང་གི་ཆོས་དམིགས་བྱེད་ཀྱི་ཚད་མ་བཀག་པ་རྟགས་སུ་བཀོད་ནས། རང་གི་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་ལ་གཞན་གྱི་འདོད་པ་མི་འཐད་པ་ནི། གཞན་དག་འདི་སྐད་དུ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་རྒོལ་བའི་ངོར། ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མི་འཇུག་སྟེ། དེའི་རྒྱུད་ཀྱི་ཚད་མས་དེ་མ་དམིགས་པའི་ཕྱིར། ཞེས་ཟེར་བ་ནི་མ་གོ་བ་ཡིན་ཏེ། དེ་བསྐལ་དོན་དུ་སོང་བའི་རྒོལ་བའི་རྒྱུད་ལ་དེ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་ཡོད་དམ་སྙམ་པའི་དོགས་པ་ནི་བླུན་པོ་གནག་རྫི་བོ་ལ་ཡང་མི་སྐྱེ་བའི་ཕྱིར་དང༌། དེའི་རྒྱུད་ལ་དེ་འདྲའི་དཔྱད་ཤེས་མ་འོངས་པ་ན་མི་འཇུག་པ་ནི། བརྒྱ་བྱིན་གྱིས་ཀྱང་མི་འགྲུབ་པའི་ཕྱིར་དང༌། གང་ལ་གཏན་ཚིགས་འགོད་སའི་སྐབས་ཀྱི་རྒོལ་བ་དེ་རྟགས་ཆོས་ཀྱི་ཁྱད་ཆོས་སུ་ཚིག་གིས་ཟིན་པར་སྦྱོར་བ་ནི། ཕྱི་ནང་གི་རྟོག་གེ་མཁན་པོ་སུའི་ཡང་ལུགས་མ་ཡིན་པའི་ཕྱིར་དང༌། གལ་ཏེ་ཡིན་ན་གཏན་ཚིགས་ཡང་དག་གཞན་གྱི་འགོད་ཚུལ་ལ་ཡང་དེ་ལྟར་དུ་དགོས་པ་ཧ་ཅང་ཐལ་བའི་ཕྱིར་དང༌། ཁྱེད་འདོད་པ་དེ་ནི་ལེགས་པར་བརྟགས་ན་སྣང་རུང་མ་དམིགས་པའི་གཏན་ཚིགས་སུ་འདུག་པའི་ཕྱིར། དཔེར་ན། མདུན་གྱི་གཞི་འདིར་རྣམ་མཁྱེན་བསྐལ་དོན་དུ་སོང་བའི་རྒོལ་བའི་རྒྱུད་ལ་རྣམ་མཁྱེན་གྱི་དེ་མ་ཐག་འབྲས་མེད་པར་སྒྲུབ་པ་ལ། དེའི་རྒྱུད་ལ་རྣམ་མཁྱེན་མ་དམིགས་པ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་རང་གི་ལུགས་ནི། འདྲེ་ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་རྒོལ་བས་དེ་དེར་སོང་བའི་ཕྱིར་རྒོལ་གྱི་ངོར། མདུན་གྱི་གཞི་འདིར་ཆོས་ཅན། འདྲེ་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་སྟེ། དེ་འདྲ་དེ་དེ་སྐབས་ཀྱི་རྒོལ་བའི་ཚད་མས་མ་དམིགས་པའི་ཕྱིར། ཞེས་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་སྣང་རུང་མ་དམིགས་པ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་གཞན་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག དགག་བྱའི་ཆོས་སུ་བརྟགས་པའི་དོན་སྐབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་རུང་མི་རུང་གི་སྒོ་ནས་མ་དམིགས་པའི་གཏན་ཚིགས་གཉིས་ཀྱི་ཁྱད་པར་འབྱེད་པ་ནི། རྟོག་གེའི་ཚུལ་ལ་བློ་ཁ་མ་ཕྱོགས་པ་ཡིན་ཏེ། དེ་ལྟར་འཆད་པའི་ཚད་ལྡན་གྱི་ལུང་མེད་པའི་ཕྱིར་དང༌། སློབ་དཔོན་བདག་ཉིད་ཆེན་པོ་ནི། རྟགས་ལོག་ཏུ་གཟུང་བྱ་དེའི་ཁྱད་པར་གྱི་གཞི་དེ་སྐབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་རུང་མི་རུང་གི་སྒོ་ནས་གཏན་ཚིགས་གཉིས་ཀྱི་ཁྱད་པར་དབྱེ་བར་གསུངས་པའི་ཕྱིར། གཉིས་པ་རང་གི་ལུགས་ནི། སྐབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་རུང་གི་ཆོས་དམིགས་བྱེད་ཀྱི་ཚད་མ་བཀག་པ་རྟགས་སུ་བཀོད་ནས། རང་གི་དགག་བྱ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་ལ་གཉིས་ཏེ། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པའོ། །དང་པོ་ལ་མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ་གཞན་དག སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་གཞིར་བྱས་པ་ལ། ཟློག་པ་ལ་འབྲེལ་པ་གྲུབ་པའོ། །ཞེས་བཞེད་པ་ནི་དཔྱད་ན་ལེགས་པ་མ་ཡིན་ཏེ། དངོས་འབྲས་མ་དམིགས་པའི་གཏན་ཚིགས་ཀྱི་ཟློག་འབྲེལ་བཤད་དཀའ་བའི་ཕྱིར་དང༌། དུ་བ་ཡོད་པ་དང་མེ་ཡོད་པ་ལ་ཡང་དངོས་ཀྱི་འབྲེལ་པ་མེད་པའི་ཕྱིར་དང༌། བདག་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་སྒྲུབ་པ་ལ་ཟློག་འབྲེལ་མེད་པའི་ཕྱིར་དང༌། ཟློག་པ་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་པ་ཙམ་གྱིས་ཟློག་འབྲེལ་ཡོད་པར་འཇོག་ནུས་ན་ཧ་ཅང་ཐལ་བའི་ཕྱིར། ཇི་ལྟར་ཞེ་ན། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་ཇི་སྙེད་པ་ཆོས་ཅན། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཡང་དག་ཏུ་ཐལ། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གང་ཞིག ཟློག་པ་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར། གཞན་ཡང༌། བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་དང༌། མེ་མེད་དང་དུ་མེད་གཉིས་དང༌། ཚ་རེག་ཡོད་པ་དང༌། གྲང་རེག་སྟོབས་ཆེན་པ་མེད་པ་གཉིས་ལ་འབྲེལ་པ་གྲུབ་པར་ཐལ། དེ་དག་ལ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར། དེ་མ་གྲུབ་ན་གཏན་ཚིགས་ཡང་དག་ཏུ་ཇི་ལྟར་རུང༌། དེ་འབྲེལ་ན་བདག་གཅིག་གམ། དེ་བྱུང་དུ་འབྲེལ་ཞེས་བརྟགས་ན་འཇིག་པ་ཡིན་ཏེ། འདི་ལྟར་མེ་མེད་དང་དུ་མེད་ཆོས་ཅན། ཁྱོད་ལ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པར་ཐལ། བདག་གཅིག་ཏུ་འབྲེལ་པའི་ཕྱིར། དེ་གཉིས་དེ་བྱུང་དུ་འབྲེལ་ན། དེ་དེའི་འབྲས་བུར་ཐལ་ལོ། །ཡང་ཚ་རེག་ཡོད་པ་དེ་གྲང་རེག་སྟོབས་ཆེན་མེད་པ་ལ་དེ་བྱུང་དུ་འབྲེལ་བར་འདོད་ན་ནི། གྲང་རེག་ནུས་མེད་ཀྱི་དངོས་པོ་དེ་ཚ་རེག་གི་འབྲས་བུར་འཆད་པ་ཇི་ལྟར་གྲང༌། དེ་གཉིས་ཀ་བདག་གཅིག་ཏུ་འབྲེལ་ན་ནི། རྗེས་འགྲོ་ལ་དངོས་འབྲེལ་གྲུབ་པ་ཡིན་ནམ། ཟློག་པ་ལ་དངོས་འབྲེལ་གྲུབ་པ་ཡིན། དེ་གཉིས་གང་དུ་འདོད་ཀྱང༌། དེ་གཉིས་ཀ་དངོས་པོར་ཐལ། དེ་གཉིས་ཀ་ལ་དངོས་འབྲེལ་གྲུབ་པའི་ཕྱིར་ཞེས་པའི་ཐལ་བ་ཟློག་པར་མི་ནུས་པ་ཡིན་ཏེ། ཇི་སྐད་དུ། དངོས་མེད་ལ་ཡང་དངོས་འབྲེལ་ནི། །ཡོད་ཅེས་བླུན་པོ་འགའ་ཞིག་སྨྲ། །དངོས་མེད་ངོ་བོ་མེད་པ་ལ། །འབྲེལ་པ་ཡོད་ན་དངོས་པོར་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། ཁྱོད་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་འགྲོའི་ཕྱོགས་ལ་ལྡོག་འབྲེལ་ངེས་བྱེད་ཀྱི་ཚད་མ་གྲུབ་ཅིང༌། ལྡོག་པའི་ཕྱོགས་ལ་རྗེས་འགྲོའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའོ། །དཔེར་ན། མེ་མེད་ན་དུ་བ་མེད་པས་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་དེ་མེ་དུ་གཉིས་ཀྱི་ལྡོག་འབྲེལ་ངེས་བྱེད་ཀྱི་ཚད་མ་དང༌། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་དེ་མེ་དུ་གཉིས་ཀྱི་རྗེས་འགྲོའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་པ་ལྟ་བུའོ། །ཡང་ན་འབྲེལ་ཡུལ་ཚིག་ཟིན་ལ་བཀག་པའི་སྒོ་ནས་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྐབས་བབ་ཀྱི་འབྲེལ་ཟླ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་ལ་བཞི་སྟེ། རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་གཏན་ཚིགས་ཡང་དག་གོ །དང་པོའི་མཚན་ཉིད་ནི། འབྲེལ་ཡུལ་མ་དམིགས་པའི་རྟགས་ཡང་དག་གང་ཞིག རྟགས་ཆོས་གཉིས་ལ་དེ་བྱུང་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་སྒོ་ནས་རང་གི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་སྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །དཔེ་ནི་མེ་མེད་པའི་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་ལ་མེ་མེད་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ལ་མཚན་ཉིད་ནི། དེ་གང་ཞིག རྟགས་ཆོས་གཉིས་ལ་བདག་གཅིག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་སྒོ་ནས་རང་གི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ཀྱི་དོན་སྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །དཔེ་ནི། ཤིང་མེད་ཀྱི་ཐག་རིང་པོའི་བྲག་རྫོང་དུ་ཤ་པ་མེད་པར་སྒྲུབ་པ་ལ་ཤིང་མེད་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཏན་ཚིགས་འདི་གཉིས་ཀྱི་སྐབས་སུ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་དགོས་པ་ཡིན་ཏེ། དེ་སྐབས་ཀྱི་རྒོལ་བ་གཉིས་པོ་དེ་དོན་དང་ཐ་སྙད་གཉིས་ཀ་ལ་རྨོངས་པའི་རྒོལ་བ་ཡིན་པའི་ཕྱིར། དེ་ཡིན་ཏེ། གཞི་དེར་དེ་དེ་ཡོད་ཀྱང་སྐབས་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་མི་རུང་བའི་ཕྱིར། གཏན་ཚིགས་འདི་གཉིས་ཀྱི་སྐབས་སུ་དུ་བ་དང་ཤ་པ་སྣང་རུང་ཚད་མས་མ་དམིགས་པ་རྟགས་སུ་མི་འགོད་པའི་རྒྱུ་མཚན་ཡང་དེ་ཉིད་དོ། །དུ་བ་མེད་པའི་ཉིན་མོའི་རྒྱ་མཚོ་དང༌། ཤིང་མེད་པའི་མདུན་གྱི་གཞི་ལྟ་བུ་དེ་དང་མེད་པར་སྒྲུབ་པ་ལ་ནི། དེ་དང་དེ་སྣང་རུང་མ་དམིགས་པ་རྟགས་སུ་འགོད་དགོས་པ་ཡིན་ཏེ། གཞི་དེར་དེ་མེད་པའི་དོན་ལ་རྨོངས་པའི་རྒོལ་བ་མེད་པའི་ཕྱིར་རོ། །དེ་བས་ན་ཤིང་མེད་ཀྱི་བྲག་རྫོང་སྐྱ་ཐེར་བ་ཆོས་ཅན་དུ་འཛིན་པ་དེ་དག་གིས་ལེགས་པར་མ་བསམས་པ་ཡིན་ནོ། །དོན་དེ་དག་ལ་དགོངས་ནས་རྣམ་པར་ངེས་པ་ལས། རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་ནི་གཉིས་ཀའི་ཡང་གཏན་ཚིགས་ཞེས་གསུངས་སོ། །གསུམ་པ་ལ་མཚན་ཉིད་ནི། དེ་གང་ཞིག རྟགས་ཆོས་གཉིས་ལ་བདག་གཅིག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་སྒོ་ནས་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །དཔེ་ནི། སྣང་རུང་བུམ་པས་དག་པའི་ཕྱོགས་སུ་སྣང་རུང་གི་བུམ་པ་མེད་པར་སྒྲུབ་པ་ལ་བུམ་པ་སྣང་རུང་མ་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ། །བདག་སྣང་རུང་ཚད་མས་མ་དམིགས་པ་དེ་གསོན་ལུས་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་འཆད་པ་ལྟར་ན། དེ་སྐབས་ཀྱི་རྒོལ་ཕྱི་རྒོལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཤེས་པའི་དབང་དུ་བྱེད་དགོས་པ་ཡིན་ཏེ། གཞུང་དུ་བདག་ཡོད་ཀྱང་སྣང་མི་རུང་དུ་བཤད་པའི་ཕྱིར། བཞི་པ་ལ་མཚན་ཉིད་ནི། རྟགས་ཆོས་གཉིས་ལ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་སྒོ་ནས་རང་གི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་པ་ལ་ཚུལ་གསུམ་ཚང་བ་དང༌། རང་གི་དགག་བྱ་ཡོད་ཀྱང་སྐབས་ཀྱི་རྒོལ་བ་ལ་སྣང་དུ་མི་རུང་བའི་གཞི་མཐུན་དེའོ། །དཔེ་ནི། ཕྱོགས་བཞི་ཀུན་ནས་བསྐོར་ཞིང་བླ་གབ་དང་དུ་བ་མེད་པའི་གྱེང་ར་ཆོས་ཅན། དུ་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །འདིར་ཡང་དེ་སྣང་རུང་མ་དམིགས་པ་མི་འགོད་པ་ནི། གཞི་དེར་དེ་ཡོད་ཀྱང་སྣང་དུ་མི་རུང་བའི་རྒྱུ་མཚན་གྱིས་ཡིན་ལ། ཐ་སྙད་འབའ་ཞིག་སྒྲུབ་པའི་རྒྱུ་མཚན་ནི། སྐབས་ཀྱི་རྒོལ་བས་དེར་དེའི་དོན་གྲུབ་ཟིན་པའི་ཕྱིར་ཏེ། དུ་རྒྱུ་ནུས་པ་ཐོགས་མེད་ཀྱི་དོན་ནི། དུ་བ་སྐྱེ་བཞིན་པ་ཉིད་ལ་འཆད་དགོས་པའི་ཕྱིར་རོ། །སྤྱིར་གཏན་ཚིགས་བཞི་པོ་འགལ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་ལའང་ཁྱབ་པར་བྱེད་པའི་ཆོས། །ཁྱབ་བྱ་ལྡོག་པའི་གོ་བྱེད་འདོད། །ཅེས་འབྲེལ་ཡུལ་མ་དམིགས་པ་ཐམས་ཅད་ཁྱབ་བྱེད་མ་དམིགས་པའི་ནང་དུ་འདུས་པར་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི། འདིར་དངོས་སུ་བསྟན་པ་བཞི་པོའི་ཁྱད་པར་ནི་བཤད་མ་ཐག་པ་དེ་ཉིད་དོ། །སྐབས་འདི་དག་ཏུ་དགག་གཞི་མེའི་ཆོས་ཅན་གྱི་འཛིན་ཚུལ་ལ། བོད་སྔ་མ་རྣམས་ཀྱིས། མཚན་མོའི་རྒྱ་མཚོར་ཆོས་ཅན། ཞེས་དང༌། བྲག་རྫོང་དེར་ཞེས་དང༌། བུམ་པས་དག་པའི་ས་ཕྱོགས་སུ་ཆོས་ཅན་ཞེས་དང༌། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞི་དེར་ཆོས་ཅན་ཞེས་གཟུང་ནས། རྟགས་ཆོས་ཆོས་ཅན་དང་སྦྱར་བ་ཉིད་ལེགས་པ་ཡིན་གྱི། བོད་ཕྱི་མ་དག བུམ་པས་དག་པའི་ས་ཕྱོགས་ཆོས་ཅན་དུ་གཟུང་བ་ཙམ་གྱིས་བུམ་པ་དང་མོ་གཤམ་གྱི་བུ་མེད་མཚུངས་སུ་འདོད་པ་དེ་དག་ནི་ཚིག་དོན་གང་ལ་ཡང་མ་ཞུགས་སོ། །གཉིས་པ་འགལ་ཟླ་དམིགས་པ་ལ་མཚན་ཉིད། དབྱེ་བ། དཔེར་བརྗོད་པའོ། །དང་པོ་ལ་གཞན་ལུགས་མི་འཐད་པ་ནི། ཁ་ཅིག སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་གང་ཞིག རྟགས་སུ་གཟུང་བྱ་དེ་ཆོས་ལོག་ཏུ་གཟུང་བྱ་དང་འགལ་བ། ཞེས་ཟེར་བ་ལེགས་པ་མ་ཡིན་ཏེ། མེ་མེད་དང་ཤིང་མེད་སོགས་དུ་བ་ཡོད་པ་དང་ཤ་པ་ཡོད་པ་སོགས་དང་ཤིན་ཏུ་འགལ་བའི་ཕྱིར། གཉིས་པ་རང་གི་ལུགས་ལ། མཚན་ཉིད་དངོས། རྟགས་ཆོས་ཀྱི་འབྲེལ་པ་བསམ་པ། འདི་སྣང་རུང་མ་དམིགས་པར་འཇོག་པའི་རྒྱུ་མཚན་དང་གསུམ་མོ། །དང་པོ་ནི། འགལ་བ་རྟགས་སུ་བཀོད་ནས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་འགལ་ཟླ་ཚིག་གིས་ཟིན་པར་འགོག་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་ཕན་ཚུན་སྤངས་པའི་འགལ་དམིགས་ཀྱི་མཚན་གཞིར་གཟུང་བ་རྣམས་ལ་ནི། རྟགས་ཆོས་སུ་གཟུང་བྱ་གཉིས་པོ་རང་བཞིན་གཅིག་ཏུ་ངེས་བྱེད་ཀྱི་ཚད་མ་ཡོད་པས་བདག་གཅིག་པའི་འབྲེལ་པ་གྲུབ་ལ། ལྷན་ཅིག་མི་གནས་པའི་འགལ་དམིགས་ཀྱི་སྒྲུབ་ཆོས་སུ་མེད་དགག་སོང་བ་དེའི་ཚེ་དངོས་འབྲེལ་ནི་མི་འདོད་དེ། ཇི་སྐད་དུ། དངོས་འབྲེལ་བཀག་ཟིན་ཞེས་བཤད་པས་སོ། །ཟློག་འབྲེལ་ངེས་བྱེད་ནི། ཚ་གྲང་འགལ་བར་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ཡིན་ཞེས་རང་ལུགས་ལ་འཆད་པ་ཡིན་མོད། དེའི་གོ་དོན་ཇི་སྐད་དུ། །འགལ་ཕྱིར་ཞེ་ན་དེ་ཉིད་ཀྱང༌། །ཅི་སྒྲུབ་ལྷན་ཅིག་མི་གནས་ཕྱིར། །ཞེས་སོགས་དང༌། སྣང་དང་མི་སྣང་མ་གཏོགས་པ། །འགལ་བ་ངེས་བྱེད་གཞན་ཡོད་མིན། །ཞེས་གནོད་བྱེད་རྒྱུ་དང༌། གནོད་བྱ་ནུས་མེད་འབྲས་བུར་ངེས་བྱེད་ཀྱི་ཚད་མ་ཞིག་ལ་བཤད་པས། དེ་བྱུང་འབྲེལ་པ་ངེས་བྱེད་དུ་སོང་ལ། དེ་ལྟར་བཤད་ན་འགལ་དམིགས་ཀྱི་ཐུར་ཁྱབ་ཏུ་སོང་བས་དེ་བྱུང་འབྲེལ་བ་ངེས་བྱེད་དུ་བཤད་དུ་མི་རུང་བ་དེའི་ཕྱིར། རིགས་པའི་གཏེར་གྱི་དགོངས་པ་འདི་ལྟར་འཆད་དེ། གཞི་དེར་གྲང་རེག་རྒྱུན་ཆགས་སུ་འབྱུང་བ་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པ་རྟགས་སུ་བཀོད་པ་དེའི་རྒྱུ་ཚོགས་གྲངས་ཚང་རྟགས་སུ་བཀོད་ནས། གཞི་དེར་འབྲས་བུ་འབྱུང་རུང་དུ་སྒྲུབ་པ་ཡིན་པས། བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཁོ་ནར་ངེས་སོ། །ཕྱྭ་བསྡུས་ལས་ནི་གྲང་རེག་རྒྱུན་ཆགས་མེད་པ་རྒྱུ་དང༌། ཚ་རེག་སྟོབས་ཆེན་པ་འབྲས་བུར་བཤད་པས་འགལ་བ་ངེས་བྱེད་ཀྱི་ཚད་མ་ཇི་ལྟ་བ་བཞིན་དུ་འགྲིག་པར་སྣང་ངོ༌། །ཡང་ལྷན་ཅིག་མི་གནས་པའི་སྒྲུབ་ཆོས་ཐ་སྙད་འབའ་ཞིག་ཏུ་སོང་བ་དེའི་ཚེ་ནི། རྟགས་ཆོས་ཀྱི་འབྲེལ་པ་འཇིག་རྟེན་གྱི་གྲགས་པ་ཁོ་ནས་འགྲུབ་པས་དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་དཔྱད་མི་དགོས་སོ། །གསུམ་པ་ནི། དེ་སྒྲུབ་ལ་རྟགས་ཡང་དག་ཏུ་སོང་བ་དེའི་ཚེ་ཚ་རེག་སྟོབས་ཆེན་པ་ཆོས་ཅན། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག སྤྱིར་སྐབས་བབ་ཀྱི་རྒོལ་བའི་ཚད་མ་ལ་སྣང་རུང་གི་གྲང་རེག་གི་རྒྱུན་མ་དམིགས་པ་དེ་ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཞེ་འདོད་ཀྱི་རྟགས་སུ་འཕངས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ཚ་རེག་སྟོབས་ཆེན་པ་དང༌། གྲང་རེག་གི་རྒྱུན་གཉིས་ལྷན་ཅིག་ཏུ་མི་གནས་པའི་ཕྱིར། དེ་སྐད་དུ། འགལ་བ་བརྗོད་པ་མཐོང་གང་ཡིན། །དེ་ཡང་དེའི་ཚད་མ་ནི། །མེད་པ་འཕེན་པར་བྱེད་པ་ཡིན། །ཞེས་གསུངས་སོ། །འོ་ན་དེའི་ཚེ་ཐ་སྙད་འབའ་ཞིག་སྒྲུབ་ཏུ་སོང་བས་འགལ་དམིགས་འདི་ལ་དགག་པའི་གཏན་ཚིགས་མི་སྲིད་པར་འགྱུར་རོ་ཞེ་ན། ཞེ་འདོད་ལ་དེ་ལྟར་འཕངས་ཀྱང༌། སྨྲས་ཙམ་ལ་སྣང་རུང་མ་དམིགས་པ་རྟགས་སུ་མི་འགོད་དེ། དེ་སྐབས་ཀྱི་རྒོལ་བ་དེ་ལ་འགལ་དམིགས་ཀྱི་གཏན་ཚིགས་འགོད་པ་སྐབས་སུ་བབ་པའི་ཕྱིར། གཉིས་པ་མཚན་གཞིའི་དབྱེ་བ་ལ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའོ། །དང་པོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་གང་ཞིག