གསོལ་འདེབས་དང་མགུར་འབུམ་གྱི་སྐོར།

༼ཙ༽༄༅། །གསོལ་འདེབས་དང་མགུར་འབུམ་གྱི་སྐོར་བཞུགས་སོ།།

རྗེ་ན་མོ་གུ་རུ། སྐབས་འདི་ཉིད་དུ་གསོལ་བ་འདེབས་སོ། །ཁྱོད་བླ་མ་མཆོག་གི་སྤྲུལ་སྐུ། །ང་རང་ལུས་རྩ་ཡི་དཀྱིལ་འཁོར། །ཆོས་བུམ་པའི་དབང་བསྐུར་སྩལ་བས། །དོན་དམིགས་བཅས་ལྷ་ཡི་དཀྱིལ་འཁོར། །དུས་དེ་རིང་འགག་མེད་དུ་ཤར་རོ། །སྐབས་འདིར་ཡང་གསོལ་བ་འདེབས་སོ། །ཁྱོད་བླ་མ་བདེ་ཆེན་ལོངས་སྐུ། །ང་འགྱུར་མེད་དོན་ཆེན་ཡི་གེ །ཆོས་གསང་བའི་དབང་སྐུར་སྩལ་བས། །དོན་བདེ་དྲོད་རང་འབར་དུ་སྐྱེས་སོ། །སྐབས་འདིར་ཡང་གསོལ་བ་འདེབས་སོ། །ཁྱོད་བླ་མ་ཡེ་ཤེས་ཆོས་སྐུ། །ང་རང་སེམས་གསལ་སྟོང་འཛིན་མེད། །ཆོས་གསུམ་པའི་དབང་བསྐུར་སྩལ་བས། །དོན་གསལ་སྟོང་འཛིན་མེད་དུ་ཤར་རོ། །སྐབས་འདིར་ཡང་གསོལ་བ་འདེབས་སོ། །ཁྱོད་བླ་མ་གནས་ཚུལ་གྱི་སྐུ་མཆོག །ང་རང་སེམས་གདོད་ནས་སྐྱེ་མེད། །ཆོས་བཞི་པའི་དབང་བསྐུར་སྩལ་བས། །དོན་གསལ་སྟོང་འཛིན་མེད་དུ་ཤར་རོ། །སྐབས་འདིར་ཡང་གསོལ་བ་འདེབས་སོ།།  །།རྗེ་ན་མོ་གུ་རུ། ཁྱོད་བླ་མ་མཁས་བཙུན་གྱི་དབང་པོ། །བདག་རང་སེམས་ངེས་འབྱུང་གི་བསམ་གཏན། །ཆོས་སོ་ཐར་གྱི་ཚུལ་ཁྲིམས་སྩལ་བས། །དོན་རང་བཞིན་གྱི་ཉེས་པས་དབེན་ནོ། །སྐབས་འདིར་ཡང་བཀའ་དྲིན་ཆེའོ། །ཁྱོད་བླ་མ་བྱང་ཆུབ་ཀྱི་ཐུགས་འབྱོངས། །བདག་ཀུན་ཀྱང་ཕ་མར་བསམ་ཞིང༌། །ཆོས་བྱང་སེམས་ཀྱི་སྡོམ་པ་སྩལ་བས། །དོན་སངས་རྒྱས་ལས་སླར་བཟློག་མེད་དོ། །སྐབས་འདིར་ཡང་བཀའ་དྲིན་བསམ་ལས་འདས་སོ། །ཁྱོད་བླ་མ་རྡོ་རྗེ་འཛིན་རྒྱལ། །བདག་ཟབ་མོ་སྔགས་ཀྱི་སྣོད་གྱུར། །ཆོས་མ་ནོར་ཟབ་ཅིང་རྒྱ་ཆེ། །དོན་བསྲེ་སླད་མེད་པར་སྩལ་བས། །སྐབས་འདི་ཉིད་དུ་བཀའ་དྲིན་དྲན་ནོ་བྱིན་གྱིས་རློབས།།  །།རྗེ་ན་མོ་གུ་རུ། ཁྱོད་བླ་མ་དགེ་བའི་བཤེས་གཉེན། །བདག་འཁོར་བའི་བག་ཆགས་ཅན་ལ། །ཆོས་དལ་འབྱོར་རྙེད་དཀའ་སྩལ་བས། །བློ་ཆོས་སུ་སོང་སྟེ་བཀའ་དྲིན་ཆེའོ། །སྐབས་འདིར་ཡང་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྱོད་བླ་མ་འཁོར་འདས་ཀུན་མཁྱེན། །བདག་བླང་དོར་གྱི་གནས་ལ་རྨོངས་པ། །ཆོས་སྲིད་ཞིའི་གནས་ཚུལ་སྩལ་བས། །དོན་འཁྲུལ་མེད་ཀྱི་ཆོས་ལུགས་ཤེས་སོ། །སྐབས་འདིར་ཡང་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།  །།རྗེ་ན་མོ་གུ་རུ། གནས་གང་ཤར་ལྷ་ཡི་གཞལ་ཡས། །ལུས་གང་སྣང་ལྷ་ཡི་དཀྱིལ་འཁོར། །ངག་གང་སྨྲས་སྔགས་ཀྱི་རང་སྒྲ། །ཟས་གང་ཟ་བདུད་རྩི་རྣམ་ལྔ། །སེམས་འགྱུར་མེད་རྟོག་མེད་རང་ཤར། །ལམ་འཁྲུལ་མེད་བླ་མའི་རྗེས་འཇུག །གཞི་འཁྲུལ་མེད་རང་རིག་རང་གསལ། །དུས་འཁྲུལ་མེད་ད་ལྟ་ཉིད་དུ། །གནས་འཁྲུལ་མེད་འོག་མིན་ཉིད་དུ། །རང་འཁྲུལ་མེད་འཁོར་ལོ་བདེ་མཆོག །ཁོང་འཁྲུལ་མེད་ཚོགས་ཀྱི་འཁོར་ལོ། །བློ་འཁྲུལ་མེད་བདེ་བ་ཆེན་པོ། །སྐྱབས་འཁྲུལ་མེད་རེ་དོགས་ཀུན་བྲལ། །རྒྱུད་འཁྲུལ་མེད་ང་ཡིར་འཛིན་བྲལ། །མགོན་འཁྲུལ་མེད་བླ་མ་དམ་པ། །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཞེས་པ་འདི་ཡང་ཆོས་དང་ནི། །གྲུབ་མཐའི་དབྱེ་བ་ཤེས་ལ་སོགས། །སྡོམ་གསུམ་བཀའ་དྲིན་ནོད་པ་ཡི། །ཁྲིམས་ལྡན་རྣལ་འབྱོར་མ་ལ་སོགས། །རྣལ་འབྱོར་ཕ་ཡང་མང་བ་ཡིས། །དད་ལྡན་གུས་པའི་གདུང་ཤུགས་ཀྱིས། །གསོལ་བ་འདེབས་པའི་ཚིག་མང་པོ། །ཤེས་པར་འདོད་པས་གསོལ་འདེབས་པའི། །ངོར་བྱས་མཆོག་ལྡན་ལེགས་པའི་བློས། །རིན་ཆེན་སྤུངས་པའི་ཕོ་བྲང་ནས། །སོ་སོའི་གནས་སུ་སྤྲིངས་པའོ། །རྗེ་ཨ་ནནྟ་བྷ་དྲའི་བཀའ་དྲིན་དྲན་བཞིན་དུ་བགྱིས་སོ།།  །།རྗེ་མཁྱེན་པའི་ནམ་མཁའ་མཐའ་དབུས་བྲལ། །ཐུགས་རྗེའི་ཉི་མ་སྐུ་དྲིན་ཅན། །མ་རིག་མུན་སེལ་ཀུན་གྱི་གཉེན། །ཕ་མཚན་ལྡན་བླ་མའི་ཞབས་ལ་འདུད། །ཕ་ཡུལ་འཁོར་བའི་བཙོན་ཁང་འདི། །བཟུང་བས་ཟིན་པར་མི་འདུག་པས། །ཕྱོགས་རིས་མེད་པར་རི་ཁྲོད་འགྲིམས། །གཏན་ཡུལ་རང་ལ་རྙེད་ལགས་ཀྱི། །སྲེད་པ་སྤོངས་ཤིག་མཆེད་གྲོགས་ཚོ། །ཞེན་ཁོན་ཞུགས་པའི་དགྲ་བོ་འདི། །བཏུལ་བས་ཐུལ་བ་མི་འདུག་པས། །ཞེ་སྡང་ཡུལ་མེད་ངང་དུ་ཞོག །དགྲ་མཐུན་ལྷ་རུ་འཆར་ལགས་ཀྱི། །སྒོས་དགྲ་མ་འཚོལ་མཆེད་གྲོགས་ཚོ། །སྲེད་པའི་རྩ་བ་ཟས་ནོར་ནི། །བསགས་པས་སོགས་པ་མི་འདུག་གོ །གང་བྱུང་དེ་ལ་ཆོག་ཤེས་མཛོད། །ཏིང་འཛིན་ཟས་སུ་འཆར་ལགས་ཀྱི། །སྲེད་པ་སྤོངས་ཤིག་མཆེད་གྲོགས་ཚོ། །རྣམ་གཡེང་འཇིག་རྟེན་བྱ་བ་ནི། །བྱས་པས་ཟིན་པར་མི་འདུག་གོ །སྒོ་གསུམ་བྱར་མེད་ངང་དུ་ཞོག །གཏན་གྱི་བྱ་བ་འགྲུབ་ལགས་ཀྱི། །བྱ་བ་ཐོང་ཅིག་མཆེད་གྲོགས་ཚོ། །རིགས་དྲུག་འཁོར་བའི་སེམས་ཅན་གྱི། །དྲིན་ལེན་འཁོར་དུས་མི་འདུག་གོ །གནོད་བྱེད་ལན་དུ་ཕན་ཐོགས་མཛོད། །སྙིང་རྗེ་ནང་ནས་འཆར་ལགས་ཀྱི། །དྲིན་ལན་སོམས་ཅིག་མཆེད་གྲོགས་ཚོ། །ཡར་འདྲེན་བླ་མ་དཀོན་མཆོག་འདི། །ནམ་ཡང་བྲལ་བའི་ཐབས་མེད་དོ། །བླ་མ་སྙིང་གི་དཀྱིལ་དུ་བསྒོམ། །བྱིན་རླབས་སེམས་ལ་འཇུག་ལགས་ཀྱི། །གསོལ་བ་ཐོབ་ཅིག་མཆེད་གྲོགས་ཚོ། །སེམས་ཉིད་གསལ་སྟོང་རྗེན་པ་འདི། །བལྟས་པས་མཐོང་བར་མི་འདུག་གོ །སོ་མ་ལྷུག་པ་རང་སོར་ཞོག །རང་ཞལ་ནང་ནས་སྟོན་ལགས་ཀྱི། །རེ་དོགས་མ་བྱེད་མཆེད་གྲོགས་ཚོ། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །ཡེངས་པ་མེད་པ་བལྟས་རྩ་ནས། །དོན་བསམ་བརྗོད་བྲལ་བའི་ལྟད་མོ་མཐོང༌། །སེམས་ཉིད་རྩ་རྡར་ཆོད་ཙ་ན། །གྲུབ་མཐའི་བཤད་རལ་མ་བྱས་ཀྱང༌། །གནས་ལུགས་ཀྱི་རང་ཞལ་སིལ་བུར་ཤེས། །ཆགས་སྡང་མ་བྱེད་མཆེད་གྲོགས་ཚོ། །འདི་རྣམས་བླ་མའི་དྲིན་ལས་བྱུང༌། །ཤེས་པར་འདོད་ན་མཁས་པར་སློབས།།  །།རྗེ་ན་མོ་གུ་རུ། དཔལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད། །གང་ལ་གང་འདུལ་གྱི་སྐུར་སྟོན་ཁྱོད་ལ། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །དད་པའི་རྒྱང་འབོད་ཐལ་ལོ་ལུགས་རྗེའི་ལྕགས་ཀྱུས་ཟུང༌། །ཁྱོད་ཐུགས་རྗེའི་གངས་རི་དཀར་པོ། །བདག་མོས་གུས་ཀྱི་ཉི་མས་གསལ་ལོ། །དོན་བྱིན་རླབས་ཀྱི་ཆུ་རྒྱུན་འབེབས་སོ། །ཁྱོད་མཁྱེན་རབ་ཀྱི་ནམ་མཁའ་ཡངས་པ་དང༌། །བདག་གདུང་ཤུགས་ཀྱི་ཉི་མ་འཆར་རོ། །དོན་བླང་དོར་གྱི་གནས་རྣམས་སྟོན་ཅིག །ཁྱོད་འགྲོ་དོན་གྱི་པད་དཀར་གྱི་བཟང་པོ། །བདག་གསོལ་འདེབས་ཀྱི་ཉི་མས་འབྱེད་དོ། །ཆོས་ཟབ་དོན་གྱི་ཉིང་ཁུ་སྩོལ་ཅིག །ཁྱོད་བླ་མ་མཆོག་གི་སྤྲུལ་པའི་སྐུ་ཡིས། །ཡུལ་སྣང་སྟོང་ཟུང་འཇུག་གི་ཉི་མ། །དུས་དེ་རིང་ཉིད་ནས་སྩོལ་ཅིག །ཁྱོད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས། །ལུས་བདེ་སྟོང་ཟུང་འཇུག་གི་ཟླ་བ། །དུས་དེ་རིང་ཉིད་ནས་སྩོལ་ཅིག །ཁྱོད་བླ་མ་ཆོས་ཀྱི་སྐུ་ལས་གཡོ་མེད། །སེམས་གསལ་སྟོང་ཟུང་འཇུག་གི་རྒྱ་མཚོ། །དེ་རྣམ་རྟོག་གི་འཁྲུལ་མེད་སྩོལ་ཤིག །ཁྱོད་བླ་མ་ཐུགས་རྗེའི་སྤྲུལ་པའི་སྐུ་ཡིས། །གང་ཤར་ཐམས་ཅད་འཛིན་མེད་ཆེན་པོ། །གསལ་སྟོང་ཟུང་འཇུག་ཏུ་ཁྱོད་ཀྱིས་ངོ་སྤྲད། །འཁྲུལ་སྣང་སྒྱུ་མར་དེ་རིང་ནས་རྟོགས་སོ། །ལུས་སེམས་ཀྱི་རྒྱུད་ལ་བདེ་བ་གང་ཤར། །ཐ་མལ་གྱི་རྟོག་པས་དེར་འཛིན་མེད་པར། །བདེ་སྟོང་ཟུང་འཇུག་ཏུ་ཁྱོད་ཀྱིས་ངོ་སྤྲད། །ཟག་མེད་བདེ་ཆེན་གྱི་རང་ཞལ། །དུས་དེ་རིང་ཉིད་ནས་མཐོང་ངོ༌། །རང་སེམས་གསལ་བའི་དངས་ཆ་མ་འགག་པ། །བཟང་ངན་རྟོག་པའི་རྒྱུ་བས་མ་བསླད་པར། །གསལ་སྟོང་ཟུང་འཇུག་ཏུ་རང་ངོ་འཕྲོད་དོ། །འོད་གསལ་ཕྱག་རྒྱ་ཆེན་པོ་ཐག་མི་རིང༌། །སྟོན་མཛད་བླ་མ་མཆོག་དེ་མདུན་ན་བཞུགས། །དམ་ཆོས་དངོས་གྲུབ་ལ་སོགས་པ། །གསོལ་བ་འདེབས་པའི་ངོར་བྱས་ནས། །མཆོག་ལྡན་ལེགས་པའི་བློ་ཡིས་ནི། །གྱེ་རེ་བཀྲ་ཤིས་རྩེ་མོར་སྦྱར།།  །།རྣལ་འབྱོར་ཡེ་ཤེས་སྒྲོན་མ་ནི། །རྣམ་པར་རྟོག་པ་ཀུན་བྲལ་བ། །རིག་པ་བརྗེན་པར་མཐོང་གྱུར་ན། །གསལ་སྟོང་འཛིན་མེད་ཅེས་བྱ་བ། །མཉམ་གཞག་ལྟ་བའི་མཐར་ཐུག་ཡིན། །ཀུན་རྫོབ་སྣང་བ་མ་འགགས་ཤིང༌། །དེ་ལ་འཛིན་པ་མ་སྐྱེས་ན། །སྣང་སྟོང་ཟུང་འཇུག་ཅེས་བྱ་བ། །རྗེས་ཐོབ་ལྟ་བའི་མཐར་ཐུག་ཡིན། །ལྟ་བ་དེ་འདྲ་དགའ་བ་ལ། །སྙམ་ན་ཞེན་པས་འཁོར་བར་འཆིང༌། །འཆི་ཚེ་རང་གི་བདེ་དགེ་ཀུན། །སེམས་ཅན་གཞན་ལ་འཕོ་བར་བསམ། །གཞན་གྱི་སྡིག་པ་རང་ལ་ལེན། །དེ་ནས་བླ་མའི་ཐུགས་ཁར་འཕོ། །དེ་ནས་རྫོགས་སངས་རྒྱས་པ་ཡིན།།  །།རྣལ་འབྱོར་དཀོན་མཆོག་སྒྲོན་མ་འདི། །བསམ་པ་ཙམ་ལས་མ་གཏོགས་པའི། །འཛིན་པ་གང་ཡང་མ་ཤར་ན། །དེ་ཀའི་ངང་ལ་མཉམ་པར་ཞོག །དེ་ནས་འོད་གསལ་ངང་གི་འཆར། །དེ་ནས་ཡོན་ཏན་མ་ལུས་འབྱུང༌། །ལྷུན་གྲུབ་དོན་ལ་བཙལ་དུ་མེད། །སྙིང་པོའི་དོན་ལ་འགྱུར་བ་མེད། །འོད་གསལ་དོན་ལ་འགག་པ་མེད། །རང་འབྱུང་དོན་ལ་སྐྱེ་བ་མེད། །གཉུག་མའི་དོན་ལ་བསམ་དུ་མེད། །འཛིན་མེད་ཀྱི་ངང་ལ་ཅོག་གེ་ཞོག །འཇམ་པའི་དབྱངས་ཀྱི་གསུང་ལས་བྱུང༌།།  །།བརྒྱ་ཕྲག་བསོད་ནམས་ཚོགས་ཀྱིས་ངེས་བསྐྲུན་པའི། །རྙེད་དཀའི་དལ་འབྱོར་ད་ལན་རྙེད་པ་འདི། །དོན་མེད་རྣམ་གཡེང་མང་པོའི་དབང་གྱུར་ནས། །འབྲས་བུ་མེད་པར་བྱེད་འདི་ངེས་པར་སོམས། །ཉིན་ཞག་གཉིས་པའི་སྐྱེ་རེང་དང་པོ་དང༌། །འཇིག་རྟེན་ཕྱི་མའི་བར་དོའི་ཐོག་མ་གཉིས། །སྔོན་ལ་གང་བྱུང་ཁྱོད་ལ་ཆ་མེད་ན། །འཇིག་རྟེན་འདི་ལ་རྟག་པར་ཞེན་ཁྱོད་འཁྲུལ། །དགེ་ཚོགས་དཔག་མེད་བསྐྲུན་པའི་སྐབས་རྙེད་ཀྱང༌། །རྟག་ཏུ་ཉེས་པར་སྤྱོད་པའི་བརྩོན་འགྲུས་ཅན། །འདི་ནས་མི་ཁོམ་གནས