ཆོས་ཀྱི་དབང་ཕྱུག་གིས་དྲིས་པའི་མངོན་པའི་དྲི་ལན།

༼ཙ༽༄༅། །ཆོས་ཀྱི་དབང་ཕྱུག་གིས་དྲིས་པའི་མངོན་པའི་དྲི་ལན་བཞུགས་སོ།།

ན་མོ་ལོ་ཀི་ཤྭ་ར་ཡ། སྲིད་ཞིའི་དབང་ཕྱུག་དབྱིག་གི་སྙིང་པོ་ཡང༌། །བཤེས་གཉེན་ཇི་བཞིན་གང་བློའི་རྗེས་སོང་བས། །མཁས་པའི་གནས་ཐོབ་གྲགས་པའི་ཁྲིར་འཁོད་པ། །འཛམ་གླིང་རྒྱན་གཅིག་དེང་འདིར་ཕྱག་གི་འོས། །མང་དུ་སེམས་པའི་ནགས་ཁྲོད་ཉམས་དགའ་བར། །ལང་ཚོ་ཡོལ་ཀྱང་ལེགས་བཤད་ཚོལ་བྱའི་ཕྱིར། །སྙིང་ནས་བསམ་པ་དག་པས་འདྲི་གང་ཁྱེད། །ཆོས་མངོན་ཤེས་བྱའི་ཁྱམས་ཆེན་འདིར་སྤྱོན་ལ། །གཞན་དང་མི་མཉམ་རྣམ་དཔྱོད་ལག་པ་ཡིས། །བློ་གྲོས་ཤེལ་གྱི་ངོས་འཇམ་ལ་བྲིས་པའི། །ཡིད་འོངས་ལེགས་བཤད་གཏམ་འདི་ལོང་མཛོད་དང༌། །མཁས་པའི་གྲལ་འགོར་བཞུགས་ལ་སྙེམས་མི་འཚལ། །གང་ཡང་འདི་སྐད་དུ། ཆོས་མངོན་པ་འོག་མ་ནས་འབྱུང་བའི་ཆོས་ཤེས་དང་རྗེས་ཤེས་ཀྱི་ཁྱད་པ་གང་ལ་བྱེད། མི་ལྕོགས་མེད་ལ་བརྟེན་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གྲངས་དང༌། དེའི་ངེས་པ་ནི་ཅི། མཐོང་སྤང་དང་སྒོམ་སྤང་སྤོང་ཚུལ་མི་འདྲ་བར་བཤད་ན་དེ་ལ་ཁྱད་པར་ཅི་ཡོད། མཐོང་སྤང་ཉིད་ལ་ཡང་སྤོང་ཚུལ་མི་འདྲ་བ་གསུམ་བཤད་པ་དེའི་དོན་གང་ཡིན། ཞེས་འདྲི་བར་སྣང་ངོ༌། །དེའི་ལན་ལ་བཞི་ལས། དྲི་བ་དང་པོའི་ལན་ནི། གཉེན་པོའི་ཁྱད་པར་འདོད་པ་ཁམས་ཀྱི་དབང་དུ་བྱས་པའི་བདེན་པ་ལ་དམིགས་ནས་དང་པོས་ཤེས་པ་དང༌། ཁམས་གོང་མའི་དབང་དུ་བྱས་པའི་བདེན་པ་ལ་དམིགས་ནས་རྗེས་སུ་ཤེས་པ་ལ་བྱ་ཞིང༌། ཆོས་ཤེས་ནི་ལུས་རྟེན་འདོད་པ་དང༌། སེམས་རྟེན་ས་དྲུག་པོ་ཁོ་ནར་ངེས་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཤེས་པ་ཡི་སྤྱོད་ཡུལ་ནི། །འདོད་པའི་སྡུག་བསྔལ་ལ་སོགས་ཡིན། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི། །གོང་མའི་སྡུག་བསྔལ་ལ་སོགས་པ། །ཞེས་དང༌། ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཞེས་དང༌། དྲུག་ན་ཆོས་ཤེས་བྱ་ཞེས་བཤད་པའི་ཕྱིར་རོ། །དེ་ལའང་མཐོང་སྒོམ་གྱི་དབྱེ་བས་གཉིས་གཉིས་སུ་ཡོད་ཅིང༌། དང་པོ་མཐོང་ལམ་ཤེས་པ་གཉིས་ནི། རྣམ་པར་གྲོལ་བའི་ལམ་ཁོ་ནར་ངེས་ཤིང༌། སྒོམ་པའི་ལམ་གྱི་ཤེས་པ་གཉིས་ལ་ནི། ལམ་བཞིའི་དབྱེ་བས་བཞི་བཞིར་འགྱུར་བ་ཡིན་ནོ། །དེ་ལས་གཞན་དུ། བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་གྱི་བདེན་པ་ལ་ནི་དམིགས་པའི་ཆོས་ཤེས་བཞི་བཞི་ཡོད་པར་རང་འགྲེལ་ལས་བཤད་དོ། །ཞེས་ཟེར་བ་དེ་ལ་ནི། ཁུངས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་སྟོན་ཤིག་དང་སྤྱི་བོས་ནོད་པར་བགྱིའོ། །དྲི་བ་གཉིས་པའི་ལན་ལ། ངོ་བོ་ངོས་བཟུང་ནས་རྣམ་པའི་གྲངས་ཀྱི་དབྱེ་བ་བཤད་པ་དང༌། དེར་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། འདིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ། སྲིད་རྩེའི་སས་བསྡུས་པའི་སྒོམ་སྤང་གི་ཐོབ་པ་གཅོད་པར་བྱེད་པའི་བར་ཆད་མེད་ལམ་ཞིག་ཡིན་ལ། དེ་ལ་བཟོད་པ་ནི་མི་སྲིད་པས་ཤེས་པ་ཁོ་ནར་ངེས་སོ། །དེ་ལའང་དྲུག་ཏེ། བདེན་པ་བཞི་ཤེས་པ་དང༌། ཆོས་ཤེས་དང་རྗེས་ཤེས་སོ། །དེ་སྐད་དུ། བར་ཆད་མེད་པའི་ལམ་ལ་དྲུག །དེ་བཞིན་སྲིད་རྩེའི་རྣམ་རྒྱལ་ལའང༌། །ཞེས་སོ། །དེ་དག་ཀྱང་བསྡུ་ན་གཉིས་སུ་འདུས་པས། དང་པོ་ཆོས་ཤེས་ལ་འགོག་ལམ་གྱི་དབྱེ་བས་གཉིས་ཁོ་ན་ཡིན་ཞིང༌། དེ་རེ་རེ་ལ་ཡང་རྣམ་པའི་དབྱེ་བས་བཞི་བཞི་སྟེ་བརྒྱད་དོ། །གཉིས་པ་རྗེས་ཤེས་ལ་ཡང་གཉིས་ཏེ། དང་པོ་ནི། སྲིད་པའི་རྩེ་མོའི་སས་བསྡུས་པའི་སྡུག་ཀུན་ལ་དམིགས་པའི་རྗེས་ཤེས་གཉིས་ཁོ་ནར་ངེས་ཤིང༌། དེ་རེ་རེ་ལ་ཡང་རྣམ་པའི་དབྱེ་བས་བཞི་བཞི་སྟེ་བརྒྱད་དོ། །གཉིས་པ་ལ། འགོག་པ་ལ་དང༌། ལམ་ལ་རྗེས་ཤེས་གཉིས་སོ། །དང་པོ་ནི། སྤྱིར་ཁམས་གོང་གི་སྤང་བྱ་སྤངས་པའི་འགོག་པ་ལ་དམིགས་པའི་ཤེས་པ་གཅིག་ཡིན་ལ། དེ་ལའང་སྤང་བྱའི་རྟེན་ས་བརྒྱད་ཀྱི་དབྱེ་བས་གྲངས་བརྒྱད་ཁོ་ན་ཡིན་ལ། དེ་རེ་རེ་ལ་ཡང་རྣམ་པའི་དབྱེ་བས་བཞི་བཞི་སྟེ་སུམ་ཅུ་རྩ་གཉིས་སོ། །གཉིས་པ་ལམ་ལ་རྗེས་ཤེས་ནི། སྤྱིར་ཁམས་གོང་གི་གཉེན་པོར་གྱུར་པའི་ལམ་དང༌། བྱེ་བྲག་ཏུ་ཆོས་ཤེས་མ་ཡིན་པའི་ལམ་བདེན་པ་ལ་དམིགས་པའི་ཤེས་པ་གཅིག་ཡིན་ལ། དེ་ལ་མིང་གི་སྒོ་ནས་དབྱེ་ན། སྤང་བྱའི་རྟེན་ས་བརྒྱད་དུ་དབྱེ་རུང་ཡང༌། འདིར་དོན་གྱི་སྒོ་ནས་བརྒྱད་པོ་དེ་ཐམས་ཅད་གཅིག་ཏུ་བགྲང་ངོ༌། །གཅིག་པུ་དེ་ལའང་རྣམ་པའི་དབྱེ་བ་བཞི་ཁོ་ན་སྟེ། དེ་ལྟར་ན་ལྔ་བཅུ་རྩ་གཉིས་སོ། །འདིར་རྣམ་པའི་དབྱེ་བས་བཞི་བཞིར་བཤད་པ་ནི། ཇི་སྐད་དུ། ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག ཅེས་དང་རང་བདེན་རྣམ་པ་ཅན། །ཞེས་བཤད་པ་དེ་ཉིད་ཡིན་ནོ། །གཉིས་པ་གྲངས་ངེས་པའི་རྒྱུ་མཚན་ལ། ཆོས་ཤེས་ཀྱི་ངེས་པ་དང༌། རྗེས་ཤེས་ཀྱི་ངེས་པའོ། །དང་པོ་ལ། གྲངས་ངེས་ཀྱི་རྒྱུ་མཚན་དང༌། ཁམས་གོང་གི་གཉེན་པོ་ཡིན་པའི་རྒྱུ་མཚན་ནོ། །དང་པོ་ནི། འདིར་ཆོས་ཤེས་ཀྱི་དབྱེ་བ་བརྒྱད་ཁོ་ནར་འཇོག་པའི་རྒྱུ་མཚན་ནི། འདིའི་ཆོས་ཤེས་ཀྱི་འདོད་པའི་གཉེན་པོར་གྱུར་པའི་འགོག་ལམ་ཁོ་ན་ལ་དམིགས་པ་ཡིན་གྱི། གཞན་མེད་པས་སོ། །གཉིས་པ་ལ། ལུང་དང༌། རིགས་པའོ། །དང་པོ་ནི། སྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་ནི། དེ་གཉིས་དེར་བཞག་ནས་སྡུག་ཀུན་ལ་ཆོས་ཤེས་གཉིས་གོང་མའི་གཉེན་པོར་མི་འཇོག་པ་ཡང༌། སྔ་མ་གཉིས་ཀྱི་དམིགས་པ་ནི་ཟག་མེད་ཁོ་ན་ཡིན་ཞིང་དེའི་དམིགས་པར་གྱུར་པའི་ཟག་མེད་དེ་ཁམས་གསུམ་ཀའི་གཉེན་པོར་རུང་བ་དང༌། ཕྱི་མ་གཉིས་ཀྱིས་ནི་འདོད་པའི་སས་བསྡུས་པའི་སྡུག་ཀུན་ཁོ་ན་ལ་དམིགས་ཤིང༌། དེ་གཉིས། གོང་མའི་གཉེན་པོར་མི་རུང་བའི་རྒྱུ་མཚན་གྱིས་ཡིན་ནོ། །འོ་ན་ལམ་ཆོས་ཤེས་ཀྱི་དམིགས་པར་གྱུར་པའི་ལམ་དེ་གང་ཡིན། དེས་དེ་ཤེས་པའི་ཚུལ་ཇི་ལྟ་བུ། དེ་ལྟར་ཤེས་པ་དེ་ཁམས་གོང་གི་གཉེན་པོར་རུང་བའི་རྒྱུ་མཚན་ཅི་ཞེ་ན། ལན་ལ་གཉིས་ཏེ། དངོས་དང༌། དེས་འགོག་པ་ཆོས་ཤེས་ཀྱང་མཚོན་པའོ། །དང་པོ་ལ། འདིར་ལན་ནི། མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་སྒོམ་ལམ་ཞིག་ཡིན་ལ། དེ་ཁམས་གསུམ་གྱི་གཉེན་པོ་སོ་སོར་བྱེད་པའི་ཆ་ནས་འདོད་པའི་ལམ་བདེན་དང༌། ཁམས་གོང་མའི་ལམ་བདེན་ཞེས་མིང་སོ་སོར་བཏགས་སོ། །དེ་ཤེས་པའི་ཚུལ་ནི། ལམ་རིགས་པ་སྒྲུབ་པ། ངེས་འབྱིན་གྱི་ཚུལ་གྱིས་ཤེས་པའོ། །དེ་ཡང་ལམ་ངོ་བོ་གཅིག་པོ་དེ་ཉིད་འདོད་པའི་གཉེན་པོ་བྱེད་པའི་ཆ་ནས་ལམ་སོགས་ཀྱི་མཚན་ཉིད་ཅན་དུ་ཤེས་པ་ལ་ཆོས་ཤེས་པ་དང༌། གོང་མའི་གཉེན་པོ་བྱེད་པའི་ཆ་ནས། དེའི་མཚན་ཉིད་ཅན་དུ་ཤེས་པ་ལ་རྗེས་ཤེས་ཞེས་བྱ་བར་མིང་བཏགས་པ་ཡིན་ནོ། །དེ་གོང་མའི་གཉེན་པོར་རུང་བའི་རྒྱུ་མཚན་ནི། ལམ་ལ་ཆོས་ཤེས་དང༌། རྗེས་ཤེས་གཉིས་མིང་སོ་སོར་བཏགས་པ་ཡིན་གྱི། དོན་ནི་རྣམ་པ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་སྒོམ་ལམ་གཅིག་ཉིད་ལམ་སོགས་ཀྱི་མཚན་ཉིད་དུ་ཤེས་པ་ཁོ་ན་ཡིན་གྱི། དེ་ལས་རྫས་གཞན་མེད་པས་སོ། །དེའི་ཕྱིར་སྡུག་ཀུན་ལ་ཆོས་ཤེས་རྗེས་གཉིས་དང་འདི་མི་འདྲའོ། །འོ་ན་ལམ་ལ་རྗེས་ཤེས་ཀྱང་འདོད་པའི་གཉེན་པོར་འགྱུར་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ་སྙམ་ན། མ་ཡིན་ཏེ། སྒོམ་པའི་ལམ་རྗེས་ཤེས་སྐྱེས་པ་དེའི་ཚེ། འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར། ཇི་སྐད་དུ། འདོད་པའི་ཁམས་གྱི་རྗེས་མ་ཡིན་ཞེས་སོ། །གཉིས་པ་ནི། འགོག་པ་ལ་ཆོས་ཤེས་པའི་ཚུལ། དེ་གོང་མའི་གཉེན་པོར་རུང་བའི་རྒྱུ་མཚན་ཡང་དེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །འདི་ལ་དོགས་པ་གཉིས་འབྱུང་སྟེ། གཉེན་པོ་མཐོང་ལམ་ལ་མཚུངས་པ་དང༌། སྤང་བྱ་ཉོན་མོངས་པ་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ལམ་ལ་ཆོས་བཟོད་ཀྱིས་ཀྱང་གོང་མའི་མཐོང་སྤང་སྤོང་ནུས་པར་འགྱུར་ཏེ། རྒྱུ་མཚན་ཁྱེད་རང་གིས་བཤད་པ་དེ་ཉིད་ཀྱི་ཕྱིར་སྙམ་ན། མཚུངས་པ་མ་ཡིན་ཏེ། ཁམས་གསུམ་གྱི་གཉེན་པོ་ལམ་བདེན་གྱི་མཚན་ཉིད་ལན་གཅིག་མངོན་སུམ་དུ་མཐོང་ཟིན་པའི་རྗེས་ཐོགས་སུ་འདོད་པའི་གཉེན་པོ་ལམ་གྱི་མཚན་ཉིད་ཤེས་ནས་གོམས་པ་དང༌། ཁམས་གོང་གི་གཉེན་པོ་ལམ་བདེན་གྱི་མཚན་ཉིད་ཤེས་ནས་གོམས་པ་གཉིས་མིང་དང་ལྡོག་པས་ཕྱེ་བ་མ་གཏོགས་དོན་གཅིག་ལ་འདུ་བས། གོང་དུ་བཤད་པའི་རྒྱུ་མཚན་མི་འཁྲུལ་ལ། སྔར་མ་མཐོང་སར་མཐོང་ལ་ནི་འདོད་པའི་གཉེན་པོ་ལམ་བདེན་གྱི་མཚན་ཉིད་མངོན་སུམ་དུ་མཐོང་ཡང༌། གོང་མའི་གཉེན་པོ་ལམ་བདེན་གྱི་མཚན་ཉིད་མངོན་སུམ་དུ་མ་མཐོང་བ་སྲིད་པའི་ཕྱིར་རོ། །ཇི་སྐད་དུ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་སོ། །གཉིས་པ་ནི། འོ་ན་སྒོམ་ལམ་ཆོས་ཤེས་ཀྱིས་ངོས་སྐལ་གྱི་སྤང་བྱ་སྤངས་པ་ན། རྗེས་ཤེས་ཀྱི་ཡང་དེ་སྤངས་པ་འགྱུར་ཏེ། དམ་བཅའ་དེ་ཉིད་ཀྱི་ཕྱིར་རོ་སྙམ་ན། ལན་ལ་རྣམ་གྲངས་གཉིས་ལས། དང་པོ་ནི། ལམ་ཆོས་ཤེས་ཀྱི་མིང་ཅན་གྱི་སྒོམ་ལམ་གཅིག་པོ་དེ་ཉིད། ཁམས་གོང་གི་གཉེན་པོར་སྒོམས་ནས་ཡིད་ལ་བྱེད་པ་དེའི་ཚེ། རྗེས་ཤེས་སུ་མི་འཕོ་བ་ཡིན་པས་མི་འགལ་ལོ། །རྣམ་གྲངས་གཉིས་པ་ནི། ཡང་ན་འདོད་པར་ནུས་པ་མ་ཡིན་ཏེ། སྒོམ་ལམ་རྗེས་ཤེས་ཀྱི་སྤང་བྱ་གང་ཡིན་དེ་ཉིད་ཆོས་ཤེས་ཀྱི་ཡང་ཡིན་པའི་ཕྱིར་རོ། །གཉིས་པ་རྗེས་ཤེས་ཀྱི་ངེས་པ་ལ། སྡུག་ཀུན་ལ་རྗེས་ཤེས་ཀྱི་དང༌། འགོག་ལམ་ལ་རྗེས་ཤེས་ཀྱི་ངེས་པ་བསམ་པའོ། །དང་པོ་ནི། ཅི་ཡང་མེད་མན་ཆད་ཀྱི་སྡུག་ཀུན་ལ་རྗེས་ཤེས་འདིར་བགྲངས་པ་མ་ཡིན་ཏེ། དེས་སྲིད་རྩེའི་སས་བསྡུས་ཀྱི་ཕུང་པོ་ལ་མ་དམིགས་པའི་ཕྱིར། གཉིས་པ་ལ། འགོག་པ་ལ་རྗེས་ཤེས་ཀྱི་ངེས་པ་བསམ་པ་དང༌། ལམ་ལ་རྗེས་ཤེས་ཀྱི་ངེས་པ་བསམ་པའོ། །དང་པོ་ནི། སྲིད་རྩེའི་གཉེན་པོར་གྱུར་པའི་འགོག་པ་རྗེས་ཤེས་རྣམས་ནི། ས་བརྒྱད་ཀྱི་དབྱེ་བས་བརྒྱད་དུ་བགྲང་དགོས་པ་ཡིན་ཏེ། བསམ་གཏན་དང་པོའི་འགོག་པ་ལ་དམིགས་པའི་རྗེས་ཤེས་ཀྱིས་ས་གཞན་གྱི་འགོག་པ་ལ་མ་དམིགས་པ་སོགས་དམིགས་ཡུལ་སོ་སོར་ངེས་པའི་ཕྱིར། དེ་སྐད་དུ་ཡང༌། རང་གི་ས་པའི་འགོག་པ་ནི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། སྲིད་རྩེའི་གཉེན་པོར་གྱུར་པའི་ལམ་ལ་རྗེས་ཤེས་ནི་མིང་བརྒྱད་ཡོད་ཀྱང༌། དོན་གཅིག་ཏུ་བགྲངས་པས་ཆོག་པ་ཡིན་ཏེ། བསམ་གཏན་དང་པོའི་གཉེན་པོ་ལམ་ལ་རྗེས་ཤེས་དེས། ས་བརྒྱད་ཀའི་གཉེན་པོར་གྱུར་པའི་ལམ་བདེན་ལ་དམིགས་པ་སོགས་རེ་རེ་ནས་དམིགས་རྣམ་མཚུངས་པའི་ཕྱིར། དེ་སྐད་དུ་ཡང༌། ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ཞེས་སོ། །འདིར་ཆོས་རྗེས་ཕན་ཚུན་བློ་ཕྱོགས་ཕྱིར། །ཞེས་པའི་དོན་ལ་བསམས་ནས་ཞིབ་ཆ་ཅུང་ཟད་འདོན་ནོ། །འོ་ན་བསམ་གཏན་དང་པོའི་འགོག་པ་རྐྱང་པ་ལ་དམིགས་པའི་རྗེས་ཤེས་ཀྱིས་སྲིད་རྩེའི་འགོག་པ་རྗེས་ཤེས་ཀྱི་སྤངས་བྱ་ཇི་ལྟར་སྤོང་ནུས་ཤེ་ན། དེ་ནུས་པའི་རྒྱུ་མཚན་ནི། བསམ་གཏན་དང་པོའི་འགོག་པ་ཐོབ་བྱེད་ཀྱི་ཟག་མེད་མི་ལྕོགས་མེད་པ་དེ་ཉིད་སྲིད་རྩེའི་འགོག་པ་ཐོབ་བྱེད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། ཇི་སྐད་དུ། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་སོ། །དྲི་བ་གསུམ་པའི་ལན་ལ། དོན་གྱི་ཁོག་ཕུབ་པ་དང༌། དངོས་ཀྱི་ལན་འདོན་པའོ། །དང་པོ་ནི། འདིར་སྤང་བྱ་གཉིས་ཀྱི་སྤོང་ཚུལ་བསྟན་པ་དེ་སྤྱི་ཙམ་ནས་བསྟན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤངས་པའི་འབྲས་བུ་ཡོངས་ཤེས་ཀྱི་འཇོག་མཚམས་ཤེས་པའི་ཕྱིར་དུ་ཡིན་ཏེ། ཇི་ལྟར་ཞེ་ན། མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་ལ་ནི། ཟག་མེད་བར་ཆད་མེད་ལམ་གྱིས་སྤངས་པ་ངེས་པར་དགོས་ཏེ། ཇི་སྐད་དུ། དྲུག་བཟོད་འབྲས། ཤེས་བཤད་པའོ། །སྒོམ་སྤང་སྤངས་པའི་ཡོངས་ཤེས་འཇོག་པ་ལ་ནི། འཇིག་རྟེན་པའི་ལམ་གྱིས་སྤངས་པས་ཆོག་པ་ཡང་ཡོད་དེ། ཇི་སྐད་དུ། འཇིག་རྟེན་པའི་གཉིས། ཤེས་བཤད་པས་སོ། །གཉིས་པ་ནི། དེ་ལྟར་གྲུབ་པ་ན། ཡོངས་ཤེས་འཇོག་པའི་དུས་ཀྱི་མཐོང་སྤངས་རྣམས་ནི། གཉེན་པོ་སྐྱེས་པ་ཙམ་གྱིས་སྤོང་བ་མ་ཡིན་ཏེ། གཉེན་པོ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་མཐོང་སྤང་སྤངས་པ་ཙམ་ལ་ཡོངས་ཤེས་འཇོག་པར་མི་ནུས་པའི་ཕྱིར། ཡོངས་ཤེས་འཇོག་པའི་དུས་ཀྱི་སྒོམ་སྤང་ལ་ནི་གཉེན་པོ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཉམས་པར་འཇོག་ནུས་པ་ཡིན་ཏེ། འཕགས་པས་འཇིག་རྟེན་པའི་ལམ་གྱིས་འདོད་པ་དང་གཟུགས་ལ་ཆགས་བྲལ་བྱས་པའི་ཚེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་དང༌། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་གཉིས་འཇོག་པའི་ཕྱིར་འདི་ལ་བྲལ་ཐོབ་ཟག་མེད་ཇི་ལྟར་ཡོད་ཅེ་ན། ཇི་སྐད་དུ། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཤེས་བཤད་པས་སོ་ཞེས་སོ། །དྲི་བ་བཞི་པའི་ལན་ལ། དོན་གྱི་ཁོག་ཕུབ་པ་དང༌། སྤོང་ཚུལ་གསུམ་སོ་སོར་ཤེས་པའོ། །དང་པོ་ནི། མཐོང་བས་སྤང་བར་བྱ་བ་རྣམས་ནི་རིགས་གཉིས་སུ་བསྡུས་ཏེ། སྡུག་ཀུན་དང༌། འགོག་ལམ་མཐོང་སྤང་ངོ༌། །དང་པོ་ལ་གཉིས་ཏེ་རང་ས་ལ་དམིགས་པ་དང༌། གོང་ས་ལ་དམིགས་པའོ། །གཉིས་པོ་འགལ་བ་ནི་མ་ཡིན་ཏེ། སྡུག་ཀུན་མཐོང་སྤང་གོང་ས་ལ་དམིགས་པ་རྣམས་ནི། ཁམས་ཀུན་འགྲོ་ཡིན་པས་རང་ས་ལ་དམིགས་དགོས་པའི་ཕྱིར་རོ། །དང་པོ་རང་ས་ལ་དམིགས་པ་ལ་གཉིས་ཏེ། ཀུན་འགྲོ་ཡིན་པ་དང༌། མ་ཡིན་པའོ། །དང་པོ་ནི། མཐོང་སྤང་ཉོན་མོངས་སྤྱི་མཚན་པ་རྣམས་སོ། །གཉིས་པ་ནི། དེ་རང་མཚན་པ་རྣམས་སོ། །གཉིས་པ་འགོག་ལམ་མཐོང་སྤང་ལ་གཉིས་ཏེ། དང་པོ་ནི། དེར་གྱུར་པའི་ཉོན་མོངས་སྤྱི་མཚན་པ་རྣམས་སོ། །གཉིས་པ་ནི། དེ་རང་མཚན་པ་རྣམས་སོ། །དེ་ལྟར་བཞི་ལས། སྡུག་ཀུན་མཐོང་སྤང་ལ་ནི་སྤངས་པ་ཙམ་གྱིས་དེ་སྤང་པའི་ཡོངས་ཤེས་བཞག་ནུས་པ་མ་ཡིན་ཏེ། དེ་གཉིས་ཀྱི་ཁྱད་པར་འགའ་ཞིག་ལ་སྤངས་ཀྱང་མ་བྲལ་བ་སྲིད་པའི་ཕྱིར། དེ་སྐད་དུ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་བཤད་པས་སོ། །སྒོམ་སྤང་ལ་ཡང་ཅིར་དེ་ལྟར་ཡོད་མོད། ཐ་མའི་ཆ་མཐུན་དང༌། གཟུགས་ཀྱི་ཟག་པ་དང༌། གཟུགས་མེད་ཀྱི་ཟག་པ་རྣམས་ལ་ནི་སྤངས་ན་བྲལ་བས་ཁྱབ་པ་ཡིན་ནོ། །དེ་བཞིན་དུ་འགོག་ལམ་མཐོང་སྤང་གི་རིགས་གཉིས་པོ་གང་ཡིན་ཀྱང༌། སྤངས་ན་བྲལ་བས་ཁྱབ་པ་ཡིན་ཏེ། དེ་དང་དེ་དག་ལ་ཕྲ་རྒྱས་ཀུན་འགྲོའི་རྣམ་གཞག་མ་མཛད་པའི་ཕྱིར། གཉིས་པ་དངོས་ལན་སོ་སོར་བསྟན་པ་ལ། སྤྱིར་མཐོང་སྤང་ཐམས་ཅད་དམིགས་པ་བདེན་པ་བཞིའི་མཚན་ཉིད་ཤེས་ནས་སྤོང་དགོས་པ་ལ་ཁྱད་པར་མེད་ཀྱང༌། འདིར་སྤོང་ཚུལ་མི་འདྲ་བ་གསུམ་བཤད་པ་དེ་ནི་དངོས་ཀྱི་དམིགས་པའི་དབང་དུ་བྱས་པ་ཡིན་ནོ། །འོ་ན་དངོས་ཀྱི་དམིགས་པ་མ་ཤེས་པར་སྤོང་བ་ཇི་ལྟར་ཡོད་ཅེ་ན། སྡུག་ཀུན་མཐོང་སྤང་གོང་ས་ལ་དམིགས་པ་རྣམས་སོ། །དེ་ཡང་ཅི་ཞེ་ན། འདོད་པའི་སྡུག་ཀུན་ཆོས་བཟོད་ཀྱི་ཁམས་གོང་མ་ལ་དངོས་སུ་མ་དམིགས་པའོ། །གལ་ཏེ་དམིགས་ན། དེ་རྗེས་བཟོད་དུ་ཐལ་བས་སོ། །ཡང་དངོས་ཀྱི་དམིགས་པ་ཤེས་ཙམ་གྱིས་སྤོང་མི་ནུས་པ་ཡང་ཡོད་དེ། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་སོ། །དེ་ཡང་ཇི་ལྟར་ཞེ་ན། དེའི་དམིགས་པ་ཟག་བཅས་ནི། སྡུག་ཀུན་བཟོད་པ་གཉིས་ཀྱིས་ཀྱང་ཤེས་པའི་ཕྱིར་ཏེ། འདི་ཉིད་ཀྱིས་མི་ཤེས་པའི་ཟག་བཅས་མི་སྲིད་པའི་ཕྱིར། དེ་ལྟར་ན་དངོས་ཀྱི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ནི། སྡུག་ཀུན་མཐོང་སྤང་རང་ས་ལ་དམིགས་པ་དང༌། འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་རྣམས་སོ། །དེ་ལ་དམིགས་པ་ཡང་དག་པར་ཟད་པས་སྤོང་བ་ནི། སྡུག་ཀུན་མཐོང་སྤང་གོང་ས་ལ་དམིགས་པ་རྣམས་སོ། །འོ་ན་སྡུག་ཀུན་མཐོང་སྤང་གོང་ས་ལ་དམིགས་པ་དགུ་པོ་དེ་ཡང༌། དངོས་ཀྱི་དམིགས་པ་ཡོངས་སུ་ཤེས་པ་ཙམ་གྱིས་སྤོང་ནུས་པར་འགྱུར་ཏེ། དེ་དག་ཀྱང་རང་ལ་དམིགས་པའི་ཕྲ་རྒྱས་ཀུན་འགྲོ་ཡིན་པའི་ཕྱིར། གལ་ཏེ་འདོད་ན་ནི། དེ་ལ་དམིགས་པ་ཡང་དག་པར་ཟད་པས་སྤོང༌། ཞེས་སྤོང་ཚུལ་གཉིས་པ་བཤད་པ་ལ་དོན་མེད་དོ་སྙམ་ན་ཐལ་བ་སྔ་མ་ལ་འདོད་ན། ཕྱི་མ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། ཕྲ་རྒྱས་ཀུན་འགྲོ་གོང་ས་ལ་དམིགས་པ་དགུ་པོ་དེ་དངོས་ཀྱི་དམིགས་པ་འདོད་པའི་སྡུག་ཀུན་གཉིས་ཀྱི་མཚན་ཉིད་མངོན་སུམ་དུ་ཤེས་པ་ཙམ་གྱིས་སྤངས་ཀྱང༌། དགུ་པོ་རང་ཉིད་ལ་དམིགས་པའི་ཀུན་འགྲོ་གཞན་རྣམས་མ་སྤངས་ཀྱི་བར་དུ་མ་བྲལ་ཞིང་ལྡན་པས་སྤངས་པ་དང་བྲལ་བ་གཉིས་ཚོགས་དེ་བསྒྲུབ་པར་བྱ་བའི་ཕྱིར་དུ་སྤོང་ཚུལ་གཉིས་པ་དེ་བཤད་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། ཇི་སྐད་དུ། བྲལ་བའི་ཐོབ་པ་ཟག་མེད་དང༌། །རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། །ཡོངས་ཤེས། ཤེས་པ་དེ་སྒྲུབ་པའི་དོན་དུའོ། །འདིར་དེ་ལ་དམིགས་པ་ཞེས་པ་ནི། འདོད་པའི་ལོག་ལྟ་ལྟ་བུ་དེ་ལ། དམིགས་པའི་སྤང་བྱ་རིགས་ལྔ་པོ་རྣམས་ལ་བྱ་བ་ཡིན་ནོ། །གསུམ་པ་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་དམིགས་པ་ཡོངས་སུ་ཟད་པས་སྤོང་བའི་ཚུལ་ནི། དཔེར་ན་འགོག་ལམ་མཐོང་སྤང་དུ་གྱུར་པའི་ལྟ་བ་ལ་དེར་གྱུར་པའི་འདོད་ཆགས་ཀྱིས་དངོས་སུ་དམིགས་པའི་ཚེ་ལྟ་བུའོ། །མདོར་ན་དངོས་སུ་དམིགས་བྱེད་ཀྱི་ཀུན་འགྲོ་ཟད་པ་དང༌། དངོས་ཀྱི་དམིགས་པ་ཟག་བཅས་ཟད་པ་སྤོང་བ་གཉིས་ཀ་ཡང༌། མཐར་དམིགས་པ་བདེན་པ་བཞིའི་མཚན་ཉིད་ཡོངས་སུ་ཤེས་པ་ལ་རག་ལས་སོ། །དེ་ལྟར་དྲི་བའི་ལན་རྣམས་ནི། ལན་གསུམ་དཔྱད་ཅིང་གཟིགས་གྱུར་ན། །ལེགས་བཤད་གསར་པའི་དབྱིག་རྣམས་ནི། །ཁྱེད་བློའི་བང་མཛོད་གཉེན་དུ་འཆར། །སྔོན་ཆད་མཁས་པ་མང་པོ་ལ། །དྲིས་ཀྱང་ལན་མ་བྱུང་ངོ་སྐད། །ད་དུང་མཁས་སློབ་སོ་སོ་ལ། །ལེགས་པར་དྲིས་ན་མཁས་པ་དང༌། །མཁས་པ་མིན་པའི་ཁྱད་པར་གྱི། །ཞལ་གྱི་གཟུགས་བརྙན་གསལ་པོ་ནི། །གཡོ་སྒྱུའི་ཕག་ཏུ་མི་གབ་པར། །མངོན་སུམ་ཉིད་དུ་སྟོན་པར་འགྱུར། །ཞེས་སྡེ་སྣོད་འཛིན་པ་ཆེན་པོ་ཆོས་ཀྱི་དབང་ཕྱུག་གིས་དྲིས་པའི་མཆིད་ལན་དུ། ཡུལ་དབུས་ཀྱི་ཆོས་མངོན་པ་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མཛད་མཐོང་སྨོན་གྱི་གཙུག་ལག་ཁང་ནས་མགྱོགས་པར་ཕུལ་བ་ཡིན་ནོ། །འདི་ཡི་ཕྱི་མོ་འདི་མེད་ན། །དེ་རུ་བྲིས་ལ་དེ་ནས་ཀྱང༌། །མང་ལ་ཕན་ཕྱིར་མང་པོ་དག །བྲིས་ནས་ཕྱོགས་བརྒྱར་བྲིས་ནས་བསྐུར།།  །།མངྒ་ལཾ།།  ༈  །།ཚུལ་གཉིས་རྣམ་འབྱེད་ལས་འཕྲོས་པའི་དྲིས་ལན། ༄། །ན་མོ་བུདྡྷཱ་ཡ། རྣལ་འབྱོར་སྤྱོད་པ་སེམས་ཙམ་པའི། །གྲུབ་མཐའི་ངོས་འཛིན་སྔོན་རབས་དང༌། །ཕྱི་རབས་འདོད་པ་མཐུན་ནམ་ཞེས། །དྲིས་པའི་ལན་འགའ་འདིར་བརྗོད་བྱ། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་སུ། །སེམས་ཙམ་པ་དང་དབུ་མ་པ། །གཉིས་སུ་དབྱེ་བ་བྱམས་པའི་གཞུང༌། །འགྲེལ་པར་བཅས་པ་དག་ན་བཞུགས། །བོད་དུ་གྲགས་པ་སེམས་ཙམ་པ། །རྣམ་བདེན་རྣམ་རྫུན་ཞེས་བྱར་འཆད། །སེམས་ཙམ་རྣམ་རྫུན་ཡིན་གྱུར་ཀྱང༌། །གྲུབ་མཐའི་རྩེ་མོར་འཆད་པའང་བྱུང༌། །རྣམ་རྫུན་ལྟ་བ་བླ་མེད་ཀྱི། །རྒྱུད་དང་མཐུན་པར་འཆད་དེ་བཞིན། །ཐལ་རང་གཞུང་གི་རྗེས་འབྲང་བའི། །ཕར་ཕྱིན་པ་རྣམས་རྣམ་རྫུན་པ། །གྲུབ་མཐའ་འོག་མར་འདོད་ཅེས་པའང༌། །སྔ་རབས་པ་ལ་བྱུང་ཚུལ་ལོ། །ཕྱི་དུས་རྗེ་བཙུན་རེད་མདའ་པས། །སེམས་ཙམ་རྣམ་རྫུན་ཞེས་བྱ་བའི། །གྲུབ་མཐའ་བོད་ན་གྲགས་པ་དེ། །སངས་རྒྱས་པ་ཡི་གྲུབ་མཐའ་བཞི། །གང་གི་ནང་ནའང་ཡོད་མ་ཡིན། །ཅི་ཕྱིར་ཞེ་ན་དབུ་མ་པ། །མིན་ཏེ་བདེན་གྲུབ་ཁས་བླངས་ཕྱིར། །སེམས་ཙམ་མིན་ཏེ་གཞན་གྱི་དབང༌། །སྒྱུ་མ་ལྟ་བུར་འདོད་ཕྱིར་རོ། །རྣལ་འབྱོར་སྤྱོད་དང་རྣམ་རིག་པ། །སེམས་ཙམ་གསུམ་པོ་དོན་གཅིག་ཅིང༌། །དེ་ཡི་གྲུབ་མཐའ་གཞན་དབང་དང༌། །ཡོངས་གྲུབ་གཉིས་ཀ་བདེན་པར་གྲུབ། །ཀུན་བཏགས་གཅིག་པུ་བདེན་པར་མེད། །གཞི་དུས་ཀུན་གཞིའི་རྣམ་ཤེས་དང༌། །ལམ་དུས་གང་སྣང་སེམས་ཞེས་དང༌། །འབྲས་དུས་གནས་གྱུར་ཁས་ལེན་པ། །གཞུང་ལུགས་གང་ན་སྣང་གྱུར་ཀྱང༌། །སེམས་ཙམ་གྲུབ་མཐར་གནས་ཞེས་གསུང༌། །གྲུབ་མཐའི་རྣམ་དབྱེ་མི་འབྱེད་པ། །ཐམས་ཅད་འདི་ཡི་རྗེས་སུ་འབྲང༌། །དེ་ལྟ་ན་ནི་རྣམ་རིག་པའི། །གཞུང་ན་གཟུང་འཛིན་གཉིས་ཀ་ཡང༌། །རང་གི་ངོ་བོས་སྟོང་པར་བཤད། །སེམས་ཙམ་པས་ཀྱང་དེར་འདོད་འགྱུར། །རྣམ་རིག་གཞུང་ན་སྟོང་པ་ཉིད། །བཅུ་དྲུག་དང་ནི་ཉི་ཤུ་ཡི། །ངོས་འཛིན་འཁྲུལ་པ་མེད་པར་བཤད། །སེམས་ཙམ་པས་ཀྱང་དེ་འདོད་འགྱུར། །རྣམ་རིག་གཞུང་ན་ཆགས་སོགས་ལས། །ངེས་འབྱུང་ཆགས་སོགས་ཉིད་ཡིན་ཞེས། །རྣལ་འབྱོར་བླ་མེད་གཞུང་བཞིན་བཤད། །སེམས་ཙམ་པས་ཀྱང་དེ་འདོད་འགྱུར། །རྣམ་རིག་གཞུང་ན་ཆོས་དབྱིངས་ལས། །མ་གཏོགས་ཤེས་བྱ་མེད་པ་དང༌། །སེམས་ཀྱང་མེད་པ་ཡིན་ཞེས་བཤད། །སེམས་ཙམ་པས་ཀྱང་དེ་འདོད་འགྱུར། །གཟུང་མེད་འཛིན་པ་མེད་པ་དང༌། །གཅིག་དང་དུ་བྲལ་གཏན་ཚིགས་ཀྱིས། །མཐར་ཐུག་སྣང་བ་སེམས་ཀྱང་བཀག །སེམས་ཙམ་པས་ཀྱང་དེ་འདོད་འགྱུར། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ན། །ལམ་ལྔ་དང་ནི་ས་བཅུ་དང༌། །ཤེས་སྒྲིབ་གཉེན་པོ་ཡོངས་རྫོགས་བཤད། །སེམས་ཙམ་པས་ཀྱང་དེ་འདོད་འགྱུར། །དེ་ལྟར་འདོད་མོད་དེ་དག་ནི། །སྒྲ་ཇི་བཞིན་པ་མིན་ནོ་ཞེས། །འཆད་པ་དེ་ཡིས་བྱམས་པའི་གཞུང༌། །བླ་མེད་རྒྱུད་དང་བཅས་པ་སྤངས། །སེམས་ཙམ་པ་ལ་སྟོང་པ་ཉིད། །བཅུ་དྲུག་རྣམ་གཞག་ཡོད་ཅེས་ཟེར། །གཟུང་འཛིན་གཉིས་ཀྱིས་མི་སྟོང་པ། །དེ་སྲིད་སྟོང་ཉིད་བཅུ་དྲུག་གི །རྣམ་གཞག་འཆད་ནུས་མིན་པ་ནི། །ཐོགས་མེད་མཆེད་ཀྱི་སྲོལ་ལས་འབྱུང༌། །སེམས་ཙམ་པ་ཡི་ལྟ་བ་ཡིས། །རང་སངས་རྒྱས་ལས་གོང་མི་འགྲོ། །དེ་ལ་སྟོང་ཉིད་རྟོགས་བློ་མེད། །འཛིན་པ་བདེན་མེད་ཁས་ལེན་པའི། །ལྟ་བ་དབུ་མ་པ་ཡིན་ཞེས། །རྗེ་བཙུན་སྐུ་མཆེད་རྣམ་གཉིས་བཞེད། །ཁྱད་པར་རྗེ་བཙུན་རེད་མདའ་པས། །རྒྱུད་གསུམ་དགོངས་པ་སེམས་ཙམ་དུ། །གནས་པའི་ཤེས་བྱེད་གང་བཀོད་པ། །དེ་ལ་གསང་བ་འདུས་པ་ཡི། །རྒྱུད་ཀྱིས་མ་ངེས་པ་དེ་འཕངས། །རྣམ་རིག་པ་དང་སེམས་ཙམ་པ། །དོན་གཅིག་གྱུར་ན་སྟོང་ཉིད་དང༌། །ས་བཅུ་ལ་སོགས་གང་བཤད་པ། །དེ་དག་དངོས་པོར་སྨྲ་བ་དང༌། །རང་སངས་རྒྱས་ཀྱི་ལམ་དུ་འགྱུར། །ཞེས་སོགས་དེ་ལྟར་འཕེན་པ་ཡིན། །རྒྱས་པར་གཞུང་ཆེན་མང་པོ་ལ། །བཤེས་གཉེན་མཁས་པ་བསྙེན་བྱས་ནས། །ཐོས་བསམ་གྱིས་ནི་སྒྲོ་འདོགས་ཆོད། །དེ་ནས་རྒྱལ་བ་དགེས་པར་འགྱུར། །ཞེས་པ་འདི་ནི་བཤེས་གཉེན་འགས། །ཚུལ་གཉིས་རྣམ་པར་འབྱེད་གཞུང་ན། །རྣམ་རིག་པ་དང་དབུ་མ་པའི། །གཞི་མཐུན་སྲིད་པ་ཇི་ལྟར་ཞེས། །དྲིས་པའི་ལན་དུ་གསེར་མདོག་ཅན། །སྡེ་སྣོད་ཀློག་པའི་གྲྭ་ནས་སོ།།  །།སླར་ཡང་དྲིས་པ་ནི། འོ་ན་རྣམ་རིག་སེམས་ཙམ་ལ། །ཁྱད་པར་ཅི་ཞིག་ཡོད་ཅེས་དང༌། །རྒྱུད་གསུམ་དགོངས་པ་རྣམ་རིག་ཏུ། །གནས་ཞེས་ཟེར་མཁན་བྱུང་བ་ལ། །རྫོགས་སངས་རྒྱས་ཀྱི་སྟོང་ཉིད་ཀྱི། །གདུལ་བྱ་ལོག་པའི་ལམ་དག་ཏུ། །དྲངས་པར་ཐལ་ཞེས་འཕངས་པ་དེའི། །ཁྱབ་འབྲེལ་ཇི་ལྟར་གྲུབ་པ་ཡིན། །ཞེས་ནི་ཁ་ཅིག་འདྲི་བར་བྱེད། །དྲི་བ་དང་པོའི་དངོས་ལན་ནི། །ཀུན་རྫོབ་སྣང་ཚུལ་ཇི་སྙེད་པ། །སེམས་ཙམ་ཁོ་ན་ཉིད་ཡིན་ཞིང༌། །སེམས་དེ་རྫས་སུ་གྲུབ་ཅེས་པ། །དེ་ལ་སེམས་ཙམ་པ་ཞེས་ཟེར། །གཟུང་འཛིན་གཉིས་ཀ་དངོས་མེད་ཅིང༌། །དོན་དམ་ངོ་བོ་གཉིས་སྟོང་པ། །དེ་ཡི་ངོ་བོའང་རྣམ་རིག་ཅེས། །འཆད་པ་དེ་ཡང་རྣམ་རིག་པ། །དེ་ཕྱིར་རྣམ་རིག་པ་ལ་ནི། །སེམས་ཙམ་པ་ཡིས་མ་ཁྱབ་ཅིང༌། །སེམས་ཙམ་པ་ལ་རྣམ་རིག་དང༌། །རྣལ་འབྱོར་སྤྱོད་པས་ཁྱབ་ཅེས་པ། །གཞུང་དང་སྔོན་གྱི་རྒན་པོའི་ལུགས། །ལེགས་ལྡན་འབྱེད་དང་ཟླ་གྲགས་ཀྱི། །གཞུང་གི་ཆ་འགའ་ལ་བརྟེན་ནས། །རྣམ་རིག་པ་དང་སེམས་ཙམ་པ། །དོན་གཅིག་ཟེར་བ་བོད་ཡུལ་གྱི། །དེང་སང་ཕྱི་རབས་ཕལ་ཆེར་འདོད། །དྲི་བ་གཉིས་པའི་ལན་བཏབ་པ། །དབུས་མཐའི་དགོངས་པ་སེམས་ཙམ་དུ། །གནས་ན་རྗེ་བཙུན་བྱམས་པ་ཡིས། །སྟོང་པ་ཉིད་ཀྱི་གདུལ་བྱ་རྣམས། །ཕྱིན་ཅི་ལོག་ཏུ་དྲངས་པར་ཐལ། །ཅི་ཕྱིར་ཞེ་ན་མདོ་སེམས་དང༌། །བྱེ་བྲག་སྨྲ་དང་གཞན་སྡེ་ལ། །སྟོང་ཉིད་གྲངས་ཚང་སྨོས་ཅི་དགོས། །ནང་སྟོང་ཉིད་ཀྱི་རྣམ་གཞག་ཀྱང༌། །ཚང་བར་ཡོད་པ་མིན་ཕྱིར་རོ། །དེ་དང་འདྲ་བར་སེམས་ཙམ་དང༌། །རྣམ་རིག་སྨྲ་བ་དོན་གཅིག་ཏུ། །བྱས་ནས་རྒྱུད་གསུམ་སེམས་ཙམ་དུ། །གནས་པར་འདོད་ལ་ཐལ་བ་དེ། །འཕངས་པ་གནོད་བྱེད་ཉིད་དུ་འཇུག །དུས་འཁོར་ལ་ཡང་མཚུངས་མོད་ཀྱི། །ཕྱོགས་སྔ་མ་ལ་མ་གྲུབ་པས། །རྒྱུད་གསུམ་པོ་དང་གསང་འདུས་ཀྱི། །ལྟ་བ་ཁྱད་པར་མེད་དོ་ཞེས། །རང་རེས་ལེགས་པར་བསྒྲུབས་པ་ཡིན།།  །།སྭསྟི། དབུས་སྨྱོན་རྡོ་རྗེ་བདུད་འདུལ་ནི། །མར་སྨྱོན་ཆོས་བློའི་ཡང་ཚ་ཡིན། །འཇིགས་མེད་པཎ་ཆུང་ལེགས་པའི་བློ། །པཎ་ཆེན་ཀུན་དང་ཅིས་མི་མཉམ། །དབེན་པར་དབེན་གསུམ་ཡུན་རིང་པོས། །དབུ་མར་ཚུད་པའི་རླུང་སེམས་ཀྱིས། །ལམ་དུ་བཅུག་པའི་ཀུན་རྫོབ་དང༌། །དོན་དམ་བྱང་ཆུབ་སེམས་ཟུང་གིས། །མཚན་འཛིན་དབྱིངས་སུ་ཞི་བ་དང༌། །འཇའ་ལུས་རྡོ་རྗེའི་སྐུ་ཐོབ་མཛོད། །འདི་ན་ལ་ལའི་ངོ་བསྲུང་གིས། །ཅུང་ཟད་རྣམ་པར་གཡེངས་བྱུང་ཀྱང༌། །ཤེས་རབ་སྙིང་པོའི་བཟླས་བརྗོད་ཀྱིས། །ལྷ་བུའི་བདུད་ལས་རྣམ་པར་རྒྱལ། །ཞེས་པའི་མཚོན་བྱེད་ཇ་ཐུམས་ལ། །ཕྱག་རྒྱ་ཆེན་པོས་རྒྱས་བཏབ་བོ།།  །།རྟོགས་ལྡན་དབུས་སྨྱོན་རྡོ་རྗེ་ཡིས། །བདུད་འདུལ་ཆེན་པོ་སྐུ་ཁམས་བཟང༌། །སེང་གེ་བཞིན་དུ་འཇིགས་མེད་པར། །འགྲོ་དོན་ཡངས་པའི་ནམ་མཁའ་ལ། །ཉི་མ་བཞིན་དུ་རྒྱུའོ་ཞེས། །མཆིད་ཤོག་སྙན་གྲགས་འོད་དཀར་ཅན། །སྤྲོས་མེད་ཆོས་དབྱིངས་ཞིང་ཁམས་སུ། །ཞེན་མེད་གླིང་བཞི་རི་རབ་ཅན། །འཛིན་མེད་སྒྱུ་མའི་ཇ་སིག་སོགས། །ཐོགས་མེད་ཉིད་དུ་འདིར་ཕེབས་པས། །གང་ཡོད་བདོག་པ་བཏང་ངོ་ཞེས། །འདིར་ཡོད་ཀུན་གྱིས་ཡི་རང་མཛད། །དོན་ཡོད་སྐུ་ཚེ་རིང་བ་དང༌། །འབྱོར་ཡོད་ཀུན་དང་མཇལ་བར་ཤོག །ཅེས་པའི་མཚོན་བྱེད་འཆི་མེད་ཀྱི། །དབང་པོའི་རྡོ་རྗེ་གཉུག་མ་ཡི། །སེམས་ཀྱི་རྡོ་རྗེ་འཛིན་མེད་ཀྱི། །ཕྱག་རྒྱ་ཆེ་དང་མི་འབྲལ་བའི། །རྟེན་ཅིང་འབྲེལ་འབྱུང་འདི་འབུལ་ན། །མིག་གཉིས་ཉི་ཟླ་ལྟར་གསལ་བའི། །ཀློག་པ་པ་ཡང་རི་རབ་ལྟར། །དབང་ཆེན་གཞི་ལ་ཞབས་བརྟན་པའི། །གདན་བཞུགས་འབྱུང་བ་རིམ་བརྩེག་ཀྱང༌། །ཡང་དང་ཡང་དུ་སྦྱིན་འཚལ་ལོ། །ཞེས་པ་འདི་ཡང་གསེར་མདོག་ཅན། །སྡེ་སྣོད་ཀློག་པའི་ཆོས་གྲྭ་ནས། །མཁའ་འགྲོ་འདུ་བའི་ཚེས་བཅུ་ལ། །དགེ་བར་ཕུལ་བ་འདི་བདེའོ། །རྟོགས་ལྡན་དབུས་སྨྱོན་ཆེན་པོ་ཡིས། །དགེ་བཤེས་ཀུན་དགའ་སངས་རྒྱས་ལ། །གདམས་ངག་ཟབ་མོ་སྣ་འགའ་ཞིག །ཡོད་པའི་ཆོས་ཀྱི་འབྲེལ་པ་སྩོལ། །ཡང་སྔོན་ཚེ་ལྷ་ཆེན་རི་ཁྲོད་མར། །བཅས་པས་འཁོར་ལོ་བདེ་མཆོག་ཏུ། །སྤྲུལ་ཞིང་རྫུས་ནས་འགྲོ་མང་ལ། །འཚེ་བར་གྱུར་པ་མང་ཞེས་གྲགས། །ཕྱི་མའི་དུས་སུ་རྒྱལ་བ་ཉིད། །རྡོ་རྗེ་རྣལ་འབྱོར་མར་བཅས་པའི། །རྟག་ཏུ་ཞི་བ་ཉིད་སྤྲུལ་ནས། །རྣམ་པར་རྟོག་པ་ཀུན་སྤངས་པའི། །བདེ་ཆེན་ཙཀྲ་སཾ་བྷ་ར། །ཞེས་པ་འདི་ནི་མཆིད་ཤོག་གི །རྟེན་ཡིན་ཇ་ཐུམས་རྒྱ་འབྱར་ཡང༌། །ཧོར་ཟླ་གཉིས་པའི་བཅོ་བརྒྱད་ལའོ།།  །།མངྒ་ལཾ།།  ༈  །།དགེ་སློང་ཆོས་དཔལ་བཟང་པོའི་ཞུ་ལན།། ༄། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །རྟིང་ཁེབས་ཆོས་ཀྱིས་མཚོ་ཆེན་ནས། །རྗེ་བཙུན་ཆོས་ལ་དད་ཐོབ་པ། །དགེ་སློང་ཆོས་དཔལ་བཟང་པོ་ཡིས། །བྱང་ཆུབ་ཕྱོགས་མཐུན་ཆོས་ཀྱི་ནི། །གོ་རིམ་ལམ་འབྲས་གཞུང་བཤད་ནས། །བྱུང་དང་བདག་མེད་བསྟོད་འགྲེལ་དུ། །བཤད་པ་མ་མཐུན་ཅི་ཞེས་གསུང༌། །དེ་ལན་མདོར་བསྡུས་འདི་བསམ་བྱ། །ཕར་ཕྱིན་ཐེག་པའི་བྱང་ཕྱོགས་དང༌། །སྔགས་ཀྱི་བྱང་ཕྱོགས་མིང་མཐུན་ཡང༌། །དོན་དང་གོ་རིམ་མཐའ་གཅིག་ཏུ། །མཐུན་པ་མེད་ཚུལ་གཞན་དུ་བཤད། །འདིར་ནི་དྲི་མ་མེད་རྒྱན་ལས། །གང་བཤད་འཁོར་ལོ་བདེ་མཆོག་གི །བསྐྱེད་རིམ་ལྷ་མོ་བྱང་ཕྱོགས་དང༌། །སྦྱོར་ཚུལ་ཇི་བཞིན་པ་དེ་གསུངས། །དེར་ནི་བྱང་ཕྱོགས་ས་བཅུ་དང༌། །མི་སློབ་ལམ་དང་སྦྱོར་མཛད་ཀྱི། །འཇིག་རྟེན་ལམ་དང་མི་སྦྱོར་ཞིང༌། །ལུང་གི་སྒོ་བསྟུན་ཡང་མི་འཆད། །ལམ་འབྲས་ཆོས་སུ་ཕར་ཕྱིན་གྱི། །ལུང་དང་སྒོ་བསྟུན་དགོས་པའི་དབང༌། །མཛད་ནས་བྱང་ཕྱོགས་དང་པོ་གསུམ། །འཁོར་ལོ་འཆམ་པའི་ལམ་དང་སྦྱར། །གསུམ་པོ་དེ་ཡང་བསྐྱེད་རིམ་གྱི། །བྱང་ཆུབ་ཕྱོགས་དང་མི་མཐུན་ན། །ཕ་རོལ་ཕྱིན་པའི་བྱང་ཕྱོགས་དང༌། །མཐུན་པར་མི་འཆད་སྨོས་ཅི་དགོས། །སྣང་བ་དགྲར་ལངས་ཞེས་བྱ་བ། །ཕྱི་ནང་རྟག་པའི་མཐའ་ལ་ཟེར། །དེའི་གཉེན་པོར་ནང་གི་ནི། །ཏིང་འཛིན་རྫུ་འཕྲུལ་རྐང་པ་སྒོམ། །སྟོང་པ་དགྲར་ལངས་ཞེས་བྱ་བ། །ནང་དུ་ཆད་པའི་མཐར་འགྲོ་བ། །དེའི་གཉེན་པོར་ཕྱི་རོལ་དུ། །ལྷ་སོགས་སྒྱུ་མར་དྲན་པ་སྒོམ། །དེ་འདྲའི་ཞི་ལྷག་གཉིས་པོ་ལ། །རྟོག་པའི་དྲི་མས་སྦགས་གྱུར་ན། །དེ་སྤོང་བ་ནི་ཟུང་འཇུག་གོ །གཞན་ཡང་བུམ་དབང་ས་དྲུག་དང༌། །བྱང་ཆུབ་ཡན་ལག་བདུན་སྦྱོར་ཞིང༌། །དབང་པོ་ལྔ་དང་སྟོབས་ལྔ་དང༌། །འཕགས་ལམ་ཡན་ལག་དབང་གསུམ་པོའི། །ས་རྣམས་དག་དང་སྦྱོར་མཛད་པ། །ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །གཞུང་གཞན་དག་ཏུ་མ་གྲགས་ཀྱང༌། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི། །མན་ངག་ཉིད་ཀྱིས་བཤད་པ་སྟེ། །འདི་ནས་བཤད་པའི་ས་དང་ནི། །ལམ་གྱི་རྣམ་གཞག་ཇི་རྙེད་པ། །གཞན་ལ་གསང་བར་དེས་གསུངས་སོ། །དེ་ལྟར་འདྲི་པོའི་ལྷག་བསམ་དང༌། །དེ་ལན་བཏབ་པའི་རྣམ་དཀར་གྱིས། །རྗེ་བཙུན་བླ་མའི་གསུང་རབས་ལ། །ཐོས་བསམ་སྒོམ་པ་ལྷུར་ལེན་ཤོག།  །།ཤྲཱི། བཤེས་གཉེན་དགེ་འདུན་དཔལ་བཟང་གི །གསུང་ཤོག་རྟེན་བཅས་མང་དུ་ཕེབས། །སྐྱབས་འགྲོ་སེམས་བསྐྱེད་རིམ་པ་གཉིས། །ཉམས་ལེན་གནད་འགའ་སྤྲིངས་ཤེས་པ། །ངེས་པའི་དོན་དུ་ཆོས་ཀྱི་སྐུ། །རང་གི་འཐོབ་བྱར་སྨོན་པ་ནི། །གཉིས་ཀ་ཚང་བའི་སྐྱབས་འགྲོ་སྟེ། །འབྲས་བུའི་སྐྱབས་འགྲོ་ཞེས་སུ་གྲགས། །འདི་ཉིད་མཆོག་ཡིན་གཞན་རྒྱུད་ལ། །གྲུབ་ཟིན་གསུམ་པོར་སྐྱབས་འཆའ་བ། །འཁོར་བའི་འཇིགས་ལས་སྐྱོབ་བྱེད་དེ། །རྒྱུ་ཡི་སྐྱབས་འགྲོ་ཞེས་སུ་གྲགས། །ངེས་དོན་སྐྱབས་འགྲོ་དེ་སྐྱེས་ནས། །སེམས་བསྐྱེད་ལོགས་སུ་བཙལ་མི་དགོས། །ཚད་མེད་བཞི་དང་སྦྱིན་སོགས་ཀྱི། །བསོད་ནམས་ཚོགས་ཆེན་སོགས་པ་ན། །སྣང་གྲགས་ཆོས་རྣམས་གང་ལ་ཡང༌། །རྟོག་པས་ཅིར་ཡང་མི་འཛིན་པར། །རྣམ་ཤེས་ངོ་ན་སྣང་ཆ་ཙམ། །མ་དོར་སྒོ་ནས་ཐམས་ཅད་བྱ། །བསྐྱེད་པའི་རིམ་པ་ལ་འཇུག་ཚེ། །སྭ་བྷཱའི་སྔགས་ཀྱིས་གཟུང་འཛིན་གྱི། །སྤྲོས་ཀུན་མི་དམིགས་པར་བྱས་ནས། །ཆོས་དབྱིངས་ཡེ་ཤེས་ལྷག་མར་བཞག །རང་གི་ཆོས་དབྱིངས་ཡེ་ཤེས་དེ། །ཉེ་བར་ལེན་པའི་རྒྱུར་བཟུང་ནས། །རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་མཐའ་དག་ཚུལ་བཞིན་སྤྲོ། །དེ་ཡིས་མ་དག་སྣང་བ་ཀུན། །རིམ་གྱིས་ནུབ་ནས་འོག་མིན་སོགས། །དག་པའི་སྣང་བ་ངང་གི་འཆར། །རྫོགས་རིམ་ཞེས་པ་བདེ་སྟོང་དང༌། །རང་བྱིན་རླབས་པ་ཉིད་ལ་ཟེར། །བདེ་སྟོང་ཞེས་པ་རྣམ་རྟོག་གིས། །སྟོང་པའི་བདེ་བ་ཆེ་ལ་འཆད། །བདེ་ཆེན་ཞེས་པ་གཞི་དུས་སུ། །རང་བྱུང་ལྷན་སྐྱེས་ཡེ་ཤེས་དང༌། །ལམ་གྱི་དུས་སུ་དཀྱིལ་འཁོར་བཞི། །དབུ་མར་ཚུད་ལ་འཆད་པ་ཡིན། །རང་བྱིན་རླབ་པ་ཞེས་བྱ་བ། །རྡོ་རྗེའི་ལུས་བཟང་སྐྱོན་མེད་ལ། །གནད་དུ་བསྣུན་པས་དཀྱིལ་འཁོར་བཞི། །དབུ་མར་འཛུད་པའི་ཐབས་ལ་ཟེར། །ཐབས་དེ་མངོན་དུ་གྱུར་པ་ན། །འཇའ་ལུས་རྡོ་རྗེའི་སྐུ་གྲུབ་ནས། །ཟུང་འཇུག་རྡོ་རྗེ་འཛིན་པར་འགྱུར། །མདོར་ན་གཟུང་འཛིན་གཉིས་མེད་ཀྱི། །འོད་གསལ་བ་ལས་ཟུང་འཇུག་སྐུ། །སྒྲུབ་པའི་རིམ་པ་མི་ཤེས་ན། །རིམ་གཉིས་སྒོམ་པ་མིང་དུ་ཟད། །འཁོར་འདས་དབྱེར་མེད་ཅེས་བྱ་བ། །སྣང་གྲགས་ཆོས་ལ་རྣམ་རྟོག་གི །འཛིན་པ་ཡོད་པ་དེ་སྲིད་དུ། །འཁོར་བ་ཞེས་བྱ་འཛིན་མེད་ན། །མྱ་ངན་འདས་པ་ལྷུན་གྱིས་གྲུབ། །གཞི་ཡི་དུས་སུ་མྱང་འདས་ལས། །མ་གཏོགས་ཆོས་འགའ་ཡོད་མིན་ཞིང༌། །ལམ་འབྲས་དུས་སུ་ཆོས་ཀྱི་སྐུ། །ཉག་གཅིག་བདེ་བ་ཆེན་པོའི་ངང༌། །ཞེས་པའི་རྟེན་དུ་ཇ་སྦྱོར་ཅིག །གསེར་མདོག་ཅན་གྱི་ཆོས་གྲྭ་ནས། །ཡར་གྱི་ངོ་ལ་སྤྲིངས་པའོ།།  །།མངྒ་ལཾ།།  །།བཤེས་གཉེན་དཀོན་མཆོག་གྲགས་པ་ཡི། །མཆིད་ཤོག་རྟེན་དང་དྲི་བར་བཅས། །འཕྲོད་པས་རྗེས་སུ་ཡི་རང་གྱུར། །དྲི་བ་དང་པོ་རྣམ་སྣང་ལ། །རྣམ་སྣང་ཉིད་ཀྱིས་རྒྱས་གདབ་ན། །ལུས་ལ་ལུས་ཀྱི་རྒྱས་གདབ་པར། །སོང་ཕྱིར་གཞན་དབང་ཉིད་ལ་ཡང༌། །གཞན་དབང་ཉིད་ཀྱིས་རྒྱས་འདེབས་པར། །ཐལ་འགྱུར་དེ་ལ་ཡོངས་གྲུབ་ཀྱིས། །རྒྱས་འདེབས་བཤད་པ་ཅི་ཡིན་ཟེར། །མ་དག་ཕུང་པོ་ལྔ་སོ་སོར། །སངས་རྒྱས་ལྔ་པོའི་རིགས་ཅན་ཞེས། །ཐག་གཅོད་བྱེད་ཚེ་རྒྱུ་ལ་ནི། འབྲས་བུས་རྒྱས་འདེབས་ཟེར་བ་ཡིན། །འབྲས་བུའི་དུས་ཀྱི་སངས་རྒྱས་ལྔ། །གཞི་དུས་ཕུང་པོ་ལྔ་པོ་ཡི། །དེ་ཉིད་མེད་ན་མི་འབྱུང་ཞེས། །ཐག་གཅོད་བྱེད་པ་འབྲས་བུ་ལ། །རྒྱུ་ཡིས་རྒྱས་འདེབས་ཟེར་བ་ཡིན། །གཞི་དུས་ཕུང་པོ་ལྔའི་ཆོས་ཉིད། །སོ་སོར་སངས་རྒྱས་རིགས་ལྔ་ཞེས། །ཐག་གཅོད་ངོ་བོ་ཉིད་ལ་ནི། །ངོ་བོ་ཉིད་ཀྱིས་རྒྱས་འདེབས་ཟེར། །ལམ་གྱི་དུས་སུ་སངས་རྒྱས་ལྔ། །བསྒྲུབ་ཚུལ་མ་དག་ཕུང་པོ་རྣམས། །གདོད་ནས་མི་དམིགས་པར་བྱས་ཏེ། །སོ་སོའི་ཆོས་དབྱིངས་སངས་རྒྱས་ལྔ། །ཡན་ལག་བཞི་རྫོགས་སུ་བསྐྱེད་པ། །དེ་ཚེ་ངོ་བོ་ཉིད་ལ་ནི། །ངོ་བོ་ཉིད་ཀྱིས་རྒྱས་འདེབས་པ། །གསལ་པོར་བྱོན་པ་འདི་ཉིད་ནི། །རྒྱས་འདེབས་ཀུན་གྱི་གཙོ་བོར་བཤད། །ཇི་སྲིད་རིག་པའི་དབང་ལྔ་པོ། །རྫོགས་པར་མ་ཐོབ་དེ་སྲིད་དུ། །རྣམ་སྣང་ལྟ་བུ་གཅིག་ཉིད་ལ། །གཞན་གྱི་དབུ་རྒྱན་མི་འཐད་ཀྱང༌། །དེ་རྫོགས་ནས་ནི་རིགས་གཞན་པ། །ཀུན་ནམ་རྡོར་སེམས་གཅིག་ཉིད་ཀྱི། །དབུ་རྒྱན་རུང་ངོ་རྡོར་སེམས་ལ། །མི་བསྐྱོད་བདག་པོར་བརྒྱན་པ་ནི། །རྒྱུའི་རྡོར་འཛིན་འབྲས་བུ་ཡི། །རྡོར་འཛིན་རིགས་ལས་གཞན་མིན་པར། །དགོངས་སོ་དེ་ལའང་དེ་ཉིད་ཀྱིས། །དབུ་རྒྱན་པ་ཡང་མཆོག་ཏུ་དགེ །རིགས་ལྔ་བྲིས་པའི་ཙ་ག་ལི། །རིན་ཆེན་འབྱུང་ལྡན་དབང་རྫས་སུ། །ངེས་པར་དགོས་པ་མ་ཡིན་མོད། །ཕྱག་ལེན་དེ་ལྟར་མཛད་པའི་ཚེ། །རིགས་ལྔ་ཀུན་གྱིས་དབུ་བརྒྱན་པ། །དགོས་པ་མིན་པར་ཚིག་ལས་ཤེས། །ཀུན་བཏགས་པ་ལ་གཞན་དབང་གི །རྒྱས་འདེབས་ཞེས་པ་དེ་དང་དེར། །སྣང་ཙམ་ལས་གཞན་ཆོས་གང་ཟག །ཡོད་མ་ཡིན་པ་ཉིད་ལ་འཆད། །གཞན་དབང་ལ་ནི་ཡོངས་གྲུབ་ཀྱི། །རྒྱས་གདབ་ཅེས་པ་གཉིས་མེད་ཀྱི། །ཡེ་ཤེས་ལས་གཞན་གཟུང་འཛིན་གཉིས། །མེད་པར་ཐག་ཆོད་པ་ལ་དགོངས། །གཉིས་མེད་ཡེ་ཤེས་ལྷ་དང་ནི། །སྔགས་རྣམས་ཀུན་གྱི་སྒྲུབ་གཞི་ཡིན། །དེ་སྒྲུབ་པ་ལས་ཕུང་པོ་ཁམས། །སྐྱེ་མཆེད་སོ་སོའི་ཆོས་ཉིད་ཀྱི། །རིགས་ཀྱི་བདག་པོས་དབུ་བརྒྱན་ནོ། །ཁ་དོག་མཐུན་པའི་རིགས་བདག་ལ། །རིགས་འཆོལ་ཞེས་པ་སྔོན་མ་བྱུང༌། །གསལ་སྟོང་འཛིན་མེད་ཡང་དག་གི །ལམ་ཡིན་ཐོས་བསམ་ལ་ངེས་པར། །མི་ལྟོས་དབང་དང་བྱིན་བརླབས་དང༌། །ལུས་ཀྱི་བྱེད་བཅིངས་ཚད་ལྡན་ལས། །ལམ་དེ་འབྱུང་བ་གསང་སྔགས་པའི། །སྒོམ་ཆེན་ཀུན་གྱི་ལུགས་ཡིན་ནོ། །རྣམ་རྟོག་མང་བ་རྣམ་རྟོག་ཏུ། །ཤེས་པ་ཙམ་གྱིས་གང་ལ་ཆོག །རྣམ་རྟོག་ངོ་བོ་ལ་བལྟས་པས། །འཛིན་མེད་ཆོས་སྐུ་རང་ཤར་ཡིན། །ལམ་དུས་དབང་ལ་བསྙེན་ཚད་དུ། །འཁྱོལ་བ་མང་ཡང་འདི་མི་ཤེས། །དཀོན་མཆོག་རྣམ་གསུམ་གྲགས་པ་ཡི། །བྱིན་རླབས་ཁྱེད་ལ་འཕོ་བར་ཤོག །ཅེས་པའི་མཚོན་བྱེད་སྦྱོར་གཅིག་ལ། །ཨོཾ་ཨཱཿཧཱུྃ་གིས་རྒྱས་བཏབ་ཕུལ།།  །།དགེ་བའི་བཤེས་གཉེན་གྲགས་པ་རྒྱ་མཚོའི་ཆོས་ཀྱི་དྲི་བ། གསུང་ཤོག་བཅས་པ་ཕེབས་པ་རྗེས་སུ་ཡིད་རང༌། དྲི་བ་ནི། རབ་གནས་ཀྱི་ཚེ་རིགས་བདག་འཆོལ་ན་ཉེས་དམིགས་མང་པོ་བསྐྱེད་པ་འདྲ་བས་མ་འཆོལ་བའི་ཚུལ་ཇི་ལྟར་ཡིན། རྒྱུ་ལ་འབྲས་བུའི་རྒྱས་འདེབས་དང༌། འབྲས་བུ་ལ་རྒྱུའི་རྒྱས་འདེབས་དང༌། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱིས་རྒྱས་འདེབས་བྱ་བའི་གོ་བ་གང་ཡིན་ཞེས་འབྱུང་ངོ༌། །ལན་ལ་གསུམ་ལས། དང་པོ་ལ། །རབ་ཏུ་གནས་པ་ནི་གཉིས་ཏེ། དོན་དམ་པའི་དང༌། ཀུན་རྫོབ་པའིའོ། །དང་པོ་ནི། ཆོ་ག་ལ་མི་ལྟོས་ཏེ། གདོད་མ་ནས་དང་པོའི་སངས་རྒྱས་ཉིད་དུ་གྲུབ་ཟིན་པའི་ཕྱིར། འདི་ཡང་ཡེ་ཤེས་ཀྱི་གཟིགས་ངོར་ཡིན་གྱི། རྣམ་ཤེས་ཀྱི་ངོར་ནི་ཆོ་ག་ལ་ལྟོས་དགོས་ཏེ། སངས་རྒྱས་སུ་མ་གྲུབ་པ་ཞིག་དེར་སྒྲུབ་དགོས་པའི་ཕྱིར། །དེ་ལ་ཡང་རྣལ་འབྱོར་གོང་མ་གཉིས་དབང་བཙན་དགོས་པ་ཡིན་ཏེ། བསྙེན་བསྒྲུབ་ཡན་ལག་བཞི་ཚང་དགོས་པའི་ཕྱིར། གང་ཞིག་སངས་རྒྱས་སུ་སྒྲུབ་པའི་གཞི་ནི་མི་དང་འདྲ་བ་ཡིན་ཏེ། ཀུན་རྫོབ་དུ་རྣམ་སྨིན་གྱི་ཕུང་པོ་དང་ལུང་མ་བསྟན་རས་བྲིས་ལྟ་བུའོ། །གནས་ལུགས་ལ་ནི་ཆོས་ཅན་དེ་དང་དེ་དག་གི་ཆོས་དབྱིངས་ཡེ་ཤེས་སོ། །ཡེ་ཤེས་དེའི་ངོ་བོ་ལ་ནི་རིགས་སོ་སོའི་དབྱེ་བ་བྱར་མེད་དེ། ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་དུ་རིགས་གཅིག་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་དེ་ཕུང་ཁམས་སྐྱེ་མཆེད་སོ་སོའི་ཆོས་ཉིད་དུ་སོང་བའི་ཚེ་ནི་རིགས་ལྔ་དང་བརྒྱར་ཡང་འབྱེད་པ་ནི་ཆོས་ཅན་གྱི་དབྱེ་བས་སོ། །དེའི་ཚེ་མི་བསྐྱོད་པ་ལྟ་བུ་གཅིག་གི་རིགས་ལ་ཡང་རིགས་ལྔ་ཆར་ཚང་བས་ན་སྤྱིར་བཏང་དུ་རིགས་འཆོལ་བ་མི་སྲིད་དོ། །དེ་ལྟ་ན་ཡང་རིགས་ཆེན་སོ་སོར་ངེས་པ་རྣམས་འཆོལ་མ་འཆོལ་ལས་སྒྲུབ་ཐག་ཉེ་རིང་དང་བརྡ་ཆད་ཀྱི་འཇོགས་མཚམས་ལ་ནི། རིགས་ཆེན་སོ་སོར་ངེས་དགོས་ཏེ། བསྐྱེད་རིམ་གྱི་མཐར་ཐུག་པ་ནི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ཉིད་ལ་འཇོག་དགོས་པའི་ཕྱིར། དེའི་ཚེ་དྲི་མ་དག་པའི་ཆུ་རིགས་བདག་ཏུ་སོང་བ་ནི་རྒྱུ་གཟུགས་ཕུང་ལ་འབྲས་བུ་རྣམ་སྣང་གིས་རྒྱས་བཏབ་པ་དང༌། དབང་གི་ལྷ་སྤྱི་བོར་ཐིམ་པས་རྒྱས་བཏབ་པ་ནི་འབྲས་བུ་རྣམ་སྣང་ལ་རྒྱུ་གཟུགས་ཕུང་གི་རྒྱས་བཏབ་པ་དང༌། དེ་གཉིས་ལ་མ་ལྟོས་པར་དབུ་རྒྱན་རང་བཅས་སུ་བཞག་པ་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱིས་རྒྱས་བཏབ་པའོ། །ཡང་ན་རྒྱུ་མ་དག་པའི་ཕུང་པོ་ལྔ་འབྲས་བུ་སངས་རྒྱས་ལྔའི་རིགས་སུ་འཇོག་པ་ནི་རྒྱུ་ལ་འབྲས་བུའི་དང༌། འབྲས་བུའི་དུས་ཀྱི་སངས་རྒྱས་རིགས་ལྔ་པོ་དེ། རྒྱུ་མ་དག་པའི་ཕུང་པོ་ལྔའི་རིགས་སུ་ངེས་པ་ནི་འབྲས་བུ་ལ་རྒྱུའི་རྒྱས་འདེབས་པ་སྟེ། བུ་ཕའི་རིགས་དང༌། མེ་བུད་ཤིང་གི་རིགས་སུ་འཇོག་པ་ལྟ་བུའོ། །མདོར་ན་དཔོན་སློབ་དང་གནས་བྱའི་ལྷ་གཉིས་ཀ་ཡེ་ཤེས་ཉིད་ལས་སྒྲུབ་དགོས་པ་ཡིན་ཏེ། ཕུང་སོགས་ཀུན་རྫོབ་པའི་ཆོས་རྣམས་སྔགས་དོན་བསམ་ནས་མི་དམིགས་པར་བྱས་ཟིན་པའི་འོག་ཏུ་ས་བོན་ནམ་ཆོ་ག་གསུམ་མམ། མངོན་བྱང་ལྔ་ལས་སྒྲུབ་དགོས་པའི་ཕྱིར། ངེས་པའི་དོན་དུ་ན་སྒྲུབ་གཞི་ཆོས་དབྱིངས་གཅིག་པུར་ངེས་པས། རིགས་བདག་ཀྱང་རྡོ་རྗེ་སེམས་དཔར་མ་འདུས་པ་མེད་པ་དེའི་ཕྱིར། བསྙེན་སྒྲུབ་ཀྱི་མཐར་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཞེས་བརྗོད་པ་ལ། རིགས་འཆོལ་བའི་ཉེས་པ་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་མི་བསྐྱོད་པ་རིགས་བདག་ཏུ་སོང་བ་དེའི་ཚེ་བླ་མེད་ཀྱི་ལྷ་ཇི་སྙེད་པ་ལ་མི་བསྐྱོད་པས་དབུ་བརྒྱན་ཀྱང་རིགས་འཆོལ་བའི་ཉེས་པ་མེད་པར་སེམས་ཏེ། གཞི་དུས་སུ་རྣམ་ཤེས་ལས་མ་གཏོགས་པའི་ཀུན་རྫོབ་མི་སྲིད་པའི་ཕྱིར། ཞིབ་མོར་ན་རིག་པའི་དབང་སྔ་མ་རྣམས་བསྐུར་བ་སྔོན་དུ་མ་སོང་བར་རིགས་ལྔ་ཆར་གྱིས་དབུ་བརྒྱན་པ་མི་འབྱུང་ལ་དེ་མེད་པར་རྡོ་རྗེ་སེམས་དཔའ་ཉིད་དུ་དབང་བསྐུར་བ་ཡང་མི་འབྱུང་ལ། དེ་མེད་པར་དེས་དབུ་བརྒྱན་པ་ཡང་མི་འབྱུང་བ་ནི་ལྷ་དང་མི་གཉིས་ཀ་ཐོག་མར་རབ་ཏུ་གནས་པའི་གོ་རིམ་མོ། །རྡོ་རྗེ་སློབ་དཔོན་རབ་ཀྱིས་ནི་རང་ཉིད་ཀྱི་ཆོས་དབྱིངས་ཡེ་ཤེས་ལུང་མ་བསྟན་རས་བྲིས་ལྟ་བུའི་ཚེ། རབ་ཏུ་གནས་བྱའི་བསྐྱེད་པ་ཡིན་ལ། སློབ་དཔོན་འབྲིང་གིས་ནི་རང་ལས་རྫས་གཞན་པའི་ཡེ་ཤེས་ཤིག་རབ་ཏུ་གནས་བྱའི་ལྷར་སྒྲུབ་པ་དང༌། ཐ་མས་ནི་ལུགས་མ་ལྟ་བུ་ལ་མཚན་མར་ཞེན་པ། མི་དམིགས་པར་བྱས་ནས། ལུགས་སྐུ་ལྟ་བུ་དེ་ཉིད་རབ་ཏུ་གནས་བྱའི་ལྷར་བསྒྲུབ་པའོ། །སྨྲས་པ། འདི་ཙམ་ཁོ་ན་ཤེས་པས་ཀྱང༌། །མང་པོས་བསྔགས་པའི་གྲགས་དཀར་ཐོབ། །ངེས་དོན་ཆོས་ཀྱི་རྒྱ་མཚོར་ཡང༌། །ཐེ་ཚོམ་མེད་པར་ཁྱོད་ཀྱིས་འཇུག །སྦྱོར་ཆུང་ཅིག་གི་རྟེན་བཅས་པ། །ཧོར་ཟླ་ལྔ་པའི་ཚེས་ལ་ཕུལ།།  །།ཤུ་བྷཾ།།  ༈  །།དག་ལྗོན་སྐོར་གསུམ་གྱི་དྲི་བའི་ཚིག་ལེའུར་བྱས་པ་དཀའ་བའི་གནས་གསལ་བའི་མེ་ལོང་ཞེས་པ་བཞུགས།།  ༄། །ན་མཿགུ་ར་ཝེ། ཤིང་རྟའི་སྲོལ་ཆེན་འབྱེད་པོ་ཞེས། །བསྔགས་འོས་བསྔགས་པའི་བདེ་ཐོབ་ནས། །གྲུབ་པའི་ས་ལ་རྟག་བཞུགས་པ། །མཐུ་སྟོབས་དབང་ཕྱུག་ལ་ཕྱག་འཚལ། །དེ་ཡིས་ངེས་པར་བྱིན་བརླབས་པའི། །དཔལ་ལྡན་བརྩེ་བ་ཆེན་པོ་པ། །སྲས་དང་བཅས་པའི་གཞུང་ལུགས་ཀྱི། །རྒྱལ་མཚན་མཐོན་པོ་གྲུབ་གྱུར་ཅིག །འདི་ན་རྒྱུད་གསུམ་མན་ངག་དང༌། །བཅས་པའི་མངོན་རྟོགས་གཞུང་བཟང་པོ། །རིན་ཆེན་ལྗོན་ཤིང་ཞེས་བྱ་བ། །འཆད་པོ་རྣམས་ལ་འདི་དྲིའོ། །གང་ཞིག་སངས་རྒྱས་སྙིང་པོ་ཅན། །ཀུན་ཀྱང་རྡོ་རྗེ་ཐེག་པ་ཡི། །སྣོད་དུ་རུང་བ་ཡིན་མོད་ཀྱང༌། །འཇུག་ཚུལ་རྣམ་པ་གཉིས་གསུངས་པ། །དེ་ལ་སྐལ་དམན་རིམ་འཇུག་ཚུལ། །མན་ངག་གཞུང་ཇི་བཞིན་དུ་ནི། །བཀྲི་བའི་ཚུལ་དང་འདིར་བཤད་པ། །མི་མཐུན་པ་དེ་ཇི་ལྟར་ཡིན། །སྤྱོད་པས་རིམ་འཇུག་འཆད་པའི་ཚེ། །འཁོར་བ་ཀུན་ལས་ངེས་འབྱུང་དང༌། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ། །སློབ་ཚུལ་མི་འཆད་པ་དེ་ཅི། །སོ་སོ་ཐར་པའི་བསླབ་བྱ་དང༌། །དགེ་བ་བཅུ་ལ་སློབ་པའི་ཚུལ། །ཕན་ཚུན་གཅིག་གིས་གཅིག་བསྡུས་པར། །འཆད་པ་འདི་ཡང་དཀའ་བའི་གནས། །ལྟ་བ་རིམ་འཇུག་འཆད་པའི་ཚེ། །མུ་སྟེགས་བྱེད་ལས་ཁྱད་པར་དུ། །ཉན་ཐོས་སྡེ་དང་ཐུན་མོང་བའི། །ལྟ་བ་མ་བཤད་པ་དེ་ཅི། །དངོས་པོར་སྨྲ་བའི་སྡེ་གསུམ་པོ། །ཕྱི་མས་སྔ་མ་འགོག་པའི་ཚུལ། །འཆད་དགོས་ཡིན་མོད་སྔ་མ་ཡི། །གྲུབ་མཐའ་འཁྲུལ་ལ་འཇུག་མི་དགོས། །བྱེ་བྲག་སྨྲ་བའི་གྲུབ་མཐའ་ལ། །གཅིག་ཆར་བ་ཡི་རྒྱུན་ཞུགས་དང༌། །མདོ་སྡེ་པ་ཡི་གྲུབ་པའི་མཐར། །ས་བཅུ་སྟོང་ཉིད་བཅུ་དྲུག་དང༌། །སྐུ་གསུམ་ལ་སོགས་དཀའ་བའི་གནས། །མངོན་པ་ཀུན་ལས་བཏུས་པ་ན། །སེམས་ཙམ་གྲུབ་མཐའ་འཆད་པའི་ཚུལ། །འགའ་ཡང་མེད་ཅེས་འཆད་ན་ནི། །དཀའ་བའི་གནས་ནི་ཤིན་ཏུ་མང༌། །མདོ་སྡེ་རྒྱན་གཞུང་སེམས་ཙམ་གྱི། །བསྟན་བཅོས་ཡིན་པས་རིགས་ཆད་ཀྱི། །སེམས་ཅན་འདོད་ཅེས་ཟེར་ན་ཡང༌། །བཤད་པར་དཀའ་བ་ཤིན་ཏུ་མང༌། །རྣལ་འབྱོར་སྤྱོད་པ་པ་ཞེས་པ། །སེམས་ཙམ་པ་དང་དོན་གཅིག་ཏུ། །འཆད་པར་མངོན་མོད་རྣམ་བདེན་དང༌། །རྣམ་བརྫུན་དབྱེ་བ་མི་འཆད་ཅི། །རྗེ་བཙུན་རྩེ་མོས་སེམས་ཙམ་དང༌། །དབུ་མའི་ལྟ་བ་ཐུན་མོང་དུ། །གཉིས་མེད་རང་རིག་རང་གསལ་བ། །ཡིན་ཞེས་ཟེར་བ་ཅི་ལ་དགོངས། །གཞན་དབང་བདེན་གྲུབ་ཅེས་བྱ་བ། །སེམས་ཙམ་ལྟ་བ་ཡིན་མོད་ཀྱི། །རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི །ལྟ་བར་གཞུང་ནས་བཤད་པ་མེད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པའི་དབུ་མ་ལ། །ཐལ་རང་སྨྲ་བས་སེམས་ཙམ་ཞེས། །སྨྲ་བ་ཤིན་ཏུ་མང་མོད་ཀྱང༌། །དེས་ཀྱང་དེ་ལ་ཆད་སྨྲ་ཞེས། །ཟེར་ཕྱིན་དབུ་མའི་བསྟན་བཅོས་ནི། །ཤིང་རྟའི་སྲོལ་འབྱེད་གཉིས་པོ་ལ། །འཆད་ཚུལ་མཐུན་པར་ཡོད་པ་མིན། །དེས་ན་ལྗོན་ཤིང་ལྟ་བ་ཡང༌། །རྣལ་འབྱོར་སྤྱོད་དང་ཐུན་མོང་བ། །ཉིད་ཕྱིར་དེ་ལ་སེམས་ཙམ་ཞེས། །ཟེར་བ་ཤིན་ཏུ་དཀའ་བའི་གནས། །དེ་རྗེས་དབུ་མ་བསྟན་ཞེས་པ། །ཐལ་རང་ཁོ་ནར་འཆད་ན་ནི། །ལྟ་བའི་མཐར་ཐུག་དེར་འཆད་དམ། །དེ་ལས་གཞན་ཡང་ཡོད་པར་འཆད། །དང་པོ་ལྟར་ན་མན་ངག་གི །རྣམ་འགྲེལ་ཀུན་ལས་ཐོས་བསམ་གྱི། །ལྟ་བ་དུག་ཅན་ཡིན་པར་བཤད། །གཉིས་པ་ལྟར་ན་ཆོས་ཀྱི་རྗེས། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ཞེས་སོགས་གསུངས་པ་ཅི་ལ་དགོངས། །འཆད་པོ་རྣམས་ཀྱིས་གསལ་བར་སྨྲོས། །ངོ་བོ་ཉིད་མེད་སྨྲ་བྱེད་པའི། །དབུ་མའི་དབྱེ་བ་ལྔར་བཤད་ནས། །རབ་ཏུ་མི་གནས་མཆོག་མིན་ཞེས། །བཤད་ན་མཆོག་གི་མཚན་གཞི་གང༌། །དབྱེ་བ་རྣམ་ལྔ་གང་ནས་བཤད། །གཉིས་མེད་རྣམ་རྒྱལ་ཁུངས་སུ་དཀའ། །བྱེ་སྨྲ་དང་མཐུན་མཚན་གཞི་དཀོན། །སྒྱུ་མ་པ་ནི་སུ་ལ་ཟེར། །ཐལ་འགྱུར་འདོད་པ་འདིར་སུན་ཕྱུང༌། །དེ་ལ་མི་གནས་ཟེར་བ་དཀའ། །རང་རྒྱུད་འདོད་པའང་དེ་བཞིན་དུ། །བཀག་ཕྱིར་དབུ་མ་བསྟན་པས་ཅི། །མི་གནས་པ་ལ་ཟུང་འཇུག་དང༌། །རྒྱུན་ཆད་གཉིས་སུ་སུ་ཡིས་འདོད། །གཉིས་ཀ་ལུགས་འདིས་སུན་ཕྱུང་ཕྱིར། །མི་གནས་མཆོག་ཏུ་ཇི་ལྟར་འཆད། །ཟླ་གྲགས་རང་རྒྱུད་མི་འདོད་ཅིང༌། །མཉམ་གཞག་ཡེ་ཤེས་ཁས་ལེན་ཕྱིར། །དེ་དག་ལས་གཞན་དབུ་མ་པ། །མཆོག་ཏུ་འདོད་པ་ཡིན་ཞེ་ན། །སྤྲོས་པ་མཐའ་དག་བཀག་རྗེས་སུ། །མཉམ་གཞག་ཡེ་ཤེས་ཁས་ལེན་པ། །ཟུང་འཇུག་མི་གནས་པ་དང་ནི། །རྣལ་འབྱོར་སྤྱོད་པ་ལས་གཞན་མེད། །དེ་རྗེས་ཀྱཻ་ཡི་རྡོ་རྗེ་ཞེས། །བཤད་པ་དེ་ལ་དབུ་མ་ལས། །ལྷག་པའི་ལྟ་བ་ཡོད་དམ་མེད། །ཡོད་ན་སྤྲོས་པ་ཅན་དུ་འགྱུར། །མེད་ན་ལྟ་བ་རིམ་འཇུག་གི །མཐར་ཐུག་ཉིད་དུ་བཤད་པ་ཅི། །ལྟ་བའི་མཐར་ཐུག་ཟུང་འཇུག་དོན། །ཟུང་དུ་འབྲེལ་བར་འཆད་པ་ནོར། །སོ་སོར་ཐར་པ་རིགས་བདུན་དང༌། །རྫས་སུ་བཞི་ཡི་གྲངས་ངེས་ལ། །དགེ་སློབ་མ་ཡི་སྡོམ་པ་ཞེས། །བགྲངས་ལ་ཞུས་དག་དགོས་ཡིན་ནམ། །དེ་ལྟར་དྲིས་པ་དེ་དག་གི །ལན་འདེབས་ཤེས་ན་རྒྱས་པར་སྨོས། །མི་ཤེས་ན་ཡང་ཚིག་འབྲུ་ཙམ། །ཀློག་པས་ཉེས་ཆེན་སྐྱེད་མི་ནུས། །གསང་སྔགས་ལྟ་བའི་གནས་འདི་ལ། །ཡིད་གཉིས་སེལ་བར་མ་ནུས་ན། །ཉམས་ལེན་ལྟ་ཅི་བཤད་པ་ཡང༌། །མི་ཤེས་ཕྱིར་ན་འདི་འདྲིའོ། །དབུ་མའི་བསྟན་བཅོས་ཚད་ལྡན་ན། །རྣམ་གྲངས་མིན་པའི་དོན་དམ་བདེན། །བཤད་པ་མེད་ཅིང་སྟོང་ཉིད་ཙམ། །དོན་དམ་མིན་པར་ལུགས་འདིས་བཤད། །དེ་ཡི་དགོངས་པ་གང་ནས་བཙལ། །ཀུན་རྫོབ་མ་གཏོགས་དོན་དམ་པའི། །བདེན་པ་ཡོད་པར་མི་འཆད་ན། །ཆོས་དབྱིངས་མ་གཏོགས་ཆོས་གཞན་ནི། །མེད་པར་འཆད་པ་དེ་ཅི་ཞིག །ཀུན་རྫོབ་ལས་གཞན་ཆོས་མེད་ཅིང༌། །ཆོས་དབྱིངས་ཀུན་རྫོབ་བདེན་ཞེས་པ། །དབུ་མའི་ལུགས་ལ་དེ་ཡིན་ན། །རྒྱུད་སྡེའི་ལུགས་ལའང་དེར་འཆད་དམ། །འཆད་ན་རྫོགས་རིམ་གཙོ་བོ་ནི། །དོན་དམ་བདེན་པར་འཆད་དེ་ཅི། །མི་འཆད་ན་ནི་དབུ་མ་ལས། །ལྷག་པའི་ལྟ་བ་མེད་པ་ཅི། །དབུ་མའི་ཐོས་བསམ་རིགས་པ་ཡིས། །ལྟ་བའི་ཕུ་ཐག་མ་བཅད་ན། །ཡེ་ཤེས་ཚོགས་བསོག་མི་ཤེས་ཞེས། །གཞན་ཟེར་དབྱངས་སུ་ལེན་རྣམས་ཉོན། །དོན་གཅིག་ན་ཡང་མ་རྨོངས་སོགས། །རྒྱས་པར་བཤད་པ་གང་ཡིན་དང༌། །སྤྲོས་བྲལ་རྟོགས་པའི་ཐབས་ལ་སྔགས། །ཁྱད་པར་འཕགས་ཞེས་འཆད་པ་དང༌། །རྫོགས་རིམ་སོ་སོར་བྱིན་རླབས་ཀྱི། །མཐུ་ལས་འབྱུང་བའི་ལྟ་བ་དང༌། །བླ་མའི་དངོས་གྲུབ་བླངས་པ་ལས། །དེ་ཉིད་རྟོགས་ཞེས་གསུངས་དེ་ཅི། །སྤྲོས་བྲལ་སྟོང་ཉིད་མེད་དགག་ཙམ། །རྟོགས་པ་རྒྱུད་སྡེའི་ལྟ་ཡིན་ན། །ལྟ་བའི་མཐར་ཐུག་རང་རིག་པའི། །དག་པར་གསུངས་པ་ཅི་ལ་དགོངས། །དེ་རྗེས་ཀྱཻ་རྡོར་བསྟན་ཞེས་སོགས། །གསང་སྔགས་ལྟ་བའི་མཐར་ཐུག་ནི། །ངོ་བོ་ཉིད་མེད་ལས་ལྷག་ཅེས། །གསུངས་པའི་དགོངས་པ་གང་ནས་བཙལ། །ངོ་བོ་ཉིད་མེད་སྨྲ་བ་ཡི། །དོན་དམ་བཟུང་དུ་ཡོད་ན་ནི། །ལུགས་དེར་རྣམ་གྲངས་མིན་པ་ཡི། །དོན་དམ་བཟུང་དུ་མེད་མིན་ནམ། །དབུ་མའི་རིགས་པས་བསམ་པ་ཡི། །དོན་དམ་བཟུང་དུ་ཡོད་གྱུར་ན། །དབུ་མའི་ལུགས་ལའང་སྟོང་ཉིད་ཀྱི། །བྲལ་ཆ་དོན་དམ་མིན་པ་ཅི། །སྔགས་དང་ཕ་རོལ་ཕྱིན་ལུགས་ལ། །དངོས་པོའི་གནས་ལུགས་ཤེས་བྱ་བ། །གཅིག་ཀྱང་ཡོད་པ་མིན་ཞེས་དང༌། །རང་བཞིན་ལྷན་སྐྱེས་འཆད་པ་ན། །དངོས་པོ་ཀུན་གྱི་གནས་ལུགས་དང༌། །མདོ་དང་རྒྱུད་སྡེ་ཐམས་ཅད་ཀྱི། །རྟོགས་བྱ་འདི་ཉིད་ཁོ་ན་ཞེས། །གསལ་བར་གསུངས་པའི་དགོངས་པ་གང༌། །རང་བཞིན་ལྷན་སྐྱེས་གཅིག་བུ་ཉིད། །དོན་དམ་དངོས་སུ་འཆད་པ་དང༌། །ཡེ་ཤེས་ཆེན་པོ་རྣམ་གྲངས་ཀྱི། །དོན་དམ་བདེན་པ་འཆད་དེ་ཅི། །ཡེ་ཤེས་ཆེན་པོ་སྤྱི་དོན་དུ། །འཆད་པའི་ཚེ་ན་རྣམ་གྲངས་དང༌། །དེ་ཉིད་སྦས་དོན་དུ་འཆད་ཚེ། །དཔེ་ཡི་ཡེ་ཤེས་སུ་བཤད་ནས། །དེ་ཡང་དོན་དམ་དངོས་མིན་ཞེས། །ལུང་གིས་སྒྲུབས་པ་དེ་དག་དང༌། །དོན་དམ་དངོས་པོའི་གནས་ལུགས་ཀུན། །ཚིག་བཅད་འདིས་བསྡུས་གསུང་བ་ཅི། །དཔེ་ཡི་ཡེ་ཤེས་དོན་དམ་དངོས། །མིན་པའི་ཤེས་བྱེད་འཆད་པ་ན། །དབང་པོ་གཉིས་སྦྱོར་བདེ་བ་དང༌། །འབྱུང་ལས་གྱུར་པའི་བདེ་བར་བཤད། །དཔེ་ཡི་ཡེ་ཤེས་ངོས་འཛིན་པའི། །གཞུང་ན་ལུས་ལ་གནས་གྱུར་ཀྱང༌། །ལུས་ལས་སྐྱེས་པ་མིན་པར་བཤད། །དེ་ཡི་དགོངས་པ་གང་ནས་བཙལ། །མདོར་ན་དོན་གྱི་ཡེ་ཤེས་ནི། །ཚིགས་བཅད་གཅིག་པོས་མ་བསྟན་ན། །དེ་ཉིད་ཁྱད་པར་ལྔ་ལྡན་དུ། །སྟོན་པའི་ལུང་གང་ཡིན་པ་སྨྲོས། །རྟོག་པ་ཐམས་ཅད་སྤངས་ཤེས་པ། །དཔེ་ཡི་ཡེ་ཤེས་ལ་སྦྱོར་ན། །དབང་པོ་གཉིས་སྦྱོར་བདེ་བ་དང༌། དཔེ་ཡི་ཡེ་ཤེས་སྦྲེལ་བ་ཅི། །དེ་ལྟར་སྦྲེལ་ཚེ་མུ་སྟེགས་ལ། །དཔེ་ཡི་ཡེ་ཤེས་ཡོད་པར་འགྱུར། །དེ་ཉིད་རྒྱུན་དུ་གོམས་བྱས་པས། །བདེན་པ་མཐོང་བར་འགྱུར་མིན་ནམ། །གཞན་ཡང་རྗེ་བཙུན་མཆེད་བཅས་ཀྱི། །གཞུང་ན་ཕ་རོལ་ཕྱིན་པ་བས། །སྟོང་ཉིད་རྟོགས་པ་མེད་ཅེས་དང༌། །སྔགས་ཀྱི་ཐབས་ལས་རྟོགས་ཤེས་གསུངས། །དེས་མི་རྟོགས་དང་དེས་རྟོགས་པའི། །སྟོང་པ་ཉིད་ཀྱི་ངོས་འཛིན་ནི། །གཅིག་གམ་ཐ་དད་ཉིད་དུ་བརྟག །གཅིག་ན་སྔགས་ཀྱི་རྣལ་འབྱོར་པའི། །མངོན་སུམ་རྟོག་བཅས་ཉིད་དུ་འགྱུར། །སོ་སོ་ན་ནི་གནས་སྐབས་ཀྱི། །བཤད་པ་འབྲེལ་མེད་དུ་འགྱུར་ཞིང༌། །སྔགས་ཀྱི་ཐབས་མཁས་སུ་མི་འགྱུར། །ཕ་རོལ་ཕྱིན་པས་སྟོང་པ་ཉིད། །རྟོགས་པ་མེད་ན་སྔགས་ལུགས་ཀྱི། །ས་བཅུ་དེ་ཡིས་བགྲོད་པ་འགལ། །སྔགས་ཀྱི་སངས་རྒྱས་ཉེ་རྒྱུ་ཡིས། །མཚམས་སྦྱོར་བ་དང་རྟེན་དེ་ཡང༌། །མི་ཡི་ལུས་ཅན་ཁོ་ནར་ནི། །བཤད་པ་ལྟ་བུར་མངོན་པ་ན། །མི་ལ་འདོད་པའི་རྟེན་ཅན་ལས། །གཞན་དུ་བཤད་པ་མེད་པའི་ཕྱིར། །འདོད་པའི་ཁམས་དེ་འོག་མིན་ནམ། །རྫོགས་སངས་རྒྱ་ཁར་གཞན་དུ་འཕོ། །དགྲ་བཅོམ་རྟོག་པ་སྔོན་སོང་དང༌། །གཟུགས་ཁམས་རྟེན་ཅན་འཕགས་པ་ཡིས། །ཉེ་རྒྱུ་མེད་པར་འཚང་རྒྱའམ། །ཡང་ན་འདོད་པའི་ཁམས་སུ་འོང༌། །ལྷའམ་གནོད་སྦྱིན་མོ་སོགས་ཀྱི། །ཤེས་རབ་བརྟེན་པར་མི་འགལ་ན། །དེ་དག་འདོད་ཡོན་རྣམ་ལྔ་ལ། །ཆགས་བྲལ་བྱས་པ་མིན་ནམ། །གཞུང་ལུགས་གང་དང་གང་གི་ཡང༌། །འཆད་པོ་སྒྲ་ཚད་མི་ཤེས་པས། །དགོངས་དོན་བསྡུས་དོན་ཚིག་དོན་ཙམ། །ཉེ་བར་བཀླགས་ཏེ་བཤད་པར་བྱ། །རིག་པའི་གནས་ལ་བློ་བྱང་བའི། །འཆད་པོས་རྒལ་ལན་མ་བླངས་ན། །དཀའ་བའི་གནས་རྣམས་མི་རྟོགས་ཕྱིར། །རྒལ་ལན་དང་བཅས་བཤད་པར་བྱ། །འདི་ལན་དད་པའི་རྗེས་འབྲང་དང༌། །སྔོན་བྱོན་གཞུང་ལུགས་ཀུན་སྤོང་བའི། །ཕྱིས་བྱུང་གཏམ་རྣམས་གློ་བ་ལ། །ཉེར་སིམ་མཁས་འདོད་རྣམས་ཀྱིས་མིན། །སྔོན་བྱོན་གཞན་དང་ལུགས་འདི་པའི། །གཞུང་བཟང་མདོ་རྒྱུད་བསྟན་བཅོས་དང༌། །མན་ངག་ཀུན་ལ་བློ་སྦྱངས་པའི། །མཁས་པས་བཤད་ན་ཤེས་པར་འགྱུར། །རྗེ་བཙུན་གོང་མ་འཁྲུལ་ཟད་ཅེས། །བྱ་བའི་ཚིག་ལ་མ་ཞེན་པར། །དག་ལྗོན་སྐོར་གསུམ་ཤེས་འདོད་ན། །འཁོར་ལོ་གསུམ་པའི་ངེས་དོན་སློབས། །དེ་སྐད་འདི་ནི་འགྲོ་བའི་མགོན། །བློ་བཟང་འཕགས་པས་བྱིན་བརླབས་པའི། །གཙུག་ལག་ཁང་ཆེན་གྱི་བདག་པོ། །པདྨ་དབང་ཆེན་ཞེས་བྱས་བསྐུལ། །དགེ་བས་རྒྱུད་གསུམ་མན་ངག་བཅས། །དག་ལྗོན་སྐོར་གསུམ་ཞེས་བྱ་བའི། །ལུགས་ལ་དད་ཐོབ་མང་པོ་ཡི། །ཉམས་ལེན་གནས་ལ་གདེང་ཐོབ་ཤོག །ཅེས་དྲི་བའི་ཚིག་ལེའུར་བྱས་པ་དཀའ་བའི་གནས་རྣམས་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་གཙང་གཡས་རུ་གསེར་མདོག་ཅན་དུ་སྦྱར་ནས་སྤྲིངས་པ་ཡིན་ནོ།།  །།མངྒ་ལཾ།།  །།ན་མོ་བུདྡྷཱ་ཡ། ཆོས་ཀྱི་རྗེ་ཡི་གསུང་རྣམས་སུ། །འཁོར་ལོ་ཕྱི་མར་ལུས་ཅན་ཀུན། །སངས་རྒྱས་སྙིང་པོ་ཅན་གསུངས་པ། །དགོངས་པ་ཅན་ཞེས་བཤད་མོད་ཀྱང༌། །རྗེ་བཙུན་ཆེན་པོའི་ལུང་དག་ན། །དེ་ལ་དེ་ཡོད་ཇི་བཞིན་པའི། །སྒྲ་ཡིས་གསུངས་ཕྱིར་འདི་དབང་བཙན། །ཞེས་བྱར་སྨྲ་བ་མང་དུ་ཡོད། །སྙིང་པོའི་ངོས་འཛིན་མི་ཤེས་པར། །འཆལ་གཏམ་མང་དུ་སྨྲ་མི་བྱ། །འཁོར་ལོ་བར་པར་སྤྲོས་པའི་མཐའ། །མ་ལུས་བཀག་པའི་རྗེས་ཐོགས་སུ། །སངས་རྒྱས་སྙིང་པོའི་གཏམ་བཟང་འདི། །འཁོར་ལོ་གསུམ་པའི་ཁྱད་ཆོས་ཡིན། །འཁོར་ལོ་བར་པར་སྤྲོས་པའི་མཐའ། །བཀག་ཙམ་མེད་པར་དགག་པ་ལ། །སངས་རྒྱས་སྙིང་པོའི་མིང་གིས་བཏགས། །དེ་ནི་སྙིང་པོའི་དགོངས་གཞི་ཡིན། །འཁོར་ལོ་བར་པའི་དགོངས་འགྲེལ་གྱི། །མདོ་སྡེ་ཕྱི་མ་དག་ན་ཡང༌། །གཞི་དུས་ཟག་མེད་ཤེས་པ་ལ། །སྙིང་པོའི་དགོངས་གཞིར་བཤད་པ་མང༌། །སྙིང་པོ་དངོས་ནི་སྙིང་པོའི་མདོར། །བྲལ་དང་རྣམ་པར་སྨིན་པ་ཡི། །ཡོན་ཏན་ཀུན་དང་དབྱེར་མེད་པའི། །ཆོས་ཀྱི་སྐུ་ལ་བཤད་པ་ཡིན། །ཆོས་སྐུ་དེ་ཡི་ཆོས་ཉིད་ནི། །གང་ལ་ཡོད་པའི་སེམས་ཅན་ལ། །ཆོས་ཀྱི་སྐུ་ཡང་ཡོད་དོ་ཞེས། །བརྗོད་པར་རིགས་པའི་ཤེས་བྱེད་ནི། །ཆོས་ཅན་ཀུན་གྱི་ཆོས་ཉིད་དེ། །རང་རང་ཆོས་ཅན་དེ་ཀུན་དང༌། །དབྱེ་བ་མེད་པ་ཉིད་ཕྱིར་དང༌། །དེ་ལས་དེ་དེ་འབྱུང་ཕྱིར་རོ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པའི་འགྲེལ་པར་རྗེ་བཙུན་གྱིས། །ཡེ་ཤེས་ཆེན་པོ་སངས་རྒྱས་ཀྱི། །ཡེ་ཤེས་དངོས་ཡིན་ལུས་ཅན་ལ། །དེ་ཡོད་གསུངས་པའི་དགོངས་པ་ནི། །དེ་ཡི་ཆོས་ཉིད་ལུས་ཅན་ལ། །ཡོད་པ་ཉིད་ལ་དགོངས་སོ་ཞེས། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་སོགས། །རྒྱུད་བླའི་ལུང་དང་སྦྱར་ཏེ་བཤད། །དེས་ན་རྗེ་བཙུན་ཁུ་དབོན་གྱི། །བཞེད་ལ་འགལ་བ་ཡོད་མ་ཡིན། །འཁོར་ལོ་བར་པ་མདོ་གཞན་གྱི། །དགོངས་འགྲེལ་དག་ལ་མ་ལྟོས་པར། །ཇི་བཞིན་སྒྲ་ཡིས་འཆད་པ་ན། །སྟོང་པ་ཉིད་ལ་སྙིང་པོར་འཆད། །འདི་ནི་སྙིང་པོ་དངོས་མིན་ཏེ། །སྙིང་པོའི་དགོངས་གཞི་ཉིད་དུ་བཤད། །དགོངས་གཞི་གང་ཡིན་དེར་འཆད་ན། །དངོས་ལ་གནོད་བྱེད་ཇི་ལྟར་སྟོན། །ཕྱི་རབས་པ་རྣམས་རང་བཞིན་གྱི། །གནས་རིགས་སྙིང་པོ་དངོས་སུ་འཆད། །དེ་དེར་འཆད་པའི་མདོ་དང་ནི། །བསྟན་བཅོས་ཚད་ལྡན་ཡོད་མ་ཡིན། །ཆོས་དབྱིངས་སྙིང་པོ་དངོས་ཡིན་པར། །རྔོག་ལོ་ཆེན་པོས་བཤད་ཟེར་མོད། །འཁོར་ལོ་བར་པའི་དངོས་བསྟན་གྱི། །སྟོང་ཉིད་སྙིང་པོ་དངོས་མིན་པ། །ཐེག་པ་ཆེན་པོ་རྒྱུད་བླ་མར། །གློ་བུར་དག་གི་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོགས་གཞུང་གིས་གསལ་བར་བཤད། །སྙིང་པོའི་སྐོར་ལ་འདྲི་བ་དང༌། །ལན་དུ་བྱ་བ་དེ་ཙམ་མོ། །དེ་ནས་གོང་དུ་དྲིས་པ་ཡི། །ལན་རྣམས་རིམ་བཞིན་བཤད་པར་བྱ། །སེམས་ཅན་ཀུན་ལ་སངས་རྒྱས་ཀྱི། །སྙིང་པོས་ཁྱབ་ན་མདོ་རྒྱན་དུ། །རིགས་ཆད་བཤད་དང་འགལ་སྤོང་ཚེ། །གཞུང་དེ་སེམས་ཙམ་ཡིན་ཞེས་བཤད། །འདི་ལ་དཀའ་བའི་གནས་མང་སྟེ། །གཞུང་འདིར་འགྲོ་ཀུན་སངས་རྒྱས་ཀྱི། །སྙིང་པོ་ཅན་དུ་བཤད་པ་དང༌། །སེམས་ཙམ་ལུགས་ལ་རང་བཞིན་གྱི། །གནས་རིགས་ཆོས་ཀྱི་དབྱིངས་ལ་འཆད། །རྗེ་བཙུན་དགོངས་པ་ཅི་ཞེ་ན། །ལྷན་སྐྱེས་ཡེ་ཤེས་འགྲོ་ཀུན་ལ། །ཁྱབ་ཕྱིར་གསང་སྔགས་སྣོད་དུ་རུང༌། །རྣལ་འབྱོར་སྤྱོད་པས་ཆོས་དབྱིངས་ཀྱི། །ཡེ་ཤེས་རིགས་སུ་འཆད་མོད་ཀྱང༌། །སེམས་ཙམ་པ་རྣམས་ལོག་སྲེད་ཅན། །མྱ་ངན་མི་འདའི་ཆོས་ཅན་ལ། །རིགས་ཆད་ཅེས་སུ་འཆད་པ་སྟེ། །དོན་དམ་རྒྱས་འགྱུར་རིགས་ཆད་པའོ། །རྒྱས་འགྱུར་རིགས་དེ་ནམ་ཆད་པ། །དེ་སྲིད་རྡོ་རྗེ་ཐེག་པ་ཡི། །སྣོད་དུ་རུང་བ་མ་ཡིན་ཏེ། །དེ་ཡི་རྒྱུ་ཚོགས་མ་ཚང་ཕྱིར། །མདོ་སྡེའི་རྒྱན་ན་སེམས་ཙམ་དང༌། །དབུ་མའི་གཞུང་ལུགས་གཉིས་ཡོད་པ། །དེར་སྣང་སེམས་ཙམ་གནས་ཞེས་དང༌། །སེམས་ཀྱང་མེད་ཅེས་བཤད་ལས་ཤེས། །དྲི་བ་གཉིས་པ་མན་ངག་གིས། །སྐལ་དམན་རིམ་གྱིས་བཀྲི་ཚུལ་དང༌། །རྒྱུད་ཀྱི་བཀྲི་ཚུལ་མི་མཐུན་པ། །ཅི་ཞེས་བྱ་བའི་བསམ་པ་ནི། །མན་ངག་སྤྱོད་པ་རིམ་འཇུག་ཚེ། །མངོན་མཐོའི་ལམ་ནས་ཐོག་མ་བཤད། །རྒྱུད་དུ་གསོ་སྦྱོང་ནས་བཤད་པ། །ངེས་པར་ལེགས་པའི་ཐོག་མ་ཡིན། །མན་ངག་གཞུང་དུ་མི་དགེ་བཅུ། །སྤོང་བ་མངོན་མཐོའི་དབང་དུ་བྱས། །རྒྱུད་དུ་སྐྱབས་འགྲོ་ནས་བརྩམས་པས། །ངེས་པར་ལེགས་པའི་ལམ་དུ་ཤེས། །མན་ངག་སྣང་གསུམ་ལྟ་བ་ནི། །མ་དག་དག་ལ་མ་དག་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །མ་དག་སྣང་བ་རང་སྟོང་དང༌། །ཉམས་སྣང་གཞན་སྟོང་དབང་དུ་བྱས། །དག་སྣང་ཟུང་འཇུག་ལྟ་བ་སྟེ། །གསུམ་ཀའང་ཆོས་ཀྱི་བདག་མེད་ལྟ། །གང་ཟག་བདག་མེད་དེར་མི་གསལ། །རྒྱུད་ཀྱི་ལྟ་བ་རིམ་འཇུག་ནི། །ཐོག་མར་གང་ཟག་བདག་མེད་དེ། །བྱེ་བྲག་སྨྲ་བའི་ལྟ་བ་ནས། །ཐོག་མ་ཉིད་དུ་འཇུག་པར་བཤད། །བཀྲི་ཚུལ་གཉིས་པོ་མི་མཐུན་ན། །རྒྱུད་ཀྱི་མན་ངག་ཡིན་པར་འགལ། །ཟེར་བ་བྱུང་ན་ལན་ཇི་ལྟར། །འདེབས་པ་དྲི་བའི་བསམ་པའོ། །གཞུང་ཇི་ལྟ་བའི་བཀྲི་ཚུལ་དུ། །དོན་དམ་བྱང་ཆུབ་སེམས་སྒོམ་ཚེ། །གཟུང་འཛིན་གཉིས་སུ་མེད་བཤད་པའི། །ལྷག་མར་བདག་འཛིན་ལུས་པ་མེད། །རྒྱུད་དུ་མི་དགེ་བཅུ་སྤོང་བས། །མངོན་མཐོའི་ལམ་ཡང་གསལ་བར་བཤད། །སྐྱབས་སུ་འགྲོ་ཚུལ་གཉིས་བཤད་ཚེ། །རྒྱུ་ཡི་སྐྱབས་འགྲོ་མངོན་མཐོའི་ལམ། །དེ་ཕྱིར་བསྙེན་གནས་མངོན་མཐོའི་ལམ། །རྐྱང་པ་ཉིད་དུའང་འགྱུར་བ་ཡོད། །ཐུན་མོང་ཐེག་པའི་དགེ་སློང་ནི། །སྤོང་བ་བདུན་ལས་ལྷག་པ་མེད། །བསླབ་གནས་བཅུ་པ་དགེ་བཅུ་ལ། །ངོས་འཛིན་བྱེད་པ་དེ་ཉིད་ལེགས། །རྒྱུད་ཀྱི་བྱང་སེམས་བསླབ་བྱ་ནི། །རྣལ་འབྱོར་སྤྱོད་པའི་ནང་དུ་འདུས། །རྣལ་འབྱོར་སྤྱོད་པའི་ལྟ་བ་ལ། །དབུ་མ་སེམས་ཙམ་གཉིས་ཡོད་ཀྱང༌། །ལྗོན་ཤིང་ནང་དུ་སེམས་ཙམ་པའི། །ལྟ་བ་ལས་ལྷག་མི་འཆད་པ། །རྣམ་རྫུན་ཞེས་གྲགས་ལྟ་བ་ནི། །སྔགས་ཀྱི་རྟོགས་བྱར་འདུས་ལ་དགོངས། །རྣམ་རྫུན་སེམས་ཙམ་པར་བསྡུས་ནས། །གཞན་དབང་བདེན་གྲུབ་འདོད་ཅེས་པ། །བྱམས་ཆོས་རྗེས་འབྲང་བཅས་པ་ཡི། །ཤིང་རྟའི་སྲོལ་འབྱེད་ཀུན་དང་འགལ། །དེ་ཕྱིར་རྗེ་བཙུན་སྐུ་མཆེད་ཀྱིས། །བྱམས་པའི་ཆོས་ལས་གསུངས་པ་ཡི། །གཟུང་འཛིན་གཉིས་མེད་ཡེ་ཤེས་ནི། །སྔགས་ཀྱི་རྟོགས་བྱའི་ལྟ་བར་བཤད། །རྣལ་འབྱོར་སྤྱོད་གཞུང་ལྟ་བ་ལ། །གཉིས་མེད་ཡེ་ཤེས་མི་འཆད་ན། །སྤྱན་རས་གཟིགས་དང་འཕགས་པ་ལྷས། །གྲུབ་མཐའི་རྣམ་དབྱེ་མཛད་དང་འགལ། །འོ་ན་རྣལ་འབྱོར་སྤྱོད་པ་ཡི། །རྗེས་ལ་དབུ་མ་བསྟན་ཅི་དགོས། །ཞེ་ན་སྒྲོ་འདོགས་གཅོད་པ་ཡི། །རིགས་པ་འཆད་པའི་དབང་དུ་བྱས། །རིགས་པ་དེ་ཡིས་གང་དཔྱད་པ། །དེ་ཉིད་བསྒོམ་བྱ་ཡིན་སྙམ་པའི། །དོགས་པ་ཟློག་ཕྱིར་དེ་རྗེས་སུ། །ཀྱཻ་ཡི་རྡོ་རྗེ་བརྩམ་ཞེས་གསུངས། །མངོན་པར་རྟོགས་པའི་ལྗོན་ཤིང་དུ། །བྱེ་མདོའི་ལྟ་བ་འདི་ཡིན་ཞེས། །ངོས་འཛིན་མེད་ཀྱང་གྲུབ་མཐའ་ཡི། །གཞུང་ལུགས་ངོས་འཛིན་ཉིད་ཀྱིས་རྟོགས། །མཛོད་འགྲེལ་བྱེ་མདོ་གཉིས་ཀ་ཡི། །ཐུན་མོང་གཞུང་ཕྱིར་གཉིས་ཀ་ཡི། །ལྟ་བ་དེ་ལས་གསལ་བར་འབྱུང༌། །མངོན་པ་ཀུན་བཏུས་མདོ་སྡེ་པའི། །གཞུང་ཡིན་ཞེས་པ་རྣམ་རིགས་དང༌། །ཐུན་མོང་བ་ལ་དགོངས་པ་སྟེ། །ཐུན་མོང་མིན་པར་འཆད་མི་ནུས། །རྣམ་རིག་ཚུལ་ནི་འགའ་ཡང་མེད། །ཅེས་པ་ཡི་གེ་མ་དག་སྟེ། །རྣམ་རིག་ཚུལ་ཀྱང་འགལ་བ་མེད། །ཅེས་པའང་རྣམ་བཤད་དེ་ལས་འབྱུང༌། །མདོ་སྡེ་པ་ཡི་གྲུབ་པའི་མཐར། །སྣང་བ་སེམས་སུའང་བཤད་པ་ཡིན། །མངོན་པ་ཀུན་བཏུས་ཡོངས་རྫོགས་ནི། །མདོ་སྡེ་སེམས་ཙམ་དབུ་མ་གསུམ། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ནི། །ཕལ་ཆེའི་འཆད་ལུགས་དེ་ལྟར་ཡིན། །མཛོད་ན་སྤང་བྱ་ཅིག་ཆར་བའི། །རྣམ་གཞག་ཡོད་པ་མ་ཡིན་ཀྱང༌། །མཐོང་ཆོས་བཞི་ཡི་རྒྱུན་ཞུགས་ལ། །ཅིག་ཆར་བ་ཡི་མིང་འདོགས་ནི། །རྗེ་བཙུན་ཉིད་ཀྱིས་མཛད་པ་སྟེ། །མངོན་པ་གོང་མ་གང་བཤད་པའི། །ཅིག་ཆར་བ་ཡི་ཁྱད་ཆོས་ཀྱི། །ཕྱོགས་གཅིག་འདི་ལ་ཡོད་དེར་དགོངས། །སྐུ་གསུམ་སྟོང་ཉིད་བཅུ་དྲུག་དང༌། །ས་བཅུ་ལ་སོགས་ཐེག་པ་ཆེ། །བཀར་སྒྲུབ་དགོས་དེས་མི་འདོད་ཀྱང༌། །ཐེག་པ་ཆེན་པོའི་མདོ་སྡེ་ཡང༌། །ཚད་མར་བྱེད་པ་མདོ་སྡེ་པ། །གྲུབ་མཐའ་རྣམ་དབྱེའི་འགྲེལ་པར་ནི། །བྱང་ཆུབ་བཟང་པོས་འཆད་པ་ལྟར། །རྗེ་བཙུན་གྱིས་ཀྱང་བཞེད་པར་ངེས། །རྗེ་བཙུན་འདི་པའི་གཞུང་དག་ན། །རྣལ་འབྱོར་སྤྱོད་པའི་རྣམ་བརྫུན་པ། །སེམས་ཙམ་ལྟ་བུར་འཆད་པ་ཡི། །ཚིག་རིས་འགའ་ཞིག་སྣང་ན་ཡང༌། །མཚན་ཉིད་ཐེག་པ་རྐྱང་པ་ཡི། །རྣམ་བཤད་བྱེད་པའི་འཆད་པོ་དང༌། །ཅུང་ཟད་བསྲེས་པར་སྣང་མོད་ཀྱང༌། །དགོངས་པའི་མཐར་ཐུག་དེ་མིན་ཏེ། །སེམས་ཙམ་ལྟ་བ་རྗེ་བཙུན་གྱིས། །གཞན་དབང་བདེན་གྲུབ་ཉིད་དུ་བཤད། །རྣམ་བརྫུན་པས་ནི་གཞན་གྱི་དབང༌། །སྒྱུ་མ་ལྟ་བུ་བཞེད་པ་ཡིན། །རྗེ་བཙུན་ཆེན་པོས་མྱོང་བྱ་ཡི། །ལྟ་བའི་མཐར་ཐུག་གཉིས་མེད་ཀྱི། །ཡེ་ཤེས་ལ་འཆད་རྣམ་རྫུན་པའི། །ལྟ་བའང་དེ་ལས་གཞན་མ་ཡིན། །དེ་བས་ཡེ་ཤེས་བདེན་གྲུབ་ཏུ། །འདོད་པས་ཁྱད་པར་ཆེ་ཞེ་ན། །རྗེ་བཙུན་ཆེན་པོ་གཉིས་མེད་ཀྱི། །ཡེ་ཤེས་དོན་དམ་བདེན་པར་བཞེད། །རྣམ་བརྫུན་པ་ཡང་མཉམ་གཞག་ཏུ། །མྱོང་བྱའི་ཡེ་ཤེས་བདེན་སྙམ་པའི། །རྟོག་པར་སྤང་བྱར་འཆད་པའི་ཕྱིར། །ཁྱབ་པར་ཆེན་པོ་འབྱེད་མི་ནུས། །འོན་ཀྱང་སྔགས་སུ་གཉིས་མེད་ཀྱི། །ཡེ་ཤེས་བདེ་བ་ཆེན་པོ་དང༌། །དེ་ཉིད་རྟོག་པས་སྟོང་པ་ལ། །བདེ་སྟོང་ཟུང་དུ་འཇུག་པར་བཤད། །རྣམ་བརྫུན་པ་ཡང་ཡེ་ཤེས་དེ། །རྣམ་པར་རྟོག་པས་སྟོང་པ་ཉིད། །སོ་སོར་རང་རིག་ཡེ་ཤེས་ཀྱི། །སྤྱོད་ཡུལ་ཞེས་བྱར་འཆད་པ་ཡིན། །ཆོས་ཀྱི་རྗེ་ཡིས་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་མེད་ཅེས་པ། །ཐོས་བསམ་ལྟ་བ་ལ་དགོངས་ཀྱི། །ཉམས་སུ་མྱོང་བྱར་བཤད་པ་མིན། །ལམ་འབྲས་གཞུང་བཤད་ཕལ་མོ་ཆེར། །རིགས་པས་སྒྲོ་འདོགས་བཅད་པ་ཡི། །སྟོང་ཉིད་ཉམས་སུ་མྱོང་བྱས་ན། །དུག་ཅན་ལྟ་བར་འགྱུར་ཞེས་གསུངས། །གཞན་དུ་དབུ་མ་བསྟན་པ་ཡི། །རྗེས་སུ་ཟུང་འཇུག་བསྟན་ཅི་དགོས། །དབུ་མའི་དབྱེ་བ་རྣམ་ལྔ་ནི། །གཞུང་ཆེན་དག་ནས་བཤད་པ་མེད། །བོད་ཀྱི་སྔ་རབས་ལ་གྲགས་པའི། །ཐ་སྙད་ཙམ་སྟེ་རང་ལུགས་མིན། །ངོ་བོ་ཉིད་མེད་སྨྲ་བ་ལ། །མི་གནས་ལས་ལྷག་དབུ་མ་མེད། །མི་གནས་པ་ནི་སྤྲོས་པ་ཀུན། །བཀག་པའི་མེད་པར་དགག་པའོ། །སྔགས་ལའང་མཚན་འཛིན་འགོག་པ་ཡི། །སྟོང་ཉིད་འདི་ལས་ལྷག་མེད་ཀྱང༌། །ཉམས་སུ་མྱོང་བྱའི་སྟོང་ཉིད་ནི། །རྣམ་པ་ཀུན་གྱི་མཆོག་ལྡན་ནོ། །འདི་ན་ཕལ་ཆེར་ཐལ་རང་ལས། །ལྷག་པའི་དབུ་མ་ཡོད་མིན་ཞིང༌། །སྔགས་ལའང་དེ་ལས་ལྷག་པ་ཡི། །དབུ་མ་མེད་ཅེས་ཟེར་བའང་སྣང༌། །སྔགས་ལུགས་ཐལ་རང་ཇི་བཞིན་པར། །འདོད་པ་རྗེ་བཙུན་ཉིད་ཀྱིས་བཀག །ཐལ་རང་ལུགས་ལ་རྣམ་གྲངས་པ། །མིན་པའི་དོན་དམ་བདེན་པ་མེད། །སྔགས་ལུགས་རྣམ་གྲངས་མིན་པ་ཡི། །དོན་དམ་ལྷན་སྐྱེས་ཡེ་ཤེས་སོ། །ཐལ་རང་མིན་པའི་དབུ་མ་ནི། །སྔོན་བྱོན་བོད་རྣམས་ཕལ་ཆེར་སྨྲ། །དེང་སང་ཐལ་འགྱུར་ལས་ལྷག་པའི། །དབུ་མ་སྔགས་ལ་མེད་དོ་ཞེས། །མཐུན་པར་སྨྲ་བ་དེ་དག་ལ། །ཟུང་འཇུག་ལྟ་བས་ཅི་ཞིག་བྱ། །གཉིས་མེད་གཉིས་བཅས་ནོར་བ་ཡི། །ཕྱི་རབས་པ་རྣམས་ཟུང་འབྲེལ་ལ། །ཟུང་འཇུག་ཅེས་ཟེར་ཐལ་རང་བས། །ཟུང་འཇུག་བསྒོམ་བྱར་མི་འཆད་དོ། །དབུ་མ་རང་རྒྱུད་པ་རྣམས་ནི། །བདེན་མེད་རྗེས་སུ་དཔག་པ་ཡི། །ཚད་མའི་གཞལ་བྱར་འདོད་པའི་ཕྱིར། །སྒྱུ་མ་རིགས་སྒྲུབ་པ་ཡིན་ཟེར། །དེ་ཡི་འདོད་པ་དེ་མིན་ཏེ། །རང་རྒྱུད་པས་ཀྱང་སྟོང་པ་ཉིད། །མཐར་ནི་ཀུན་རྫོབ་བདེན་པའི་ཕྱིར། །རིགས་པའི་དཔྱད་པ་བཟོད་མི་བཞེད། །གཏན་ཚིགས་ཡང་དག་མི་བཞེད་པར། །ཐལ་འགྱུར་ཙམ་གྱིས་གཞན་འགོག་པ། །དེ་ལ་རབ་ཏུ་མི་གནས་པའི། །དབུ་མ་པ་ཞེས་བོད་རྣམས་འདོད། །དེ་ཡི་ཤེས་བྱེད་ལྟ་བའི་ཚེ། །ཁས་ལེན་དམ་བཅའ་མེད་པས་ཟེར། །ཚད་ལྡན་གཞུང་དུ་འབྱུང་བ་ཡི། །མི་གནས་པ་ཡི་ཐ་སྙད་ནི། །ཐལ་རང་གཉིས་ཀ་ལ་འཇུག་སྟེ། །མཐར་ཐུག་ཁས་ལེན་མེད་མཚུངས་ཕྱིར། །དེ་ལ་དགོངས་ནས་ལོ་ཆེན་གྱིས། །སྒྱུ་མ་པ་དང་མི་གནས་པའི། །དབུ་མའི་ཐ་སྙད་བྱེད་པ་ནི། །རྨོངས་པ་མཚར་བསྐྱེད་ཡིན་ཞེས་གསུངས། །ཟླ་གྲགས་དང་ནི་ཞི་འཚོ་ལ། །རྒྱུན་ཆད་རབ་ཏུ་མི་གནས་དང༌། །ཟུང་འཇུག་རབ་ཏུ་མི་གནས་ཞེས། །འཆད་པ་ཡོད་མོད་རྗེ་བཙུན་གྱིས། །ཟླ་བ་གྲགས་པ་སངས་རྒྱས་ལ། །ཡེ་ཤེས་མེད་པ་འདོད་ཟེར་བ། །སློབ་དཔོན་དང་ནི་སངས་རྒྱས་ལ། །སྐུར་པ་འདེབས་པ་ཡིན་ཞེས་གསུངས། །སྒྱུ་མ་པ་ཡི་ངོས་འཛིན་ལ། །གཉིས་མེད་ཡེ་ཤེས་དོན་དམ་དུ། །འདོད་དང་སྒྱུ་མ་རིགས་སྒྲུབ་ཏུ། །འདོད་ལ་ངོས་འཛིན་གཉིས་ཡོད་ཀྱང༌། །ཚད་ལྡན་གཞུང་དང་མཐུན་པ་མེད། །སྔགས་གཞུང་ལ་ལར་སྒྱུ་མ་དང༌། །མི་གནས་ཟུང་འཇུག་གསུམ་བཤད་པ། །འཁོར་དང་མྱང་འདས་དབྱེར་མེད་དོ། །མདོ་སྡེ་རྣལ་འབྱོར་སྤྱོད་པ་ཡི། །དབུ་མའི་དབྱེ་མཛད་ཡེ་ཤེས་སྡེ། །དེ་ལས་དཔགས་ནས་ཕྱི་རབས་པས། །ཐལ་འགྱུར་པ་ལ་གྲགས་སྡེར་བཤད། །བྱེ་མདོ་གཉིས་དང་སེམས་ཙམ་པའི། །དོན་དམ་གང་ཡིན་ཀུན་རྫོབ་ཏུ། །འདོད་པའི་དབུ་མ་པ་འགའ་ཞིག །ཡོད་ཅེས་འཇུག་པའི་འགྲེལ་པར་བཤད། །དེ་ལ་བསམ་ནས་བྱེ་སྨྲ་དང༌། །ཆ་མཐུན་དབུ་མ་འཆད་པའམ། །འཇིག་རྟེན་གྲགས་སྡེ་ཁས་ལེན་པ། །དེས་ཀྱང་རྣམ་མེད་རྗེན་ཆེར་འདོད། །མདོ་ན་རྣལ་འབྱོར་སྤྱོད་པ་ཡི། །དབུ་མ་ཐལ་རང་གཉིས་ཀ་དང༌། །མི་མཐུན་ཡིན་པར་མ་ཟད་ཀྱི། །རྒྱ་གཞུང་གསང་འདུས་བདེ་མཆོག་གི །རིམ་ལྔ་རིམ་བཞི་སྦྱོར་དྲུག་དང༌། །ལམ་འབྲས་ཤིན་ཏུ་སྤྲོས་མེད་དང༌། །ཞི་བྱེད་རྫོགས་ཆེན་ཕྱག་ཆེན་སོགས། །བོད་ལ་གྲགས་པ་ཕལ་མོ་ཆེ། །ཐལ་རང་གཉིས་ཀ་དང་མི་མཐུན། །རིགས་པས་སྒྲོ་འདོགས་གཅོད་པ་དང༌། །སྒོམ་པས་ཉམས་སུ་མྱོང་བྱ་བ། །ངོ་བོ་ཉིད་མེད་སྨྲ་བ་དང༌། །མཐུན་པ་དེ་དག་ན་མི་བཞུགས། །ངོ་བོ་ཉིད་མེད་སྨྲ་བ་ཡི། །གཞུང་ལུགས་ལོག་པའི་བློ་གྲོས་ཀྱིས། །གཞན་དུ་དྲངས་ནས་སྔོན་བྱོན་པའི། །དམ་ཆོས་སྤོང་རྣམ་བག་ཡོད་བྱོས། །དེ་ནས་སྔགས་ཀྱི་ལྟ་བ་ཡི། །རྣམ་གཞག་འཆད་པའི་གནས་སྐབས་སུ། །དྲི་བ་མང་ཞིག་དྲིས་གྱུར་པ། །དེ་ལན་གསལ་བ་འདི་ཡིན་ནོ། །མཚན་ཉིད་ཐེག་པར་བཤད་པ་ཡི། །སྟོང་པ་ཉིད་དེ་གསང་སྔགས་སུ། །མ་ཟད་དབུ་མའི་གཞུང་དུ་ཡང༌། །དོན་དམ་དངོས་ཀྱི་གོ་མི་ཆོད། །དེ་ལ་ལུང་དང་རིགས་པ་གཉིས། །ལུང་ནི་ཟླ་བ་གྲགས་པ་དང༌། །ཡེ་ཤེས་སྙིང་པོ་གཉིས་ཀ་ཡིས། །མྱང་འདས་ཀུན་རྫོབ་བདེན་པ་དང༌། །སྟོང་ཉིད་ཀུན་རྫོབ་བདེན་པར་བཤད། །རྗེ་བཙུན་མཆེད་ཀྱིས་བློ་སྣང་གི །བྲལ་ཆ་དོན་དམ་དངོས་མི་གསུངས། །སྟོང་ཉིད་ལྡོག་པ་གཞན་སེལ་ནི། །དམ་པའི་དོན་དུ་བདེན་མིན་ཏེ། །སྤྱི་མཚན་སྒྲ་དང་རྟོག་པ་ཡི། །ཡུལ་ལས་འདས་པ་མིན་ཕྱིར་རོ། །ཆོས་དབྱིངས་མ་རྟོགས་ཆོས་མེད་ཅིང༌། །ཆོས་ཀྱི་དབྱིངས་ཀྱང་ཀུན་རྫོབ་ཅེས། །བྱ་བ་ཐལ་རང་ལུགས་ཡིན་ཕྱིར། །འགལ་བ་ཡོད་པ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ནི་ཡེ་ཤེས་དང༌། །དེ་ཡང་དོན་དམ་བདེན་པ་ཞེས། །འཆད་པ་རྣལ་འབྱོར་སྤྱོད་པའི་ལུགས། །ཡིན་མོད་སྔགས་དང་དེ་མཐུན་ནོ། །མྱོང་བྱ་ཆོས་དབྱིངས་ཡེ་ཤེས་དེ། །ཐད་སོར་བཞག་ནས་ཐལ་རང་གི །རིགས་པས་སྒྲོ་འདོགས་ཆོད་པའི་ཚེ། །དེ་ལ་གསལ་སྟོང་ཟུང་འཇུག་ཟེར། །རྣམ་པར་རྟོག་པས་སྟོང་པ་ཡི། །མྱོང་བ་རིག་ཅིང་གསལ་ཙམ་ལ། །འཁོར་ལོ་གསུམ་པར་དོན་དམ་པའི། །བདག་ཅེས་ཐ་སྙད་བཏགས་པ་དེ། །སྔགས་སུ་སྐྱེད་པའི་རིམ་པ་ཡི། །ལྷ་དང་རྫོགས་རིམ་བདེ་ཆེན་གྱི། །ཡེ་ཤེས་ཀུན་གྱི་སྒྲུབ་པའི་གཞི། །ཡིན་ཕྱིར་དམ་པའི་བདེན་པའོ། །འདི་ལ་དབུ་མའི་རིགས་པ་ཡིས། །རྣམ་པར་དཔྱད་ཚེ་རིགས་པ་ཡི། །ངོ་ན་གང་དུའང་ཡོད་མིན་མོད། །དམ་པའི་དོན་ལས་འགྱུར་བ་མེད། །མདོར་ན་སྔགས་ཀྱི་ཐེག་པ་འདིར། །མཐའ་བཞིའི་སྤྲོས་ཀུན་འགོག་བྱེད་མོད། །སྤྲོས་པའི་ཡུལ་ལས་འདས་པ་ཡི། །ཟུང་འཇུག་ཡེ་ཤེས་དགག་མི་ནུས། །རིགས་པས་ཕུ་ཐག་མ་དཔྱད་ན། །ལྟ་བ་རྟོགས་པར་མི་ནུས་ཞེས། །ཕྱི་རབས་པ་ཀུན་མཐུན་སྨྲ་བ། །འདི་ནི་སྔགས་ཀྱི་ལུགས་མིན་ཏེ། །རྟོགས་བྱའི་ལྟ་བ་གཅིག་ཉིད་ཀྱང༌། །རྟོགས་བྱེད་ཐབས་ཀྱི་ཁྱད་པར་ནི། །ཕ་རོལ་ཕྱིན་པ་ལ་མེད་པར། །སྔགས་ལ་ཡོད་ཅེས་གསུངས་པ་ཡིན། །སྐབས་དེར་རྟོགས་བྱའི་ལྟ་བ་ཡང༌། །ཆོས་དབྱིངས་ཡེ་ཤེས་ལ་འཆད་པ། །ཐལ་རང་གཞུང་དང་མི་མཐུན་ཡང༌། །འཁོར་ལོ་གསུམ་པའི་གཞུང་ལུགས་ཡིན། །རྟོགས་བྱེད་ཐབས་ཀྱི་ཁྱད་པར་ནི། །དབུ་མར་ཡེ་ཤེས་ཕབ་པ་དང༌། །ལུས་ཀྱི་བྱེད་པ་བཅིངས་པ་དང༌། །བྱིན་རླབས་རིམ་པ་སོགས་ལ་བཞེད། །ཐོས་བསམ་རིགས་པས་གསང་སྔགས་ཀྱི། །དོན་དམ་ཉིད་དུ་གང་བཤད་པ། །དེ་ལ་མཚན་མར་འཛིན་པ་ཡི། །རྟོག་པ་མ་ལུས་འགོག་ནུས་ཀྱང༌། །རིགས་པས་བཙལ་ཚེ་མ་རྙེད་ཙམ། །སྔགས་ཀྱི་དོན་དམ་དངོས་མིན་ཕྱིར། །རིགས་པ་རྐྱང་པས་གསང་སྔགས་ཀྱི། །དོན་དམ་རྟོགས་པར་ནུས་མི་བཞེད། །ལ་ལ་དབུ་མའི་རིགས་པ་ནི། །སྟོང་ཉིད་རྟོགས་པའི་ཐབས་མིན་པར། །རྗེ་བཙུན་མཆེད་ཀྱི་བཤད་པའི་ཕྱིར། །ཕ་རོལ་ཕྱིན་ལ་དེ་མེད་ཟེར། །ཕ་རོལ་ཕྱིན་པས་སྟོང་པ་ཉིད། །རྟོགས་པ་མེད་ན་ལམ་ལྔ་དང༌། །ས་བཅུའི་རིམ་པས་རང་ལུགས་ཀྱི། །རྫོགས་སངས་རྒྱ་བར་གསུངས་དང་འགལ། །ཕ་རོལ་ཕྱིན་པར་སྟོང་པ་ཉིད། །དོན་དམ་བདེན་པར་མི་འདོད་ཀྱང༌། །ཡུལ་ཅན་སྟོང་ཉིད་དུ་འདྲེས་པ། །དེ་ཚེ་སྟོང་ཉིད་རྟོགས་ཤེས་བརྗོད། །དེ་ཉིད་རིམ་གྱིས་གོམས་པ་ཡིས། །སྒྲིབ་གཉིས་ས་བོན་བཅས་སྤོང་ཞིང༌། །རྗེས་ཐོབ་དུས་སུ་བསོད་ནམས་ཀྱི། །ཚོགས་བསགས་པ་ལས་རྫོགས་འཚང་རྒྱ། །མཚན་ཉིད་ཐེག་པར་མཉམ་གཞག་གི །དུས་སུ་བློ་མེད་ཁས་བླངས་ཀྱང༌། །སྔགས་ལུགས་བཞིན་དུ་བདེ་ཆེན་གྱི། །ཡེ་ཤེས་མེད་མི་རུང་མ་ཡིན། །འོ་ན་འཁོར་ལོ་གསུམ་པ་ཡི། །དབུ་མའི་ལུགས་ལའང་དེ་ཡིན་ནམ། །ཞེ་ན་མིན་ཏེ་ལུགས་དེར་ནི། །གཟུང་འཛིན་གཉིས་པོ་རང་སྟོང་དུ། །གཏན་ལ་ཕབ་ནས་གཉིས་མེད་ཀྱི། །ཡེ་ཤེས་ལྷག་མ་བཞག་པ་དེ། །མཉམ་གཞག་སོ་སོར་རང་རིག་པའི། །མྱོང་བྱ་ཉིད་དུ་བཤད་པ་ཡིན། །དངོས་པོའི་གནས་ལུགས་ཤེས་བྱ་བ། །གཅིག་ཀྱང་ཡོད་པ་མིན་ནོ་ཞེས། །གསུངས་པ་དེ་དང་ལྷན་སྐྱེས་ཀྱི། །ཡེ་ཤེས་གནས་ལུགས་སུ་བཤད་པ། །འདི་ལ་འགལ་བ་ཡོད་མིན་ཏེ། །རིགས་པས་གཏན་ལ་འབེབས་པ་དང༌། །སྒོམ་པས་ཉམས་སུ་མྱོང་བྱ་བ། །སོ་སོའི་དབང་དུ་བྱས་པ་ཡིན། །མངོན་རྟོགས་རིན་ཆེན་ལྗོན་ཤིང་དུ། །མཐའ་བྲལ་གཏན་ལ་འབེབས་པ་དང༌། །ཟུང་འཇུག་ཉམས་སུ་ལེན་པ་ཞེས། །བྱ་བའི་སྐབས་གཉིས་སོ་སོར་ཕྱེ། །འོ་ན་རིགས་པས་དཔྱད་པ་ཉིད། །ཉམས་ལེན་མིན་པ་ཅི་ཞེ་ན། །མཐའ་བྲལ་གཏན་ལ་འབེབས་ཤེས་པ། །རྟོགས་བྱ་རྟོགས་པའི་ཕྱིར་མིན་གྱི། །རྟོགས་བྱ་དེ་ལ་མཚན་འཛིན་གྱི། །སྤྲོས་པ་འགོག་པའི་ཕྱིར་ཡིན་ནོ། །དེས་ན་རྟོགས་བྱ་རྟོགས་པའི་ཐབས། །སྔགས་སུ་བཤད་པ་དེས་ཆོག་ཀྱང༌། །རྟོགས་བྱ་དེ་ལ་མཚན་འཛིན་གྱི། །སྤྲོས་པ་འགོག་པའི་རིགས་པ་ནི། །རྒྱུད་ཀྱི་ལྟ་བ་རིམ་འཇུག་དང༌། །འཁོར་ལོ་གསུམ་གྱི་གོ་རིམ་ལྟར། །རིགས་པ་ཐོག་མར་བཤད་བྱས་ནས། །ཟུང་འཇུག་རྗེས་སུ་བཤད་པ་ཡིན། །རྟོགས་བྱའི་ལྟ་བ་སྔར་མྱོང་བ། །དེ་ལ་བདག་དང་གང་ཟག་ཏུ། །འཁྲུལ་པ་འགོག་ཕྱིར་རིགས་པ་ནི། །རྗེས་སུ་བཤད་ནའང་འགལ་བ་མེད། །དཔེར་ན་རྣལ་འབྱོར་སྤྱོད་པ་ཡི། །མྱོང་བྱ་བསྟན་པའི་རྗེས་ཐོགས་སུ། །དབུ་མ་བསྟན་པར་བྱའོ་ཞེས། །རྒྱུད་ལས་བཤད་པ་དེ་བཞིན་ནོ། །དེ་ཕྱིར་དབུ་མའི་རིགས་པ་ནི། །ངེས་པར་དགོས་པ་ཡིན་ཞེ་ན། །རྒྱུད་དུ་བཤད་པའི་གཟུང་འཛིན་གྱི། །རྟོག་པ་འགོག་པའི་ཐབས་ཁོ་ནས། །འགོག་པར་ནུས་པ་མ་ཡིན་པའི། །རྟོག་པ་ཡོད་པ་མ་ཡིན་ནོ། །འཁོར་འདས་དབྱེར་མེད་དུ་བཤད་པའི། །སྣང་བ་སེམས་སོགས་གསུམ་པོ་ནི། །ཐལ་རང་གཞུང་གི་ལུགས་མིན་ཀྱང༌། །གསུམ་པོས་མཚན་འཛིན་མ་ལུས་སེལ། །རིགས་པའི་ངོ་ན་མེད་པ་དང༌། །དངོས་པོའི་གནས་ལུགས་སུ་ཡོད་པ། །གཉིས་ལ་གཙོ་བོར་གང་འཛིན་ཞེས། །ཟེར་བ་བྱུང་ན་འདི་ལྟ་སྟེ། །སྒྲ་རྟོག་ཡུལ་དུ་གང་གྱུར་པའི། །ཀུན་རྫོབ་ཆོས་རྣམ་ཤེས་བརྗོད་ཀྱི། །རིགས་པའི་ངོ་ན་མེད་པ་ཉིད། །ཡོད་པ་མིན་པའི་ཤེས་བྱེད་མཆོག །སྒྲ་རྟོག་ཡུལ་ལས་འདས་པ་ཡི། །བདེ་ཆེན་ཡེ་ཤེས་རིགས་པའི་ངོར། །ཡོད་པ་མིན་ཀྱང་གནས་ལུགས་ལ། །ཡོད་པ་ཡི་ནི་དམ་པའོ། །ངོ་བོ་ཉིད་མེད་སྨྲ་བ་རྣམས། །རིགས་པས་བཙལ་ཚེ་ཆོས་གང་ཡང༌། །རྙེད་པ་མིན་ཕྱིར་ཆོས་རྣམས་ཀུན། །ཡོད་པ་མིན་ཞེས་འཆད་པ་ཡིན། །ཐོས་བསམ་རིགས་པ་དབུ་མ་ལས། །ལྷག་པ་སྔགས་ལ་ཡོད་མིན་ཀྱང༌། །ཉམས་སུ་མྱོང་བྱ་དབུ་མ་ལས། །ལྷག་པ་སྔགས་ལ་ཡོད་ཅེས་བྱོས། །དེ་ནས་རང་བཞིན་ལྷན་སྐྱེས་ཉིད། །དོན་དམ་བདེན་པ་དངོས་ཡིན་པར། །བཤད་ལ་རྩོད་པའི་རྣམ་གྲངས་ནི། །མང་པོར་གྱུར་པ་དེ་སྤང་བྱ། །རང་བཞིན་ལྷན་སྐྱེས་ཕར་ཕྱིན་གྱི། །ཐེག་པའི་རིགས་པས་འོལ་སྤྱི་ཙམ། །ཡུལ་དུ་བྱས་པ་དེ་ཀུན་རྫོབ། །ཉིད་ཕྱིར་དོན་དམ་རྣམ་གྲངས་པ། །སྔགས་ཀྱི་ཐེག་པའི་ཐབས་མཁས་ཀྱིས། །དེ་མངོན་བྱས་ལ་དཔེ་དང་ནི། །དོན་གྱི་ཡེ་ཤེས་རྣམ་གཉིས་ལས། །ཕྱི་མ་དོན་དམ་དངོས་ཡིན་མོད། །སྔ་མའི་དུས་སུ་མཚན་འཛིན་གྱི། །རྟོག་པའི་འཇུག་ལྡོག་ལས་མ་གྲོལ། །དེ་ཕྱིར་དོན་དམ་དངོས་མིན་ཏེ། །ཐ་མལ་དུས་ཀྱི་བདེན་བ་བཞིན། །སེམས་ཅན་ཀུན་ལ་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོས་ཁྱབ་གྱུར་ཀྱང༌། །ཉམས་སུ་མྱོང་བའི་རང་རིག་ནི། །འཇིག་རྟེན་པ་ལ་ཡོད་མ་ཡིན། །ཡོད་ན་སོ་སོ་སྐྱེ་བོ་ཡིས། །ཆོས་ཉིད་མངོན་སུམ་མཐོང་བར་འགྱུར། །དཔེ་ཡི་ཡེ་ཤེས་ཆོས་ཉིད་ལ། །རྟོག་དང་བྲལ་ཞིང་མ་འཁྲུལ་བའི། །ཆ་ནས་བཞག་པ་ཡིན་མོད་ཀྱང༌། །དེ་ལ་མངོན་སུམ་མ་ཡིན་ནོ། །ཐ་མལ་དབང་པོ་གཉིས་སྦྱོར་གྱི། །བདེ་བ་དཔེ་ཡི་ཡེ་ཤེས་སུ། །འཆད་ནུས་མིན་ཀྱང་ལུང་དེ་དག །དེ་དེའི་སྒྲུབ་བྱེད་དུ་འབྲེལ་བ། །ཐ་མལ་དབང་པོ་གཉིས་སྦྱོར་གྱི། །བདེ་བ་ལུས་ཀྱི་ཚོར་བ་ཉིད། །ཡིན་ཕྱིར་རྟོག་དང་བཅས་པ་སྟེ། །མངོན་པར་ཞེན་པས་བཅིངས་ཕྱིར་རོ། །བདག་བྱིན་བརླབ་པའི་རིམ་པ་ལས། །བྱུང་བའི་དཔེ་ཡི་ཡེ་ཤེས་ཀྱང༌། །དེ་མ་ཐག་ཏུ་མངོན་ཞེན་གྱི། །རྣམ་པར་རྟོག་དང་འདྲེས་གྱུར་ན། །ལུས་ཚོར་བདེ་ལས་མ་འདས་པ། །དེ་ཉིད་དོན་དམ་དུ་མི་རུང༌། །རྣམ་པར་རྟོག་དང་བྲལ་གྱུར་ན། །ཟག་མེད་བདེ་བ་ཆ་མཐུན་པ། །ཡིན་ཕྱིར་ལུས་ཚོར་ཉིད་མ་ཡིན། །ལུང་རྣམས་དེ་ཡི་ཤེས་བྱེད་མིན། །དོན་དམ་མངོན་སུམ་རྟོགས་པ་ནི། །འཕགས་པ་མིན་ལ་མི་སྲིད་ཕྱིར། །འདི་ཉིད་དོན་དམ་དངོས་ཡིན་ཞེས། །ངོས་འཛིན་ནུས་དེ་འཕགས་ཁོ་ན། །དཔེ་ཙམ་གྱིས་ནི་མཚོན་ནུས་པ། །འཇིག་རྟེན་པ་ལའང་སྲིད་པའི་ཚེ། །དེ་ལ་དཔེ་ཡི་ཡེ་ཤེས་ཞེས། །གསང་སྔགས་པ་རྣམས་ཐ་སྙད་འདོགས། །དེ་ཕྱིར་ལུས་ཀྱི་བྱེད་བཅིངས་ལས། །དུ་སོགས་མཚན་མ་ཤར་བ་ན། །རྟོགས་མཁན་སོ་སོ་སྐྱེ་བོའི་ཕྱིར། །དོན་དམ་བདེན་པ་དངོས་མིན་ནོ། །ངོ་བོ་ཉིད་མེད་སྨྲ་བ་རྣམས། །དོན་དམ་བདེན་པ་འདི་ཡིན་ཞེས། །ངོས་འཛིན་ནུས་པ་གཞན་ཅི་སྨོས། །རྫོགས་སངས་རྒྱས་ཀྱང་ཡོད་མི་འདོད། །ཡེ་ཤེས་ཆེན་པོ་ཕར་ཕྱིན་དང༌། །རྒྱུད་སྡེ་ཀུན་གྱི་རྟོགས་བྱ་ཞེས། །གསུངས་པ་འདིས་ནི་ཕར་ཕྱིན་དུ། །ཡེ་ཤེས་ལྟ་བའི་རྟོགས་བྱར་བསྟན། །དེར་ཡང་མ་ཟད་ཐེག་ཆེན་གྱི། །ཚུལ་གཉིས་རྟོགས་བྱ་གཅིག་པར་བཤད། །དེ་ཡང་འཁོར་ལོ་གསུམ་པ་ཡི། །ངེས་དོན་ཉིད་ལས་གཞན་མིན་ཕྱིར། །གཉིས་མེད་ཡེ་ཤེས་དོན་དམ་པའི། །བདེན་པར་འདོད་པ་སེམས་ཙམ་པ། །ཡིན་ཞེས་གཞན་གྱི་ཟེར་ལུགས་ཀུན། །དབྱངས་སུ་ལེན་པར་མ་བྱེད་ཅིག །བསྐྱེད་རིམ་དུས་ཀྱི་ལྷ་དང་སྔགས། །ཡེ་ཤེས་འདི་ཉིད་ལས་སྒྲུབ་མོད། །སྒྲུབ་མཁན་རྟོག་པ་ཉིད་ཀྱི་ཕྱིར། །དོན་དམ་དངོས་སུ་བཞག་མི་ནུས། །སྐྱེད་རིམ་དུས་ཀྱི་ལྷ་དང་སྔགས། །ཡེ་ཤེས་ཉིད་ལས་གཞན་མིན་པར། །གོ་བྱེད་ཐབས་ནི་རྫོགས་རིམ་གྱི། །རང་བྱིན་བརླབ་པའི་རིམ་པར་བཤད། །ཕར་ཕྱིན་ཐེག་པ་རྐྱང་པ་ཡིས། །ས་རྣམས་བགྲོད་པའི་འཕགས་པ་དེ། །ཉེ་རྒྱུས་མཚམས་སྦྱོར་བྱེད་པའི་ཚེ། །ཐོག་མ་ཁོ་ནར་སྟོང་པ་ཉིད། །བདེ་བ་ཆེན་པོའི་ངོ་བོར་སྐྱེ། །བདེ་བ་ཆེ་ལས་ལོགས་ཤིག་ཏུ། །སྟོང་ཉིད་དམིགས་སུ་མེད་པ་ནི། །ཐོག་མར་དཔེ་ཡི་ཡེ་ཤེས་སུ། །སྐྱེ་ཞེས་བཤད་པས་ཆོག་མོད་ཀྱང༌། །མཚན་འཛིན་རྟོག་པ་ལས་གྲོལ་ན། །དོན་གྱི་ཡེ་ཤེས་ཁོ་ནའོ། །སྐལ་ལྡན་གཅིག་ཆར་བ་ལ་འགའ། །དཔེ་ཡི་ཡེ་ཤེས་སྐྱེས་པ་ན། །དེ་ལ་མཚན་འཛིན་འགོག་པའི་ཐབས། །མན་ངག་ཉིད་ཀྱི་ལུགས་ཇི་བཞིན། །སྦྱངས་པས་སྤྲོས་པ་འགོག་ནུས་མོད། །ཀླུ་སྒྲུབ་ཞབས་ཀྱི་རིགས་པའམ། །ཐོགས་མེད་མཆེད་ཀྱི་རིགས་པ་ཉིད། །སྦྱངས་པས་རྟོག་པ་ཀུན་འཇོམས་སོ། །རང་བཞིན་ལྷན་སྐྱེས་ཞེས་བྱ་བ། །དོན་དམ་བདེན་པ་དངོས་ཡིན་མོད། །ཡུལ་ཅན་རྟོག་པར་གྱུར་པའི་ཚེ། །རྣམ་གྲངས་པ་ཡི་དོན་དམ་དང༌། །ཡུལ་ཅན་རྟོག་བྲལ་མ་འཁྲུལ་བ། །ཡིན་པའི་ཚེ་ན་དོན་དམ་དངོས། །ཞུ་བདེ་ཞེས་པ་རང་བཞིན་གྱི། །ལྷན་སྐྱེས་རྟོགས་པའི་ཐབས་སུ་བཤད། །དེ་ལ་རང་བྱིན་བརླབ་པ་དང༌། །གསུམ་པའི་གནས་སྐབས་དབྱེ་བས་གཉིས། །གཉིས་ཀའང་བདག་རྐྱེན་ལུས་དབང་ལས། །བྱུང་ཕྱིར་ལུས་ཚོར་བདེ་བར་བཞག །བདེ་བ་དེ་ཉིད་ཟག་བཅས་ཀྱང༌། །བདེ་བའི་ངོ་བོ་མྱོང་རིག་དེ། །སྤྲོས་ཀུན་བྲལ་ཕྱིར་ཟག་མེད་དང༌། །མཚོན་བྱེད་དཔེ་ཡི་ཡེ་ཤེས་སོ། །དཔེ་ཡི་ཡེ་ཤེས་འབྱུང་བ་ལས། །གྱུར་པའི་བདེ་བ་མ་ཡིན་མོད། །ལུས་ཚོར་བདེ་བ་དེ་མེད་པར། །དཔེ་ཡི་ཡེ་ཤེས་དེ་མི་འབྱུང༌། །དོན་གྱི་ཡེ་ཤེས་ལུས་ཚོར་གྱི། །བདེ་བའི་རྟེན་ལ་རག་མ་ལས། །ཞུ་བདེའི་ཐབས་ལས་མངོན་གྱུར་པའི། །རང་བཞིན་ལྷན་སྐྱེས་ཡེ་ཤེས་དེ། །འགྱུར་བའི་བདེ་བ་དང་བྲལ་བ། །དེ་ཚེ་འཕགས་པའི་ཡེ་ཤེས་སོ། །གཞི་ལམ་འབྲས་བུའི་གནས་སྐབས་ཀྱི། །ཟུང་འཇུག་རྣམ་པ་གསུམ་དུ་དབྱེ། །གཞི་དུས་ཡེ་ཤེས་རང་བཞིན་གྱི། །རྟོག་པའི་རྙོག་པ་དང་བྲལ་དང༌། །ལམ་དུས་ཐབས་ཀྱི་ཁྱད་པར་ལས། །རྟོག་པ་ངང་གིས་འགགས་པ་དང༌། །འབྲས་དུས་སེམས་ཀྱི་རྡོ་རྗེ་ནི། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །འདི་ནི་གཞི་ལམ་འབྲས་གསུམ་གྱི། །ཟུང་འཇུག་རྡོ་རྗེ་འཆང་ཆེན་སྟེ། །ངོ་བོ་ཉིད་མེད་སྨྲ་བ་ལ། །རྣམ་གཞག་འདི་དག་ཡོད་མ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །མུ་སྟེགས་བྱེད་ལའང་བསྐྱེད་རིམ་དང༌། །རང་བྱིན་བརླབ་པའི་རིམ་པ་ལས། །རླུང་སེམས་དབུ་མར་ཞུགས་པ་ཡོད། །དེ་ཚེ་རྟོག་པ་དང་བྲལ་བའི། །རང་རིག་དེ་ལ་གང་ཟག་གི །བདག་ཏུ་གྲུབ་མཐས་འདོགས་པའི་ཕྱིར། །འཁོར་བའི་འདམ་ལས་གྲོལ་མི་སྲིད། །མུ་སྟེགས་བྱེད་ཀྱི་གསང་སྔགས་པ། །རང་བྱིན་བརླབ་པའི་རིམ་པ་ལ། །སྦྱངས་པའི་མཐུ་གྲུབ་འདོད་ཁམས་པ། །རྟེན་དེས་གཟུགས་ཁམས་བགྲོད་པ་ཡོད། །མུ་སྟེགས་བྱེད་འགའ་མཉམ་གཞག་ཏུ། །གསལ་སྟོང་འཛིན་མེད་འཆར་ན་ཡང༌། །ཆོས་ཀུན་བདག་མེད་ལྟ་བ་ཡི། །གྲུབ་པའི་མཐའ་ལ་མ་ཞུགས་པ། །དེ་སྲིད་ཐར་པའི་ལམ་དང་བྲལ། །དེ་ཕྱིར་གསལ་སྟོང་འཛིན་མེད་ཙམ། །ལྟ་བ་མཆོག་ཏུ་མ་སྨྲ་ཞིག །དེ་ནས་དྲི་བ་ཕྱི་མ་ཡི། །ལན་ཡང་བསྡུས་པར་བཤད་བྱ་བ། །མི་ཡི་རྟེན་ཅན་འདོད་ཁམས་སུ། །ཚེ་གཅིག་ཉིད་ལ་སངས་རྒྱས་པའི། །གནས་དེ་འདོད་པའི་ཁམས་ཉིད་དམ། །འོག་མིན་སྟུག་པོ་བཀོད་པ་ཞེས། །འདི་ན་སྟུག་པོ་བཀོད་པ་ལས། །གཞན་དུ་སྨྲ་བར་ག་ལ་ནུས། །ཇི་སྲིད་གཉིས་སྣང་མ་དག་པ། །དེ་སྲིད་འདོད་པའི་ཁམས་སུ་བཏགས། །བག་ཆགས་དག་ཚེ་རྟེན་བརྟེན་པ། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག །ཆོས་ཀྱི་སྐུ་ཡི་ཡེ་ཤེས་ལ། །གནས་གཞན་རྣམ་པ་མི་འཆར་ཡང༌། །དེ་ཉིད་བྱང་སེམས་འཕགས་པ་ལ། །ལོངས་སྤྱོད་རྫོགས་པའི་སྐུར་སྣང་ཚེ། །ཆོས་དབྱིངས་གནས་སུ་གང་ཤར་བ། །དེ་ཉིད་སྟུག་པོ་བཀོད་པར་ཤེས། །མ་དག་འཇིག་རྟེན་སྣང་བ་ཀུན། །འདི་ཡི་ནང་དུ་མ་འདུས་མེད། །གཟུགས་ཀྱི་ཁམས་ཀྱི་འོག་མིན་སོགས། །བཤད་པ་དྲང་བའི་དོན་ཅན་ནོ། །སྔགས་ཀྱི་སངས་རྒྱས་ཉེ་རྒྱུ་ཡིས། །ངེས་པར་མཚམས་སྦྱོར་དགོས་ཞེས་པ། །མི་ཡི་རྟེན་གྱི་ཚེ་གཅིག་ལ། །རྫོགས་སངས་རྒྱ་བའི་དབང་དུ་མཛད། །ཉོན་སྒྲིབ་སྤངས་པའི་དགྲ་བཅོམ་དང༌། །གོང་མའི་རྟེན་ཅན་ཕྱིར་མི་འོང༌། །གཟུགས་རྟེན་ཅན་གྱི་ས་བཅུ་པ། །དེ་ལ་སོགས་པ་གསང་སྔགས་ཀྱི། །ཐབས་ཀྱི་རྫོགས་སངས་རྒྱ་བ་ལ། །སྤྱོད་པ་རྣམ་གསུམ་སྤྱོད་པ་དང༌། །ཉེ་རྒྱུས་མཚམས་སྦྱོར་དགོས་མ་ཡིན། །སྤྱོད་པ་ཞེས་བྱ་འདོད་པ་ཡི། །ཡོན་ཏན་ལྔ་ལ་ཞེན་མེད་པར། །སིམ་པར་ལོངས་སྤྱོད་པ་ལ་ཟེར། །འདོད་སྲེད་སྤངས་པས་དེ་མི་ནུས། །བྱེ་བྲག་ཉེ་རྒྱུའི་ཉེ་ལམ་ནི། །ལུས་ཚོར་བདེ་བ་འདོད་ཆགས་དང༌། །མཚུངས་ལྡན་ངེས་རྟོག་དང་བྲལ་བ། །དེ་མེད་པར་ནི་ཡོད་མ་ཡིན། །དེ་ཡང་རང་བྱིན་བརླབ་པ་དང༌། །ལས་ཀྱི་ཕྱག་རྒྱ་བསྟེན་ལ་རག །ཁམས་གོང་རྟེན་དང་དགྲ་བཅོམ་ལ། །དེ་དག་སྲིད་པ་མ་ཡིན་ནོ། །དེ་དག་སྔགས་ཀྱིས་འཚང་རྒྱ་བ། །ཤེས་རབ་ཕ་རོལ་ཕྱིན་མ་དང༌། །ལྷན་སྐྱེས་ཡེ་ཤེས་ཟུང་ཆུད་པ། །དེ་ཚེ་ཕྱག་རྒྱ་ཆེན་མོ་དང༌། །ཟུང་དུ་འཇུག་པའི་རྡོ་རྗེ་འཆང༌། །མི་འགྱུར་བདེ་བ་ཆེན་པོ་དང༌། །མཆོག་གི་དངོས་གྲུབ་ཅེས་བྱར་བཤད། །འདི་ནི་རང་བཟོ་མ་ཡིན་ཏེ། །མདོ་རྒྱུད་རྒྱ་མཚོའི་བཅུད་ཕྱུང་བ། །ས་སྐྱའི་རྗེ་བཙུན་མཆེད་བཅས་ཀྱི། །གཞུང་ལུགས་ལྟ་བའི་མིག་ཡིན་ནོ། །འདི་ཡིས་ལྟ་བར་མི་ནུས་པའི། །དག་ལྗོན་སྐོར་གསུམ་ངེས་པའི་དོན། །རྨོངས་དང་སོམ་ཉིའི་མུན་ཁུང་དུ། །ལུས་པ་འགའ་ཡང་ཡོད་མ་ཡིན། །དེ་ཡི་དགེ་བས་བདག་དང་ནི། །ངེས་དོན་ཁང་པར་ཆབས་གཅིག་ཏུ། །ཆས་པའི་དོན་མཐུན་སློབ་མའི་ཚོགས། །ཟུང་འཇུག་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བའི་དངོས་བསྟན་གྱི་དཀའ་གནས་ལ་སོམ་ཉིའི་མཐའ་རྣམ་པར་དཔྱད་ནས། གསང་སྔགས་བླ་ན་མེད་པའི་ཡིད་བཞིན་གྱི་རྒྱ་མཚོར་འཇུག་པ། ངེས་དོན་རིན་པོ་ཆེའི་འཇུག་ངོགས་ཞེས་བྱ་བ་འདི་ནི། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེའི་ཞམ་རིང་པ། ལུང་དང་ལས་ཀས་ཉེ་བར་ཕྱུག་པ་དག་གི་རྒྱུད་འཛིན། འཕན་ཡུལ་དགའ་མོ་པ་པདྨ་དབང་རྒྱལ་ཞེས་བྱ་བས་གསོལ་བ་བཏབ་པའི་ངོར་བགྱིས་ནས། བཀའ་འཁོར་ལོ་བར་མཐའ་གཉིས་ཀྱི་ངེས་པའི་དོན། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ཞབས་ཀྱིས་ཤིང་རྟའི་སྲོལ་ཇི་ལྟར་ཕྱེ་བ་བཞིན་དུ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  ༈  །།སྡོམ་གསུམ་རབ་དབྱེ་ལ་དྲི་བ་ལེགས་པ་བཞུགས།།  ༄། །ན་མོ་ཝ་གི་ཤྭ་ར་ཡ། རིག་པའི་གནས་ལ་མ་རྨོངས་ཤིང༌། །སྡེ་སྣོད་གསུམ་དང་རྒྱུད་སྡེ་ལ། །མཁྱེན་པ་གསལ་ཞིང་ཐུགས་གཟུ་བ། །དེ་དག་ཀུན་ལ་འདི་འདྲིའོ། །དེ་ཡང་འདི་ལྟར་སྡོམ་པ་གསུམ་གྱིས་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ལས་བརྩམས་ཏེ་དྲི་བའི་ཚིག་ལེའུར་བྱས་པ་དོགས་པའི་གནས་བརྒྱ་དང་བརྒྱད་པ་ཞེས་བྱ་བ། རབ་མཛེས་མཚན་དཔེ་གསར་པའི་ལང་ཚོ་ཅན། །རབ་དཀར་གངས་རིའི་ལྗོངས་སུ་བྱོན་གྱུར་པ། །རབ་འབྱམས་མཁས་པའི་དབང་པོས་པཎ་ཆེན་ལ། །རབ་དང་རྙོག་པ་མེད་པས་ཕྱག་བགྱིའོ། །ཁྱོད་ཉིད་ལེགས་བཤད་རྣ་བར་ཉན་ཅིང་འཇེབས། །ཡིད་ལ་འབབ་ཅིང་ཚིག་དོན་གཟུང་སླ་བར། །གྱུར་ཀྱང་མ་ཤེས་ཐེ་ཚོམ་གནས་འགའ་ཞིག །ཁྱོད་ཉིད་རྗེས་འཇུག་རྣམ་དཔྱོད་གསལ་ལྡན་ཅིང༌། །ཐོས་པར་ལྡན་ལ་ཁྱད་གསོད་མིན་པའི་བློས། །རྣམ་པར་རྟགས་ཏེ་གུས་པས་དྲི་བར་བྱ། །ཆོས་ཀྱི་འབེལ་གཏམ་ཡིད་འོང་པདྨོའི་ཕྲེང༌། །སྙན་གྲགས་ནོར་བུའི་མདངས་དང་ལྷན་ཅིག་ཏུ། །རྣམ་དཔྱོད་འཛུམ་ལྡན་གཞན་གྱི་རྣ་བ་ལ། །ལེགས་པར་རྒྱུད་མཁས་དེ་དག་ཀུན་ལ་དད། །ཉན་ཐོས་ལུགས་ལ་སོ་ཐར་གྱི། །སྡོམ་པ་རིག་བྱེད་མིན་པའི་གཟུགས། །ཁོ་ནར་བཤད་པ་གང་ན་ཡོད། །རིག་བྱེད་གཟུགས་ཀྱང་མ་བཤད་དམ། །ཉན་ཐོས་སོ་ཐར་མཁན་སློབ་ཀྱི། །ལུས་ངག་ལས་ནི་སྐྱེ་ཞེས་པ། །གཞུང་གི་དགོངས་པ་ཡིན་ན་ནི། །སྡོམ་པའི་ཐོབ་རྒྱུ་བཅུ་མེད་དམ། །གཟུགས་ཅན་ཡིན་པའི་རྒྱུ་མཚན་གྱི། །ཤི་བས་གཏོང་ན་བསམ་གཏན་དང༌། །ཟག་མེད་གཉིས་ལ་མི་ཐལ་ལམ། །ཐེག་ཆེན་ལུགས་ལ་སྤོང་བའི་སེམས། །ཇི་སྲིད་མ་ཉམས་དེ་སྲིད་དུ། །དེ་ཡི་སྡོམ་པ་དེ་ཡོད་ན། །ཐེག་ཆེན་ལུགས་ཀྱི་བསྙེན་གནས་ཀྱང༌། །ནང་པར་ཕན་ཆད་བསྲུང་དགོས་སམ། །དེས་ན་ཇི་སྲིད་སེམས་མ་ཉམས། །ཞེས་དང་སེམས་བསྐྱེད་ཀྱིས་ཟིན་པའི། །དགེ་སློང་ལ་སོགས་སྡོམ་པ་རྣམས། །ཞེས་སོགས་མི་འགལ་ཚུལ་དེ་ཅི། །སོ་ཐར་སྡོམ་པ་ཤི་ནས་ཀྱང༌། །ཡོད་ཅེས་སྨྲ་བའི་འབྲི་ཁུང་པས། །ཐེག་པ་ཆེན་པོའི་སོ་ཐར་གྱི། །དབང་དུ་བྱས་པར་མ་བཤད་དམ། །བྱེ་སྨྲའི་བསྙེན་གནས་དགེ་སློང་ལ། །ལྡན་པའི་དམིགས་བསལ་གང་ན་ཡོད། །འདུལ་བའི་ལུགས་ཀྱི་བསྙེན་གནས་ཀྱི། །ཆོ་ག་གསལ་པོ་གང་ན་བཞུགས། །དུད་འགྲོ་སོ་སོ་ཐར་པ་ཡི། །སྡོམ་པའི་རྟེན་དུ་ཁས་ལེན་པའི། །ཉན་ཐོས་སྡེ་པ་ཡོད་དམ་ཅི། །མདོ་སྡེ་པ་རྣམས་བསྙེན་གནས་ནི། །ཇི་ལྟར་འདོད་ཚེ་ལེན་ཅེས་པ། །དུས་གཅིག་སྟབས་སུ་ལེན་ནམ་ཅི། །ཟས་ཟོས་ནས་ཀྱང་ལེན་ཅེས་པ། །དེ་ཡི་དོན་དུ་ཁས་ལེན་ན། །དེ་འདྲ་བྱེ་བྲག་སྨྲ་བ་ཡི། །ནང་པར་གཞན་ལ་ནོད་ཅེས་པའི། །དམིགས་བསལ་ཡིན་གྱི་སྐབས་ཀྱི་ནི། །རྩོད་པའི་ལན་དུ་འགྱུར་བ་མེད། །བསྙེན་གནས་དུས་གཅིག་ལེན་པ་དེ། །མདོ་སྡེའི་གཞུང་ལུགས་གང་ན་ཡོད། །གསང་སྔགས་ལུགས་ཀྱི་བསྙེན་གནས་ལ། །ཡི་དམ་བསྒོམ་པ་མཆོག་ཡིན་ན། །ལྷ་དེ་བདག་མདུན་གང་ཡིན་བརྟགས། །བདག་བསྐྱེད་ཡིན་ན་བྱ་རྒྱུད་ཀྱི། །རང་རྐང་བདག་བསྐྱེད་མེད་པ་ཅི། །མདུན་བསྐྱེད་ཡིན་ན་རྣམ་རྒྱལ་སོགས། །མ་བསྐྱེད་གོང་དུ་གསོ་སྦྱོང་གི །སྡོམ་པ་ལེན་པ་མཛད་དམ་ཅི། །རྣམ་རྒྱལ་དོན་ཞགས་ལ་སོགས་པའི། །ཆོ་ག་བྱེད་པའི་དགེ་ཚུལ་དང༌། །དགེ་སློང་གིས་ནི་གསོ་སྦྱོང་ནི། །རང་གིས་བླངས་པའི་དགོས་པ་ཅི། །དགེ་བསྙེན་བཟང་པོ་བསྙེན་གནས་ནི། །ཡན་ལག་ཚང་བར་མནོས་པའི་ཚེ། །གནད་བཅོས་པ་ཡི་ཚིག་དེ་ཡིས། །སྔར་གྱི་སྡོམ་པ་མི་འཇིག་གམ། །དགེ་བ་གང་ཡིན་ཐམས་ཅད་ཀྱི། །རྣམ་སྨིན་བདེ་བ་བསྐྱེད་ན་ནི། །ཟག་མེད་དགེ་བའི་རྣམ་སྨིན་ཅི། །བཏང་སྙོམས་གཉིས་ཀ་མ་ཡིན་ན། །བསམ་གཏན་བཞི་པ་ཡན་ཆད་ཀྱི། །ཟག་བཅས་དགེ་བའི་རྣམ་སྨིན་དང༌། །བཏང་སྙོམས་ཞེས་པ་ལུང་མ་བསྟན། །ཡིན་ན་ཀུན་གཞིའི་ས་བོན་ལས། །རྣམ་སྨིན་འབྱུང་བ་དེ་ཅི་ཞིག །ལས་དཀར་ཞེས་པ་དགེ་བ་ལ། །འཆད་ན་རྣམ་སྨིན་གནག་པ་ཅི། །ལས་ནག་ཅེས་པ་སྡིག་པ་ལ། །ཟེར་ན་རྣམ་སྨིན་དཀར་བ་ཅི། །རྒྱུ་ཡི་ཀུན་སློང་སྡིག་ཡིན་ན། །དུས་ཀྱི་ཀུན་སློང་དགེ་ཡིན་ཀྱང༌། །ལས་དེ་དཀར་པོར་མི་འགྱུར་ཞེས། །མངོན་པ་གོང་མར་མ་བཤད་དམ། །དུས་ཀྱི་ཀུན་སློང་མི་དགེ་བ། །དག་དང་མཚུངས་པའི་དགེ་བ་ནི། །མོ་གཤམ་བུ་དང་འདྲའོ་ཞེས། །མངོན་པ་གོང་མར་མི་འབྱུང་ངམ། །རྒྱུ་ཡི་ཀུན་སློང་འཕེན་བྱེད་ཀྱི། །གཙོ་བོ་ཡིན་ཕྱིར་འཕེན་བྱེད་རྒྱུ། །དུས་ཀྱི་ཀུན་སློང་འགྲུབ་བྱེད་ཀྱི། །གཙོ་བོ་ཡིན་ཕྱིར་འགྲུབ་བྱེད་རྒྱུར། །གོང་འོག་མཐུན་པར་གསུང་མིན་ནམ། །འདོད་པའི་རྟེན་ལ་དཀར་ནག་གིས། །ལས་གཉིས་འདྲེས་མར་འཇོག་པ་བཞིན། །རྣམ་པར་སྨིན་པའང་འདྲེས་སམ་ཅི། །དེ་ལྟ་ན་ནི་ངན་སོང་དང༌། །མཐོ་རིས་རྣམ་སྨིན་རྒྱུད་གཅིག་ལ། །སྲིད་པར་ཁས་ལེན་མི་དགོས་སམ། །ཆོས་དབྱིངས་དགེ་བ་མ་ཡིན་ན། །མངོན་རྟོགས་རྒྱན་དང་རྒྱུད་བླ་དང༌། །དབུས་རྣམ་འབྱེད་པར་གསུང་དེ་ཅི། །སྡིག་པ་མེད་ཙམ་ལ་དགོངས་ན། །མ་སྒྲིབས་ལུང་བསྟན་མིན་ཀུན་ཅི། །ཡོད་པ་ཉིད་ལ་མི་རྟག་པས། །ཁྱབ་པར་ཆོས་ཀྱི་གྲགས་པས་གསུངས། །ཡོད་པ་ཙམ་ལ་དེས་ཁྱབ་པར། །རིགས་པའི་གཞུང་ལུགས་གང་གིས་སྟོན། །ཀླུ་སྒྲུབ་ཀྱི་ནི་དབུ་མ་ལས། །དངོས་མེད་ལའང་འདུས་བྱས་ཀྱིས། །ཁྱབ་པར་གསུངས་པ་མ་ཡིན་ནམ། །དེ་ལྟ་ཡིན་ན་ཆོས་ཀྱི་དབྱིངས། །འདུས་བྱས་ཡིན་པར་མི་ཐལ་ལམ། །རིན་ཆེན་ཕྲེང་བར་གསུངས་པ་ཡི། །ཟབ་མོ་བཀྲོལ་བ་ཅི་ལ་ཟེར། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བདེ་གཤེགས་སྙིང་པོ་མ་ཡིན་ན། །རྒྱས་འགྱུར་རིགས་ལ་བདེ་གཤེགས་ཀྱི། །སྙིང་པོར་གསུངས་པ་དེ་ཅི་ཞིག །ཆོས་དབྱིངས་རྫོགས་པའི་བྱང་ཆུབ་རྒྱུར། །འགྱུར་བ་མེད་ན་ཆོས་ཀྱི་དབྱིངས། །རྒྱུ་ཡི་རིགས་སུ་འཇོག་དེ་ཅི། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཆོས་དབྱིངས་རིགས་སུ་འཇོག་གོ་ཞེས། །ཚད་ལྡན་གཞུང་ལས་གསུང་དེ་ཅི། །ཆོས་དབྱིངས་དམ་པའི་ཆོས་དང་ནི། །དམ་པ་ཅེས་བྱ་དགེ་བ་ལ། །ཚད་ལྡན་གཞུང་ལས་མ་གསུངས་སམ། །ཆོས་དབྱིངས་ངོ་བོ་བདག་མེད་ལ། །བདེ་ཆེན་སྒྱུ་མའི་སྐུ་དེ་ཡང༌། །དགེ་བ་མིན་པར་བཞེད་ལགས་སམ། །དེ་ལྟ་ན་ནི་བསྟོད་པ་ལས། །དགེ་བ་ཞེས་ཀྱང་མ་གསུངས་སམ། །ཆོས་དབྱིངས་ལུང་མ་བསྟན་ཡིན་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་དགེ་བ་དང༌། །སྡིག་པའང་ལུང་མ་བསྟན་དུ་འགྱུར། །སྙམ་པའི་དོགས་པ་མི་འབྱུང་ངམ། །ཆོས་དབྱིངས་གསུམ་ཀར་མི་རུང་ན། །དེ་མཚུངས་དོགས་པའང་ཅི་མི་འབྱུང༌། །ཆོས་དབྱིངས་ཡོད་པར་མི་བཞེད་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །དངོས་པོ་མེད་པའི་དངོས་པོ་ཀུན། །ཡོད་པར་མི་བཞེད་དེ་ཅི་ཞིག །ཡོད་པ་སྒྲུབ་པར་གསུངས་པ་ཡི། །ཆོས་དབྱིངས་དགེ་བར་ཇི་ལྟར་གནོད། །མི་འགྱུར་བསྔོ་བ་དོན་མེད་ན། །ཚོང་དཔོན་མཛའ་བོའི་བུ་མོ་ཡིས། །སྨོན་ལམ་བཏབ་པ་དེ་ཅི་ཞིག །ཆོས་ཉིད་བསྔོ་རྒྱུར་བྱེད་པ་ནི། །བློ་སྦྱོང་དུ་ཡང་མི་རུང་ན། །གནས་མིན་བསྔོ་བ་གསུངས་དེ་ཅི། །མ་བྱས་པ་ཡི་དགེ་མེད་ན། །ཐེག་པ་ཆེན་པོ་བསྡུས་པ་ལས། །ཐོག་མེད་དུས་ནས་མ་བྱས་པའི། །ཀུན་གཞི་སྟེང་གི་ཟག་མེད་ཀྱི། །ས་བོན་དགེ་བར་བཤད་དེ་ཅི། །དེ་འདྲ་མེད་ན་ཀུན་གཞི་ཡི། །གཉེན་པོར་བཤད་པ་དེ་གང་ཡིན། །བདེ་གཤེགས་སྙིང་པོ་གང་ཡིན་པ། །དེ་དག་འདུས་མ་བྱས་ཡིན་ན། །ཐེག་པ་ཆེན་པོ་རྒྱུད་བླ་མར། །སྙིང་པོ་དགུར་གསུངས་པ་དེ་ཅི། །སེམས་ཅན་མ་གཏོགས་བེམ་པོ་ཡི། །ཆོས་དབྱིངས་སྙིང་པོ་མ་ཡིན་ན། །རྒྱུད་དང་སེམས་འགྲེལ་བསྐོར་གསུམ་ལས། །བརྟན་གཡོ་ཀུན་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུང་དེ་ཅི། །གོས་ཧྲུལ་ནང་ན་རིན་ཆེན་གྱིས། །དཔེ་བསྟན་དགོངས་པ་ཅན་ཡིན་ན། །སེམས་ཅན་རྣམས་ལ་རང་བཞིན་གྱི། །གནས་རིགས་མེད་པར་མི་འགྱུར་རམ། །བསྔོ་བའི་ཚེ་ན་ཆུ་སྒྲེང་བ། །རང་ལུགས་མིན་ནམ་འདུལ་བ་ལས། །ལག་ཆུ་ཟད་པར་གསུང་དེ་ཅི། །ཆགས་སྡང་རྨོངས་གསུམ་གྱིས་བསྐྱེད་པའི། །ལས་ཀུན་མི་དགེ་བ་ཡིན་ན། །ཟག་བཅས་དགེ་བ་གཏི་མུག་གིས། །ཀུན་སློང་དག་ལས་འབྱུང་དེ་ཅི། །དགེ་རྩ་གསུམ་གྱིས་ཀུན་བསླངས་པའི། །ལས་ཀུན་དགེ་བ་ཡིན་ན་ནི། །རྒྱུའི་ཀུན་སློང་དགེ་བ་ཡི། །བསླངས་ཀྱང་དུས་ཀྱི་ཀུན་སློང་ནི། །ཉོན་མོངས་ཅན་དང་མཚུངས་ལྡན་པའི། །མི་དགེ་བ་དེ་ཅི་ཞིག་ཡིན། །དེ་འདྲ་མེད་ན་དེད་དཔོན་གྱིས། །ཚོང་པ་གཡོ་ཅན་བསད་དེ་ཅི། །མི་མཁས་པ་ཡི་བྱམས་སྙིང་རྗེ། །ངན་སོང་རྒྱུ་རུ་བཞེད་གྱུར་ན། །འཕེན་བྱེད་རྒྱུའམ་རྫོགས་བྱེད་ཀྱི། །རྒྱུ་ཞེས་བརྟགས་ན་ཇི་ལྟར་འགྱུར། །དགེ་བསྙེན་དགེ་ཚུལ་སྡོམ་བརྩོན་ལའང༌། །ཞེས་པར་ལྟུང་བ་ཐམས་ཅད་ལ། །སྡིག་པས་ཁྱབ་པར་གསུངས་པ་དང༌། །རྗེ་བཙུན་ཆེན་པོའི་བཅས་ལྟུང་དག །ལུང་མ་བསྟན་དུ་བཤད་པ་ཅི། །ཉན་ཐོས་སྡེ་པ་བཅོ་བརྒྱད་ལ། །འདུལ་བ་བཅོ་བརྒྱད་ཡོད་ཅེས་པའི། །ལུང་ཁུངས་གསལ་པོ་གང་ན་ཡོད། །འདུལ་བ་ཡི་གེར་བྲིས་པ་ནི། །བཀའ་བསྡུ་གསུམ་པ་ཡིན་ཞེས་གྲགས། །དུས་དེར་འདུལ་བ་བཅོ་བརྒྱད་པོ། །ཐམས་ཅད་ཡི་གེར་བྲིས་སམ་ཅི། །བྱིན་ལེན་མ་བྱས་ཟ་བ་ཡི། །ལྟུང་བ་དགེ་སློང་བསླབ་བྱིན་ལ། །འབྱུང་ཞིང་དེས་ཀྱང་དགེ་སློང་ལ། །བྱིན་ལེན་རུང་བར་བཤད་དེ་ཅི། །སྡུག་བསྔལ་ཀུན་གྱི་བྱེད་པ་པོ། །རྫོགས་པའི་སངས་རྒྱས་མ་ཡིན་ཡང༌། །བདེ་བའི་བྱེད་པོ་རྫོགས་སངས་རྒྱས། །ཡིན་པར་བཤད་ན་སྐྱོན་ཅི་ཡོད། །ཐེག་པ་ཆེན་པོའི་སེམས་བསྐྱེད་ལ། །དབུ་མ་སེམས་ཙམ་ལུགས་གཉིས་སུ། །ངེས་ཤིང་ལེན་པའི་ཆོ་ག་དང༌། །ལྟུང་བ་ཕྱིར་བཅོས་ལ་སོགས་པ། །སོ་སོར་ངེས་ན་རྒྱུད་སྡེ་ལས། །གསུངས་པའི་སེམས་བསྐྱེད་ཆོ་ག་དེ། །གཉིས་པོ་གང་གི་ལུགས་དང་མཐུན། །ལྟ་བས་ཆོ་ག་ཁྱད་འབྱེད་ན། །དབུ་མའི་ལྟ་བ་དང་ལྡན་པ། །དེ་ལ་བྱང་སའི་ཆོ་ག་ཡིས། །སེམས་བསྐྱེད་སྡོམ་པ་མི་སྐྱེའམ། །བསླབ་བཏུས་ལས་གསུངས་རྩ་བ་ཡི། །ལྟུང་བར་བྱང་ས་ལས་གསུངས་པའི། །རྩ་བའི་ལྟུང་བར་འདུས་སོ་ཞེས། །བསླབ་བཏུས་ཉིད་ལས་གསུངས་དེ་ཅི། །དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི། །རྟེན་དུ་སོ་ཐར་མི་དགོས་ན། །ཡན་ལག་བདུན་པ་སྔོན་འགྲོ་བར། །གསུངས་པའི་དགོངས་པ་གང་ཞིག་ཡིན། །རྗེ་བཙུན་རྩེ་མོའི་རྒྱུན་བཤགས་ཀྱི། །དུས་སུ་ཉེས་སྤྱོད་སྡོམ་པ་ཡི། །ཚུལ་ཁྲིམས་སྐྱེ་ཞིང་དེ་ཉིད་ཀྱང༌། །སོ་སོ་ཐར་པར་བཤད་དེ་ཅི། །སོ་སོ་ཐར་པ་རིགས་བདུན་པོ། །སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི། །རྟེན་དུ་དགོས་ན་རྗེ་བཙུན་གྱི། །དེ་དག་དེ་ཡི་རྟེན་མིན་པར། །གསུངས་པའི་དགོངས་པ་གང་དུ་བཙལ། །དོན་དམ་སེམས་བསྐྱེད་བྱ་བ་ཡི། །ཆོ་ག་རྒྱལ་བས་མ་གསུང་ན། །འཕགས་པ་ཀླུ་སྒྲུབ་སྐྱོབ་ཉིད་ཀྱི། །བྱང་ཆུབ་སེམས་འགྲེལ་ཅེས་བྱ་བའི། །བསྟན་བཅོས་དག་ལས་གསུང་དེ་ཅི། །པདྨ་ཡོ་ག་ཙིཏྟ་སོགས། །སློབ་མས་བཟླས་དེ་ཀུན་རྫོབ་དང༌། །དོན་དམ་སེམས་བསྐྱེད་འཛིན་བཅུག་ནས། །སཱུ་ར་སྟེ་ས་མཱ་ཡ་ཞེས་སོགས་ཀྱིས། །སྐྱེས་ཟིན་བརྟན་པར་མཛད་དེ་ཅི། །ཉན་ཐོས་རྣམས་ཀྱི་རྫོགས་བྱང་དུ། །བསྔོ་བ་བྱེད་ན་འཕགས་པ་ཡི། །ཉན་ཐོས་ཐེག་པ་དེ་ལས་ནི། །སྤྱོད་པ་ཡོངས་བསྔོ་མ་བཤད་ཅེས། །བྱ་བའི་དགོངས་པ་གང་དུ་བཙལ། །ཐམས་ཅད་སྒྲོལ་གྱི་སྐྱེ་རབས་ལས། །བདག་གི་བྲམ་ཟེ་འདོད་པ་ལ། །ཞེས་སོགས་བསྔོ་བ་བཤད་པ་དེ། །ཉན་ཐོས་བསྔོ་བ་ཡིན་བཞེད་དམ། །དབང་བཞི་བླངས་པས་སྡོམ་པ་གསུམ། །ཐོབ་པར་གྱུར་ན་དབང་གོང་ལས། །ཐོབ་པའི་གསང་སྔགས་སྡོམ་པ་དང༌། །དབང་ལས་ཐོབ་པའི་སོ་ཐར་དང༌། །སེམས་བསྐྱེད་སྡོམ་པ་བཞེད་ལགས་སམ། །རྡོ་རྗེ་ཕག་མོ་འགའ་ཞིག་གི །དབང་བཞི་ཚད་ལྡན་གཞུང་ལས་བཤད། །དེ་དག་སྨིན་བྱེད་དབང་བསྐུར་དུ། །རུང་ངམ་མི་རུང་གང་ཡིན་དྲི། །རྡོ་རྗེ་ཕག་མོའི་བྱིན་བརླབས་ལ། །སྡོམ་པ་འབོགས་པའི་ཆོ་ག་དང༌། །དཀྱིལ་འཁོར་དང་ནི་དབང་བསྐུར་བ། །རང་ལུགས་ལ་ཡང་མི་བཞེད་དམ། །བྱིན་བརླབས་ཆོས་སྒོར་མི་བཞེད་ན། །རྫོགས་རིམ་འགའ་ཞིག་ཉན་པའི་སྔར། །བྱིན་བརླབས་ངེས་པར་མཛད་དེ་ཅི། །རང་བྱུང་ནས་ནི་ཚུལ་ཤོག་བར། །སྔོན་ཆོག་ཡིན་པར་གང་དུ་བཤད། །གསང་བ་སྤྱི་རྒྱུད་དག་ལས་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བས། །སློབ་མ་གཉིས་དང་བཞི་ལ་སོགས། །ཟུང་དུ་བཤད་པ་འགའ་ཞིག་ཡོད། །ལྷ་ཡང་ཉི་མ་ཤར་བ་ན། །ངེས་པར་མཆོད་ནས་གཤེགས་དགོས་ན། །སྟ་གོན་དངོས་གཞིའི་བར་དུ་ཡང༌། །མཆོད་ནས་གཤེགས་གསོལ་བྱེད་དགོས་སམ། །སློབ་མ་སྨིན་བྱེད་སློབ་དཔོན་གྱི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་ནས། །ཕག་མོའི་བྱིན་བརླབས་མཛད་དེ་ཅི། །སྨིན་བྱེད་མིན་པའི་དབང་བསྐུར་ལས། །སྡོམ་གསུམ་ཐོབ་པ་ཡོད་དམ་མེད། །མེད་ན་དེ་ལས་གང་ཞིག་ཐོབ། །ཡོད་ན་དེ་ཡང་སྨིན་བྱེད་དུ། །ཐལ་བར་འགྱུར་བ་མ་ཡིན་ནམ། །དེས་ན་སྨིན་བྱེད་མ་ཡིན་པའི། །དབང་བསྐུར་བཞེད་དམ་མི་བཞེད་འདྲི། །རྒྱུད་སྡེ་འོག་མ་གསུམ་པོ་ལ། །དབང་བཞི་རིམ་གཉིས་མི་རུང་ན། །རྒྱུད་སྡེ་གོང་མའི་རྒྱས་བཀབ་ནས། །རུང་བར་འཆད་པ་འདི་ཅི་ཞིག །རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །སྨིན་གྲོལ་གཉིས་ལ་འབད་དགོས་ཤིང༌། །སྨིན་གྲོལ་རིམ་གཉིས་ལ་བཞེད་ན། །རྒྱུད་སྡེ་འོག་མའི་རང་རྐང་ལས། །སངས་རྒྱས་བསྒྲུབ་པ་ཇི་ལྟར་བྱ། །དེ་ལའང་སྨིན་གྲོལ་མི་བཞེད་དམ། །རང་རང་གཞུང་བཞིན་བྱས་ཆོག་ན། །དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཅེས་སོགས་གསུངས་པ་ཅི་ལ་དགོངས། །དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང༌། །དོན་ཞགས་ལ་སོགས་སྒྲུབ་རུང་ན། །དོ་བསྐོར་བ་ཡི་དྲི་ལན་ལས། །རྣམ་རྒྱལ་དོན་ཞགས་ལ་སོགས་ལ། །སེམས་བསྐྱེད་ཐོབ་ནས་འབྱོངས་དགོས་པར། །གསུངས་པའི་དགོས་པ་གང་དུ་བཙལ། །བྱ་རྒྱུད་རྣལ་འབྱོར་རྒྱུད་གསུམ་གྱི། །བསྒོམ་ཆེན་གང་དེ་ཕ་རོལ་དུ། །ཕྱིན་པའི་བསྒོམ་ཆེན་དུ་བཞེད་དམ། །ཕར་ཕྱིན་ཐེག་པར་འཚང་རྒྱ་བར། །སྔགས་ཀྱི་ཐེག་པའི་ཉེ་ལམ་ལ། །ལྟོས་པར་བཞེད་ན་འདི་ཉིད་ལས། །གལ་ཏེ་འདི་བཞིན་བསྒྲུབ་འདོད་ན། །གཏུམ་མོ་ལ་སོགས་ཐབས་ལམ་བྲལ། །ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད། །ཅེས་སོགས་གསུངས་པ་ཅི་ལ་དགོངས། །མི་ལྟོས་ན་ནི་བདག་མེད་མའི། །བསྟོད་པའི་འགྲེལ་པར་གསུངས་དེ་ཅི། །བཅུ་གཅིག་ཀུན་དུ་འོད་ཀྱི་ས། །དེ་ལ་མི་ལྟོས་བཅུ་གསུམ་པ། །སྔགས་ལ་ལྟོས་པར་བཞེད་ཅེ་ན། །ཀུན་དུ་འོད་ས་བཅུ་གཅིག་པ། །ཡིན་པར་སྔགས་གཞུང་གང་ལས་གསུངས། །ས་བཅུའི་ཐ་མར་བདུད་འདུལ་བའི། །བཤད་པ་གཞུང་ལུགས་གང་ན་བཞུགས། །མུ་སྟེགས་བྱེད་ལ་སོགས་པ་ལས། །བྱུང་བའི་དགེ་བ་ཡོད་མིན་ན། །མངོན་པའི་གཞུང་ལས་མུ་སྟེགས་ལ། །བསམ་གཏན་སྡོམ་པ་བཤད་དེ་ཅི། །རྒྱུད་སྡེ་འོག་མའི་དབང་བསྐུར་ལས། །སྔགས་ཀྱི་སྡོམ་པ་ཐོབ་བམ་ཅི། །ཐོབ་ན་དབང་བཞི་གསང་སྔགས་ཀྱི། །ཐོབ་རྒྱུར་བཤད་པ་ཇི་ལྟར་ཡིན། །རྫོགས་རིམ་སྡོམ་པ་ཞེས་བྱ་ཡང༌། །བསྒོམ་པའི་སྟོབས་ཀྱིས་ཐོབ་མོད་ཀྱི། །དབང་ཆོག་ལས་ཐོབ་གསུངས་པ་མེད། །རྒྱུད་སྡེ་འོག་མའི་སྔགས་སྡོམ་ནི། །མེད་པར་བཞེད་ན་འདི་ཉིད་ལས། །དབང་བསྐུར་སྡོམ་པས་མ་སྦྲེལ་ན། །བཟང་ཡང་ཕ་རོལ་ཕྱིན་པ་ཡིན། །ཞེས་གསུངས་པ་དེ་གང་ལ་དགོངས། །སྡོམ་པ་མེད་ལ་དགེ་བའི་རྒྱུན། །མེད་ན་སེམས་བསྐྱེད་ཆོ་ག་ལས། །དེ་དེ་ཡོད་པ་གསུངས་དེ་ཅི། །ཕྱག་རྒྱ་བཞི་པ་ཞེས་བྱ་བའི། །བསྟན་བཅོས་བོད་ན་བཞུགས་པ་འདི། །ཀླུ་སྒྲུབ་ཀྱི་ནི་མ་མཛད་པར། །ལོ་ཆེན་འགོས་ཀྱི་བཤད་དེ་ཅི། །ལུས་རྒྱ་ཞིག་པའི་ཤི་མ་ཐག །ཡོན་ཏན་འབྱུང་བ་འགོག་མཛད་ན། །འཆི་བ་འོད་གསལ་ཆོས་སྐུ་ལས། །བར་དོ་ལོངས་སྐུ་འབྱུང་དེ་ཅི། །སྔགས་དང་ཕ་རོལ་ཕྱིན་པ་ཡི། །སངས་རྒྱས་རྒྱན་ཅན་རྒྱན་མེད་དུ། །ཐལ་བ་འདོད་པ་མ་ཡིན་ནམ། །དགེ་སློང་སྡོམ་པ་མ་ཐོབ་པར། །མཁན་པོ་བྱས་པས་ཆོག་པ་ཞིག །འདུལ་བའི་མདོ་དང་ལུང་དག་ཏུ། །གསལ་བར་གསུང་བ་མ་ཡིན་ནམ། །ཁ་འབར་མ་ཡི་གཏོར་མ་ལ། །དེ་བཞིན་གཤེགས་པ་བཞི་ཡི་མཚན། །སྔོན་ལ་བརྗོད་པ་མི་འཐད་ན། །རྗེ་བཙུན་གྲགས་པས་མཛད་དེ་ཅི། །ན་མ་སརྦ་ཏ་ཐཱ་སོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་འཚལ་བ་ཡི་ཚིག་མིན་ནམ། །སྨན་པའི་རྒྱལ་པོའི་མདོ་གང་དེ། །མདོ་རྒྱུད་གཉིས་ཀྱི་ཟླས་ཕྱེ་བའི། །མདོ་རུ་བཞེད་དམ་རྒྱུད་ཡིན་གྲང༌། །དང་པོ་ལྟར་ན་དེ་ལས་ནི། །སྔགས་ཀྱི་ཆོ་ག་འབྱུང་བ་ཅི། །གཉིས་པ་ལྟར་ན་སྐབས་ཀྱི་ནི། །དཔྱོད་པའི་ལན་དུ་ཇི་ལྟར་འགྱུར། །ལྟུང་བཤགས་སྔགས་ལུགས་མི་བཞེད་ན། །བསྟན་བཅོས་མཛད་པ་འདི་ཉིད་ཀྱིས། །སངས་རྒྱས་སུམ་ཅུ་རྩ་ལྔ་པོ། །རིགས་ལྔ་བསྡུས་པ་ཇི་ལྟར་ཡིན། །ཤེར་སྙིང་སྔགས་སུ་བཀྲལ་བའི་ལུགས། །ཀླུ་སྒྲུབ་ཀྱི་ནི་མ་མཛད་དམ། །ཤེས་རབ་ཕ་རོལ་ཕྱིན་མ་ཉིད། །སྔགས་ཀྱི་ལྷ་རུ་གསུང་མིན་ནམ། །ཤེར་སྙིང་སྔགས་ལུགས་མི་བཞེད་ན། །ཤེར་སྙིང་སྔགས་ལུགས་སྲིད་པ་ཅི། །གསང་བ་འདུས་པའི་ལྷ་ཚོགས་ལ། །མདོ་ལུགས་ཆོ་ག་མི་སྲིད་ན། །སྤྱན་རས་གཟིགས་དང་འཇམ་དབྱངས་དང༌། །ཕྱག་ན་རྡོ་རྗེ་ལ་སོགས་པ། །མདོ་ལས་བྱུང་བའི་ཆོ་ག་ཞེས། །བྱ་བ་མཁན་ཆེན་ཞི་བ་འཚོས། །མཛད་པའི་དགོངས་པ་ཅི་ཡིན་གྲངས། །རྡོ་རྗེ་སློབ་མའི་དབང་ཙམ་ཞིག །ཐོབ་པས་རབ་གནས་མི་རུང་ན། །ལྷ་བསྒོམས་པ་ན་བརྟན་བཞུགས་པར། །རབ་གནས་དངོས་གཞིར་བཤད་པ་དང༌། །འགལ་བའི་དོགས་པ་མི་འབྱུང་ངམ། །རྡོ་རྗེ་སློབ་དཔོན་མ་ཡིན་པས། །དབང་བསྐུར་རབ་གནས་མི་རུང་ན། །བྱ་སྤྱོད་གཉིས་ཀྱི་དབང་བསྐུར་ཙམ། །ཐོབ་པས་དེ་དག་ཇི་ལྟར་རུང༌། །རྒྱུད་སྡེ་དེ་དག་རང་རྐང་ལ། །རྡོ་རྗེ་སློབ་དཔོན་དབང་བཞེད་དམ། །བཞེད་ན་རྒྱུད་གཞུང་གང་ལས་གསུངས། །བྱ་བའི་རྒྱུད་དུ་རིགས་ལྔ་ཡི། །དོན་མ་གྲུབ་ན་རིགས་གསུམ་དང༌། །ནོར་བུ་དང་ནི་རྒྱས་པའི་རིགས། །རྣམ་ལྔ་གསུངས་པ་གང་གི་དོན། །ཛེ་ཏ་རི་ཡི་ཚེ་དཔག་མེད། །ལྷ་དགུ་རྒྱུད་སྡེ་གང་གི་ལུགས། །རིགས་ལྔ་སེར་འབྱམ་མི་འཐད་ན། །དམར་འབྱམ་འཐད་པ་དཀའ་བའི་གནས། །སྤྱོད་པའི་རྒྱུད་དུ་རིགས་ལྔ་ཡི། །དོན་གྲུབ་ནས་ནི་པདྨའི་རིགས། །རྒྱུད་གཞུང་གང་གིས་སྟོན་ཞེས་དྲི། །རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་ཀུན། །ལྷ་རུ་གསུངས་པ་མེད་གྱུར་ན། །རྣལ་འབྱོར་རྒྱུད་དང་སེམས་ཙམ་པའི། །གྲུབ་མཐའ་བསྟན་པ་ཇི་ལྟར་ཡིན། །དམ་པ་རིགས་བརྒྱ་ཕྱེ་བའི་ཚེ། །ཀུན་རྫོབ་ལྷ་རུ་ཁས་ལེན་ན། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི། །རིགས་ལྔ་རེ་རེའང་རིགས་ཆུང་ལྔ། །དེ་རེ་རེ་ལའང་སྙིང་པོ་དང༌། །ཕྱག་རྒྱ་ལ་སོགས་བཞིར་ཕྱེ་ནས། །རིགས་བརྒྱ་ཡིན་ཞེས་གསུངས་པ་ཅི། །རྒྱུད་སྡེ་བཞི་ཡི་བསྒྲུབ་པ་ཡང༌། །འཁྲུལ་པར་བྱས་པས་ཐག་རིང་ན། །བྱ་རྒྱུད་རྣལ་འབྱོར་རྒྱུད་བཞིན་དང༌། །བླ་མེད་རྒྱུད་བཞིན་བསྒྲུབ་ན་ཡང༌། །དངོས་གྲུབ་རིང་བར་འགྱུར་ལེགས་སམ། །དེ་ལྟ་ན་ནི་ཀླུ་སྒྲུབ་དང༌། །འཕགས་མ་དཔལ་མོས་མཛད་དེ་ཅི། །ཐེག་པ་མཆོག་གི་རྣལ་འབྱོར་པས། །བྱ་རྒྱུད་ཆོ་ག་ཇི་ལྟར་བྱ། །ཕྱི་རོལ་ཡུལ་ཆེན་སོ་བདུན་ཞེས། །བྱ་བ་རྒྱུད་གཞུང་གང་ནས་བཤད། །འཛམ་གླིང་ཙམ་པོ་ཡུལ་ཆེན་དུ། །ཁས་ལེན་ནུས་ན་རང་ལ་ཡང༌། །མི་འདོད་པ་དག་མི་འབྱུང་ངམ། །མ་ཕམ་མ་དྲོས་མིན་གྱུར་ན། །གངྒཱ་དེ་ཉིད་མིན་པར་འགྱུར། །ཞེས་པའི་ལན་ཀྱང་འདོན་དགོས་སོ། །མངོན་པ་ནས་གསུངས་གངས་ཅན་དེ། །ཏི་སི་མིན་པར་ཕྱོགས་སྔ་མས། །ཁས་བླངས་ཤམྦྷ་ལ་ཡི་ནི། །གངས་ཅན་ཏི་སིར་མ་སྨྲས་པས། །རྩོད་ལན་འབྲེལ་པ་གང་ཡིན་བརྟག །རང་གི་ལུགས་ལ་མངོན་པ་ནས། །གསུངས་པའི་གངས་ཅན་རྒྱུད་སྡེ་ལས། །བཤད་པའི་གངས་ཅན་དེར་བཞེད་དམ། །གཞན་ཡང་བདེ་མཆོག་ཀྱཻ་རྡོར་ལས། །གསུངས་པའི་གངས་ཅན་གང་ཡིན་ལ། །ཤམ་བྷ་ལ་ཡི་གངས་ཅན་དུ། །ངེས་པར་ཞལ་གྱིས་བཞེས་ནུས་སམ། །དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམ་བྷ་ལ་རུ་དམག་འདྲེན་པའི། །བཤད་པ་གསལ་པོ་གང་ན་བཞུགས། །རིགས་ལྡན་དྲག་པོ་ཞེས་བྱ་བ། །ཕྱག་རྡོར་སྤྲུལ་པར་གང་དུ་བཤད། །ཇི་ལྟར་འདུད་པའི་བྱེ་བྲག་གི །ཞེས་སོགས་དགྲ་བཅོམ་རང་རྒྱལ་གྱིས། །སྟོང་ཉིད་རྟོགས་པའི་སྒྲུབ་བྱེད་དུ། །དྲངས་ནས་མདོ་སྡེ་རྒྱན་གྱི་ལུང༌། །སེམས་ཙམ་གཞུང་དུ་ཇི་ལྟར་འགྱུར། །ཡི་དམ་བསྒོམ་པ་དཀྲོངས་བསྐྱེད་ཀྱི། །སྦྱང་གཞི་སྦྱོང་བྱེད་མ་འཕྲོད་ན། །ཤིན་ཏུ་ཟབ་པ་བཅོས་མིན་གྱིས། །བསྐྱེད་པ་རིམ་པ་དེ་ཅི་ཞིག །རིམ་པ་ལྔ་བར་འོད་གསལ་དང༌། །ཟུང་འཇུག་ཅེས་བྱ་ཆོས་སྐུ་དང༌། །སྒྱུ་མའི་སྐུ་ལ་བཤད་པས་ན། །འོད་གསལ་འབྲས་བུའི་མཐར་ཐུག་ཏུ། །ཁས་བླངས་པ་ལ་འགལ་ཅི་ཡོད། །བྱང་ཆུབ་བར་དུ་བླངས་པ་ཡིས། །སོ་སོར་ཐར་པ་འཇིག་འགྱུར་ན། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང༌། །ཞེས་སོགས་ཟེར་བ་ཇི་ལྟར་ཡིན། །ཕག་མོའི་བྱིན་བརླབས་མར་པ་ལ། །མེད་པའི་རྒྱུ་མཚན་གསལ་པོ་ཅི། །མར་པ་རིགས་ལྔ་གདན་རྫོགས་ཀྱི། །ཐོག་མར་ཕག་མོའི་བྱིན་བརླབས་ནི། །ངེས་པར་བྱེད་ཅེས་ཟེར་བ་ཐོས། །རྗེ་བཙུན་མི་ལ་མན་ཆད་ལ། །ཆོས་དྲུག་ཡོད་དམ་མེད་པ་ནི། །གཞུང་གི་དགོངས་པ་གང་ཡིན་དྲི། །ཡོད་ན་ནཱ་རོའི་བརྒྱུད་པ་ནི། །འདོད་ལ་འགལ་བ་ཅི་ཞིག་ཡོད། །མེད་ན་ཆོས་དྲུག་ལུགས་གསུམ་པོ། །གསན་ཚུལ་ཇི་ལྟར་ཡིན་པ་དྲི། །བདེ་མཆོག་སྙན་རྒྱུད་ཅེས་བྱ་བ། །བརྫུན་མའི་ཆོས་སུ་མཁས་རྣམས་བཞེད། །ཕྱག་རྒྱ་ཆེན་མོ་བསྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་པ་ལ། །འགལ་བ་ཅི་ཞིག་ཡོད་པ་དྲི། །བཅོམ་ལྡན་གྱི་ནི་བཤད་པ་ལ། །བཞི་བཅོམ་དྲུག་ལྡན་མི་དགོས་ན། །གང་རུང་རེ་རེས་ཆོག་གམ་ཅི། །དེ་ལྟ་ན་ནི་དགྲ་བཅོམ་དང༌། །ལེགས་ལྡན་སོགས་ལའང་མི་ཐལ་ལམ། །ཕྱག་རྒྱ་ཆེན་པོའི་སྒྲ་དོན་ལ། །ལག་པའི་སྒྲ་དོན་འཁྲུལ་འགྱུར་ན། །རྟག་པ་གཉིས་པར་བརྡ་དང་ནི། །བརྡའི་ལན་ལ་ཕྱག་རྒྱ་ཞེས། །གསུངས་པའི་དགོངས་པ་གང་ཡིན་བཙལ། །རྡོ་རྗེ་འབྱུང་བར་ལྷ་རྣམས་ཀྱི། །ལག་པའི་རྣམ་འགྱུར་མི་འདྲ་ལ། །ཕྱག་རྒྱ་ཆེན་པོར་བཤད་དེ་ཅི། །ཏི་ལོ་ཏི་ལོར་མི་རུང་ན། །ཨིའི་ཡི་གེ་ཨེ་ཞེས་པ། །ཀཱ་ལ་པ་ལས་གསུངས་དེ་ཅི། །ནཱ་རོ་ཞེས་བྱ་བྲམ་ཟེ་ཡི། །བྱེ་བྲག་ཡིན་མོད་ཏ་ཞེས་པ། །ཞེ་སའི་ཚིག་ཏུ་སྦྱར་མིན་ནམ། །ཀོའུ་ཤི་ཀའི་མདོ་ཞེས་པ། །བརྫུན་མ་དེ་ཡི་མཚན་གཞི་དྲི། །མུ་སྟེགས་བྱེད་ཀྱི་རྒྱུད་ཡིན་པས། །ལུང་དུ་བྱ་བར་མི་རུང་ན། །དབྱངས་ཆར་རྒྱུད་དང་སྨན་དཔྱད་དང༌། །ཀཱ་ལ་པ་དང་དཎྜི་ཡི། །ཚིག་རྒྱན་གཞུང་དང་འཆི་མེད་ཀྱི། །བང་མཛོད་ལ་སོགས་མཁས་རྣམས་ལ། །གྲགས་པའི་ལུང་དག་འདོར་དགོས་སམ། །མ་རིག་ཅེས་སོགས་རྒྱུད་བླ་ཡི། །ལུང་དེ་གང་ན་ཡོད་པ་དྲི། །བཤད་དང་གང་ཞིག་ཅེས་པའི་བར། །ཡོད་ན་རྗེ་བཙུན་ཉིད་ཀྱིས་ནི། །དེ་ལྟར་ཡིད་ཆེས་མན་ཆད་ཀྱི། །ཚིག་བཤད་དྲང་ངེས་མཛད་དེ་ཅི། །བཀའ་བསྡུ་གསུམ་པའི་ཐ་སྙད་ནི། །གཞུང་ལུགས་གང་ནས་འབྱུང་བ་དྲི། །ལྷ་ཆེན་ཆོས་ལོག་སུན་འབྱིན་པ། །བསྡུ་བ་གསུམ་པར་གང་ནས་བཤད། །ཉི་མའི་དངོས་གྲུབ་ཅེས་པ་ཡི། །གཏམ་རྒྱུད་འདི་ཡང་གང་ནས་འབྱུང༌། །དར་མས་བསྟན་པ་བསྣུབས་པ་དང༌། །མངའ་བདག་ཡེ་ཤེས་འོད་ཀྱི་བར། །ཆོས་ལོག་དུ་མ་འཕེལ་དེ་གང༌། །རིན་ཆེན་བཟང་པོའི་བསྟན་བཅོས་ན། །སྦྱོར་སྒྲོལ་བཀག་པ་ཙམ་ཞིག་ནི། །མ་གཏོགས་ཆོས་ལོག་ཐམས་ཅད་ནི། །ནུབ་པར་མཛད་པའི་གཞུང་མི་སྣང༌། །ཕོ་བྲང་ཞི་བ་འོད་དང་ནི། །མགོས་ཀྱི་སྔགས་ལོག་སུན་འབྱིན་ན། །རང་ལ་གནོད་པ་འགའ་ཡང་སྣང༌། །དཔའ་བོ་ཁྱོད་ཀྱི་བསྟན་པ་ནི། །ཞེས་སོགས་འདི་ནི་སུ་ལ་བསྟོད། །རང་རེའི་སྟོན་པ་ཐུགས་རྗེ་ཅན། །ཉིད་ཀྱི་བསྟོད་པ་ཡིན་ལགས་སམ། །རིག་འཛིན་སྡོམ་པའི་སྐབས་ཞེས་པའི། །ལེའུའི་མཚན་ཡང་མི་འབྱུང་ཅི། །དེ་ལྟར་ལེགས་པར་དྲིས་པའི་དོན། །གཞུང་ལུགས་འདི་ལ་དད་པ་དང༌། །རྣམ་དཔྱད་ཐོས་པ་མང་ལྡན་ཅིང༌། །ལྕེ་བདེ་དོན་གསལ་སྨྲ་མཁས་པ། །ཁ་ཟེགས་བསྡུས་པའི་ཅལ་ཅོལ་གྱིས། །མཁས་པའི་བསྟན་བཅོས་ཆུད་གསན་པར། །མཐོང་ནས་ལེགས་པར་དྲིས་པ་ཡིན། །འདི་ལན་ཇི་བཞིན་མི་མཁྱེན་ན། །སླར་ཡང་འདྲི་བོ་ཉིད་ལ་དྲིས། །དེ་ནས་ལེགས་པར་བཤད་པ་ཡིན། །དགའ་སྟོན་ཕྱོགས་བཅུར་འཕེལ་བར་འགྱུར། །གང་དག་གཞུང་དོན་རྟོགས་སླ་ཞེས། །བཏང་སྙོམས་འཇོག་པ་དེ་དག་གིས། །འདི་དོན་ཤེས་པ་མ་མཐོང་ནས། །དཀའ་གནས་འགའ་ཞིག་དྲིས་པ་ཡིན། །དྲི་བ་དང་ནི་སུན་འབྱིན་གྱི། །གནས་རྣམས་ལེགས་པར་མི་ཤེས་པའི། །མཁས་འདོད་མུན་སྤྲུལ་ཕྲེང་བ་ཅན། །དེ་དག་ཚིག་ལེར་བྱས་འདི་ཡིས། །བསྟན་བཅོས་འདི་ནི་བཀག་གོ་ཞེས། །སྨྲ་ན་རང་གི་སྐྱོན་ཡིན་ཏེ། །གང་དག་མཁས་པ་ངོ་མཚར་ཅན། །གཞུང་ལུགས་གང་དང་གང་འཆད་ཚེ། །དེ་དང་དེ་ཡི་དཀའ་བའི་གནས། །མ་ལུས་ལེགས་པར་བླངས་ནས་སུ། །འཆད་ཅིང་དྲི་བའི་ཚུལ་གྱིས་ནི། །གཞན་ལ་འཆད་ཅིང་རྩོམ་པ་ཡིན། །ཞེས་རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱིས་མངའ་རིས་སྨད་ཀྱི་སའི་ཐིག་ལེ་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོ་ནས། དབུས་གཙང་ཁམས་གསུམ་ན་བཞུགས་པའི་སྐྱེས་བུ་དམ་པ་གསུངས་རབས་འདི་ཡི་དོན་ལ། མཁས་གྲུབ་རྣམས་ལ་དྲི་བའི་ཚུལ་གྱིས་ཞུས་པའོ། །དམར་སེར་རལ་པའི་གུར་ཁྱིམ་འཇིགས་རུང་ན། །ཧཱུྃ་ཕཊ་དྲག་པོའི་འབྲུག་གི་རྔམས་གདངས་ཀྱིས། །ཆོས་མིན་བགེགས་དང་ལོག་འདྲེན་ཚར་གཅོད་པའི། །བསྟན་བསྲུངས་ཡོངས་ཀྱི་བཀྲ་ཤིས་དེང་འདིར་ཤོག།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*