རྟགས་སུ་གཟུང་བྱ་དང་ཆོས་ལོག་ཏུ་གཟུང་བྱ་གཉིས་ལྷན་ཅིག་མི་གནས་འགལ་དུ་ངེས་བྱེད་ཀྱི་ཚད་མ་གྲུབ་པའོ། །གཉིས་པ་ལ་འགལ་བའི་རང་བཞིན་དམིགས་པ་བཞི། འགལ་བའི་འབྲས་བུ་དམིགས་པ་བཞི། འགལ་བའི་ཁྱབ་བྱ་དམིགས་པ་བཞིའོ། །དང་པོ་ནི། རང་བཞིན་དང་འགལ་བའི་དང༌། རྒྱུ་དང་འགལ་བའི་དང༌། འབྲས་བུ་དང་འགལ་བའི་དང༌། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་དང་བཞིའོ། །བཞི་ཚན་ཕྱི་མ་གཉིས་ལའང་དེ་བཞིན་དུ་སྦྱར་བས་བཅུ་གཉིས་སོ། །འདིར་ཚ་གྲང་གཉིས་ལྷན་ཅིག་མི་གནས་པའི་དངོས་འགལ་ཡིན་ལ། གཞན་རྣམས་ནི་དེས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་ཡིན་ནོ། །དེ་ཡང་ཚ་རེག་ནི་གྲང་རེག་གི་ཁྱབ་བྱ་ཐམས་ཅད་དང་བརྒྱུད་འགལ་ཡིན་གྱི། དེའི་ཁྱབ་བྱེད་དང་མ་ཡིན་ལ། བ་མོའི་རེག་པ་དང་གྲང་འབྲས་སྤུ་ལོང་བྱེད་དང༌། གྲང་རྒྱུ་ནུས་པ་ཐོགས་མེད་གསུམ་དང་ནི་རང་གི་ངོ་བོ་དངོས་སུ་འགལ་བས་མ་ཡིན་གྱི། དེ་གསུམ་གྱིས་ཁྱབ་བྱེད་དང་འགལ་བས་འགལ་བར་བཞག་པ་ཡིན་ནོ། །མཚན་གཞི་དཔེར་བརྗོད་པ་ནི། མེ་སྟོབས་ཆེན་པས་ཁྱབ་པར་ནོན་པའི་ཤར་གྱི་གཞི་ཆོས་ཅན། གྲང་རེག་རྒྱུན་ཆགས་པ་མེད་པའི་གཞི་ཡིན་ཏེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་སོགས་འགོད་པར་བྱེད་དོ། །དེ་ལྟར་སྒྲུབ་པའི་ཁྱབ་འབྲེལ་ངེས་པ་ནི། ཁྱོད་གང་དུ་དམིགས་པའི་གཞི་དེར་གྲང་རེག་སྣང་རུང་མ་དམིགས་པར་ངེས་པ་སྔོན་དུ་སོང་བ་ལ་རག་ལས་པའི་ཕྱིར། དེ་སྐད་དུ་ཡང༌། འགལ་ཕྱིར་ཞེ་ན་དེ་ཉིད་ཀྱང༌། །ཅིས་གྲུབ་ལྷན་ཅིག་མི་གནས་ཕྱིར། །ཞེས་པ་ནས། དེ་ཕྱིར་རང་སྒྲས་བརྗོད་ན་ཡང༌། །དེ་ཉིད་མེད་པའི་སྒྲུབ་བྱེད་ཡིན། །ཞེས་གསུངས་སོ། །གཞི་དེར་གྲང་རེག་སྣང་དུ་མི་རུང་ན། སྣང་བ་མཐོང་མེད་ཅེས་བཤད་པ་དེ་ཅི་ཞེ་ན། ཚ་རེག་སྟོབས་ཆེན་མ་སྐྱེས་པའི་སྔ་རོལ་དུ་སྣང་རུང་ཡིན་པ་ལ་དགོངས་པའོ། །རིགས་པའི་གཏེར་གྱི་དགོངས་པ་ལྟར་ན། རྟགས་དང་ཆོས་ཅན་ལ་སྟོབས་ཆེན་པ་ཞེས་མ་སྦྱར་ཀྱང་ཆོག་པ་ཡིན་ནོ། །འདིར་ཕྱི་རབས་པ་མི་མཁས་པ་དག་ན་རེ། མེ་སྟོབས་ཆེན་པས་ཁྱབ་པར་ནོན་པ་དེ་དེར་དེ་སྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་ཡིན་ཀྱང༌། ཆོས་ཅན་དུ་གཟུང་ནས་དེ་མ་ཡིན་ཏེ། དེ་ཆོས་ཅན་དུ་གཟུང་ནས་དེ་གཉིས་ལྷན་ཅིག་མི་གནས་འགལ་མ་ཡིན་པའི་ཕྱིར་ཏེ། དེ་ཆོས་ཅན་དུ་གཟུང་ནས་གྲང་རེག་མེད་པའི་ཕྱིར་ཏེ། མེ་སྟོབས་ཆེན་པས་ཁྱབ་པར་ནོན་པའི་ཕྱིར་ཞེས་ཟེར་བ་ནི། བྱིས་པ་འདྲིད་པར་བྱེད་པའི་ཆོས་ཙམ་ཡིན་ཏེ། འོ་ན་དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཡིན་པ་དེ་ཆོས་ཅན། ཁྱོད་མེ་སྟོབས་ཆེན་པས་ཁྱབ་པར་ནོན་པ་དེ་དེས་ནོན་པའི་ཤར་གྱི་གཞིར། གྲང་རེག་རྒྱུན་ཆགས་པ་མེད་པར་སྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར་རོ། །མ་གྲུབ་ན། གང་མ་ཚང་བ་ཡིན་ཞེས་བརྟགས་པས་འཇིག་ལ། འདོད་ན། ཁྱོད་ལ་ཁས་བླངས་འགལ་ལོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དང་ཆོས་ལོག་ཏུ་གཟུང་བྱ་གཉིས་ལ་ཕན་ཚུན་སྤངས་འགལ་དུ་ངེས་བྱེད་ཀྱི་ཚད་མ་གྲུབ་པའོ། །གཉིས་པ་ལ། སློབ་དཔོན་ཕྱྭ་པའི་ལུགས་དང༌། རིགས་གཏེར་མཛད་པའི་ལུགས་སོ། །དང་པོ་ནི། ཕན་ཚུན་སྤངས་པའི་དངོས་འགལ་ལ་ནི་རྟགས་དང་རྟགས་ཅན་མི་སྦྱོར་ལ། བརྒྱུད་འགལ་ལ་ནི་ལྷན་ཅིག་མི་གནས་འགལ་ལྟར་སྦྱར་བས་རྣམ་པ་དུ་མར་འགྱུར་ཏེ། འདི་ལྟར་འགལ་ཟླ་མེ་མེད་དང༌། མེ་མེད་འཛིན་པའི་ཤེས་པ་དང༌། མེ་མེད་ཀྱི་རྒྱུ་ནུས་པ་ཐོགས་མེད་དང༌། མེ་མེད་ཀྱི་དངོས་པོ་སྟེ་བཞི། འགལ་བ་ལ་ཡང་མེ་ཡོད་དང༌། མེ་ཡོད་འཛིན་པའི་ཤེས་པ་དང༌། མེ་ཡོད་ཀྱི་རྒྱུ་ནུས་པ་ཐོགས་མེད་དང༌། མེ་ཡོད་ཀྱི་དངོས་པོ་དང་བཞི་སྟེ་དེ་རྣམས་ཕན་ཚུན་དུ་རྟགས་དང་རྟགས་ཅན་དུ་སྦྱོར་བ་ཡིན་ནོ་ཞེས་གསུང་ངོ༌། །གཉིས་པ་ནི། ཇི་སྐད་དུ། ཕན་ཚུན་སྤངས་པ་དངོས་ལ་ནི། །རྟགས་དང་རྟགས་ཅན་ཡོད་མ་ཡིན། །དེ་ཡིས་ཁྱད་པར་བྱས་པ་ནི། །ཁྱབ་བྱེད་འགལ་བ་དམིགས་པ་ཡིན། །ཚད་མས་གནོད་པའི་འགལ་བ་ཡང༌། །ཁྱབ་བྱེད་འགལ་བ་དམིགས་པར་འདུས། །ཞེས་གསུངས་པ་དེའི་ལྟར་ན། འགལ་དམིགས་ཀྱི་གཏན་ཚིགས་གཉིས་པ་འདི་ལ་རྫས་ཀྱི་སྒོ་ནས་དུ་མར་འགྱུར་ཡང༌། རིགས་ཀྱི་སྒོ་ནས་གཅིག་ཁོ་ན་ཡིན་ཏེ། ཁྱབ་བྱེད་འགལ་བ་དམིགས་པའི་གཏན་ཚིགས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ། ངེས་གྱུར་དང་ནི་ལྟོས་བཅས་བཞིན། །ཞེས་གསུངས་ལ། དེ་ལ་ཡང་ལྟོས་པས་ངེས་པ་འགོག་པ་དང༌། ངེས་པས་ལྟོས་པ་འགོག་པའི་དབྱེ་བས་གཉིས་སུ་འགྱུར་རོ། །དེ་དག་གི་མཚན་གཞི་ནི། ནས་མྱུག་གི་རྒྱུད་པའི་རྒྱུ་ཚོགས་གྲངས་ཚང་བའི་དཔྱིད་དུས་ཀྱི་ཤར་གྱི་ཞིང་ཆོས་ཅན། རང་འབྲས་མྱུ་གུ་སྐྱེད་ངེས་མ་ཡིན་ཏེ། དེ་སྐྱེད་པ་ཕྱིས་ཀྱི་རྒྱུ་གཞན་ལ་ལྟོས་པའི་ཕྱིར། ཞེས་པ་འདི་ནི། ཇི་སྐད་དུ། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་པས་བསྟན་ནོ། །གཉིས་པའི་མཚན་གཞི་ནི། བུམ་པ་ཆོས་ཅན། འཇིག་པ་ཕྱིས་ཀྱི་རྒྱུ་དོན་གཞན་ལ་ལྟོས་པ་མ་ཡིན་ཏེ། འཇིག་ངེས་ཡིན་པའི་ཕྱིར། ཞེས་པ་ནི། དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌། །ཞེས་པས་བསྟན་ནོ། །འོ་ན་འཇིག་ངེས་ཀྱིས་ལྟོས་མེད་སྒྲུབ་ནུས་ན་ལྟོས་མེད་ཀྱིས་ཀྱང་འཇིག་ངེས་སྒྲུབ་ནུས་པར་གཞུང་ལས་གསུངས་པས། ཕན་ཚུན་བརྟེན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལྟོས་མེད་ཀྱིས་རང་གྲུབ་ཙམ་ནས་འཇིག་ངེས་སྒྲུབ་པ་ཡིན་ལ། ལྟོས་མེད་དུ་སྒྲུབ་པ་ལ་ནི། སྤྱིར་འཇིག་ངེས་པ་ཙམ་རྟགས་སུ་བཀོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་རྟག་པས་བྱས་པ་འགོག་པ་དང༌། བྱས་པས་རྟག་པ་འགོག་པ་ལ་ཡང་སྦྱར་བར་བྱའོ། །མདོར་ན་ཕན་ཚུན་སྤང་འགལ་གྱི་རྟགས་ཀྱི་གྲངས་ནི་གཅིག་ཁོ་ནར་ངེས་སོ། །གཉིས་པ་རང་བཞིན་གྱི་གཏན་ཚིགས་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ། གཞན་ལུགས་མི་འཐད་པ་ནི། བོད་ཕལ་ཆེ་བ་དག་ན་རེ། སྒྲུབ་པའི་གཏན་ཚིགས་གཞིར་བྱས་པ་ལ། རྟགས་སུ་གཟུང་བྱ་དང་ཆོས་སུ་གཟུང་བྱ་ངོ་བོ་གཅིག་ཡིན་པས་ཁྱབ་པའོ། །ཞེས་ཟེར་རོ། །དེ་ནི་ཆོས་ཀྱི་གྲགས་པའི་དགོངས་པ་མ་ཤེས་པ་ཡིན་ཏེ། མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་གཏན་ཚིགས་ཐམས་ཅད་དང༌། བྱེ་བྲག་རྟགས་སུ་བཀོད་ནས་སྤྱི་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་ཐམས་ཅད་ལ་མ་ཁྱབ་པའི་ཕྱིར་དང༌། གྲགས་པའི་རྟགས་སུ་གྱུར་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་རྣམས་ལའང་མ་ཁྱབ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བུམ་པ་དངོས་པོར་སྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་ཡང་དག་ཏུ་སོང་བ་དེའི་ཚེ་ན་དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། ཁྱོད་དང་ངོ་བོ་གཅིག་ཡིན་པས་ཁྱབ་པར་ཐལ། ཁྱོད་དེ་སྒྲུབ་ཁྱི་རང་བཞིན་གྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དོན་བྱེད་ནུས་པ་དང་དངོས་པོའི་ཐ་སྙད་ངོ་བོ་གཅིག་པར་ཐལ། འདོད་པ་གང་ཞིག དངོས་པོའི་ཐ་སྙད་དེ་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་པའི་ཕྱིར་ཏེ། དེ་དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་དངོས་སུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། འདོད་ན། སྒྲ་དོན་ལ་དངོས་པོའི་འབྲེལ་པ་གྲུབ་པར་ཐལ་བ་དང༌། མཚོན་བྱ་ལ་བཏགས་ཡོད་ཀྱིས་མ་ཁྱབ་པར་ཐལ་བ་དང༌། མཉན་བྱ་མཐོང་བའི་དབང་ཤེས་རྟོགས་པར་ཐལ་བ་སོགས་མཐའ་ཡས་སོ། །ཡང་དུང་གི་དཀར་པོ་ཁ་དོག་ཏུ་སྒྲུབ་པ་ལ་དཀར་པོ་ཡིན་པ་རྟགས་སུ་བཀོད་པའི་ཚེ་ནའང་སྔ་མ་ལྟར་འཕེན་ནོ། །འདོད་ན། དཀར་པོ་དང་ཁ་དོག་ངོ་བོ་གཅིག་ཏུ་ཁས་བླངས་པས། འོ་ན་དཀར་པོ་མཐོང་བའི་མིག་ཤེས་ཆོས་ཅན། ཁ་དོག་མངོན་སུམ་དུ་མཐོང་བར་ཐལ། དཀར་པོ་ལ་སྣང་འཇུག་གང་ཞིག དེ་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར། འདོད་ན་ཁ་དོག་ཆོས་ཅན། དཀར་པོར་ཐལ། དཀར་པོ་མཐོང་བའི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། འདོད་པ་གང་ཞིག དེ་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་མེད་ན། ཁ་དོག་ཙམ་པོའི་སྟེང་ན། དཀར་པོ་དང་ངོ་བོ་མི་གཅིག་པའི་ཆ་ཅིག་ཡོད་པར་ཁས་བླངས་པས། དེ་འདྲའི་ཆ་དེ་ཆོས་ཅན། དཀར་པོ་ལ་རྗེས་སུ་མི་འགྲོ་བར་ཐལ། དཀར་པོ་དེ་ཁྱོད་དང་འབྲེལ་བ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དཀར་སེར་གཉིས་ཀ་ལ་རྗེས་སུ་འགྲོ་བའི་ཁ་དོག་ཙམ་པོ་བ་གཅིག་མེད་པར་ཐལ། ཁ་དོག་གི་སྟེང་གི་སེར་པོ་ལ་རྗེས་སུ་འགྲོ་བའི་ཆ་དེ་དཀར་པོ་ལ་རྗེས་སུ་མི་འགྲོ། ཅིག་ཤོས་ཀྱང་དེར་མི་འགྲོ་བའི་ཕྱིར། མ་གྲུབ་ན། དེའི་སྟེང་གི་སེར་པོ་ལ་རྗེས་སུ་འགྲོ་བའི་ཆ་དེ་ཆོས་ཅན། དཀར་པོ་ཁྱོད་དང་འབྲེལ་བར་ཐལ། ཁྱོད་དཀར་པོ་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ། འདོད་ན། གང་དུ་འབྲེལ། བདག་གཅིག་ཏུ་འབྲེལ་ན། དེ་ཁྱོད་དང་བདག་ཉིད་དམ། ངོ་བོ་གཅིག་པར་ཐལ། དེ་ཁྱོད་ལ་བདག་གཅིག་ཏུ་འབྲེལ་བའི་ཕྱིར། ཁྱབ་པ་ཁས། འདོད་ན། དཀར་པོ་ཆོས་ཅན། ཁ་དོག་གི་སྟེང་གི་དཀར་པོ་དང་ངོ་བོ་མི་གཅིག་པའི་ཆ་དེ་དང་ངོ་བོ་གཅིག་པར་ཐལ། དེའི་སྟེང་གི་སེར་པོ་ལ་རྗེས་སུ་འགྲོ་བའི་ཆ་དེ་དང་ངོ་བོ་གཅིག་པའི་ཕྱིར། རྟགས་བསལ་ཁས། ཁྱབ་པ་ཚད་མས་གྲུབ། གཞན་ཡང༌། དཀར་པོ་འཇིག་པའི་ཚེ་ན། ཁ་དོག་ཙམ་པོ་དེའི་ཕྱོགས་གཅིག་ཞིག་པ་དང༌། དེ་སྐྱེས་པའི་ཚེ་དེའི་ཕྱོགས་གཅིག་སྐྱེས་པར་ཐལ། དེའི་ཚེ་ན་དེ་དང་ངོ་བོ་གཅིག་ཏུ་གྱུར་པའི་ཁ་དོག་ཙམ་པོ་དེ་སྐྱེས་པ་དང་ཞིག་པའི་ཕྱིར། འདོད་ན། ཁ་དོག་ཙམ་པོ་དེ་ཆོས་ཅན། ངོ་བོ་ཐ་དད་པ་གཉིས་སུ་ཐལ། ཁྱོད་ཀྱི་ཕྱོགས་གཅིག་སྐྱེ་འཇིག་བྱེད་པ་དེའི་ཚེ། ཕྱོགས་གཞན་རྣམས་སྐྱེ་འཇིག་མི་བྱེད་པར་གནས་པའི་ཕྱིར། རྟགས་མ་གྲུབ་ན། བསལ་བ་རྣམས་སྐྱེ་འཇིག་ཅིག་ཆར་བྱེད་པར་ཐལ། དཀར་པོ་འཇིག་པའི་ཚེ་དེ་དང་ངོ་བོ་གཅིག་ཏུ་གྱུར་པའི་ཁ་དོག་དེ་འཇིག དེ་འཇིག་པའི་ཚེ་སེར་པོ་དང་ངོ་བོ་གཅིག་ཏུ་གྱུར་པའི་ཁ་དོག་དེ་འཇིག་དེ་འཇིག་པའི་ཚེ་སེར་པོ་འཇིག་པའི་ཕྱིར། མདོར་ན། སྤྱི་བྱེ་བྲག་ཡིན་པར་གྱུར་པའི་ཆོས་གཉིས་དང་མཚན་མཚོན་དུ་གྱུར་པའི་ཆོས་གཉིས་ངོ་བོ་གཅིག་ཡིན་ནོ་ཞེས་ཟེར་བ་ནི། ཆེས་ཤིན་ཏུ་མི་མཁས་པ་ཡིན་ཏེ། ཇི་སྐད་དུ། མཚན་ཉིད་དང་ནི་མཚོན་བྱ་དང༌། །སྤྱི་དང་བྱེ་བྲག་འབྲེལ་པ་ཡང༌། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །བརྟགས་པས་འགྲུབ་ཀྱི་གཞན་དུ་མིན། །ཞེས་གསུངས་པ་དང་འགལ་བའི་ཕྱིར་དང༌། ལྡོག་ཆོས་ཀྱི་སྟེང་ནས་ངོ་བོ་གཅིག་པ་ཁས་མི་ལེན་པའི་ཕྱིར་དང༌། ཁྱེད་ཉིད་ཀྱང་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པ་ཞེས་ཚིག་ཏུ་འདོན་པའི་ཕྱིར་དང༌། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། སྒྲུབ་རྟགས་ཡང་དག་གཞིར་བྱས་པ་ལ། རྟགས་ཆོས་གཉིས་ལ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པ་དེ། འདིར་སྒྲུབ་རྟགས་གཞིར་བྱས་པའི་དེའི་མཚན་ཉིད་དོ། །དེ་གྲུབ་པ་ཙམ་གྱིས་དེ་གཉིས་བདག་ཉིད་གཅིག་དང༌། ངོ་བོ་གཅིག་ཏུ་ཁས་ལེན་མི་དགོས་ཏེ། བློའི་ཡུལ་དུ་བྱ་རུང་དང་ཤེས་བྱ་བཞིན་ནོ། །དེའི་ཕྱིར་བདག་གཅིག་འབྲེལ་པ་ཞེས་བྱ་བ་ནི། དངོས་པོའི་སྟེང་ན་གཅིག་ཏུ་ཡོད་ཅིང༌། སྒྲ་དང་རྟོག་པའི་ངོར་ཐ་དད་དུ་ཕྱེ་བ་ཅིག་ལ་གསལ་བར་བཤད་དོ། །གཉིས་པ་དབྱེ་བ་ནི། རང་བཞིན་དག་པ་བ་དང༌། ལྟོས་པ་བ་གཉིས་སོ། །དེ་གཉིས་ཀྱི་མཚན་ཉིད་དང༌། དབྱེ་བ་དཔེར་བརྗོད་པ་ནི། རིམ་བཞིན་རང་བཞིན་གྱི་གཏན་ཚིགས་ཡང་དག་གཞིར་བྱས་ལ། རང་གི་ངོ་བོ་རང་འཛིན་རྟོག་པའི་ཡུལ་དུ་འཆར་བ། རང་གི་ཁྱད་པར་བྱེད་ཆོས་རྟོག་པའི་ཡུལ་དུ་འཆར་བ་ལ་མི་ལྟོས་པ་དང་ལྟོས་པའོ། །དཔེ་ནི། སྒྲ་མི་རྟག་སྒྲུབ་ལ་ཡོད་པ་ཉིད་རྟགས་སུ་བཀོད་པ་དང་བྱས་པ་བརྟགས་སུ་བཀོད་པ་བཞིན་ནོ། །སྤྱིར་ཡོད་པ་ཞེས་བྱ་བའི་སྒྲ་ནི་ཡངས་པར་བྱས་པའི་ཚེ་ཚད་མས་དམིགས་པ་ཐམས་ཅད་ལ་འཇུག་ལ། དོག་པར་བྱས་པའི་ཚེ་དོན་བྱེད་ནུས་པ་ཁོ་ན་ལ་འཇུག་པ་ཡིན་ཏེ། དཔེར་ན་ཆོས་ཞེས་བྱ་བའི་སྒྲ་དང༌། སྲིད་པ་ཞེས་བྱ་བའི་མིང་དང༌། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་བཞིན་ནོ། །དེ་ལྟ་མོད་ཀྱི་ཉིད་ཅེས་བྱ་བའི་ཚིག་དང་འབྲེལ་བའི་ཚེ་ནི། འདིར་དོན་བྱེད་ནུས་པ་ཁོ་ན་ལ་འཇུག་སྟེ། ཉིད་ཅེས་བྱ་བའི་ཚིག་དེ་དངོས་པོའི་རྐྱེན་དུ་བྱས་པ་དང༌། ངེས་གཟུང་གི་ཚིག་ཏུ་བྱས་པ་གཉིས་ལས། འདིར་ནི་དང་པོའི་དབང་དུ་བྱས་པའི་ཕྱིར། དཔེར་ན་ངོ་བོ་ཉིད་དང༌། དེ་ཁོ་ན་ཉིད་ཅེས་པའི་སྒྲ་སྦྱར་བ་བཞིན་ནོ། །དོན་དེ་ལ་དགོངས་ནས་རྩོད་རིགས་སུ། དོན་བྱེད་ནུས་པ་ཡོད་པའི་མཚན་ཉིད་དུ་གསུངས་སོ། །འདིར་གཞན་དག སྐབས་འདིར་ཡོད་པ་ལ་མི་རྟག་པས་ཁྱབ་པར་བཞེད་པ་དེ་ནི་རིགས་གཏེར་མཛད་པ་ཁོ་ནའི་ལུགས་སོ་སྙམ་དུ་སེམས་པ་དེ་དག་གིས་ནི། ལུགས་སྔ་མ་རྣམས་ལེགས་པར་མ་བལྟས་པ་ཡིན་ཏེ། རྔོག་ལོ་ཆེན་པོ་དང༌། ཕྱྭ་གཙང་དན་གསུམ་གྱི་གཞུང་ལུགས་ལས་གསལ་བར་འབྱུང་བའི་ཕྱིར། གསུམ་པ་འབྲས་བུའི་གཏན་ཚིགས་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ། གཞན་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག་མཐུན་པར། སྒྲུབ་རྟགས་ཡང་དག་གཞིར་བྱས་པ་ལ། དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། དེའི་རྒྱུ་ཡིན་པས་ཁྱབ་པ་ཞེས་ཟེར་བ་མ་ཤེས་པ་ཡིན་ཏེ། ཚད་མ་གྲུབ་པའི་ལེའུར་གསུངས་པའི་འབྲས་བུའི་རྟགས་ཡང་དག་རྣམས་ལ་མ་ཁྱབ་པའི་ཕྱིར་དང༌། རྒྱུའི་རང་ལྡོག་སྒྲུབ་པ་དང༌། རྒྱུའི་ཁྱད་པར་དཔོག་པའི་འབྲས་རྟགས་རྣམས་ལ་མ་ཁྱབ་པའི་ཕྱིར་དང༌། ཁྱོད་འདོད་པའི་རྒྱུ་ཆོས་རྗེས་དཔོག་ལ་ཡང་མ་ཁྱབ་པའི་ཕྱིར། ཇི་ལྟར་ཞེ་ན། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་འགོག་བདེན་ཆོས་ཅན། རང་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་སྔོན་དུ་སོང་བ་ཡིན་ཏེ། འགོག་བདེན་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པའི་ཚེ། དེ་ཆོས་ཅན་མཚན་ཉིད་དེར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན་ལུགས་ལས་ཟློག་པ་འབྲས་བུའི་རྟགས་ཀྱིས་བཅོམ་ལྡན་འདས་ཚད་མར་སྒྲུབ་པའི་གཏན་ཚིགས་མེད་པར་འགྱུར་རོ། །ཡང་མྱུ་གུ་རྒྱུ་དང་བཅས་པ་བསྒྲུབ་པ་ལ་རེས་འགའ་སྐྱེ་བ་རྟགས་སུ་བཀོད་པ་དང༌། གཟུགས་འཛིན་མིག་ཤེས་ཆོས་ཅན་དུ་གཟུང་ནས། དབང་ཡིད་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པ་ལ། དེ་མེད་ན་མི་སྐྱེ་ཞིང་རེས་འགའ་སྐྱེ་བ་རྟགས་སུ་བཀོད་པའི་ཚེ་ན། དེ་དང་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། རྒྱུ་དང་བཅས་པ་དེ་མྱུ་གུའི་རྒྱུར་ཐལ་བ་དང༌། དབང་ཡིད་ལས་གཞན་པའི་རྒྱུ་ཡོད་པ་དེ། རྟགས་སུ་གཟུང་བྱ་དེའི་རྒྱུར་ཐལ་བར་འགྱུར་རོ། །གཉིས་པ་རང་གི་ལུགས་ནི། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་གཉིས་ལ་དེ་བྱུང་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་གྲུབ་པའོ། །དེ་ཙམ་གྱིས་དེ་བྱུང་འབྲེལ་པར་གཞག་མི་ནུས་ཏེ། མེ་མེད་དང་དུ་མེད་བཞིན་དང་བདག་ཡོད་པ་དང་བདག་ཚད་མས་དམིགས་པ་གཉིས་ལ་བདག་གཅིག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་ཀྱང༌། དེ་གཉིས་བདག་གཅིག་ཏུ་མ་འབྲེལ་བ་བཞིན་ནོ། །ཡང་སེལ་ངོར་དེ་བྱུང་དུ་འབྲེལ་བ་དང༌། བདག་གཅིག་ཏུ་འབྲེལ་བ་ཙམ་གྱིས་དེ་ལས་བྱུང་བ་དང༌། དེ་དང་བདག་ཉིད་གཅིག་ཡིན་པའི་ཁྱབ་པའང་ཡོད་པ་མ་ཡིན་ཏེ། སེལ་ངོའི་མི་རྟག་པ་དང་རྩོལ་བྱུང་གཉིས་ངོ་བོ་མི་གཅིག་པ་དང༌། མཚན་མཚོན་གཉིས་ངོ་བོ་མི་གཅིག་པ་བཞིན་དང༌། སེལ་ངོར་མེ་དུ་གཉིས་དེ་བྱུང་དུ་འབྲེལ་ཀྱང༌། སེལ་ངོའི་དུ་བ་དེ་སེལ་ངོའི་མེ་ལས་བྱུང་བ་མ་ཡིན་པ་བཞིན་ནོ། །གཉིས་པ་དབྱེ་བ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་སྔ་རབས་པ་དག རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་འདིའི་དབྱེ་བ་དངོས་སུ་བགྲང་བ་མི་འཐད་དེ། རིགས་པ་མཁྱེན་པའི་གཞུང་ལས། དེ་ཆ་མཐུན་བསྡུ་བའི་ཐད་དུ་གསུངས་པ་ཡིན་གྱི། དབྱེ་བ་དངོས་སུ་བཤད་པ་མེད་པའི་ཕྱིར། གཉིས་པ་རང་གི་ལུགས་ལ། དངོས་དང་ཆ་མཐུན་བསྡུ་བའོ། །དང་པོ་ལ་བཞི་སྟེ། དུ་བ་ཡོད་པའི་རྟགས་ཀྱིས་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པ་ལྟ་བུ་རྒྱུ་དངོས་སྒྲུབ་དང༌། དུ་བ་ཡིན་པའི་རྟགས་ཀྱིས་ནམ་མཁའི་དུ་བ་སྔོ་ལོང་པོ་རང་རྒྱུ་མེ་སྔོན་སོང་དུ་སྒྲུབ་པ་ལྟ་བུ་རྒྱུ་སྔོན་སོང་སྒྲུབ་དང༌། དབང་ཡིད་ལས་གཞན་པའི་རྒྱུ་མེད་ན་མི་སྐྱེ་ཞིང༌། རེས་འགའ་སྐྱེ་བའི་རྟགས་ཀྱིས། གཟུགས་འཛིན་དབང་ཤེས་དབང་ཡིད་ལས་གཞན་པའི་རྒྱུ་དང་བཅས་པར་སྒྲུབ་པ་ལྟ་བུ་རྒྱུའི་ཁྱད་པར་སྒྲུབ་པའི་འབྲས་རྟགས་རྣམས་སོ། །འདིར་ཁ་ཅིག