ས་ཆེན་སྐྱོང་མཛད་རིན་སྤུངས་སྡེ་པ་ཤཱཀྱ་རྒྱལ་མཚན་གྱི་ཞུས་ལན་དང་སྡེ་པ་སྒར་པའི་ཞུས་ལན།

༼ཙ༽༄༅། །ས་ཆེན་སྐྱོང་མཛད་རིན་སྤུངས་སྡེ་པ་ཤཱཀྱ་རྒྱལ་མཚན་གྱི་ཞུས་ལན་དང༌། སྡེ་པ་སྒར་པའི་ཞུས་ལན་སོགས་བཞུགས་སོ།།

སྭསྟི་པྲ་ཛཱ་བྷྱཿ བྱམས་པའི་ཕྱག་དང་ཐུགས་རྗེའི་ལྕགས་ཀྱུ་ཡིས། །དམན་པའི་ལམ་དང་ལོག་པའི་ལམ་དག་ནས། །ཕན་པའི་གནས་དང་བདེ་བའི་ལམ་དག་ཏུ། །འདྲེན་མཛད་སྟོན་པ་དེ་ལ་ཕྱག་བགྱིའོ། །ཐུགས་རྗེ་ཆེ་ལྡན་ཐུབ་ཆེན་སྟོན་པ་དེ། །མང་པོས་བཀུར་དང་བུ་རམ་ཤིང་པ་དང༌། །གཽ་ཏམ་རིགས་དང་ཟས་གཙང་སྲས་པོ་ཞེས། །དཔལ་ལྡན་བསྐལ་པ་བཟང་པོའི་མདོ་སྡེར་གསུངས། །རྒྱ་ཆེ་རོལ་པའི་མདོ་སྡེར་སྒྱུ་འཕྲུལ་མ། །གསོ་སྦྱོང་ལྡན་པའི་ལྷུམས་དེར་ཞུགས་སོ་ཞེས། །གསལ་བར་གསུངས་པ་བགྱེར་གྱི་རིགས་འཁྲུངས་པའི། །ས་ཆེན་སྐྱོང་མཛད་ཞིག་གིས་འདི་ལྟར་དཔྱད། །ཡུམ་གྱི་གསོ་སྦྱོང་ཚངས་སྤྱོད་མ་ཉམས་པར། །རྒྱལ་སྲས་མངལ་དུ་འཇུག་པའི་གོ་སྐབས་ཅི། །དུས་དེར་ཚངས་སྤྱོད་མེད་པའི་དབང་མཛད་ནས། །གསོ་སྦྱོང་བླངས་པའི་མངལ་དུ་ཞུགས་སོ་ཞེས། །བསྔགས་པའི་ཕྲེང་ལྡན་དེ་ལ་དགོངས་པ་ཅི། །ཞེས་པ་དྲི་བའི་གནས་སུ་ཐོག་མར་བཀོད། །དཔྱོད་ལྡན་མཁས་པས་ཚུལ་བཞིན་དྲིས་པ་ལ། །སྔར་རྒོལ་མཁས་པས་རང་འདོད་བཞག་བྱས་ནས། །དེ་སྒྲུབ་བྱེད་པའི་ཤེས་བྱེད་འདྲི་མཛད་ན། །ཚར་བཅད་གནས་དང་བྲལ་བའི་ལུང་རིགས་ཀྱིས། །ཤེས་བྱེད་འགོད་པ་དྲིས་ལན་གཞུང་དག་ཏུ། །རིགས་པར་བཤད་ཀྱི་ཕ་རོལ་འདྲི་མཁས་ལ། །ཚངས་པའི་ཟོལ་གྱིས་ཁྱད་དུ་གསོད་པ་དང༌། །རང་ཉིད་ཆེན་པོར་མཚོན་ཕྱིར་འདྲི་པོ་ལ། །དངོས་ལན་མེད་པར་ཚིག་ལན་དུག་མདའ་ཡིས། །བསྣུན་བྱེད་དེ་དང་དེ་འདྲ་དེ་དག་གིས། །རང་ཉིད་རྨོངས་དང་དམ་པ་མིན་པར་མཚོན། །དེ་ཕྱིར་ས་སྐྱོང་སྙན་གྱི་རྟ་བབས་ནི། །དཔྱོད་ལྡན་དཔའ་མཛངས་རིམ་གསུམ་ཁང་བརྩེགས་ཅན། །བརྒྱད་བརྒྱད་ལང་ཚོའི་ཀ་ཆེན་ཕྲེང་ལྡན་པའི། །མྱོས་བསྲུང་རིམ་གསུམ་ལྡན་པས་འདི་བཞེས་ཤིག །ཐུབ་ཆེན་སྟོན་པ་ཤཱཀྱའི་མཚན་དཀར་བ། །བགྲང་ཡས་བསྐལ་བའི་གོང་དུ་རྫོགས་སངས་རྒྱས། །རྣམ་སྣང་ཆེན་པོའི་གོ་འཕང་ལ་ཞུགས་ནས། །གཞན་དུ་སྐད་ཅིག་ཙམ་ཡང་གཡོ་མི་མཛད། །རྒྱུ་མཐུན་སྐུ་དང་དེ་ཡི་ཉིང་སྤྲུལ་གྱི། །རྣམ་འཕྲུལ་བསམ་ཡས་གྲངས་ལས་འདས་པ་དག །སྟོན་མཛད་དེ་ཀུན་སྒྱུ་མའི་རྣམ་རོལ་ཏུ། །ཐེག་ཆེན་ཆོས་ལ་གསུངས་ཕྱིར་རང་རྒྱུད་མིན། །ཟས་གཙང་ཉིད་དང་ལྷ་མོ་སྒྱུ་འཕྲུལ་ཡང༌། །སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོན་མ་ཞེས། །ངེས་དོན་ལུང་ལས་གསུངས་ཕྱིར་རྫོགས་སངས་རྒྱས། །དེ་ཕྱིར་དེ་ཡིས་འཕོ་བའི་བག་ཆགས་སྤངས། །དེ་ཚེ་ཡབ་ཡུམ་རྡུལ་དང་ཟླ་བ་ཡི། །ཁམས་ལས་ཟས་གཙང་སྲས་པོ་ཇི་ལྟར་འཁྲུངས། །སྟོན་པའི་སྐུ་གདུང་རིང་བསྲེལ་མཐའ་ཡས་པ། །ཕྲ་རབ་རྡུལ་གྱི་ཆོས་ལས་འདས་སོ་ཞེས། །ངེས་པར་གསེར་འོད་དམ་པའི་མདོ་ཡིས་སྟོན། །སྟོན་དབང་བལྟམས་དང་མྱ་ངན་འདས་ལ་སོགས། །ཇི་བཞིན་མིན་ཚུལ་ཐེག་ཆེན་རྒྱུད་བླར་གསུངས། །སངས་རྒྱས་གཟུགས་སྐུའི་རྣམ་རོལ་ཅི་མཆིས་པ། །ངེས་པར་གདུལ་བྱའི་བློ་སྣང་ཙམ་ཡིན་གྱི། །ཡང་དག་རྫོགས་པའི་སངས་རྒྱས་དངོས་མིན་པ། །དང་བའི་སངས་རྒྱས་རྒྱུད་ཀྱི་དགོངས་པར་ཤེས། །འོན་ཀྱང་ནང་གི་གསང་ཆེན་མི་ཤེས་པའི། །འཇིག་རྟེན་ངེས་པའི་ལམ་དུ་དྲང་བྱའི་ཕྱིར། །བསྐལ་པ་བཟང་པོའི་སྤྲུལ་སྐུ་སྟོང་ལྷག་པ། །རྒྱལ་པོའི་རིགས་དང་བྲམ་ཟེའི་རིགས་སུ་སྟོན། །འཇིག་རྟེན་བློ་ལ་དེ་ཉིད་ངེས་པའི་དོན། །དེ་དེར་མ་ཟད་ཉན་ཐོས་སྡེ་པས་ཀྱང༌། །གྲངས་མེད་གསུམ་དུ་ཚོགས་ཆེན་གཉིས་བསགས་པའི། །འཕགས་མིན་གཞོན་ནུ་སྲིད་པའི་མཐར་གནས་པ། །བྱང་ཆུབ་སེམས་དཔའ་འདོད་པ་གྲུབ་པའི་མཐའ། །དེ་ཚེ་གཽ་ཏམ་རིགས་སུ་ངེས་པར་འདོད། །ཐུན་མོང་ཐེག་པར་བྱང་སེམས་འཕགས་པ་ཞིག །མ་རིག་བག་ཆགས་ས་འམ་འཕོ་བ་ཡི། །བག་ཆགས་དབང་གིས་ཡུམ་གྱི་མངལ་བཟུང་བར། །འདོད་པའི་གྲུབ་མཐའ་ཞིག་ཀྱང་མཁས་ལ་གྲགས། །དེ་ཚེ་དེ་ཡང་རྒྱལ་བའི་ཤ་རི་རམ། །ངེས་པར་རྒྱལ་པོའི་རིགས་སུ་འདོད་པ་ཡིན། །དེ་ལྟར་འཆད་ན་ལྷ་མོ་སྒྱུ་འཕྲུལ་གྱིས། །གསོ་སྦྱོང་བླངས་པའི་བཤད་པ་བཏང་སྙོམས་མཛད། །མངལ་སྐྱེས་མཚན་ཉིད་ལྡན་པ་ཡིན་མི་བཞེད། །གང་ཕྱིར་འཇུག་དང་འབྱུང་བ་གཉིས་ཀ་ཡང༌། །སྲིད་པའི་ལམ་ཆེན་དེ་ནས་མཛད་པ་མིན། །གཡས་པའི་བློ་ནས་འཇུག་དང་བལྟམས་པར་མཛད། །མངལ་འཇུག་ཚེའང་འཕོ་བའི་བདེ་བ་ཡིས། །བྱིན་གྱིས་བརླབས་པའི་ཉི་ཟླའི་བར་དག་ཏུ། །རྣམ་ཤེས་སྒྲ་གཅན་ཚུལ་གྱིས་ཞུགས་པའང་མིན། །རང་བཞིན་ཁང་བཟང་བང་རིམ་གསུམ་ལྡན་པའི། །གཞལ་མེད་ཁང་མཛེས་ཡིད་འོང་སྒོ་བརྒྱའི་དབུས། །འཁོར་ཚོགས་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་སོགས། །སྨིན་ཞིང་གྲོལ་མཛད་ཚུལ་གྱིས་བཞུགས་པ་ཡིན། །བློ་ཡི་མེ་ལོང་ཡོངས་སུ་མ་རྫོགས་པའི། །གདུལ་བྱའི་བློ་ལ་སྤྲུལ་སྐུའི་སྣང་བ་ནི། །ངོ་མཚར་ཡིད་འོང་སྟོན་ཚུལ་དེ་ལྟར་ཡིན། །བློ་གྲོས་མེ་ལོང་ཡོངས་སུ་རྫོགས་པ་ཡི། །ས་ཆེན་འཛིན་པའི་འཕགས་པ་ཆེ་རྣམས་ལ། །སྤྲུལ་སྐུའི་རྣམ་རོལ་དེ་ལྟར་སྣང་བ་མེད། །ངེས་པ་ལྔ་ལྡན་ལོངས་སྐུའི་རྣམ་རོལ་གྱིས། །འགྲོ་བའི་དོན་མཛད་ཁོ་ནར་སྣང་བ་ཡིན། །རྒྱལ་བ་ཉིད་ཀྱི་ཆོས་སྐུའི་མེ་ལོང་ལ། །གཟུགས་སྐུའི་རི་མོ་ཅི་ཡང་འཆར་བ་མེད། །འོན་ཀྱང་གཞན་སྣང་ཇི་བཞིན་མཁྱེན་པ་ལ། །ཆོས་ཀུན་གཟིགས་ཞེས་བརྗོད་པ་ངེས་པའི་དོན། །གསང་སྔགས་གཞུང་ལས་སྦྱང་གཞི་སྦྱོང་བའི་ཚུལ། །སྔོན་བྱུང་སྟོན་པའི་རྣམ་ཐར་གྱིས་མཚོན་ནས། །རྗེས་འཇུག་ལམ་ལ་སློབ་ཚུལ་ཤེས་ཕྱིར་དུ། །ཐུབ་དབང་སྟོན་པ་མངལ་སྐྱེས་ཡིན་པ་གསུངས། །དེ་དེའི་དགོངས་དང་དགོས་པ་གནོད་བྱེད་གསུམ། །གསང་སྔགས་གཞུང་ཆེན་ཉིད་དུ་གསལ་བར་གསུངས། །མང་པོས་བཀུར་བའི་རྒྱུད་འཛིན་ར་ཧཱུ་ལ། །རྒྱལ་བའི་སྲས་ཡིན་ཞེས་པ་དྲང་བའི་དོན། །དེ་ལས་གཞན་དུ་ཐུབ་ཆེན་རྒྱལ་བ་དེ། །ས་ཆེན་བཅུ་གཉིས་མཐོན་པོ་ལ་བཞུགས་ནས། །འཕོ་ཆེན་བཅུ་གཉིས་རྒྱུ་བ་ཀུན་བཅོམ་ནས། །མི་འགྱུར་བདེ་བ་ཉིད་ཁྲི་ཆིག་སྟོང་གི །བདེ་ཆེན་ལོངས་སྐུའི་གོ་འཕང་བརྙེས་པ་ཅི། །སྐབས་དོན་བསྡུས་ནས་གསལ་བར་གསོལ་བ་ནི། །སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་སྒྲ་ཇི་བཞིན། །མང་བཀུར་གདུང་འཛིན་ཇི་བཞིན་མིན་པའི་སྒྲ། །དགོངས་གཞི་གདུལ་བྱའི་བློ་ལ་སྣང་དེ་ཡིན། །དགོས་པ་སྒྱུ་མས་འཇིག་རྟེན་བསླུའོ་ཞེས། །རིག་བྱེད་འདོན་རྣམས་སྨྲ་བའི་མཐའ་འགོག་བྱེད། །དངོས་ལ་གནོད་བྱེད་ཐོག་མ་མེད་པ་ནས། །ཡང་དག་རྫོགས་སངས་རྒྱས་པ་ཡིན་ཕྱིར་རོ།།  །།དེ་ལྟར་འདྲི་བ་པོ་རྣམ་པར་དཔྱོད་པ་དང་ལྡན་པ་དག་གིས་ལས་སུ་བྱ་བ་གང་ཞིག་འདྲི་བའི་དོན་དེ་ལ་དོགས་པ་ཞུགས་ནས་དྲིས་པ་ན། གང་ལ་འདྲི་བར་བྱ་བའི་ཡུལ་རྣམ་པར་མ་རྨོངས་པ་དག་གིས་ཆོས་ལུགས་ནི་འདི་ལྟ་སྟེ། སྐབས་སུ་བབ་པའི་དོན་དེ་ཉིད་ལ་མཐའ་གཞན་དུ་སྲིད་པའི་དོགས་པར་རྣམ་པར་བཅད་ནས་ཚད་མས་ངེས་པ་དྲངས་པའི་དོན་ཞིག་ཐོག་མར་དམ་བཅའ་བར་བྱེད་དོ། །དེ་ལ་ཕྱིར་རྒོལ་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་ཏེ། སུན་འབྱིན་པར་བྱེད་པ་དང༌། སྒྲུབ་བྱེད་འདྲི་བའོ། །དེ་ཡང་འདིར་དམ་བཅའ་ཡང་དག་བཞག་པ་དེའི་ཚེ་ཕྱིར་རྒོལ་དཔྱོད་པ་དང་ལྡན་པས་སྒྲུབ་བྱེད་འདྲི་བ་སྐབས་སུ་བབ་པ་ཡིན་ནོ། །དེའི་ཚེ་སྔ་རྒོལ་ཤེས་རབ་དང་ལྡན་པས་སྒྲུབ་བྱེད་ཀྱི་གཏན་ཚིགས་བཀོད་ནས་རྟགས་དེའི་ཕྱོགས་ཀྱི་ཆོས་སུ་འགྱུར་བའི་ཚུལ་དང༌། མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་མཐུན་པའི་ཕྱོགས་ལས་ཟློག་པའི་ཚུལ་ངེས་པར་བྱས་ནས་འདྲི་བ་པོའི་རྒྱུད་ལ་ཡང་དག་པའི་ཤེས་པ་བསྐྱེད་པར་བྱེད་པ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གི་ལུགས་སོ། །དེ་ལྟར་ཡིན་པ་ལས་སྐབས་འདིར། རང་རེའི་སྟོན་པ་ཐུབ་པའི་དབང་པོ་ནི་ཤེས་འདོད་ཆོས་ཅན་ནོ། །མངལ་སྐྱེས་མཚན་ཉིད་པ་ཡིན་ནམ་མིན་ཞེས་པ་ནི་འདྲི་བའོ། །དེ་དེ་མ་ཡིན་པ་ནི་སྒྲུབ་པར་བྱ་བའི་ཆོས་སོ། །དེ་གཉིས་ཀ་སྡོམ་ནས་བརྗོད་པ་ནི་ཁོ་བོའི་དམ་བཅའ་འོ། །དེ་ཅིའི་ཕྱིར་ཞེས་འདྲི་ན་ཐོག་མ་མེད་པ་ནས་སངས་རྒྱས་པའི་ཕྱིར་ཞེས་པ་ནི་གཏན་ཚིགས་སོ། །འདིར་གཏན་ཚིགས་ནི་གྲུབ་ཟིན་པས་སྒྲུབ་མི་དགོས་ཤིང༌། མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་ནི། མཐུན་པའི་དཔེ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའི་སྟེང་དུ་འདྲི་བ་པོས་གྲུབ་ཟིན་པས་སྒྲུབ་མི་དགོས་སོ། །གསུམ་པ་རྟགས་མི་མཐུན་པའི་ཕྱོགས་ལ་མ་ཞུགས་པར་སྒྲུབ་པ་ནི། ད་ལེན་སྐབས་འདིར་དགོས་པའི་གཙོ་བོ་ཡིན་པས་ལུང་དང་རིགས་པ་དག་གོང་དུ་ཚིགས་སུ་བཅད་པར་བསྒྲུབས་ནས་རྒྱས་པར་སྤྲོས་པ་དེ་དག་གོ །དེའི་འོག་ཏུ་གཏན་ཚིགས་འདི་ལྟར་བཀོད་པར་བྱ་སྟེ། གང་ཐོག་མ་མེད་པ་ནས་མངོན་པར་སངས་རྒྱས་པའི་སྐུ་མངའ་ཡིན་ན། མངལ་སྐྱེས་མཚན་ཉིད་པ་མ་ཡིན་པས་ཁྱབ། དཔེར་ན་ལོངས་སྤྱོད་རྫོགས་པའི་སྐུ་བཞིན། རང་རེའི་སྟོན་པ་དང་རྒྱལ་པོ་ཟླ་བ་བཟང་པོ་ཡང་ཐོག་མ་མེད་པ་ནས་སངས་རྒྱས་པ་ཡིན་ནོ་ཞེས་བཀོད་པ་ལ་བརྟེན་ནས། སྟོན་པ་ཐུབ་པའི་དབང་པོ་འཇིག་རྟེན་གྱི་སྣང་ཚུལ་ལ་རྒྱལ་རིགས་སུ་འཁྲུངས་པ་དང༌། མངལ་སྐྱེས་མཚན་ཉིད་པ་མ་ཡིན་པ་དང༌། ཡུམ་གསོ་སྦྱོང་ལ་གནས་པ་དེ་སྒྲ་ཇི་བཞིན་པ་ཡིན་པ་དང༌། སྟོན་པའི་སྐུ་གདུང་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་རྣམས་གྲུབ་པ་ཡིན་ནོ། །གང་ལ་དོན་གང་དྲིས་པ་ལ། །དེ་དེའི་ཤེས་བྱེད་འགོད་པའི་ཚུལ། །རྟོག་གེའི་སྐད་ཀྱིས་ཕུལ་བ་འདི། །མཁས་པའི་མདུན་སེར་དབྱུང་བྱར་ལགས། །ལ་ལ་མཁས་པའི་གྲལ་དག་ཏུ། །དབྱུང་བྱ་མིན་པའི་ཚིག་གི་ཕྲེང༌། །ཁ་སྒོའི་སྟེངས་ལ་འབབ་བཞིན་དུ། །མཁས་པར་ཁས་ལེན་གང་དེ་དག །སྙིང་ནས་མཁས་སམ་མཁས་མིན་གྱི། །རྣམ་པར་དཔྱོད་པས་གང་མཁས་པ། །དེ་ཡི་དབྱེ་བ་མཛངས་པས་ཤེས། །མདོ་སྡེའི་ཆོས་སྐད་རྟོག་གེ་ཡི། །རིགས་པའི་ལམ་དུ་དྲངས་བྱས་ཏེ། །ས་སྐྱོང་གང་ལ་མངའ་བརྙེས་པའི། །ཆོས་ཀྱི་སྐད་ཀྱང་སྦྱར་ནས་ཕུལ། །དགེ་བས་ས་ཆེན་སྐྱོང་བ་རྣམས། །བྱང་ཆུབ་ཐུགས་དང་མི་འབྲལ་ཞིང༌། །མངའ་འབངས་མཚོ་བཞིན་གང་བ་དང༌། །དབུ་རྨོག་གོང་ནས་གོང་བཙན་ཤོག །ཅེས་སྟོན་པ་ཐུབ་པའི་དབང་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་ཁྱད་པར་ཅན་ས་གའི་ཉ་ལ་མགྱོགས་པར་བྲིས་ནས་ཕུལ་བ་ཡིན་ནོ།།  ༈  །།ས་ཆེན་སྐྱོང་མཛད་མི་དབང་དོན་ཡོད་རྡོ་རྗེས་དོགས་གཅོད་ཞུས་པའི་ལན་དུ་བསྩལ་བ་ལེགས་བཤད་གསེར་གྱི་རྔ་སྒྲ་བཞུགས་སོ།། ༄༅། །ན་མོ་བུདྡྷཱ་ཡ། འཛམ་གླིང་སའི་ཐིག་ལེ། ཡངས་པའི་ནོར་འཛིན་སྐྱོང་མཛད། ཁྲིམས་གཉིས་གསལ་བའི་མེ་ལོང༌། ཤྲཱི་ཨ་མོ་གྷ་བཛྲ་རཱ་ཞལ་སྔ་ནས། དཔལ་རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱི་ལེགས་པར་བཤད་པའི་གྲྭ་དམན་པ་མ་ཡིན་པ་གང་དེར། དམ་པའི་ཆོས་ཀྱི་དྲི་བ་མཆིད་འཕྲིན་དུ་སྤྲིངས་པ་དག་ལས། དྲི་བ་དང་པོ་ནི། ཇི་སྐད་དུ། སྒོམ་རྙིང་མ་བ་རྣམས་ཀྱི་ལུགས་ལ། ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་ཟེར་བ་འདི། དུས་གསུམ་གྱི་ཡིད་བྱེད་བཀག་ནས། སྣང་བ་གང་ཤར་གྱི་སྟེང་བཟོ་མེད་དུ་ཀློད་ནས་འཇོག་པ་འདི་ཀ་ཡིན་ལགས་སམ། ཞེས་དང༌། དྲི་བ་གཉིས་པ་ནི། འབྲི་ཁུང་དགོངས་གཅིག་པའི་དཀར་ནག་ཟང་ཐལ་དུ་བྱས་པའི་ཆོས་སྐད་འདི་ལ། སངས་རྒྱས་ཀྱི་ས་ན་སྡུག་བསྔལ་མངོན་གྱུར་བ་ངེས་དོན་དུའང་ཡོད་གསུང་བར་འདུག འདི་ལ་ཁ་ཅིག ཕ་རོལ་ཏུ་ཕྱིན་པའི་ས་དང་པོ་ཐོབ་ནས་སྡུག་བསྔལ་མི་མྱོང་བར་གསུངས་ཏེ། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེས། །དེ་ལ་དེ་མེད་ཕྱིར་དེ་མེད། །ཞེས་སོགས་ཀྱི་ལུང་འདྲེན་པར་འདུག ལ་ལ་ཞིག་སངས་རྒྱས་ཀྱི་ས་ན་མ་འདྲེས་པའི་འཁོར་བ་ཡོད་པར་གསུངས་ཤིང༌། འཇམ་དཔལ་མཚན་བརྗོད་ནས། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་སོགས་ཀྱང་གསུངས་པས། དཀར་ནག་ཟང་ཐལ་གྱི་ཆོས་སྐད་འདི་ཡང་འཐད་པ་འདྲ་ཟེར། དྲི་བ་གསུམ་པ་ནི། སོ་སོ་སྐྱེ་བོ་མཚམས་མེད་པ་ལྔ་བྱས་པའི་སྒྲིབ་པ་ཅན་ཞིག་གིས་ལམ་གཞན་གང་ཡང་མ་སྒོམས་ཤིང༌། སྒྲིབ་པ་དེ་མ་སྦྱངས་པར། བཙན་ཐབས་སུ་འཕོ་བའི་མན་ངག་ཉམས་སུ་བླངས་པ་ལ་བརྟེན་ནས། འཕོས་མ་ཐག་སངས་རྒྱས་ཀྱི་ས་ཐོབ་བམ་མི་ཐོབ་ལགས། དྲི་བ་བཞི་པ་ནི། རྒྱལ་བ་ཡང་དགོན་པའི་མགུར་ལས། ཡིད་བྱེད་ཀྱི་མཁན་པོ་ཟད་ཙ་ན། །དཀར་ནག་གི་ལས་ལ་འབྲས་བུ་མེད། །ཅེས་གསུང་འདུག་པ། དགོངས་ཡུལ་དུ་ཇི་ལྟར་བབ་ལགས། དྲི་བ་ལྔ་པ་ནི། རྡོ་རྗེ་སེམས་དཔའི་བཟླས་པ་ཆོ་ག་བཞིན་འབུམ་ཕྲག་གཅིག་བཟླས་པས་རྩ་ལྟུང་རྩ་བ་ནས་འདག་གསུང་བ་འདི་ངེས་དོན་ཡིན་ནམ་མིན། ངེས་དོན་ཡིན་ན་སྒྲིབ་པའི་བག་ཆགས་ཀྱང་འདག་ལགས་སམ། སྒྲིབ་པ་ཕྲ་མོ་འདག་པ་ལ་ཡང་དག་པའི་དོན་རྟོགས་དགོས་སམ་མི་དགོས། ཤེས་བྱ་ཇི་ལྟ་བ་ཇི་སྙེད་པ་མཁྱེན་པ་ལགས་དུས། མ་འདྲེས་ཡོངས་སུ་རྫོགས་པའི་བཀའ་ལུང་ཐུགས་ལ་གདགས་པ་ཞུ། ཞེས་ལྷག་ཆད་མེད་པར་སྤྲིངས་སོ།།  །།སྭསྟི། རྙོག་བྲལ་དངུལ་དཀར་དྭངས་པའི་མེ་ལོང་ལ། །ཇི་སྙེད་ཤེས་བྱའི་ཡ་མཚན་ལྟ་ཅི་སྨོས། །ངེས་དོན་ཇི་ལྟའི་ངོ་མཚར་མ་ཉམས་པ། །འཆར་མཛད་འཇམ་པའི་དབྱངས་ལ་ཕྱག་བཙལ་ནས། །བཀའ་བཙན་གྲགས་ལྡན་དཔུང་ཚོགས་ཅན། །རྣམ་པར་དཔྱོད་དང་སྒྲིན་འགྲུས་དང༌། །དཀྱེལ་ལྡན་མཛངས་པའི་ས་སྐྱོང་གི །མཆིད་ལན་གུས་པས་འདིར་འབུལ་གྱི། །དེ་ནས་འདིར་དྲི་བ་དང་པོའི་ལན་ལ། དངོས་ལན་བསྡུས་ཏེ་བརྗོད་པ་དང༌། འཕྲོས་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གནས་སྐབས་ཕྱེད་ན་འཐད་པ་དང༌། མ་ཕྱེད་ན་མི་འཐད་པའོ། །དང་པོ་ནི་དུས་གསུམ་གྱི་ཡིད་བྱེད་འགོག་ཅེས་བྱ་བ་དེ། སྤྱིར་ལྟ་བའི་ཚེ་དང༌། བྱེ་བྲག་ཏུ་མཉམ་གཞག་གི་ཚེ་དང༌། ཁྱད་པར་དངོས་གཞིའི་དུས་སུ་ཡིན། སྣང་བ་གང་ཤར་ལ་བཟོ་མེད་དུ་འཇོག་ཅེས་པ། སྤྱིར་རྗེས་ཐོབ་དང༌། བྱེ་བྲག་ལྟ་བའི་རྒྱུན་སྐྱོང་བའི་དུས་སུ་ཡིན། འདི་ལ་མན་ངག་པས། མ་བཅོས་ལྷུག་པ་ཞེས་དང༌། སྡེ་སྣོད་པས་རྗེས་ཐོབ་དག་པ་འཇིག་རྟེན་པ་ཞེས་ཟེར། དོན་འདི་ལ་མདོ་སྔགས་དང༌། མན་ངག་གི་ཆོས་ལུགས་རྙིང་པ་ཇི་སྙེད་པ་མཐུན། གཉིས་པ་སྐབས་མ་ཕྱེད་ན་སྐྱོན་ཡོད་པ་ནི། ཀུན་རྫོབ་དང་དོན་དམ་གྱི་སྐབས་དང༌། སྤྱོད་པ་དང་ལྟ་བའི་སྐབས་དང༌། བསོད་ནམས་དང་ཡེ་ཤེས་ཚོགས་གསོག་གི་སྐབས་དང༌། ཐོས་བསམ་དང་སྒོམ་པའི་སྐབས་དང༌། སྦྱོར་འཇུག་དང་དངོས་གཞིའི་སྐབས་མ་ཕྱེ་བར། ཅི་ཡང་ཡིད་ལ་མི་བྱེད་པ་དང་བཟོ་མེད་དུ་འཇོག་པ་དམ་པའི་ཆོས་སུ་ཁས་ལེན་ན། དཀར་པོ་གཅིག་ཐུབ་ཀྱི་མིང་ཅན། རྒྱ་ནག་མཁན་པོའི་ཆོས་ལུགས་སུ་སོང༌། ཀུན་རྫོབ་ལ་སོགས་པའི་སྐབས་སྔ་མ་རྣམས་སུ། རྒྱུའི་ཀུན་སློང་མི་དམིགས་པའི་ཤེས་རབ་ཀྱི་ཟིན་པ། དུས་ཀྱི་ཀུན་སློང་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། སྦྱིན་པ་བཏང་བར་བྱའོ་སྙམ་པ་སོགས་ཀྱི་ཡིད་བྱེད་དང་ལྡན་པ། བླང་དོར་གྱི་བཟོ་དང་བཅས་པ་ངེས་པར་དགོས་ལ། དོན་དམ་སོགས་ཀྱི་གནས་སྐབས་ཁྱད་པར་ཅན་རྣམས་སུ། ཅི་ཡང་ཡིད་ལ་མི་བྱེད་པ་དང༌། མ་བཅོས་ལྷུག་པར་འཇོག་པ་དེ། དཔལ་ས་ར་ཧ་དང༌། ཀླུ་སྒྲུབ་ཞབས་ཀྱི་ལུགས་སུ་འཆད་པ་ཡིན། གཉིས་པ་འཕྲོས་དོན་རྒྱས་པར་འཆད་པ་ནི། བོད་ཕྱི་མ་དག་ན་རེ། སྒོམ་ཡིད་བྱེད་དང་བྲལ་བ་འདི་ཧྭ་ཤང་གི་ལུགས་ཡིན། རྨོངས་པ་དང་འཛིན་སྟངས་མི་འགལ་བས་མ་རིག་པའི་གཉེན་པོར་མ་སོང་ཇི་ལྟར་མཐོ་ཡང་ཞི་གནས་ལྟེངས་པོ་ཙམ་ཡིན་གྱི། ལྷག་མཐོང་མ་ཡིན། ལྷག་མཐོང་གི་ངོས་འཛིན། གཞུང་ལུགས་ཚད་ཐུབ་ཀུན་ལས་སོ་སོར་རྟོག་པའི་ཤེས་རབ་ལ་བཤད་པ་ཡིན། དེ་བས་ན་ཞི་ཕྱག་རྫོགས་གསུམ་པ་ལ་སྒོམ་པ་ཡི་བྱེད་དང་བྲལ་བ་ཞེས། མི་ཚེ་ཧྭ་ཤང་གི་ལུགས་ལ་སྐྱེལ་བ་ཡིན་མོད། ས་སྐྱ་པའང་ཁ་བཤད་ཀྱི་ཚེ་ན། ཀ་མ་ལ་ཤཱི་ལས་ཧྭ་ཤང་གི་ལུགས་སུན་ཕྱུང་བ་དང༌། སྦ་བཞེད་དང༌། རྒྱལ་བཞེད་དུ་བལྟ་བར་བྱ། ཞེས་སོགས་ཀྱི་བཤད་པ་བྱེད་མོད། རང་ལུགས་ཀྱི་མཉམ་པར་འཇོག་ཚུལ་མཐར་ཐུག་པ་ཧྭ་ཤང་གི་ལུགས་ལས་མ་འདས་སོ། །ཞེས་ཟེར་རོ། །འདི་ལ་གཉིས་ཏེ། སུན་འབྱིན་པ་དངོས་དང༌། རང་གི་ལུགས་འཇོག་ཚུལ་འཕྲོས་དོན་དང་བཅས་པའོ། །དང་པོ་ནི་ཡིད་བྱེད་དང་བྲལ་བ་བདག་འཛིན་གྱི་གཉེན་པོར་མི་འགྲོ་བ་དང༌། ལྷག་མཐོང་ལ་སོར་རྟོག་ཤེས་རབ་ཀྱི་ཁྱབ་ན། སྤྱིར་རྣལ་འབྱོར་མངོན་སུམ་དང༌། བྱེ་བྲག་སངས་རྒྱས་ཀྱི་ཡེ་ཤེས་ཇི་སྙེད་པ་བདག་འཛིན་གྱི་གཉེན་པོ་དང༌། ལྷག་མཐོང་མ་ཡིན་པར་འགྱུར་ཏེ། རྣལ་འབྱོར་མངོན་སུམ་དུ་འཇོག་པ་ལ་རྟོག་པ་དང་བྲལ་བ་ཞིག་ངེས་པར་དགོས་པའི་ཕྱིར་རོ། །དེ་བས་ན་འཕགས་པའི་སྒོམ་ལྟ་ཅི་སྨོས། ཐེག་ཆེན་གྱི་སྦྱོར་ལམ་ལྟ་བུ་སོ་སོ་སྐྱེ་བོའི་སྒོམ་ཡང་ཡིད་བྱེད་ཞེན་པ་དང་བྲལ་བར་བཞག་དགོས་པ་རྗེ་བཙུན་བྱམས་པའི་གཞུང་རྒྱན་གཉིས་དང་འབྱེད་གཉིས་ལས་གསལ་བར་གསུངས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་ལུང་མང་པོར་ལྷག་མཐོང་དུ་བཤད་པའི་སོ་སོར་རྟོག་པའི་ཤེས་རབ་དེ་ནི་བསམ་བྱུང་གི་ཤེས་རབ་ཡིན་གྱི་སྒོམ་བྱུང་གི་རྣལ་འབྱོར་དངོས་མ་ཡིན། དེ་བཞིན་དུ་ལུང་མང་པོར་ཞི་གནས་སུ་བཤད་པའི་སེམས་གནས་པའི་ཐབས་དགུ་ཡང་སྒོམ་ལ་འཇུག་པའི་སྦྱོར་བ་ཡིན་གྱི། སྒོམ་བྱུང་གི་རྣལ་འབྱོར་དངོས་མ་ཡིན། གཉིས་པོ་དེ་ལ་ཞི་གནས་མ་ཐོབ་པའི་ལྷག་མཐོང་དང༌། ལྷག་མཐོང་མ་ཐོབ་པའི་ཞི་གནས་ཞེས་བྱ། གཉིས་པོ་ཟུང་དུ་འཇུག་པའི་གནས་སྐབས་དེ་ལ་སྒོམ་བྱུང་གི་རྣལ་འབྱོར་དངོས་ཞེས་བྱ། སྒོམ་དངོས་གཞིའི་དུས་སུ་དྲན་པ་དང་ཤེས་བཞིན་གྱི་མེལ་ཚེ་བ་དགོས་མོད། དེ་འདྲ་དེ་སྒོམ་སྐྱོན་སེལ་བྱེད་ཡིན་གྱི། སྒོམ་དངོས་མ་ཡིན། སྒོམ་དངོས་གཞིའི་དུས་སུ་ནི། ཤིང་གཉིས་དྲུད་པ་ལས་བྱུང་བའི་མེས་ཤིང་དེ་ཉིད་ཀྱང་བསྲེག་པའི་དཔེས། སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་ཡེ་ཤེས་ཀྱི་མེས་སྲེག་དགོས་པར་བཤད་པ་ཡིན། ཡིད་བྱེད་དང་བྲལ་བའི་ཞི་གནས་དེ་ལྟེངས་པོ་ཞེས་བྱ་བའི་བྱིང་རྨུགས་ཅན་འགྱུར་ན། སོ་སོར་རྟོག་པའི་ཤེས་རབ་དེ་ཡང་གཡེར་པོའམ་རྒོད་བག་ཅན་དུ་ཅིའི་ཕྱིར་མི་ཐལ། གཉིས་པ་རང་ལུགས་འཇོག་ཚུལ་ནི། དབུ་མ་ཐལ་རང་པ་ནི། སྦྱོར་བའི་དུས་སུ་རིགས་ཤེས་ཀྱི་དཔྱད་པ་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་ཅི་ཡང་མ་རྙེད་པའི་ངང་ལ་མཉམ་པར་འཇོག་པ་ཡིན། དེའི་ཚེ་ན་ཡུལ་དང་ཡུལ་ཅན་སོ་སོ་བ་མ་ཡིན་གྱི། ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་ན་ཡིད་བྱེད་ཁས་ལེན་པ་ལྟ་ཅི་སྨོས། རྣལ་འབྱོར་སྤྱོད་པ་པ་ནི་སྦྱོར་བའི་དུས་སུ་གཟུང་འཛིན་གཉིས་མེད་དུ་གཏན་ལ་ཕབ་ནས། དངོས་གཞིའི་དུས་སུ་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་བ་ཙམ་ལ་མཉམ་པར་འཇོག་པས་ན། དུས་དེར་སེམས་སེམས་འབྱུང་གི་རྒྱུ་བ་ཅི་བྱུང་ཡང་སྒོམ་གྱི་རྣལ་འབྱོར་དངོས་སུ་ཁས་མི་ལེན། གསང་སྔགས་བླ་མེད་པ་ནི། སྦྱོར་བའི་དུས་སུ་དབང་དང་བྱིན་རླབས་སྔོན་དུ་བཏང་ནས། དངོས་གཞིའི་ཚེ་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་གྱུར་པ་ལ་མཉམ་པར་འཇོག་པས་ན། སྐབས་དེར་ཡིད་ལ་བྱེད་པ་ལྟ་ཅི་སྨོས། རྣམ་ཤེས་འཁོར་བཅས་ཀྱི་རྒྱུ་བ་ཅི་བྱུང་ཡང་ལྟ་བའི་རྣལ་འབྱོར་དངོས་སུ་ཁས་མི་ལེན། སྐབས་འདིར་ཡུལ་སྣང་སྟོང་ཟུང་འཇུག ཤེས་པ་གསལ་སྟོང་ཟུང་འཇུག ལུས་བདེ་སྟོང་ཟུང་འཇུག་ཅེས་བྱ་བའི་ཐ་སྙད་ཡོད་ལ། དེའི་ཚེ་ན་སྟོང་ཞེས་པ་ཐམས་ཅད་གཟུང་འཛིན་གྱི་རྟོག་པས་སྟོང་བ་ལ་འཆད་རྒྱུ་ཡིན་ལ། དེ་ལྟར་བཤད་པ་དེའི་ཚེ་ཡུལ་གྱི་སྣང་བ་གང་ཤར་བཟོ་མེད་ལྷུག་པར་འཇོག་པ་ཞེས་བྱ་བ་དེ་དང༌། ཤེས་པ་བདེ་གསལ་མི་རྟོག་པར་འཆར་ཞེས་པ་དེ་དང༌། ལུས་བདེ་ལ་འཛིན་པ་བྱུང་ན་ཟག་བཅས་སུ་འགྲོ་བས། ལུས་ཀྱི་བདེ་བ་ཟག་བཅས་ཀྱི་འཛིན་པ་དང་བྲལ་བ་དེའི་ཚེ། ཟག་མེད་ཀྱི་བདེ་བར་འཇོག་པ་ཡིན། བོད་ཕྱི་མས་སྐབས་འདིའི་སྟོང་པའི་ངོས་འཛིན། བདེན་གྲུབ་ཀྱིས་སྟོང་པ་ལ་བཤད་ནས། བདེ་སྟོང་གཉིས་ཡུལ་ཡུན་དུ་སྦྱོར་བ་དང༌། གསལ་སྟོང་ཡུལ་ཡུལ་ཅན་དུ་སྦྱོར་ཞེས་ཟེར་ཏེ། ཡིད་རྟོན་པའི་གནས་སུ་རུང་བ་མ་ཡིན་ནོ། །ཡང་མན་ངག་པ་དག་ནི། སྦྱོར་བའི་དུས་སུ་བླ་མའི་གསོལ་འདེབས་དང༌། མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང༌། སེམས་ཀྱི་ངོ་བོ་ལ་བལྟ་བ་སོགས་ལ་བརྟེན་ནས་དངོས་གཞིའི་དུས་སུ་ཤེས་པ་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མཉམ་པར་འཇོག་པ་ཡིན་པས་ན། ཡིད་ལ་བྱེད་པ་གང་བྱུང་ཡང་གནས་ལུགས་ཀྱི་དོན་ལ་སྒྲིབ་པར་བྱེད། དེ་འདྲའི་གསལ་སྟོང་འཛིན་མེད་ཀྱི་ཡེ་ཤེས་ནི་སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ཁྱད་མེད་དུ་བཞུགས་པ་དེ་ལ། རྒྱུད་སྡེ་བས་རང་བཞིན་ཆོས་སྐུ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་ཟེར། བྱམས་ཆོས་པ་སེམས་ཀྱི་རང་བཞིན་འོད་གསལ་ཞེས་ཟེར། རྙིང་མ་བས་རྫོགས་པ་ཆེན་པོ་ཞེས་བྱ། ཕྱག་རྒྱ་བས་ཕྱག་རྒྱ་ཆེན་པོ་ཞེས་ཟེར། ཞི་བྱེད་པས་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་ཞེས་ཟེར། ས་སྐྱ་པས་ཀུན་གཞི་རྒྱུ་རྒྱུད་དང༌། འཁོར་འདས་དབྱེར་མེད་ཅེས་འཆད། དེ་ལྟ་ན་ཡང་རྟོགས་བྱའི་གནས་ལུགས་གཅིག་བུ་དེ་ལ། རྟོགས་བྱེད་ཐབས་མི་འདྲ་བའི་ཁྱད་པར་ནི། རྗེ་བཙུན་ས་སྐྱ་པའི་གསུང་གིས། རྟེན་གྱི་གང་ཟག་ཕར་ཕྱིན་གྱི་ཐེག་པ་པ་ཡིན་ན། གནས་ཚུལ་སེམས་པའི་རིགས་པ་སྔོན་དུ་འགྲོ་དགོས། རྡོ་རྗེའི་ཐེག་པ་པ་ཡིན་ན་དབང་བསྐུར་མཚན་ཉིད་དང་ལྡན་པ་སྔོན་དུ་འགྲོ་དགོས། གཉིས་པོ་གང་རུང་ལ་མ་བརྟེན་པར། རང་སེམས་གསལ་སྟོང་འཛིན་མེད་དུ་གནས་པ་ཙམ་ལ་ཡིད་ཆེས་མེད་དོ། །ཞེས་གསུང༌། གསུམ་པ་འཕྲོས་པའི་དོན་ནི། སྔོན་གྱི་དུས་སུ་བཤད་མ་ཐག་པའི་སྒོམ་ཚུལ་དེ་དག་ལ་ཐ་སྙད་འདོགས་ཚུལ་འདི་ལྟར་བྱུང་སྟེ། ཕར་ཕྱིན་པའི་ལུགས་ཀྱི་སྒོམ་གྱི་རྟོགས་པ་སྐྱེད་ཚུལ་དེ་ལ། མཁས་པ་པཎྜི་ཏའི་དཔྱད་སྒོམ་དང༌། སྔགས་དང་མན་ངག་པའི་སྒོམ་ཚུལ་དེ་ལ་ཀུ་སཱ་ལིའི་འཇོག་སྒོམ་ཞེས་ཟེར། ལུགས་སྔ་མའི་ཞལ་འཛིན་པ་རྣམས་ནི། གནས་ལུགས་ཀྱི་དོན་ནི་ཤིན་ཏུ་ལྐོག་གྱུར་ཡིན་པས། ཡིད་ཆེས་པའི་རྟགས་ལ་མ་བརྟེན་པར་རྟོགས་མི་ནུས། དེའི་ཕྱིར་ལུགས་ཕྱི་མ་བླུན་པོའི་སྒོམ་ཡིན་ཞེས་ཟེར་ཞིང༌། རྔོག་ལོ་ཆེན་པོ་དང་གངས་ཅན་པ་ཕྱི་མ་དག་དེ་ལྟར་དུ་འཆད། ཕྱོགས་ཕྱི་མའི་ཞལ་འཛིན་པ་དག་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་སེམས་ཀྱི་ངོ་བོ་གསལ་རིག་ཙམ་འདི་ལས་གཞན་མེད། འདི་ནི་རྣམ་རྟོག་གི་འཛིན་པ་འགོག་པའི་མན་ངག་ཙམ་ལ་བརྟེན་ནས་མངོན་དུ་འགྱུར། དེ་མངོན་སུམ་དུ་མཐོང་ཙ་ན་ཀུན་རྫོབ་གཟུང་འཛིན་གྱི་སྣང་བ་ཐམས་ཅད་འཁྲུལ་སྣང་ཡིན་པར་ཐག་ཆོད། ལྟ་བའི་སྒོ་འབྱེད་ཚུལ་དང༌། ཉམས་སུ་མྱོང་ཚུལ་འདི་ཁོ་ནས་ས་ལས་བགྲོད་པ་ཡིན་གྱི། དབུ་མ་རིགས་ཚོགས་དང༌། ཚད་མ་སྡེ་བདུན་གྱི་ཐ་སྙད་མང་པོ་ཅི་ཞིག་བྱ། ཀླུ་སྒྲུབ་ཀྱི་རིགས་ཚོགས་སུ་སྒོམ་པས་ཉམས་སུ་མྱོང་བྱའི་ལྟ་བ་མ་བཤད། ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཉིད་ལ་སྙིང་པོ་མེད་ཅེས་བོད་ཡུལ་དུ་སྔོན་བྱོན་གྱི་མན་ངག་པ་ཕལ་ཆེར་དེ་སྐད་དུ་གསུངས་ཤིང༌། ཕྱིས་བྱོན་གྱི་ཆེན་པོ་ཁ་ཅིག་ཀྱང༌། དབུ་མ་ཐལ་རང་དུ་གྲགས་པའི་གཞུང་ནས་བཤད་པའི་ལྟ་བ་གཏན་ལ་འབེབས་ཚུལ་ནི་སྙིང་པོ་མེད་དོ། །རྗེ་བཙུན་བྱམས་པའི་ཆོས་དང་མ་མཐུན་ཞིང༌། གསང་སྔགས་རྡོ་རྗེ་ཐེག་པ་དང་འགལ་བའི་ཕྱིར་རོ། །ཞེས་འཆད། དེ་ལྟར་འཆད་པ་དེ་དག་ནི་ཕྱོགས་རེ་བ་ལ་མངོན་པར་ཞེན་པའི་ལུགས་ཡིན་ལ། མདོ་སྔགས་མན་ངག་གསུམ་ཀའི་མངའ་བདག་ས་སྐྱ་པ་ནི། འཆད་ཚུལ་དེ་དག་རེ་རེ་ལ་ཡང་གཉིས་ཀ་ཚང་དགོས་པར་བཞེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། རྗེ་བཙུན་དཀར་པོ་རྣམ་གསུམ་གྱིས་ཇི་སྐད་དུ། མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཞེས་བྱ་བ་ཅིག་བཞེད་པ་ཡིན་ལ། དེ་ཡང་འདི་ལྟར། མན་ངག་པའི་ལུགས་ཀྱི་ལྟ་བ་ལ་མཉམ་པར་འཇོག་ཚུལ་དེ་འཐད་པ་ཡིན་མོད། དེའི་ཡན་ལག་ཏུ་ཤིང་རྟའི་སྲོལ་གཉིས་འབྱུང་བའི་རིགས་པས་གཏན་ལ་འབེབས་ཚུལ་དེ་ཉིད་ངེས་པར་དགོས་པ་ཡིན་ཏེ། དེ་མེད་ན་གང་ཞིག་ཉམས་སུ་བླང་བར་བྱ་བའི་ངེས་དོན་དེ་ལ་མཚན་འཛིན་གྱི་རྟོག་པ་ལྡོག་མི་ནུས་པའི་ཕྱིར། ཡང་སྡེ་སྣོད་པའི་རིགས་པས་གཏན་ལ་འབེབས་ཚུལ་དེ་ཡང་ལེགས་པ་ཡིན་མོད། དེའི་ཡན་ལག་ཏུ་གང་ཞིག་ཉམས་སུ་བླང་བར་བྱ་ངེས་པའི་དོན་ཞིག་ངོས་འཛིན་དགོས་ཏེ། དེ་མེད་ན་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ནི་སྒྲ་རྟོག་གི་ཡུལ་ལས་མ་འདས་པའི་ཕྱིར་དང༌། དབུ་མ་རིགས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་ནི་མེད་པར་དགག་པ་ཙམ་དུ་ཟད་པའི་ཕྱིར་དང༌། ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་ཡུལ་དུ་བྱེད་པའི་ལྟ་བ་དེ་ནི་དུག་ཅན་གྱི་ལྟ་བ་ཉིད་ལས་མ་འདས་པའི་ཕྱིར། འོ་ན་ཐོས་བསམ་དོན་མེད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མཚན་འཛིན་གྱི་རྟོག་པ་ཟློག་དགོས་པའི་ཕྱིར་དང༌། དེ་ལོག་པ་ན་མཚན་མེད་ཀྱི་ཡེ་ཤེས་རང་འབྱུང་དུ་འཆར་ལ། དེ་ལྟར་ཤར་བ་ཉམས་སུ་མྱོང་བའི་ལྟ་བ་དེ་ལ་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བ་ཞེས་བྱ་ཞིང༌། དེ་ཉིད་ལྟ་བ་ཐམས་ཅད་ཀྱི་མཐར་ཐུག་ཡིན་པའི་ཕྱིར། དེ་ཡང་ཐོས་བསམ་རྣམ་དག་གི་ལྟ་བ་དེ་ནི་ཀུན་ཏུ་རྨོངས་པ་མ་རིག་པའི་གཉེན་པོ་བྱེད་ཅིང༌། ཆགས་པ་གཅོད་པའི་ལམ་ཞེས་བྱ། ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བ་དེ་ནི་རྣམ་རྟོག་རྒྱུན་ཆགས་ཀྱི་གཉེན་པོར་འཆད་ཅིང༌། བྱང་ཆུབ་ཆེན་པོའི་ལམ་ཞེས་བྱའོ། །ལ་ལ་ན་རེ། ས་ལུགས་ཀྱི་ལྟ་བ་མཐར་ཐུག་ནི། དབུ་མ་རིགས་ཚོགས་དང༌། ཐལ་འགྱུར་བའི་གཞུང་ལས་འབྱུང་བ་དེ་ཉིད་དོ། །ཞེས་ཟེར་བ་དེ་དག་གིས་ས་སྐྱ་པའི་གཞུང་གང་ཞིག་ངེས་པ་མ་ཡིན། རྗེ་བཙུན་དེ་དག་གི་ལུང་ན་ནི། བསྟན་བཅོས་མཛད་པའི་སློབ་དཔོན་དག་གི་གཞུང་ནས་རྣམ་གྲངས་པ་མ་ཡིན་པའི་དོན་དམ་མ་བཤད་པ་དང༌། ལྟ་བའི་ངོས་འཛིན་སྤྱི་དོན་གྱི་ཚུལ་གྱིས་བཤད་ན་རྣམ་གྲངས་པའི་དོན་དམ་དུ་སོང་ཞེས་བཤད་པ་ཡིན་གྱི། ངེས་དོན་དངོས་སུ་བཤད་པའི་སྐབས་གཅིག་ཀྱང་ཡོད་པ་མ་ཡིན། གསལ་སྟོང་དང་སྣང་སྟོང་སོགས་སུ་བཤད་པའི་སྟོང་པ་དེ་ཡང་མེད་དགག་ཏུ་འཆད་པ་མ་ཡིན་ཏེ། ཟུང་འཇུག་ཏུ་བཤད་པའི་ཕྱིར་དང༌། ཟུང་འཇུག་གི་གོ་བ་ཟུང་འབྲེལ་ལ་བཤད་ན་ཤིན་ཏུ་ཐ་ཆད་པའི་ཕྱིར་དང༌། རྣམ་གྲངས་པ་མ་ཡིན་པའི་དོན་དམ་གྱི་ངོས་འཛིན་ནི། སྦས་དོན་དང་མཐར་ཐུག་གི་ཚུལ་གྱིས་འཆད་དགོས་པའི་ཕྱིར་དང༌། མཚན་ཉིད་ཐེག་པའི་རིགས་པ་ལ་སྦས་པ་དང་མཐར་ཐུག་གི་དོན་དུ་སུས་ཀྱང་མི་འཆད་པའི་ཕྱིར་རོ། །ཟུང་འཇུག་ཏུ་བཤད་པའི་སྟོང་པ་དེ་ཡང་གཟུང་འཛིན་དུ་ཞེན་པའི་རྟོག་པས་སྟོང་པ་ལ་འཆད་དགོས་པ་ཡིན་ཏེ། རྡོ་རྗེའི་ཚིག་རྐང་གི་གཞུང་བཤད་ཀུན་ལས་དེ་ལྟར་བཤད་པའི་ཕྱིར། འོ་ན་ཇི་སྐད་དུ། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། ཕར་ཕྱིན་ཐེག་པའི་སྤྲོས་བྲལ་ལ་མེད་དགག་གིས་ཁྱབ་པ་མ་ངེས་ཤིང༌། ངེས་སུ་ཆུག་ཀྱང་ཐོས་བསམ་གྱི་ལྟ་བའི་དབང་དུ་བྱས་པ་ཡིན་གྱི། ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བའི་དབང་དུ་བྱས་པ་མ་ཡིན་ཏེ། ལུང་དེ་ཉིད་ཀྱི་དེ་མ་ཐག་ཏུ། དེས་ན་བཤད་པས་གོ་བ་ཡི། །ཐོས་པའི་ལྟ་བ་གཅིག་ཉིད་ཡིན། །ཞེས་བཤད་པས་སོ། །འདིར་སྨྲས་པ། ཚངས་ཆེན་ས་ལ་འཕོས་པའི་བརྒྱ་བྱིན་གང་ཁྱོད་སྤྱན་སྟོང་མངའ་ལགས་པ། །རྣམ་གྲོལ་རོ་བརྒྱའི་བདེ་སྟེར་མཁན་འདི་ལེགས་པར་བཤད་པའི་ལང་ཚོ་མ། །འདོད་ལྷའི་ཞགས་པས་རང་གིར་བྱས་པ་མིན་འདི་གང་དེར་འབུལ་ལགས་ཀྱི། །གཟིགས་རྟོག་མཛའ་བོས་སྤངས་པ་མིན་པའི་མྱ་ངན་མེད་མ་ཉིད་གྱུར་ཅིག །ཅེས་དྲི་བ་དང་པོའི་ལན་རྣམ་པར་བཤད་པ་འདི་གྲུབ་པའོ།།  །།སྭསྟི། རྫོགས་སངས་རྒྱས་ལ་ཕྱག་བཙལ་ནས། །གྲུབ་མཐའ་སྨྲ་བའི་རིམ་པ་ཡིས། །ལས་དང་འབྲས་བུའི་རྣམ་གཞག་ནི། །ཇི་ལྟར་འཆད་པ་དེ་དབྱེ་བྱ། །དྲི་བ་གཉིས་པའི་ལན་རྣམ་པར་བཤད་པ་ལ། གཉིས་ཏེ། དངོས་ལན་མདོར་བསྡུས་ནས་བཏབ་པ་དང༌། འཕྲོས་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དཀར་པོ་ཟང་ཐལ་ཞེས་བྱ་བ་ནི་འཐད་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཀྱི་རྣམ་པར་སྨིན་པ་སངས་རྒྱས་ཀྱི་སར་འགྲོ་བའི་ཕྱིར་དང༌། ཟག་མེད་ཀྱི་དགེ་བའི་རྒྱུ་མཐུན་དང་བྲལ་བའི་འབྲས་བུ་ནི་སངས་རྒྱས་ཀྱི་ས་ཉིད་དུ་མཐར་ཐུག་པའི་ཕྱིར། སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བའི་ཉན་ཐོས་ཐེག་པ་ཆེན་པོ་བཀར་མི་འདོད་པ་དག་གིས་ནི་ནག་པོ་ཟང་ཐལ་གྱི་ཐ་སྙད་མི་འདོད་ཀྱང༌། དོན་ཁས་བླངས་པ་ཡིན་ཏེ། ཉན་རང་དགྲ་བཅོམ་པ་ལ་ལས་ཀྱི་རྣམ་སྨིན་མྱོང་དགོས་ཡོད་པ་བཞིན་དུ་སྟོན་པ་སངས་རྒྱས་ཀྱིའང་ཞབས་ལ་སེང་ལྡེང་ཟུག་པ་དང༌། རྟ་ཆས་རུལ་པ་གསོལ་བ་དང༌། བྲམ་ཟེའི་བུ་མོས་སྐུར་འདེབས་སུ་གྱུར་པ་དང༌། ལྷས་བྱིན་གྱིས་དགེ་འདུན་དབྱེན་བྱས་པ་སོགས་རང་རྒྱུད་པར་ཁས་ལེན་པའི་ཕྱིར། ཐེག་པ་ཆེན་པོ་པ་དག་གིས་ནི་དེ་ལྟར་བཞེད་པ་མ་ཡིན་ཏེ། ཇི་སྲིད་མི་གནས་པའི་མྱང་འདས་མངོན་དུ་མ་བྱས་པ་དེ་སྲིད་དུ་ནི་སངས་རྒྱས་སུ་མི་འཇོག་ལ། དེ་མངོན་དུ་བྱས་ནས་ནི་ལས་ཉོན་གྱི་རྣམ་སྨིན་མྱོང་བའི་གོ་སྐབས་མེད་པའི་ཕྱིར། དགོངས་གཅིག་ནི་ཐེག་པ་ཆེན་པོའི་བསྟན་བཅོས་སུ་བཞེད་པས་ནག་པོ་ཟང་ཐལ་རང་ལུགས་སུ་འཇོག་པ་རྣམ་པར་འཚམས་པ་མ་ཡིན་ནོ། །བོད་ཕྱི་མ་གཞན་སྣང་གི་གཟུགས་སྐུ་གཉིས་པོ་སངས་རྒྱས་དངོས་སུ་ཁས་ལེན་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་རང་སྣང་ལ་མ་དག་པའི་སྣོད་བཅུད་ཀྱི་སྣང་བ་འཆར་བར་འདོད་པ་དག་གིས་ནི། ནག་པོ་ཟང་ཐལ་མི་འདོད་བཞིན་དུ་ཁས་བླངས་པ་ཡིན་ཏེ། མཛད་པ་བཅུ་གཉིས་ལས་འགའ་ཞིག་རང་རྒྱུད་པ་ཡིན་ལ། གཞན་དག་དེ་མ་ཡིན་པའི་རྣམ་དབྱེ་མི་རུང་པའི་ཕྱིར་དང༌། སངས་རྒྱས་རང་སྣང་ལ་གང་ཤར་བ་དེ་ནི་རང་རྒྱུད་ཀྱིས་བསྡུས། དེ་ལས་མ་གཏོགས་པའི་སྡུག་བསྔལ་གྱི་ཕུང་པོ་ནི་ཡོད་པ་མ་ཡིན་པའི་ཕྱིར་དང༌། ཡོད་ན་གཟུང་འཛིན་རྫ་གཞན་ཁས་བླངས་པས་ཐེག་པ་ཆེན་པོ་ལས་ཉམས་སོ། །གཉིས་པ་འཕྲོས་དོན་རྒྱས་པར་བཤད་པ་ལ་གཉིས་ཏེ། རྒྱུད་བླའི་ལུང་དོན་ཞིབ་མོར་དཔྱོད་དགོས་པ་དང༌། མ་འདྲེས་པའི་འཁོར་བ་ཅི་ལ་ཟེར་བསམ་པའོ། །དང་པོ་ནི། རྒྱུད་བླའི་ལུང་དེས་ས་ཐོབ་ནས་སྡུག་བསྔལ་གྱི་བདེན་པ་སྤངས་པས་ཁྱབ་པར་སྟོན་པ་མ་ཡིན་ཏེ། ལུང་དེའི་དོན་ས་ཐོབ་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྤངས་པར་སྟོན་པ་ཡིན་ལ། འཇིག་རྟེན་ཆོས་མཆོག་གི་ལུས་རྟེན་མ་བོར་བ་དེ་སྲིད་དུ་འདུ་བྱེད་ཀྱི་སྡུག་བསྔལ་མ་དོར་བ་ཡོད་པའི་ཕྱིར་དང༌། སོ་སོ་སྐྱེ་བོ་རྡོ་རྗེའི་ཐེག་པས་ཚེ་གཅིག་ལ་སངས་རྒྱ་བ་དེའི་ཚེ། ཇི་སྲིད་དུ་ས་བཅུ་གཉིས་པ་མངོན་དུ་མ་བྱས་པ་དེ་སྲིད་དུ། ཉེར་ལེན་གྱི་ཕུང་པོ་མ་དོར་བར་ཡོད་པའི་ཕྱིར། དེ་ལྟ་ན་ཡང་ནག་པོ་ཟང་ཐལ་དུ་མི་འདོད་དེ། སངས་རྒྱས་པའི་ཚེ་ཕུང་པོ་དེ་དོར་ཟིན་པའི་ཕྱིར་ཏེ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་འགགས་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཀྱི་སར་མ་འདྲེས་པའི་འཁོར་བ་དང༌། སྡུག་བསྔལ་ཡོད་ཅེས་པ་དེ་སུ་ཞིག་གི་ལུགས་ཡིན་པ་དང༌། ལུང་གང་ནས་བཤད་ནི་རྩད་མ་ཆོད། དེས་འཁོར་བ་དང་སྡུག་བསྔལ་གྱི་གོ་ཆོད་ན་ནི། སངས་རྒྱས་ཀྱི་སར་ཡོད་པ་འགལ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཞེས་པའི་ལུང་དེས། འཇམ་དཔལ་གྱི་ཡེ་ཤེས་ལ་ཤར་བའི་སྡུག་བདེན་གྱི་རྣམ་པ་དེ་སྡུག་བདེན་དངོས་སུ་སྟོན་པ་མ་ཡིན་ཏེ། རྣམ་པ་དེ་འཇམ་དཔལ་གྱི་མཁྱེན་པས་བསྡུས་པའི་ཕྱིར་དང༌། འཇམ་དཔལ་གྱི་མཁྱེན་པ་ནི་དག་སྣང་འབའ་ཞིག་པ་ཉིད་ཀྱི་ཕྱིར། དཔེར་ན་རྣལ་འབྱོར་པའི་ཉམས་ཀྱི་སྣང་བ་ལ་ཤར་བའི་འཁོར་བའི་ཆོས་ཇི་སྙེད་པ་དེ་དངོས་མ་ཡིན་པར་བཤད་པ་བཞིན་ནོ། །དེ་ཡང་གང་ཞེ་ན། དེ་འདྲ་དེ་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཞེས་དང༌། འཁོར་བར་སྣང་ཡང་འཁོར་བའི་ཆོས་ཀྱིས་སྟོང་ཞེས། གཞན་སྟོང་གི་ཚུལ་དུ་བཤད་པ་ཡིན་ནོ། །དེ་སྐད་དུ་ཡང༌། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་དང༌། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་དང༌། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་འབྱུང་ངོ༌། །དེ་ནས་འདི་ལྟར་ཤེས་དགོས་ཏེ། འཁོར་བ་དང་སྡུག་བསྔལ་འབའ་ཞིག་ཏུ་མ་ཟད། སྤྱིར་ཤེས་བྱ་ཐམས་ཅད་ལ། ཀུན་བཏགས་པ་དང༌། རྣམ་པར་བཏགས་པ་དང༌། ཆོས་ཉིད་ཀྱི་དེ་དང་དེ་ཞེས་བྱ་བ་གསུམ་གསུམ་དུ་འབྱེད་དགོས་པར་ཁུངས་ཐུབ་ཀྱི་མདོ་དང་རྒྱུད་སྡེ་རྣམས་ལས་གསུངས་སོ། །དེའི་ཚེ་ན་སྡུག་བསྔལ་གྱི་བདེན་པ་ལ་གསུམ་གྱི་ཟླས་ཕྱེ་བའི་ཆོས་ཉིད་ཀྱི་སྡུག་བསྔལ་ཞེས་བྱ་བ་ནི། སྡུག་བསྔལ་གྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་ལ་ཟེར་བ་ཡིན་ལ། དེས་ཤེས་བྱ་ཐམས་ཅད་ལ་རིགས་འགྲེ་ཞིང༌། དེའི་ཚེ་ན་ཆོས་ཉིད་ཀྱི་སྡུག་བསྔལ་དེ་སངས་རྒྱས་ཀྱི་སར་ནི་དག་པའི་སྣང་བ་འབའ་ཞིག་ཏུ་འཆར་གྱི། མ་དག་པའི་སྡུག་བསྔལ་དུ་མི་འཆར། རྣལ་འབྱོར་པའི་མཉམ་གཞག་ཏུ་ནི་དེ་འདྲ་དེ་མ་དག་པའི་སྡུག་བསྔལ་གྱི་རྣམ་པར་སྣང་ཡང༌། དེས་སྟོང་པའི་སྟོང་གཟུགས་ཞེས་བྱ་བ་དེར་འཆད་པ་ཡིན། རྣལ་འབྱོར་པ་མ་ཡིན་པའི་སེམས་ཅན་ལ་ནི་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པའི་སྡུག་བསྔལ་རང་རྒྱུད་པར་སྣང་ཞིང་ཉམས་སུ་མྱོང་བའོ། །དོན་འདི་དག་ལ་ནི་ལམ་འབྲས་ལས་སྣང་བ་གསུམ་ཞེས་བཤད་དོ། །མདོར་ན་ཉན་ཐོས་དང༌། རང་སངས་རྒྱས་དང་སངས་རྒྱས་ཏེ་ཐེག་པ་གསུམ་ཀའི་མྱང་འདས་ཀྱི་དབྱིངས་སུ་ནི་རྣམ་སྨིན་གྱི་སྡུག་བསྔལ་ལྟ་ཅི་སྨོས། སྡུག་བསྔལ་གྱི་བག་ཆགས་ཙམ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། མཁྱེན་ནས་དྲིས་སོ་དྲིས་ནས་མཁྱེན། །དོགས་ནས་དཔྱད་དོ་དཔྱད་ནས་དོགས། །ཤེས་ནས་བཤད་དོ་བཤད་ནས་ཤེས། །དྲི་སར་དྲི་སོ་ཞུ་སར་ཞུས། །དགྱེས་ཕྱིར་ཕུལ་ལོ་ཕུལ་ཕྱིར་དགྱེས། །གནང་སྦྱིན་ཞུའོ་ཞུ་སྦྱིན་གནང༌། །མྱུར་དུས་མཇལ་ལོ་མཇལ་དུ་མྱུར། །མཇལ་ནས་དགྱེས་སོ་དགྱེས་ན་མཇལ།།  །།སྭསྟི། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །མ་བསྒོམས་འཚང་རྒྱ་འཕོ་བ་ཡི། །གནས་འདི་ལྷུག་པར་བཤད་དཀའ་ཡང༌། །ཇི་ལྟར་ནུས་པའི་ལན་འཚལ་ལོ། །འདི་ལ་གཉིས་ཏེ། དངོས་ལན་བསྡུས་ཏེ་བཏབ་པ་དང༌། མཐའ་ཆོད་རྒྱས་པར་བཤད་པའོ། །དང་པོ་ནི། སྡིག་པོ་ཆེ་ལམ་གང་ལ་ཡང་མ་སྦྱངས་པར་འཕོ་བའི་ཆོ་ག་ཡིན་ངོ་ཤེས་པ་གཅིག་གིས་འཕོས་མ་ཐག་ཏུ་འབྲས་བུ་སངས་རྒྱས་མངོན་དུ་བྱེད་ནུས་པ་མིན་ཏེ། རྒྱུ་ཚོགས་གཉིས་མ་བསགས་པར་འབྲས་བུ་སངས་རྒྱས་མི་འབྱུང་བའི་ཕྱིར། སངས་རྒྱས་སུ་མ་ཟད་འཕགས་ལམ་གྱི་ཡེ་ཤེས་ཙམ་ཡང་མངོན་དུ་བྱེད་ནུས་པ་མིན་ཏེ། དེར་འཇོག་པ་ལ་མཚོན་བྱ་དོན་གྱི་ཡེ་ཤེས་མངོན་དུ་བྱེད་དགོས་ལ། ལམ་གང་ལ་ཡང་མ་སྦྱངས་པར་དེ་མངོན་དུ་བྱེད་པའི་ཐབས་མི་སྲིད་པའི་ཕྱིར། ལམ་གཞན་གང་ལ་ཡང་མ་བསླབ་པ་ཡིན་མོད། འཕོ་བའི་ཆོ་ག་ཉིད་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་སོ་ཞེ་ན། དུས་དེར་མཚོན་བྱེད་དཔེའི་ཡེ་ཤེས་ཙམ་ཞིག་མངོན་དུ་བྱེད་པ་སྲིད་མོད། འཕོས་མ་ཐག་ཏུ་མཚོན་བྱ་དོན་གྱི་ཡེ་ཤེས་མངོན་དུ་བྱ་བའི་ལུང་མེད་པ་དང༌། མ་འཕོས་གོང་དུ་ལམ་ལ་གོམ་འདྲིས་མེད་པས། རང་འབྱུང་གི་ཡེ་ཤེས་མངོན་དུ་བྱེད་ནུས་པ་མ་ཡིན་ནོ། །འོ་ན་སྡིག་པོ་ཆེ་ལ་འཕོ་བ་མི་སྲིད་པའམ། སྲིད་ཀྱང་དགོས་པ་མེད་པར་འགྱུར་རོ་ཞེ་ན། མི་སྲིད་པ་མ་ཡིན་མོད། དགོས་པ་ནི། ངན་སོང་དུ་བར་མཚམས་མེད་པར་སྐྱེས་ངེས་ཀྱི་ལས་བྱས་པའི་མི་ཞིག་གིས་འཕོ་བའི་ཆོ་ག་ཚུལ་བཞིན་དུ་གྲུབ་པ་དེའི་ཚེ། ངན་སོང་དུ་མི་འགྲོ་བར་ངེས་པ་ཡིན་ཏེ། རླུང་སེམས་དབུ་མར་མ་ཚུད་ན་ནི་འཕོ་བའི་དོན་མེད་ལ། དེར་ཚུད་པ་ན་ངན་སོང་དུ་འཕོ་བའི་ལམ་ཐམས་ཅད་ཁེགས་པའི་ཕྱིར་རོ། །འོ་ན་དེ་འདྲ་དེ་གང་དུ་འགྲོ་ཞེ་ན། མཐོ་རིས་སུ་འགྲོ་སྟེ། ངན་སོང་གི་འགྲོ་བ་ཁེགས་ཤིང༌། ལས་ཉོན་གྱིས་སྐྱེ་བ་ནི་མ་ཁེགས་པའི་ཕྱིར། དེ་ལ་དེར་འགྲོ་བའི་རྒྱུ་བསོད་ནམས་ཆ་མཐུན་གྱི་དགེ་བ་ཇི་ལྟར་ཡོད་ཅེ་ན། སྐབས་དེར་དེ་ལ་ལྷ་དང་བླ་མ་ཡིད་ལ་བྱ་བ་སོགས་མེད་ན་ནི། སྡིག་པོ་ཆེའི་འཕོ་བར་མི་རུང་ལ། དེ་ཡོད་ན་དེའི་རྒྱུ་ལས་སོ། །གཉིས་པ་ཞིབ་མོར་བཤད་པ་ལ། གང་འཕོ་བའི་གང་ཟག་ནི་གཉིས་ཏེ། འདུས་བྱས་ཀྱི་དགེ་བ་གང་ཡང་མེད་པ་དང༌། ཡོད་པའོ། །དང་པོ་ནི། དགེ་རྩ་ཆད་པ་ད་ང༌། མཚམས་མེད་བྱས་པ་འཚམས་མ་འབྱོར་བ་ལྟ་བུ་སྟེ། གོང་དུ་གཏན་ལ་ཕབ་ཟིན་པ་དེ་ཉིད་དོ། །ཡོད་པ་ལ་གཉིས་ཏེ། ཐར་པ་ཆ་མཐུན་གྱི་དགེ་རྩ་ཡོད་པ་དང༌། དེ་མེད་ཀྱང་བསོད་ནམས་ཆ་མཐུན་ཡོད་པའོ། །ཕྱི་མ་དེ་ནི་འཕོས་མ་ཐག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དང་པོ་དེ་ལ་གཉིས་ཏེ། ཐེག་དམན་གྱི་དབང་དུ་བྱས་པ་དང༌། ཐེག་ཆེན་གྱི་དབང་དུ་བྱས་པའོ། །དང་པོ་ལ་ཡང་བདག་མེད་པའི་ལྟ་བ་ལ་ཐོས་བསམ་གྱི་གོམ་འདྲིས་ཡོད་པ་དང༌། མེད་པའོ། །ཡོད་པ་དེས་ནི་འཕོས་མ་ཐག་ཏུ་དམན་པའི་མཐོང་ལམ་མངོན་དུ་བྱེད་པར་ནུས་སོ། །མེད་པ་དེས་ནི་བསོད་ནམས་ཆ་མཐུན་ཅན་ཡིན་ན། མཐོ་རིས་སུ་དམན་པའི་རིགས་ཅན་དུ་འགྱུར་བར་མ་ཟད། དེ་མེད་ན་ཡང་དེར་ངེས་པ་ཡིན་ཏེ། འཕོ་བའི་ཆོ་ག་ཙམ་གྱིས་སྤྱིར་ངན་སོང་གི་འགྲོ་བ་ཁེགས་པའི་ཕྱིར། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ནི། ཐེག་ཆེན་གྱི་སེམས་བསྐྱེད་འཁོར་དང་བཅས་པ་ཡིན་ལ། དེ་ལ་ཡང་ཕར་ཕྱིན་གྱི་ཐེག་པ་པ་དང༌། སྔགས་ཀྱི་ཐེག་པ་པ་གཉིས་ལས། དང་པོ་དེ་སྟོང་པ་ཉིད་ཀྱི་ལྟ་བ་ཐོས་བསམ་གྱི་གོམ་འདྲིས་ཅན་ཞིག་ཡིན་ན་ནི། འཕོས་མ་ཐག་ཐེག་པ་ཆེན་པོའི་མཐོང་ལམ་པ་ཉིད་དུ་འགྱུར་རོ། །གོམ་འདྲིས་དེ་འདྲ་མེད་ན་ཡང་མཐོ་རིས་སུ་ཐེག་པ་ཆེན་པོའི་རིགས་ཅན་དུ་འགྱུར་རོ། །གཉིས་པ་རྡོ་རྗེ་ཐེག་པའི་དབང་དུ་བྱས་པ་ལ་ཡང༌། སྤྱིར་འཕོ་བའི་མན་ངག་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཁྱད་ཆོས་སུ་བཤད་ལ། དེའི་ལུགས་ཀྱི་འཕོ་བ་པོའི་གང་ཟག་ལ། རབ་འབྲིང་ཐ་མ་གསུམ་ལས། རབ་ནི་སྔགས་ཀྱི་ས་བཅུ་གཉིས་པ་ཚུན་ཆད་མངོན་དུ་བྱས། ཚེ་དེ་ལ་བཅུ་གསུམ་པ་མངོན་དུ་བྱེད་མ་ནུས་པ་ཞེས་བྱ་བའི་ཐ་སྙད་བྱས་པ་དེའམ། ཡང་རིམ་ལྔ་དང་ཆོས་དྲུག་པའི་ཐ་སྙད་ལྟར་ན། འོད་གསལ་གྱི་རྟོགས་པ་མཐར་ཕྱིན་པ་མངོན་དུ་བྱས་ཤིང༌། ཚེ་དེ་ཉིད་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་མ་ནུས་ན། འཕོས་མ་ཐག་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པར་ནུས་སོ། །འོད་གསལ་ལ་མཐར་ཕྱིན་མ་ཕྱིན་གྱི་དབྱེ་བས། ཟུང་འཇུག་ལ་ཡང་སློབ་པ་དང༌། མི་སློབ་པ་གཉིས་སུ་ཡོད་དོ། །འབྲིང་པོ་ནི། བསྐྱེད་རིམ་མཚན་ཉིད་པ་ལ་སྦྱངས་པ་སྔོན་དུ་སོང་ཞིང༌། རྫོགས་རིམ་གཏུམ་མོ་དང་སྒྱུ་ལུས་ཙམ་ལ་གོམས་འདྲིས་ཡོད་པ་ནི། འཕོས་མ་ཐག་སྔགས་ཀྱི་མཐོང་ལམ་མངོན་དུ་བྱེད་པར་ནུས་ལ། འདི་ལ་ནི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ་སྟེ། འཕོ་བས་འོད་གསལ་མངོན་དུ་བྱས་ཤིང༌། བདེ་བ་ཆེན་པོ་ལ་སྔོན་ནས་གོམ་འདྲིས་ཡོད་པའི་དོན་གྱིས་བདེ་སྟོང་ཟུང་དུ་ཆུད་པའི་ཕྱིར། འོད་གསལ་གྱི་ལམ་ལ་དོན་སྤྱིའི་ཚུལ་གྱིས་གོམས་འདྲིས་ཡོད་ན་ནི་འཕོ་བ་མ་བྱས་ཀྱང་འཆི་བ་འོད་གསལ་གྱི་དུས་སུ་འོད་གསལ་མ་བུ་འཕྲོད་ནས་ཆོས་ཉིད་མངོན་སུམ་དུ་མཐོང་བར་འགྱུར་རོ། །གང་ཟག་ཐ་མ་ནི། བསྐྱེད་རིམ་མཚན་ཉིད་པ་ལ་སྦྱངས་པ་སྔོན་དུ་སོང་ཞིང༌། རྫོགས་རིམ་གྱི་ལྟ་སྒོམ་སྣ་གཅིག་ཙམ་ལ་ཡང་གོམས་འདྲིས་མེད་པ་སྟེ། དེ་འདྲ་དེས་འཕོ་བའི་ཆོ་ག་ཚུལ་བཞིན་དུ་ཐེབས་ན་འཕོས་མ་ཐག་སྔགས་ལུགས་ཀྱི་མཚོན་བྱེད་དཔེའི་ཡེ་ཤེས་མངོན་དུ་བྱེད་ནུས་ཏེ། རླུང་སེམས་དབུ་མར་ཚུད་པའི་སྟོབས་ཀྱིས་སོ། །མདོར་ན་སྔགས་ལུགས་ཀྱི་འཕོ་བ་ཇི་སྙེད་པ་ནི་འཆི་བ་འོད་གསལ་མངོན་དུ་གྱུར་ཟིན་པ་དེའི་ཚེ་འཕོ་བ་དགོས་པ་ཡིན་ཏེ། དུས་མིན་དུ་འཕོས་ན་ལྷ་གསོད་པའི་ཉེས་པ་ལས་བྱུང་བའི་དབང་གིས་འཕོ་བ་ངན་སོང་གི་རྒྱུར་སོང་བ་སྲིད་པའི་ཕྱིར། སྔགས་ལམ་གྱི་འཕོ་བ་པོ་རབ་འབྲིང་དེ་དག་གིས། ལམ་ལ་གོམས་པ་དྲག་ཞན་གྱི་དབང་ལས་འཕོ་ས་དེ་དང་དེར། འཕོ་ཐུབ་པའི་ངེས་པ་མེད་ཀྱང༌། ངེས་པར་རིག་པ་འཛིན་པའི་གནས་སམ། མཁའ་ལ་སྤྱོད་པ་སོགས་ཀྱི་གནས་སུ་མི་སྐྱེ་བ་ནི་མི་སྲིད་དེ། ལྷ་དང་བླ་མའི་བྱིན་གྱིས་བརླབས་དང༌། སྙིང་རྗེ་དང་སྨོན་ལམ་དང༌། རླུང་སེམས་དབུ་མར་ཚུད་པའི་མཐུ་ལས་སོ། །དེར་སྐྱེས་ནས་རིམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །འདིར་སྨྲས་པ། འཕོ་སར་འཕོས་ན་སྐྱེ་སར་སྐྱེ། །སྐྱེ་སར་སྐྱེས་ན་གནས་སར་གནས། །རྟག་བརྟན་གཡུང་དྲུང་གཡུང་བརྟན་རྟག །གནས་ཡོད་གནས་སུ་བཞུགས་སར་བཞུགས། །མཆིད་དྲིས་གསུམ་པའི་ལན་ལེགས་པར་བཏབ་པ་འདི་གྲུབ་པའོ།།  །།རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཚུལ། །རྡོ་རྗེ་ཐེག་པ་པ་རྣམས་ལ། །རྡོ་རྗེའི་མཚན་ཅན་དེས་དྲིས་འཆད། །འདི་ལ་གཉིས་ཏེ། དངོས་ལན་བཏབ་པ་དང༌། དོགས་གཅོད་བཤད་པའོ། །དང་པོ་ནི། རྡོ་རྗེ་སེམས་དཔའི་བཟླས་པ་ཆོ་ག་བཞིན་འབྱུང་བ་ལ་སྒོམ་པའང་ཆོ་ག་བཞིན་བྱེད་དགོས་ལ། སྒོམ་བཟླས་ཆོ་ག་བཞིན་དུ་འབྱུང་བ་ལ་སེམས་གཞན་དུ་མ་གཡེངས་པ་ངེས་པར་དགོས་ཤིང༌། བཟླ་བྱའི་སྔགས་དེའི་ཀུན་སློང་གཞན་དུ་གཡེངས་ན་དེའི་ཚེ་འབུམ་ཕྲག་ལ་སོགས་པའི་གྲངས་ཀྱི་གོ་ཆོད་པ་མ་ཡིན་ནོ། །རྡོར་སེམས་ཀྱི་བཟླ་བྱའི་སྔགས་ལ་རྣམ་གྲངས་མང་ཡང༌། དྲི་བའི་སྐབས་འདིར་རྡོར་སེམས་ཀྱི་ཡིག་བརྒྱའི་དབང་དུ་མཛད་པར་གསལ་བས། བཟླས་པ་དེ་བྱེད་པའི་གནས་སྐབས་ལ་གཉིས་ཏེ། རྩ་ལྟུང་མ་བྱུང་གོང་དུ་ལམ་ཉམས་ལེན་གྱི་སྔོན་འགྲོར་བྱེད་པ་དང༌། རྩ་ལྟུང་ཅན་གྱིས་དེའི་དག་བྱེད་དུ་བྱེད་པའོ། །དང་པོ་ནི་རྩ་ལྟུང་མི་འབྱུང་བའི་ཐབས་ཁྱད་པར་ཅན་ལ་སློབ་པ་ཡིན་པས། ཕལ་ཆེར་རྩ་ལྟུང་འབྱུང་བ་མི་སྲིད་དོ། །མི་སྲིད་པ་དེ་ལ་ནི་རྩ་བ་ནས་འདག་མི་འདག་གི་དཔྱད་པ་མི་དགོས་ཏེ། དཔེར་ན་སྦལ་པའི་རལ་པ་བཞིན་ནོ། །གཉིས་པ་ནི་གལ་ཏེ་རྩ་ལྟུང་བྱུང་ཟིན་པ་དེའི་དག་བྱེད་དུ་སྒོམ་བཟླས་ཆོ་ག་བཞིན་དུ་བྱེད་པ་དེ་ལའང༌། གཉིས་ཏེ། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་སྐྱེས་ནས་བྱེད་པ་དང༌། མ་སྐྱེས་པར་བྱེད་པའོ། །དང་པོས་ནི་རྩ་ལྟུང་གི་བག་ཆགས་འཇོམས་ནུས་ཏེ། བདེ་སྟོང་ཟུང་འཇུག་པའི་ཡེ་ཤེས་ཀྱིས་འཇོམས་པར་མི་ནུས་པའི་སྔགས་ཀྱི་སྤང་བྱ་མི་སྲིད་པས་སོ། །སྒོམ་བཟླས་ཀྱི་ཚུལ་གཉིས་པ་དེས་ནི་རྩ་ལྟུང་གི་རྣམ་སྨིན་རྒྱང་སྲིང་བར་བྱེད་པ་ཡིན་གྱི། རྩ་བ་ནས་དྲུངས་འབྱིན་པ་མ་ཡིན་ཏེ། དཔེར་ན་སོ་ཐར་དང་བྱང་སེམས་སྡོམ་པའི་ལྟུང་བ་བཤགས་ཚུལ་རྣམས་བཞིན་ནོ། །གཉིས་པ་དོགས་གཅོད་ཞིབ་མོར་བཤད་པ་ལ། གཉིས་ཏེ། དངོས་ལན་སྔ་མའི་དོན་བཤད་པ་དང༌། ཕྱི་མའི་དོན་བཤད་པའོ། །དང་པོ་ནི། རྡོ་རྗེ་སེམས་དཔའ་སྒོམ་པ་ཆོ་ག་ཇི་ལྟ་བ་བཞིན་ནི། སྔགས་བླ་མེད་ལུགས་ཀྱི་བླ་མའི་རྣལ་འབྱོར་དཔྱིས་ཕྱིན་པ་དེ་ཡིན་ལ། དེ་འདྲ་དེ་བདེ་སྟོང་གི་ཡེ་ཤེས་དངོས་སུ་འདྲེན་བྱེད་ཀྱི་ཐབས་མཁས་ཡིན་པར་ནི་སྔགས་ལུགས་ཀྱི་མན་ངག་པ་ཀུན་མཐུན་པ་ཡིན་ནོ། །དེ་ལྟར་སྐྱེས་པའི་ཡེ་ཤེས་དེས་ནི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་རྩ་ལྟུང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་དང༌། སྐྱེས་ཟིན་གྱི་བག་ཆགས་རྩ་བ་ནས་དྲུངས་འབྱིན་ནུས་པར་ནི། མདོ་སྔགས་ཀྱི་གཞུང་ཆེན་འཆད་པ་མཐའ་དག་མཐུན་པ་ཡིན་ནོ། །དངོས་ལན་ཕྱི་མའི་གོ་དོན་ལ་གཉིས་ཏེ། རྣམ་སྨིན་རྒྱང་བསྲིངས་པའི་གོ་དོན་གང་ཡིན་པ་དང༌། རེ་ཤིག་རྒྱང་བསྲིངས་པ་དེ་མཐར་མྱོང་དགོས་སམ་པའི་ལན་དཔྱད་པའོ། །དང་པོ་ནི། རྩ་བའི་ལྟུང་བ་ཆེ་ཤོས་ཤིག་བྱུང་ན་དེས་སྔགས་ཀྱི་སྡོམ་པ་གཏོང་ཞིང༌། ལྟུང་བ་དེ་མ་བཤགས་ན་རྡོ་རྗེའི་དམྱལ་བར་སྐྱེ་ངེས་སུ་ཡོད་པ་དེ་ལ་སྒོམ་བཟླས་རགས་པ་དེའི་སྟོབས་ཀྱིས་ཞག་རེ་ལ་ལྟུང་བ་ཉིས་འགྱུར་དུ་འཕེལ་རུང་མི་འཕེལ་བར་བྱས་ཤིང༌། ལྟུང་བ་གཅིག་པོ་དེའི་རྣམ་སྨིན་ཀྱང་སྐྱེ་བ་ཕྱི་མ་དེ་ཉིད་དུ་མྱོང་བ་མ་ཡིན་པར་བྱས་པ་ལ། འོན་ཀྱང་བག་ཆགས་མ་དག་པའི་དོན་གྱིས་སྐྱེ་བ་གཞན་ལ་མྱོང་རུང་དུ་ཡོད་པ་ནི་མ་ཁེགས་སོ། །གཉིས་པ་ནི་དེ་ལྟར་མ་ཁེགས་ཀྱང་རྣམ་སྨིན་དེ་གཏན་མི་མྱོང་བ་ཡང་སྲིད་པ་ཡིན་ཏེ། བཤགས་པ་དེའི་སྟོབས་ཀྱིས་ལྟུང་བ་དེ་མ་ངེས་པའི་ལས་སུ་བྱས་པའོ། །དེ་ལྟར་བྱས་པའི་འོག་ཏུ་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བླངས་ཤིང་ཐོབ་པས་ནི། སྔོན་གྱི་རྩ་ལྟུང་དེའི་བག་ཆགས་མ་དག་ཀྱང༌། ལྟུང་བ་དེའི་བག་ཆགས་ཡོད་པ་དེ་རྣམ་སྨིན་མི་འབྱིན་པར་ངེས་པའི་ལས་སུ་བྱས་པའོ། །ཡང་རྩ་ལྟུང་ཅན་གྱི་གསང་སྔགས་པས་སྒོམ་བཟླས་ཀྱི་ཆོ་གས་རྩ་ལྟུང་དག་པར་བྱས་ཀྱང༌། གསང་སྔགས་པ་ཉིད་དུ་ཚུད་པ་ལ་ནི། སླར་ཡང་ལས་དང་པོ་པ་བཞིན་དུ་དབང་བསྐུར་བ་རྩ་བ་ནས་བླང་དགོས་ཏེ། སྔགས་ཀྱི་སྡོམ་པ་ལེན་དགོས་པས་སོ། །དཔེར་ན་བྱང་སེམས་ཀྱི་སྡོམ་པའི་སྐབས་བཞིན་ནོ། །ཞེས་བྱ་བ་འདི་གྲུབ་པའོ།།  །།དེ་ལས་འཕྲོས་པའི་དྲི་བ། སྒྲིབ་པ་ཕྲ་མོ་འདག་པ་ལ་ཡང་དག་པའི་དོན་ངེས་པར་རྟོགས་དགོས་སམ་ཞེས་པ་ནི། ངེས་པར་དགོས་པ་ཡིན་ཏེ། ཕར་ཕྱིན་ལུགས་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མཐར་མ་ཕྱིན་ན་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤངས་པ་མི་སྲིད་ཅིང༌། སྔགས་ལུགས་ཀྱི་བདེ་སྟོང་མངོན་སུམ་དུ་རྟོགས་པ་མཐར་མ་ཕྱིན་ན། བདེ་ཆེན་གྱི་སྒྲིབ་པ་ཕྲ་མོ་སྤངས་པ་མི་སྲིད་པའི་ཕྱིར། དེ་ལྟ་ན་ཡང་ཐེག་པ་ཆེན་པོའི་ཚུལ་གཉིས་པོ་གནས་ལུགས་ཀྱི་དོན་རྟོགས་པའི་ཐབས་ལ་ཟབ་མི་ཟབ་ཀྱི་ཁྱད་པར་དང༌། རྟོགས་པ་མྱུར་བུལ་གྱི་ཁྱད་པ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བས་ཁྱད་པར་དུ་བྱས་པའི་ལྟ་བ་ནི་སྔགས་ལུགས་ཀྱི་ཡང་དག་པའི་དོན་ཡིན་པར་ངེས་སོ།།  །།ཡང་འཕྲོས་པའི་མཆིད་དྲིས་གཅིག་ནི། ཇི་སྐད་དུ། ཡིད་བྱེད་ཀྱི་མཁན་པོ་ཟད་ཙ་ན། །དཀར་ནག་གི་ལས་ལ་འབྲས་བུ་མེད། །ཅེས་ཡང་དགོན་པས་བཤད་པ་དེ་གློ་བ་ལ་ལྗེན་ནམ་ཞེས་གསུངས་པ། ཁོང་གི་དགོངས་པ་གང་ལ་གཏད་མི་ཤེས་ཀྱང༌། སྡེ་སྣོད་ཀྱི་ལུང་དང་མཐུན་པར་བཤད་ན། འདི་ལྟར་ལྟ་བས་སྤྲོས་པ་གཅོད་པ་མཐར་ཐུག་པའི་ཚེ། ཡིད་བྱེད་ཀྱི་མཁན་པོ་ཟད་པ་ཞེས་བྱ་སྟེ། དེའི་ཚེ་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་འགགས་པའི་ཕྱིར། དེའི་རིགས་དོན་དཀར་ནག་གི་ལས་ཉིད་ཀྱང་མ་དམིགས་ན། དེའི་འབྲས་བུ་ལྟ་ཅི་སྨོས། བོད་ཕྱི་མ་གང་དག རྣམ་རྟོག་མི་འགོག་པར་སྤྲོས་བྲལ་གྱི་རྣམ་གཞག་ཁས་ལེན་པ་ནི། ཀླུ་སྒྲུབ་དང་ཐོགས་མེད་ཀྱི་ལུགས་གཉིས་ཀ་དང་མི་མཐུན་ཞིང༌། མན་ངག་གི་གཞུང་ཀུན་དང་འགལ་ལོ། །ཇི་ལྟར་ཞེ་ན། དགག་བྱ་སྤྲོས་པ་ནི་བདེན་གྲུབ་ལས་གཞན་ལ་བཤད་མ་ནུས་ཤིང་སྤྲོས་བྲལ་ཡང་དགག་བྱ་གཅིག་བུ་དེ་ལས་གཞན་བདེན་མེད་སོགས་ཀྱི་མཐའ་མ་བཀག་པས་ཉི་ཚེ་བ་ཙམ་དུ་ཟད་པས་སོ། །ཡང་དགོན་པའི་གསུང་འདིའི་དོན་འདི་ལྟར་ཡང་འཆད་ནུས་ཏེ། དཀར་པོ་ཞེས་པ་ཟག་བཅས་ཀྱི་ལས་དགེ་བ་ལ་འཆད་པར་ཆོས་མངོན་པ་ལས་གསུང་པ་བཞིན་དུ་དེ་ལ་ངོས་བཟུང་ནས། ཡིད་བྱེད་ཀྱི་མཁན་པོ་ཞེས་པ་རྣམ་པར་རྟོག་པ་ཟད་པའི་ཚེ་ན། དཀར་ནག་གི་ལས་གཉིས་ཀ་བྱེད་པ་པོ་མེད་པའི་ཕྱིར་ན་དེའི་འབྲས་བུ་ལྟ་ཅི་སྨོས། རྟོག་པ་དེ་ནམ་གྱི་ཚེ་ཟད་སྙམ་ན། སྡེ་སྣོད་པ་དག་ས་བརྒྱད་པ་ནས་ཟད་པར་འཆད་ལ། ཡང་དག་པར་ན་གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པའི་ངོ་ན་ཟག་བཅས་ཀྱི་ལས་བསོགས་པ་མེད་དོ། །ཇི་སྐད་བཤད་པ་དེ་དག་ནི་མཉམ་གཞག་གི་ལྟ་བས་ལ་ཟློ་བའི་དབང་དུ་བྱས་པ་ཡིན་ལ། རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ནི་ཡིད་བྱེད་ཀྱི་མཁན་པོ་ཟད་པ་སངས་རྒྱས་ཀྱི་སར་ནག་པོའི་ལས་ཀྱི་འབྲས་བུ་མེད་མོད། དཀར་པོའི་ལས་ཀྱི་འབྲས་བུ་ནི་ཤིན་ཏུ་ཡང་ཡོད་དེ། ཟག་པ་མེད་པའི་ལས་དག་གི་འབྲས་བུ་ཆོས་ཀྱི་སྐུ་དང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྣམ་སྨིན་ནམ། ཡང་ན་དབང་གི་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུ་དང༌། ཟག་པ་མེད་པའི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ལ་ཉེ་བར་ལོངས་སྤྱོད་པ་དག་ཡོད་པའི་ཕྱིར་རོ། །འདིར་སྨྲས་པ། དོན་ཡོད་འདི་དོན་ཡོད་པ་དབང་པོ་ཡི། །རྡོ་རྗེ་ལྟ་བུར་ཐོགས་པ་མེད་རྒྱལ་པོ། །རབ་བརྗིད་ཁྱོད་རབ་བརྗིད་ཁྱོད་ཁྱོད་ཀྱི་སྐུ། །གསུང་སྙན་དེ་གསུང་སྙན་དེའང་དེ་ཡི་གསུང༌། །ཐུགས་གསལ་ཉིད་ཐུགས་གསལ་ཉིད་ཉིད་ཀྱི་ཐུགས། །དཔལ་ལྡན་མཁྱེན་དང་བརྩེ་དང་ནུས་དང་མཛད་ལྡན་དཔལ། །གང་འདོད་ཤེས་སར་དྲིས་པས་དྲིས་སར་ཤེས་འདོད་གང༌། །རྣམ་པར་དཔྱོད་དང་འགྲུས་དང་ཐུགས་རྗེ་ཡིས། །འཛམ་བུའི་གླིང་ཆེན་བདེ་བར་འཚོ་མཛད་པའི། །ས་སྐྱོང་འདེགས་བྱེད་སྐྱེ་རྒུའི་བསོད་ནམས་ཀྱི། །དབང་ཆེན་གཞི་ལ་རྟག་པར་ཞབས་བརྟན་ཤོག །ཅེས་ས་ཆེན་སྐྱོང་མཛད་ཤྲཱི་ཨ་མོ་གྷ་བཛྲ་ར་ཛའི་གསུང་གི་མཆིད་དྲིས་སུ་སྤྲིངས་པའི་ཞུས་ལན་ལེགས་པར་བཤད་པ་གསེར་གྱི་རྔ་སྒྲ་ཞེས་བྱ་བ་འདི་ནི། ཡུལ་དབུས་ཀྱི་ཀློག་པ་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་ཆུ་མིག་རིང་མོའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་ནས་ཕུལ་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  ༈  །།གཤེད་དམར་གྱི་རྟེན་དང་བརྟེན་པར་བཅས་པའི་ངོས་འཛིན་གྱི་ཞུས་ལན།། ༄། །སྭསྟི། འཇམ་པའི་དབྱངས་ལ་ཕྱག་བྱས་ནས། །གཤིན་རྗེའི་གཤེད་པོ་རྟེན་དང་ནི། །བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི། །ངོས་འཛིན་གསལ་བར་བཤད་བྱ་བ། །གཤིན་རྗེ་དང་ནི་དེའི་གཤེད་པོ། །སོ་སོར་ངོས་འཛིན་བྱོས་ཤེ་ན། །སྤྱིར་བཤད་པ་དང་སྐབས་ཀྱི་དོན། །སོ་སོར་ཕྱེ་ནས་འདིར་བསྟན་བྱ། །དང་པོ་ཡུལ་ཅན་དབང་གིས་ནི། །ཡུལ་གྱི་འཆར་སྒོ་ཀུན་འབྱུང་ཕྱིར། །ཡུལ་ཅན་རྣམ་ཤེས་ཡེ་ཤེས་ཏེ། །བདེན་པ་གཉིས་སུ་འཇོག་བྱེད་དོ། །རྣམ་ཤེས་མ་རིག་དབང་གིས་ནི། །ཡུལ་ཇི་བཞིན་དུ་མི་ཤེས་པ། །ཉིད་ཕྱིར་ཡང་དག་མིན་རྟོག་དང༌། །དེ་ལས་ལྡོག་པ་ཡེ་ཤེས་སོ། །རྣམ་ཤེས་ཁ་ཕྱིར་བལྟས་པ་དང༌། །རང་གི་ངོ་བོ་ནང་བལྟ་ཡི། །དབྱེ་བས་ཚོགས་པ་གཅིག་གནས་སུ། །འཁོར་དང་མྱ་ངན་འདས་པར་དབྱེ། །ཉེར་ལེན་གཅིག་ལས་སྐྱེས་གྱུར་ཀྱང༌། །ནང་བལྟ་གསལ་རིག་ཡེ་ཤེས་ནི། །ཡུན་དུ་གོམ་པས་ཕྱིར་བལྟ་བའི། །ཡུལ་སྣང་རིམ་གྱི་འགག་པར་བྱེད། །ཕྱིར་བལྟ་གོམས་ཀྱང་མཐའ་མེད་དུ། །འཕེལ་མི་སྲིད་དེ་འཁྲུལ་བའི་ཕྱིར། །ཡེ་ཤེས་གོམས་པས་མཐའ་མེད་དུ། །འཕེལ་བར་འགྱུར་ཏེ་མ་འཁྲུལ་ཕྱིར། །སེམས་ལ་སེམས་མ་མཆིས་པ་དང༌། །སེམས་ཀྱི་རང་བཞིན་འོད་གསལ་བར། །གསུངས་དོན་འདི་ཡིན་འཁོར་བ་ལས། །གཉེན་པོ་ལོགས་ནས་ཚོལ་མི་དགོས། །གཉིས་པ་སྐབས་གྱི་དོན་བཤད་པ། །གཤིན་རྗེ་ཉོན་མོངས་དུག་ལྔ་པོ། །ཡིན་ནོ་གཤེད་པོ་དུག་ལྔ་ཡི། །ངོ་བོ་རང་རིག་རང་གསལ་བ། །དེ་ཚེ་ཆོས་ཅན་ཆོས་ཉིད་ཕྱིར། །ཐོག་མེད་དུས་ནས་གཞི་གཅིག་ཏུ། །གནས་ཀྱང་གནོད་བྱ་གནོད་བྱེད་དུ། །འགྱུར་བ་གོམས་པར་བྱེད་ལ་ལྟོས། །འོ་ན་གཤིན་རྗེ་དང་གཤེད་པོའི། །གནས་ཚུལ་དེ་འདྲ་གཞི་དུས་ནས། །ཡིན་ན་སྔགས་ཀྱི་ཐེག་པ་ཡི། །ཟབ་ཁྱད་གང་ལས་འབྱུང་ཞེ་ན། །གཤིན་རྗེ་གཤེད་པོའི་བསྒྲུབ་གཞི་དེ། །ཕར་ཕྱིན་དབུ་མ་པས་ཤེས་མོད། །སྒྲུབ་ཐབས་དཀྱིལ་འཁོར་འཁོར་ལོ་ཡི། །བསྒྲུབ་ཚུལ་སྔགས་ཀྱི་ཁྱད་ཆོས་སོ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ལོ། །རྣལ་འབྱོར་པ་རང་ཉིད་ཀྱི་ནི། །གཉིས་མེད་ཡེ་ཤེས་སུ་ཡོད་ན། །རྒྱུ་ཡི་དུས་སུ་འབྲས་ཡོད་པ། །གྲངས་ཅན་ལུགས་སུ་ཐལ་མིན་ནམ། །ཞེ་ན་གྲངས་ཅན་ཀུན་རྫོབ་ཀྱི། །རྒྱུ་འབྲས་དུས་མཉམ་འདོད་པ་དང༌། །འདིར་ནི་རང་བཞིན་རྣམ་དག་གི །སངས་རྒྱས་སེམས་ཅན་དུ་ཉིད་ནས། །ཡོད་པར་བཞེད་པ་མི་མཚུངས་ཏེ། །དོན་དམ་གཞི་འབྲས་དབྱེར་མེད་པ། །བློར་མི་ཤོང་ན་གསང་སྔགས་ཀྱི། །བསྒྲུབ་ཚུལ་ཤེས་པ་ལྟ་ཅི་སྨོས། །གལ་ཏེ་དཀྱིལ་འཁོར་འདིར་གཏོགས་ལ། །གཤིན་རྗེ་དང་ནི་གཤེད་པོ་གཉིས། །སོ་སོར་འབྱེད་དམ་གཤེད་པོ་ཉིད། །ཁོ་ནར་ངེས་པ་ཡིན་ཞེ་ན། །མཉམ་པར་བཞག་པའི་རྣལ་འབྱོར་གྱི། །སྒྲུབ་པ་པོ་དང་སྒྲུབ་ཐབས་ཀུན། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ལས། །གཞན་ཡོད་མིན་ཕྱིར་རྡོ་རྗེ་ཡི། །རྭ་བའི་ནང་དུ་གང་ཆུད་པ། །ཀུན་ཀྱང་དོན་དམ་བདེན་ཁོ་ན། །འདི་ལྟར་ཉོན་མོངས་ལྔ་པོ་ལ། །ཀུན་རྫོབ་དོན་དམ་དུ་ཕྱེ་ནས། །ཆགས་དང་ཆགས་ཆེན་ཞེ་སྡང་དང༌། །ཞེ་སྡང་ཆེན་པོ་གཏི་མུག་དང༌། །གཏི་མུག་ཆེན་པོ་སོགས་འབྱེད་པར། །རྒྱུད་ལས་གསུངས་དང་ཤེར་ཕྱིན་དུ། །ཤེས་བྱ་ཀུན་ལ་བདེན་གཉིས་སུ། །ཕྱེ་བའི་ཕྱིར་ན་ཀུན་རྫོབ་ཀྱི། །ཆགས་དང་སྡང་སོགས་གཤིན་རྗེ་དང༌། དོན་དམ་ཆགས་སྡང་སོགས་གཤེད་པོ། །ཉིད་ཕྱིར་འབྱུང་བ་རིམ་རྩེགས་དང༌། །བུམ་པའི་བདུད་རྩི་ཀླད་ཆེན་དང༌། །དབྱུག་པ་