སྡོམ་པ་གསུམ་གྱི་རབ་དབྱེའི་དྲི་བ་བརྒྱ་དང་བརྒྱད་པ་ལས་ཀུན་ལ་གྲགས་ཆེ་བའི་དྲི་བ་གསུམ་གྱི་ལན་གདབ་པ།

༼ཙ༽༄༅། །སྡོམ་པ་གསུམ་གྱི་རབ་དབྱེའི་དྲི་བ་བརྒྱ་དང་བརྒྱད་པ་ལས་ཀུན་ལ་གྲགས་ཆེ་བའི་དྲི་བ་གསུམ་གྱི་ལན་གདབ་པ་བཞུགས་སོ།།

ན་མོ་ཝ་ཀི་ཤྭ་རཱ་ཡེ། འགྲོ་ཀུན་ཀུན་ནས་དགའ་བ་བསྐྱེད་པའི་གསུང༌། །རྣམ་རྒྱལ་རྒྱལ་བའི་དགེ་མཚན་དཔལ་གྱི་སྐུ། །བསྐལ་བཟང་བཟང་པོར་མཛད་པའི་ཐུགས་རྗེ་ཡིས། །བདག་དང་དྭང་བའི་བློ་ཅན་ཀུན་ཟུང་ཤིག །རང་ལ་ཆགས་པའི་ཆང་གིས་མ་མྱོས་ཤིང༌། །གཞན་ལ་སྡང་བའི་མིག་གིས་མ་བལྟས་པར། །ཆོས་རབ་འབྱེད་པའི་མགྲིན་པ་མཐོར་བཏེག་ནས། །དཀའ་བའི་གནས་འགའ་དེང་འདིར་བཤད་འདིའོ།།  །།དེའང་འདི་ལྟར། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ལས་བརྩམས་པའི་དྲི་བ་བརྒྱ་དང་བརྒྱད་པ་ལས། ཀུན་ལ་གྲགས་ཆེ་བའི་དྲི་བ་གསུམ་གྱི་ལན་གདབ་པར་བྱ་བ་ལ། དཀའ་གནས་ཆེ་འབྲིང་ཆུང་གསུམ་ལས་བརྩམས་པའི་དྲི་བ་རྣམ་པ་གསུམ་མོ། །དང་པོ་ནི། ཇི་སྐད་དུ། དྲི་བ་ལས། ཐེག་པ་ཆེན་པོ་རྒྱུད་བླ་མར། །གོས་རུལ་ནང་ན་རིན་ཆེན་གྱི། །དཔེས་བསྟན་དགོངས་པ་ཅན་ཡིན་ན། །སེམས་ཅན་རྣམས་ལ་རང་བཞིན་གྱི། །གནས་རིགས་མེད་པར་མི་འགྱུར་རམ། །ཞེས་པའོ། །དེ་ལ་དྲི་བའི་ཞེ་འདོད་བསམ་པ། དེའི་དངོས་ལན་གདབ་པ། ལན་དེའི་རྒྱབ་རྟེན་བཤད་པའོ། །དང་པོ་ལ་གསུམ་ཏེ། འདྲི་བའི་རྒྱུ་མཚན། དྲིས་པའི་དགོས་པ། མ་དྲིས་ན་སྐྱོན་ཡོད་པའོ། །དང་པོ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མར། ཞེས་པ་བྱམས་པའི་བསྟན་བཅོས་ལ་ངོས་བཟུང་ནས། དེར་སེམས་ཅན་ཀུན་ལ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་བཤད་པ་དེ་དགོངས་པ་ཅན་ཡིན་ནོ་ཞེས་པའི་དོན་དུ། གཞུང་འདིའི་ཊཱི་ཀ་བྱེད་པ་མཁས་རྨོངས་ཀུན་གྱིས་བྲག་ཆ་བཞིན་དུ་བཀྲལ་ལ། དེ་ལྟར་བཀྲལ་ན་མཁས་པའི་བསྟན་བཅོས་ཆུད་གསན་པར་འགྱུར་བའི་རྒྱུ་མཚན་གྱིས་སོ། །དེའི་ཤེས་བྱེད་ཀྱང་རྒྱུད་བླ་མའི་བསྟན་བཅོས་དེ་ན། དེ་ལྟར་བཤད་པ་ཅིག་ཀྱང་མེད་ཅིང༌། མདོ་ལས་དེ་ལྟར་བཤད་པ་དེ། བསྟན་བཅོས་དེར་དགོངས་པ་ཅན་དུ་བཀྲལ་ཟིན་པའི་རྒྱུ་མཚན་གྱིས་སོ། །དེར་ཇི་ལྟར་བཀྲལ་ན། དགོངས་གཞི་ནི་དོན་རྣམ་པ་གསུམ་ལ་དགོངས། དགོས་པ་ནི་སྐྱོན་ལྔ་སྤང་བའི་ཕྱིར་དུའོ། །གནོད་བྱེད་ནི། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། ཅེས་པའོ། །དེར་འགྲོ་བའི་རྒྱུ་མཚན་ནི། ཆོས་ཀྱི་སྐུ་དང༌། བདེ་བར་གཤེགས་པའི་སྙིང་པོ་དང༌། མྱ་ངན་ལས་འདས་པ་གསུམ་མིང་གི་རྣམ་གྲངས་སུ་མདོ་ལས་གསུངས་པས་སོ། །དྲིས་པའི་དགོས་པ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མ་ཞེས་པ་རྡོ་རྗེའི་གནས་བདུན་གཙོ་བོར་སྟོན་པ་བཀའ་འཁོར་ལོ་ཐ་མའི་མདོ་ལ་གོ་བའོ། །དེ་ལ་དེ་སྐད་ཟེར་བའི་རྒྱུ་མཚན་ཡང༌། ཤེར་ཕྱིན་དང༌། དེའི་བསྟན་བཅོས་སོ་སོར་ཕྱེད་དགོས་པ་བཞིན་དུ་རྒྱུད་བླ་མ་དང༌། དེའི་བསྟན་བཅོས་སོ་སོར་ཕྱེད་དགོས་པའི་རིགས་པ་ལས་དང༌། རྒྱུད་བླའི་བསྟན་བཅོས་ཉིད་དུའང༌། སླར་ཡང་བླ་མའི་རྒྱུད་འདིར་ནི། །ཞེས་མདོ་ཉིད་ལས་བཤད་པའི་ལུང་ལས་སོ། །གསུམ་པ་མ་དྲིས་ན་སྐྱོན་ཡོད་པ་ནི། རྒྱུད་བླའི་བསྟན་བཅོས་ཀྱིས་སྙིང་པོའི་མདོའི་དགོངས་པ་བཀྲལ་ཚུལ་མི་ཤེས་པའི་ཉེས་པ་དང༌། དེ་ལྟར་མ་ཤེས་པའི་ཚེ་ན་བསྟན་བཅོས་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་ན། སེམས་ཅན་ལ་རང་བཞིན་གནས་རིགས་མེད་པར་ཁས་ལེན་དགོས་པའི་ཉེས་པ་དང༌། རབ་དབྱེའི་བསྟན་བཅོས་འདིར། ཆོས་དབྱིངས་མེད་པར་དགག་པའི་ཆ། རྔོག་ལོ་ཙྪ་བས་སྙིང་པོར་འདོད་པ་བཀག་པ་མ་ཤེས་པའི་ཉེས་དམིགས་དང༌། སེམས་ཅན་གྱི་ཁམས་དང་སྙིང་པོ་དོན་གཅིག་ཏུ་མདོ་ལས་གསུངས་པ་དེ་བསྟན་བཅོས་འདིར་དགོངས་པ་ཅན་དུ་བཀྲལ་བ་མ་ཤེས་པའི་ཉེས་དམིགས་དང༌། བསྟན་བཅོས་འདིར། སེམས་ཅན་གྱི་ཁམས་དང༌། སེམས་ཅན་གྱི་ཆོས་དབྱིངས་སྙིང་པོ་ཡིན་པ་བཀག་ཀྱང༌། དགེ་བ་ཡིན་པ་མ་བཀག་པས་དེ་མ་ཤེས་པའི་ཉེས་དམིགས་དང༌། སྙིང་པོ་དང་དགེ་བའི་གཞི་མཐུན་མེད་ན་ཆོས་སྐུ་མཚན་ཉིད་པ་དེ་སྙིང་པོ་དངོས་མིན་པར་ཁས་ལེན་དགོས་པའི་ཉེས་དམིགས་དང༌། མདོ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་གསུངས་པ་དེའི་སྒྲ་ཇི་བཞིན་པའི་དོན། སེམས་ཅན་ཐམས་ཅད་ལ་སངས་རྒྱས་མཚན་ཉིད་པ་རེ་རེ་བཞུགས་སོ་ཞེས་བྱ་བ་དེ་ཡིན་པར་མ་ཤེས་པའི་ཉེས་པ་དང༌། དེ་མ་ཤེས་ན་སྙིང་པོས་སེམས་ཅན་ལ་ཁྱབ་པར་གསུངས་པས། སྐྱོན་ལྔ་སྤོང་མི་ནུས་པའི་ཉེས་པ་དང༌། སྙིང་པོའི་ངོས་འཛིན་རྔོག་ལོ་དང༌། ས་ལོའི་བཞེད་པ་གཅིག་ཏུ་འདྲེས་པའི་ཉེས་པ་རྣམས་ཡོད་དོ། །གཉིས་པ་དངོས་ལན་གདབ་པ་ལ། རང་ལན་གྱི་རྣམ་གྲངས་མི་འདྲ་བ་གཉིས་གདབ་པ་དང༌། གཞན་ལན་མི་འཐད་པའོ། །དང་པོ་ལ་གཉིས་ལས། རྣམ་གྲངས་ཐོག་མ་ནི། ཕྱོགས་སྔ་མས་སྨྲས་པ། ཡོད་དགེ་མི་འཐད་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བཀའ་འཁོར་ལོ་བར་པ་དང༌། ཐ་མ་གཉིས་སུ་གསུངས་པ་དང་འགལ་ལོ་ཞེ་ན། ཆོས་དབྱིངས་ཡོད་དགེར་མི་འཐད་པ་འོན་ཀྱང༌། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་ལྟ་བུ་འཁོར་ལོ་བར་བའི་མདོ་སྡེ་འགའ་ཞིག་དང༌། ཐེག་པ་ཆེན་པོའི་རྒྱུད་བླ་མ་ཞེས་བྱ་བ་འཁོར་ལོ་ཕྱི་མར། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་པ་ནི། །དགོངས་པ་ཡིན་པར་ཤེས་པར་བྱ། །ཞེས་སོགས་སྦྱར་རོ། །འདིར་བཤད་པའི་དགོངས་གཞི་དང་དགོས་པ་ནི། རྒྱུད་བླ་མའི་བསྟན་བཅོས་སུ་བཤད་པ་དེ་ཉིད་ཡིན་ལ། དངོས་ལ་གནོད་བྱེད་ནི། ལང་ཀར་གཤེགས་པའི་མདོ་དང༌། མྱ་ངན་ལས་འདས་པའི་མདོ་ཇི་ལྟ་བ་བཞིན་ཡིན་ལ། དོན་དེ་ཉིད་རྒྱུད་བླའི་བསྟན་བཅོས་སུ་ཡང་གསལ་བར་བཤད་པ་སྟེ། ཇི་སྐད་དུ། སྤྲིན་དང་རྨི་ལམ་ཞེས་སོགས་ཀྱི་དོན་འཁོར་ལོ་བར་པར་ཐམས་ཅད་བདག་མེད་དུ་གསུངས་པ་དང༌། འཁོར་ལོ་ཐ་མར་དམ་པའི་བདག་གསུངས་པ་དང་འགལ་ལོ་ཞེས་རྩོད་པ་ལན་དང་བཅས་པ་གསུངས་པ་ཡིན་ནོ། །རྣམ་གྲངས་གཉིས་པ་ནི། གཞུང་འདི་ལྟར་འདོན་པར་བྱ་སྟེ། འོན་ཀྱང་མདོ་སྡེ་འགའ་ཞིག་ཏུ། །སེམས་ཅན་རྣམས་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་པ་ནི། །ཐེག་པ་ཆེན་པོ་རྒྱུད་བླ་མར། །དགོངས་པ་ཅན་དུ་གསུངས་ཞེས་བྱ། །དེའི་དགོངས་གཞི་སྟོང་ཉིད་ཡིན། །ཞེས་སོགས་སོ། །དེའི་རྒྱུད་བླ་མ་དེ་མདོ་དང་བསྟན་བཅོས་གཉིས་ཀ་ལ་མི་འགལ་ཏེ། མྱང་འདས་དང་ལང་ཀར་གཤེགས་པ་ལྟ་བུ་སྙིང་པོ་སྒྲ་ཇི་བཞིན་པ་མ་ཡིན་པར་སྟོན་པའི་འཁོར་ལོ་ཕྱི་མའི་མདོ་ཤིན་ཏུ་མང་བས་སོ། །གཞུང་རང་བཟོར་སྦྱོར་བ་མི་རིགས་སོ་སྙམ་ན། དེ་ལྟར་མ་སྦྱར་ན་གོང་གི་ཉེས་དམིགས་དེ་དག་སེལ་མི་ནུས་པ་དང༌། གཞུང་འདི་ཉིད་ལ་དག་རྒྱ་སྟེར་དགོས་པ་འགའ་ཞིག་སྣང་བས་སོ། །ཇི་ལྟར་ཞེ་ན། འཕགས་པ་དཀོན་མཆོག་འབྱུང་གནས་ལས། སེང་གེ་གང་ལའང་མི་འཇིགས་མོད། །ཅེས་གསུང་རྒྱུ་ཡིན་པ་ལ། དཀོན་མཆོག་བརྩེགས་པ་ལས། ཞེས་བཤད་པ་དང༌། ཤེས་རབ་ཕ་རོལ་ཕྱིན་པ་ལས། །ཆོས་ཀྱི་དབྱིངས་ནི་དུས་གསུམ་དང༌། །ཁས་གསུམ་ལས་ནི་གྲོལ་ཞེས་བཤད། །ཀླུ་སྒྲུབ་གཞུང་དུ་དགེ་སྡིག་ལས། །རྣམ་པར་གྲོལ་བ་ཡིན་ཞེས་གསུངས། །ཞེས་གསུང་རྒྱུ་ཡིན་པ་ལ། རྩ་བར་ཤེར་ཕྱིན་ཙམ་ལས་མ་གསུངས་ཤིང༌། ཊཱིཀ་བྱེད་པ་དག་གིས་བརྒྱད་སྟོང་པའི་མདོ་མ་དག་པ་དྲངས་པ་དང༌། རྡོ་རྗེ་རྒྱལ་མཚན་བསྔོ་བ་ལས། ཡོད་པ་ཞེས་བྱ་བསྒྲུབས་པར་གསུངས། །ཞེས་གསུང་རྒྱུ་ཡིན་པ་ལ། སྒྲུབ་པར་གསུང་ཞེས་འཆད་པ་དང༌། དེ་ཚེ་འཇམ་པའི་རྡོ་རྗེ་ཡི། །སྤྲུལ་པ་དྲག་པོ་ཞེས་བྱ་བས། །ཞེས་ཟེར་རྒྱུ་ཡིན་པ་ལ། དེ་ཚེ་ཕྱག་ན་རྡོ་རྗེ་ཡི། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ཡང༌། ལུང་ཁུངས་དེ་དག་གང་དང་གང་ན་ཅི་དང་ཅི་འདུག་བལྟས་པས་ཤེས་སོ། །གཉིས་པ་གཞན་ལན་མི་འཐད་པ་ནི། ཊིཀ་བྱེད་པ་སྔ་མ་རྣམས་སེམས་ཅན་རྣམས་ལ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་སྐུ་ཡོད་པ་དགོངས་པ་ཅན་དུ་འཆད་པ་ཡིན་ཞེས་པ་ནི་མ་ཡིན་ཏེ། མདོ་སྡེ་དག་ན་དཔེ་དགུ་ལ་སོགས་པའི་སྒོ་ནས་མི་གསལ་བའི་ཚུལ་གྱིས་ཡོད་པར་བཤད་པ་ཤ་དག་ཏུ་སྣང་བས་སོ། །ལ་ལ་སྙིང་པོ་རྟག་བརྟན་ཡོད་པར་བཤད་པ་དགོངས་པ་ཅན་དུ་འགྲེལ་ཟེར་ཞིང༌། སྙིང་པོའི་ངོས་འཛིན་ཆོས་དབྱིངས་མེད་དགག་གི་ཆ་ལ་འདོད་པ་གཉིས་ནང་འགལ་བ་དང༌། གཞན་དག་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་ཁས་ལེན་བཞིན་དུ། སེམས་ཅན་ལ་སྙིང་པོ་ཡོད་པ་དེ་ཀུན་རྫོབ་བདེན་པ་ཡིན་པའི་རྒྱུ་མཚན་གྱིས་དྲང་དོན་དགོངས་པ་ཅན་དུ་འཆད་ཟེར་བ་ཡང་དངོས་ལ་གནོད་བྱེད་བཤད་པའི་ཚེ། འཁོར་གསུམ་དངོས་འགལ་དུ་འགྲོ་བ་མ་དྲན་པས་ནོངས་པ་དང༌། ལ་ལ་རྒྱུད་བླའི་བསྟན་བཅོས་སུ་དཔེ་དགུས་དོན་དགུ་མཚོན་པ་དང༌། དོན་གཅིག་མཚོན་པ་གཉིས་ལས་ཕྱི་མ་དགོངས་པ་ཅན་དུ་བསྟན་བཅོས་འདིས་འགྲེལ་ཞེས་ཟེར་བ་ཡང༌། དོན་གཅིག་མཚོན་པ་དེ་མདོའི་བསྟན་ཚུལ་ཡིན་གྱི་བསྟན་བཅོས་ན་དཔེ་དགུ་དོན་གཅིག་པོ་ཉིད་ལ་སྦྱར་བ་མེད་པ་མ་ཤེས་པས་ནོངས་སོ། །འོ་ན་བསྟན་བཅོས་སུ་ཇི་ལྟར་ཡོད་ན། མདོ་ལས་གསུངས་པའི་དོན་གཅིག་པོ་དེ་བསྒྲུབ་བྱའི་ཆོས་སུ་བྱས་ནས། དོན་དགུ་པོ་སྒྲུབ་བྱེད་ཀྱི་གཏན་ཚིགས་དང༌། དཔེ་དགུ་པོ་ཤེས་བྱེད་ཀྱི་དཔེར་བཀོད་པ་ཡིན་ནོ། །ཅི་སྟེ་ཁོ་བོ་ཅག་གི་དོན་དེ་ཉིད་གྲུབ་པ་མ་ཡིན་ནམ། ཞེ་ན་མིན་ཏེ། དོན་གཅིག་པོ་དེ་ཉིད་ཚད་སྒྲུབ་དུ་བྱས་ནས་བསྒྲུབ་བྱའི་ཆོས་སུ་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལུས་ཅན་ཀུན་ཆོས་ཅན་དུ་བྱས་ནས། དོན་གཅིག་པོ་དེ་ཉིད་འབྱུང་རུང་དུ་བསྒྲུབ་པ་ལ། དོན་དགུའམ། དེའང་བསྡུ་ན། གསུམ་དུ་འདུས་པས། གསུམ་པོ་དེ་རྟགས་སུ་བཀོད་པ་ཡིན་ནོ། །དེ་སྐད་དུ་ཡང༌། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །དེ་ལས་གཞན་དུ་ན། སྙིང་པོ་ཅན་ཡིན་པ་ཚད་སྒྲུབ་དུ་བྱས་ན་གཏན་ཚིགས་འདི་རང་བཞིན་དང༌། འབྲས་བུའི་གཏན་ཚིགས་གང་ཡིན། དང་པོ་ལྟར་ན། རིགས་ལ་ལྔར་ཕྱེ་བ་དེ་ཐམས་ཅད་སྙིང་པོ་ཅན་མཚན་ཉིད་པར་ཁས་ལེན་མི་དགོས་སམ། གཉིས་པ་ལྟར་ཡང་མ་ཡིན་ཏེ། རིགས་ལྔ་པོ་སྙིང་པོའི་འབྲས་བུར་མི་རུང་བས་སོ། །ཁོ་བོ་ཅག་ལྟར་ན་ནི་རྒྱུ་རྟགས་སུ་བཀོད་ནས་ཕྱོགས་ཆོས་ཅན་གྱི་གཞིར། འབྲས་བུ་འབྱུང་རུང་དུ་བསྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་སོ། །འཕྲོ་བ་དང་དབྱེར་མེད་པ་གཉིས་ཀྱི་རྣམ་བཅད་ཀྱང༌། སྔ་མ་ནི་དྲི་མས་དག་པ་ན་ཆོས་སྐུ་འབྱུང་དུ་རུང་བ་དང༌། གཅིག་ཤོས་ནི་རང་བཞིན་རྣམ་དག་ལ་ངོ་བོའི་སྒོ་ནས་དབྱེར་མེད་པའོ། །དེ་ལྟར་དངོས་ལན་བཤད་ཟིན་ནས། དེའི་རྒྱབ་རྟེན་གྱི་ལུང་རིགས་བཤད་པ་ནི། དེང་སང་འགའ་ཞིག་གི་བསམ་པ་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་པར་བཤད་པ་དེ། རྗེ་བཙུན་ཆེན་པོའི་དགོངས་པ་མ་ཡིན་ལ། དེའི་ཚེ་ཆོས་ཀྱི་རྗེའི་ཡང་དགོངས་པ་མ་ཡིན་པར་གྲུབ་བོ་སྙམ་ན། དེའི་ལན་ལ་གཉིས་ཏེ། རྗེ་བཙུན་གྱིས་ཇི་ལྟར་གསུངས་པ་དང༌། དེའི་དགོངས་པ་ཆོས་ཀྱི་རྗེས་ཇི་ལྟར་བཀྲལ་བའོ། །དང་པོ་ནི། རྣམ་བཤད་དག་ལྡན་ལས། ཐོག་མར་སེམས་ཅན་ཐམས་ཅད་རང་བཞིན་གྱི་སངས་རྒྱས་ཡིན་པས། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཅན་དུ་བསྟན་པ་ནི། རང་རང་གི་རྟོག་པ་ལས། །ཞེས་བྱ་བ་ཏེ། རྣམ་པར་རྟོག་པའི་ཆོས་ཉིད་ཐམས་ཅད་ཀྱང་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཞེས་པ་ནས། མདོར་ན་སེམས་ཅན་ཐམས་ཅད་ཆོས་ཉིད་གཅིག་སྟེ། སེམས་རྟོགས་ན་སངས་རྒྱས་ཡིན་པའི་ཕྱིར་རོ། །འཕགས་པ་འདའ་ཀ་ཡེ་ཤེས་ལས་ཀྱང༌། སེམས་རྟོགས་ན་སངས་རྒྱས་ཡེ་ཤེས་ཡིན་པའི་ཕྱིར། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་ལ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུང་ངོ༌། །ཞེས་འབྱུང་ངོ༌། །གཉིས་པ་ལ། རང་བཞིན་གྱི་སངས་རྒྱས་ཡིན་ན། སངས་རྒྱས་ཡིན་དགོས་པ་དེ་རྗེ་བཙུན་གྱི་དགོངས་པ་མ་ཡིན་པར་བསྟན་པ་དང༌། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་སྒོམ་པར་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་ཆོས་ཀྱིས་རྗེས་བཀྲལ་བའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། དག་ལྡན་ལས། ལྟ་བ་འཁོར་འདས་དབྱེར་མེད་ཀྱང་ཀྱཻའི་རྡོ་རྗེ་ཡིན་པས་ན། དེ་དག་སྟོན་པར་བྱེད་པའི་གཞུང་འདི་ལ་ཡང་ཀྱཻ་རྡོ་རྗེ་ཞེས་གདགས་སོ། །དེ་སྐད་དུ། ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་དང་ལམ་ཡང་དེ་སྒྲ་ཡིན། །ཞེས་གསུངས་ཏེ། འདིར་ཡང༌། ཀྱཻ་རྡོ་རྗེ་གཉིས་སུ་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་དང་ལམ་ཡང་དེ་སྒྲ་ཡིན། །ཞེས་སྦྱར་བར་བྱའོ་ཞེས་གསུངས་ལ། དེ་ལྟར་གསུངས་པ་དེ་ནི་གཞུང་ལམ་རང་བཞིན་གྱི་དེ་གསུམ་དེ་བཏགས་པ་བར་བཤད་པ་ཡིན་ནོ། །འོན་ཏེ་གཞུང་ལ་དེར་བཤད་ཀྱང་རང་བཞིན་ལ་དེར་མ་བཤད་དོ་སྙམ་ན། འོ་ན་ཁྱེད་ལྟར་ན་དེ་ཡང་དེར་མི་འགྲུབ་ཏེ། ཇི་སྐད་དུ། འཆད་པ་པོ་ང་ཆོས་ཀྱང་ང༌། །ཞེས་གསུངས་པས་ཆོས་ཀྱང་རང་བཞིན་གྱི་ཀྱཻ་རྡོ་རྗེར་ཁས་ལེན་དགོས་པས་སོ། །དེར་མ་ཟད་རྒྱུད་བླའི་བསྟན་བཅོས་ཀྱི་དགོངས་པ་སྔར་ཇི་སྐད་བཤད་པ་དེ་ཉིད་རྗེ་བཙུན་གྱིས་ཀྱང་གསུངས་པའི་ཕྱིར་ཏེ། དག་ལྡན་ལས། རང་གི་ལུས་ཉོན་མོངས་པ་དང་བཅས་པ་འདི་ཉིད་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་པ་ནས། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་འབྱུང་བ་དེར་རང་གི་ལུས་མྱང་འདས་ཀྱི་རྒྱུར་བཤད་ཀྱི། མྱང་འདས་དངོས་སུ་བཤད་པ་མེད་དོ། །གཞན་ཡང་ཁྱེད་ལྟར་ན། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་པ་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན། ཇི་སྐད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པ་དེ་ཡང་དེར་ཁས་ལེན་དགོས་ལ། དེ་ལྟར་ན། དག་ལྡན་གྱི་ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་གཉིས་འབྱུང་ཏེ། དག་ལྡན་དུ། ཡེ་ཤེས་ཆེན་པོ་ཞེས་པར་སྤྱིར་འཇིག་རྟེན་ལས་འདས་ལམ་དང༌། ཁྱད་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་བཤད་ལ། གནས་པའི་གོ་དོན་ཡང༌། ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་པ་ལ་བཤད་དོ། །རིགས་པ་དང་འགལ་བའི་ཚུལ་ཡང༌། དེའི་ཆོས་ཉིད་ཡོད་པས་ཁྱབ་པ་ལ། དེ་ཡོད་པས་ཁྱབ་པ་རིགས་པའི་ལམ་མ་ཡིན་ཞིང༌། སེམས་ཅན་ཐམས་ཅད་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡོད་ན། དེ་ཐམས་ཅད་ལ་མཐོང་བའི་ལམ་རྒྱུད་ལ་སྐྱེ་མྱོང་བས་ཁྱབ་པར་འགྱུར་རོ། །མདོར་ན། རྣམ་བཤད་དེར་རྒྱུད་བླ་མའི་ལུང་དྲངས་པ་ཉིད་ཀྱིས་ཁོ་བོ་ཅག་གིས་ཇི་ལྟར་འདོད་པ་དེ་ཉིད་གྲུབ་པ་ཡིན་ནོ། །གཉིས་པ་ནི། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས་ལས། འོ་ན་སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་སྒོམ་པར་བྱའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་སྐད་གསུང་བ་ནི་མུ་སྟེགས་ཅན་ལ་སོགས་པ་རྗེས་སུ་འཛིན་པའི་ཕྱིར་དགོངས་པ་ཅན་ཡིན་ཏེ། གྲངས་ཅན་གྱི་གཞུང་ལས། ལྷ་མིག་རྣམ་དག་བསྒྲུབས་ནས་ནི། །སེམས་ཀྱི་བདག་ཉིད་རྟོགས་པར་བྱ། །སྐྱེས་བུའི་བདག་ནི་སུས་རྟོག་པ། །ཆ་ལུགས་གང་གིས་གནས་ཀྱང་གྲོལ། །ཞེས་བྱ་བ་རྗེས་སུ་བཟུང་བའི་ཕྱིར་དུ། དགོངས་གཞི་ཆོས་ཀྱི་སྐུའི་སངས་རྒྱས་ལ་དགོངས། དགོས་པ་ནི། གྲངས་ཅན་ལ་སོགས་པ་དེ་དག་གི་སྙིང་གི་དཀྱིལ་ན་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་རང་ཆས་སུ་འདོད་པ་དག་དྲང་པའི་ཕྱིར་ཡིན། དངོས་ལ་གནོད་བྱེད་ཀྱི་ཚད་མ་ཡང༌། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་པ་ནས། ཤེས་དེ་འཇིག་རྟེན་ལ་ཡང་ནི། །ཡོད་ན་ཇི་ལྟར་མཐོང་མི་འགྱུར། །ཞེས་བྱ་བའི་བར་གསུངས་པ་དང༌། གཞན་ཡང་རྣམ་འགྲེལ་སོགས་ནས་གྲངས་ཅན་འགོག་པའི་རིགས་པ་ཇི་སྐད་གསུངས་པ་རྣམས་ཀྱིས་གནོད་པ་དང༌། སྐུ་གསུམ་ལ་སོགས་པའི་རྣམ་གཞག་ཐམས་ཅད་འདི་ལ་མི་རུང་བའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་དོན་ལ་བལྟས་པ་ན་ཆོས་ཀྱི་སྐུའི་སངས་རྒྱས་སམ། རང་བཞིན་གྱི་སངས་རྒྱས་དེ་སངས་རྒྱས་ཀྱི་དགོངས་གཞི་ཡིན་གྱི་སངས་རྒྱས་དངོས་མ་ཡིན་པ་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཡོད་པར་གསུངས་པས་གྲངས་ཅན་རྗེས་སུ་འཛིན་ནུས་པ་ཡིན་གྱི། དེ་ལ་སེམས་བདེན་སྟོང་ཙམ་ཡོད་པར་བཤད་པས་དེ་རྗེས་སུ་བཟུང་མི་ནུས་པ་དང༌། རང་བཞིན་གྱི་སངས་རྒྱས་དེ་སངས་རྒྱས་གོ་ཆོད་པོ་ཡིན་ན་སྐུ་གསུམ་གྱི་རྣམ་གཞག་མ་ཚང་བའི་སངས་རྒྱས་ཡོད་པར་ཐལ་བའི་གནོད་བྱེད་རྣམས་འཕངས་པ་ཡིན་ནོ། །ཡང་འགའ་ཞིག་གི་བསམ་པ་ལ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་པ་འདི་རྗེ་བཙུན་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་བཞེད་པ་དང་འགལ་ལོ་སྙམ་ན་དེ་ཡང་མ་ཤེས་པ་ཡིན་ཏེ། དགྱེས་པ་རྡོ་རྗེའི་བསྟོད་པ་ཉི་ཤུ་པའི་འགྲེལ་པ་དེས་མཛད་པ་ལས། ཇི་སྐད་དུ། འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་ལ་སྟོབས་སོགས་ཀྱི་ཡོན་ཏན་ཡོད་པར་སྨྲ་བ་ནི། ཐུབ་པའི་བསྟན་པ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། རྒྱུད་བླ་མར། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སངས་རྒྱས་ཀྱི་རིགས་ཡོད་པར་བཤད་ཀྱི། སངས་རྒྱས་དངོས་ཡོད་པར་མ་བཤད་པ་དང༌། དུས་འཁོར་འགྲེལ་ཆེན་ལས་ཀྱང༌། གང་གི་ཚེ་བདུད་ཡོད་པ་དེའི་ཚེ་སངས་རྒྱས་ཉིད་མ་ཡིན་ཏེ། སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །ཞེས་བཤད་པས་སོ། །ཞེས་སོགས་གསུངས་པ་དེ་ཡང་ལྟ་བར་བྱོས་ཤིག འདིར་སྨྲས་པ། འདི་དང་མཉམ་པའི་དེ་ལན་འགའ་ཡོད་ན། །གང་འདིར་སྤྱོན་དང་དེ་ཡི་རང་བཞིན་ཤེས། །ཕྲག་དོག་དབྱངས་སུ་བླངས་པ་མ་གཏོགས་པ། །གཞུང་གི་རང་བཞིན་ཤེས་པ་འགའ་ཡོད་དམ། །གཉིས་པ་དཀའ་བའི་གནས་བར་པ་ལས་རྩམ་པའི་དྲི་བ་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་དངོས་ཀུན་ཀྱང༌། །ཡོད་པར་མི་བཞེད་དེ་ཅི་ཞིག །ཅེས་དང༌། ཆོས་དབྱིངས་ལུང་མ་བསྟན་ཡིན་ན། །མི་དགེ་བ་དང་དགེ་བ་ཡང༌། །ལུང་མ་བསྟན་དུ་མི་འགྱུར་རམ། །ཞེས་དང༌། ཆོས་དབྱིངས་གསུམ་ཀ་མ་ཡིན་ན། །དེ་མཚུངས་ཉེས་པར་མི་འགྱུར་བ། །ཞེས་དྲིས་སོ། །འདི་ལ་གསུམ་སྟེ། དྲི་བ་དེའི་དགོས་པ་བསམ་པ་དང༌། དངོས་ལན་བཏབ་པ་དང༌། དེ་ལས་འཕྲོས་པའི་དོན་འགའ་ཞིག་བཤད་པའོ། །དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་གི་དངོས་བསྟན་ལ། ཕ་རོལ་པོས་ཆོས་དབྱིངས་དགེ་བར་ཁས་བླངས་པ་ན། རང་གིས་གཞི་གྲུབ་ན་ཆོས་དབྱིངས་ཡིན་པས་ཁྱབ་པ་དང༌། སྡིག་པ་དང་ལུང་མ་བསྟན་ཡང་གཞི་གྲུབ་པར་ཁས་བླངས་པ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་སོ། །དགོས་པ་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཚུལ་གོ་བས་སོ། །གསུམ་པ་མ་དྲིས་ན་སྐྱོན་ཡོད་པ་ནི། འདི་ཆེད་དུ་གཉེར་ནས་མ་དྲིས་པ་ཊཱིཀ་བྱེད་པ་དག་གིས་འཆད་ཚུལ་སོར་གཞག་ན། དངོས་པོ་ཀུན་ཆོས་ཅན། ཆོས་དབྱིངས་སུ་ཐལ། ཡོད་པའི་ཕྱིར་ཞེས་དང༌། ཡོད་པ་མ་ཡིན་པར་ཐལ། ཆོས་དབྱིངས་མ་ཡིན་པའི་ཕྱིར། ཞེས་འཕངས་ན། སྔ་ཕྱི་གཉིས་ཀ་ལ་འཁོར་གསུམ་ཚང་བ་དང༌། ཡང་ཆོས་དབྱིངས་ལུང་མ་བསྟན་དུ་ཁས་ལེན་དགོས་པར་འགྱུར་ཏེ། ཇི་སྲིད་སྤྲོས་བྲལ་གྱི་རྣམ་གཞག་མི་བྱེད་པ་དེ་སྲིད་དུ་ནི། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་པ་ལྟར། ཤེས་བྱ་ཐམས་ཅད་ཆོས་གསུམ་གང་རུང་དུ་འདུས་པར་ཁས་ལེན་དགོས་ལ། དེའི་ཚེ་དེ་ལུང་མ་བསྟན་ལས་འོས་མེད་པས། འོ་ན་སྡིག་པ་དང་དགེ་བ་ཡང་ཆོས་ཅན། ལུང་མ་བསྟན་ཡིན་པར་ཐལ། ཆོས་དབྱིངས་ཡིན་པའི་ཕྱིར། ཞེས་འཕངས་ན་འཁོར་གསུམ་ཚང་བ་དང༌། གལ་ཏེ་སྤྲོས་བྲལ་གྱི་སྐབས་ཡིན་པས། ཆོས་ཀྱི་དབྱིངས་གསུམ་པོ་གང་དུ་ཡང་ཁས་མི་ལེན་ན་ནི། འོ་ན་ཆོས་གསུམ་པོ་རེ་རེ་ནས་ཆོས་ཅན། རེ་རེ་ནས་མ་ཡིན་པར་ཐལ། ཆོས་དབྱིངས་ཡིན་པའི་ཕྱིར། ཞེས་འཕངས་ན་འཁོར་གསུམ་ཚང་བ་དང༌། ཡང་ལ་ལ་དག་འདོད་ལན་ཐེབས་པར་འདོད་ན། དེ་ལྟ་ཡིན་ན་སེམས་ཅན་ཐམས་ཅད་བདེ་འགྲོ་དང་ངན་འགྲོར་འགྲོ་བ་མི་སྲིད་པར་འགྱུར་རོ། །ཞེས་འཕངས་ན་ཡང་འཁོར་གསུམ་ཁས་བླངས་ཀྱིས་ཚང་བ་དང༌། ཡང་འདིའི་ལན་བྱེད་པ་ལ་ལ་དག ཐལ་བ་བར་པ་འདི་དགག་བཤགས་ཡིན་པས། ཁྱབ་པ་མ་ངེས་སོ་ཞེས་ཟེར་བ་ཡོད་པ་དག་ཐོས་སོ། །དངོས་འགལ་དྲོན་མོ་ལ་ལན་བཏབ་ནས་དགག་བཤགས་ཡིན་ཟེར་བས་ཅི་ལ་ཕན། གལ་ཏེ་དངོས་འགལ་ཏུ་མ་སོང་སྟེ། ཆོས་དབྱིངས་དེ་ཆོས་གསུམ་པོ་རེ་རེ་ནས་མ་ཡིན་པར་ཁས་བླངས་ཀྱི། དེ་ལ་དེ་གསུམ་གང་རུང་མ་ཡིན་པས་ཁྱབ་པ་ཁས་མ་བླངས་སོ་སྙམ་ན། ཞེ་འདོད་ལ་དངོས་འགལ་ཡིན་མོད། དེ་ལྟ་ན་ཡང་རིམ་པ་བཞིན་དུ་ཆོས་དབྱིངས་དང༌། དགེ་བའི་དང༌། མི་དགེ་བའི་དང༌། ལུང་མ་བསྟན་གྱི་གཞི་མཐུན་སྲིད་པར་འགྱུར་ཏེ། དེ་ཡིན་ན། དེ་དག་རེ་རེ་ནས་མ་ཡིན་མི་དགོས་པའི་ཕྱིར་རོ། །མདོར་ན་ཁོ་བོས་དྲི་བ་འདི་དག་མ་བྱས་ན། ཊཱིཀ་བྱེད་པ་སྔ་མ་གཅིག་གིས་གང་དྲིས་པ་དེ་ཉིད། ཕྱི་མ་རྣམས་ཀྱིས་ཀྱང༌། ནེ་ཙོའི་འདོན་པ་བཞིན་དུ་ཀླགས་པ་ན་ཉེས་པ་འདི་དག་འཇུག་མི་འཇུག་དང༌། ཇི་ལྟར་སེལ་གྱི་དོགས་པ་ཙམ་ཡང་མ་ཞུགས་པའི་ཕྱིར། མཁས་པའི་བསྟན་བཅོས་ཆུད་གསན་པ་ཡིན་ནོ། །གཉིས་པ་དངོས་ལན་གདབ་པ་ལ། དབུ་མ་པའི་གནས་སྐབས་ཀྱི་རང་ལུགས་ལ་གནས་ནས། གཞི་གྲུབ་ན་ཆོས་དབྱིངས་ཡིན་པས་ཁྱབ་པར་ཁས་ལེན་ཀྱང༌། ཀུན་རྫོབ་ཚད་གྲུབ་ཏུ་མི་འདོད་པའི་ལུགས་ལ་གནས་ནས་དངོས་ལན་གདབ་པ་དང༌། དབུ་མ་པའི་མཐར་ཐུག་གི་ལུགས་ལ་ཁས་ལེན་གང་ཡང་མེད་པའི་ལུགས་ལ་གནས་ནས་དངོས་ལན་གདབ་པ་དང༌། ཆོས་དབྱིངས་སྙིང་པོར་འདོད་པ་ལ་ཧ་ཅང་ཐལ་བ་འཕངས་པའི་སྒོ་ནས་དངོས་ལན་གདབ་པའོ། །དང་པོ་ནི། ཕྱོགས་སྔ་མས་ཆོས་དབྱིངས་དེ་ཡོད་པའི་དགེ་བར་ཁས་བླངས་པ་ལ། འོ་ན་ཆོས་དབྱིངས་དོན་དམ་པའི་བདེན་པར་རང་ལུགས་སུ་ཁས་ལེན་པ་དེའི་ཚེ། ཡོད་པའི་དགེ་བ་ཁས་བླངས་ན་ཆོས་གསུམ་ལྟོས་གྲུབ་ཡིན་པའི་ཕྱིར། སྡིག་པ་དང་ལུང་མ་བསྟན་ཡང་ཡོད་པར་ཁས་ལེན་དགོས་པས། འོ་ན་དེའི་ཚེ། སྡིག་པ་དང་ལུང་མ་བསྟན་ཆོས་ཅན། ཆོས་དབྱིངས་སུ་ཐལ། གཞི་གྲུབ་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་བ་ལ་ཁས་བླངས་ཀྱི་བསལ་པ་འཇུག་ཚུལ་ནི། དེ་ཆོས་ཅན། དགེ་བར་ཐལ། ཆོས་དབྱིངས་ཡིན་པའི་ཕྱིར། རྟགས་ཁས་བླངས། ཐལ་བ་ལ་ཚད་མའི་བསལ་པ་འཇུག་ཚུལ་ནི། དེ་ལྟ་ཡིན་ན་སེམས་ཅན་རྣམས། །ངན་འགྲོར་འགྲོ་བ་མི་སྲིད་དོ། །ཞེས་པའོ། །ཁྱབ་པ་སྔ་མ་ཚད་མས་གྲུབ་པའི་ཤེས་བྱེད་ནི། དབུ་མའི་གནས་སྐབས་ཀྱི་རང་ལུགས་ལ། གཞི་གྲུབ་ན་དོན་དམ་བདེན་པ་ཡིན་པས་ཁྱབ་པ་ལ་ཐུག་གོ །དེའི་ཤེས་བྱེད་ཀྱང་ཀུན་རྫོབ་བདེན་པ་ཚད་མས་མ་གྲུབ་པ་དང༌། དེ་ཡང་མཐོང་བ་རྫུན་པ་ཡིན་ན། ཚད་མ་མ་ཡིན་པས་ཁྱབ་པ་ལ་ཐུག་གོ །ལན་གཉིས་པ་ནི། ཆོས་དབྱིངས་ཞེས་བྱ་བ་སྤྲོས་པའི་མཐའ་བྲལ་མེད་པར་དགག་པ་ཡོད་པའི་དགེ་བར་ཁས་ལེན་ན། དེ་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། ཆོས་ཐམས་ཅད་དགེ་བར་འགྱུར་རོ་ཞེས་འཕེན་པའོ། །འོ་ན་བསྟན་བཅོས་མཁན་པོ་རང་གི་ལུགས་ལ་སྤྲོས་བྲལ་དེ། ཆོས་གསུམ་པོ་གང་དུ་ཁས་ལེན་ཞེ་ན། དེ་འདྲ་དེ་གཞི་གྲུབ་པར་ཁས་མི་ལེན་པས། དེ་གསུམ་གང་དུ་ཡང་ཁས་མི་ལེན་ནོ། །འོ་ན་དགེ་བ་ཆོས་ཅན། དགེ་བ་མ་ཡིན་པར་ཐལ། སྤྲོས་བྲལ་ཡིན་པའི་ཕྱིར། ཞེ་ན། ཤིན་ཏུ་འདོད་པ་ཡིན་ཏེ། སྤྲོས་བྲལ་ཡིན་ན་དགེ་བ་ཡིན་པ་ཕར་ཞོག སྤྲོས་པ་ཙམ་དུ་ཡང་འགལ་བའི་ཕྱིར་རོ། །འོ་ན་སེམས་ཅན་རྣམས་ངན་འགྲོར་འགྲོ་བ་མི་སྲིད་པར་འགྱུར་རོ་ཞེ་ན། འདོད་པ་ཡིན་ཏེ། དེ་དེ་ལྟར་འགྲོ་བ་དེ་འཁྲུལ་པའི་སྣང་ངོ་ཙམ་ཡིན་གྱི་ཚད་མས་མ་གྲུབ་པའི་ཕྱིར། འོ་ན། སྔར་ཕ་རོལ་པོས་ཀྱང་འདོད་ལན་ཅིའི་ཕྱིར་མི་ཐེབས་ཞེ་ན། མི་མཚུངས་ཏེ། ཕ་རོལ་པོ་དེས་སྤྲོས་བྲལ་གྱི་ཚེ་ཡང་ཡོད་པའི་དགེ་བ་ཁས་བླངས་པས། དེའི་ཚེའང་ཀུན་རྫོབ་ཀྱི་སྤྲོས་པ་ཁས་བླངས་པས། ངན་འགྲོར་འགྲོ་བ་དང༌། བདེ་འགྲོར་འགྲོ་བ་ཡང་ཁས་བླངས་པའི་ཕྱིར་དང༌། ཁོ་བོ་ཅག་ནི་སྤྲོས་བྲལ་གྱི་ཚེ་སྤྲོས་པ་གང་ཡང་ཁས་མི་ལེན་པའི་ཕྱིར་རོ། །ལན་གསུམ་པ་ནི། ཆོས་དབྱིངས་དེ་ཡོད་པའི་དགེ་བ་ཞེས་བྱ་བ་དང༌། བདེ་བར་གཤེགས་པའི་སྙིང་པོ་དངོས་ཡིན་ན། ལས་ཉོན་གྱི་དབང་གིས་འཁོར་བར་འགྲོ་བའི་སེམས་ཅན་མི་སྲིད་པར་འགྱུར་ཏེ། དེ་ཡིན་ན་དེའི་སྙིང་པོ་ཅན་ཡིན་དགོས། སྙིང་པོ་ཡིན་ན་ཤེས་སྒྲིབ་ལ་ལྟོས་པའི་གློ་བུར་རྣམ་དག་གི་ཆོས་སྐུ་ཡིན་དགོས་པས་སོ། །ཞེས་བྱ་བ་འདི་དག་ངེས་སོ། །ཅི་ནས་ཆོས་དབྱིངས་སྙིང་པོ་ཉིད་ཡིན་པའང་ཐལ་བར་འགྱུར་ཏེ། ཆོས་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། ཆོས་ཀུན་ཀྱང་སྙིང་པོ་ཡིན་པར་ཐལ་བར་འགྱུར། དེ་ལྟ་ཡིན་ན་ཆོས་རྣམས་ཀུན། །མ་འོངས་རྫོགས་སངས་རྒྱ་བར་འགྱུར། །ཞེས་ཀྱང་སྦྱར་རོ། །གསུམ་པ་འཕྲོས་པའི་དོན་ནི། དབུ་མའི་གནས་སྐབས་ཀྱི་རང་ལུགས་སུ། གཞི་གྲུབ་ཚད་དོན་དམ་པའི་བདེན་པ་ཡིན་པ་དང༌། ཀུན་རྫོབ་ཚད་མས་མི་འགྲུབ་པ་དང༌། མཐར་ཐུག་དོན་དམ་པའི་བདེན་པ་ཉིད་ཀྱང་ཁས་མི་ལེན་པའི་ཚུལ་ནི། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ན་ཇི་ལྟར་གསལ་བ་བཞིན། མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང༌། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས་གཉིས་ན་གསལ་བ་ཡིན་ཏེ། གསུང་རབ་དེ་དག་ན་ཀུན་རྫོབ་འཁྲུལ་སྣང་གི་ཆ་ཁོ་ན་ལ་འཇོག་པ་དང༌། དོན་དམ་ཡེ་ཤེས་ཁོ་ནའི་ཡུལ་ལ་འཇོག་པའི་གནས་སྐབས་གཅིག་དང༌། མཐར་དོན་དམ་པའི་བདེན་པ་བློའི་ཡུལ་ལས་འདས་ཤིང༌། ཡོད་མེད་ལ་སོགས་པའི་སྤྲོས་པ་དང་བྲལ་བར་འཇོག་པའི་གནས་སྐབས་གཉིས་དམིགས་པས་སོ། །གསུམ་པ་ཞར་ལ་འདི་ཡང་བཤད་པར་བྱ་ཏེ། ཡོད་ན་ཆོས་དབྱིངས་ཡིན་པས་ཁྱབ་པ་འདི་ངོ་བོ་ཉིད་མེད་པར་སྨྲ་བ་ཁོ་ནའི་ལུགས་སམ་ཞེ་ན། དེ་ཁོ་ནར་མ་ཟད། སེམས་ཙམ་རྣམ་རྫུན་པར་གྲགས་པ་དེའི་ཡང་མཐར་ཐུག་གི་ལུགས་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་རྒྱན་དང༌། དབུས་མཐའ་གཉིས་ཀ་ལས་འབྱུང་བས་སོ། །དེ་ཡང་ལུགས་དེ་ལ་ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་ཁ་ཚོན་ཆོད་ཅིང༌། ཀུན་བཏགས་ཡིན་ན་རང་གི་མཚན་ཉིད་ཡོད་པ་མ་ཡིན་དགོས་པ་ནི་ཤེས་པར་སླ་ལ། གཞན་དབང་ནི་གཉིས་སྣང་འཁྲུལ་པའི་ཆ་དང༌། མྱོང་བ་གསལ་རིག་གི་ཆ་གཉིས་སུ་ཁ་ཚོན་ཆོད། དང་པོ་ལ་ནི། འཛིན་པ་ཀུན་བཏགས་ཞེས་བྱ་ལ། གཉིས་པ་ནི། ཡོངས་གྲུབ་ཀྱི་ནང་དུ་འདུས་པས། དེའི་ཕྱིར། ཡོངས་གྲུབ་ལས་ལོགས་སུ་གཞན་དབང་ཡོད་པ་མ་ཡིན་པར་ཐེག་བསྡུས་ལ་བཤད་པ་བཞིན་ནོ། །འོ་ན། ལུགས་དེ་ལ་ཆོས་དབྱིངས་དགེ་སོགས་གསུམ་པོ་གང་ཡང་མིན་པར་འཆད་ནུས་སམ་ཞེ་ན། དེ་ལ་དེ་ལྟར་མི་ནུས་ཏེ། ལུགས་དེ་ལ་ཡོངས་གྲུབ་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་པར་ཐེག་བསྡུས་ལས་གསལ་བར་གསུངས་པའི་ཕྱིར། འོ་ན་ལུགས་དེ་ལ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། སྡིག་པ་དང་ལུང་མ་བསྟན་ཡང་དགེ་བར་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེར་ཀུན་རྫོབ་གང་ཡིན་ཡོད་པ་མ་ཡིན་པས་སོ། །དེ་ནས་འོ་ན་ཆོས་དབྱིངས་དགེ་བར་ཁས་ལེན་མི་ལེན་གྱི་གནས་སྐབས་ཇི་ལྟ་བུ་ཞེ་ན། ཉན་ཐོས་སྡེ་པས་ལྷག་མེད་ཀྱི་མྱང་འདས་དགེ་བར་འདོད་ཀྱང༌། ཐེག་ཆེན་པས་བཅལ་བ་ན་རིག་པ་རྒྱུན་ཆད་ཅིང་དགེ་བའི་རྩ་བ་ཟད་པས། སྡིག་པ་མེད་ཙམ་མ་གཏོགས་དགེ་བའི་མཚན་ཉིད་མ་ཚང༌། རྣལ་འབྱོར་སྤྱོད་པའི་གཞུང་ན་དེ་བཞིན་ཉིད་དང་ཆོས་ཉིད་དགེ་བར་བཤད་ཅིང༌། དེ་ཡང་མཚན་ཉིད་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བ་དང༌། མཚན་གཞི་ཡང་གཟུང་འཛིན་གཉིས་ཀྱིས་སྟོང་པའི་གསལ་རིག་ལ་འདོད་ཅིང༌། ཐེག་པ་གསུམ་ཀའི་མྱང་འདས་ཀྱི་ངོ་བོ་ཡང་དེ་ལས་གཞན་མེད་ལ། གནས་སྐབས་དེ་ན་མི་ཟད་པ་བརྒྱད་ཅུ་ལྟ་བུ་དགེ་བའི་རྩ་བ་གང་ཡོད་ཐམས་ཅད་ཀྱང་དེའི་ངོ་བོར་ཡོད་དགོས་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ན་གཉིས་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཡེ་ཤེས་ཀྱི་ཆ་ནས་འཇོག་པ་དང༌། མེད་དགག་གི་ཆ་ལ་འཇོག་པ་གཉིས་ལས། དང་པོ་ནི། དེ་བཞིན་ཉིད་མཚན་ཉིད། བྱང་ཆུབ་ཅེས་པའི་འགྲེལ་པར་སེང་གེ་བཟང་པོས་བཤད་པ་ལྟར། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱི་གཞུང་དང༌། རྒྱུད་བླའི་བསྟན་བཅོས་རྩ་འགྲེལ་དང༌། ཆོས་དབྱིངས་བསྟོད་པ་དང༌། བྱང་ཆུབ་སེམས་འགྲེལ་དང༌། རྗེ་བཙུན་གྱི་དག་ལྗོན་གཉིས་ན་བཤད་པ་ཤིན་ཏུ་མང་ཞིང༌། ཆོས་དབྱིངས་ཡེ་ཤེས་ཞེས་པའང་དེ་ཉིད་དོ། །འཁོར་ལོ་སྡོམ་པ་དང༌། དགྱེས་པ་རྡོ་རྗེ་དང༌། གསང་བ་འདུས་པ་སོགས་ངེས་དོན་གྱི་སངས་རྒྱས་རྣམས་ཆོས་དབྱིངས་དང་དགེ་བའི་གཞི་མཐུན་དུ་ཁས་མ་བླངས་ན། དོན་དམ་ཆོས་སྐུའི་རྣམ་གཞག་ཐམས་ཅད་ཉམས་པར་འགྱུར་རོ། །དེ་ལྟ་ན་ཡང༌། དེ་དག་བསྔོ་རྒྱུའི་དགེ་བ་ནི་མ་ཡིན་ཏེ། བསྔོ་བས་མི་འགྱུར་བའི་ཕྱིར་དང༌། བསྔོས་མ་བསྔོས་ལ་ཁྱད་པར་མེད་པའི་ཕྱིར། རང་བཞིན་དུ་གནས་པའི་རིགས་བཞིན་ནོ། །དེ་བཞིན་ཉིད་ཀྱི་འཆད་ཚུལ་གཉིས་པ་ནི། སྤྲོས་པའི་མཐའ་ཐམས་ཅད་བཀག་ཙམ་གྱི་མེད་པར་དགག་པ་དེ་ཉིད་ཀུན་ལ་གྲགས་ཤིང༌། དེ་དགེ་བ་ཡིན་པ་ནི། རིན་ཆེན་ཕྲེང་བ་དང༌། བྱང་ཆུབ་སེམས་འགྲེལ་གཉིས་ལས་དངོས་སུ་བཀག་ཅིང༌། བསྟན་བཅོས་འདིར་སྤྱིར་དགེ་བ་དང༌། བྱེ་བྲག་ཏུ་བསྔོ་རྒྱུ་ཡིན་པ་བཀག་པ་ཡང་དེ་ཉིད་ཡིན་པར། དེ་ནི་སྤྲོས་བྲལ་ཡིན་ཕྱིར་རོ། །ཞེས་གཞུང་ཉིད་ན་གསལ་ཞིང༌། ཕྱོགས་སྔ་མ་ལ་ཡང་དེ་བཞིན་ཉིད་ཀྱི་འཆད་ཚུལ་མེད་དགག་དེ་ལས་གཞན་མེད་དོ། །ཇི་སྐད་དུ། མངོན་པའི་གཞུང་ལས་ཉན་ཐོས་རྣམས། །དེ་བཞིན་ཉིད་ལ་དགེ་བ་ཞེས། །ཞེས་སོགས་གསུང་པའང་ཀུན་ལས་བཏུས་དང་པོ་མདོ་སྡེ་པའི་རང་གཞུང་དུ་འཆད་པའི་ལུང་ཡིན་གྱི། རྣལ་འབྱོར་སྤྱོད་པ་བའི་ལུགས་ཀྱི་དེ་དེར་འཆད་ན། ངོ་བོ་ཉིད་སྐུ་དང༌། འགོག་པའི་བདེན་པ་མཐའ་དག་ཀྱང་ལུང་མ་བསྟན་ཡིན་པ་དེར་འགྱུར་ལ། སངས་རྒྱས་དང་དམ་པའི་ཆོས་ཀྱི་གཙོ་བོ་གནས་སྐབས་དགེ་བར་མ་བཤད་ན་ནོངས་པར་འགྱུར་རོ། །སྨྲས་པ། ཁོ་བོས་རྣམ་བཏགས་དྲི་བ་འདི། །མཁས་དང་མཁས་པའི་མིན་པ་རྣམས། །ལྕི་ཡང་འཇལ་བའི་སྲང་ཡིན་ཕྱིར། །སྨྲ་བ་མང་ཉུང་འཚམས་ན་མཛེས། །གསུམ་པ་དཀའ་གནས་ཆུང་བའི་དྲི་བ་ནི། ཇི་སྐད་དུ། ཡོད་པ་ཉིད་ལ་མི་རྟག་པས། །ཁྱབ་པར་ཆོས་ཀྱི་གྲགས་པས་གསུངས། །ཡོད་པ་ཙམ་ལ་དེ་ཁྱབ་པ། །རིག་པའི་གཞུང་ལུགས་གང་གིས་སྟོན། །ཞེས་བྱ་བ་འདི་ལ་དྲི་བ་དང་ལན་ནོ། །དང་པོ་ལ། དྲི་བའི་རྒྱུ་མཚན་ནི། ཡོད་ཙམ་དང༌། དངོས་པོ་ཙམ་ལ་མི་རྟག་པས་ཁྱབ་པ་སྒྲ་ཇི་བཞིན་དུ་ཁས་བླངས་ན། སྡེ་བདུན་མཛད་པ་ལ་འགལ་འདུ་འབྱུང་སྟེ། རྣམ་འགྲེལ་ངེས་གཉིས་ཀའི་འགྱུར་སྔ་ཕྱི་ལས་དངོས་པོའི་ཁྱད་པར་ཙམ་དུ་ནི། ཞེས་དང༌། ཡོད་པའི་ཁྱད་པར་ཙམ་དུ་ནི། །བསྒྲུབ་བྱ་སྤྱིའི་ཆོས་ཅན་ལ། །དོན་འགའ་ཞིག་ཀྱང་འགྲུབ་མི་འགྱུར། །དེ་འདྲ་བ་ཡང་བཀག་པ་མེད། །ཅེས་དང༌། མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །ཞེས་བཤད་ལ། དེའི་ཚེ། ཇི་སྐད་དུ། རྣམ་པར་ངེས་པ་ལས། དགག་པ་གཉིས་ཀྱི་རྣལ་མ་གོ་བར་བྱེད་དོ། །ཞེས་བཤད་པས། མེད་པ་མ་ཡིན་ན། ཡོད་ཙམ་དང༌། དངོས་པོ་ཙམ་ཡིན་དགོས་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང་མེད་པ་མ་ཡིན་ཞེས་པ་སེལ་ངོར་མེད་པ་མ་ཡིན་པ་ལ་བཤད་དགོས་སོ། །གཉིས་པ་དྲིས་པའི་དགོས་པ་ནི། རྣམ་འགྲེལ་མཛད་པའི་གཞུང་ལུགས་ལ། དངོས་པོ་དང་ཡོད་པ་མིང་གི་རྣམ་གྲངས་ཡིན་པ་དང༌། གཉིས་པོ་སྒྲ་ཡངས་ན་ཡངས་མཉམ་དང༌། དོག་ན་དོག་མཉམ་ཡིན་པར་གོ་བ་དང༌། ཡོད་ཙམ་དང༌། ཡོད་ཉིད་ཀྱི་ཤན་ཕྱེད་པ་དང༌། ཡོད་ཉིད་ལ་ཡང་ཡོད་ཉིད་ཙམ་དང༌། ཡོད་ཉིད་ཁྱད་པར་ཅན་གྱི་ཤན་ཕྱེད་པའི་དགོས་པ་ཡོད་དོ། །མ་དྲིས་ན་སྐྱོན་ཡོད་པ་ནི། གཙོ་བོའི་སྒྲ་དོན་ཆོས་ཅན། མི་རྟག་པར་ཐལ། ཡོད་ཙམ་ཡིན་པའི་ཕྱིར་ཏེ། སེལ་ངོར་ཡོད་པའི་ཕྱིར་ཞེས་དང༌། མེད་པ་མ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་འཇུག དེ་སྐད་དུ་ཡང༌། དེ་ཡང་སྒྲ་འཇུག་པ་ཉིད་ལས། །ཡོད་ཅེས་ཐ་སྙད་བརྟེན་པར་འདོད། །ཞེས་བཤད་པས་སོ། །གཉིས་པ་ལན་ལ། དངོས་ལེན་གདབ་པ་དང༌། མཐའ་དཔྱད་པའོ། །དང་པོ་ནི། འདི་ལྟར། ཆོས་ཉིད་ཡོད་པ་མ་ཡིན་ཏེ། །ཡོད་ཉིད་ཙམ་ལ་མི་རྟག་པས། །ཁྱབ་པར་ཆོས་ཀྱི་གྲགས་པས་གསུངས། །ཞེས་བྱའོ། །གཉིས་པ་ནི། དེ་ལྟར་འདོན་དགོས་པའི་རྒྱུ་མཚན་ཡང་ཡོད་ཉིད་བཞིན། ཞེས་དང༌། ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད། །ཅེས་སོ། །ལ་ལ་དག་གི་བསམ་པ་ལ། །ཡོད་པ་ཙམ་དང་འབྲེལ་པ་ཡིས། །ཞེས་དང༌། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཞེས་བཤད་པས་ཡོད་ཙམ་རྟགས་སུ་འགོད་དགོས་པར་གསལ་ལོ། །སྙམ་ན་མ་ཡིན་ཏེ། དེར་ཙམ་ཞེས་པ་འབྲེལ་ཡུལ་ཡིན་གྱི། འབྲེལ་པོ་ལ་འཆད་རྒྱུ་མ་ཡིན་པ་དང༌། རྟགས་བསྒྲུབ་བྱའི་ཆོས་ལ་ཕར་འབྲེལ་བར་འཆད་དགོས་ཀྱི། ཅིག་ཤོས་ཚུལ་འབྲེལ་བར་འཆད་པའི་སྐབས་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཡོད་ཙམ་ལ་མི་རྟག་པས་ཁྱབ་པའི་སྒྲས་ཟིན་གྱི་སྲུང་ཚོལ་དགོས་ན། ཇི་སྐད་དུ། དངོས་པོ་ཙམ་ནི་བསྒྲུབ་པ་ན། །ཞེས་པ་དེ་འདྲེན་དགོས་ལ། དེ་ཡང་སྒྲ་ཇི་བཞིན་པ་མ་ཡིན་ཏེ། དེ་ལྟར་ན། དེ་འདྲ་བ་ཡང་བཀག་པ་མེད། །ཅེས་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཞེས་སོགས་སུ་གྲངས་ཅན་གྱིས་ཡོད་པ་ཉིད་ཅེས་བྱ་བ་ཁྱོད་ལ་རྟགས་སུ་རུང་ན། ངེད་ལ་བསྒྲུབ་བྱའི་ཆོས་སུ་ཡང་རུང་བར་མཚུངས་སོ། །ཞེས་ཟེར་བ་ལ་མི་མཚུངས་ཏེ། གྲངས་ཅན་གྱི་སྨྲས་ཙམ་ལ་ནི་ཁྱད་པར་ལྔ་ལྡན་གྱི་གཙོ་བོ་ཆོས་ཅན་དུ་བཟུང་ནས་ཡོད་དེ། ཁྱད་པར་རྣམས་རྗེས་སུ་འགྲོ་བའི་ཕྱིར། ཞེས་གཏན་ཚིགས་ལྔ་བཀོད་པ་དེའི་ཚེ། ཡོད་ཙམ་བསྒྲུབ་བྱའི་ཆོས་སུ་བཟུང་བའི་ཡིན་གྱི། ཡོད་ཉིད་དེར་མ་བཟུང༌། ཞེ་འདོད་ལ་ནི། ཁྱད་པར་ལྔ་པོ་ཉིད་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་བཟུང་ནས་ཡོད་པར་བསྒྲུབས་པ་ཡིན་པས། སྨྲས་ཙམ་ལ་ཞེ་འདོད་དང་དཔག་འདོད་གཉིས་ཀ་མེད། ཞེ་འདོད་ཀྱི་བསྒྲུབ་བྱ་དེ་བསྒྲུབ་པ་ལ་གཏན་ཚིགས་ཡང་དག་མི་སྲིད་ལ། སངས་རྒྱས་པ་ལྟར་ན་སྒྲ་འཇིག་པར་བསྒྲུབ་པ་ལ་ཡོད་ཉིད་ཀྱི་ཁྱད་པར་གང་ཡང་རྟགས་སུ་མི་འགོད་ཀྱི། ཡོད་ཉིད་ཙམ་པོ་རྟགས་སུ་འགོད་ལ། དེའི་ཚེ་ཚུལ་གསུམ་ཚང་བས་སོ་ཞེས་འཆད་པ་ཡིན་ནོ། །མདོར་ན་སངས་རྒྱས་པས་ནི་ཞེ་འདོད་དང༌། སྨྲས་ཙམ་གཉིས་ཀ་ལ་ཡོད་ཉིད་ཙམ་རྟགས་སུ་བཀོད་ལ། གྲངས་ཅན་གྱིས་ནི་ཁ་ཙམ་དུ་ནི་ཡོད་ཙམ་ཆོས་སུ་བྱས་ལ། ཞེ་འདོད་ལ་ནི་ཁྱད་པར་ལྔ་ལྡན་དུ་ཡོད་པ་བསྒྲུབ་བྱའི་ཆོས་སུ་བྱས་པས་མི་མཚུངས་པ་ཡིན་ནོ། །དོན་དེ་དག་གི་ཤེས་བྱེད་ཀྱང་ལེགས་པར་བཤད་ན། ཉིད་ཅེས་བྱ་བའི་སྒྲ་དོན་ནི་གཉིས་ཏེ། དངོས་པོའི་རྐྱེན་དུ་སྦྱར་བ་དང༌། ངེས་བཟུང་གི་ཚིག་ཏུ་བྱས་པའོ། །དང་པོ་ནི། དེ་བཞིན་ཉིད་དང༌། དེ་ཁོ་ན་ཉིད་དང༌། དངོས་པོ་ཉིད་ཅེས་བྱ་བ་ལྟ་བུའོ། །གཉིས་པ་ནི། ཇི་སྐད་དུ། དང་པོ་རང་ལ་བུ་གཉིས་སྐྱེ་འགྱུར་ཏེ། །ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་ན་སེམས་ཙམ་པའི་སྐབས་སུ། དེ་བཞིན་ཉིད་ལ་སོགས་པ་ལ་ཡང་དངོས་པོས་ཁྱབ་པ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་སུ་འདུས་མ་བྱས་ཀྱི་དངོས་པོ་བརྒྱད་པོ་དེ་དག་ལ་བདེན་གྲུབ་དང༌། དོན་དམ་པས་ཁྱབ་པར་བཤད་པའི་ཕྱིར་རོ། །འོ་ན། དངོས་པོ་ཙམ་དང་དངོས་པོ་ཉིད་ལ་ཁྱད་པར་ཅི་ཞེ་ན། དང་པོ་ནི། སེལ་ངོའི་དངོས་པོ་ལ་བྱ་ལ། གཉིས་པ་ནི། སྣང་ངོའི་དངོས་པོ་ལ་བྱའོ། །ཞེས་བྱ་བ་འདིས་ནི་དྲི་བ་གསུམ་གྱི་ལན་མཚོན་བྱེད་ཙམ་ཞིག་བཏབ་པའོ། །ཨེ་མ་ཧོ། སྡེ་སྣོད་གསུམ་གྱི་གཞུང་དོན་མ་བསླབ་པར། །དག་ལྗོན་སྐོར་གསུམ་ཐང་ལན་འགའ་ཀླགས་པས། །རྗེ་བཙུན་གསུམ་གྱི་གཞུང་ལུགས་ཤེས་རློམ་ནས། །སྡོམ་གསུམ་བསྟན་བཅོས་འཆད་པ་གད་མོའི་གནས། །དེ་ནས་གཞུང་ལུགས་ཇི་བཞིན་ཤེས་བྱའི་ཕྱིར། །དཔྱོད་ལྡན་འགའ་ཡིས་ཚུལ་བཞིན་དྲིས་པ་ན། །ལེགས་པར་སྦྱོང་ལ་བཏབ་བཏོབ་མིན་པར་སྨྲོས། །སྨྲ་པོའི་བློ་གྲོས་གོང་ནས་གོང་འཕེལ་ཞིང༌། །མཁས་པའི་གཞུང་ལུགས་མང་པོའི་བརྟེན་བྱར་འགྱུར། །མི་མཁས་བཞིན་དུ་མང་པོས་བསྐུར་བ་ཡིས། །མེས་པོར་རློམ་རྣམས་སྨྲ་བ་རན་ན་བརྗིད། །ཇི་བཞིན་ཤེས་ན་མང་པོར་སྨྲས་པས་ཆོག །མཁས་རྣམས་མགུ་ཞིང་སློབ་མའི་བློ་གྲོས་འཕེལ། །ཞེས་ཐུབ་བསྟན་གསེར་མདོག་ཅན་གྱི་གཙུག་ལག་ཁང་ཆེན་པོ་ནས་མགྱོགས་པར་བྲིས་པའོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*