དུ་བ་ཡོད་པ་ཆོས་ཅན། འབྲས་རྟགས་ཡང་དག་མ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར་ཞེས་ཟེར་བ་དང༌། དུ་བ་ཡོད་པ་མེ་ཡོད་པ་ལ་བདག་གཅིག་ཏུ་འབྲེལ་པ་ཡིན་ནོ་ཞེས་ཟེར་བ་དེ་དག་མ་ཤེས་པ་ཡིན་ཏེ། བྲལ་འབྲས་འབྲས་བུ་གོ་ཆོད་པོར་བཤད་པ་མ་གོ་བར་སྣང་བའི་ཕྱིར་དང༌། གཞུང་ལས། འདུས་བྱས་ཡིན་ན་རྒྱུ་ལས་སྐྱེས་པའི་ཁྱབ་པ་བཤད་ཀྱང༌། འབྲས་བུ་ལ་དེའི་ཁྱབ་པ་མ་བཤད་པའི་ཕྱིར་དང༌། མེ་ཡོད་དང་དུ་ཡོད་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་ན། བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་པར་འགལ་བ་མ་ཤེས་པར་སྣང་བའི་ཕྱིར་དང༌། དུ་ཡོད་དང་མེ་ཡོད་དུས་མཉམ་དུ་ཁས་བླངས་པས་ནོངས་པའི་ཕྱིར་རོ། །གཉིས་པ་ཆ་མཐུན་བསྡུ་བ་ནི། བུ་རམ་གྱི་རོ་ད་ལྟར་བའི་རྟགས་ཀྱིས་བུ་རམ་གྱི་གོང་བུ་ད་ལྟར་བའི་སྟེང་དུ་བུ་རམ་གྱི་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པ་ནི། གཏན་ཚིགས་ཡང་དག་ཏུ་ཁས་ལེན་དགོས་ཏེ། དེ་ལས་དེ་རྟོགས་པའི་རྗེས་དཔག་ཡོད་པའི་ཕྱིར་སྙམ་པའི་དོགས་པ་སེལ་བ་ལ། ཇི་སྐད་དུ། ཚོགས་པ་གཅིག་ལ་རག་ལས་པའི། །ཞེས་པ་ནས། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་པའི་བར་གསུངས་སོ། །དེའི་དོན་ནི། བུ་རམ་གྱི་རོ་ད་ལྟར་བའི་རྟགས་ཀྱིས་ཁ་ནང་བུ་རམ་གོང་བུའི་སྟེང་དུ། བུར་གཟུགས་སྔ་མའི་ནུས་པ་ཡོད་པར་སྒྲུབ་པ་ན། དེར་བུར་གཟུགས་ད་ལྟར་བ་ཡང་སྒྲུབ་ནུས་པ་ཡིན་ཏེ། བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར། དཔེར་ན། དུ་བས་དུ་ལྡན་ལ་ལ་མེ་བསྒྲུབས་པ་ན། དེར་བུད་ཤིང་གི་འགྱུར་བ་སྒྲུབ་ནུས་པ་བཞིན་ནོ། །ཞེས་པའོ། །མདོར་ན། རྒྱུ་ཆོས་རྗེས་སུ་དཔོག་པ་ནི། རྟགས་ལ་བརྟེན་པའི་རྗེས་དཔག་དེའི་མིང་ཡིན་ལ། དེའི་རྟེན་དུ་གྱུར་པའི་གཏན་ཚིགས་ཡང་དག་ཡིན་ན། རྒྱུ་དངོས་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པས་ཁྱབ་པ་ཡིན་ཏེ། དཔེར་ན། དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པ་ལ་དུ་བ་ཡོད་པ་རྟགས་སུ་བཀོད་པའི་ཚེ་རྟགས་དེ་ལ་བརྟེན་པའི་རྟགས་ཅན་རྗེས་དཔག་ནི་དུ་ལྡན་ལ་མེ་ཡོད་དུ་རྟོགས་པ་དང༌། དེར་བུད་ཤིང་གི་འགྱུར་བ་ཡོད་པར་རྟོགས་པའི་རྗེས་དཔག་གི་དབྱེ་བས་གཉིས་སུ་འགྱུར་བ་བཞིན་ནོ། །གཏན་ཚིགས་ཡང་དག་གསུམ་པོའི་གོ་རིམ་བཤད་མ་ཐག་པ་དེ་ནི། རྣམ་པར་ངེས་པ་དང༌། རིགས་པའི་ཐིགས་པ་ལས་ཇི་ལྟར་འབྱུང་བ་བཞིན་རིགས་པའི་གཏེར་དུ་བཀོད་པ་ཡིན་ནོ། །དབྱེ་སྒོ་དྲུག་པ་ལ། དང་པོ་རང་དོན་སྐབས་ཀྱི་རྟགས་ཡང་དག་གི་མཚན་ཉིད། རྒོལ་བ་གཞན་གྱིས་གཏན་ཚིགས་ཡང་དག་བཀོད་པ་ལ་མ་ལྟོས་པར། རྒོལ་བ་རང་ཉིད་ཀྱི་ངོར། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བ་དེ། རྒོལ་བ་རང་ཉིད་ཀྱི་ངོར། རང་དོན་སྐབས་ཀྱི་རྟགས་ཡང་དག་གི་མཚན་ཉིད་དོ། །བོད་ཕྱི་མ་དག རང་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་ན། རྒོལ་བ་གཞན་ལ་གཏན་མི་ལྟོས་པས་ཁྱབ་པར་འདོད་པ་ནི། མ་ཤེས་པ་ཡིན་ཏེ། སྔ་རྒོལ་གྱིས་ཕྱི་རྒོལ་གྱི་ངོར་ཚུལ་གསུམ་བསྒྲུབས་ནས། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་མ་བཀོད་པའི་བར་དེར། ཕྱི་རྒོལ་རང་ཉིད་ཀྱིས་ཚུལ་གསུམ་དྲན་ལམ་དུ་འཕངས་པ་སྲིད་པའི་ཕྱིར་དང༌། སངས་རྒྱས་པས་གྲངས་ཅན་ལ་སྒྲ་རྟག་པའི་སྒྲུབ་བྱེད་དྲིས་པའི་ཚེ། བྱས་པའི་ཕྱིར་ཞེས་བཀོད་པ་ན། སངས་རྒྱས་པས་ཁྱབ་པ་འགལ་ལོ་ཞེས་བརྗོད་པ་ཙམ་གྱིས། སྔ་རྒོལ་གྲངས་ཅན་གྱི་བློ་ངོར། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དྲན་ལམ་དུ་འཕངས་པ་སྲིད་པའི་ཕྱིར། དུས་དེ་གཉིས་ཀྱི་ཚེ་བྱས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་སུ་རྒོལ་བ་གཞན་གྱིས་མ་བཀོད་ཀྱང༌། ཁྱོད་དེ་སྒྲུབ་ཀྱི་སྐབས་བབ་ཀྱི་རྒོལ་བའི་ངོར། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་ཕྱིར། གཉིས་པ་མཚན་གཞི་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་གཞན་དག གློ་བུར་བའི་གཏན་ཚིགས་ཐམས་ཅད་རང་དོན་གྱི་གཏན་ཚིགས་སུ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། གློ་བུར་བའི་གཏན་ཚིགས་ཞེས་པ་ནི། ཚུལ་གསུམ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་སྐབས་དེར་སྔོན་དུ་མ་སོང་ཡང༌། རྟགས་དང་དཔེ་མཐོང་མ་ཐག་ཏུ་ཚུལ་གསུམ་དྲན་ལམ་དུ་འཕངས་པ་ཅིག་ལ་ཟེར་བ་ཡིན་ལ། དེ་ལ་ནི་རང་གཞན་གྱི་སྐབས་གཉིས་ཀ་ཡོད་པའི་ཕྱིར། དཔེར་ན། དུ་བས་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་གཏན་ཚིགས་ནི། རང་གཞན་གྱི་སྐབས་གང་ཡིན་ཀྱང༌། གློ་བུར་བའི་གཏན་ཚིགས་སུ་ངེས་པ་ལྟ་བུའོ། །རང་དོན་གྱི་གཏན་ཚིགས་འགོད་ཚུལ་ལ། དུ་ལྡན་གྱི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའི་འགོད་ཚུལ་བྱེད་པ་ནི། དོན་སྤྱི་མ་ཤར་བ་ཡིན་ཏེ། རང་ཉིད་ཀྱིས་བསྒྲུབ་བྱ་ངེས་ཟིན་ནས། དེའི་སྒྲུབ་བྱེད་རང་ངོར་བཀོད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། འདི་ལའང་སྔར་བཤད་པའི་རྟགས་ཀྱི་དབྱེ་སྒོ་ཇི་སྙེད་པ་ཚང་བ་ཡིན་ལ། རྟགས་ཀྱི་འགོད་ཚུལ་ནི། སྒྲ་འདི་ནི་བྱས་པའི་ཕྱིར་མི་རྟག་གོ་སྙམ་པའི་བློ་སྐྱེ་བ་ཡང་སྲིད། བུམ་པ་མི་རྟག་པ་ཡིན་པ་དེ་བཞིན་དུ། གང་བྱས་པ་ཡིན་པ་དེ་ཐམས་ཅད་མི་རྟག སྒྲ་ཡང་བྱས་པ་ཡིན་པའི་ཕྱིར་མི་རྟག་གོ་སྙམ་པའི་བློ་སྐྱེ་བ་ཡང་སྲིད་དོ། །གཉིས་པ་ལ། མཚན་ཉིད་ནི། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག རང་ཉིད་དེ་སྒྲུབ་ཀྱི་རྟགས་སུ་འགོད་མཁན་གྱི་རྒོལ་བ་དེས། རྒོལ་བ་གཞན་ལ་རྟགས་ཅན་རྗེས་དཔག་སྐྱེད་པའི་ཕྱིར་དུ་བཀོད་པའི་གཏན་ཚིགས་སོ། །བོད་ཕྱི་མ་དག གཞན་དོན་སྐབས་ཀྱི་གཏན་ཚིགས་ཡིན་ན། སྔ་རྒོལ་གྱིས་ཕྱི་རྒོལ་གྱི་ངོར་བཀོད་པའི་གཏན་ཚིགས་ཡིན་པས་ཁྱབ་པར་རློམ་པ་ནི་དོན་སྤྱི་མ་ཤར་བ་ཡིན་ཏེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཇི་སྙེད་པ་ནི། ཕྱི་རྒོལ་གྱིས་སྔ་རྒོལ་གྱི་ངོར་འགོད་པ་ཡིན་ལ། དེས་འཕངས་པའི་གཏན་ཚིགས་ཡང་དག་ཇི་སྙེད་པ་གཞན་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་ཏུ་ཁས་ལེན་དགོས་པ་ལས་འོས་མེད་པའི་ཕྱིར། གཉིས་པ་མཚན་གཞི་ནི། སྔར་བཤད་པའི་དབྱེ་སྒོ་ཇི་སྙེད་པ་དེ་སྙེད་ཀྱི་དབྱེ་བས་དུ་མར་འགྱུར་རོ། །རྟགས་ཡང་དག་གི་སྦྱོར་བ་འགོད་ཚུལ་དང༌། ཞིབ་ཆ་འདོན་ལུགས་རྣམས་གྲུབ་མཐའི་འཇོག་ཚུལ་ལ་དཔྱད་ནས་ཤེས་པར་བྱ་དགོས་ཀྱི། བཤད་མ་ཐག་པ་དེ་དག་ནི་ཚིག་ཚེགས་ཆུང་བའི་ཕྱིར་བསྡུས་པ་ཡིན་ནོ། །གཉིས་པ་གཏན་ཚིགས་ལྟར་སྣང་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག སྦྱོར་བ་དེ་སྐོར་དང༌། དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པ་དེ་དེ་སྐོར་དང༌། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད་དོ། །ཞེས་ཟེར་བ་ནི་ཚིག་དོན་གཉིས་ཀ་ལ་མ་ཞུགས་པ་ཡིན་ཏེ། འདི་ལྟར། གཞལ་བྱ་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་དུ་ཐལ། དེ་སྐོར་གྱི་ཚུལ་གསུམ་མ་ཡིན་པའི་ཕྱིར། འདོད་ན། དེ་སྐོར་གྱི་གཏན་ཚིགས་དེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་རིགས་པར་འགྱུར་ལ། འདོད་ན། བྱས་པ་དེ་མཐའ་གཅིག་ཏུ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་ཉམས་སོ། །ཡང་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་ཚུལ་དང་པོ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཚུལ་གཉིས་པ་ཡིན་པར་ཐལ་ལོ། །འདོད་ན་འགལ་ལོ། །ཡང་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་ཡིན་ན། དེ་སྐོར་གྱི་རྗེས་འགྲོའི་ཚུལ་ཡིན་དགོས་པར་ཐལ། བྱས་པ་དེ་སྐོར་གྱི་ཚུལ་གསུམ་ཡིན། བྱས་པ་ལས་ལྡོག་པ་ཐ་དད་ཡིན་ན། དེ་སྐོར་གྱི་ཚུལ་རེ་རེ་ནས་མ་ཡིན་དགོས་པའི་ཕྱིར། འདོད་ན་དེ་སྐོར་གྱི་ཕྱོགས་ཆོས་ཚད་མས་ཤེས་ཤིང་ཁྱབ་འབྲེལ་མི་ཤེས་པའི་ངོར་དེ་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པར་ཐལ། དེ་སྒྲུབ་ཀྱི་རྗེས་འགྲོའི་ཚུལ་ཡིན་པའི་ཕྱིར། འཁོར་གསུམ་ཁྱོད་ཀྱིས་ཁས་བླངས་སོ། །གཉིས་པ་རང་གི་ལུགས་ནི། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་རྒོལ་བ་དེའི་བློ་ངོར་མ་ཚང་བ་དེ། ཁྱོད་རྒོལ་བ་དེའི་ངོར་གཏན་ཚིགས་ལྟར་སྣང་ཡིན་པའི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ལ། མ་གྲུབ་པ་དང༌། འགལ་བ་དང༌། མ་ངེས་པའི་གཏན་ཚིགས་གསུམ་མོ། །དང་པོ་ལ་མཚན་ཉིད་ནི། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་མ་ངེས་པ་དེ། རྒོལ་བ་དེའི་ངོར་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་མཚན་ཉིད་དོ། །དབྱེ་ན། ཕྱོགས་ཆོས་དོན་ལ་མ་གྲུབ་པ། བློ་ངོ་ལ་མ་གྲུབ་པ། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པའོ། །དང་པོ་ནི། གཉིས་སུ་འདུས་ཏེ། ཤེས་འདོད་ཆོས་ཅན་མེད་པ་དང༌། དེ་ཡོད་ཀྱང་རྟགས་ཕྱོགས་ཆོས་སུ་མ་གྲུབ་པའོ། །དང་པོ་ལ། ཆོས་ཅན་གྱི་ངོ་བོ་མེད་པ་དང༌། ཡོད་ཀྱང་ཤེས་འདོད་མེད་པའོ། །དང་པོ་ནི། རི་བོང་རྭ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། སྒྲ་མཉན་བྱ་ཡིན་པར་སྒྲུབ་པ་ལ། གཏན་ཚིགས་གང་བཀོད་ཀྱང་ཆོག་པའོ། །གཉིས་པ་ལ། རྟགས་ཀྱི་ངོ་བོ་མི་སྲིད་པ་དང༌། སྲིད་ཀྱང་ཕྱོགས་ཀྱི་ཆོས་སུ་མི་རུང་བའོ། །དང་པོ་ནི། བུམ་པ་མི་རྟག་པར་སྒྲུབ་པ་ལ་དབང་ཕྱུག་རྟག་པས་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ལ་རྟགས་ཆོས་ཅན་གྱི་སྟེང་དུ་མ་གྲུབ་པ་དང༌། དེ་དེ་ལ་གྲུབ་ཀྱང་ཕྱོགས་ཆོས་སུ་མི་རུང་བའོ། །དང་པོ་ལ། རྟགས་རིལ་པོ་ཆོས་ཅན་གྱི་སྟེང་དུ་མ་གྲུབ་པ་དང༌། ཕྱོགས་གཅིག་མ་གྲུབ་པའོ། །དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ། མིག་ཤེས་ཀྱི་གཟུང་བྱ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ལ་རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང༌། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །དང་པོ་ནི། ཤིང་སེམས་ལྡན་དུ་སྒྲུབ་པ་ལ། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་དུ་སྒྲུབ་པ་ལ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་བཀོད་པ་ལྟ་བུའོ། །གཉིས་པ་ཡོད་ཀྱང་ཕྱོགས་ཆོས་སུ་མི་རུང་བ་ལ། གཞི་རྟགས་ཐ་དད་མེད་པ་དང༌། ཆོས་རྟགས་ཐ་དད་མེད་པའོ། །དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་སྒྲ་བཀོད་པ་ལྟ་བུའོ། །གཉིས་པ་ནི། སྒྲ་མི་རྟག་སྒྲུབ་ལ་མི་རྟག་པ་བཀོད་པ་ལྟ་བུའོ། །བོད་ཕྱི་མ་དག གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པའི་རྟགས་ཞེས་འཆད་པ་ནི། གཞུང་འགྲེལ་ལས་མ་བཤད་ཅིང་བོད་ཀྱི་མཁས་པ་སུ་ཡང་མི་བཞེད་དོ། །གཉིས་པ་ཕྱོགས་ཆོས་བློ་ངོར་མ་གྲུབ་པ་ལ། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང༌། ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང༌། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་བའོ། །དང་པོ་ནི། བུམ་པ་མི་རྟག་པར་སྒྲུབ་པ་ལ་ཤ་ཟས་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། ཤ་ཟའི་བུམ་པ་མི་རྟག་པར་སྒྲུབ་པ་ལྟ་བུའོ། །གསུམ་པ་ནི། རི་སུལ་གསུམ་གྱི་དབུས་མ་ན་རྨ་བྱ་ཡོད་པར་སྒྲུབ་པ་ལ་རྨ་བྱའི་སྒྲ་གྲག་པ་རྟགས་སུ་བཀོད་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ་ལ། སྔ་རྒོལ་ལ། ཕྱི་རྒོལ་ལ། གཉིས་ཀ་ལ་ལྟོས་ཏེ་མ་གྲུབ་པ་དང་གསུམ་མོ། །དང་པོ་ནི། སྔ་རྒོལ་གྲངས་ཅན་པས། ཕྱི་རྒོལ་སངས་རྒྱས་པའི་ངོར། བློ་བདེ་སེམས་མེད་དུ་སྒྲུབ་པ་ལ་སྐྱེ་འཇིག་ཅན་བཀོད་པ་ལྟ་བུའོ། །གཉིས་པ་ནི། སྔ་རྒོལ་གཅེར་བུ་པས། ཕྱི་རྒོལ་སངས་རྒྱས་པའི་ངོར་ཤིང་སེམས་ལྡན་དུ་སྒྲུབ་པ་ལ། ཤུན་པ་བཤུས་ན་འཆི་བ་བཀོད་པ་ལྟ་བུའོ། །གསུམ་པ་ནི། རྒོལ་ཕྱི་རྒོལ་གཉིས་ཀས་སྒྲ་བྱས་པར་མི་ཤེས་བཞིན་དུ་སྒྲ་མི་རྟག་སྒྲུབ་ལ་བྱས་པ་བཀོད་པ་ལྟ་བུའོ། །གཉིས་པ་འགལ་བའི་གཏན་ཚིགས་ལ། མཚན་ཉིད་ནི། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་གྲུབ་ཅིང༌། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པའི་ཚུལ་གཉིས་ཕྱིན་ཅི་ལོག་ཏུ་རྒོལ་བ་དེའི་ཚད་མས་ངེས་པ་དེ། རྒོལ་བ་དེའི་ངོར། དེའི་མཚན་ཉིད་དོ། །དབྱེ་ན་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས། ཆོས་ཅན་གྱི་ངོ་བོ་དང༌། ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས་རྣམས་སོ། །དང་པོ་ནི། སྒྲ་བྱས་པ་དང༌། བྱས་མི་རྟག་གི་འབྲེལ་པ་ཚད་མས་ཤེས་ནས། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱི་རྒོལ་གྱི་ངོར། སྒྲ་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །འདིར་ནི། སྔ་རྒོལ་གྱིས་འགལ་བའི་གཏན་ཚིགས་བཀོད་པས་ཕྱི་རྒོལ་གྱི་རྒྱུད་ལ་རྟགས་ཅན་རྗེས་དཔག་སྐྱེ་བ་ཡིན་ལ། དེའི་ཚེ་ན་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་ཏུ་རྣམ་པར་བཞག་གོ །གཉིས་པ་ནི་དངོས་གྱུར་གྱི་ནམ་མཁའ་རྟགས་པར་སྒྲུབ་པ་ལ། འདུས་མ་བྱས་བཀོད་པ་ལྟ་བུའོ། །དེ་དེ་ཡིན་པའི་རྒྱུ་མཚན་ནི། སྨྲས་ཙམ་ལ་དེ་ལྟར་བཀོད་ཀྱང༌། ཞེ་འདོད་ནི་ནམ་མཁའ་རྟག་དངོས་སུ་སྒྲུབ་པ་ལ། འདུས་མ་བྱས་རྟགས་སུ་བཀོད་པའོ། །དེའི་ཚེ་ན་འདུས་མ་བྱས་པ་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་སྨྲས་ཙམ་གྱི་འགལ་རྟགས་མ་ཡིན་ཏེ། ཁྱོད་རྟག་པ་དང་འབྲེལ་པ་ཚད་མས་ངེས་པའི་ཕྱིར། དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་འགལ་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་དང་འགལ་བའི་ཕྱིར་ཏེ། རྟག་དངོས་དེ་དེ་སྐབས་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་བཞག་པའི་ཕྱིར། འོ་ན་དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་འགལ་རྟགས་ཡིན་ཞེས་བརྗོད་པས་ཆོག་མོད། ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྨྲས་ཙམ་གྱི་ཆོས་ཅན་གྱི་ངོ་བོ་དེ་ཉིད་སྐབས་དེར་ཞེ་འདོད་ཀྱི་བསྒྲུབ་བྱར་བྱས་པ་གང་ཞིག དེ་ལྟར་བྱས་ནས་སྒྲུབ་པ་ལ་འགལ་བའི་གཏན་ཚིགས་སུ་སོང་བའི་ཕྱིར་དེ་སྐད་ཅེས་བྱའོ། །རིགས་པ་འདིས་ནི་འགལ་རྟགས་ཕྱི་མ་གསུམ་གྱི་གོ་དོན་ཡང་ཤེས་པར་བྱའོ། །གསུམ་པ་ནི་མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །བཞི་པ་ནི། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །མདོར་ན་བཞི་པོའི་ཁྱད་པར་ནི། ཞེ་འདོད་ཀྱི་ཆོས་ཅན་གྱི་སྟེང་དུ། ཕྱོགས་ཆོས་ཀྱི་ཚུལ་གྲུབ་པ་གཞིར་བྱས་ནས། སྨྲས་ཙམ་གྱི་བསྒྲུབ་བྱ་ཉིད་ཞེ་འདོད་ཀྱི་ཡང་བསྒྲུབ་བྱར་བྱས་པ་དང༌། སྨྲས་ཙམ་གྱི་ཆོས་ཅན་གྱི་ངོ་བོ་དེ་ཞེ་འདོད་ཀྱི་བསྒྲུབ་བྱར་བྱས་པ་དང༌། སྨྲས་ཙམ་གྱི་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དེ་ཉིད་ཞེ་འདོད་ཀྱི་དེར་བྱས་པ་དང༌། སྨྲས་ཙམ་གྱི་ཆོས་ཅན་གྱི་ཁྱད་པར་དེ་ཉིད་ཞེ་འདོད་ཀྱི་བསྒྲུབ་བྱར་བྱས་ནས་སྒྲུབ་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའོ། །དེ་ལྟར་ན་བོད་ཕྱི་མ་དག བཞི་པོ་དེ་སྤྱིར་འགལ་རྟགས་མཚན་ཉིད་པ་མ་ཡིན་ཞེས་དང༌། སྤྱིར་ཡིན་ཀྱང་དེ་སྒྲུབ་ཀྱི་དེ་མ་ཡིན་ཞེས་ཟེར་བ་དེ་དག་གིས་མ་གོ་བ་ཡིན་ཏེ། ཇི་སྐད་དུ། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་པས་ཞེ་འདོད་ཀྱི་བསྒྲུབ་བྱ་ཉིད་གཙོ་ཆེ་བར་བསྟན་པའི་ཕྱིར། དེ་ལྟར་བྱས་ན་འདུས་མ་བྱས་དེ་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་འགལ་རྟགས་ཡིན་པའི་ཕྱིར། ནམ་མཁའ་རྟག་དངོས་ཡིན་པ་དེ་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡིན་ཏེ། དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར་ཞེས་པའོ། །དེ་ལྟ་མ་ཡིན་ན། འདིས་ནི་གཉིས་བཅས་སྦྱོར་བ་ལ། །རྗེས་འགྲོ་མེད་དང་འགལ་བ་དག །བསྟན་པ་ཡིན་ནོ་ཞེས་པའི་གཞུང་དོན་ཇི་ལྟར་འཆད། གལ་ཏེ་ནམ་མཁའ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། མ་བྱས་པའི་ཕྱིར། ཁྱབ་པ་དངོས་འགལ་ལོ་སྙམ་ན། འོ་ན་སྦྱོར་བ་དེ་སྐོར་གྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་ན། དེ་སྐོར་གྱི་ཚིག་ཟིན་གྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་དགོས་པར་འགྱུར་བ་དང༌། འདོད་ན་དེ་སྐོར་གྱི་བསྒྲུབ་བྱའི་ཆོས་ཡིན་ན་ཚིག་ཟིན་གྱི་དེ་ཡིན་དགོས་པར་འགྱུར་ལ། དེ་ཡང་འདོད་ན། དེ་སྐོར་གྱི་བསྒྲུབ་བྱ་ཡིན་ན་དེ་སྐོར་གྱི་ཚིག་ཟིན་གྱི་བསྒྲུབ་བྱ་ཡིན་དགོས་པར་འགྱུར་ལ། དེ་ཡང་དེ་ལྟ་ན། དེ་སྐོར་གྱི་རྒོལ་བས་ངག་ཏུ་དངོས་སུ་མ་བརྗོད་ཀྱང༌། ཞེ་ནས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་དེ་ཡིན་ན། དེ་སྐོར་གྱི་བསྒྲུབ་བྱ་ཡིན་མི་དགོས་པར་འགྱུར་རོ། །ཚིག་གི་ལན་ནི། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་སུ་ཁྱོད་ཀྱིས་ཁས་བླངས་པས། ནམ་མཁའ་ཆོས་ཅན། ཆོས་ཅན་གྱི་ངོ་བོ་མ་ཡིན་པར་ཐལ། མ་བྱས་པའི་ཕྱིར་ཁྱབ་པ་དངོས་འགལ་ལོ། །གཞན་ཡང་འདུས་ཤིང་བསགས་པ་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འགལ་རྟགས་སུ་གཞུང་ལས་བཤད་པ་ལྟར་ཁས་ལེན་ནམ་མི་ལེན། ལེན་ན་མལ་སྟན་ཆོས་ཅན། གཞན་དོན་མི་བྱེད་པར་ཐལ། འདུས་ཤིང་བསགས་པའི་ཕྱིར། མི་ལེན་ན། དེ་སྒྲུབ་ལ་དེ་ལྟར་བཀོད་པའི་ཚེ་དེ་ཆོས་ཅན། འགལ་རྟགས་ཡིན་ཏེ། ཞེ་འདོད་ཀྱི་འགལ་རྟགས་ཡིན་པའི་ཕྱིར། གལ་ཏེ་འདི་སྙམ་དུ། བྱས་རྟགས་ཀྱིས་རིག་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར། ཞེ་འདོད་ལ་རིག་སྒྲ་མི་རྟག་པར་སྒྲུབ་འདོད་ན། ངག་ཏུ་རིག་བྱེད་ཀྱི་སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ་བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་དེ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ། ཞེ་འདོད་ཀྱི་དེ་ཡིན་པའི་ཕྱིར། འདོད་ན། ནགས་ཀྱི་མེ་ཏོག་ཆོས་ཅན། རྩོལ་བ་ལས་བྱུང་བར་ཐལ། བྱས་པའི་ཕྱིར། ཁྱབ་པ་དངོས་འགལ་ལོ་ཞེ་ན། འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར། ཞེས་པའི་གཏན་ཚིགས་དེ་ཆོས་ཅན། གཏན་ཚིགས་ལྟར་སྣང་དུ་ཐལ། སྨྲས་ཙམ་གྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། རྟགས་ཁས་བླངས། དེ་མ་ཡིན་ན་སྨྲས་ཙམ་གྱི་གཏན་ཚིགས་ཡང་དག་ཏུ་ཐལ་བས་སོ། །རྩ་བར་ཁྱབ་པ་མེད་ན། སྨྲས་ཙམ་གྱི་གཏན་ཚིགས་ལྟར་སྣང་ཡང་ཡིན། ཞེ་འདོད་ཀྱི་གཏན་ཚིགས་ཡང་དག་ཀྱང་ཡིན་པའི་གཞི་མཐུན་ཞིག་ཁྱོད་ཀྱིས་ཁས་བླངས་པ་དེའི་མཚན་གཞི་སྟོན་ཅིག རྩ་བར་འདོད་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། སྔ་རྒོལ་ཚར་བཅད་ཀྱི་གནས་སུ་ཐལ། དམ་བཅའ་ཡང་དག་ལ་སྒྲུབ་བྱེད་ལྟར་སྣང་བཀོད་པའི་སྔ་རྒོལ་ཡིན་པའི་ཕྱིར་རོ། །གསུམ་པ་མ་ངེས་པའི་གཏན་ཚིགས་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་པའི་ཚུལ་གཉིས་རྣལ་ལོག་གང་དུ་ཡང་མ་ངེས་པའོ། །གཉིས་པ་ལ་ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་སོ། །དང་པོ་ལ་མཚན་ཉིད་ནི། ཁྱོད་དེ་གང་ཞིག ཁྱོད་དེར་སོང་བའི་རྒོལ་བ་དེའི་ཚད་མས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཡང་མ་མཐོང༌། མི་མཐུན་ཕྱོགས་ལ་མེད་པར་ཡང་མ་མཐོང་བའོ། །དབྱེ་ན། ཕྱོགས་གཉིས་ཀ་ལ་མེད་ནས་མ་མཐོང༌། གཉིས་ཀ་ལ་ཡོད་ཀྱང་མ་མཐོང༌། མི་མཐུན་ཕྱོགས་ལ་མེད། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མཐུན་ཕྱོགས་ལ་མེད། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བའོ། །དང་པོ་ནི། སྒྲ་རྟག་མི་རྟག་གང་དུ་ཡང་མ་ངེས་པའི་རྒོལ་བའི་ངོར། སྒྲ་མི་རྟག་སྒྲུབ་ལ་མཉན་བྱ་བཀོད་པ་ལྟ་བུའོ། །མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པའི་ཚུལ་གཉིས་གྲུབ་པ་ཡང་སྲིད་དེ། མཉན་བྱ་མི་རྟག་པ་ལ་འབྲེལ་བའི་ཕྱིར། དེའི་ཚེ་དེ་དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་སུ་སོང་བར་ངེས་སོ། །གཉིས་པ་ནི། མདུན་གྱི་སྐྱེས་བུ་ལྷ་ལས་ཚེ་འཕོས་པར་སྒྲུབ་པ་ལ། མིག་དང་ལྡན་པ་བཀོད་པ་ལྟ་བུའོ། །གསུམ་པ་ནི། བྱས་པ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་ཞིང༌། བྱས་མི་རྟག་གི་རྗེས་འགྲོ་མི་ཤེས་པའི་ངོར། སྒྲ་མི་རྟག་སྒྲུབ་ལ་བྱས་པ་བཀོད་པ་ལྟ་བུའོ། །བཞི་པ་ནི་སྐབས་ཀྱི་རྒོལ་བའི་ངོར། ནམ་མཁའ་མི་རྟག་པར་སྒྲུབ་པ་ལ་མ་བྱས་པ་བཀོད་པ་ལྟ་བུའོ། །ཕྱོགས་གཉིས་ལ་ཕུང་གསུམ་མི་སྲིད་པར་འདོད་པའི་བོད་དག་གིས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་གཉིས་ཀྱི་ཁྱད་པར་དང༌། མཚན་ཉིད་གཞུང་དང་མཐུན་པར་འཆད་མ་ཤེས་སོ། །གཉིས་པ་ཐུན་མོང་གི་མ་ངེས་པ་ལ་མཚན་ཉིད་ནི། ཁྱོད་དེར་སོང་བའི་རྒོལ་བ་དེས་ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀའམ། གང་རུང་ལ་ཚད་མས་མཐོང་བའོ། །དབྱེ་ན། དངོས་དང་ལྷག་ལྡན་གྱི་མ་ངེས་པ་གཉིས། དང་པོ་ལ་མཚན་ཉིད་ནི། དེ་གང་ཞིག དེར་སོང་བའི་རྒོལ་བ་དེའི་ཚད་མས་ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་མཐོང་བའོ། །དབྱེ་ན་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ། གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པ། མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ། མི་མཐུན་ཕྱོགས་ལ་ཁྱབ་བྱེད་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་བཞིའོ། །དང་པོ་ནི། གཞལ་བྱ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་ཞིང༌། རྟག་མི་རྟག་གཉིས་དང་གཞལ་བྱའི་འབྲེལ་པ་ཤེས་པའི་ཕྱིར་རྒོལ་གྱི་ངོར། སྒྲ་རྟག་སྒྲུབ་ལ་གཞལ་བྱ་བཀོད་པ་ལྟ་བུའོ། །གཉིས་པ་ནི། ཕྱི་རྒོལ་བྱེ་བྲག་པའི་ངོར་སྒྲ་རྟག་སྒྲུབ་ལ་ལུས་ཅན་མ་ཡིན་པ་བཀོད་པ་ལྟ་བུའོ། །དེའི་རྒྱུ་མཚན་ཡང་བྱེ་བྲག་པའི་ལུགས་ལ་རྟག་པ་ཡིན་པ་ལ་རེག་བྱ་ཅན་ཡིན་མིན་གཉིས་ཡོད་པའི་རྒྱུ་མཚན་གྱིས་སོ། །ཕྱི་རྒོལ་སངས་རྒྱས་པའི་ངོར་ནི་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མཉན་བྱ་བཀོད་པ་ལྟ་བུའོ། །གསུམ་པ་ནི། རིག་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་བཀོད་པ་ལྟ་བུའོ། །བཞི་པ་ནི། རིག་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ། རྟག་པ་བཀོད་པ་ལྟ་བུའོ། །འདི་དག་ལ་དངོས་ཀྱི་མ་ངེས་པ་ཞེས་བྱ་སྟེ། རང་གང་ལ་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས་ཐེ་ཚོམ་མི་དགོས་པར་ཁྱབ་པ་ལ་དངོས་སྐྱོན་གསལ་པོ་མཐོང་པའི་ཕྱིར། གཉིས་པ་ལྷག་ལྡན་ལ་མཚན་ཉིད་ནི། དེ་གང་ཞིག་དེར་སོང་བའི་རྒོལ་བ་དེའི་ཚད་མས་ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་པོ་གང་རུང་ལ་ཡོད་པར་མཐོང༌། གཅིག་ཤོས་ལ་ཡོད་པར་མ་མཐོང༌། མེད་པར་ཡང་མ་མཐོང་བའོ། །དབྱེ་ན། ཡང་དག་ལྷག་ལྡན་དང༌། འགལ་བ་ལྷག་ལྡན་གཉིས། དང་པོ་ལ་མཚན་ཉིད་ནི། ཁྱོད་དེ་གང་ཞིག ཁྱོད་དེར་སོང་བའི་ཚད་མས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང༌། མི་མཐུན་ཕྱོགས་ལ་ཡོད་མེད་གང་དུ་ཡང་མ་མཐོང་བའོ། །དབྱེ་ན་གསུམ་ལས། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་ནི། ལམ་པོ་ཆེའི་སྐྱེས་བུ་ཆོས་ཅན། ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་བཀོད་པའོ། །མེད་ཀྱང་མི་འགལ་བ་ནི། ཁ་ཕར་ལྟའི་སྐྱེས་བུ་ཆོས་ཅན། སྔོ་སངས་ཡིན་ཏེ། ལྷ་སྦྱིན་གྱི་བུ་ཡིན་པའི་ཕྱིར། ཞེས་པའོ། །འདི་ནི་ལྷ་སྦྱིན་གྱི་བུ་གཉིས་ལས་གཅིག་སྔོ་སངས་སུ་མཐོང་གཅིག་ཤོས་ཀྱི་བྱེད་བཞིན་མཐོང་མ་མྱོང་བའི་ངོར་འགོད་པའོ། །འགལ་ཡང་མ་ངེས་པ་ནི། བྱས་པ་དང་རྟག་པ་འགལ་བར་མི་ཤེས་པའི་ངོར་སྒྲ་མི་རྟག་སྒྲུབ་ལ་བྱས་པ་བཀོད་པ་ལྟ་བུའོ། །གཉིས་པ་འགལ་བ་ལྷག་ལྡན་ལ་མཚན་ཉིད་ནི། སྔ་མ་དེ་ལས་ཟློག་པའོ། །དབྱེ་ན། གསུམ་ལས། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་ནི། ལམ་པོ་ཆེའི་སྐྱེས་བུ་ཆོས་ཅན། ཐམས་ཅད་མཁྱེན་པ་ཡིན་ཏེ། ངག་སྨྲ་བའི་ཕྱིར། ཞེས་པའོ། །མེད་ཀྱང་མི་འགལ་བ་ནི། ཁ་ཕར་ལྟའི་སྐྱེས་བུ་ཆོས་ཅན། སྔོ་སངས་མ་ཡིན་ཏེ། ལྷ་སྦྱིན་གྱི་བུ་ཡིན་པའི་ཕྱིར་ཞེས་པའོ། །འདི་ནི་ལྷ་སྦྱིན་གྱི་བུ་གཉིས་ལས་གཅིག་དཀར་ཤམ་དུ་ངེས། གཅིག་ཤོས་གང་ཡིན་མ་ངེས་པའི་ངོར་འགོད་པའོ། །དེ་ཡང་དོན་ལ་གནས་ཚོད་ནི། གཅིག་དཀར་ཤམ་དུ་ངེས། གཅིག་སྔོ་སངས་སུ་ངེས་པའོ། །གསུམ་པ་འགལ་ཡང་མ་ངེས་པ་ནི། བྱས་པ་དང་རྟག་པ་འགལ་བར་མི་ཤེས་ཤིང༌། མི་རྟག་པ་ལ་རྗེས་སུ་འགྲོ་བ་ཙམ་ཤེས་པའི་ངོར། སྒྲ་རྟག་སྒྲུབ་ལ་བྱས་པ་བཀོད་པ་ལྟ་བུའོ། །ལྷག་ལྡན་གྱི་གཏན་ཚིགས་ཕྱི་མ་གསུམ་པོ་འདིའི་ཁུངས་བཙལ་བར་བྱའོ། །ཞར་ལ་རྟགས་སྐྱོན་གྱི་རྣམ་པར་བཞག་པ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག་མཐུན་པར། ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དེ་ལ་ལྡན་པའི་ཆ་ནས་དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དེ་དེ་སྒྲུབ་ཀྱི་རྟགས་སྐྱོན་ཅན་དུ་འཇོག་ནུས་པ་དེ་ཁྱོད་དེ་སྒྲུབ་ཀྱི་རྟགས་སྐྱོན་ཡིན་པའི་མཚན་ཉིད། ཅེས་ཟེར་བ་དེ་ནི་མ་ཤེས་པ་ཡིན་ཏེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མ་ཚང་བ་ཆོས་ཅན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སུ་གཟུང་བྱ་དེ་ལ་ལྡན་པའི་ཆ་ནས་དེ་དེ་སྒྲུབ་ཀྱི་རྟགས་སྐྱོན་ཅན་དུ་འཇོག་ནུས་པ་ཡིན་པར་ཐལ། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་པའི་ཕྱིར། མ་གྲུབ་ན་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དེ་མ་ཚང་བ་དེ་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་སྐྱོན་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དེ་མ་ཚང་བ་དེ་སྲིད་དུ་ཁྱོད་དེ་སྒྲུབ་ཀྱི་རྟགས་སྐྱོན་ཅན་དུ་བཞག་དགོས་པའི་ཕྱིར། རྩ་བ་འདོད་ན། ཁྱོད་དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དེ་ལ་ལྡན་པ་དང༌། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡང་ཡིན། ཚད་མས་སེལ་མི་ནུས་པ་ཡང་ཡིན་པའི་གཞི་མཐུན་ཞིག་ཡོད་པར་འགྱུར་ལ། འདོད་ན་སྒྲ་མི་རྟག་པར་རྟགས་ཀྱིས་སྒྲུབ་མི་ནུས་པར་འགྱུར་རོ། །གཉིས་པ་རང་གི་ལུགས་ནི། དེ་སྒྲུབ་ཀྱི་ཚུལ་གསུམ་གང་རུང་གི་བསལ་བྱར་ཚད་མས་དམིགས་པ་དེ་དེ་སྒྲུབ་ཀྱི་རྟགས་སྐྱོན་གྱི་མཚན་ཉིད། གཉིས་པ་དབྱེ་བ་ལ་ཕྱོགས་ཆོས་ཀྱི་དང༌། རྗེས་འགྲོའི་དང༌། ཟློག་པའི་ཚུལ་གྱི་རྟགས་སྐྱོན་དང་གསུམ། དང་པོ་ལ་མཚན་ཉིད་ནི། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་ཚུལ་གྱི་བསལ་བྱར་ཚད་མས་དམིགས་པའོ། །དབྱེ་ན་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་སྐྱོན་དང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་སྐྱོན་ནོ། །དང་པོ་ནི། མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་གྲུབ་པ་ལྟ་བུའོ། །གཉིས་པ་ནི། བྱས་པ་སྒྲའི་སྟེང་དུ་གྲུབ་པར་སྐབས་ཀྱི་རྒོལ་བའི་ཚད་མས་མི་ཤེས་པ་ལྟ་བུའོ། །དང་པོ་དོན་སྐྱོན་དང་གཉིས་པ་བློ་སྐྱོན་ནོ། །དང་པོ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་སྐྱོན་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་བཞག་པ་ལ་བརྟེན་ནས་མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པ་སེལ་ནུས་པའི་ཕྱིར། རྗེས་འགྲོའི་ཚུལ་གྱི་བསལ་བྱར་དམིགས་པ་དེ་གཉིས་པའི་མཚན་ཉིད། དབྱེ་ན་སྔ་མ་ལྟར་གཉིས་ལས། དང་པོ་ནི། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཚུལ་གྲུབ་པ་ལྟ་བུའོ། །གཉིས་པ་ནི་བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་འགྲོའི་ཚུལ་མ་གྲུབ་པ་ལྟ་བུའོ། །དེ་གཉིས་ཀ་དེའི་བསལ་བྱ་ཡིན་ཏེ། སྤྱིར་དེ་སྒྲུབ་ཀྱི་རྗེས་འགྲོའི་ཚུལ་གྱི་མཚན་ཉིད་བཞག་པས་སྐྱོན་སྔ་མ་སེལ་ནུས། བྱེ་བྲག་ཏུ་བྱས་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་དེའི་ཚུལ་གྱི་མཚན་ཉིད་བཞག་པས་སྐྱོན་གཉིས་པ་སེལ་ནུས་པའི་ཕྱིར། གསུམ་པའི་མཚན་ཉིད་དང་དབྱེ་བ་ཡང་དེ་བཞིན་ནོ། །རྟགས་སྐྱོན་གང་ལ་ལྡན་པའི་གཞི་དེ་ཡིན་ན་རྟགས་སྐྱོན་ཡིན་པས་ཁྱབ། གཞི་བྱས་པ་ལྟ་བུའི་སྟེང་དུ་བཤད་མ་ཐག་པའི་བསལ་བྱ་དེ་བསལ་བ་ན། གཞི་དེ་གཏན་ཚིགས་ཡང་དག་ཏུ་གྲུབ། གཞི་གཞལ་བྱ་ལྟ་བུའི་སྟེང་དུ་བཤད་མ་ཐག་པའི་བསལ་བྱ་དེ་བསལ་བ་ན། གཞི་དེ་དེ་སྒྲུབ་ཀྱི་རྟགས་ལྟར་སྣང་དུ་བཞག་པར་ནུས་ཤིང༌། དེ་ལ་བརྟེན་ནས་བསྒྲུབ་བྱ་གཞན་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་ཡིན་ནོ། །གང་དག་རྟགས་ཀྱི་ཁང་བཟང་གི །ནང་གི་དེ་ཉིད་མ་མཐོང་བར། །ཕྱི་རོལ་རི་མོ་ལ་སྲེད་པས། །དེང་སང་རྟགས་ཀྱི་རིང་ལུགས་ཉམས། །དེ་ནས་རྣམ་དཔྱོད་གོམ་སྟབས་ཀྱིས། །ཤེས་བྱའི་ས་གསུམ་བརྒལ་བ་ན། །རྟོག་གེའི་ས་ཆེན་ཤེས་དཀའ་བ། །གུད་དུ་ལུས་པ་འདི་ན་ཅི། །ཞེས་བྱ་བ་འདིས་ནི་བརྗོད་བྱ་རྟགས་ཀྱི་རྣམ་གཞག་ལེགས་པར་གྲུབ་པ་ཡིན་ནོ།།  །།གཉིས་པ་རྗོད་བྱེད་རྟགས་ཚིག་གི་རྣམ་གཞག་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། ཚུལ་གསུམ་རྒོལ་བའི་དྲན་ལམ་དུ་སྟོན་བྱེད་ཀྱི་སྐབས་བབ་ཀྱི་ངག་རྣམ་དག་དེ་སྤྱིར་སྒྲུབ་ངག་ཡང་དག་གི་མཚན་ཉིད་དོ། །དབྱེ་ན་རང་དོན་སྐབས་དང༌། གཞན་དོན་སྐབས་ཀྱི་སྒྲུབ་ངག་ཡང་དག་གོ །དང་པོ་ལ་མཚན་ཉིད་ནི། རང་དོན་སྐབས་ཀྱི་རྒོལ་བ་རང་ཉིད་ཀྱི་མཚན་མས་མཐོང་བའི་རྟགས་ཀྱི་ཚུལ་གསུམ་རྒོལ་བ་རང་ཉིད་ཀྱི་དྲན་ལམ་དུ་སྟོན་བྱེད་ཀྱི་སྐབས་བབ་ཀྱི་ངག་རྣམ་དག་གོ །དཔེར་ན་རྒོལ་བ་གཞན་ལ་མ་ལྟོས་པར་རང་ཉིད་ཀྱིས་ཚད་མ་རྣམ་པར་ངེས་པ་ལྟ་བུའི་གཞུང་ལ་ཐོས་བསམ་བྱས་ཏེ་གང་ཅུང་ཟད་བྱས་པ་ཡིན་ན། མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ། །ཞེས་པའི་རྣམ་པར་ངེས་པའི་གཞུང་མཐོང་མ་ཐག་ཏུ་དེ་སྐོར་གྱི་ཚུལ་གསུམ་དྲན་ལམ་དུ་འཕངས་ནས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེས་པ་དེའི་ཚེ་ན་དེ་འདྲའི་ངག་དེ་ལྟ་བུའོ། །གཉིས་པ་གཞན་དོན་སྒྲུབ་ངག་དང་གཞན་དོན་རྗེས་དཔག་དོན་གཅིག་པས་འདི་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་གཞན་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག སྔ་རྒོལ་རང་གི་ཚད་མས་མཐོང་བའི་ཞེས་ཟེར་བ་ནི། མ་ཤེས་པ་ཡིན་ཏེ། ཇི་སྐད་དུ། རང་གིས་མཐོང་ཞེས་པའི་གཞུང་གིས་བསྟན་པའི་རང་དེ་སྔ་རྒོལ་ཁོ་ན་ལ་འཆད་པའི་ལུང་མེད་པའི་ཕྱིར་དང༌། ཕྱི་རྒོལ་གྱིས་སྔ་རྒོལ་གྱི་ངོར་བཀོད་པའི་སྒྲུབ་ངག་ཡང་དག་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སུན་འབྱིན་རྣལ་མར་བརྗོད་པ་ཡོད་ལ། དེའི་ཚེ་སྒྲུབ་ངག་ཏུ་འགྱུར་བ་སྲིད་པས་སོ། །དེ་ཡང་དང་པོ་དེར་འགྱུར་ཚུལ་འོག་ནས་འཆད་ལ། གཉིས་པ་དེར་འགྱུར་ཚུལ་ནི། སྔ་རྒོལ་གྲངས་ཅན་སྒྲ་རྟག་པར་ཁས་ལེན་པ་ལ་ཕྱི་རྒོལ་སངས་རྒྱས་པ་ལྟ་བུས་གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་འཕངས་པ་དེའི་ཚེ་དེ་ཕྱི་རྒོལ་གྱིས་འཕངས་པ་ཡིན་ཏེ། དེའི་ཚེ་སངས་རྒྱས་པ་ཕྱི་རྒོལ་དུ་ཁས་བླངས་པའི་ཕྱིར། སུན་འབྱིན་ཡང་ཡིན་ཏེ། ཕྱོགས་སྔ་མས་བཞག་པའི་དམ་བཅའི་ཞེན་དོན་སུན་འབྱིན་པར་ནུས་པའི་ངག་ཡིན་པའི་ཕྱིར། རྣལ་མར་བརྗོད་པའི་ངག་ཡིན་ཏེ། སུན་འབྱིན་དུ་བརྗོད་པ་གང་ཞིག ཐལ་བར་མ་བརྗོད་པའི་ཕྱིར། དེ་ལྟར་ནའང་བསྒྲུབ་བྱ་སྒྲུབ་པའི་རང་རྒྱུད་ནི་མ་ཡིན་ཏེ། སྔ་རྒོལ་དུ་ཁས་བླངས་ནས་ཞེ་འདོད་ལ་སྒྲུབ་བྱེད་མ་བཀོད་པའི་ཕྱིར། དངོས་སུ་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་མ་བརྗོད་ཀྱང་སྒྲུབ་ངག་ཡང་དག་ནི་ཡིན་ཏེ། སྒྲ་རྟག་པ་འགོག་པའི་ཚུལ་གསུམ་རྒོལ་བ་རང་གིས་མཐོང་བ་དེ་ཉིད་རྒོལ་བ་གཞན་གྱི་དྲན་ལམ་དུ་སྟོན་པར་བྱེད་པའི་ངག་རྣམ་དག་ཡིན་པའི་ཕྱིར་འདི་ལ་ཟློག་དོན་ནི་མེད་ལ། དངོས་དོན་གྱི་ཚུལ་གསུམ་དྲན་པས་བསྒྲུབ་བྱ་ལ་རྟོགས་པ་ཇི་ལྟར་སྐྱེ་བ་རང་གི་ལུགས་ལ་ནི་དེ་བྱེད་དགོས་ལ། རྟོག་གེ་ཕྱི་རབས་པ་དག་གི་ལུགས་ལ་ནི། ངག་འདི་སྒྲུབ་ངག་ཡིན་པ་ལ་རྩོད་པ་མེད་དོ། །གཉིས་པ་རང་གི་ལུགས་ནི། སྐབས་བབ་ཀྱི་རྒོལ་བ་རང་གི་ཚད་མས་མཐོང་བའི་སྐབས་བབ་ཀྱི་ཚུལ་གསུམ་སྐབས་བབ་ཀྱི་རྒོལ་བ་གཞན་གྱི་དྲན་ལམ་དུ་གསལ་བར་སྟོན་པའི་སྐབས་བབ་ཀྱི་ངག་རྣམ་དག་གོ །གཉིས་པ་དབྱེ་བ་ལ། གང་ཟག་གི དགོས་པའི་བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྔ་རྒོལ་གྱིས་བཀོད་པའི། ཕྱི་རྒོལ་གྱིས་བཀོད་པའི་དཔང་པོས་རྗེས་སུ་བརྗོད་པའི་གཞན་དོན་རྗེས་དཔག་དང་གསུམ་མོ། །དབྱེ་སྒོ་གཉིས་པ་ནི། བསྒྲུབ་བྱ་སྒྲུབ་པའི་ཕྱིར་དུ་དང༌། །དགག་བྱ་འགོག་པའི་ཕྱིར་དུ་བརྗོད་པའོ། །དབྱེ་སྒོ་གསུམ་པ་ནི། རང་རྒྱུད་དང༌། སུན་འབྱིན་གྱི་གཞན་དོན་རྗེས་དཔག་གོ །དྲུག་པོ་རེ་རེ་ལ་ཡང༌། ཚུལ་གསུམ་ཀ་བརྗོད་པའི་དང༌། རྐྱང་པ་བརྗོད་པའི་དབྱེ་བས་གཉིས་གཉིས་སུ་འགྱུར་ལ། དང་པོ་གསུམ་ཀ་བརྗོད་པ་ལ་ཆོས་མཐུན་སྦྱོར་དང༌། མི་མཐུན་སྦྱོར་གཉིས། རྐྱང་པ་བརྗོད་པ་ལ། ཕྱོགས་ཆོས་རྗེས་འགྲོ་ཟློག་པ་རྐྱང་པ་བརྗོད་པའི་དབྱེ་བས་གསུམ། འདི་དག་གི་རྣམ་པར་བཞག་པ་ལ། དངོས་དང་ཞར་བྱུང་རྒོལ་བ་དང་དཔང་པོའི་འཇོག་ལུགས་བཤད་པའོ། །དང་པོ་ལ་མཚན་ཉིད་ནི། སྔ་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས་ཚུལ་གསུམ་ཕྱི་རྒོལ་གྱི་དྲན་ལམ་དུ་གསལ་བར་སྟོན་པའི་སྐབས་བབ་ཀྱི་ངག་རྣམ་དག་དེ་སྔ་རྒོལ་གྱིས་བརྗོད་པའི་དང༌། བསྒྲུབ་བྱ་སྒྲུབ་པའི་དང༌། རང་རྒྱུད་ཀྱི་གཞན་དོན་རྗེས་དཔག་རྣམས་ཀྱི་མཚན་ཉིད་དོ། །གང་དག་མཚོན་བྱ་དུ་མ་ལ་མཚན་ཉིད་གཅིག་གིས་མི་ཆོག་པར་འདོད་པ་དག་གིས་ནི་དོན་གཅིག་མིང་གི་རྣམ་གྲངས་མ་ཤེས་པར་ཟད་དོ། །དབྱེ་ན། རྩ་བའི་བསྒྲུབ་བྱ་སྒྲུབ་པའི་དང༌། ཚུལ་གསུམ་སྒྲུབ་པའི་སྒྲུབ་ངག་གི་དབྱེ་བས་གཉིས་སོ། །དང་པོ་ལ་ཆོས་མཐུན་པ་ཅན་གྱི། མི་མཐུན་སྦྱོར་གྱི། ཕྱོགས་ཆོས་རྐྱང་པ། རྗེས་འགྲོ་རྐྱང་པ་དང༌། ལྡོག་པ་རྐྱང་པ་བརྗོད་པའི་དབྱེ་བས་ལྔ། གཉིས་པ་ལ་ཕྱོགས་ཁྱབ་གཉིས་ཀ་སྒྲུབ་པའི་དང༌། ཕྱོགས་ཆོས་རྐྱང་པ་དང༌། རྗེས་འགྲོ་རྐྱང་པ་སྒྲུབ་པའི་དབྱེ་བས་གསུམ་མོ། །དང་པོ་ནི། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང༌། ཁྱབ་པ་ལྟོས་གཞི་སོ་སོའི་སྟེང་དུ་ཤེས་ཤིང༌། ཅིག་ཅར་དུ་བསྡོམས་ནས་དྲན་ལམ་ན་མེད་པའི་ཕྱི་རྒོལ་གྱི་ངོར། གང་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའོ། །གཉིས་པ་ནི། རྒོལ་བ་དེའི་ངོར་གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་ཞེས་པའོ། །རྒོལ་བ་དེའི་ངོར་གཉིས་ཀ་འགོད་དགོས་པ་མ་ཡིན་ཏེ། གང་རུང་གཅིག་སྨྲས་པས་གཅིག་ཤོས་དོན་གྱིས་གོ་བའི་ཕྱིར། གསུམ་པ་ནི། དེ་སྐོར་གྱི་ཚུལ་གསུམ་ཀ་ཚད་མས་ཤེས་ཤིང་ཁྱབ་པ་ནི་དྲན་ལམ་ནའང་ཡོད་ཅིང༌། ངག་ཏུ་ཡང་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན་ཞེས་པའམ། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་ཞེས་བརྗོད་པ་ལ་སྔ་རྒོལ་གྱིས། འོ་ན་སྒྲ་ཡང་བྱས་ཞེས་པའམ། སྒྲ་ནི་བྱས་ཞེས་བརྗོད་པའོ། །བཞི་པ་དང་ལྔ་པ་ནི། དེ་སྐོར་གྱི་ཚུལ་གསུམ་ཀ་ཚད་མས་ཤེས་ཤིང༌། ཁྱབ་པ་ནི་ད་ལྟ་དྲན་ལམ་ན་མེད་ལ། ཕྱོགས་ཆོས་ནི་དྲན་ལམ་ན་ཡོད་པ་ལྟར་ངག་ཏུ་ཡང་སྒྲ་བྱས་པ་ཡིན་ནོ་ཞེས་བརྗོད་པ་དེ་ལ། སྔ་རྒོལ་གྱིས་འོ་ན་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན་ཞེས་སམ། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་ཞེས་པའོ། །དེ་དུས་ཀྱི་ངག་གསུམ་པོ་དེ་ཆོས་ཅན། སྤྱིར་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། བྱེ་བྲག་ཏུ་ཡན་ལག་གཉིས་ལྡན་ཡིན་ཏེ། ཕྱོགས་ཆོས་དང་ཁྱབ་པའི་ཚོགས་དོན་སྐབས་ཀྱི་རྒོལ་བའི་དྲན་ལམ་དུ་སྔར་མེད་གསར་དུ་འཕངས་པའི་ཕྱིར། གསུམ་པོ་དེ་ཆོས་མཐུན་པ་ཅན་དང༌། མི་མཐུན་སྦྱོར་གང་རུང་དུ་མ་འདུས་པ་ཡང་མ་ཡིན་ཏེ། རྒོལ་བ་གཉིས་ཀྱི་བརྗོད་ཚུལ་གྱི་སྐབས་ལ་བརྟགས་པས་དེ་གཉིས་གང་རུང་དུ་འདུ་བའི་ཕྱིར། གལ་ཏེ་གསུམ་པོ་དེ་ཆོས་ཅན། ཡན་ལག་གཉིས་ལྡན་མ་ཡིན་ཏེ། གོ་རིམ་བཞིན་དུ། ཕྱོགས་ཆོས་དང་ཁྱབ་པ་མ་བརྗོད་པའི་ཕྱིར་སྙམ་ན། འོ་ན་གང་བྱས་ཞེས་སོགས་ངག་ཡོངས་རྫོགས་དེའི་ཟུར་ན་ཡོད་པའི་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་པའི་ངག་དེ་དང༌། ཡང་དེའི་ཟུར་ན་ཡོད་པའི་སྒྲ་ཡང་བྱས་ཞེས་པའི་ངག་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་དེ་དུས་ཀྱི་ངག་ཚང་བ་དེ་སྒྲུབ་ངག་ལྟར་སྣང་གཉིས་ཚོགས་པའི་ཚོགས་དོན་དུ་འགྱུར་རོ། །དྲུག་པ་ནི། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་ཤིང༌། སྒྲ་བྱས་པ་ཡིན་པ་དང༌། བྱས་མི་རྟག་གི་འབྲེལ་པ་མི་ཤེས་པའི་རྒོལ་བའི་ངོར། གང་རྒྱུ་རྐྱེན་ལས་སྐྱེས་པ་ཐམས་ཅད་བྱས་པ་ཡིན་ཏེ། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན། རིག་བྱེད་ཀྱི་སྒྲ་ཡང་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་ནོ་ཞེས་པ་དང༌། གང་ཕྱིས་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་ན། གྲུབ་ཙམ་ནས་འཇིག་ངེས་ཡིན་པས་ཁྱབ། དཔེར་ན་མར་མེ་སྐད་ཅིག་ཐ་མ་བཞིན། བུམ་པ་ཡང་དེ་ཡིན་ནོ་ཞེས་དང༌། གང་དོན་བྱེད་མི་ནུས་ན་བྱས་དངོས་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། རྟག་པ་ཡང་དེ་ཡིན་ནོ་ཞེས་འགོད་པར་བྱེད་དོ། །བདུན་པ་དང་བརྒྱད་པའང་རྒོལ་བའི་བློའི་དབྱེ་བ་ལ་ལྟོས་ནས་འགོད་ཚུལ་ཤེས་པར་བྱའོ། །གཉིས་པ་སུན་འབྱིན་གྱི་གཞན་དོན་རྗེས་དཔག་ལ་མཚན་ཉིད་དང་དབྱེ་བའོ། །དང་པོ་ནི་ཕྱི་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས་ཚུལ་གསུམ་སྐབས་སུ་བབ་པའི་སྔ་རྒོལ་གྱི་དྲན་ལམ་དུ་སྔར་མེད་གསལ་བར་སྟོན་པའི་སྐབས་བབ་ཀྱི་ངག་རྣམ་དག་དེ། སྒྲུབ་ངག་ཕྱི་མ་གསུམ་གྱི་མཚན་ཉིད། ཞར་ལ་དཔང་པོ་རང་གིས་མཐོང་བའི་དེ་སྐབས་ཀྱི་རྒོལ་ཕྱི་རྒོལ་གང་རུང་གི་དེར་དེ་སྟོན་པའི་དེ་རྣམ་དག་དེ་དཔང་པོ་ལ་བརྟེན་པའི་དེའི་མཚན་ཉིད་དེ་ཡང་དཔང་པོས་སྔ་རྒོལ་གྱི་ངག་ལས་མཐོང་བ་ཡིན་ན་ནི་སྔ་རྒོལ་གྱི་ངག་ཏུ་འཇོག ཕྱི་རྒོལ་ལས་མཐོང་ན་དེའི་ངག་དང༌། དཔང་པོ་རང་སྟོབས་ཀྱིས་མཐོང་ན་དེའི་ཚེ་དེའི་ངག་ཏུ་འཇོག་གོ །གཉིས་པ་དབྱེ་བ་ལ་དྲུག་སྟེ། ཆོས་མཐུན་པ་ཅན་དང༌། མི་མཐུན་སྦྱོར་དང༌། ཁས་བླངས་པའི་རྟགས་རྐྱང་བརྗོད་པ། རྗེས་འགྲོ་དང་ལྡོག་རྐྱང་བརྗོད་པ་སྟེ། གཞན་གྱི་དམ་བཅའ་འགོག་པའི་སྒྲུབ་ངག་ལྔ། ཁྱབ་པ་མི་ཤེས་པ་ལ་ཁྱབ་པའི་ལོག་ཕྱོགས་སུན་འབྱིན་པའི་སྒྲུབ་ངག་གཅིག་སྟེ་དྲུག་ཡིན་པར་བོད་སྔ་མ་རྣམས་བཞེད་ལ། དེའི་སྟེང་དུ་རང་གི་བློས་སྦྱར་བ་ནི། ཐལ་ཆོས་ལ་ཚད་མའི་བསལ་བ་ཞུགས་ཚུལ་མི་ཤེས་པ་ལ་བསལ་བ་སྟོན་པའི་སྒྲུབ་ངག་གཅིག་སྟེ་བདུན་ནོ། །དེ་དག་གི་མཚན་གཞི་དཔེར་བརྗོད་པ་ནི། དང་པོ་ནི། སྒྲ་བྱས་པ་ཡིན་པ་དང༌། བྱས་མི་རྟག་གི་འབྲེལ་པ་ཚད་མས་ཤེས་སྒྲ་རྟག་པར་དམ་བཅའ་བའི་སྔ་རྒོལ་གྱི་ངོར་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་སྔ་རྒོལ་གྱིས་ཁས་བླངས་སོ་ཞེས་པའོ། །གཉིས་པ་ནི་རྒོལ་བ་དེའི་ངོར་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་རྟག་པར་རྒོལ་བས་ཁས་བླངས་སོ་ཞེས་པའོ། །འདི་གཉིས་ཀ་འཕེན་དགོས་པ་མ་ཡིན་ཏེ། གཅིག་འཕངས་པས་གཅིག་ཤོས་དོན་གྱིས་གོ་བའི་ཕྱིར། རྐྱང་པ་བརྗོད་པ་གསུམ་གྱི་དཔེར་བརྗོད་ཀྱང་སྔ་མའི་རིགས་པས་གོ་བར་བྱ་ཞིང༌། དྲུག་པ་ནི་སྔ་རྒོལ་ན་རེ། དབང་ཕྱུག་རྟག་པ་ལྟ་བུ་རྟག་པ་དང་དངོས་པོའི་གཞི་མཐུན་དུ་ཁས་བླངས་ན་ཉེས་པ་ཅི་ཡོད་ཟེར་བ་ལ། གང་དོན་བྱེད་མི་ནུས་ན་དངོས་པོ་མ་ཡིན་པས་ཁྱབ་དཔེར་ན་ནམ་མཁའ་བཞིན། དབང་ཕྱུག་རྟག་པ་ནི་དངོས་པོར་ཁས་བླངས་སོ་ཞེས་པ་ཆོས་མི་མཐུན་པ་ཅན་དང༌། གང་དངོས་པོ་ཡིན་ན་དོན་བྱེད་ནུས་པས་ཁྱབ། དཔེར་ན་བུམ་པ་བཞིན། དབང་ཕྱུག་རྟག་པ་ཡང་དངོས་པོར་ཁས་བླངས་སོ། །ཞེས་པ་ལྟ་བུ་ཆོས་མཐུན་པ་ཅན་གྱི་ངག་གཉིས་ལ་བརྟེན་ནས་དངོས་པོ་དང་མི་རྟག་པའི་འབྲེལ་པ་ཁོང་དུ་ཆུད་པར་བྱེད་དོ། །ཡང་ན་རྟག་པ་མ་བྱས་པ་ལ་རྗེས་སུ་མི་འགྲོ་བ་དང༌། རྟག་པ་དང་བྱས་པའི་གཞི་མཐུན་ཡོད་པ་ལ་གནོད་བྱེད་ཀྱི་ཐལ་བ་འཕེན་པའོ། །བདུན་པ་ནི། སྒྲ་རྟག་པར་དམ་བཅའ་བའི་སྔར་རྒོལ་ན་རེ། སྒྲ་མ་བྱས་པར་ཁས་བླངས་ན་ཉེས་པ་ཅི་ཡོད་ཅེས་ཟེར་བ་ལ། གང་མ་བྱས་ན་རྒྱུ་རྐྱེན་ལས་མ་སྐྱེས་པས་ཁྱབ། དཔེར་ན། ནམ་མཁའ་བཞིན་སྒྲ་ཡང་མ་བྱས་པར་ཁས་བླངས་སོ་ཞེས་འཕངས་པའི་སྒོ་ནས། སྒྲ་བྱས་པར་རྟོགས་པའི་ཚད་མ་སྐྱེད་དགོས་པར་གདོན་མི་ཟའོ། །འོ་ན་དེ་དག་སྒྲུབ་ངག་ཡིན་པར་གང་གིས་སྒྲུབ་ཅེ་ན། གཅིག་ལ་དཔེར་མཚོན་ན། དེའི་ངོར་དེ་ལྟར་བཀོད་པའི་ངག་དང་པོ་དེ་ཆོས་ཅན། སྤྱིར་སྒྲུབ་ངག་ཡང་དག་དང༌། བྱེ་བྲག་ཏུ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་ཏེ། རང་གི་ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། དེ་ཡིན་ཏེ། ཞེ་འདོད་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མཐོང་བ་དེ་ཉིད་སྐབས་སུ་བབ་པའི་རྒོལ་བ་གཞན་གྱི་དྲན་ལམ་དུ་སྔར་མེད་གསལ་བར་སྟོན་པའི་དེ་སྐབས་ཀྱི་ངག་རྣམ་དག་ཡིན་པའི་ཕྱིར། འོ་ན་ཇི་སྐད་དུ། དངོས་སུ་སྒྲུབ་པའི་ངག་མིན་ཡང༌། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་སྐད་དུ་སྨྲ་བ་ཁྱོད་ཀྱིས་ནི། ཇི་སྐད་དུ། གཞན་གྱིས་བརྟགས་པ་ཡི། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །ཞེས་པའི་གཞུང་གི་དོན་མ་བསླབས་ཤིང་མ་ཤེས་པས་ཆུད་ཟོས་པ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། ཚད་མའི་མདོར། རང་གིས་མཐོང་དོན་ཞེས་པས། ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་གཞན་དོན་རྗེས་དཔག་མེད་པར་བཤད་པ་ལ་འཕྲོས་ནས། འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། གང་རང་གི་བསལ་བ་དུ་མ་ལ་འཕྲོད་འདུའི་འབྲེལ་པ་གྲུབ་ན་ཆ་དང་བཅས་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་ལང་གི་སྤྱི་ཡང་དེར་ཁས་བླངས་སོ་ཞེས་འཕང་པའི་ངག་འདི་ཆོས་ཅན། སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱིས་བསྟན་པའི་ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་ཕྱིར་ཞེས་ཟེར་བ་ལ། བྱེ་བྲག་པ་གཞན་གྱིས་བརྟགས་པའི་ཁས་བླངས་རྟགས་སུ་བཀོད་ནས། ཁོ་མི་འདོད་པའི་ཕྱོགས་ཐལ་བས་སྒྲུབ་པའི་ངག་བཤད་མ་ཐག་པ་དེ་ཆོས་ཅན། དངོས་བསྟན་གྱི་ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མ་གྲུབ་ཀྱང༌། སྒྲུབ་ངག་ཡང་དག་ཡིན་ཏེ། ལྡོག་དོན་གྱི་ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མཐོང་བ་དེ་ཉིད། རྒོལ་བ་བྱེ་བྲག་པའི་དྲན་ལམ་དུ་གསལ་བར་སྟོན་པའི་ངག་རྣམ་དག་ཡིན་པའི་ཕྱིར་ཞེས་པའོ། །དེ་བཞིན་དུ་ཁྱོད་ཀྱིས་དྲངས་པའི་གཞུང་དེའི་དོན་ཡང༌། ཐལ་འགྱུར་གྱི་སྒྲུབ་ངག་བཤད་མ་ཐག་པ་བདུན་པོ་དེ་ཆོས་ཅན། དངོས་སུ་བསྒྲུབ་བྱ་སྒྲུབ་པའི་ངག་མ་ཡིན་ཡང༌། སྤྱིར་སྒྲུབ་ངག་ཡིན་ཏེ། དངོས་དོན་བཟློག་ན་དགག་བྱ་འགོག་པའི་སྒྲུབ་ངག་ཡང་དག་གི་མཚན་ཉིད་ཚང་བའི་ཕྱིར་ཞེས་པའོ། །ཇི་སྐད་བཤད་པའི་སྒྲུབ་ངག་གི་དབྱེ་བ་རྒྱས་པ་དེ་དག་བསྡུ་ན། ཆོས་མཐུན་པ་ཅན་དང༌། མི་མཐུན་པ་ཅན་གྱི་སྒྲུབ་ངག་གཉིས་སོ། །འདི་ལ་མཚན་ཉིད། མཚོན་བྱའི་སྒྲ་བཤད། མཚན་གཞིའི་དབྱེ་བའོ། །དང་པོ་ནི། སྒྲུབ་ངག་ཡང་དག་གང་ཞིག དཔེའི་ཆོས་ཅན་དང་རྩོད་གཞིའི་ཆོས་ཅན་གཉིས་རྟགས་དང་ཆོས་སུ་མཚུངས་པར་སྦྱོར་བ་དང༌། དེ་གང་ཞིག དེ་གཉིས་དེར་མི་མཚུངས་པར་སྦྱོར་བའོ། །དེ་སྐབས་ཀྱི་རྟགས་ལ་གཉིས་ཏེ། གཞན་གྱིས་ཁས་བླངས་པ་དང༌། རང་གི་ཚད་མས་གྲུབ་པའོ། །ཆོས་ལའང་གཉིས་ཏེ། ཐལ་བའི་ཆོས་དང༌། བསྒྲུབ་པར་བྱ་བའི་ཆོས་སོ། །རྩོད་གཞིའི་ཆོས་ཅན་ལའང་གཉིས་ཏེ། ཤེས་འདོད་ཞུགས་པའི་ཆོས་ཅན་དང༌། ལོག་རྟོག་ཞུགས་པའི་ཆོས་ཅན་ནོ། །དཔེའི་ཆོས་ཅན་ལའང་གཉིས་ཏེ། མཐུན་པ་དང༌། མི་མཐུན་དཔེའི་ཆོས་ཅན་ནོ། །མཚུངས་པར་སྦྱོར་བའི་ཚུལ་ལའང་གཉིས་ཏེ། རང་རྒྱུད་དུ་སྒྲུབ་པའི་སྒོ་ནས་མཚུངས་པར་སྦྱོར་བ་དང༌། ཐལ་འགྱུར་དུ་འཕངས་པའི་སྒོ་ནས་མཚུངས་པར་ནན་གྱིས་ཕུལ་བའོ། །མི་མཚུངས་པར་སྦྱོར་ཚུལ་ལའང་གཉིས་ཏེ། རང་རྒྱུད་ཀྱི་སྒོ་ནས་མི་མཚུངས་པར་སྦྱོར་བ་དང༌། ཐལ་འགྱུར་གྱི་སྒོ་ནས་མི་མཚུངས་པར་ཕུལ་བའོ། །གཉིས་པ་སྒྲ་བཤད་པ་ནི། མཐུན་ནོ་ཞེས་པ་བཤད་པའི་གཞི། །ལས་སུ་བྱ་བ་གང་མཐུན་ན། །རྩོད་གཞིའི་ཆོས་ཅན་དེའོ། །བྱེད་པ་པོ་གང་དང་ན། དཔེའི་ཆོས་ཅན་དང༌། ཆེད་དུ་བྱ་བ་གང་གི་ཕྱིར་ན། བསྒྲུབ་བྱ་སྒྲུབ་པའི་ཕྱིར་མཐུན། ཚུལ་ཇི་ལྟར་མཐུན་ན། དོན་ལ་མཐུན་པས་མཐུན་པ་དང༌། སྒྲས་ཟིན་གྱི་དོན་མི་མཐུན་ཡང་ཧ་ཅང་ཐལ་བའི་སྒོ་ནས་བཟློག་དོན་མཐུན་པར་སྦྱར་བས་མཐུན་པའོ། །ཡང་མི་མཐུན་ནོ་ཞེས་པ་བཤད་པའི་གཞི། ལས་སུ་བྱ་བ་གང་དང་ན། དཔེའི་ཆོས་ཅན་དང་ངོ༌། །བྱེད་པ་པོ་གང་ན། རྩོད་གཞིའི་ཆོས་ཅན་དང་ངོ༌། །དགོས་ཆེད་གང་དུ་ན། རྟགས་དང་ཆོས་སུའོ། །རྒྱུ་མཚན་གང་ལས་མི་མཐུན་ན། །རྩོད་གཞི་དང་དཔེ་གཉིས་ཀྱི་ཁྱབ་བྱེད་འགལ་བའི་རྒྱུ་མཚན་གྱིས་སོ། །མཐུན་པའམ་མི་མཐུན་པ་དང་སྦྱོར་བ་གཉིས་ངོ་བོ་ཐ་དད་པ་ཡིན་ནམ་ཞེ་ན། མཐུན་པའམ། མི་མཐུན་པའི་སྦྱོར་བ་ཞེས་ཆོས་བརྗོད་པའི་སྒྲས་ངོ་བོ་ཐ་དད་མེད་པར་བསྟན་ནོ། །སྦྱོར་བ་དེ་གང་ལ་གནས་ན། སྨྲ་བ་པོའི་རྒོལ་བ་ལའོ། །ཞེས་རྣམས་དབྱེ་བདུན་དང་སྦྱར་ན་མིང་དོན་གཉིས་ཀ་ངོས་ཟིན་པར་འགྱུར་རོ། །གསུམ་པ་དབྱེ་བ་ལ། མཐུན་སྦྱོར་ནི་གཉིས་ཏེ། བསྒྲུབ་བྱ་སྒྲུབ་པ་དང༌། དགག་བྱ་འགོག་པའི་མཐུན་སྦྱོར་རོ། །དང་པོའི་མཚན་ཉིད། དངོས་དོན་གྱི་ཕྱོགས་ཁྱབ། དྲན་ལམ་དུ་འཕེན་པར་ནུས་པའི་སྒྲུབ་ངག་ཡང་དག་གང་ཞིག དངོས་དོན་མཐུན་པར་སྦྱར་བའོ། །དབྱེ་ན་ཕྱོགས་ཁྱབ་གཉིས་ཀ་བརྗོད་པ་དང༌། ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། རྗེས་འགྲོ་རྐྱང་པ་བརྗོད་པའོ། །བཟློག་དོན་གྱི་ཕྱོགས་ཁྱབ་དྲན་ལམ་དུ་འཕེན་བྱེད་ཀྱི་དེ་གང་ཞིག དངོས་དོན་མཐུན་པར་སྦྱར་བ་དེ། གཉིས་པའི་མཚན་ཉིད། དབྱེ་ན། ཕྱོགས་ཁྱབ་གཉིས་ཀ ཕྱོགས་ཆོས་རྐྱང་པ། རྗེས་འགྲོ་རྐྱང་པ་བརྗོད་པ་དང་གསུམ་མོ། །ཡང་སྒྲས་ཟིན་གྱི་ཕྱོགས་ཁྱབ་དྲན་ལམ་དུ་འཕེན་པར་ནུས་པའི་སྒྲུབ་ངག་ཡང་དག་གང་ཞིག སྒྲས་ཟིན་གྱི་རྟགས་ཆོས་མི་མཐུན་པར་སྦྱར་བ་དེ། མི་མཐུན་སྦྱོར་དང་པོའི་མཚན་ཉིད། དབྱེ་ན། ཕྱོགས་ཁྱབ་གཉིས་ཀ ཕྱོགས་ཆོས་རྐྱང་པ། ལྡོག་པ་རྐྱང་པ་བརྗོད་པའི་མི་མཐུན་སྦྱོར་གསུམ་མོ། །ཡང་བཟློག་དོན་གྱི་ཕྱོགས་ཁྱབ་དྲན་ལམ་དུ་འཕེན་པར་ནུས་པའི་དེ་གང་ཞིག སྒྲས་ཟིན་གྱི་རྟགས་ཆོས་མི་མཐུན་པར་སྦྱར་བ་དེ། མི་མཐུན་སྦྱོར་གཉིས་ཀའི་མཚན་ཉིད། དབྱེ་ན། རྟགས་ཁྱབ་གཉིས་ཀ རྟགས་རྐྱང་པ། ལྡོག་པ་རྐྱང་པ་བརྗོད་པའི་མི་མཐུན་སྦྱོར་གསུམ་མོ། །གཉིས་པ་སྒྲུབ་ངག་ལྟར་སྣང་ལ། མཚན་ཉིད་ནི། སྒྲུབ་ངག་ཏུ་བཀོད་པ་གང་ཞིག་སྐྱོན་གསུམ་པོ་གང་རུང་དང་བཅས་པའོ། །དབྱེ་ན་གསུམ་ལས། དོན་སྐྱོན་ཅན་ནི། ཚུལ་གསུམ་མ་བསྟན་པའམ། ངག་ལྷག་པོ་གཞན་བསྟན་པའོ། །བློ་སྐྱོན་ཅན་ནི། ཚུལ་གསུམ་དང་སྒྲུབ་ངག་གི་རྣམ་དབྱེ་མི་ཤེས་པས་བཀོད་པའོ། །སྒྲ་སྐྱོན་ཅན་ནི། ངག་མི་གསལ་བ་དང༌། ངག་ལྷག་ཆད་ཅན་དང༌། དམ་བཅའ་འདྲེན་པའི་ངག་ཏུ་སྦྱར་བ་ལ་སོགས་པའོ། །རང་དོན་སྐབས་ཀྱི་སྒྲུབ་ངག་ལ་ནི། ཚུལ་གསུམ་མ་ཚང་བ་སྐྱོན་ཡིན་ཀྱང༌། བློ་སྐྱོན་དང་སྒྲ་སྐྱོན་གཉིས་མི་རྩི་བར་རིགས་པའི་གཏེར་ལས་གསུངས་སོ། །གཉིས་པ་རྒོལ་བའི་འཇོག་མཚམས་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ལ། གཞན་ལུགས་མི་འཐད་པ་ནི། ཕལ་ཆེ་བ་དག སྒྲུབ་བྱེད་བརྗོད་པར་ཁས་ལེན་པ་དེ། སྔར་རྒོལ་ཙམ་གྱི་མཚན་ཉིད་དང༌། དེ་ཡང་དག་བརྗོད་པའི་རྒོལ་བ་དེ། དེ་ཡང་དག་གི་མཚན་ཉིད། སུན་འབྱིན་བརྗོད་པར་ཁས་ལེན་པ་དེ། ཕྱིར་རྒོལ་ཙམ་གྱི་མཚན་ཉིད། དེ་ཡང་དག་བརྗོད་པ་དེ། དེ་ཡང་དག་གི་མཚན་ཉིད་དོ། །ཞེས་གསུངས་པ་ལེགས་པ་མ་ཡིན་ཏེ། དམ་བཅའ་རྐྱང་པ་འཇོག་པའི་སྔར་རྒོལ་མི་སྲིད་པར་ཐལ་བ་དང༌། དམ་བཅའི་སྒྲུབ་བྱེད་མ་དྲིས་པར་བརྗོད་ན་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར་དང༌། སྒྲུབ་བྱེད་འགོད་རྒྱུ་མེད་ཀྱང་ཞེན་པ་ཙམ་གྱིས་དམ་བཅའ་འཇོག་པའི་སྔར་རྒོལ་ཡང་དམིགས་པའི་ཕྱིར་དང༌། གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། ཕྱིར་རྒོལ་སངས་རྒྱས་པས་དེའི་སྒྲུབ་བྱེད་དྲིས་ན། སྐབས་སུ་མ་བབ་པའི་དོན་དྲིས་པས་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར། གཞན་ཡང་སྔར་རྒོལ་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། སྒྲུབ་བྱེད་གཏན་ཚིགས་ཡང་དག་འཕེན་པའི་ཐལ་འགྱུར་འཕང་མཁན་གྱི་ཕྱིར་རྒོལ་ཆོས་ཅན། དེ་སྐབས་ཀྱི་སྔར་རྒོལ་ཡང་དག་ཡིན་པར་ཐལ། དེ་སྐབས་ཀྱི་མཚན་ཉིད་དེའི་ཕྱིར། གཞན་ཡང༌། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཡང་དག་མེད་པར་འགྱུར་ཏེ། དེའི་སྐབས་ཀྱི་ཕྱིར་རྒོལ་ཡིན་ན། དམ་བཅའ་ལ་སུན་འབྱིན་ཡང་དག་མི་བརྗོད་པས་ཁྱབ་པའི་ཕྱིར། ཡང་དམ་བཅའ་དང་སྒྲུབ་བྱེད་ལ་ཤེས་འདོད་ཞུགས་ནས་འདྲི་ཞིང༌། དེའི་རྗེས་སུ་འཇུག་པའི་ཕྱིར་རྒོལ་ཡང་དག་མེད་པར་འགྱུར་ཏེ། དེ་ལ་དེའི་མཚན་ཉིད་མ་ཚང་བའི་ཕྱིར། གཉིས་པ་རང་གི་ལུགས་ནི། རྒོལ་ཕྱིར་རྒོལ་སོ་སོར་བཤམས་ནས་རྩོད་པའི་སྐབས་སུ་ཕྱོགས་སྔ་མ་འཇོག་པར་ཁས་ལེན་པའི་གང་ཟག་དེ། སྔར་རྒོལ་གྱི་མཚན་ཉིད། དབྱེ་ན། ཡང་དག་དང༌། ལྟར་སྣང་གཉིས། དང་པོའི་མཚན་ཉིད། དེའི་སྐབས་སུ་དེ་ཡང་དག་འཇོག་པའོ། །དབྱེ་ན། གསུམ་སྟེ། དམ་བཅའ་ཡང་དག་འཇོག་པ་དང༌། སྒྲུབ་བྱེད་ཡང་དག་འགོད་པ་དང༌། ཚེར་མ་ཕྱིན་ཅི་མ་ལོག་པར་འབྱིན་པའོ། །དང་པོ་ལ་གཉིས་ཏེ། མ་དྲིས་པ་དང༌། དྲིས་ནས་འཇོག་པའོ། །དང་པོ་རྒོལ་བ་ཡང་དག་མ་ཡིན་ནོ། །སྒྲུབ་བྱེད་ཀྱང་མ་དྲིས་པ་དང༌། དྲིས་ནས་འགོད་པའོ། །དང་པོ་ཡང་དག་མ་ཡིན་ནོ། །སྒྲུབ་བྱེད་བཀོད་ནས་མ་དྲིས་ཀྱང་ཚེར་མ་འབྱིན་དགོས་པར་བཤད་དོ། །སྒྲུབ་བྱེད་འགོད་ཚུལ་ལ་གསུམ་སྟེ། རྩ་བའི་དམ་བཅའ་ལ་སྒྲུབ་བྱེད་འགོད་པ། དེའི་ཕྱོགས་ཆོས་ཀྱི་སྒྲུབ་བྱེད་དང༌། ཁྱབ་པའི་སྒྲུབ་བྱེད་ཀྱང་དྲིས་ནས་འགོད་པའོ། །དེ་ལའང་རྗེས་སུ་འགྲོ་ལྡོག་གི་དབྱེ་བས་གཉིས་སོ། །དེ་ལྟར་ཚུལ་གསུམ་ཤེས་ནས་རྗེས་དཔག་མ་སྐྱེས་ན། རང་རྒྱུད་ཀྱི་སྒྲུབ་ངག་འགོད་དགོས་པས། །དེའི་དབྱེ་བ་ཇི་སྙེད་པ་དེ་སྙེད་དུ་འགྱུར་རོ། །གཉིས་པ་སྔར་རྒོལ་ལྟར་སྣང་ལ། མཚན་ཉིད། དབྱེ་བ། ཚར་བཅད་ཀྱི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་སྐབས་སུ་ཕྱོགས་སྔ་ལྟར་སྣང་འཇོག་པའི་རྒོལ་བའོ། །གཉིས་པ་ནི། མ་དྲིས་པའི་དམ་བཅའ་ཡང་དག་འཇོག་པ་དང༌། དྲིས་པའི་དམ་བཅའ་འཇོག་རྒྱུ་མེད་པ་དང༌། ལྟར་སྣང་འཇོག་པ་སྟེ་དམ་བཅའ་འཇོག་ཚུལ་གསུམ་དང༌། མ་དྲིས་པའི་སྒྲུབ་བྱེད་འགོད་པ་དང༌། དྲིས་པའི་སྒྲུབ་བྱེད་མི་འགོད་པའམ། ལྟར་སྣང་འགོད་པ་སྟེ་སྒྲུབ་བྱེད་འགོད་ཚུལ་གསུམ་དང༌། ཚེར་མ་འབྱིན་མི་དགོས་བཞིན་དུ་འབྱིན་པ་དང༌། དགོས་པ་ལ་མི་འབྱིན་པ་དང༌། ཕྱིན་ཅི་ལོག་ཏུ་འབྱིན་པའི་དབྱེ་བས་གསུམ་མོ། །སྤྱིར་ཚེར་མ་འབྱིན་པ་ཞེས་བྱ་བ་ལ་གཉིས་ཏེ། དམ་བཅའི་ཚེར་མ་འབྱིན་པ་དང༌། རྟགས་ཀྱི་ཚེར་མ་འབྱིན་པའོ། །དང་པོ་ནི། ཕྱོགས་ཀྱི་སྐྱོན་རྣམས་སེལ་བ་ལ་བྱ་ལ། གཉིས་པ་ནི། རྟགས་ཀྱི་སྐྱོན་རྣམས་སེལ་བ་ལ་བྱའོ། །གསུམ་པ་ཚར་བཅད་ལ། དམ་བཅའ་ཡང་དག་བཞག་ནས་དེའི་སྒྲུབ་བྱེད་ཡང་དག་བརྗོད་པར་ཁས་བླངས་པའི་རྒོལ་བ་གང་ཞིག་སྒྲུབ་བྱེད་ཡང་དག་མ་བརྗོད་པའོ། །དབྱེ་ན། སྤྱིར་སྒྲུབ་བྱེད་ཙམ་མ་བརྗོད་པ་དང༌། སྒྲུབ་བྱེད་ལྟར་སྣང་བརྗོད་པའོ། །གཉིས་པ་ལ། འགལ། མ་ངེས། མ་གྲུབ་པའི་དབྱེ་བས་གསུམ་མོ། །སྤྱིར་སྒྲུབ་བྱེད་ཡང་དག་གི་རིགས་ཡིན་ཀྱང༌། ཚེར་མ་འབྱིན་མ་ཤེས་ན་སྒྲུབ་བྱེད་ལྟར་སྣང་དུ་འགྱུར་བ་ཡོད་དེ། བསྒྲུབ་བྱ་ལ་རྟོགས་པ་སྐྱེད་མི་ནུས་པའི་ཕྱིར། རྩ་སྦྱོར་བཀོད་ཙམ་གྱི་ཚེ་གཏན་ཚིགས་ལྟར་སྣང་ལས་མ་འདས་ཀྱང༌། ཚེར་མ་འབྱིན་ཤེས་པའི་རྒོལ་བས་བཀོད་པའི་ཚེ། སྒྲུབ་བྱེད་ཡང་དག་ཏུ་འཇོག་པས་ན། རྒོལ་བ་དེ་ཚར་བཅད་ཀྱི་གནས་མ་ཡིན་ནོ། །གཉིས་པ་ཕྱིར་རྒོལ་ལ་མཚན་ཉིད་ནི། དེའི་སྐབས་སུ་ཕྱོགས་ཕྱི་མ་ཁས་ལེན་པའི་རྒོལ་བའོ། །དབྱེ་ན། ཡང་དག་དང༌། ལྟར་སྣང་གཉིས། དང་པོ་ལ་མཚན་ཉིད། དེའི་སྐབས་སུ་དེ་ཡང་དག་ཁས་ལེན་པའི་རྒོལ་བའོ། །དབྱེ་ན། འདོད་པ་འདྲི་བ་དང༌། སུན་འབྱིན་བརྗོད་པའོ། །དང་པོ་ལ། དམ་བཅའ་དང༌། སྒྲུབ་བྱེད་འདྲི་བ་དང༌། དེའི་ཡང་སྒྲུབ་བྱེད་འདྲི་བའོ། །དང་པོ་ནི། སྐབས་སུ་བབ་པའི་དམ་བཅའ་འདྲི་བའོ། །གཉིས་པ་ནི། དེ་ལྟར་དྲིས་པ་དེ་ལ། སྒྲ་མི་རྟག་ཅེས་པ་ལྟ་བུ་ཤེས་འདོད་འཇུག་རུང་གི་དམ་བཅའ་བཞག་ན། དེའི་སྒྲུབ་བྱེད་ཅི་ཡིན་ཞེས་འདྲི་བའོ། །གསུམ་པ་ནི། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྒྲུབ་བྱེད་ཡང་དག་བཀོད་བྱུང་ན། དེའི་ཚུལ་གསུམ་གྲུབ་པའི་རྒྱུ་མཚན་ཅི་ཡིན་ཞེས་འདྲི་བའོ། །དེ་ལ་སྔར་རྒོལ་གྱིས་རྟགས་ཀྱི་ཚེར་མ་རྣམས་ཕྱུང་ནས་ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་སྐྱེས་པ་དེའི་ཚེ། ཕྱིར་རྒོལ་ཡང་དག་ཏུ་འཇོག་པའི་རིམ་པ་གཅིག་ཡིན་ནོ། །གཉིས་པ་སུན་འབྱིན་བརྗོད་པ་ནི། སྔར་རྒོལ་གྱིས་དམ་བཅའ་འཇོག་པའི་ཚེ། སྒྲ་རྟག་པར་དམ་བཅའ་བ་ལྟ་བུ་འམ། སྒྲུབ་བྱེད་འགོད་པའི་ཚེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་འགོད་ན། ཕྱིར་རྒོལ་བས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་འཕངས་ནས་སྔར་རྒོལ་གྱི་རྒྱུད་ལ་རྗེས་དཔག་སྐྱེས་པའམ། ཡང་ན། དེ་མི་འཕེན་པའི་དེ་འཕངས་པས་སྔར་རྒོལ་གྱི་ལོག་རྟོག་ཙམ་བཟློག་པ་དེའི་ཚེ་ན། ཕྱིར་རྒོལ་ཡང་དག་ཏུ་འཇོག་པའི་རིམ་པ་གཉིས་པ་ཡིན་ནོ། །གཉིས་པ་ལྟར་སྣང་ལ་མཚན་ཉིད་ནི། དེའི་སྐབས་སུ་ཕྱོགས་ཕྱི་མ་ལྟར་སྣང་འཛིན་པའི་རྒོལ་བའོ། །དབྱེ་ན། འདོད་པ་འདྲི་བ་ལ་ལྟོས་པ་དང༌། སུན་འབྱིན་བརྗོད་པ་ལ་ལྟོས་པའི་ཕྱིར་རྒོལ་ལྟར་སྣང་གཉིས། དང་པོ་ལ། ཕྱིར་རྒོལ་དུ་ཁས་བླངས་ནས། འདོད་པ་མི་འདྲི་བ་དང༌། སྐབས་སུ་མ་བབ་པ་འདྲི་བ་དང༌། བབ་པ་འདྲི་མི་ཤེས་བཞིན་དུ་འདྲི་བ་སྟེ་གསུམ་དང༌། ཡང༌། དམ་བཅའ་ཡང་དག་གི་སྒྲུབ་བྱེད་མི་འདྲི་བ་དང༌། ལྟར་སྣང་གི་འདྲི་བ་དང༌། ཡང་དག་གི་སྒྲུབ་བྱེད་ལ་ཚེར་མ་མ་ཕྱུང་ཡང༌། བློ་ཁ་ཚིམ་ནས་དད་པའི་རྗེས་འབྲང་དུ་འདུག་པའོ། །གསུམ་པ་ཚར་བཅད་ཀྱི་གནས་ལ། སྔར་རྒོལ་གྱིས་བཞག་པའི་དམ་བཅའ་ལྟར་སྣང་ལ། སུན་འབྱིན་ཡང་དག་བརྗོད་པར་ཁས་བླངས་པའི་རྒོལ་བ་གང་ཞིག དེ་མ་བརྗོད་པའོ། །དེ་ལ་དབྱེ་ན། སྐྱོན་མི་བརྗོད་པ་དང༌། ལྟར་སྣང་བརྗོད་པའོ། །གསུམ་པ་དཔང་པོ་ལ། མཚན་ཉིད་ནི། ཕྱོགས་སྔ་ཕྱི་གཉིས་ཀྱི་རྒྱལ་ཕམ་ཤན་འབྱེད་པར་ཁས་ལེན་པའི་གང་ཟག་གོ །དབྱེ་ན། རྣམ་པར་དབྱེ་བའི། ཤན་འབྱེད་པའི། ཚར་བཅད་དང་རྗེས་འཛིན་གྱི་དཔང་པོའོ། །དང་པོ་ནི། གཉིས་པོའི་ཚིག་ཐམས་ཅད་མ་ནོར་བར་བརྗོད་ནུས་པའོ། །གཉིས་པ་ནི། རྒྱལ་ཕམ་གྱི་ཞལ་ལྕེ་གཅོད་ནུས་པའོ། །གསུམ་པ་ནི། གྲུབ་མཐའི་བླང་དོར་དང་འཇིག་རྟེན་གྱི་གོ་འཕང་ལས་སྨད་པར་བྱེད་པ་དང༌། གོང་ནས་གོང་དུ་བསྟོད་པར་བྱེད་པའོ། །རྒོལ་དང་ཕྱིར་རྒོལ་དཔང་པོ་ཡི། །རྣམ་དབྱེ་ལེགས་པར་མ་ཕྱེད་པར། །སྒྲུབ་པ་དང་ནི་སུན་འབྱིན་གྱི། །རྣམ་དབྱེ་ཤེས་འདོད་དེ་ངོ་མཚར། །ཞེས་བྱ་བ་འདིས་ནི་སྒྲུབ་པའི་ངག་གི་གནས་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་ལོག་རྟོག་ཅན་ཚར་གཅོད་པའི་ཡན་ལག་ཐལ་འགྱུར་བཤད་པ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། དིང་སང་ཕལ་ཆེ་བ་དག ཐལ་ཞེས་པའི་ངག་ཏུ་བཀོད་པ་དེ། ཐལ་འགྱུར་ཙམ་གྱི་མཚན་ཉིད། ཅེས་ཟེར་བ་ནི་མི་འཐད་དེ། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་ལ་མ་ཁྱབ་པའི་ཕྱིར་དང༌། སྒྲ་རྟག་པ་ཡིན་ན་མ་བྱས་པ་ཡིན་པར་འགྱུར་ཞེས་པའི་ངག་ལྟ་བུ་ལ་མ་ཁྱབ་པའི་ཕྱིར། རང་ལུགས་ནི། གཞན་གྱི་གྲུབ་མཐའ་སུན་འབྱིན་པའི་ངག་གང་ཞིག རྣལ་མའི་ངག་ཏུ་བཀོད་པ་མ་ཡིན་པའོ། །འོ་ན་སུན་འབྱིན་དང་ཁྱད་པར་ཅི་ཞེ་ན། སུན་འབྱིན་ཡིན་ལ་ཐལ་འགྱུར་མ་ཡིན་པ་ནི། གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། སངས་རྒྱས་པས་སྒྲ་ཆོས་ཅན། རྟག་པ་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །འདི་ཆོས་ཅན། སུན་འབྱིན་ཡིན་ཏེ། གཞན་གྱི་གྲུབ་མཐའི་སྐྱོན་ལ་སྐྱོན་དུ་བརྗོད་པས། སྐྱོན་ཅན་དུ་གོ་བའི་ངག་ཡིན་པའི་ཕྱིར། འོ་ན་ཐལ་འགྱུར་ཡང་དག་གང་ཡིན་ཐམས་ཅད་སུན་འབྱིན་ཁོ་ན་ཡིན་ནམ་ཞེ་ན། དེའི་ངེས་པ་མེད་དེ། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་དེ་སུན་འབྱིན་རྐྱང་པ་མ་ཡིན་པའི་ཕྱིར། འདི་ནི་གཉིས་ཀའི་གཞི་མཐུན་ཏེ། ལྡོག་པས་འབྱེད་དོ། །འོ་ན་སུན་འབྱིན་རྐྱང་པ་ཅན་གྱི་མཚན་ཉིད་ཅི་ཞེ་ན། གཞན་གྱི་གྲུབ་མཐའ་སུན་འབྱིན་པའི་ཕྱིར་དུ་བརྗོད་ཅིང༌། རང་གི་གྲུབ་མཐའ་སྒྲུབ་པའི་ཕྱིར་དུ་མ་བརྗོད་པའི་ངག་དེའོ། །གཉིས་པ་དབྱེ་བ་ལ། ཡང་དག་དང༌། ལྟར་སྣང་གཉིས། དང་པོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་ཁ་ཅིག རང་གང་ལ་འཕངས་པའི་རྒོལ་བ་ཕ་རོལ་པོས་ལན་གྱིས་ལྡོག་པར་མི་ནུས་པ་ཞེས་ཟེར་བ་ནི། མ་ཤེས་པ་ཡིན་ཏེ། བྱས་མི་རྟག་གི་འབྲེལ་པ་དང༌། སྒྲ་བྱས་པ་ཡིན་པར་ཚད་མས་མི་ཤེས་ཤིང༌། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་ལ། ཕྱིར་རྒོལ་སངས་རྒྱས་པས་སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། ལན་གང་གིས་ལྡོག་པར་ནུས། འདོད་ན། སྒྲུབ་བྱེད་འཕེན་མི་འཕེན་གཉིས་ལས་གང་ཡིན། དང་པོ་མི་འཐད་དེ། ཐལ་འགྱུར་རང་གི་ཁྱབ་པ་རང་གང་ལ་འཕངས་པའི་རྒོལ་བ་དེའི་ཚད་མས་མ་གྲུབ་པའི་ཕྱིར། ཡང་དེ་ཆོས་ཅན། རང་གང་ལ་འཕངས་པའི་རྒོལ་བ་དེའི་ངོར། ཐལ་འགྱུར་ཡང་དག་མ་ཡིན་ཏེ། དེའི་ངོར་མ་ངེས་པའི་ཐལ་འགྱུར་ལྟར་སྣང་ཡིན་པའི་ཕྱིར་ཏེ། རྒོལ་བ་དེའི་ཁས་བླངས་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག རྒོལ་བ་དེའི་ཚད་མས་ཐལ་འགྱུར་ཁྱོད་ཀྱི་ཁྱབ་པ་རྣལ་ལོག་གང་དུ་ཡང་མི་ཤེས་པའི་ཕྱིར། ཡང་སྒྲ་རྟག་པར་བདེན་ཞེན་གྱི་འདོད་པའི་རྒོལ་བའི་ངོར་སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། ལན་གང་གིས་ལྡོག་པར་ནུས། འདོད་ན་དེ་ཆོས་ཅན། རྒོལ་བ་དེའི་ངོར་ཐལ་འགྱུར་ཡང་དག་མ་ཡིན་ཏེ། དེས་ཁྱོད་ཀྱི་རྟགས་ཁས་མ་བླངས་ཤིང༌། ཐལ་ཆོས་ལ་ཚད་མའི་བསལ་བ་སྟོན་རྒྱུ་མེད་པའི་ཕྱིར་རོ། །ཡང་དེ་ལན་དོན་མཐུན་གྱིས་ལྡོག་པར་མི་ནུས་པ་ཞེས་ཟེར་བ་ལ་ཡང༌། རྒོལ་བ་དེའི་ངོར་སྒྲ་ཆོས་ཅན། རྟག་པར་ཐལ། རྟག་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས་ཀྱང་མ་ངེས་སོ། །ཡང་ཁ་ཅིག ཐལ་འགྱུར་ཁྱོད་ཀྱི་རྟགས་དང་ཁྱབ་པ་གང་ལ་འཕངས་པའི་ཁས་བླངས་དང་ཚད་མ་གང་རུང་གིས་གྲུབ། དམ་བཅའ་ལ་ཚད་མའི་བསལ་བ་ཞུགས་པའི་ཐལ་ངག ཅེས་ཟེར་བ་ཡང་མ་ཤེས་པ་ཡིན་ཏེ། སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཡང་ཐལ་འགྱུར་ཡང་དག་ཏུ་སོང་བའི་སྐབས་སྲིད་པར་འགྱུར་ལ། དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། དེ་འབྲས་རང་མ་དམིགས་པའི་ཐལ་འགྱུར་ཡང་དག་གསུམ་པོ་གང་དུ་ཡང་སོང་བ་མི་སྲིད་པའི་ཕྱིར་ཏེ། གཞལ་བྱ་དང་རྟག་པ་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མི་སྲིད་པའི་ཕྱིར། གཉིས་པ་རང་གི་ལུགས་ནི། སྤྱིར་ཐལ་འགྱུར་གང་ཞིག རང་གང་ལ་འཕངས་པའི་རྒོལ་བ་དེས་རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། དམ་བཅའ་ལ་ཚད་མའི་བསལ་བ་འཇུག་ཏུ་རུང་བ་དེ་ཐལ་འགྱུར་ཡང་དག་གི་མཚན་ཉིད་དོ། །དབྱེ་ན། སྒྲུབ་བྱེད་འཕེན་པ་དང༌། མི་འཕེན་པའི་ཐལ་འགྱུར་ཡང་དག་གོ །དང་པོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། རིགས་གཏེར་གྱི་རྗེས་འབྲང་དུ་ཁས་ལེན་པ་དག སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་ཞེས་ཟེར་བ་མ་ཤེས་པ་ཡིན་ཏེ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་གང་ལ་ཐལ་འགྱུར་ཡང་དག་ཏུ་སོང་བའི་རྒོལ་བ་དེའི་ངོར། དེ་ལྟར་འཕངས་པའི་ཚེ་ན། ཐལ་འགྱུར་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། རྟགས་གྲུབ་པ་ཡིན་ཏེ། རྒོལ་བ་དེའི་ངོར། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲུབ་ངག་ཡང་དག་ཡིན་པར་ཐལ་ལོ། །ཡང་ཁ་ཅིག རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། གཞི་གྲུབ་ཅིང་དམ་བཅའ་ལ་ཚད་མའི་བསལ་བ་ཞུགས་པ་དེ། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་གྱི་གོ་དོན་དུ་འདོད་པ་ཡང༌། ཞིབ་ཏུ་མ་བསམས་པ་ཡིན་ཏེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་སྒྲུབ་ངག་ཏུ་མ་བཀོད་པ་རྣམས་ཀྱིས་མ་ངེས་པ་དང༌། སྒྲུབ་ངག་ཏུ་བཀོད་ཅེས་ཟེར་ན་ཡང༌། ཁྱབ་འབྲེལ་ངེས་བྱེད་རྒོལ་བ་ལ་མ་ལྟོས་པར་སྨྲ་བ་ནི་ཞིབ་ཏུ་མ་བསམས་པ་ཡིན་ཏེ། སྒྲ་རྟག་པར་འདོད་པའི་རྒོལ་བའི་ངོར། གང་རྟག་ན་མཉན་བྱའི་དངོས་པོ་མ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་དེར་ཁས་བླངས་སོ་ཞེས་པའི་ངག་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མཉན་བྱའི་དངོས་པོ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ་ལོ། །གཉིས་པ་རང་ལུགས་ལ། ཐལ་འགྱུར་ཡང་དག་གང་ཞིག རྟགས་ཁས་བླངས། ལྡོག་ཁྱབ་ཚད་མས་གྲུབ། གཞི་གྲུབ་ཅིང་དམ་བཅའ་ལ་ཚད་མའི་བསལ་བ་འཇུག་ཏུ་རུང་བ་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། དབྱེ་ན་སྒྲུབ་ངག་ཏུ་མ་བཀོད་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། བཀོད་པའི་དེ་ཡང་དག་གཉིས། མཚན་ཉིད་རིམ་པ་བཞིན་དུ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཆོས་གསུམ་ལྡན་གང་ཞིག སྒྲུབ་ངག་ཏུ་མ་བཀོད་པ་དང༌། བཀོད་པའོ། །མཚན་གཞི་ནི་རིམ་པ་བཞིན་དུ། སྐབས་བབ་ཀྱི་རྒོལ་བའི་ངོར། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པ་དང༌། ཡང་དེའི་ངོར། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན། ནམ་མཁའ་བཞིན། སྒྲ་ཡང་རྟག་པར་རྒོལ་བས་ཁས་བླངས་སོ་ཞེས་འཕངས་པ་ལྟ་བུའོ། །དེ་གཉིས་ཀ་ལ་ལྡོག་དོན་ལ་རང་རིས་འཕེན་པ་དང༌། གཞན་རིས་འཕེན་པའི་དབྱེ་བས་གཉིས་གཉིས་ཡོད་དོ། །དེ་ཡང་ཐོག་མར་སྒྲུབ་ངག་ཏུ་མ་བཀོད་པའི་དབང་དུ་བྱས་ནས་བཤད་ན་ཚིག་ཉུང་བས། ལྡོག་པ་རང་རིས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཆོས་གསུམ་ལྡན་གང་ཞིག རང་གིས་འཕངས་པའི་ལྡོག་དོན་དེ་རང་དང་མིང་རིས་ཐུན་མོང་བར་དམིགས་པའོ། །དབྱེ་ན་བཞི་ལས། དཔེར་བརྗོད་པ་ནི། མེས་ཁྱབ་པར་ནོན་པའི་གཞི་ཆོས་ཅན། མེས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་དང་ལྡན་པའི་གཞི་ཡིན་པའི་ཕྱིར། ཞེས་པ་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་དང༌། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞི་ཆོས་ཅན། དེས་ནོན་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་པ་དང་ལྡན་པའི་གཞི་ཡིན་པའི་ཕྱིར། ཞེས་པ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་དང༌། ཙནྡན་གྱི་མེས་ཁྱབ་པར་ནོན་པའི་ཤར་གཞི་ཆོས་ཅན། དེས་ནོན་པ་མ་ཡིན་པར་ཐལ། བ་མོའི་རེག་པ་རྒྱུན་ཆགས་པ་དང་ལྡན་པའི་གཞི་ཡིན་པའི་ཕྱིར། ཞེས་པ་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་དང༌། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། འཇིག་པ་རྒྱུ་དོན་གཞན་ལ་ལྟོས་བཅས་ཡིན་པའི་ཕྱིར། ཞེས་པ་ཕན་ཚུན་སྤངས་པའི་ཁྱབ་བྱེད་འགལ་བར་དམིགས་པའི་ཐལ་འགྱུར་ཏེ། བཞི་པོ་དེའི་ལྡོག་དོན་གྱི་གཏན་ཚིགས་ཀྱང་བཞི་པོ་དེ་ཉིད་ཀྱི་མིང་ཅན་རྣམས་གོ་རིམ་བཞིན་དུ་འཕེན་པར་བྱེད་དོ། །གཉིས་པ་ལ། མཚན་ཉིད་ནི། ཆོས་གསུམ་ལྡན་གྱི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གང་ཞིག རང་གིས་འཕངས་པའི་ལྡོག་དོན་གྱི་གཏན་ཚིགས་དེ་རང་དང་མིང་རིས་མི་མཐུན་པར་གནས་པའོ། །དབྱེ་ན། བཅུ་དྲུག་ཏུ་གྲངས་ངེས་པ་ལས། མཚན་གཞི་ནི། སྐབས་ཀྱི་རྒོལ་བའི་ངོར། རྒྱུ་མ་དམིགས་པའི་ཐལ་འགྱུར་གྱིས་འབྲས་རྟགས་འཕེན་པ་དང༌། འབྲས་བུའི་ཐལ་འགྱུར་གྱིས་རྒྱུ་མ་དམིགས་པའི་གཏན་ཚིགས་ཡང་དག་འཕེན་པ་དང༌། ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་གྱི་གཏན་ཚིགས་ཡང་དག་འཕེན་པ་དང༌། རང་བཞིན་གྱི་ཐལ་འགྱུར་ཡང་དག་གིས་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡང་དག་འཕེན་པ་སྟེ་བཞིའོ། །ལྷག་མ་བཅུ་གཉིས་པོ་གང་ཞེ་ན། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་ཐལ་འགྱུར་བཅུ་གཉིས་སུ་ངེས་པ་ལས། གསུམ་གྱིས་ནི་རང་རིས་འཕེན་པར་བཤད་ཟིན་ལ། གསུམ་གྱིས་ནི་སྒྲུབ་བྱེད་མི་འཕེན་པར་དེ་མ་ཐག་ཏུ་འཆད་པར་འགྱུར་བས་ལྷག་མ་དྲུག་པོ་རྣམས་སོ། །དྲུག་ལས་བཅུ་གཉིས་ཇི་ལྟར་བྱ་ཞེ་ན། དུ་བ་དང་གྲང་རེག་ལྟ་བུ་ཕན་ཚུན་གནོད་བྱ་དང་གནོད་བྱེད་དུ་འགྱུར་བའི་སྐབས་གཉིས་ཡོད་པས་དྲུག་པོ་གཉིས་ཀྱིས་བསྒྱུར་བ་ཡིན་ནོ། །དེ་ལྟ་ན། རང་རིས་འཕེན་པ་བཞི་པོ་ཡང་བརྒྱད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟར་འགྱུར་མོད། བསྡུ་ན་མིང་རིས་མི་ཅིག་པ་བཞི་ཁོ་ནར་འདུས་པ་ཡིན་ནོ། །འོ་ན་བཅུ་དྲུག་པོ་བཅུར་མི་བསྡུད་པ་ཅི་ཞེ་ན། དེ་ལྟར་བསྡུས་པ་ཆོག་མོད། དབྱེ་བ་རྒྱས་པ་རྟོགས་པའི་ཕྱིར་དུ་དེ་ལྟར་ཕྱེ་བ་ཡིན་ནོ། །དེ་ལྟར་ཉི་ཤུ་པོ་དེ་སྒྲུབ་བྱེད་འཕེན་པ་ལ་ཁྱད་པར་མེད་ཀྱང༌། སྒྲུབ་པའི་ངག་ཏུ་བཀོད་པ་དང་མ་བཀོད་པའི་དབྱེ་བས་གཉིས་གཉིས་ཡོད་དོ། །འོ་ན་མ་བཀོད་པ་དེས་སྒྲུབ་བྱེད་གཏན་ཚིགས་ཡང་དག་མི་འཕེན་པར་ངེས་སམ་ཞེ་ན། དེའི་ངེས་པ་མེད་མོད། ངག་དེ་རྟགས་ཚིག་རྣམ་དག་ནི་མ་ཡིན་པར་ངེས་ཏེ། དམ་བཅའ་ཚིག་ཟིན་ལ་བརྗོད་པའི་ཕྱིར་རོ། །གཉིས་པ་སྒྲུབ་པའི་ཐལ་ངག་དེ་འགོད་པའི་ཚུལ་ལ། རྔོག་ལོ་ཆེན་པོ་ནི། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པའི་ཕྱིར་མ་བྱས་པར་ཐལ་ལོ། །ཞེས་འཕེན་ཞིང༌། དེར་ཐལ་ཆོས་བརྗོད་པས་ལྡོག་དོན་གྱི་ཕྱོགས་ཆོས་འཕེན་པར་བཞེད། དན་འབག་པ་ནི། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན། ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་པའི་ཕྱིར་མ་བྱས་པར་ཐལ་བ་ལས། དེ་བྱས་པར་ཚད་མས་གྲུབ་པས་བསལ་ལོ་ཞེས་འཕེན་ཞིང༌། ཐལ་འགྱུར་གྱི་བསལ་བ་བརྗོད་པས་ལྡོག་དོན་གྱི་ཕྱོགས་ཆོས་འཕེན་པ་ཡིན་ནོ་ཞེས་བཞེད། སློབ་དཔོན་ཕྱྭ་པ་དང༌། རིགས་གཏེར་མཛད་པ་ནི། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན། ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁྱོད་ཀྱིས་ཁས་བླངས་སོ་ཞེས་འཕེན་ཞིང༌། དེའི་ཚེ་རྟགས་དང་ཁྱབ་པ་གཉིས་ཀ་བསྡོམས་པའི་བྱེད་པས་ཕྱོགས་ཆོས་ཤུགས་ལ་གོ་བ་ཡིན་གྱི། ཕྱོགས་ཆོས་དངོས་སུ་འཕེན་པའི་ཚིག་དངོས་སུ་སྦྱར་ན་ཐལ་འགྱུར་གྱི་སྦྱོར་བ་འཇིག་པར་བཞེད་དོ། །མདོར་ན་སྒྲུབ་པའི་ཐལ་ངག་དེ་ལྟར་བཀོད་པའི་ཚེ། བྱས་པ་ཆོས་ཅན། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་གྱི་ངོར། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེའི་ངོར་ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། འོ་ན་མ་བསྒྲུབ་བྱ་ལ་ཐེ་ཚོམ་ཇི་ལྟར་ཡོད་ཅེ་ན། སྤྱིར་ལོག་རྟོག་དང་ཐེ་ཚོམ་མི་འགལ་མོད། སྐབས་དེར་ཚུལ་གསུམ་དྲན་པ་དང༌། བསྒྲུབ་བྱ་ལ་ཐེ་ཚོམ་དང་ཤེས་འདོད་སྐྱེས་པ་དང༌། རྟགས་ཡང་དག་ཏུ་སོང་བ་གསུམ་དུས་མཉམ་པ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ལ་མཚན་ཉིད་ནི། ཐལ་འགྱུར་ཡང་དག་གང་ཞིག་ལྡོག་དོན་ལ་ཚུལ་གསུམ་མ་ཚང་བའོ། །དབྱེ་ན་ལྔར་གྲངས་ངེས་པ་ལས། མཚན་གཞི་དཔེར་བརྗོད་པ་ནི། བུམ་པ་ཚད་མས་དམིགས་པའི་གཞིར། བུམ་པ་ཚད་མས་མ་དམིགས་པར་ཁས་ལེན་པ་ལ། དེར་ཆོས་ཅན། བུམ་པ་ཡོད་པ་མ་ཡིན་པར་ཐལ། དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའོ། །དེ་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་ཏེ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། དམ་བཅའ་ལ་ཚད་མའི་བསལ་བ་འཇུག་ཏུ་རུང་བའི་ཕྱིར། བསལ་བ་ཞུགས་ཟིན་པ་མ་ཡིན་ཏེ། དེའི་རྟགས་བདེན་ཞེན་གྱིས་ཁས་བླངས་པའི་ཕྱིར། ལྡོག་དོན་འཕེན་པ་ཡང་མ་ཡིན་ཏེ། ལྡོག་པ་ལ་ཤེས་འདོད་མི་འབྱུང་བའི་ཕྱིར། ལྡོག་པ་ལས་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པ་ནི་མ་ཡིན་ནོ། །གཉིས་པ་ནི། ཚང་མང་དུ་དུ་བ་མེད་པར་ཁས་ལེན་པ་ལ། དེ་ཆོས་ཅན། དུ་རྒྱུ་ནུས་པ་ཐོགས་མེད་མེད་པར་ཐལ། དུ་བ་མེད་པའི་ཕྱིར་ཞེས་པའོ། །ཕྱི་མ་གསུམ་གྱི་དཔེ་ནི། མེ་དང་ཙནྡན་གྱི་མེ་དང༌། དུ་བ་དྲག་འཕྱུར་པ་གསུམ་གྱིས་གྲང་རྒྱུ་ནུས་པ་ཐོགས་མེད་འགོག་པའི་ཐལ་བ་གསུམ་མོ། །གྲང་རེག་སྐོར་གསུམ་གནོད་བྱེད་དུ་སོང་བའི་ཚེ། མེ་རྒྱུ་ཐོགས་མེད་འགོག་པའི་ཐལ་བ་གསུམ་དུ་ཡང་དབྱེར་ནུས་པས། རྒྱས་པར་ཕྱེ་ན་བརྒྱད་ཡིན་ནོ། །ཕྱི་མ་དྲུག་པོས་དེ་མི་འཕེན་པའི་རྒྱུ་མཚན་ནི། ཇི་སྐད་དུ། ནུས་པ་ཐོགས་མེད་མེ་མིན་ཞིང༌། །རྒྱུན་མེད་ཕྱིར་ན་འགོག་མི་ནུས། །ཞེས་གསུངས་སོ། །གཉིས་པ་ཐལ་འགྱུར་ལྟར་སྣང་ལ་མཚན་ཉིད་ནི། ཐལ་འགྱུར་དུ་བཀོད་པ་གང་ཞིག