མི་མགོ་ཐོད་པ་སོགས། །དོན་དམ་དབང་བྱས་དེ་དང་དེར། །ངེས་སོ་ཀུན་རྫོབ་དབང་བྱས་ཀྱི། །དེ་དང་དེར་ཞེན་པ་འདིར་ནོངས། །འོ་ན་ཀུན་རྫོབ་བདེན་པའི་ཡང༌། །བསྒྲུབ་གཞི་དོན་དམ་བདེན་མིན་ནམ། །ཞེ་ན་རྩ་བ་ཆོས་དབྱིངས་ལས། །མ་གཏོགས་བསྒྲུབ་གཞི་མེད་མོད་ཀྱང༌། །སྒྲུབ་བྱེད་ཡེ་ཤེས་ཉིད་ཀྱིས་དང༌། །ལས་དང་ཉོན་མོངས་ཀྱིས་གྲུབ་པའི། །ཁྱད་པར་ཤེས་ན་གསང་སྔགས་ཀྱི། །གསང་ཆེན་མ་ལུས་ཤེས་པར་འགྱུར། །སྒྲུབ་པ་པོ་རང་ཉིད་ཀྱི་སེམས། །དབུ་མར་ཚུད་པས་གཤིན་རྗེ་ཡི། །འཇོམས་བྱེད་དཔའ་བོ་ཉིད་དང་ནི། །རེ་ཤིག་གཟུང་འཛིན་ལམ་ཉིད་དུ། །བཅུག་པས་འཇིག་རྟེན་ཚེ་གྲུབ་པ། །དེ་ཚེ་ལྕགས་ལ་དངུལ་ཆུའི་དཔེས། །རྡོ་རྗེའི་སྐུ་གསུང་ཐུགས་གསུམ་པོ། །འགྲུབ་པའི་ཐབས་མཁས་ཤེས་པར་བྱ། །ཞེས་བྱ་བ་འདི་ནི་ས་སྐྱོང་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གསུང་གིས་ཉེ་བར་བསྐུལ་བའི་ཞལ་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མེ་ཕོ་སྟག་གི་ལོ་སྟོན་ཟླ་ཐ་ཆུང་གྱི་ཐོག་མ་ཉིད་ནས་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ།།  །།  ༄༅། །ཨོཾ་སྭསྟི་སིདྡྷཾ། སྣ་ཚོགས་འབྱིན་བྱེད་བསོད་ནམས་བརྒྱས་བྱིན་པོ། །ནམ་ཡང་འགྱུར་མེད་བདེ་ལ་རོལ་དེ་དང༌། །འཇུག་པ་རྣམ་བཅུའི་གར་བྱེད་མཁན་དེས་ཀྱང༌། །ཁྱོད་ཞབས་ཡང་མཚན་གྱུར་པ་ཤཱཀྱའི་སྲས། །ཉིད་གསུང་ལམ་ཆེན་བོད་ཡུལ་འདིར་འདྲེན་པོ། །སྤྱན་རས་གཟིགས་དབང་རྒྱལ་པོའི་སྐུར་བཞེངས་ནས། །མངོན་པར་མཐོ་དང་ངེས་པར་ལེགས་པའི་ལམ། །དགེ་བཅུའི་ཁྲིམས་དང་ཡི་གེའི་སྦྱོར་བས་སྤེལ། །དེ་ནས་འཇམ་དབྱངས་བཀའ་གྲུབ་པ། །ཁྲི་སྲོང་བཙན་པོའི་སྐུ་རིང་ལ། །དགུ་བརྒྱ་གོ་དགུའི་ལོར་འཚོ་བའི། །མཁན་ཆེན་རྒྱལ་བའི་སྲས་འདིར་བྱོན། །ཟབ་ཡངས་བསྟན་པའི་རྒྱ་མཚོ་དང༌། །ཁྱད་པར་འདུལ་ཁྲིམས་ཡོངས་རྫོགས་པ། །བཤད་ལུང་ཀུན་བཅས་དང་པོར་ཚུགས། །ཡུན་ལོ་ཉིས་བརྒྱའི་བར་དུ་བཞུགས། །དེ་ནས་འདུལ་ཁྲིམས་ཐུན་མཚམས་སུ། །ནག་པོའི་སྤྲིན་གྱིས་བསྒྲིབས་གྱུར་པ། །སྲན་མ་ཚུགས་པར་བློ་བཟང་འགས། །མདོ་སྨད་ཡུལ་གྱི་ཕ་མཐར་འདྲོངས། །དེ་ཚེ་ལོ་གྲངས་བརྒྱར་ལོན་པའི། །དུས་སུ་དབུས་གཙང་མི་བཅུ་ཡིས། །འདུལ་ཁྲིམས་བསྙེན་རྫོགས་ཀུན་ཚང་བ། །སྤྱན་དྲངས་སྡེ་པ་སོ་སོ་ཡི། །གཙུག་ལག་ཁང་ཆེན་མང་དུ་འཕེལ། །ཡོད་སྨྲའི་སྡེ་པར་གཅིག་པ་དང༌། །མཚམས་གཞན་སོ་སོ་ཐ་དད་ཕྱིར། །དགེ་འདུན་དབེན་དུ་མ་གྱུར་ཞིང༌། །མཐུན་པ་བདེ་བས་འཚོ་བཞིན་དུ། །གང་བ་དེ་ནི་དེང་དུས་བར། །ལོ་གྲངས་དྲུག་བརྒྱའི་ཚད་ཙམ་སྟེ། །སྐབས་དེར་སྨོན་ལམ་འོད་ཅེས་པའི། །འདུལ་འཛིན་ཤ་མིས་གཞི་གསུམ་གྱི། །རྣམ་གཞག་ལ་སོགས་ལག་ལེན་ཀུན། །ཚུགས་ནས་རྒྱུན་མ་ཆད་ཅེས་ཐོས། །དེ་ནས་ཕྱི་དུས་སྐབས་ཞིག་ཏུ། །མཚུངས་བྲལ་ཁ་ཆེའི་པཎ་ཆེན་ཕེབས། །འདུལ་ཁྲིམས་སྐྱེ་དང་གནས་པ་དང༌། །ཕྱིར་བཅོས་ཡན་ལག་ཀུན་ཚང་བའི། །གཞི་གསུམ་རྣམ་གཞག་ལོ་རེ་བཞིན། །རྒྱུན་མི་ཆད་པར་འཛིན་སྟེངས་སུ། །སྦྱངས་པའི་ཡོན་ཏན་ཕལ་ཆེ་བ། །སྦྱོང་བྱེད་འདུལ་ཁྲིམས་སྲོལ་ཆེན་པོ། །འཁྲུལ་མེད་ཚུགས་ནས་དེང་དུས་བར། །ཕྱེད་བཅས་སུམ་བརྒྱའི་ལོ་གྲངས་ཙམ། །འདུལ་ཁྲིམས་སྤྱད་པ་ཐ་སྙད་ཕྱིར། །སྡོམ་རྒྱུད་དག་མ་དག་ཅེས་པའི། །དབྱེ་བ་དཀའ་ཡང་མཁན་རྒྱུད་དང༌། །སྦྱངས་པའི་དགེ་བས་འདི་མཆོག་འཛིན། །ཉེ་དང་རིང་དུ་མི་འགྲོ་བའི། །ཐབས་ནི་གསོ་སྦྱོང་ཡོན་ཏན་ཚོགས། །འཕེལ་བྱེད་དབྱར་གནས་ཉེས་པ་ལས། །སློང་དང་དབྱེན་དང་རྩོད་ཞི་བའི། །ཐབས་མཆོག་དགག་དབྱེའི་ཆོ་ག་རྣམས། །འཁྲུལ་མེད་ལག་ལེན་དུ་མཛད་པ། །དུས་གང་ཚེ་དང་ཡུན་ཇི་ཙམ། །བཞེད་ཚུལ་སྲོལ་འབྱེད་གཉིས་པ་ལྟར། །མཛད་ན་བསླབ་སྦྱངས་རྒྱ་ཆེ་ཞིང༌། །ལུས་སེམས་བདེ་བར་གནས་སོ་ཞེས། །བུ་སྟོན་མཁས་པའི་གསུང་ལས་བྱུང༌། །དེར་དགོངས་པ་ནི་སྟོན་ཐ་སོགས། །ངོས་འཛིན་འཇིག་རྟེན་བསྟན་བཅོས་དག །ཟླ་བ་རེ་རེའི་ཁྱད་ཞུགས་པ། །ཡིན་ཞེས་གསུང་བ་འདི་གྲུབ་བོ།།  །།  ༄༅། །ཨོཾ་སྭསྟི་སིདྡྷཾ། དུས་འཁོར་ལ་སོགས་མང་དག་ཏུ། །ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །གཞི་ལམ་འབྲས་བུའི་ཁྱད་འབྱེད་ལ། །འཁོར་བའི་རྩ་བ་འཕོ་བ་ཡི། །བག་ཆགས་དང་ནི་བདག་འཛིན་དང༌། །གཉེན་པོ་འགྱུར་མེད་བདེ་བ་དང༌། །བདག་མེད་རྟོགས་དང་འབྲས་བུ་ཡང༌། །འཕོ་ཆེན་བཅུ་གཉིས་མ་ལུས་པར། །འགག་དང་ཀུན་ཏུ་འོད་ཀྱི་ས། །ཡིན་ཞེས་གསུངས་ལ་སྔོན་རབས་པས། །མ་བཤད་ཁ་ཅིག་འདིར་བཤད་བྱ། །འཕོ་བའི་བག་ཆགས་ཞེས་བྱ་བ། །ཁམས་འཕོས་པ་ཡི་བདེ་བ་ལ། །སྲེད་པའི་འདོད་ཆགས་བག་ལ་ཉལ། །འདི་དེ་མི་ཡི་རྟེན་ཅན་ལ། །འཁོར་བ་བསྐྱེད་དང་འཛིན་པའི་རྒྱུར། །དགོངས་སོ་ཀུན་ལ་དེར་མ་ངེས། །དེ་དེར་བཤད་པའི་དགོས་པ་ཡང༌། །གཉེན་པོ་མི་འགྱུར་བདེ་བ་ཉིད། །དང་དུ་བླང་བྱའི་ཕྱིར་དང་ནི། །དངོས་ལ་གནོད་བྱེད་རིག་པ་ཡི། །མི་མཐུན་ཕྱོགས་དངོས་མིན་ཕྱིར་རོ། །དེ་ནས་ཅུང་ཟད་རྒྱས་བཤད་པ། །དམན་པར་ངེས་པའི་ཉན་རང་དང༌། །བླ་མེད་ཐེག་པར་ངེས་དེ་དག །སྲིད་པའི་རྩ་བ་སུན་འབྱིན་པར། །མཚུངས་ཀྱང་ཚེ་འདིའི་འཁོར་བ་ནི། །རེ་ཞིག་འཛིན་དང་ཡུད་ཙམ་ཡང༌། །འཛིན་འདོད་མེད་པའི་ཁྱད་པར་ཅན། །འདོར་འདོད་ཕུང་པོས་འཇིགས་གནས་ཏེ། །འཛིན་འདོད་བསོད་ནམས་ཚོགས་རྫོགས་དོན། །འཇིགས་ཀྱང་བསམ་གཏན་རབ་མཐའ་དང༌། །འགོག་སྙོམས་མེད་པར་འདོར་མི་ནུས། །ཐེག་ཆེན་ཐུན་མོང་པ་དག་གི །སྲིད་པའི་རྩ་གྱུར་མ་རིག་པ། །ཆེད་དུ་སྤོང་བས་འགྲུབ་བྱེད་རྒྱུ། །སྲེད་པ་ཆེད་དུ་གཉེར་མི་སྤོང༌། །གྲངས་མེད་གསུམ་གྱི་ཚོགས་རྫོགས་པ། །མཐར་ཕྱིན་མ་གྱུར་དེ་སྲིད་དུ། །འཁོར་བར་བཞུགས་པ་རྒྱུན་མི་གཅོད། །བླ་མེད་ཐེག་པ་པར་ངེས་དག །སྲིད་པ་གཞན་དུ་སྐྱེ་བའི་རྒྱུ། །ཆེད་དུ་སྤོང་དགོས་མ་ཡིན་ཏེ། །ཟག་བཅས་ཕུང་པོའི་རྒྱུན་འདི་ཉིད། །བཅད་པ་ཙམ་གྱིས་ཆོག་ཕྱིར་རོ། །འཁོར་བ་རྒྱུན་གཅོད་པ་དེ་ཡང༌། །ཇི་སྲིད་ཚོགས་མ་རྫོགས་པར་མིན། །དེ་སྲིད་ཟག་བཅས་ཕུང་འཛིན་པར། །ནུས་པ་འཕོ་བའི་བག་ཆགས་ཉིད། །ཅི་ཕྱིར་ཞེ་ན་གཟུང་འཛིན་གྱི། །ལམ་དུ་འཕོས་ཤིང་གཟུང་བ་ཡི། །སྲིད་པའི་རྒྱུན་དང་བསྐྱེད་དང་འཕེལ། །དེ་སྲིད་བར་དུ་འཕོ་ཆེན་གྱི། །རླུང་ཡང་འགོག་པར་མི་བྱ་སྟེ། །དེ་བཀག་ན་ནི་གཟུང་འཛིན་གྱི། །ལམ་དུ་ཁམས་འདྲོངས་ནུས་མེད་ཕྱིར། །ཁམས་འདྲོངས་པས་ནི་ལུས་གནས་པ། །དེ་སྲིད་ཚོགས་ཀྱི་འཁོར་ལོ་སོགས། །བསོད་ནམ་ཚོགས་ཀུན་རྫོགས་ཐུབ་པ། །དེ་ཚེ་གཟུང་འཛིན་ལམ་དག་ཏུ། །ཁམས་འདྲོངས་འཛིན་ནུས་རླུང་དག་དང༌། །ལྟེ་བར་གཏུམ་མོ་སྦར་བའི་མེས། །ལྕགས་ལ་དངུལ་ཆུ་ཇི་བཞིན་དུ། །ཀུ་མུད་ཏ་ཀ་ཇི་སྲིད་དུ། །གཟུང་བས་བེམས་བཅས་རྒྱུན་གཅོད་ཅིང༌། །ཟག་མེད་འཇའ་ཚོན་གནས་སུ་གྱུར། །འདི་དག་ལ་ནི་འཕོ་བ་ཡི། །བག་ཆགས་མེད་ན་མི་འབྱུང་རྒྱུར། །དགོས་པ་ཡིན་ཏེ་དེ་དེ་ལ། །ཟག་བཅས་ཁམས་སྤེལ་གོང་ནས་གོང༌། །འཕེལ་བྱེད་རྒྱུ་ཚོགས་མང་པོ་དང༌། །འབེབས་འཛིན་ཟློག་ཁྱབ་ཕྱག་རྒྱ་ཡི། །ཐབས་མང་པོ་ཡིས་བསྒྲུབ་དགོས་ཕྱིར། །འོ་ན་བག་ཆགས་དེ་སྤངས་པའི། །སངས་རྒྱས་དང་ནི་དེ་སྤོང་བའི། །གཉེན་པོ་གང་དང་གང་གི་ཚེ། །ཞེ་ན་སྔགས་ཀྱི་ས་བཅུ་གཉིས་པོ། །རེ་རེ་བཞིན་ཡང་མི་འགྱུར་བའི། །བདེ་བ་སྟོང་དང་བརྒྱད་བརྒྱ་རེ། །འཐོབ་ཅེས་གསུངས་པ་དེ་རེ་རེས། །རང་རང་ངོས་སྐལ་བག་ཆགས་ཀྱང༌། །དེ་དང་དེ་ཙམ་རེ་སྤངས་སོ། །ཞེས་འཆད་ནུས་མེད་དོ་དངོས་སུ་ན། །སྲོག་རྩོལ་འགོག་པ་དངོས་གཉེན་ཏེ། །དེ་ལས་འཛིན་པ་གྲུབ་དེ་ནས། །མི་འགྱུར་བདེ་བ་འབྱུང་དགོས་ཕྱིར།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*