་སུ་ལྷུང་གྱུར་ན། །དེ་ལས་སློང་བའི་ཐབས་ཞིག་གང་ནས་བཙལ། །རྒྱུན་དུ་འགྱུར་བའི་བདེ་བས་ཡིད་མྱོས་ནས། །ནམ་ཡང་གཏན་གྱི་བདེ་བ་མི་དྲན་པར། །མྱུར་དུ་ངན་འགྲོའི་གནས་སུ་འགྲོ་བྱེད་པའི། །མངོན་མཐོའི་བདེ་བས་ནམ་ཞིག་བསླུ་བར་ངེས། །རྟག་ཏུ་འཁོར་བའི་རྒྱ་མཚོར་འཕེན་བྱེད་པའི། །ཐོག་མེད་དུས་ནས་འཁྲུལ་པའི་རླུང་ཆེན་འདི། །ད་རེས་བདག་མེད་བློ་ཡིས་མ་བཅོམ་ན། །ཕྱིས་ནས་གཏན་གྱི་བདེ་བ་ཇི་ལྟར་འགྲུབ། །རྟག་ཏུ་འཁྲུལ་ཞིང་སྡུག་བསྔལ་གྱིས་གདུངས་པའི། །གནོད་བྱེད་ལ་སོགས་འགྲོ་བ་འདི་དག་ཀུན། །ཐོག་མེད་དུས་ནས་བསྐྱངས་པའི་མ་ཡིན་ཕྱིར། །འདི་དག་དོར་ནས་ཞི་བར་སུ་ཞིག་འགྲོ། །དེ་ཕྱིར་ཕྱོགས་མཐའ་བྲལ་བའི་སྙིང་རྗེ་དང༌། །སྣང་ཞིང་ངོ་བོས་སྟོང་པའི་རྟེན་འབྲེལ་གྱི། །དེ་ཉིད་མཐོང་ཞིང་གོམས་ནས་རྒྱལ་བ་ཡི། །གོ་འཕངས་བླ་ན་མེད་དེ་བགྲོད་གྱུར་ཅིག །སྐྱེས་བུ་གསུམ་གྱི་ལམ་རིམ་རང་ལ་གཏམ་དུ་བྱ་བ་འདི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་སྦྱར་བའོ།།  །།མངྒ་ལཾ།།  །།སྭསྟི། ཚེ་འདི་མི་རྟག་རྟག་པའི་གོ་སྐབས་མེད། །འཇིག་རྟེན་འདི་བསླུ་སླུ་མེད་ལས་འབྲས་ཡིན། །ཡང་ཡང་རབ་འཁོར་འཁོར་བའི་ཉེས་དམིགས་ལ། །བྲོས་པས་ངེས་ཐར་ཐར་པའི་བདེ་བ་བསམས། །ནང་ལ་ང་བདག་བདག་པོར་ཞེན་པ་དང༌། །ཕྱི་ལ་རང་དབང་དབང་བྱར་རློམ་དེ་འཁྲུལ། །ཀུན་ལ་སྙིང་བརྩེ་བརྩེ་བའི་ཁུར་ཆེན་གྱིས། །གཞན་དོན་ཆེར་སེམས་སེམས་དཔའ་ཆེར་གྱུར་ནས། །ངོ་བོས་རང་སྟོང་སྟོང་པའི་ཆོས་ལུགས་ལ། །སྙིང་ནས་རབ་མཁས་མཁས་པའི་ངང་ཚུལ་གྱིས། །ཕྱོགས་ལས་རྣམ་རྒྱལ་རྒྱལ་བར་དགྱེས་བྱའི་ཕྱིར། །ནགས་སུ་རྩེ་གཅིག་གཅིག་པུར་སྒོམ་བྱེད་ཤོག །བག་ཕེབས་གྱུར་པའི་རི་དྭགས་དང༌། །ཕྲ་དོག་མེད་པའི་བྱ་རྣམས་དང༌། །རྩོད་པ་མེད་པའི་ཆུ་གཙང་དང༌། །འབྲས་བུའི་ཚོགས་ཀྱི་འཚོ་བར་ཤོག །རྣམ་དཔྱོད་ཤིང་རྟའི་ཁ་ལོ་པ། །རྙེད་བཀུར་གྲགས་པའི་ཐང་འཇམ་ལ། །སྲེད་པའི་ཤུགས་ཀྱིས་གདུངས་པ་ན། །དབེན་པའི་བསིལ་ཡབ་སྟོབས་པར་ཤོག།  །། ༄། །ན་མོ་བུདྡྷ་ཡ། ཆོས་སྐུ་ནམ་མཁའི་འོད་ལྟར་ཕྱོགས་རིས་མེད། །གཟུགས་སྐུ་ཉི་ཟླའི་འོད་ལྟར་གསལ་འགྲིབ་མེད། །འཕྲིན་ལས་ཆུ་བོའི་གཞུང་ལྟར་རྒྱུན་ཆད་མེད། །སྐུ་གཉིས་འགྲོ་དོན་མཛད་པས་བདག་ཅག་སྐྱོང༌། །ཚད་མེད་སྐྱེ་བ་འདི་འདྲ་ཡང་ནས་ཡང༌། །སྲིད་པ་ཀུན་བདེ་སྡུག་བསྔལ་སྤྱད་ལགས་ཀྱང༌། །ད་དུང་ཆོག་སུན་མེད་པའི་སྙིང་མེད་པོ། །ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །སྙིང་གི་དཀྱིལ་ནས་གཞན་བསྐུལ་འདི་སྐད་སྨྲ། །ཚེ་འདི་མི་རྟག་རྟག་པའི་གོ་སྐབས་མེད། །འཇིག་རྟེན་འདིས་སླུ་སླུ་མེད་ལས་འབྲས་ཡིན། །དམ་ཆོས་འདི་བྱ་བྱ་ལོང་མེད་པའི་ངང༌། །སྐད་གཉིས་མི་སྡོད་སྡོད་པའི་ལུང་མེད་པར། །མི་རྟག་འཆི་ངེས་ངེས་པའི་བླ་མ་བཙལ། །བཙལ་བའི་མོད་ལ་རང་ཉིད་ཕྱི་མའི་ལམ། །ལམ་ལོག་དག་དུ་ནམ་ཡང་མི་སྐྱེ་ཞིང༌། །ཞིང་མཆོག་དགའ་ལྡན་མཇལ་བའི་སྨོན་ལམ་ཐོབ། །ཁོ་བོ་མི་སྡོད་སྡོད་པའི་ཡུལ་མེད་ཅིང༌། །ཁོ་བོའི་རྣམ་ཐར་བསམ་ལ་ལྷ་ཆོས་ཀྱིས། །ཁོ་བོས་ཐུགས་རྗེའི་སྤྱན་གྱིས་མི་དོར་བས། །ཁོ་བོ་དྲན་པའི་དུས་སུ་གསོལ་བ་ཐོབ། །ཀྱཻ། དེང་སང་འདི་ན་མཁས་མང་སྐྱེ་བོའི་ཚོགས། །དམ་ཆོས་མི་བྱེད་ཚུལ་འཆོས་འབའ་ཞིག་བྱེད། །བླ་མའི་ནོར་དང་དབུལ་པོའི་རྫས་ཡིན་ཀྱང༌། །ཁེ་བོགས་གང་ཆེ་བསྒྲུབ་པའི་མཁས་པ་འཁྲུལ། །བསམ་ཀྱིན་བསམ་ཀྱིན་སེམས་ཉིད་སྐྱོ་བ་ལས་མེད། །སྒོམ་གྱིན་སྒོམ་གྱིན་སྣང་བ་སྐྱོ་བ་ལས་མེད། །ཀྱཻ་གནས་ལུས་ལོངས་སྤྱོད་འགྱུར་བའི་ཆོས་ཅན་ཞེས། །ཁ་ནས་ཟེར་ཞིང་འཛིན་ཆགས་ཆེ་རུ་འགྲོ། །དམ་ཆོས་མི་སྒྲུབ་བདེ་གཤེགས་སྐུ་གསུང་ཐུགས། །འབུམ་དེར་འཇུག་དང་ཉོ་ཚོང་བྱེད་ལ་སོགས། །གང་ལ་བསམ་ཀྱང་སྣང་བ་སྐྱོ་བ་ལས་མེད། །ཅི་ལ་བསམ་ཀྱང་སེམས་ཉིད་སྐྱོ་བ་ལས་མེད། །ཨ་ལ་ལ། ད་དུང་ངན་པ་སྤྱོད་དུས་སྙིགས་མ་ལ། །སེམས་ཅན་ཚེ་ཐུང་སྡུག་དུ་སོང་བའི་ཚེ། །རང་རང་བསམ་པ་མི་དགེའི་སེམས་འཛིན་ཞིང༌། །ཐོབ་པར་འདོད་ན་དཀོན་མཆོག་རྫས་ལ་རྐུ། །ཐུབ་པར་འདུག་ན་ཕ་མ་བླ་མའང་བརྡུང༌། །གང་ལ་བསམས་ཀྱང་སྐྱོ་བ་ལས་མེད། །ཅི་ལ་བསམ་ཀྱང་སེམས་ཉིད་སྐྱོ་བ་ལས་མེད། །ཀྱཻ་མ། ད་དུས་ངན་པ་སྙིགས་མ་ལྔ་བདོའི་དུས། །རབ་བྱུང་བཙུན་པས་འདུལ་ཁྲིམས་བསྲུང་རྒྱུ་ལ། །ཚུལ་ཁྲིམས་རླུང་ལ་བསྐུར་ན་ཁ་ཁྱེར་མཐོར། །ཁྲམས་ཟོག་གཉིས་ཀྱི་སྐྱེ་བོའི་མགོ་བོ་སྐོར། །འཁོར་བར་གྱུར་ན། ངོ་སོ་བྱེད། གང་ལས་བསམ་ཀྱང་སྣང་བ་སྐྱོ་བ་ལས་མེད། །ཅི་ལ་བསམ་ཀྱང་སེམས་ཉིད་སྐྱོ་བ་ལས་མེད། །ཀྱི་ཧུད། དེང་སང་བདུད་མོའི་རིགས་ཀྱི་རྒྱལ་ཁམས་ཁེངས། །ཆོས་བྱེད་རྣམས་ལ་བར་ཆད་ཅི་ཐོང་བྱེད། །སྡིག་སྤྱོད་སྐྱེ་བོའི་གྲོགས་ཅོད་འདོན། །བླ་མའི་སྐུ་ཚེ་ཐུང་བའི་ནུས་མཐུ་སྒྲུབ། །ལས་ངན་བདུད་རིས་མ་ལྟར་གྱུར་དུས་འདིར། །བསམ་པ་ནང་དུ་ཁུག་ལ་དམ་ཆོས་བགྱི། །སེམས་ཉིད་ནང་དུ་ཁུག་ལ་དམ་ཆོས་སྐྱོང༌། །ཨེ་མ། ཐུབ་ཆེན་དམ་པ་བརྒྱད་བཅུའི་སྟེང་དུ་གཤེགས། །རོང་སྟོན་ཆེན་པོ་གྱ་གསུམ་པ་ལ་ཡལ། །ཨ་མོ་གྷ་ཤྲཱི་བརྒྱད་བཅུ་གྱ་དྲུག་ལ། །གཞན་དོན་དགོངས་པའི་ཚུལ་གྱི་མྱ་ངན་འདས། །ཁོ་བོ་ང་ཡང་བརྒྱད་ཅུ་ཐམ་པའི་སྟེང༌། །ད་ནི་མི་སྡོད་དགའ་ལྡན་གནས་མཆོག་ཏུ། །རྗེ་བཙུན་བྱམས་པའི་དྲུང་དུ་འགྲོ་བར་སེམས། །ཞེས་པ་འདི་ནི་རང་ལོ་བརྒྱད་ཅུའི་སྟེང་དུ་སེམས་ཉིད་སྐྱོ་བའི་ངང་ནས། ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་གཞན་ལ་ཕན་པའི་ཕྱིར་སྨྲས་སོ།།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*