ཐལ་འགྱུར་ཡང་དག་གི་བསལ་བྱ་སེལ་བའི་གཞིར་གྱུར་པའོ། །དེའི་བསལ་བྱ་ནི་གསུམ་སྟེ། རྟགས་ལ་ཁས་བླངས་མེད་པ། ཁྱབ་པ་ཚད་མས་མ་གྲུབ་པ། དམ་བཅའ་ལ་ཚད་མའི་བསལ་བ་འཇུག་ཏུ་མི་རུང་བའོ། །གཉིས་པ་དབྱེ་བ་ལ་བཞི་སྟེ། འགལ་བ། མ་ངེས་པ། མ་གྲུབ་པ། བསལ་བ་ཡེ་མེད་པའོ། །དང་པོ་ནི། སྒྲ་བྱས་པར་ཁས་བླངས་པ་ལ། རྟག་པར་ཐལ་བ་འཕེན་པའོ། །གཉིས་པ་ནི། སྒྲ་གཞལ་བྱར་ཁས་བླངས་པ་ལ། རྟག་པར་ཐལ་བ་འཕེན་པའོ། །གསུམ་པ་ནི། སྒྲ་མཉན་བྱར་ཁས་བླངས་པ་ལ། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕེན་པའོ། །བཞི་པ་ནི། སྒྲ་བྱས་པར་ཁས་བླངས་པ་ལ། མི་རྟག་པར་ཐལ་བ་འཕེན་པའོ། །དེ་ལྟར་རང་གི་ལུགས་བཞག་ཟིན་ནས། གཞན་གྱི་ལུགས་མི་འཐད་པ་ནི། སློབ་དཔོན་ཕྱྭ་པས་ཐལ་འགྱུར་དུ་བཀོད་ཚད་བཞིར་བསྡུད་པ་མི་འཐད་དེ། རང་རྒྱུད་ཐམས་ཅད་ཀྱང་དེར་བསྡུད་པར་ཐལ་བ་མཚུངས་པའི་ཕྱིར། དེ་ཡང་འདོད་ན། ཕྱོགས་གླང་ཡབ་སྲས་ཀྱིས། རང་རྒྱུད་ཐམས་ཅད་འགལ་མ་ངེས་མ་གྲུབ་པ་གསུམ་དང་ཡང་དག་སྟེ་བཞིར་བསྡུས་པ་དང་འགལ་བའི་ཕྱིར་དང༌། ཁྱབ་པ་འགལ་བའི་རང་རྒྱུད་མ་ཚང་བའི་སྐྱོན་ཡོད་པའི་ཕྱིར། ཡང༌། ཐལ་འགྱུར་ཡང་དག་ལ་བདུན་གྱི་གྲངས་ངེས་མི་འཐད་དེ། ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་ཙམ་གྱིས་ཁྱབ་པ་གྲུབ་པའི་གོ་མི་ཆོད་པའི་ཕྱིར་དང༌། ཁས་བླངས་ཀྱི་བསལ་བས་བསལ་བའི་གོ་མི་ཆོད་པའི་ཕྱིར། གལ་ཏེ་ཆོད་ན། སྔར་རྒོལ་གྱི་གཞལ་བྱ་ལ་རྟག་པའི་ཁྱབ་པ་ཁས་བླངས་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་འཕངས་པ་ན། ཕྱིར་རྒོལ་དེ་ཆོས་ཅན། ཕྱིར་རྒོལ་ཡང་དག་ཏུ་ཐལ། དམ་བཅའ་ལྟར་སྣང་ལ་སུན་འབྱིན་ཡང་དག་འཕངས་པའི་ཕྱིར་རྒོལ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཕྱིར་རྒོལ་ཚར་བཅད་ཀྱི་གནས་ཡིན་ཏེ། སྔར་རྒོལ་གྱི་དམ་བཅའ་ལྟར་སྣང་ལ། ལྡོག་དོན་འཕེན་པའི་ཐལ་འགྱུར་ཡང་དག་འཕེན་རྒྱུ་ཡོད་བཞིན་དུ། མ་ངེས་པའི་ཐལ་འགྱུར་ལྟར་སྣང་འཕངས་པའི་རྒོལ་བ་ཡིན་པའི་ཕྱིར། ཐལ་འགྱུར་དེ་ཆོས་ཅན། མ་ངེས་པའི་ཐལ་འགྱུར་ལྟར་སྣང་ཡིན་ཏེ། རྟགས་ཕ་རོལ་པོས་ཁས་བླངས། ཁྱབ་འབྲེལ་རྣལ་ལོག་གང་དུ་ཡང་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། གཞན་ཡང༌། གྲངས་ཅན་སྒྲ་རྟག་པར་ཁས་ལེན་པ་ལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་འཕངས་པའི་ཚེ་ན་ཐལ་འགྱུར་དེ་ཆོས་ཅན། ཐལ་འགྱུར་ཡང་དག་ཏུ་ཐལ། རྟགས་ཁྱབ་གཉིས་ཀ་ཚད་མས་གྲུབ་ཅིང༌། ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཕྱིར། འདོད་ན། དེ་འདྲའི་ཐལ་འགྱུར་འཕེན་མཁན་གྱི་རྒོལ་བ་ཆོས་ཅན། ཕྱིར་རྒོལ་ཚར་བཅད་ཀྱི་གནས་ཡིན་ཏེ། གཞན་གྱི་དམ་བཅའ་ལྟར་སྣང་ལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་འཕེན་རྒྱུ་ཡོད་བཞིན་དུ། ཁས་ལེན་མེད་པའི་ཐལ་འགྱུར་འཕངས་པའི་རྒོལ་བ་ཡིན་པའི་ཕྱིར། ཐལ་འགྱུར་དེ་ཆོས་ཅན། ཁས་ལེན་མེད་པའི་ཐལ་འགྱུར་ཡིན་ཏེ། ཐལ་འགྱུར་གང་ཞིག རྒོལ་བ་ཕ་རོལ་པོས་ཁྱོད་ཀྱི་རྟགས་དང་ཁྱབ་པ་ཁས་མ་བླངས་པའི་ཕྱིར། ཡང༌། ཁས་བླངས་ཀྱི་བསལ་བས་བསལ་བའི་གོ་ཆོད་ན། སློབ་དཔོན་གྱིས་བསལ་བ་འཆད་པའི་སྐབས་སུ་ཚད་མའི་བསལ་བ་བཞི་ཁོ་ནར་བཤད་པ་དང་འགལ་ཞིང༌། ཁྱད་པར་དངོས་པོ་སྟོབས་ཤུགས་ཀྱི་བསལ་བ་ལ་ཁས་བླངས་ཀྱི་བསལ་བའི་བཤད་པ་མེད་དོ། །ཁས་བླངས་སྔ་ཕྱི་མ་མཐུན་པ་ཙམ་གྱིས་ཁས་བླངས་ཀྱི་བསལ་བར་འགྱུར་ན། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་ལ། ཕྱིར་རྒོལ་བས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་འཕངས་ཏེ། རྗེས་དཔག་སྐྱེས་པ་དེའི་ཚེ། སྔར་རྒོལ་དེ་ཆོས་ཅན། ཚར་བཅད་ཀྱི་གནས་ཡིན་པར་ཐལ། རང་གི་རྩ་བའི་དམ་བཅའ་དེའི་ཞེན་དོན་གྱི་ལོག་ཕྱོགས་ཁས་བླངས་པའི་སྒོ་ནས་དངོས་འགལ་ལ་ལན་བཏབ་པའི་ཕྱིར། གལ་ཏེ་འོ་ན། རྟགས་ཁས་བླངས་ཀྱིས་གྲུབ་པས་ཀྱང༌། གྲུབ་པའི་གོ་མི་ཆོད་པར་འགྱུར་རོ་ཞེ་ན། རྟགས་ཁས་བླངས་ན། ཐལ་འགྱུར་དེ་མ་གྲུབ་པའི་ཐལ་འགྱུར་དུ་མི་འཇོག་པ་ཙམ་ཡིན་གྱི། དེས་དེའི་གོ་ཆོད་པར་ནི་ཁོ་བོ་ཅག་ཀྱང་མི་འདོད་དོ། །ཡང༌། མ་གྲུབ་པའི་ཐལ་འགྱུར་ལ། རྟགས་མ་གྲུབ་པ་དང༌། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་གཉིས་སུ་འབྱེད་པ་མི་འཐད་དེ། རྟགས་མ་གྲུབ་པ་ཙམ་གྱིས་དེར་འཇོག་ནུས་པའི་ཕྱིར། རྟགས་མ་གྲུབ་ན། ཁྱབ་པ་མ་གྲུབ་ཅེས་པ་ནི་རིགས་གཏེར་མཛད་པའི་དགོངས་པ་མ་ཡིན་ནོ། །ཞེས་བྱ་བ་འདིས་ནི་ལོག་རྟོག་ཅན་ཚར་གཅོད་པའི་ཡན་ལག་ཐལ་འགྱུར་གྱི་གནས་ལེགས་པར་གྲུབ་པ་ཡིན་ནོ། །གསུམ་པ་དེ་དག་གི་ནུས་པ་འཇུག་པའི་ཡུལ་བསྒྲུབ་བྱ་བཤད་པ་ལ། དངོས་དང༌། དེ་སྒྲུབ་བྱེད་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་བཤད་པའོ། །དང་པོ་ལ། མཚན་ཉིད། དབྱེ་བ། བསལ་བྱ་སྐྱོན་གྱི་རྣམ་པར་བཞག་པའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་རབས་པ་དག ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ། གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དུ་འཆད་པ་ནི་མ་ཤེས་པ་ཡིན་ཏེ། དེ་ལྟར་འཆད་པའི་ཚད་ལྡན་གྱི་གཞུང་འགྲེལ་མེད་པའི་ཕྱིར་དང༌། རང་དོན་སྐབས་ཀྱི་བསྒྲུབ་བྱ་ཡང་དག་ལ་ཁྱབ་ཆེས་པའི་ཕྱིར། དེ་ཡང་འདི་ལྟར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བ་དེའི་ཚེ། སྒྲ་དང་མི་རྟག་པའི་ཚོགས་དོན་ཆོས་ཅན། དེ་སྒྲུབ་ཀྱི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་ཡིན་ཏེ། དེ་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་བསལ་མེད་ཅིང༌། དེ་སྐབས་ཀྱི་རྒོལ་བ་རང་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཚོགས་དོན་གང་ཞིག་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ། བསྒྲུབ་བྱ་ཡང་དག་ཙམ་གྱི་མཚན་ཉིད་དོ། །རིགས་སྒོ་ལྟར་ན། གྲུབ་བསལ་མེད་ཅིང་རྒོལ་བས་བསྒྲུབ་བྱར་ཁས་བླངས་པའོ། །གཉིས་པ་དབྱེ་བ་ལ། རང་དོན་དང༌། གཞན་དོན་སྐབས་ཀྱི་བསྒྲུབ་བྱའོ། །དང་པོའི་མཚན་ཉིད་ནི། རང་དོན་སྐབས་ཀྱི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའམ། རང་དོན་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་བསལ་མེད་ཅིང༌། རྒོལ་བ་དེས་དཔག་འདོད་ཀྱི་ཡུལ་དུ་བྱས་པའོ། །མཚན་གཞི་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བའི་ཚེ། སྒྲ་དང་མི་རྟག་པའི་ཚོགས་དོན་ལྟ་བུའོ། །གཉིས་པ་ལ། མཚན་ཉིད་ནི། གཞན་དོན་སྐབས་ཀྱི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའམ། གཞན་དོན་སྐབས་ཀྱི་རྒོལ་བ་གཞན་གྱི་ཚད་མས་གྲུབ་བསལ་མེད་ཅིང༌། རྒོལ་བ་རང་གི་བསྒྲུབ་བྱར་ཁས་བླངས་པའོ། །མཚན་གཞི་ནི། བྱས་པ་དང༌། གཞལ་བྱ་ལྟ་བུ། སྒྲ་རྟག་པའམ། མི་རྟག་པར་སྒྲུབ་པའི་གཞན་དོན་སྐབས་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་བ་དེའི་ཚེ། རློམ་ཚོད་ལ་དེ་དང་དེའི་རང་མཚན་བསྒྲུབ་བྱར་རློམ་ཞིང༌། སོང་ཚོད་ལ་ནི། སྒྲ་རྟག་པའམ་མི་རྟག་པའི་གཞན་སེལ་ལྟ་བུའོ། །དེ་ནི་འཆད་ཚེའི་དབང་དུ་བྱས་པ་ཡིན་ལ། འཇུག་པའི་ཚེ་ནི། རང་མཚན་དང་གཞན་སེལ་སོ་སོར་མི་འབྱེད་པར་སྒྲ་རྟག་པའམ། མི་རྟག་པ་ཙམ་དེ་དེ་སྐོར་གྱི་བསྒྲུབ་བྱར་ཁས་ལེན་པ་ཡིན་ནོ། །དེ་ལ་བོད་ཕྱི་མ་དག་ན་རེ། སྒྲ་རྟག་པ་ཡོད་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་ཡོད་པའི་ཕྱིར་ཞེ་ན། འོ་ན་དེ་ཡོད་པར་ཐལ། དེའི་གཞན་སེལ་ཡོད་པའི་ཕྱིར། འོ་ན་སྒྲ་རྟག་པ་གཞན་དོན་བསྒྲུབ་བྱར་སོང་བ་དེའི་ཚེ་ན། སྒྲ་རྟག་པ་ཆོས་ཅན། བསྒྲུབ་བྱ་ཡང་དག་མ་ཡིན་ཏེ། ཚད་མས་བསལ་བའི་ཕྱིར་ཞེ་ན། འོ་ན་སྒྲ་མི་རྟག་པ་ཡང་དེར་སོང་བའི་ཚེ་དེ་ཆོས་ཅན། དེར་ཐལ། ཚད་མས་གྲུབ་ཟིན་པའི་ཕྱིར། ཁྱབ་པ་མེད་དོ་ཞེ་ན། སྔ་མ་ལའང་ཁྱབ་པ་མེད་དོ། །ཁྱབ་སྟེ། བསལ་བ་གཏན་ཚིགས་རྟེན་མ་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན། ཕྱི་མའང་ཁྱབ་པར་ཐལ། མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །ཅེས་གསུངས་པའི་ཕྱིར། དེ་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་པ་ལ་བྱེད་དོ་ཞེ་ན། འོ་ན། སྔ་མའང་དེའི་ཚད་མས་བསལ་བ་ལ་བྱེད་དོ། །ཡང་དེའི་ཚེ་སྒྲ་རྟག་པ་ཆོས་ཅན། བསྒྲུབ་བྱ་ཡང་དག་མ་ཡིན་ཏེ། རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར་ཞེ་ན། དེ་ནི་རིགས་པ་མཁྱེན་པའི་གཞུང་གི་ཕྱོགས་སྔ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །དེ་ལས་ཅིར་འགྱུར་དེ་མི་ནུས། །ཅི་ཕྱིར་རྟགས་རྗེས་འགྲོ་མེད་ཕྱིར། །འདི་དེ་དག་གི་སྐྱོན་མིན་ནམ། །ཞེས་གསུངས་པའི་ཕྱིར། དེ་ཡང་འདི་ལྟར། སྒྲ་རྟག་པ་རྟགས་ཀྱིས་སྒྲུབ་མི་ནུས་པ་དེ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་སྐྱོན་མ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་སྐྱོན་ཡིན་པའི་ཕྱིར། ཞེས་པའོ། །ཡང་གལ་ཏེ། དེའི་ཚེ་དེ་ཆོས་ཅན། བསྒྲུབ་བྱ་ཡང་དག་མ་ཡིན་ཏེ། ཆོས་དང་ཆོས་ཅན་གྱི་ཚོགས་དོན་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར། །ཚོགས་པ་བསྒྲུབ་བྱར་མི་འགྱུར་ལ། །ཞེས་གསུངས་པས་སོ་ཞེ་ན། དེའི་དོན་ཡང་ཁྱོད་ཀྱིས་ཕྱིན་ཅི་ལོག་ཏུ་སྨྲས་པ་ཡིན་ཏེ། དོན་འདི་ལྟར། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་ཁ་ཅིག གཙོ་བོའི་སྒྲ་དོན་མེད་པར་འདོད་པ་ལ། འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་གྲངས་ཅན་གྱི་ངོར། གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་ཞེས་བཀོད་པའི་གཏན་ཚིགས་འདིའི་བསྒྲུབ་བྱ་ཡང་དག་མེད་པར་འགྱུར་ཏེ། གཙོ་བོ་ཡང་མེད་དེའི་སྒྲ་དོན་ཡང་མེད་པའི་ཕྱིར། འདོད་ན། དེའི་གཏན་ཚིགས་ཡང་དག་ཀྱང་མེད་པར་འགྱུར་རོ། །ཞེས་པ་ཡིན་ལ། བསྒྲུབ་བྱ་ཡང་དག་ཡིན་ན་ཚོགས་དོན་ཡིན་དགོས་པར་གཞུང་དེས་མ་བསྟན་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་སོགས་ཀྱི་གཞུང་གིས། རྟགས་ཀྱིས་སྒྲུབ་མི་ནུས་ན་བསྒྲུབ་བྱ་མ་ཡིན་དགོས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེའང་མ་ཡིན་ཏེ། གྲངས་ཅན་གྱིས་གཙོ་བོ་རང་མཚན་དུ་ཡོད་པ་བརྟགས་ཡང་དག་གི་བསྒྲུབ་བྱར་འདོད་པ་འགོག་པའི་སྐབས་ཡིན་པའི་ཕྱིར། དེའི་ཕྱིར་བསྒྲུབ་བྱ་ཡང་དག་ཡིན་ན་ཡོད་མི་དགོས་ཏེ། མིག་སོགས་བདག་དོན་བྱེད་པ་བསྒྲུབ་བྱར་བཤད་པ་དང༌། སྒྲ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་དེ་མ་འོངས་པ་ན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་དུ་རུང་བར་བཤད་པའི་ཕྱིར། དེ་ལས་གཞན་དུ་ན། རྒོལ་བས་ངག་ཏུ་མ་བརྗོད་ཀྱང་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཡང་ཡིན། བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་པའི་གཞུང་གིས་བསྟན་པའི་བསྒྲུབ་བྱ་ཡང་དག་ཀྱང་ཡིན་པའི་གཞི་མཐུན་ཞིག་རང་ལུགས་ལ་ཁས་ལེན་མི་ནུས་པར་ཐལ་ལོ། །འོ་ན་བསྒྲུབ་བྱ་ཡང་དག་ལ་སྤྱིར་ཡོད་པས་མ་ཁྱབ་ན། བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ། རྟེན་ཤེས་འདོད་ཆོས་ཅན་ཡོད་དགོས་སམ་མི་དགོས་ཤེ་ན། སོང་ཚོད་ལ་ཡོད་དགོས་ཀྱང༌། རློམ་ཚོད་དང་རློམ་སོང་སོ་སོར་མ་ཕྱེ་བ་ལ་ཡོད་མི་དགོས་ཏེ། ཇི་སྐད་དུ། རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། །ཞེས་གསུངས་པས་སོ། །གསུམ་པ་ཕྱོགས་སྐྱོན་གྱི་རྣམ་པར་བཞག་པ་ལ། སྤྱིར་བཤད་པ་དང༌། བསལ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། མཚན་ཉིད་དང༌། བྱེད་པའོ། །དང་པོ་ལ། གཞན་གྱི་ལུགས་མི་འཐད་པ་ནི། བོད་ཕྱི་མ་དག་མཐུན་པར། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་སུ་གཟུང་བྱ་དེ་ལ་ལྡན་པའི་ཆ་ནས། དེ་དེ་སྒྲུབ་ཀྱི་ཕྱོགས་སྐྱོན་ཅན་དུ་འཇོག་ནུས་པ་དེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་སྐྱོན་གྱི་མཚན་ཉིད། མཚན་གཞི་ནི། སྒྲ་རྟག་པ་ཚད་མས་བསལ་བ་ལྟ་བུའོ། །ཞེས་ཟེར། འོ་ན་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་སྒྲ་རྟག་པ་ལ་ལྡན་པར་ཐལ་ལོ། །ཡང་དེ་ཆོས་ཅན། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱར་ཐལ། ཕྱོགས་སྐྱོན་ཡིན་པའི་ཕྱིར། དེ་ཡང་ཁྱོད་ཀྱིས་མི་འདོད་དོ། །གཞན་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་ངོ་བོའི་དོན་སོགས་ཆོས་ལྔ་མ་ཚང་བ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དེ་སྒྲུབ་ཀྱི་ཕྱོགས་སྐྱོན་ཡིན་པའི་ཕྱིར། དེ་ཡང་ཁྱོད་ཀྱིས་མི་འདོད་ལ། རྟགས་གྲུབ་སྟེ། སྒྲ་མི་རྟག་པ་ལ་ཇི་སྲིད་ངོ་བོའི་དོན་སོགས་ཆོས་ལྔ་མ་ཚང་བ་དེ་སྲིད་དུ། ཕྱོགས་སྐྱོན་ཅན་དུ་འཇོག་པས་སོ། །གཞན་ཡང༌། སྒྲ་རྟག་པ་ཕྱོགས་ཡང་དག་ཏུ་འཇོག་པའི་སྐབས་མི་སྲིད་པར་ཐལ། དེ་སྤྱིར་ཚད་མས་མ་བསལ་བའི་སྐབས་མི་སྲིད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །གཉིས་པ་རང་ལུགས་ནི། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱར་དམིགས་པའོ། །དབྱེ་བ་ལ། དེའི་བསལ་བྱ་ནི་གཉིས་ཏེ། རིགས་མི་མཐུན་པ་དང༌། ལོག་པར་རྟོག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སུ་མ་བཟུང་བ་དང༌། བཟུང་ཡང་ཉེས་པ་དང་འབྲེལ་བའོ། །དང་པོ་ནི། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་སྟེ། དེ་ནི་འདོད་པ་ཞེས་པའི་ཚིག་གིས་སེལ་བར་བྱེད་དོ། །གཉིས་པ་ལ། སྒྲུབ་མི་དགོས་པ་དང༌། མི་ནུས་པའོ། །དང་པོ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པ་སྟེ། དེ་ནི་ངོ་བོ་ཞེས་པའི་ཚིག་གིས་སེལ་བར་བྱེད་དོ། །གཉིས་པ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་བ་ཞུགས་པ་སྟེ། དེ་ནི་མ་བསལ་བ་ཞེས་པའི་ཚིག་གིས་སེལ་བར་བྱེད་དོ། །གཉིས་པ་ལོག་པར་རྟོག་པ་ལ་གཉིས་ལས། དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཙམ་གྱིས་བསྒྲུབ་བྱར་འགྱུར་ན། ཁས་བླངས་པའི་ལུང་དོན་ཐམས་ཅད་ཀྱང་བསྒྲུབ་བྱར་འགྱུར་རོ་སྙམ་པ་དང༌། མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་དེ་ཡང༌། བསྒྲུབ་བྱར་འགྱུར་རོ་སྙམ་པའི་ལོག་པར་རྟོག་པ་གཉིས་སྐྱེའོ། །དེ་གཉིས་ནི་གོ་རིམ་བཞིན་དུ། རང་ཉིད་དང་ཁོ་ན་བ་ཞེས་པའི་ཚིག་གཉིས་ཀྱིས་སེལ་བར་བྱེད་དོ། །འོ་ན་ལོག་པར་རྟོག་པ་དེས་སེལ་མོད། ལུང་དོན་བསྒྲུབ་བྱ་ཡིན་པ་དང༌། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་དེ་གང་གིས་སེལ། ཞེ་ན། རང་ཉིད་ཀྱི་འདོད་པ་ཞེས་པའི་ཚིག་གིས་སེལ་བ་ཡིན་ཏེ། ཇི་སྐད་དུ། གཞན་འདོད་ཐམས་ཅད་བཟློག་ན་ཡང༌། །ཞེས་དང༌། རང་ཉིད་འདོད་པ་བརྗོད་པ་ཡིས། །ངེས་གཟུང་དོན་ནི་རྟོགས་ན་ཡང༌། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན། རང་ཉིད་དང༌། ཚིག་ཕྲད་དང༌། ངོ་བོ་དང༌། མ་བསལ་བ་དང༌། འདོད་པའི་ཕྱོགས་གཅིག་སྟེ་ཕྱེད་དང་ལྔས་ཁྱབ་ཆེས་པའི་སྐྱོན་སེལ་བར་བྱེད། ཁོ་ན་བའི་ཕྱོགས་གཅིག་དང༌། འདོད་པ་ཞེས་པའི་ཚིག་གིས་ནི་མ་ཁྱབ་པ་སེལ་བར་བྱེད་དོ། །དེས་ནི་རང་ཉིད་དང་འདོད་པའི་ཁྱད་པར་ཡང་གྲུབ་སྟེ། འདོད་སྒྲ་དང་འབྲེལ་བའི་རང་ཉིད་ཀྱིས་ལུང་དོན་བསྒྲུབ་བྱ་ཡིན་པ་སེལ་ལ། རང་ཉིད་དང་འབྲེལ་བའི་འདོད་སྒྲས་ངག་ཏུ་མ་བརྗོད་ཀྱང༌། ཞེ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་བསྒྲུབ་བྱ་མ་ཡིན་པ་སེལ་བའི་ཕྱིར། མདོར་ན། ཕྱོགས་སྐྱོན་ཡིན་ན་ཕྱོགས་ཡང་དག་གི་བསལ་བྱ་ཡིན་དགོས་པར་ནི། ཇི་སྐད་དུ། རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ཞེས་པའི་གོང་འོག་གི་འཕྲོས་ལས་ངེས་པར་གསལ་བ་དེས་ཅིག་ཤོས་ཀྱང་མཚོན་པར་ནུས་པ་ཡིན་ནོ། །གཉིས་པ་བསལ་བ་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་སོ། །གཉིས་པ་ལ་བསལ་བྱ་ཡུལ་གྱི་སྒོ་ནས་དབྱེ་ན། ཆོས་ཀྱི་ངོ་བོ་དང༌། ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་ངོ་བོ་དང༌། ཆོས་ཅན་གྱི་ཁྱད་པར་ཚད་མས་བསལ་བའོ། །དང་པོ་ལ། སེལ་བྱེད་ཡུལ་ཅན་གྱི་སྒོ་ནས་དབྱེ་ན། ཡིད་ཆེས་པའི་དང༌། གྲགས་པའི་དང༌། དངོས་སྟོབས་རྗེས་དཔག་གི་དང༌། མངོན་སུམ་གྱི་བསལ་བ་རྣམས་སོ། །དང་པོ་ལ། མཚན་ཉིད་དང༌། རྣམ་གཞག་གོ །དང་པོ་ནི། ཡིད་ཆེས་པའི་ཚད་མས་གྲུབ་པའི་འགལ་ཟླ་དངོས་སོ། །གཉིས་པ་ལ། སེལ་བྱེད། བསལ་བྱ། སེལ་ནུས་པའི་རྒྱུ་མཚན་གསུམ། དང་པོ་ལ་ཡིད་ཆེས་མཚན་ཉིད་པ་ཡུལ་ཅན་གྱི་ཡིད་ཆེས་དང༌། བཏགས་པ་བ་ཡུལ་གྱི་ཡིད་ཆེས་སོ། །དང་པོ་ལ། སྤྱིར་ཡིད་ཆེས་ཙམ་གྱི་མཚན་ཉིད་དང༌། བྱེ་བྲག་འདིར་བསྟན་ཡིད་ཆེས་ཀྱི་མཚན་ཉིད་དོ། །དང་པོ་ནི། སྤྱིར་གཞལ་བྱའི་གནས་གསུམ་སྟོན་པ་ལ་མི་སླུ་བའི་ཚིག་གོ །དེ་ལ་རང་ཚིག་དང་ལུང་ཚིག་གི་དབྱེ་བས་གཉིས་སོ། །གཉིས་པ་ནི། གཞལ་བྱ་ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་མི་སླུ་བའི་ཚིག་གོ །དེ་ལའང་རང་ཚིག་དང༌། ལུང་ཚིག་གི་དབྱེ་བས་གཉིས་ལས། དང་པོ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་གཞུང་དེ་ཀླུ་སྒྲུབ་ཞབས་ཀྱི་རང་ཚིག་དང༌། ལུང་དེ་དཔྱད་གསུམ་གྱིས་དག་པར་ངེས་པའི་རྗེས་འཇུག་གི་སློབ་མ་གཞན་ལ་ལུང་ཚིག་ཏུ་འགྱུར་བ་བཞིན་ནོ། །དེ་དག་ཡིད་ཆེས་མཚན་ཉིད་པ་ཡིན་ཀྱང༌། སེལ་བྱེད་ནི་བཏགས་པ་བ་ཡིན་ཏེ། སྒྲ་དོན་ལ་འབྲེལ་བ་མེད་པའི་ཕྱིར། གཉིས་པ་ཡིད་ཆེས་བཏགས་པ་བ་ནི། ཡིད་ཆེས་པའི་རང་ཚིག་དང༌། ལུང་ཚིག་གང་རུང་གིས་གྲུབ་པའི་དོན་ནོ། །འདི་ལའང་ཙམ་པོ་དང་ཁྱད་པར་ཅན་ལས། ཕྱི་མའི་དབང་དུ་བྱས་སོ། །འདི་ཡིད་ཆེས་བཏགས་པ་བ་ཡིན་ཀྱང༌། སེལ་བྱེད་མཚན་ཉིད་པ་ཡིན་ཏེ། ཡིད་ཆེས་བསལ་བའི་འགལ་ཟླ་དངོས་ཡིན་པའི་ཕྱིར། འདིར་ཡིད་ཆེས་པའི་རྗེས་དཔག་ནི། སེལ་བྱེད་དང་ཡིད་ཆེས་གཉིས་ཀ་མཚན་ཉིད་པ་ཡིན་ནོ། །གཉིས་པ་བསལ་བྱ་ནི། སྦྱིན་སོགས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །འདི་ལའང་བཤད་མ་ཐག་པའི་སེལ་བྱེད་ཀྱི་དབྱེ་བས་རང་ཚིག་གི་བསལ་བ་དང༌། ལུང་ཚིག་གི་བསལ་བའོ། །འདིར་གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་པ་དང༌། ངའི་མ་མོ་གཤམ་མོ་ཞེས་དམ་བཅས་པའི་ཚིག་ལྟ་བུ་ནི། སྤྱིར་དངོས་ཤུགས་དང༌། སྔ་ཕྱི་འགལ་བའི་རྣམ་གསལ་གྱི་དཔེ་ཡིན་གྱི། ཚིག་དེའི་ཞེན་དོན་ཡིད་ཆེས་ཀྱི་བསལ་བར་འཇོག་པ་ནི་མ་ཡིན་ཏེ། དེའི་ལོག་ཕྱོགས་ཚུ་རོལ་མཐོང་བའི་མངོན་སུམ་གྱིས་གྲུབ་པའི་ཕྱིར། གསུམ་པ་སེལ་ནུས་པའི་རྒྱུ་མཚན་ནི། ཡིད་ཆེས་མཚན་ཉིད་པར་བཤད་པ་དེ་དག་རང་གི་བསྟན་བྱའི་དོན་ལ་མི་སླུ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། སྐབས་འདིར་རྣམ་འགྲེལ་མཛད་པའི་དགོངས་པ་འཆད་པ་ལ། ལུང་གནོད་བྱེད་པའི་ཕྱོགས་དང༌། གེགས་བྱེད་པའི་ཕྱོགས་ཞེས་གཉིས་སུ་གྲགས་ཀྱང་དགོངས་པ་འདི་ཡིན་ཏེ། གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་ལུང་རྣམས་དང༌། དཔྱད་པ་གསུམ་གྱིས་མ་དག་པའི་ཤིན་ལྐོག་སྟོན་པའི་ལུང་རྣམས་ནི་གེགས་བྱེད་ཁོ་ན་ཡིན་ལ། དེས་རྣམ་པར་དག་པའི་ཤིན་ལྐོག་སྟོན་པའི་ལུང་རྣམས་ནི། ཞེན་དོན་གྱི་ལོག་ཕྱོགས་ལ་གནོད་བྱེད་ཁོ་ནར་ངེས་པ་ཡིན་ཏེ། ཇི་སྐད་དུ། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་གྲགས་པའི་བསལ་བ་ལ། མཚན་ཉིད་ནི། གྲགས་པའི་ཚད་མས་གྲུབ་པའི་འགལ་ཟླ་དངོས་སོ། །གཉིས་པ་རྣམ་གཞག་ལ། སེལ་བྱེད། བསལ་བྱ། སེལ་ནུས་པའི་རྒྱུ་མཚན་ནོ། །དང་པོ་ལ། ཡུལ་ཅན་གྱི་གྲགས་པ་དང༌། ཡུལ་གྱི་གྲགས་པའོ། །དང་པོ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་འཛིན་པའི་རྟོག་པ་དང༌། དེར་བརྗོད་པའི་སྒྲ་རྣམས་སོ། །འདི་གྲགས་པ་མཚན་ཉིད་པ་ཡིན་ཀྱང༌། སེལ་བྱེད་བཏགས་པ་བ་ཡིན་ཏེ། ཇི་སྐད་དུ། མངོན་སུམ་གྱིས་ནི་གཞལ་བྱ་ལའང༌། །འཇལ་བྱེད་སྒྲ་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་ལ། དེའི་དོན་ཡང་འགལ་ཟླ་དངོས་མ་ཡིན་པ་ལ་ཐུག་གོ །གཉིས་པ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེའོ། །འདི་གྲགས་པ་བཏགས་པ་བ་ཡིན་ཀྱང༌། སེལ་བྱེད་མཚན་ཉིད་པ་ཡིན་ཏེ། གྲགས་བསལ་གྱི་འགལ་ཟླ་དངོས་ཡིན་པའི་ཕྱིར། དེ་ལ་དབྱེ་ན། བརྗོད་རུང་གི་གྲགས་པ་དང༌། སྒྲ་བྱུང་གི་གྲགས་པའོ། །དང་པོ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེའོ། །གཉིས་པ་ནི། རི་བོང་ཅན་ལྟ་བུ་དོན་ཉི་ཚེ་བ་འགའ་ཞིག་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེའོ། །གཉིས་པ་བསལ་བྱ་ནི། རི་བོང་ཅན་ལ་སོགས་པའི་དོན་རྣམས་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་མ་ཡིན་པའོ། །གྲགས་པའི་བསལ་བ་འདི་ནི་བརྡ་སྤྲོས་པས་ཁས་བླངས་པ་ཡིན་ཏེ། འདི་ལྟར་མིང་ལ་རྣམ་པ་གཉིས་ཏེ། མིང་དོན་ལ་དངོས་པོའི་འབྲེལ་པ་གྲུབ་པ་བཤད་པ་རྒྱུ་མཚན་ཅན་གྱི་མིང་དང༌། དེ་ལ་དེ་མ་གྲུབ་པ་འཇུག་པ་རྒྱུ་མཚན་ཅན་གྱི་མིང་གཉིས་སོ། །དང་པོ་ནི། རི་བོང་ཅན་ལ་བསིལ་ཟེར་ཅན་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་ནི། དེ་ལ་ཟླ་བ་ཞེས་བརྗོད་པ་ལྟ་བུའོ། །དེ་ལྟར་གཉིས་ལས། དང་པོའི་ལོག་ཕྱོགས་ཁས་བླངས་ན་གྲགས་པ་དང་འགལ་བ་ཡིན་ཏེ། བཤད་པ་རྒྱུ་མཚན་ཅན་གྱི་མིང་རྣམས་ནི། དོན་དེ་དང་དེ་ལ་དངོས་པོའི་དབང་གིས་འཇུག་པས་འཇུག་ཏུ་རུང་བ་ཡིན་པའི་ཕྱིར། གཉིས་པའི་ལོག་ཕྱོགས་ཁས་བླངས་པ་ལ་གྲགས་པས་མི་གནོད་དེ། འཇུག་པ་རྒྱུ་མཚན་ཅན་གྱི་མི་རྣམས་ནི་སྐྱེས་བུའི་འདོད་པས་སྦྱར་བ་ཙམ་ཡིན་གྱི། འཇུག་ཏུ་རུང་བ་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། །ཡང་བདག་ཉིད་ཆེན་པོའི་སློབ་མ་འགལ་ཞིག་ནི། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་ལྟ་བུ་ཁོ་ན་གྲགས་པའི་བསལ་བ་ཡིན་གྱི། དོན་ཐམས་ཅད་དེས་བརྗོད་དུ་མི་རུང་བ་དེའི་བསལ་བ་མ་ཡིན་ཏེ། དོན་ཐམས་ཅད་ལ་དེར་མ་གྲགས་པའི་ཕྱིར་ཞེས་ཟེར་བ་ཡིན་ནོ། །ཕྱི་རབས་ཀྱི་མཁས་རློམ་དག་གིས་ནི། དོན་འདི་དག་མ་གོ་བར་ཅལ་ཅོལ་གྱི་གཏམ་གྱི་ཕྲེང་བ་རིང་པོས་བློ་གསལ་གྱི་བློ་གྲོས་ཀྱི་མགྲིན་པ་བཟང་པོ་ཆུད་གསོན་པར་བྱེད་པ་དག་མཐོང་ངོ༌། །གསུམ་པ་དངོས་སྟོབས་རྗེས་དཔག་གི་བསལ་བ་ལ་མཚན་ཉིད་ནི། དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་སོ། །གཉིས་པ་རྣམ་གཞག་ལ་གསུམ་ལས། དང་པོ་སེལ་བྱེད་ལ། ཡུལ་ཅན་གྱི་སེལ་བྱེད་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུའོ། །ཡུལ་གྱི་སེལ་བྱེད་ནི། སྒྲ་མི་རྟག་པ་ལྟ་བུའོ། །གཉིས་པ་བསལ་བྱ་ནི། སྒྲ་རྟག་པ་ལྟ་བུའོ། །གསུམ་པ་ནི། དེས་དེ་སེལ་ནུས་པ་ཡིན་ཏེ། དེ་དེའི་དངོས་ཀྱི་འགལ་ཟླ་གང་ཞིག དེ་དངོས་སྟོབས་ཀྱི་ཚད་མས་སྒྲུབ་པའི་ཕྱིར། བཞི་པ་མངོན་སུམ་གྱིས་བསལ་བ་ལ་གཉིས་ལས། དང་པོ་མཚན་ཉིད་ནི། ཚུ་རོལ་མཐོང་བའི་མངོན་སུམ་གྱི་ཚད་མས་གྲུབ་པའི་འགལ་ཟླ་དངོས་སོ། །འདིར་རྣལ་འབྱོར་མངོན་སུམ་གྱི་ཡུལ་གྱི་འགལ་ཟླ་མི་གཟུང་སྟེ། དེ་སྐབས་འདིར་ལྐོག་གྱུར་ཡིན་པའི་ཕྱིར། གཉིས་པ་རྣམ་གཞག་ལ་གསུམ་ལས། སེལ་བྱེད་ནི། ཚུ་རོལ་མཐོང་བའི་མངོན་སུམ་ཡུལ་དང་བཅས་པའོ། །གཉིས་པ་བསལ་བྱ་ནི། སྒྲ་རང་མཚན་མཉན་བྱ་མ་ཡིན་པ་ལྟ་བུའོ། །གསུམ་པ་སེལ་ནུས་པའི་རྒྱུ་མཚན་ནི། དེ་དེ་ཡིན་པར་ཉན་ཤེས་དབང་པོའི་མངོན་སུམ་གྱིས་གྲུབ་པའི་ཕྱིར། སྒྲ་རང་མཚན་སྒྲ་མ་ཡིན་པ་ནི་མངོན་སུམ་གྱི་བསལ་བར་མི་འཇོག་སྟེ། ཚུ་རོལ་མཐོང་བའི་ངོར་ཡང་དེ་སྒྲ་ཡིན་པར་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཀྱིས་སྒྲུབ་དགོས་པའི་ཕྱིར། སྒྲའི་སྟེང་གི་བྱས་མི་རྟག་སོགས་ཀྱང་སྒྲ་འཛིན་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནམ་ཞེ་ན། དེ་ལ་གཉིས་ཏེ། རྫས་ཀྱི་ངོ་བོར་གྱུར་པའི་བྱས་མི་རྟག་སོགས་ནི་སྒྲ་ཉིད་ཡིན་པས་མཉན་བྱའི་ངོ་བོར་གནས་ལ། ལྡོག་པའི་ངོ་བོར་གྱུར་པའི་བྱས་མི་རྟག་སོགས་ནི། སྤྱི་མཚན་ཡིན་པའི་ཕྱིར་དེས་གྲུབ་པ་མེད་དོ། །སྒྲའི་བྱས་མི་རྟག་སོགས་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་འདོད་ནའང༌། ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཉན་ཤེས་མངོན་སུམ་གྱིས་མི་མཐོང་བས་དེའི་ལོག་ཕྱོགས་མངོན་སུམ་གྱི་བསལ་བར་མི་བཞག་གོ །གཉིས་པ་ཆོས་ཀྱི་ཁྱད་པར་སོགས་གསུམ་ལ་གནོད་པའི་དམ་བཅའ་ལྟར་སྣང་གི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞིས་ཇི་ལྟར་གནོད་པའི་ཚུལ་ལ། དམ་བཅའ་གསུམ་གྱི་ཞེན་དོན་ངོས་གཟུང༌། དེ་ལ་སེལ་བྱེད་ཀྱི་ཚད་མ་བཞིས་ཇི་ལྟར་གནོད་པའི་ཚུལ་གཉིས། དང་པོ་ནི། སྔར་རྒོལ་བྱེ་བྲག་པས། ཕྱིར་རྒོལ་སངས་རྒྱས་པའི་ངོར། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན་ནོ་ཞེས་དང༌། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ནོ་ཞེས་ཟེར། རྫས་ནི་ཡོད་དོ་ཞེས་དམ་བཅས་པ་དེའི་ཚེ། དམ་བཅའ་གསུམ་ཀའི་ཞེན་དོན་ནི་གཅིག་པ་ཡིན་ཏེ། དེ་གསུམ་ཀས་མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན་དེ། རང་གི་ཡན་ལག་ལས་རྫས་གཞན་ཆོས་གསུམ་ལྡན་དུ་དམ་བཅས་པའི་ཕྱིར། དམ་བཅའ་ཚུལ་ནི་མི་འདྲ་སྟེ། དམ་བཅའ་དང་པོས་ཆོས་གསུམ་པོ་དེ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་ཞེན་ནས་དམ་བཅས། དམ་བཅའ་གཉིས་པས་གསུམ་པོ་དེ་ཆོས་ཅན་གྱི་ཁྱད་པར་དུ་ཞེན་ནས་དམ་བཅས། དམ་བཅའ་གསུམ་པས་གསུམ་པོ་དེ་ཆོས་ཅན་གྱི་ངོར་ཞེན་ནས་དམ་བཅས་པའི་ཕྱིར། དེ་ཡང་དམ་བཅའ་དང་པོ་ལ་ཡན་ལག་རྣམས་ནི་ཆོས་ཅན་ནོ། །ཡན་ལག་ཅན་ལས་གཞན་ཙམ་ནི་ཆོས་ཀྱི་ངོ་བོའོ། །ཆོས་གསུམ་ལྡན་ནི་དེའི་ཁྱད་པར་དུ་ཞེན་ནས་དམ་བཅས་པ་ཡིན་ནོ། །དམ་བཅའ་གཉིས་པ་ལ། ཡན་ལག་ཅན་ནི་ཆོས་ཅན་གྱི་ངོ་བོའོ། །ཆོས་གསུམ་པོ་ནི་དེའི་ཁྱད་པར་དུ་ཞེན་ནས་དམ་བཅས་པ་ཡིན་ནོ། །དམ་བཅའ་གསུམ་པ་ནི། ཆོས་གསུམ་ལྡན་ཉིད་ཆོས་ཅན་གྱི་ངོ་བོར་ཞེན་ནས་དམ་བཅས་པ་ཡིན་ནོ། །གཉིས་པ་དེ་ལ་ཚད་མས་གནོད་ཚུལ་ལ་གསུམ་སྟེ། མངོན་སུམ་གྱིས་དང༌། རྗེས་དཔག་གིས་དང༌། ཁས་བླངས་དང་རང་ཚིག་གིས་གནོད་ཚུལ་ལོ། །གྲགས་པའི་གནོད་ཚུལ་ནི་གཞུང་དུ་མ་བཤད་པས་བཤད་མི་དགོས་སོ། །དང་པོ་ནི། མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན་ཆོས་ཅན། རང་གི་ཡན་ལག་ལས་རྫས་གཞན་དུ་མེད་དེ། དེར་ཡོད་ན་དེར་མངོན་སུམ་ལ་སྣང་དུ་རུང་བ་ལས་དེར་མངོན་སུམ་གྱིས་མ་དམིགས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། ཡན་ལག་ཏུ་གྱུར་པ་འཇིམ་རིལ་བཅུ་ཚན་གཅིག་ཆོས་ཅན། ཁྱོད་ལ་མེད་པའི་ལྕིད་ཀྱི་ཡོན་ཏན་ཁྱོད་ཀྱི་ཡན་ལག་ཅན་ལ་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་སྲང་གིས་རྟོགས་དགོས་པ་ལས་མི་རྟོགས་པའི་ཕྱིར་ཞེས་པའོ། །གསུམ་པ་ཁས་བླངས་དང་རང་ཚིག་གིས་གནོད་ཚུལ་ལ། ཡོན་ཏན་རྫས་སུ་ཐལ་བ་དང༌། རྫས་རྫས་མ་ཡིན་པར་ཐལ་བའོ། །དང་པོ་ནི། ཡོན་ཏན་ལྕིད་ཆོས་ཅན། རྫས་སུ་ཐལ། གྲངས་སོགས་ཡོན་ཏན་གཞན་དང་ལྡན་པའི་ཕྱིར་དང༌། འོག་ཏུ་འགྲོ་བའི་བྱ་བ་དོན་གཞན་དང་ལྡན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། གལ་ཏེ་དེ་ལའང་དོན་གཞན་ན། །ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། །ཞེས་པ་ལྟར་རོ། །རྟགས་ཁས་བླངས་ཏེ། ལྕིད་ཀྱི་གྲངས་དང་ལྕིད་ཀྱི་བྱ་བ་ཞེས་པའི་སྒྲ་འཇུག་པའི་ཕྱིར། ཇི་སྐད་དུ། དཀར་ལ་སོགས་པ་གྲངས་སོགས་དང༌། །ལྡན་པའི་སྒྲ་ནི་རྣམ་གྲངས་མིན། །ཞེས་པ་ལྟར་རོ། །ཡང་ན་ཡོན་ཏན་ལྕིད་ཆོས་ཅན། རྫས་སུ་ཐལ། ཡོན་ཏན་དོན་གཞན་དང་ལྡན་པའི་ཕྱིར། མ་གྲུབ་ན། ཁྱོད་ལ་ཡོན་ཏན་གྱི་སྒྲ་མི་འཇུག་པར་ཐལ། ཁྱོད་ལ་ཡོན་ཏན་དོན་གཞན་མེད་པའི་ཕྱིར། ཡང་ཡོན་ཏན་ལྕིད་ཆོས་ཅན། ཁྱོད་དང་འོག་ཏུ་འགྲོ་བའི་བྱ་བ་གཉིས་འཕྲོད་འདུ་མ་གྲུབ་པར་ཐལ། ཁྱོད་བྱ་བ་དེ་དང་མི་ལྡན་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། །རྫས་ཆོས་ཅན། ཁྱོད་ལ་རང་ལས་དོན་གཞན་པའི་རྫས་གཉིས་པ་ཞིག་ཡོད་པར་ཐལ། ཁྱོད་ལ་རྫས་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་ཕྱིར། ཡང༌། ཡན་ལག་དང་ཡན་ལག་ཅན་གཉིས་ཀ་ལ་རྫས་དོན་གཞན་ཡོད་པར་ཐལ། ཡན་ལག་གི་རྫས་ཞེས་དང༌། ཡན་ལག་ཅན་གྱི་རྫས་ཞེས་པའི་དྲུག་སྒྲ་འཇུག་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ཡན་ལག་དང་ཡན་ལག་ཅན་གཉིས་ཆོས་ཅན། ཡོན་ཏན་དུ་ཐལ། རྫས་ལ་བརྟེན་པའི་ཕྱིར། རྫས་ཀྱང་ཆོས་ཅན། རྫས་མ་ཡིན་པར་ཐལ། རང་ལས་དོན་གཞན་པའི་རྫས་ལ་བརྟེན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་འདིས་གཞན་ཡང་མང་པོ་སྤྲོ་བར་ནུས་པ་ནི་བྱེ་བྲག་པ་འགོག་པའི་གཞུང་སོ་སོའི་འཕྲོས་ལས་ཤིན་ཏུ་གསལ་ལོ། །དོན་དེ་དག་ནི་ཇི་སྐད་དུ། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མ་ཡིན་ཏེ། མངོན་སུམ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དག་རྫས་དང་རྫས་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཞེས་ལེགས་པར་གསུངས་པའི་དོན་ཉེ་བར་བསྡུས་ནས་བཤད་པ་ཡིན་ནོ། །ཞེས་བྱ་བ་འདིས་ནི་རྟགས་དང་སྒྲུབ་ངག་ཐལ་འགྱུར་གསུམ་གྱི་བྱར་པ་འཇུག་པའི་ཡུལ་བསྒྲུབ་བྱ་འཕྲོས་དོན་དང་བཅས་པ་ལེགས་པར་བཤད་ཟིན་པ་ཡིན་ནོ།།  །།གཉིས་པ་དེ་སྒྲུབ་བྱེད་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་བཤད་པ་ལ། བཤད་བྱའི་མདོ་དགོད་པ་དང༌། དེའི་དོན་བཤད་པའོ། །དང་པོ་ནི། ཚད་མ་མདོར། མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། །ཕྱོགས་ཀྱི་ཆོས་ལའང་རྣམ་པ་གསུམ། །མི་མཐུན་ཕྱོགས་ལའང་སོ་སོར་ནི། །ཡོད་མེད་གཉིས་ཀའི་བྱེ་བྲག་ཕྱིར། །ཞེས་དང༌། རྣམ་པར་ངེས་པ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་ཕྱོགས་ཆོས་ཅན་གྱི་རབ་ཏུ་དབྱེ་བ་བཅོ་བརྒྱད་གསུངས་སོ། །གཉིས་པ་ལ། འགྲེལ་པ་མཛད་པས་ཇི་ལྟར་བཀྲལ་བའི་ཚུལ་དང༌། རང་གི་བློས་རྣམ་པར་བརྟགས་པ་དང༌། གཞན་གྱི་འཆད་ཚུལ་མི་འཐད་པའོ། །དང་པོ་ནི། མདོའི་རང་འགྲེལ་དུ། གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་ལས་བྱུང༌། །མི་རྟག་རྩོལ་བྱུང་རེག་བྱ་མིན། །ཞེས་བཅོ་བརྒྱད་པོ་དགུར་བསྡུས་ནས། གཏན་ཚིགས་དགུ་དངོས་སུ་བཤད་ཅིང༌། བསྒྲུབ་བྱའི་ཆོས་དགུ་ཡང་མགོ་སྨོས་ཙམ་བཤད་པ་ཡིན་ཏེ། དེ་ཉིད་ལས། དེ་དགུ་རྟག་པ་ལ་སོགས་ལའོ། །ཞེས་པས་སོ། །དེ་སྐབས་ཀྱི་སོགས་ཀྱི་དོན་འཆད་པ་ནི། ཚད་མ་རྒྱན་ལས། རྟག་དང་མི་རྟག་རྩོལ་བྱུང་དང༌། །བར་དུ་རྟག་པ་གསུམ་དག་དང༌། །རྩོལ་བྱུང་མིན་དང་མི་རྟག་རྟག །ཅེས་བཤད་ལ། ཆོས་ཅན་གྱི་གསལ་ཁ་བཤད་པ་མེད་དོ། །འགྲེལ་བཤད་ཡ་མཱ་རི་ལས། ནམ་མཁའ་དང་བུམ་པ་དང་གློག་ལ་སོགས་པ་མཐུན་ཕྱོགས་དགུ་དང་མི་མཐུན་ཕྱོགས་དགུའི་རྣམ་གཞག་ཀྱང་འབྱུང་ངོ༌། །མདོའི་རང་འགྲེལ་དུ། དགུ་པོ་ནི་བང་མིག་དགུ་ལ་རིམ་པ་བཞིན་དུ་བྲིས་ནས་ཤེས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་རང་གི་བློས་བརྟགས་པ་ནི། སྤྱིར་རྟགས་སུ་བཀོད་པ་ཐམས་ཅད་གཉིས་སུ་འདུ་སྟེ། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་མ་གྲུབ་པ་དང༌། གྲུབ་པའོ། །གཉིས་པ་ལ་གཉིས་ཏེ། མཐུན་ཕྱོགས་ལ་ཡོད་པ་དང་མེད་པའོ། །དང་པོ་ལ་གཉིས་ཏེ། མི་མཐུན་ཕྱོགས་ལ་ཡོད་པ་དང༌། མེད་པའོ། །དང་པོ་ལ་ཡོད་ཚུལ་བཞི་ཁོ་ནར་ངེས་པ་ཡིན་ཏེ། གཉིས་ཀ་ལ་ཁྱབ་བྱེད་དུ་ཡོད་པ། གཉིས་ཀ་ལ་རྣམ་གཉིས་སུ་ཡོད་པ། གཅིག་ལ་ཁྱབ་བྱེད་གཅིག་ཤོས་ལ་རྣམ་གཉིས་སུ་ཡོད་པ། གཅིག་ཤོས་ལ་ཁྱབ་བྱེད་གཅིག་ལ་རྣམ་གཉིས་སུ་ཡོད་པའོ། །གཉིས་པ་མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་མེད་པ་དེ་ལའང་གཉིས་ཏེ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང༌། རྣམ་གཉིས་སུ་ཡོད་པའོ། །གཉིས་པ་མཐུན་ཕྱོགས་ལ་མེད་པ་དེ་ལའང་གཉིས་ཏེ། མི་མཐུན་ཕྱོགས་ལ་ཡོད་པ་དང་མེད་པའོ། །དང་པོ་ལ་ཡོད་ཚུལ་གཉིས་ཏེ། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང༌། རྣམ་གཉིས་སུ་ཡོད་པའོ། །དེ་ལྟར་དགུ་པོ་དེའི་མཚན་གཞི་ནི། དངོས་ཀྱི་མ་ངེས་པའི་གཏན་ཚིགས་བཞི་དང༌། ཡང་དག་གཉིས་དང༌། འགལ་བ་གཉིས་དང༌། ཐུན་མོང་མ་ཡིན་པའི་གཏན་ཚིགས་གཅིག་སྟེ་དགུ་དང་སྦྱར་རོ། །མིང་བཅོ་བརྒྱད་པོ་དེ་ལ་དཔེ་དགུ་པོ་འདིས་ཆོག་པ་ཡིན་ཏེ། མཐུན་ཕྱོགས་ལ་ཡོད་པ་གཞིར་བྱས་པ་ལ་མི་མཐུན་ཕྱོགས་ལ་ཡོད་པ་ཞེས་བྱ་བ་དེ་དང༌། མི་མཐུན་ཕྱོགས་ལ་ཡོད་པ་གཞིར་བྱས་པ་ལ་མཐུན་ཕྱོགས་ལ་ཡོད་པ་ཞེས་བྱ་བའི་གཏན་ཚིགས་གཉིས་པོ་དེ་མིང་གཉིས་ཡིན་ཀྱང་དོན་གཅིག་ལ་འདུ་བའི་ཕྱིར། ལྷག་མ་རྣམས་ལའང་དེ་བཞིན་ནོ། །འདིས་མ་དམིགས་པའི་གཏན་ཚིགས་མ་བསྡུས་པ་མ་ཡིན་ཏེ། མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་མེད་པ་ཞེས་བྱ་བ་དེ་ཉིད་ཀྱིས་བསྡུས་པའི་ཕྱིར། འོན་ཀྱང༌། དེའི་དཔེར་བརྗོད་ནི་ཤུགས་ལ་རྟོགས་ནུས་པས་དངོས་སུ་མ་མཛད་པ་ཡིན་ནོ། །འོ་ན་དགུ་པོ་འདིས་མ་བསྡུས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་མེད་དམ་ཞེ་ན། མ་བསྡུས་པ་ནི་གཉིས་ཁོ་ན་སྟེ། ཡང་དག་ལྷག་ལྡན་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*