ཕྱག་རྒྱ་ཆེན་པོ་གསལ་བར་བྱེད་པའི་བསྟན་བཅོས་ཚངས་པའི་འཁོར་ལོ།

༼ཙ༽༄༅། །ཕྱག་རྒྱ་ཆེན་པོ་གསལ་བར་བྱེད་པའི་བསྟན་བཅོས་ཚངས་པའི་འཁོར་ལོས་གཞན་བློའི་དྲེགས་པ་ཉམས་བྱེད་ཅེས་བྱ་བ་བཞུགས་སོ།།

སྭསྟི། དགེ་ལེགས་སུ་བགྱི་བ་གྲུབ་པར་གྱུར་ཅིག ཕྱག་རྒྱ་ཆེན་པོ་གསལ་བར་བྱེད་པའི་བསྟན་བཅོས་ཚངས་པའི་འཁོར་ལོས་གཞན་བློའི་དྲེགས་པ་ཉམས་བྱེད་ཅེས་བྱ་བ། རང་བཞིན་རྣམ་དག་རྫོགས་སངས་རྒྱས་ཀྱི་བློ། །གློ་བུར་དྲི་མའི་ཚོགས་དང་མ་འདྲེས་པ། །དུས་རྣམས་རྟག་ཏུ་ཀུན་ལ་བཞུགས་གྱུར་པ། །གཡོ་མེད་ཕྱག་རྒྱ་ཆེ་ལ་ཕྱག་འཚལ་ནས། །དེ་ཡིས་རང་བཞིན་གསལ་བར་རྟོགས་དཀའ་བ། །བརྗོད་དང་རྟོག་པའི་ཡུལ་ལས་འདས་གྱུར་ཀྱང༌། །མཛུབ་མོས་ནམ་མཁའ་མཚོན་པ་ཇི་བཞིན་དུ། །ཕྱོགས་ཙམ་བརྗོད་ལ་དེང་འདིར་སྤྲོ་བ་སྐྱེས། །སངས་རྒྱས་དང་ནི་སེམས་ཅན་དང༌། །སྲིད་དང་མྱ་ངན་འདས་པ་དང༌། །སྔགས་དང་ཕ་རོལ་ཕྱིན་པ་དང༌། །གྲུབ་མཐའ་ཀུན་ལ་ཐུན་མོང་དུ། །བཞུགས་ཀྱང་བརྡའ་འཕྲོད་ཆེས་དཀའ་བས། །སེམས་ཀྱི་རང་བཞིན་འོད་གསལ་ལ། །ཕྱག་རྒྱ་ཆེན་པོའི་མཚན་གསོལ་ནས། །གངས་ཅན་ལྗོངས་སུ་ཆེར་གྲགས་པ། །དེ་ཉིད་མདོ་ཙམ་གསལ་བ་བྱ། །དེ་ལྟར་མཆོད་པ་བརྗོད་པ་དང༌། །རྩོམ་པར་དམ་བཅའ་སྔོན་བཏང་ནས། །ཟླ་འོད་གཞོན་ནུའི་རང་རྩལ་གྱིས། །བཏོན་པའི་ཕྱག་རྒྱ་ཆེན་པོ་ལ། །རྣམ་གཞག་རྒྱས་པར་བཤད་པ་དང༌། །ངོས་འཛིན་བསྡུས་ཏེ་བསྟན་པ་དང༌། །མཉམ་པར་འཇོག་ལུགས་གསལ་པོ་དང༌། །བརྒལ་ལན་ཕྱེ་སྟེ་བཤད་པའོ། །དང་པོར་བཤད་བྱ་གང་ཡིན་པ། །རྣམ་པར་ཕྱེ་སྟེ་མ་བཤད་ན། །གཞན་གྱི་ཀླན་ཀ་མ་བཟོད་པའི། །ཅལ་ཅོལ་དབྱངས་སུ་ལེན་པ་མཐོང༌། །སྤྱིར་ནི་རྣལ་འབྱོར་རྒྱུད་གཞུང་ལས། །དེར་བཤད་དེ་དང་བླ་མེད་ལས། །གང་བཤད་རྣམ་གྲངས་མང་པོ་དང༌། །ཕ་རོལ་ཕྱིན་པའི་ངེས་དོན་དུ། །བཤད་པ་ཀུན་ལ་ཁྱབ་གྱུར་པའི། །སེམས་ཀྱི་རང་བཞིན་འོད་གསལ་ལ། །དུས་འདིར་ཕྱག་རྒྱ་ཆེ་ཞེས་གསུང༌། །དེ་ཕྱིར་ཕྱོགས་སུ་ཆད་པ་མེད། །འདི་དོན་རྟོགས་ནས་ཕར་ཕྱིན་དང༌། །སྔགས་ནས་གསུངས་པའི་ངེས་དོན་གྱི། །རྟོགས་བྱེད་ཐབས་ལམ་སོ་སོ་བ། །གང་དུ་ཞུགས་ཀྱང་མཆོག་ཉིད་འགྱུར། །བཤད་པའི་སྲོལ་རྣམས་སོ་སོ་བ། །དེར་མ་ཞུགས་ཀྱང་འདི་ཁོ་ན། །གཅིག་པུས་སོ་སོ་རང་རིག་པའི། །ཡེ་ཤེས་མཐོང་བའི་ལམ་ཉིད་འཐོབ། །བསོད་ནམས་ཚོགས་ཚུལ་ལོགས་ཤིག་ཏུ། །རྣམ་པར་གཞག་ནས་ལྟ་བ་འདི། །ཁོ་ན་རྟོགས་པའི་ཡན་ལག་ཏུ། །སྦྱོར་དང་སྔོན་འགྲོ་གཞན་མི་དགོས། །ཅི་ཕྱིར་ཞེ་ན་ལྟ་བ་འདི། །ཚིག་ཏུ་བརྗོད་པ་སྤངས་པའི་ཕྱིར། །ཐོས་བསམ་དང་ནི་འཇིག་རྟེན་པའི། །སྒོམ་བྱུང་བློ་ཡིས་དེ་མ་འཇལ། །གལ་ཏེ་གང་གིས་རྟོགས་ཤེ་ན། །སྔ་མའི་ལས་འཕྲོ་བདག་པོའི་རྐྱེན། །བླ་མར་མོས་པའི་དམིགས་རྐྱེན་དང༌། །ཤེས་རིག་སྔ་མའི་ཉེར་ལེན་ལས། །དེ་མ་ཐག་པའི་མངོན་སུམ་འབྱུང༌། །དེ་ཕྱིར་འདི་ལ་ཚོགས་ལམ་དུ། །ཐོས་བསམ་བྱེད་དང་སྦྱོར་ལམ་དུ། །དོན་སྤྱི་ཙམ་ཞིག་མཐོང་ཞེས་པའི། །དབྱེ་བ་མཛད་པ་མ་ཡིན་ནོ། །མངོན་སུམ་མཐོང་བའི་འཕགས་ལམ་ལ། །དབྱེ་བ་མེད་པ་ཉིད་དགོངས་ནས། །ས་ལམ་དབྱེ་བ་མེད་གསུངས་མོད། །ཐབས་ལ་སྐུར་འདེབས་མ་ཡིན་ནོ། །ཟླ་འོད་གཞོན་ནུས་གང་མཁྱེན་པའི། །ལྟ་བ་ཚོགས་སུ་འཆད་པ་ན། །ཐོག་མར་སྤྲོས་པ་གཅོད་པའི་ཚུལ། །ཀླུ་སྒྲུབ་གཞུང་བཞིན་འཆད་མི་བཞེད། །གཟུང་འཛིན་རྟོག་པ་འགོག་པའི་ཚུལ། །ཐོགས་མེད་གཞུང་བཞིན་འཆད་མི་དགོས། །ངེས་དོན་རང་རིག་རང་གསལ་ལ། །ཉམས་མྱོང་ཚད་དུ་མ་འཁྱོལ་ན། །སྔགས་ལས་ཕྱག་རྒྱ་ཆེ་རྟོགས་པ། །གོལ་ས་ཉིད་དུ་ལྷུང་བར་དོགས། །དེ་བས་ཀུན་ལ་ཁྱབ་བྱེད་དུ། །འཇུག་པའི་ཕྱག་རྒྱ་ཆེན་པོ་ནི། །སྔ་མ་བཞིན་དུ་རྟོགས་བྱས་ནས། །དེ་ལ་རྟོགས་པ་བརྟན་མི་བརྟན། །བརྟག་པར་བྱ་སྟེ་མི་བརྟན་ན། །ཤིང་རྟའི་སྲོལ་གཉིས་ལས་བྱུང་བའི། །གཟུང་འཛིན་སྤྲོས་པ་འགོག་པའི་ཚུལ། །གོམས་པར་བྱས་ཀྱང་མི་འགལ་མོད། །བརྩོན་འགྲུས་ཅན་གྱིས་སྔར་རྟོགས་པ། །དེ་ཉིད་སྤོང་བའི་འདུ་བྱེད་ཀྱིས། །ཚུལ་བཞིན་གོམས་པར་བྱེད་པ་དང༌། །རྗེ་ཐོབ་རྟེན་འབྲེལ་སྣ་ཚོགས་པ། །སྣང་ལ་རྣམ་པར་རྟོག་པ་ཡིས། །འཛིན་མེད་ཉིད་དུ་གོམས་བྱེད་པ། །དེ་ཉིད་ཆོས་འདིའི་གཙོ་བོར་འཆད། །སྔར་བཤད་རྟོགས་པ་བརྟན་གྱུར་ནས། །གསང་སྔགས་ལམ་གྱི་ཕྱག་རྒྱ་ཆེ། །རྟོགས་པའི་ཐབས་གང་ཡིན་པ་ལ། །འཇུག་པར་བྱའི་མི་བརྟན་པར། །ཞུགས་ན་ཉེས་པའི་ཚོགས་འཕེལ་བས། །བག་ཡོད་ཉིད་དུ་གདམས་པ་ཡིན། །ཟླ་འོད་གཞོན་ནུའི་ཕྱག་རྒྱ་ཆེ། །དཀར་པོ་ཆིག་ཐུབ་ཞེས་བྱ་བའི། །སྨན་དང་ལ་བར་བཤད་པ་དེ། །ངོས་འཛིན་ཚུལ་ལ་ལ་ལ་དག །གནས་ལུགས་དང་ནི་ཐབས་ལམ་ལས། །མངོན་འགྱུར་གཉིས་སུ་འབྱེད་ཅེས་ཟེར། །འདི་ནི་གཞན་དག་གིས་རྒོལ་བའི། །ཀླན་ཀ་མ་བཟོད་དབྱངས་སུ་བླངས། །ཅི་ཕྱིར་ཞེ་ན་ལུགས་དེ་ཡི། །ཕྱག་རྒྱ་ཆེ་ལ་སངས་རྒྱས་པའི། །ཆེན་པོ་གསུམ་གྱིས་མ་རེག་པས། །ཁྱད་པར་འཕགས་པ་ཡིན་ཞེས་གསུངས། །དེ་ལ་ཁ་ཅིག་འདི་སྙམ་དུ། །ཆེན་པོ་གསུམ་གྱིས་མ་རེག་པ། །ཁྱད་པར་མི་འཕགས་ཆོས་ཉིད་དུ། །འགྱུར་ཞེས་དོགས་པ་དེ་བསམ་བྱ། །རིགས་པས་དཔྱད་པའི་སྟོང་པ་ཉིད། །མེད་དགག་ནམ་མཁའ་ལྟ་བུ་ནི། །ཡུལ་དུ་བྱེད་པ་སྒྲ་རྟོག་ལས། །མ་འདས་ཕྱིར་ན་དེ་མི་རུང༌། །འདིར་བཤད་ཕྱག་རྒྱ་ཆེན་པོ་ནི། །མངོན་དུ་བྱེད་པ་སྔགས་ལམ་ལ། །ངེས་པར་ལྟོས་པ་མིན་ཕྱིར་ཡང༌། །སྔགས་ཀྱི་ཡེ་ཤེས་འདིར་མི་འཆད། །རྫོགས་པ་ཆེན་པོའི་ཡེ་ཤེས་ཀྱང༌། །མངོན་དུ་འགྱུར་བ་སྦྱོར་བ་དང༌། །སྟ་གོན་མང་པོས་བསྒྲུབས་པའི་ཕྱིར། །དེ་ཡང་འདིར་འཆད་མ་ཡིན་ནོ། །བློས་བྱས་སྤྲོས་པ་མང་པོ་ཡིས། །རྣམ་པར་གཡེང་ལ་མ་རེག་པར། །རྐྱེན་གསུམ་ཙམ་ལས་མངོན་འགྱུར་བའི། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི། །ཕར་ཕྱིན་འཁོར་ལོ་གསུམ་པ་ཡི། །ངེས་དོན་གཟུང་འཛིན་ལས་གྲོལ་བའི། །ཡེ་ཤེས་ཉིད་དུ་གང་བཤད་དང༌། །བླ་མེད་ཐེག་པའི་ཨེ་ཝཾ་དང༌། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང༌། །དགྱེས་པ་རྡོ་རྗེ་ལ་སོགས་པའི། །ངོ་བོ་ངོས་འཛིན་འདི་ལས་གཞན། །ཡོད་པ་མིན་ཡང་རང་རང་གི །ཐབས་ལས་མངོན་དུ་གྱུར་པ་ན། །མིང་འདོགས་གཞན་དང་གཞན་བྱས་སོ། །དེ་ཡང་སྒམ་པོ་པས་གསུངས་པ། །ང་ཡི་ཕྱག་རྒྱ་ཆེན་པོ་ཡི། །ངོས་འཛིན་རང་གི་རིག་པ་སྟེ། །གཞུང་ནི་རྒྱུད་བླའི་བསྟན་བཅོས་ཞེས། །གསུངས་པའི་དགོངས་པ་དཔྱད་པ་ན། །མངའ་བདག་རྒྱལ་སྲས་མཻ་ཏྲི་ལས། །བརྒྱུད་པ་དེའི་ངོས་འཛིན་ནི། །རྒྱུད་བླའི་གཞུང་དུ་གསལ་བ་དང༌། །དེ་གོམས་བྱས་པ་ལས་བྱུང་བའི། །ལམ་གྱི་རིམ་པ་ཆོས་དང་ནི། །ཆོས་ཉིད་རྣམ་པར་འབྱེད་པ་ཡི། །ལུང་ལས་རྟོགས་པར་བྱ་ཞེས་དགོངས། །རྒྱུད་བླར་བཤད་པ་གང་ཞེ་ན། །དྲི་མ་རྣམ་དགུས་བསྒྲིབས་པ་ཡི། །དཔེ་བསྟན་བདེ་གཤེགས་སྙིང་པོའི་ཁམས། །སེམས་ཀྱི་རང་བཞིན་འོད་གསལ་བ། །མཁའ་བཞིན་འགྱུར་བ་མེད་ལ་བཤད། །འདི་ནི་གཞི་དུས་མ་དག་དང༌། །ལམ་དུས་ཕྱོགས་གཅིག་དག་པ་དང༌། །འབྲས་དུས་ཐམས་ཅད་དག་པ་སྟེ། །གསུམ་པོ་འདི་ཡིས་མ་ཁྱབ་པའི། །ཆོས་གང་ཡོད་པ་མ་ཡིན་ནོ། །གསུམ་པོའི་རང་བཞིན་ཁྱད་མེད་ཀྱང༌། །གནས་སྐབས་གསུམ་དུ་ཕྱེ་བ་ནི། །འཁྲུལ་སྣང་བག་ཆགས་མ་དག་པའི། །འཇིག་རྟེན་ལྷན་ཅིག་སྐྱེས་བློ་ཡི། །སྣང་ཚུལ་དག་ལ་ལྟོས་ནས་ཕྱེ། །བདེ་གཤེགས་སྙིང་པོའི་ཁམས་གང་ལ། །ཕྱག་རྒྱ་ཆེན་པོར་མཚན་གསོལ་བ། །གང་འདི་དྲི་མའི་སྦྱང་གཞི་ལ། །སྦྱང་བྱའི་དྲི་མ་རྣམ་དགུ་པོ། །སྦྱོང་བྱེད་བདེ་གཤེགས་སྙིང་པོ་དེ། །རིག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྦྱང་འབྲས་གཙང་བདག་བདེ་སོགས་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྱུང༌། །ཡོན་ཏན་འདི་དག་རྗེས་མཐུན་པ། །གནས་སྐབས་མཐོང་བའི་ལམ་གནས་ཏེ། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བའི་བདག་མཐོང་ནས། །དེ་བཞིན་གཤེགས་སྙིང་མཐོང་བའི་ཕྱིར། །ཕྱག་རྒྱ་ཆེན་པོ་མཐོང་བར་བཤད། །རྟོགས་ཏེ་སླར་ལྡོག་སྲིད་པ་དང༌། །སླར་མི་ལྡོག་པའི་དབྱེ་བས་གཉིས། །རྒྱུད་སྡེ་དག་ལས་བཤད་པ་ལྟར། །མཐོང་བའི་ལམ་ལའང་རྣམ་གཉིས་སུ། །འཆད་ལ་འགལ་བ་ཡོད་མ་ཡིན། །དེ་ལྟར་རྟོགས་པའི་རྗེས་ཐོབ་ཏུ། །ཆོས་ཉིད་དག་ལ་འཇུག་པའི་ཚུལ། །རྣམ་པ་མང་པོ་གོམས་བྱེད་པའི། །རིམ་པ་དག་ལས་ཕྱེ་གྱུར་པའི། །ལམ་གྱི་རིམ་པ་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་དག་ཏུ་བཤད། །ཆོས་ཉིད་མངོན་སུམ་མཐོང་རྗེས་སུ། །མཚན་འཛིན་འགོག་པའི་རིམ་པ་ནི། །རྣམ་པ་མང་པོ་གོམས་བྱེད་པ། །ཕ་རོལ་ཕྱིན་པའི་ཐེག་པ་ལས། །བཤད་པ་དག་དང་འགལ་སྙམ་ན། །དེ་ལྟ་བུ་ནི་གསང་སྔགས་ལས། །བཤད་པ་ཤིན་ཏུ་མང་བ་སྟེ། །དབང་ལས་སྐྱེས་པའི་ཡེ་ཤེས་ལ། །བདག་ཏུ་རྟོག་པ་བཟློག་ཕྱིར་དུ། །སྐྱེས་བུ་སྔོན་རབ་དབང་ཕྱུག་དང༌། །ཞེས་སོགས་གསུངས་པ་དག་དང་ནི། །འཕགས་པ་སྤྱན་རས་གཟིགས་དབང་གིས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པའི་རྗེས་ཐོགས་སུ། །ཡེ་ཤེས་དེ་ཡང་དོན་དམ་དུ། །ཡོད་པ་མིན་པའི་རིག་པ་གསུངས། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པའི་ཚུལ་ཅན་ཤེས་འོག་ཏུ། །དེ་བཞིན་གཤེགས་སྙིང་མཐོང་བ་ལ། །རྗེས་ཐོབ་རིགས་པའི་ཚུལ་མང་པོར། །སློབ་མི་དགོས་པ་སྤྱོད་པའི་ཕྱོགས། །རྒྱ་ཆེན་པོ་ལ་འཇུག་པའི་ཚུལ། །བརྩོད་མཛད་མཚན་ཉིད་ཐེག་པའི་ལུགས། །གཉིས་པ་ངོས་འཛིན་བསྡུས་བཤད་པ། །ལུང་ལས་གསུངས་དང་སྒམ་པོ་པས། །ངོས་གཟུང་པ་དེ་གཅིག་གོ་ཞེས། །འཆད་པའི་ཚུལ་གྱིས་རྟོགས་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་པ་ལས། །སེམས་ལ་སེམས་ནི་མ་མཆིས་ཏེ། །སེམས་ཀྱི་རང་བཞིན་འོད་གསལ་ཞེས། །གསུངས་པ་དེ་དང་མངོན་པའི་མདོར། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་སོགས་གསུངས་དོན་འགྲེལ་པ་ན། །ཕུང་པོ་སྐྱེ་མཆེད་ཁམས་དབང་རྣམས། །སོགས་ནས་ཚུལ་མིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་པས་འཁོར་བའི་ཆོས་ཀུན་ཡང༌། །དེ་བཞིན་གཤེགས་སྙིང་ལས་བྱུང་ཕྱིར། །སེམས་ཅན་ཁམས་དང་སངས་རྒྱས་ཁམས། །ཐ་དད་ཡོད་མ་ཡིན་པ་ལ། །སྐབས་འདིར་ཕྱག་རྒྱ་ཆེར་འཆད་པའི། །ཤེས་བྱེད་ས་ར་ཧས་གསུངས་པ། །སེམས་ཉིད་གཅིག་པུ་ཀུན་གྱི་ནི། །ས་བོན་ཡིན་པའི་སྒྲུབ་བྱེད་དུ། །སྲིད་དང་མྱ་ངན་འདས་པ་ཡི། །དགེ་ལེགས་མ་ལུས་འབྱུང་བའི་ཕྱིར། །ཡིད་བཞིན་ནོར་བུ་འདྲ་བར་གསུངས། །དེའི་ཤེས་བྱེད་འདིར་འཆད་པ། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ། །འཁྲུལ་པས་གཟུང་བའི་རྣམ་ཤེས་དང༌། །འཁྲུལ་མེད་རྟོགས་པའི་ཡེ་ཤེས་སོ། །འཁྲུལ་པ་ལ་ཡང་ཆགས་སྡང་གིས། །ལས་སོག་པ་དང་དེ་མེད་པའི། །དགེ་བས་རྣམ་དཀར་ལས་བསགས་པ། །དེ་ལས་ངན་སོང་སྡུག་བསྔལ་དང༌། །མཐོ་རིས་གནས་ཀྱི་བདེ་བ་འབྱུང༌། །བདེ་སྡུག་ཚོགས་ཀྱི་ཕྱག་རྒྱ་ཆེ། །འཁོར་བའི་གནས་སུ་དྲངས་གྱུར་ཀྱང༌། །འཁོར་བའི་ཆོས་དང་དབྱེར་མེད་དུ། །འདྲེས་མི་སྲིད་ཕྱིར་ནམ་ཞིག་ཚེ། །འབྲལ་རུང་ཉིད་དུ་གནས་པའི་ཕྱིར། །སེམས་ཅན་ཁམས་ཀྱང་ཕྱག་རྒྱ་ཆེ། །ཁམས་དེར་འཁྲུལ་མེད་ཡེ་ཤེས་ནི། །གོམས་པས་བསྒོམ་པའི་སེམས་ཉིད་དང༌། །དབྱེར་མེད་ཉིད་དུ་འདྲེས་གྱུར་པས། །སངས་རྒྱས་ཁམས་ཀྱང་ཕྱག་རྒྱ་ཆེ། །དེ་ལྟར་ལུང་དང་རིགས་པ་ཡིས། །སེམས་ཅན་ཀུན་ལ་ཕྱག་རྒྱ་ཆེས། །རྒྱས་བཏབ་པར་ནི་ཤེས་གྱུར་མོད། །དེ་ཙམ་གྱིས་དེ་རྟོགས་པ་མིན། །རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པས་རྟོགས་བྱར་གསུངས་དེ་ཡིན། །སེམས་ལ་ཞེས་གསུངས་གཞི་དུས་ཀྱི། །ཡེ་ཤེས་ཉིད་ཡིན་སེམས་མ་མཆིས། །ཞེས་པ་རྣམ་ཤེས་ཚོགས་བརྒྱད་པ། །སེམས་ལས་བྱུང་བ་ཇི་སྙེད་དང༌། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས། །བསྒྲུབས་པ་མིན་ཡང་རྣམ་བྱང་གི །ཕྱོགས་ལ་ཞེན་པའི་རྟོག་པ་ཡང༌། །འོད་གསལ་བ་ལ་སྒྲིབ་བྱེད་དོ། །སྒྲིབ་བྱེད་དེ་དག་རང་རང་གི །ངོ་བོ་རང་རིག་རང་གསལ་བར། །གྱུར་པའི་ཚེ་ན་སྒྲིབ་བྱ་དང༌། །སྒྲིབ་བྱེད་གཉིས་སུ་དབྱེ་བ་མེད། །ཇི་སྲིད་སྒྲིབ་བྱ་སྒྲིབ་བྱེད་ཀྱི། །གཉིས་འཛིན་རྟོག་པ་ཡོད་དེ་སྲིད། །སྒྲིབ་བྱེད་ངོ་བོ་མ་ཤེས་པས། །འོད་གསལ་ཕྱོགས་རེར་ཞེན་པའི་ཕྱིར། །ཕྱག་རྒྱ་ཆེ་དེ་རྟོགས་པ་མེད། །རྒྱུད་ལས་འཆད་པོ་ཉན་པོ་དང༌། །འཁོར་དང་མྱ་ངན་འདས་པ་དང༌། །དངོས་དང་དངོས་པོ་མེད་པ་དང༌། །སངས་རྒྱས་སེམས་ཅན་ཀུན་དུ་ཞེས། །གསུངས་པ་རང་རིག་རང་གསལ་བ། །གཞི་ལམ་འབྲས་བུའི་རྒྱུད་གསུམ་དང༌། །ཆོས་དབྱིངས་ཡེ་ཤེས་འཁོར་བ་དང༌། །མྱ་ངན་འདས་པ་ཐམས་ཅད་དང༌། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི། །ཁམས་གྱུར་སོ་སོ་རང་རིག་པའི། །ཡེ་ཤེས་ཉིད་ཀྱིས་མྱོང་བྱ་བ། །དེ་ཡིས་གང་ལ་རྒྱས་གདབ་ཀྱང༌། །མི་ཐེབས་གྱུར་པ་ཡོད་མིན་པ། །དེ་ཕྱིར་འདི་ལ་ཕྱག་རྒྱ་ཆེའི། །མཚན་གསོལ་བ་ནི་བཤད་དང་འཇུག །གཉིས་ཀ་ཡོད་པའི་དངོས་མིང་སྟེ། །རྗེས་གྲུབ་ཉིད་དུ་སྦྱར་བ་དང༌། །དངོས་མིང་ཡིན་པ་མི་འགལ་ལོ། །འདི་དོན་རྗེ་བཙུན་བྱམས་པ་ཡི། །གཞུང་ན་ཆོས་དབྱིངས་མ་གཏོགས་པའི། །ཆོས་གཞན་ཡོད་པ་མིན་པ་དང༌། །ཆོས་དབྱིངས་དེ་ཡང་འཕགས་རྣམས་ཀྱི། །སོ་སོ་རང་རིག་གིས་མྱོང་བས། །སེམས་ཀྱི་རང་བཞིན་ཡིན་པ་དང༌། །རང་བཞིན་དེ་ལ་རིགས་ཚོགས་ཀྱིས། །རིགས་པས་ཇི་ཙམ་དཔྱད་གྱུར་ཀྱང༌། །དོན་དམ་ཉིད་ཕྱིར་རྒོལ་མི་ནུས། །དེ་ཕྱིར་ཆགས་སོགས་ཐམས་ཅད་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་གསུངས། །དེ་ཕྱིར་ཕྱག་རྒྱ་ཆེ་འདི་ཡི། །ལུང་ཁུངས་བྱམས་པའི་ཆོས་རྣམས་ནི། །རྗེས་འབྲང་བཅས་པ་དེ་ཡིན་ཕྱིར། །རིགས་ཚོགས་གཞུང་གིས་རྣམ་བརྟགས་པའི། །མེད་པར་དགག་ལ་དེར་མི་འཆད། །འོན་ཀྱང་དེ་ཡིས་དེར་བརྟགས་པའི། །ཤུལ་དུ་ལྷག་མ་ཉིད་གྱུར་པའི། །ངེས་པའི་དོན་ཞིག་མྱོང་གྱུར་ན། །དེར་ཡང་དེར་འདོགས་དཔེར་མཚོན་ན། །འཁོར་ལོ་བར་པ་ཆོས་རྣམས་ཀུན། །རང་སྟོང་ཉིད་དུ་བཤད་འོག་ཏུ། །འཁོར་ལོ་གསུམ་པར་དེས་སྟོང་པའི། །འགྱུར་བ་མེད་པའི་ཡོངས་གྲུབ་ཉིད། །ངེས་པའི་དོན་དུ་བཤད་དེ་བཞིན། །གཞན་ཡང་ཆུ་ཤིང་སྙིང་པོ་ནི། །རྩལ་བས་མ་རྙེད་གྱུར་མོད་ཀྱང༌། །ལོ་འདབ་རྒྱས་པའི་དབུས་ཞིག་ཏུ། །འབྲས་བུ་མངར་པོར་སྨིན་དེ་བཞིན། །གསུམ་པ་ཉམས་ལེན་གོམས་ཚུལ་ལ། །མཉམ་པར་བཞག་ཚེ་ཞི་གནས་དང༌། །མཉམ་རྗེས་གཉིས་ཀར་ལྷག་མཐོང་གི །སླར་ལྡོག་མེད་པར་སྐྱོད་ཚུལ་ལོ། །དང་པོར་མཐོང་བྱ་འོད་གསལ་དེ། །ཇི་སྲིད་རྟོག་པའི་ཡུལ་གྱུར་པ། །དེ་སྲིད་ཕྱག་རྒྱ་ཆེ་མ་མཐོང༌། །དོན་སྤྱི་ཙམ་མཐོང་འདིར་མི་བཞེད། །དེའི་ཕྱིར་མངོན་སུམ་གང་མཐོང་བ། །དེ་ལ་རྩེ་གཅིག་མཉམ་བཞག་གནས། །དེའི་རྒྱུན་རྣམ་པར་མ་གཡེངས་པ། །དེ་ཚེ་ཞི་ལྷག་ཟུང་དུ་འཇུག །དེ་ཚེ་སྤོང་བའི་འདུ་བྱེད་བརྒྱད། །མངོན་དུ་བྱེད་ཚེ་ཞི་ལྷག་གི །ཉེས་པ་སེལ་བའི་ཕྱིར་ཡིན་མོད། །སྒོམ་གྱི་ངོ་བོ་མ་ཡིན་ཏེ། །ཕལ་ཆེར་སྒྲ་དོན་འཛིན་པ་ཡི། །རྟོག་པ་ཉིད་ལས་མ་འདས་ཕྱིར། །དེ་ཡང་གོལ་བར་འགྱུར་བ་སྲིད། །ལྷག་པར་མཐོང་བའི་སྒོམ་ཚུལ་ལ། །མཉམ་པར་བཞག་དང་རྗེས་ཐོབ་ལ། །མཉམ་པར་བཞག་ཚེ་སྲིད་པ་དང༌། །ཞི་བའི་རྣམ་རྟོག་གང་འཕྲོས་པ། །དེ་ལ་རྟོག་དཔྱོད་གཞན་ཞིག་གིས། །བལྟས་པས་སྔ་མ་དབྱིངས་སུ་ཐིམ། །ལྟ་བྱེད་རྟོག་དཔྱོད་དེ་ལ་ཡང༌། །ཤེས་རབ་གསུམ་པས་བལྟས་པ་ན། །བལྟ་བྱ་ལྟ་བྱེད་གཉིས་ཀ་ཡང༌། །ལྷག་མཐོང་ངོ་བོ་ཉིད་དུ་འདྲེས། །དེ་ཚེ་གསལ་དང་རྟོག་མེད་ཀྱི། །ལྷག་མཐོང་མངོན་དུ་གྱུར་ཞེས་བྱ། །དུས་དེར་ཡང་དག་མིན་རྟོག་ནི། །ཐམས་ཅད་འགོག་པ་སྨོས་ཅི་དགོས། །གཉེན་པོའི་ཕྱོགས་ཀྱི་རྟོག་པ་ཡང༌། །མཚན་འཛིན་ཉིད་ཕྱིར་དགག་བྱའོ། །ཡང་དག་མིན་རྟོག་གང་ཞེ་ན། །ཐོག་མེད་དུས་ནས་གང་གོམས་པའི། །རྣམ་ཤེས་ཚོགས་བརྒྱད་འཁོར་བཅས་ལ། །ཁམས་གསུམ་པའི་རྣམ་པ་ཅན། །གང་སྣང་ཐམས་ཅད་དེར་བཤད་བྱ། །རིགས་པས་དཔྱད་པ་མ་བྱས་པར། །དེར་སྣང་འགོག་མི་ནུས་ཤེ་ན། །དེ་མ་བྱས་ཀྱང་དེ་ནུས་ཏེ། །དཔེར་ན་འགོག་པའི་སྙོམས་འཇུག་ལྟར། །ལྷག་མཐོང་མངོན་དུ་གྱུར་པ་ན། །བརྒྱད་པོའི་གོ་སྐབས་མེད་ཕྱིར་རོ། །དེ་ལས་ལངས་པའི་རྗེས་ཐོབ་ནི། །ཇི་སྲིད་སངས་མ་རྒྱས་ཇི་སྲིད། །ཡང་དག་མིན་རྟོག་རང་ཤུགས་ཀྱིས། །འཆར་བ་དགག་མི་ནུས་པས་ན། །གང་ཤར་སྣང་བ་ཐམས་ཅད་ནི། །བཟོ་བཅོས་མེད་པར་བཞག་པ་ལ། །སྒྲ་དོན་འཛིན་པའི་རྟོག་པ་ནི། །བཟང་ངན་གང་ཡང་བསྲེ་མི་བྱ། །མཉམ་རྗེས་ཀུན་ཏུ་སོ་མ་དང༌། །མ་བཅོས་ལྷུག་པར་བཞག་བྱས་ཏེ། །འདས་དང་མ་འོངས་ལ་སེམས་པ། །རྟོག་པ་ཉིད་དུ་སོང་བས་ན། །ད་ལྟ་ཤེས་པ་སྐད་ཅིག་མ། །ཐ་མལ་རྟོག་དང་ཡང་དག་པའི། །རྟོག་པས་བཟོ་བཅོས་མ་བྱས་པར། །གང་ཤར་ཉིད་དུ་བཞག་བྱས་པ། །དེ་ལ་ལྷུག་པ་ཞེས་བརྗོད་ཀྱི། །ལྷུག་པའི་ངོས་འཛིན་གཞན་མི་དགོས། །ཡང་ན་རྣམ་རྟོག་འགོག་པ་ཡི། །འབད་རྩོལ་མང་པོས་རྟོག་པ་སྤེལ། །རྟོག་པ་འགོག་པའི་རྩོལ་མེད་པར། །བཞག་པས་རྟོགས་པ་ངང་གིས་འཆར། །ཅེས་པ་འཇུར་བུས་བཅིངས་པའི་སེམས། །གློད་ན་གྲོལ་བ་སོགས་དོན་ཏེ། །འདི་ཡང་མཉམ་གཞག་སྔོན་སོང་བའི། །རྗེས་ཀྱི་ཤེས་པའི་སྐབས་ལ་དགོངས། །བཞི་པ་བརྒལ་ལན་བཤད་བྱ་བ། །ངོ་བོ་གཉིས་མེད་སྨྲ་རྣམས་ནི། །གཅིག་དང་དུ་བྲལ་ལ་སོགས་པའི། །རིགས་པས་གཏན་ལ་མ་ཕབ་པར། །སྟོང་ཉིད་རྟོགས་པ་མི་སྲིད་ཅིང༌། །རྟོགས་རློམ་ཐེ་ཚོམ་ལས་མ་འདས། །ལྟ་བ་གང་གི་རྟོགས་བྱའི་ཡུལ། །དོན་དམ་དཔྱོད་བྱེད་རིགས་པ་ཡིས། །དཔྱད་མ་བྱས་ན་ཡུལ་དེ་ལ། །མཚན་མར་འཛིན་པ་མི་ལྡོག་ཟེར། །དོན་དམ་དཔྱོད་བྱེད་རིགས་པའི་ཚུལ། །སྔོན་སོང་མེད་པར་དོན་དམ་པ། །རྟོགས་པའི་ཐབས་མཁས་གསང་སྔགས་དང༌། །མན་ངག་ལས་བྱུང་རྒྱལ་བས་གསུངས། །དཔེར་ན་ལུས་ཀྱི་བྱེད་བཅིངས་དང༌། །བཟློག་ཁྱབ་ཐབས་ཀྱི་འཁྲུལ་འཁོར་དང༌། །ཡེ་ཤེས་སེམས་དཔའ་སྤྱན་འདྲོངས་པ། །སོགས་ལས་ལྟ་བ་རྟོགས་དེ་བཞིན། །སོ་སོ་རང་རིག་གིས་མྱོང་བ། །དེ་ལ་རིགས་པས་དཔྱད་བྱས་ཚེ། །བདེ་གསལ་ལ་སོགས་སྔགས་ལུགས་ཀྱི། །དོན་དམ་མཐའ་དག་སྤངས་པར་འགྱུར། །རིགས་པས་དཔྱད་ཀྱང་མི་ཁེགས་ན། །དུས་དེར་དཔྱད་པ་དོན་མེད་འགྱུར། །འཛིན་རྟོག་མཐའ་དག་ཁེགས་ནས་ནི། །ཡུལ་ལ་དཔྱོད་པ་དོན་མེད་དོ། །འདི་ན་མངོན་པ་བ་རྣམས་ནི། །ལྷག་མཐོང་གྲུབ་པའི་འོག་རོལ་ཏུ། །ཞི་གནས་བསྒྲུབ་པ་མི་འཐད་ཅེས། །ཟེར་བ་དེ་ཡང་བརྟག་བྱ་བ། །དེ་འདྲ་མངོན་པ་བ་ལ་ཡང༌། །ཤིན་ཏུ་མང་སྟེ་དཔེར་མཚོན་ན། །འདོད་ལ་ཆགས་བྲལ་བྱས་འོག་ཏུ། །དངོས་གཞིའི་བསམ་གཏན་བསྒྲུབ་པར་བཤད། །རྣལ་འབྱོར་ཡན་ལག་དྲུག་པ་རུ། །སོར་བསྡུད་གྲུབ་ནས་བསམ་གཏན་གསུངས། །ལུགས་འདིའི་རྗེས་འབྲང་ཁ་ཅིག་ནི། །གནས་ལུགས་ཕྱག་རྒྱ་ཆེན་པོ་དང༌། །བདེ་སྟོང་ཕྱག་རྒྱ་ཆེ་ཞེས་པ། །སྔ་མ་དབུ་མའི་མན་ངག་དང༌། །ཕྱི་མ་སྔགས་ཀྱི་མཐར་ཐུག་ཟེར། །དབུ་མའི་ལུགས་ཀྱིས་རྗེས་དཔག་གིས། །ལུགས་དེ་ཉིད་ཀྱི་དོན་དམ་ཡང༌། །རྟོགས་པ་མིན་ཞེས་ཨ་ཏིས་ཤས། །ལུང་མང་དྲངས་ནས་བཤད་གྱུར་ན། །གནས་ལུགས་ཕྱག་རྒྱ་ཆེན་པོ་ནི། །རྗེས་དཔག་གིས་རྟོགས་སྨོས་ཅི་དགོས། །དབུ་མའི་ལུགས་ཀྱི་སྟོང་པ་ཉིད། །རང་རིག་མངོན་སུམ་གྱིས་རྟོགས་ཞེས། །བྱ་བ་ལེགས་ལྡན་འབྱེད་དང་ནི། །ཟླ་བ་གྲགས་པའི་གཞུང་ན་མེད། །བདེ་སྟོང་ཕྱག་རྒྱ་ཆེན་པོ་ནི། །རྟོགས་པའི་སྔོན་དུ་སྒམ་པོ་པའི། །ཕྱག་ཆེན་རྟོགས་པ་སྔོན་འགྲོ་ཞེས། །ཟེར་བ་དཀའ་རྒྱུད་ལུགས་མིན་ཟེར། །སྐྱེད་རིམ་བསྒོམ་པའི་སྔ་རོལ་དུ། །ཡེ་ཤེས་ཚོགས་སོག་པ་དེ་ཅི། །སྐྱེད་རིམ་མེད་པར་བདེ་སྟོང་གི །ཡེ་ཤེས་ཕྱག་རྒྱ་ཆེ་རྟོགས་སམ། །ཁྱེད་ལའང་ཅི་ཞེས་འདྲི་ཞེ་ན། །དང་པོར་སྔགས་དོན་བསམ་བྱས་པས། །རྟོགས་པའི་སྟོང་པ་ཉིད་དོན་ནི། །སྟོང་ཉིད་ཡེ་ཤེས་རྡོ་རྗེར་གསུངས། །དེ་དང་བཀའ་རྒྱུད་ཕྱག་ཆེན་གྱི། །ཁྱད་པར་མང་པོ་དབྱེ་འདོད་ན། །ལེགས་པར་སོམས་ལ་གཞུང་བཞིན་སྨྲོས། །དེ་ནས་ཆོས་ལ་གདེངས་ཐོབ་འགྱུར། །ཁྱེད་ལའང་ཅི་ཞེས་འདྲི་བ་ན། །དོན་དམ་བྱང་ཆུབ་སེམས་གོམས་ལས། །ལྷག་པའི་ཕྱག་རྒྱ་ཆེན་པོ་ནི། །ཡོད་པར་རྒྱུད་པ་འདིས་མི་བཞེད། །དོན་དམ་བྱང་ཆུབ་སེམས་དེ་ཡི། །ངོས་འཛིན་སེམས་ཀྱི་རྡོ་རྗེ་ལ། །མཛད་པ་གསང་བ་འདུས་པའི་ལུགས། །ཡིན་པར་ཀླུ་སྒྲུབ་ཞབས་ཀྱིས་བཤད། །ཡང་ནི་ལུགས་གཞན་གྱིས་རྒོལ་བ། །བླ་མས་མན་ངག་མ་བསྟན་པར། །མོས་གུས་ཙམ་གྱིས་ལས་དང་པོ། །གྲོལ་བ་བླུན་པོའི་ལུགས་ཞེས་ཟེར། །རྗོད་བྱེད་ངག་གིས་གང་བརྗོད་པ། །དེ་ནི་དོན་སྤྱིའམ་གཞན་སེལ་ལས། །མ་འདས་ཕྱིར་ན་དོན་དམ་མིན། །དེ་ཕྱིར་ངག་གིས་བརྗོད་དུ་མེད། །མོས་གུས་ཞེས་པ་རྟོགས་པ་ཡི། །ཡོན་ཏན་ཉིད་ལ་དད་ཐོབ་པ། །སྐྱེས་པས་ཐོག་མ་མེད་ཐོབ་པའི། །རང་རིག་རང་གསལ་མངོན་དུ་འགྱུར། །རང་རིག་རང་གསལ་བདེ་བ་ཆེ། །གདོད་མ་ཉིད་ནས་ཀུན་ཁྱབ་པ། །རང་རང་དབང་པོའི་བྱེ་བྲག་གི །སད་བྱེད་མཐའ་གཅིག་དུ་མ་ངེས། །གདོད་ནས་རྟོག་བྲལ་མ་འཁྲུལ་བའི། །མངོན་སུམ་ཉིད་དུ་གང་སྐྱེས་པ། །གནས་དེར་ངེས་པ་འདྲེན་པའི་རྐྱེན། །བྱུང་ཚེ་རྣལ་འབྱོར་པའི་མངོན་སུམ། །ཡང་ནི་འདི་ལ་དངོས་གཞིའི་དུས། །ཡིད་བྱེད་སྤངས་པར་བཤད་པ་ལ། །གཉིད་དང་བརྒྱལ་བ་ལ་སོགས་ཀྱང༌། །དེར་འགྱུར་ཞེས་ནི་རྒོལ་བ་དང༌། །སྔོན་བྱུང་ཧྭ་ཤང་རྫོགས་ཆེན་དང༌། །ཁྱད་པར་མེད་ཅེས་ཟེར་བ་ཡོད། །ཡོད་བྱེད་ཅེས་པ་མངོན་པ་ལས། །སྒྲ་དོན་འཛིན་པའི་རྟོག་པར་བཤད། །དེ་མེད་པ་ཡིས་དེར་ཐལ་ན། །འཕགས་ལམ་མཉམ་གཞག་ཀུན་ལའང་མཚུངས། །མཁས་པ་པདྨའི་ངང་ཚུལ་གྱིས། །དེ་ལ་དེར་ཐལ་བཤད་ཅེ་ན། །དེ་ནི་ཀླུ་སྒྲུབ་གཞུང་ལུགས་དང༌། །ཅིག་ཤོས་རྩོད་པའི་དབང་དུ་མཛད། །ཐོས་བསམ་སྔོན་དུ་མ་སོང་བར། །རང་རིག་རང་གསལ་མི་རྟོགས་ན། །ལས་དང་པོ་ཡི་ཡེ་ཤེས་ཀྱི། །ཚོགས་བསོགས་ཐོག་མར་སྒོམ་དེ་ཅི། །ལྟ་བ་ཡས་བབས་ཧྭ་ཤང་གི །བསྒོམ་དང་མཚུངས་ཞེས་གསུངས་མོད་ཀྱང༌། །སྔགས་ལུགས་ཕལ་ཆེར་ལྟ་བ་ནས། །བརྩམས་ཏེ་ལམ་ལ་འཇུག་པ་བཤད། །དཀར་པོ་ཆིག་ཐུབ་ཞེས་བྱ་བ། །ལྟ་བ་རྐྱང་པའི་ལྡོག་ཆ་ནས། །ཡིན་གྱི་བསོད་ནམས་ཚོགས་དག་ལ། །སྐུར་པ་འདེབས་པའི་ཚིག་མ་ཡིན། །དེ་ཡང་ཉོན་མོངས་རྣམ་པར་རྟོག །སོ་སོའི་གཉེན་པོ་ཐ་དད་ལ། །འབད་མི་དགོས་པར་ཕྱག་རྒྱ་ཆེ། །གཅིག་པུས་ཆོག་པའི་དོན་ཉིད་དོ། །བླུན་པོས་ཕྱག་རྒྱ་ཆེ་གོམས་པ། །ངན་འགྲོའི་ལམ་དུ་འགྱུར་ཞེས་སོགས། །གང་ཟག་དང་ནི་ཆོས་རྣམས་ཀྱི། །བདག་མེད་གསལ་བར་མི་ཤེས་པའི། །རྨོངས་པས་ལས་རྣམས་གང་བསགས་པ། །འཁོར་བའི་ལམ་ལས་འདའ་བ་མེད། །དེ་ཡང་རྒྱུ་དུས་ཀུན་སློང་གི །དབྱེ་བས་བཟང་ངན་སོ་སོར་དབྱེ། །དེ་ཡང་རྣམ་པར་རྟོག་པ་ཡི། །འཛིན་པ་མེད་ལ་སྲིད་མ་ཡིན། །ཕྱག་ཆེན་ཐ་ཤལ་གྱུར་ན་ཡང༌། །རྣམ་པར་རྟོག་ལ་དེ་མི་སྲིད། །གཞན་ཡང་ཤེར་ཕྱིན་ལྟར་སྣང་དང༌། །སེམས་ཙམ་རྣམ་མེད་བསྒོམ་དང་ནི། །ཕྱག་ཆེན་ངོ་སྤྲོད་གསུམ་པ་སོགས། །བྱ་བ་དེ་དག་འཁྲུལ་ལོ་ཞེས། །གསུངས་པ་སྔགས་ཀྱི་ཕྱག་རྒྱ་ཆེ། །མ་ཡིན་པ་ལ་དགོངས་མོད་ཀྱང༌། །སེམས་ཉིད་གསལ་སྟོང་འཛིན་མེད་ཀྱིས། །རྒྱས་མི་ཐེབས་པའི་ཆོས་གང་ཡང༌། །ཡོད་མ་ཡིན་པ་ལ་དགོངས་ན། །ཕྱག་རྒྱ་ཆེན་པོ་མཚན་གསོལ་བ། །འདིའི་བྱེ་བྲག་ཤིན་ཏུ་མང༌། །གང་ཟག་ཙམ་གྱིས་དབང་བྱས་པའི། །གཟུང་འཛིན་གཉིས་མེད་རང་གསལ་བ། །ཤེས་རབ་ཕ་རོལ་ཏུ་ཕྱིན་ལྟར་སྣང༌། །ཆོས་རྣམ་ཀུན་གྱིས་དབང་བྱས་པའི། །གཟུང་འཛིན་གཉིས་བྲལ་ཡེ་ཤེས་ནི། །བྱམས་ཆོས་ངེས་དོན་མཐར་ཐུག་ལ། །སེམས་ཙམ་ཞེས་བྱར་ཟླ་བས་བཤད། །ཅིར་སྣང་སེམས་སུ་ངོ་སྤྲད་པས། །གཟུང་བའི་རྣམ་པར་རྟོག་པ་ཁེགས། །སེམས་སྣང་ནམ་མཁར་ངོ་སྤྲད་པས། །འཛིན་པའི་རྣམ་པར་གཡེང་བ་ཁེགས། །གཉིས་བྲལ་ཡེ་ཤེས་ལྷུན་གྲུབ་པ། །དེ་ཀུན་ཕྱག་རྒྱ་ཆེ་ཞེས་བྱ། །ཡང་ནི་ལུགས་འདིའི་རྗེས་འཇུག་ཀུན། །སེམས་བཙལ་བས་ནི་གང་དུ་ཡང༌། །མ་རྙེད་ཚེ་ན་སེམས་ངོ་འཕྲོད། །དེ་ལ་ཕྱག་རྒྱ་ཆེ་ཞེས་པར། །ངོས་འཛིན་པ་དེ་དཔྱད་པར་བྱ། །ཕྱག་རྒྱ་ཆེ་འདི་མཉམ་གཞག་ལས། །ལངས་པའི་རྗེས་ཐོབ་དུས་དག་ཏུ། །སྔགས་མྱོང་ཡེ་ཤེས་དེ་ཉིད་ལས། །མཚན་མར་འཛིན་པ་འགོག་བྱའི་ཕྱིར། །ཚོལ་བྱེད་བློ་ཡིས་གང་དུ་ཡང༌། །བཙལ་བས་མི་རྙེད་དེའི་ཚེ། །ཞེན་ངོར་མཚན་འཛིན་དེ་ཁེགས་པ། །མཆོག་ཡིན་དེ་ལ་སྐྱོན་མི་རྩི། །བཙལ་བས་གང་དུའང་མ་རྙེད་པའི། །མེད་པར་དགག་པ་ཕྱག་ཆེན་དུ། །འདོད་ན་རྒྱུད་བླའི་གཞུང་དང་ནི། །མདའ་བསྣུན་ཞབས་ཀྱི་གཞུང་དང་འགལ། །རྣམ་ཤེས་ཚོལ་བྱེད་རིགས་པ་ཡིས། །གང་དུ་ཡང་ནི་མ་རྙེད་ཚེ། །ཡེ་ཤེས་ལྷག་མར་བཞག་པ་དེ། །ཕྱག་རྒྱ་ཆེན་པོའི་ངོས་འཛིན་དུ། །ལེགས་པར་ཤེས་ནས་རྟོགས་བྱའི་ཕྱིར། །སེམས་ངོ་སྤྲོད་པར་བྱེད་ན་ནི། །སེམས་ཉིད་གཅིག་པུ་ཀུན་གྱི་ནི། །ས་བོན་ཡིད་བཞིན་ནོར་བུ་མཆོག །དེ་ལྟར་མདོ་སྔགས་ཐམས་ཅད་ལས། །གསུངས་པའི་ཕྱག་རྒྱ་ཆེ་ཀུན་ལ། །ཁྱབ་བྱེད་ཐུན་མོང་དུ་འཇུག་པའི། །ཕྱག་རྒྱ་ཆེན་པོའི་ངོས་འཛིན་འདི། །སྔོན་གྱི་བག་ཆགས་སད་བྱེད་རྐྱེན། །གཞུང་མང་དག་ལས་མཐོང་བ་དང༌། །དགེ་བའི་བཤེས་ལས་ཐོས་པ་དང༌། །བསྐུལ་བར་བྱེད་པོས་མཚམས་སྦྱར་ནས། །ལེགས་པར་བཤད་པ་འདིའི་དགེ་བས། །བདག་དང་སྐལ་བར་མཉམ་ཐམས་ཅད། །རྫོགས་སངས་རྒྱས་ཏེ་མ་རྣམས་ཀུན། །སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཤོག །ཅེས་ཕྱག་རྒྱ་ཆེན་པོ་གསལ་བར་བྱེད་པའི་བསྟན་བཅོས་ཚངས་པའི་འཁོར་ལོས་གཞན་བློའི་དྲེགས་པ་འཇོམས་བྱེད་ཅེས་བྱ་བ་འདི་ནི་གྲུབ་པའི་དབང་པོ། ཟླ་དགོན་ཆོས་ཀྱི་བཟང་པོའི་སྲས། ཆོས་ཀྱི་རྒྱན་མཚན་བཟང་པོས་གསོལ་བ་ནན་གྱིས་བཏབ་པའི་ངོར་བགྱིས་ནས། ཡུལ་དབུས་ཀྱི་ཀློག་པ་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐེག་ལེ་ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བ་འདི། ཡང་དག་པར་རྟོགས་པའོ།།  །།ཨོཾ་སྭསྟི་སིདྡྷཾ་ཧི། ཕྱག་རྒྱ་ཆེན་པོའི་ཤན་འབྱེད་ཅེས་བྱ་བའི་བསྟན་བཅོས། སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཏུ་ངེས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཁ་བ་ཅན་དུ་ཕྱིས་གྲགས་པའི། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཚུལ། །ལ་ལའི་རྩོད་པ་སྤངས་ཕྱིར་དུ། །གཞན་དུ་གཞན་གྱིས་བརྟགས་འགའ་མཐོང༌། །ཁ་ཅིག་དབུ་མའི་རིགས་པ་ཡིས། །རྣམ་པར་དཔྱད་པའི་སྟོང་པ་ཉིད། །སྒོམ་པ་ཆོས་འདིའི་དངོས་གཞིར་འདོད། །ལ་ལ་རང་བྱིན་རླབས་པ་ཡི། །རིམ་པས་འཁོར་ལོ་ཀུན་ཁེངས་པའི། །བདེ་སྟོང་ཟུང་དུ་འཇུག་པ་ནི། །ཆོས་འདིའི་དངོས་གཞི་ཡིན་ཞེས་སྨྲ། །གཞན་འགའ་ཞིག་གནས་ཀྱིས། །རྟོག་པའི་འགྱུ་བ་ཐམས་ཅད་དང༌། །བྲལ་བའི་རང་སེམས་རྗེན་པ་ནི། །མཐོང་བ་ཆོས་འདིའི་དངོས་གཞིར་འདོད། །ཁ་ཅིག་དེ་ལྟར་མཐོང་བའི་སེམས། །ཕྱི་དང་ནང་དང་སྔོན་སེར་སོགས། །གང་དུ་བརྟགས་པས་མ་རྙེད་པ། །དེར་བསྒོམ་ཆོས་འདིའི་དངོས་གཞིར་འདོད། །ལ་ལ་ཀུན་གྱི་བྱེད་པ་པོ། །ཀུན་གཞིའི་རྣམ་ཤེས་ཡིན་ནོ་ཞེས། །ཐག་གཅོད་བྱས་ནས་བསྒོམ་པར་འདོད། །འདི་དག་འཚོ་བྱེད་གཞོན་ནུ་ཡིས། །རྩལ་བཏོན་དཀར་པོ་གཅིག་ཐུབ་ཀྱི། །དཔེས་བསྟན་ཚིག་ཉུང་དོན་འདྲིལ་བ། །འབད་རྩོལ་མེད་པར་རྟོགས་སླ་བས། །མཐར་འཛིན་དྲུངས་ནས་འབྱིན་མཁས་པ། །དེ་དེ་མིན་ནོ་དང་པོ་ནི། །ཁ་བ་ཅན་དུ་ཕྱིས་གྲགས་པའི། །དབུ་མ་སྙིང་ལ་ཞུགས་གྱུར་པ། །འགའ་ཡིས་དེ་དང་དེ་སྦྱར་ནས། །བརྩམས་པ་ཡིན་ནོ་དེ་དེ་མིན། །ཅི་ཕྱིར་ཞེ་ན་རིགས་ཚོགས་ཀྱི། །དབུ་མ་མེད་པར་དགག་པ་སྟེ། །ཕྱག་རྒྱ་ཆེན་པོའི་སྟོང་ཉིད་ནི། །མཐའ་བྲལ་གདོད་མའི་ཡེ་ཤེས་སོ། །ལུགས་དེ་དག་གི་ཆོས་ཉིད་ནི། །གཞན་སེལ་ཉིད་ཕྱིར་སྒྲ་རྟོག་གི །ཡུལ་དང་ཡེ་ཤེས་རང་མཚན་ཕྱིར། །མངོན་སུམ་ཡུལ་གྱི་ཁྱད་པར་ཅན། །དེ་དེར་མ་ཟད་ལྐོག་གྱུར་དང༌། །མངོན་དུ་གྱུར་དང་བློས་བྱས་དང༌། །མ་བཅོས་ལྷུག་པའི་ཁྱད་པར་ཅན། །དེ་དེ་རྟོགས་བྱེད་ཐབས་ཀྱང་ནི། །དབུ་མར་གྲགས་པའི་སྟོང་པ་ཉིད། །རང་དང་གཞན་གྱི་གཞུང་སྒྲུབ་དང༌། །སུན་འབྱིན་རིགས་པ་ལས་གོ་ཞིང༌། །ཕྱག་རྒྱ་ཆེན་པོའི་སྟོང་ཉིད་ནི། །བླ་མར་མོས་དང་བྱིན་རླབས་དང༌། །ལས་འཕྲོ་བསོད་ནམས་ཚོགས་ལས་ཡིན། །གྲུབ་ནས་གོམས་པར་བྱེད་ཚུལ་ཡང༌། །དཔྱད་དང་འཇོག་པའི་སྒོམ་ཞེས་པ། །སྔོན་རབ་མཁས་པའི་བརྡའ་ལས་བྱུང༌། །ལུགས་གཉིས་པ་དེ་ས་ར་ཧའི། །གཞུང་ལས་བྱུང་མོད་གསང་སྔགས་ཀྱི། །ཕྱག་རྒྱ་ཆེ་ཡིན་དག་པོ་པས། །རྩལ་དུ་བཏོན་པ་དེ་མ་ཡིན། །ཁོང་གི་དཀར་པོ་གཅིག་ཐུབ་དེར། །ཆེན་པོ་གསུམ་གྱིས་འདྲེས་མེད་བཞེད། །དེ་འདྲའི་མི་འཐད་ཟེར་བའི་ལན། །གསུམ་པོ་གཞན་རྐྱེན་ཁོ་ན་ཡིས། །བརྟགས་ཕྱིར་མ་བཅོས་པ་མིན་ལ། །ཁོ་བོའི་ཆིག་ཐུབ་རང་བྱུང་གི །ཡེ་ཤེས་གསར་དུ་བཅོས་མིན་པ། །ཡིན་ཞེས་དེ་ཉིད་ཀྱིས་གསུངས་སོ། །ངོས་འཛིན་བཞི་པ་ཞི་བྱེད་དུ། །སྦྱོར་དངོས་ཕྱག་རྒྱ་ཆེར་གྲགས་ཀྱི། །ཉམས་ལེན་དང་མཚུངས་རྗེས་ཀྱི་ཚེ། །ཉམས་མྱོང་ཡེ་ཤེས་སྟོང་ཉིད་དུ། །ངོ་སྤྲོད་ཚུལ་ནི་རྐུས་མིན་ནམ། །བརྐུས་ཀྱང་སྐྱོན་ཡོད་མ་ཡིན་མོད། །རང་རང་གི་གཞུང་ལྷད་མེད་པར། །འཛིན་པ་འཛངས་པའི་ལུགས་ཞེས་བྱ། །ངོས་འཛིན་གཉིས་པ་དངོས་གཞིའི་དུས། །མཐོང་ཚུལ་དེ་ལས་གཞན་མེད་ཀྱང༌། །ཁོ་བོས་ཕྱག་རྒྱ་ཆེ་མཐོང་ཞེས། །ཞེན་པར་བྱེད་ན་དུག་དང་བཅས། །རྩེ་གཅིག་ཞི་གནས་ལ་འཐད་མོད། །སྤྲོས་བྲལ་ཆོས་འདིའི་དངོས་གཞིར་ཡང༌། །བྱེད་ན་དེ་ཡི་ངོས་འཛིན་ཅི། །ངོ་བོ་ཉིད་མེད་སྨྲ་གཞུང་དང༌། །མཐུན་པར་བཤད་ན་དུག་དང་བཅས། །རིག་པ་རྗེན་པར་མཐོང་ཙམ་ལ། །གཞན་མེད་ཅེ་ན་གྲངས་ཅན་གྱི། །ཤེས་རིག་བདག་དང་ཁྱད་པར་ཅི། །རྗེས་ཀྱི་དུས་སུ་གང་ཟག་གི །བདག་མེད་ཉིད་དུ་ངོ་སྤྲད་པས། །གྲངས་ཅན་ལུགས་ལས་ཁྱད་པར་དུ། །འབྱེད་དོ་སྙམ་ན་དངོས་གཞིའི་ཚེ། །བདག་འཛིན་གཉེན་པོ་མ་གོམས་པ། །རྗེས་ཤེས་སྒྲོ་འདོགས་གཅོད་བྱེད་ཀྱི། །བསམ་བྱུང་བསྒོམ་དུ་འཐད་མ་ཡིན། །ངོས་འཛིན་ལྔ་པ་རྫོགས་ཆེན་པོའི། །ཆོས་ཀྱི་སྐད་དང་བསྲེས་པའི་ཚེ། །ངོས་འཛིན་ཤེས་ན་སྐྱོན་མེད་མོད། །སེམས་སྡེ་ནས་བཤད་ཀུན་གཞི་ཡི། །ངོས་འཛིན་གང་ལ་བྱེད་ཅེས་དྲི། །ཀུན་གཞིའི་རྣམ་ཤེས་གཞུང་ཆེན་ནས། །ཡང་དག་མིན་རྟོག་ལ་བཤད་ཕྱིར། །ཕྱག་རྒྱ་ཆེན་པོའི་ངོས་འཛིན་དུ། །བཤད་ན་མཁས་པའི་བཞད་གད་གནས། །ཀུན་གཞི་རྒྱུ་རྒྱུད་ལ་འཆད་ན། །ལམ་འབྲས་དང་བསྲེས་སྐྱོན་མེད་ཀྱང༌། །རང་གཞུང་འཆད་ཚེ་ཀུན་གཞི་དེ། །ཡེ་ཤེས་ཉིད་ལ་ངོས་འཛིན་ན། །ཀུན་བྱེད་རྒྱལ་པོ་ཞེས་བྱ་དང༌། །དམ་པའི་བདག་དང་སངས་རྒྱས་ཀྱི། །སྙིང་པོ་ཞེས་བྱར་ཞེན་པ་ཡི། །གཉེན་པོ་གང་དུ་བསྒོམ་ཞེས་དྲི། །དངོས་གཞིའི་ཚེ་ན་གང་དུ་ཡང༌། །འཛིན་པ་མེད་པ་དེས་བསྟན་ནོ། །ཞེ་ན་ཕྱག་ཆེན་བརྗོད་བྲལ་བ། །རྟོག་པའི་ཡུལ་ལས་འདས་གྱུར་གང༌། །རྗེས་ཀྱི་ཤེས་པས་དེ་དེ་ཤེས། །རྟོག་པས་ངོས་ཟུང་བསྟན་གྱུར་ན། །དངོས་གཞི་སླར་ཡང་དུག་བཅས་སུ། །བཏང་བ་མིན་ནམ་ཞེན་བློ་དེ། །སླར་བཟློག་བྱེད་ན་གླང་ཆེན་གྱི། །ཁྲུས་དང་མཚུངས་པར་གྱུར་མིན་ནམ། །དང་པོའི་ཆིག་ཐུབ་ལ་གཞན་གྱི། །རྒོལ་བའི་ལན་དུ་ལྔ་ལྡན་ཞེས། །བྱ་བའི་ཕྱག་རྒྱ་ཆེ་བསྒོམ་པ། །མི་འཐད་མིན་མོད་ལྷ་རྗེ་ཡིས། །རྩལ་དུ་བཏོན་པའི་ཕྱག་ཆེན་དེར། །དོན་ལྔ་མེད་ན་མི་འབྱུང་རྒྱུ། །ཡིན་ནམ་ཕུན་སུམ་ཚོགས་ཡན་ལག །གང་ཅེས་བརྟགས་ཚེ་དང་པོ་ལྟར། །ཡིན་ན་རྩ་བའི་དམ་བཅའ་ཉམས། །ཕྱི་མ་ལྟར་ན་ལམ་འབྲས་དང༌། །བསྲེས་པས་རང་གཞུང་ཚུགས་པ་མིན། །དེ་ནས་དོན་ཆེ་ཚིག་ཉུང་ཞིང༌། །ལས་འཕྲོ་ཅན་གྱིས་སྒྲུབ་སླ་བ། །རྟོགས་སླ་རྟོགས་ན་བདག་འཛིན་གཉིས། །ས་བོན་བཅས་དེ་འཇོམས་སླ་བ། །སོ་སོ་རང་རིག་གིས་མྱོང་ཞིང༌། །སྒྲ་རྟོག་ཡུལ་དུ་མ་བྱས་པའི། །ལྷན་ཅིག་སྐྱེས་འདི་ལུང་དང་ནི། །རིགས་པར་བརྟེན་དགོས་མ་ཡིན་ཞིང༌། །བླ་མའི་དུས་ཐབས་བསྟེན་པ་ལ། །རག་ལས་མིན་ཀྱང་ཐེག་ཆེན་པ། །ཀུན་ལ་ཁྱབ་བྱེད་དུ་འགྲོ་ཞིང༌། །ཀུན་གྱི་ངེས་པའི་དོན་དང་ནི། །དངོས་གཞིའི་ཚེ་ན་འགལ་མེད་པ། །འདི་གྲུབ་པ་ལ་སྦྱོར་བའི་ཚེ། །སྒྲུབ་བྱེད་སྣ་ཚོགས་དགོས་མིན་ཀྱང༌། །དངོས་གཞིའི་ཚེ་ན་བསྒྲུབ་བྱའི་དོན། །མདོ་རྒྱུད་ཀུན་དང་མཐུན་པར་མཐོང༌། །མཐོང་བྱ་གསར་དུ་བསྒྲུབས་མིན་གྱི། །གདོད་ནས་གྲུབ་པའི་ཡེ་ཤེས་མཆོག །ཡིད་བཞིན་ནོར་བུ་དང་འདྲ་བས། །བྱིང་དང་རྒོད་པ་དང་བྲལ་བར། །རེ་ཞིག་མཉམ་པར་འཇོག་ནུས་ན། །རྩེ་གཅིག་མིང་ཅན་ཆོས་དང་ནི། །གང་ཟག་ཉིད་དུའང་འཛིན་མེད་པར། །གྱུར་པ་སྤྲོས་བྲལ་མིང་ཅན་དེ། །དངོས་གཞིའི་ཞི་ལྷག་ཟུང་དུ་འཇུག་དེ་ལ་རྗེས་ཐོབ་ཀྱིས། བོགས་འབྱིན་པ་ནི་གང་ཟག་དང༌། །ཆོས་ཀྱི་སྣང་བ་ཅི་ཤར་ཡང༌། །དེ་དེར་འཛིན་པ་མེད་གྱུར་ཚེ། །རྣམ་ཤེས་ངོ་ན་གཟུང་འཛིན་གྱི། །སྣང་བ་འགགས་པར་མ་གྱུར་ཀྱང༌། །ཡེ་ཤེས་ངོ་ན་བདག་གཉིས་པོ། །གང་དུ་ཡང་ནི་འཛིན་མེད་པའི། །ཡེ་ཤེས་ངང་གིས་དྲངས་གྱུར་པ། །དེ་ཚེ་སྣང་སྲིད་ཀུན་ཐམས་ཅད། །ཕྱག་རྒྱ་ཆེན་པོར་རོ་གཅིག་པ། །ཡིན་ནོ་དེ་ནས་འབད་མེད་པར། །དེ་མངོན་གྱུར་ལ་སྒོམ་མེད་ཀྱི། །ཐ་སྙད་བཏགས་པ་ཡིན་སྙམ་བྱེད། །འདི་ལ་ཕྱི་རབས་པས་རྒོལ། །དངོས་གཞིའི་ཚེ་ན་གང་དུ་ཡང༌། །ཡིད་མི་བྱེད་དང་མི་འཛིན་པ། །ཧྭ་ཤང་ལུགས་དང་ཁྱད་པར་ཅི། །ཟེར་དང་མདོ་སྔགས་ནས་གསུངས་པའི། །སྦྱོར་བས་མ་བསྒྲུབས་ལྷག་མཐོང་དེ། །མུ་སྟེགས་ལུགས་དང་ཁྱད་པར་ཅི། །བླུན་པོས་གོམས་པའི་ཕྱག་རྒྱ་ཆེ། །ཕལ་ཆེར་དུད་འགྲོའི་རྒྱུ་ཞེས་དང༌། །གོམས་པ་ལེགས་ཀྱང་དབུ་མ་ལས། །མ་འདས་ཕྱིར་ན་གསང་སྔགས་དང༌། །བསྲེ་བ་དོན་མེད་ཡིན་ཞེས་སོགས། །རྩོད་རྣམས་སེལ་བའི་ལན་ཇི་བཞིན། །མདོ་རྒྱུད་མན་ངག་རྒྱས་པར་ནི། །ཤེས་ཡོད་མིན་པས་དོན་དཀའ་བ། །དེ་ཕྱིར་རྒྱས་པ་འདིར་བརྗོད་བྱ། །རྒྱ་ནག་མཁན་པོ་ཀུན་རྫོབ་དང༌། །དོན་དམ་དབྱེ་བ་མི་འབྱེད་ཅིང༌། །དེ་བཞིན་ལྟ་དང་སྤྱོད་པ་དང༌། །ཡེ་ཤེས་དང་ནི་རྣམ་ཤེས་དང༌། །ཐོས་བསམ་དུས་དང་བསྒོམ་པ་དང༌། །དྲང་བའི་དོན་དང་ངེས་པའི་དོན། །སོ་སོའི་གནས་སྐབས་མི་འབྱེད་པར། །ཅི་ཡང་ཡིད་ལ་མི་བྱེད་པ། །ཙམ་ཞིག་སྙིང་པོ་ཡིན་པར་འདོད། །ཕྱག་རྒྱ་ཆེན་པོའི་དངོས་གཞི་ནི། །དོན་དམ་པ་དང་ལྟ་བ་དང༌། །མཉམ་པར་བཞག་དང་ཡེ་ཤེས་དང༌། །སྒྲིབ་ཀུན་རྩ་བ་མ་རིག་པའི། །ས་བོན་དྲུངས་ནས་འབྱིན་བྱེད་བློ། །འདི་ལ་དཔེ་དང་དོན་གཉིས་སུ། །འབྱེད་མོད་རྟོག་བྲལ་མ་འཁྲུལ་ཕྱིར། །གཉིས་ཀ་ལྷན་སྐྱེས་ལ་མངོན་སུམ། །རྟོག་པའང་ཞེ་ན་ཁོ་ནར་ནི། །མ་ཟད་ཡང་དག་མིན་རྟོག་པ། །ཀུན་དང་བྲལ་ཕྱིར་འཇིག་རྟེན་ལས། །འདས་པའི་མངོན་སུམ་དང་འདྲ་བ། །དཔེར་ན་འགོག་པའི་སྙོམས་འཇུག་ཚེ། །རྣམ་ཤེས་ཚོགས་བདུན་འཁོར་བཅས་པ། །བཀག་པས་ཡིད་ལ་མི་བྱེད་ཅིང༌། །མཚན་མར་འཛིན་པ་ཀུན་བྲལ་ཡང༌། །ཧྭ་ཤང་བསྒོམ་དང་དེ་མི་འདྲ། །འདི་ན་ཁ་ཅིག་འགོག་སྙོམས་དེ། །སེམས་ཙམ་ལུགས་བཞིན་དབུ་མ་ཡི། །ལུགས་ལ་ཡེ་ཤེས་ཡིན་ཞེས་སྨྲ། །དབུ་མ་ངོ་བོ་ཉིད་མེད་ཀྱི། །འགོག་པའི་སྙོམས་འཇུག་མེད་པར་དགག །རྣམ་བརྫུན་དབུ་མའི་འགོག་སྙོམས་ན། །ཡེ་ཤེས་ཡོད་ཕྱིར་དེ་འདི་ལ། །མཚུངས་ལྡན་བཀག་པའི་སྙོམས་འཇུག་ཅེས། །ཕྱི་རབས་པས་འདི་ཧྲུལ་པོར་བྱས། །ཡིད་ཀྱི་རྣམ་ཤེས་མ་གཏོགས་པའི། །ཡེ་ཤེས་གང་ནས་བཙལ་ཞེ་ན། །མཐོང་བསྒོམ་སོགས་ཀྱི་མཉམ་གཞག་ཏུ། །འཇུག་ཤེས་དྲུག་དང་ཉོན་མོངས་ཡིད། །མེད་ཕྱིར་ཡིད་ཀྱི་དབང་པོ་དཀོན། །ཡིད་ཀྱི་དབང་པོའི་བདག་རྐྱེན་ལས། །གདོད་མའི་ཡེ་ཤེས་འབྱུང་བ་མིན། །ངོ་བོ་ཉིད་མེད་སྨྲ་གཞུང་དུ། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་ལ་རྩེ་གཅིག་མཉམ་འཇོག་པའི། །ཡེ་ཤེས་ཁས་ལེན་ཁོ་བོ་ཡིས། །མ་ནི་མོ་བཤད་ཟེར་དང་མཚུངས། །མཉམ་པར་བཞག་དུས་སོར་རྟོག་གི །ཡེ་ཤེས་ཁས་ལེན་དགོས་ཟེར་བ། །སྒོམ་རིམ་གཞུང་དུ་མེ་འབྱུང་བ། །ཤིང་ལ་རག་མོད་དེ་ཉིད་ཀྱིས། །དེ་བསྲེག་དཔེ་བསྟན་པ་དང་འགལ། །སྔགས་ཀྱི་དབང་བསྐུར་བྱིན་རླབས་དང༌། །དབུ་མའི་རིགས་པས་མ་སྦྱངས་པར། །དོན་དམ་ཡེ་ཤེས་མངོན་སུམ་དུ། །མཐོང་བའི་ཐབས་འགའ་མེད་གྱུར་ན། །ལུས་ཀྱི་བྱེད་ཅིང་ལོངས་སྤྱོད་ཀྱི། །རླབས་དང་སྒྱུ་མའི་དཔེ་སོགས་ལས། །དེ་མཐོང་མན་ངག་ལུང་དང་ནི། །རིགས་པ་ལས་ཀྱང་ཤེས་པ་ཀུན། །ནང་ལྟར་རང་རིག་རང་གསལ་བས། །རང་ལ་ངེས་པ་འདྲེན་པར་བཤད། །དེ་གོམས་བྱེད་པའི་ཡན་ལག་དང༌། །བྲལ་མ་གྱུར་ན་གསལ་བ་དེ། །རབ་ཀྱི་མཐར་ཕྱིན་འབྱུང་མིན་ནམ། །སྟོང་ཉིད་བསྒྲུབ་པའི་རིགས་པ་ལ། །བརྟེན་པ་མིན་པར་དེ་རྟོགས་བློ། །ཚད་མར་གྱུར་པ་ཡོད་མིན་ཕྱིར། །དེ་ལ་མ་བརྟེན་ཚད་མིན་བློ། །ཟེར་བ་སྔོན་དང་ཕྱི་མཐར་བྱུང༌། །དེ་སྐད་དེ་ཡིས་བསྔགས་པ་དང༌། །མན་ངག་པ་ཀུན་ཞུམ་པར་བྱས། །ཞུམ་བཅས་རྩོལ་བ་དོར་བའི་མིས། །རང་གཞུང་ཚུགས་པ་ག་ལ་སྲིད། །བླུན་པོའི་ཕྱག་ཆེན་དུད་འགྲོའི་རྒྱུར། །སོང་ཚེ་གསུང་བ་འཁྲིད་དེ་ཡི། །དངོས་གཞིའི་ཚེ་ན་བདག་འཛིན་གྱི། །གཉེན་པོ་མ་བསྟན་པ་སྙམ་དུ། །དགོངས་པ་ཡིན་མོད་བདག་གཉིས་པོ། །གང་དུ་ཡང་ནི་འཛིན་པ་མེད། །དེ་ལ་དེ་རྟོགས་པ་ཡིན་ནི། །ཐ་སྙད་ཕར་ཕྱིན་པ་ཀུན་གྱི། །བྱེད་པ་མིན་ནམ་བདག་མེད་དོ། །སྙམ་དུ་འཛིན་དགོས་ཟེར་བ་བརྫུན། །ཐ་སྙད་དེ་འདྲ་སྦྱོར་དུས་སུ། །དཔྱད་པ་སྔོན་སོང་བ་ལ་དགོངས། །ཞེ་ན་འདིར་ཡང་རྗེས་ཐོབ་ཚེ། །མཐའ་གཞན་འགོགས་པའི་རིགས་པས་གྲུབ། །འཛིན་རྣམ་རང་གསལ་དོན་དམ་པའི། །བདེན་པར་གང་ལས་ཤེས་ཅེ་ན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ཉིད་དུ་བཤད་པ་ལས་ཤེས། །དེ་ཉིད་སྒྲིབ་སེལ་ཡེ་ཤེས་ཀྱི། །རྟོགས་བྱའི་སྟོང་ཉིད་ངོས་འཛིན་ནི། །དེ་ལས་གཞན་དུ་ས་ར་ཧས། །མ་བཤད་བིརྺ་པས་དེ་བཞིན། །འདི་རྟོགས་པ་ལ་ཐལ་རང་གི །རིགས་པ་དོན་མེད་རྣམ་འགྲེལ་གྱི། །མཛད་པོའི་རིགས་པ་ཁོ་ནས་གྲུབ། །དེ་ལ་འཇུག་བྱེད་ཞི་གནས་ཀྱི། །སྒྲུབ་ཚུལ་གཞུང་གཞན་ལས་བྱུང་བཞིན། །རང་གསལ་བ་དེ་རིགས་པ་ཡིས། །དཔྱད་མི་བཟོད་ཕྱིར་ཀུན་རྫོབ་ཀྱི། །བདེན་ཞེས་སྨྲས་ན་སངས་རྒྱས་ལ། །དེ་ལས་གཞན་དུ་སྣང་མེད་ཕྱིར། །དམ་པའི་དོན་གྱི་བདེན་ཁོ་ན། །དེ་འདྲ་སེམས་ཙམ་རྣམ་བརྫུན་པའི། །སྒོམ་ཞེས་སྨྲ་མོད་རྗེས་ཐོབ་ཚེ། །རྟེན་ཅིང་འབྲེལ་པར་འབྱུང་རྟགས་ཀྱིས། །ཡོད་མེད་ལ་སོགས་མཐའ་ཀུན་དང༌། །བྲལ་བར་བྱས་པའང་འདི་ལ་སྲིད། །སོ་མ་མ་བཅོས་ལྷུག་པ་ཡི། །འཇོག་ཚུལ་མུ་སྟེགས་བྱེད་པ་ཡང༌། །བསམ་གཏན་དངོས་གཞི་ལ་ཡོད་ཅེས། །ཟེར་མོད་བདག་ཏུ་འཛིན་པ་ཡིས། །བཅིངས་ཕྱིར་ཐར་པའི་ལམ་མ་ཡིན། །རྨོངས་རྣམས་སེལ་བྱེད་སྟོང་ཉིད་ཀྱི། །ངོས་འཛིན་སྒྱུ་མ་རིགས་གྲུབ་དང༌། །རབ་ཏུ་མི་གནས་ལས་གཞན་པ། །ཡོད་མིན་ཟེར་མོད་གསང་སྔགས་སུ། །ཉམས་སུ་བླང་བྱའི་སྟོང་པ་ཉིད། །དེ་དེར་མ་འདུས་དེ་ཉིད་ནི། །བདེ་ཆེན་པོ་ལས་གཞན་དུ་མེད། །དབུ་མའི་བསྒོམ་མཐར་ཕྱིན་པ་ལ། །གྲངས་མེད་གསུམ་གྱི་དཀའ་སྤྱད་ནི། །དགོས་པར་མ་ངེས་བྱམས་ཆོས་ནས། །གང་བཤད་དབུ་མའི་ཡེ་ཤེས་དེ། །ཐེག་མཆོག་ལམ་གྱི་རིམ་པ་གཉིས། །སྒྲུབ་པའི་གཞི་དང་ཐབས་མཆོག་ཕྱིར། །མེད་པར་དགག་པའི་སྟོང་ཉིད་ལ། །དགོངས་ནས་གུར་དུ་འདི་སྐད་ཅེས། །གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མིན་ཕྱིར། །ཞེས་བཤད་ནས་ནི་དེ་འོག་ཏུ། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །ཞེས་གསུངས་པ་དེ་མཁས་པར་སློབ། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་དགེ་བས་གངས་ཅན་ན། །ཟླ་འོད་གཞོན་ནུའི་རྣམ་དཔྱོད་ཀྱིས། །རྩལ་བཏོན་ཕྱག་རྒྱ་ཆེན་པོའི་ལུགས། །འཛིན་པོར་ཁས་ལེན་བྱེད་མཐའ་དག །རང་གཞུང་ཚུགས་པར་འཛིན་མིན་པ། །ལ་ལ་ཐེག་མཆོག་ཕྱག་རྒྱ་ཆེ། །ས་ར་ཧས་གསུངས་ངོ་སོར་བྱེད། །འགའ་ཞིག་སྙིང་པོའི་གཞུང་དག་ཏུ། །ཡིད་མི་བྱེད་གསུངས་ལ་འཁྲུལ་ནས། །མེད་པར་དགག་པའི་སྟོང་པ་ཉིད། །ཁོ་ན་ལྷུར་བླངས་ཅ་ཅོ་ཡིས། །རྟོགས་ལྡན་ཡེ་ཤེས་ཀུན་སུན་འབྱིན། །ཁ་གཅིག་བཀའ་ཕྱག་ཆུ་བོ་ཆེ། །གཉིས་འདུས་ཟེར་བའི་ཁ་སྐད་ལ། །འཁྲུལ་ནས་ཇོ་བོའི་དབུ་མ་ཡི། །མན་ངག་ལྷུར་ལེན་བྱེད་པོ་ཡོད། །དེ་ཡི་དབུ་མ་རྟོག་བཅས་དང༌། །རྟོག་མེད་ཤེས་པའི་སྤྱོད་ཡུལ་མིན། །འདི་བཤད་ཕྱག་རྒྱ་ཆེན་པོའི་ལམ། །གོམས་བྱེད་རྣལ་འབྱོར་པ་དེ་ནི། །གསང་སྔགས་ཆེན་པོར་ཞུགས་ཟིན་ནམ། །ད་ལྟ་ཞུགས་ཟིན་པ་མིན་ཡང༌། །དབང་དང་བྱིན་གྱིས་རློབ་ཐོབ་ནས། །ཆོས་དྲུག་དང་ནི་རིམ་པ་ལྔའི། །འོད་གསལ་བ་ལས་ཟུང་འཇུག་སྐུ། །ལྡང་ལ་ཚེགས་ཡོད་མ་ཡིན་ནོ། །དེ་ལྟར་ལུགས་འདི་འཆད་པ་པོ། །གཞན་ཟེར་དགག་དང་རང་གི་ལུགས། །བཞག་དང་བརྒལ་ལན་རྒྱས་བཤད་པའི། །བྱུང་ཚུལ་རིམ་པ་རྣམ་གསུམ་གྱིས། །ཕྱག་ཆེན་ཡིད་བཞིན་ནོར་བུ་ཡི། །དྲི་མ་ཕྲ་རགས་ཀུན་སྦྱངས་ནས། །ཚད་ལྡན་གཞུང་ཆེན་མང་པོ་ཡི། །རྒྱལ་མཚན་རྩེ་མོར་འདི་བཀོད་པ། །དེ་ཚེ་གང་གང་ལ་དགའ་བའི། །རེ་འདོད་གསོལ་བ་དུས་སུ་ཐེབས། །དགོས་འདོད་ཆར་ཆེན་འདིར་ཕེབས་ཤོག །ཅེས་ཕྱག་རྒྱ་ཆེན་པོའི་ཤན་འབྱེད་ཀྱི་བསྟན་བཅོས། གྲུབ་པ་མཆོག་གི་དགོངས་པ་རྣམ་ངེས། ཞེས་བྱ་བ་འདི་ནི། ལུགས་དེ་ལ་མི་ཕྱེད་པའི་དགོངས་པ་རྣམ་པར་དཀར་བའི་ས་སྐྱོང་མཆོག་གིས་གསོལ་བ་བཏབ་པའི་ངོར་བགྱིས་ནས། འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས། རང་ལོ་དོན་དྲུག་པ་ལ་ཉེ་བར་སྦྱར་བའི། ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ།།  ༈  །།ཕྱག་རྒྱ་ཆེན་པོའི་ཤན་འབྱེད་བཞུགས།། ༄། །ན་མོ་བུདྡྷ་ཡ། ཉོན་མོངས་པ་དང་ཤེས་བྱ་ཡི། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །དེ་སྟོན་མཛད་དང་དེ་འཛིན་ལ། །རབ་ཏུ་གུས་པས་ཕྱག་བཙལ་ནས། །སྔོན་དུས་གངས་ཅན་ཡུལ་ལྗོངས་སུ། །ངེས་དོན་ཉི་མ་ཆེ་འབར་བ། །སྒྲིབ་བྱེད་སྤྲིན་སྟུག་དང་བྲལ་ཡང༌། །མཁས་འགའ་བརྟག་ཅིང་དཔྱོད་པར་མཛད། །དེ་དུས་སྟོང་ཉིད་ཉི་མ་ནི། །མུན་པའི་མལ་དུ་གཟིམས་གྱུར་ནས། །ལོ་གྲངས་བརྒྱ་ཕྲག་གཅིག་ཏུ་ཉེ། །སྟོང་ཉིད་འཆོལ་གཏམ་གཅིག་ཏུ་འདྲེས། །ཟླ་འོད་གཞོན་ནུའི་ངེས་དོན་ལ། །ཕྱག་རྒྱ་ཆེན་པོའི་མཚན་འདོགས་པ། །འཐད་དང་མི་འཐད་ཙམ་ཞིག་ནི། །སྔོན་གྱི་འབེལ་བའི་གཏམ་དུ་སྣང༌། །དེ་དུས་སོ་སོའི་ལུགས་འཛིན་པ། །མཐའ་དག་རང་རང་ལུགས་བོར་ནས། །ཕྱིས་དུས་རང་གཟོའི་ལམ་ཆེན་པོར། །ཀུན་ཀྱང་ཞུགས་ཟིན་མ་ཡིན་ནམ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པ་དམ་བཅའ་བ་སྔོན་དུ་བཏང་ནས། སྐབས་སུ་བབ་པའི་འབེལ་གཏམ་དུ་གླེང་བ་ནི། ཇི་སྐད་དུ། ད་ལྟའི་ཕྱག་རྒྱ་ཆེན་པོ་དང༌། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས། །ཡས་འབབ་མས་འཛེག་ཅེས་བྱ་བ། །རིམ་གྱིས་པ་དང་ཅིག་ཅར་བའི། །མིང་འདོགས་སྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་འགའ་ཡང་མེད། །ཅེས་དང༌། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྟུང༌། །གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང༌། །དབུ་མའི་བསྒོམ་ལས་འདའ་བ་མེད། །དབུ་མའི་བསྒོམ་དེ་བཟང་མོད་ཀྱི། །དེ་ཉིད་འགྲུབ་པ་ཤིན་ཏུ་དཀའ། །གྲངས་མེད་གསུམ་གྱི་དཀའ་སྤྱད་དགོས། །ཞེས་པ་ལ། དྲི་བ་དང༌། ལན་ནོ། །དང་པོ་ནི་གལ་ཏེ། ཕྱག་ཆེན་ཡས་འབབ་ཀྱི་ལྟ་བ་དང༌། ཧྭ་ཤང་གི་ལམ་ཅིག་ཅར་བའི་ལྟ་བ་ཁྱད་མེད་ན། ཕྱག་ཆེན་པས། བྱམས་པ་སྙིང་རྗེ་ཕ་རོལ་ཏུ་ཕྱིན་པ་ལྔ་དང༌། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་སོགས་ལམ་དུ་མི་འདོད་པར་འགྱུར་ལ། འདོད་ན་ཕྱག་ཆེན་པས་ཐབས་ཀྱི་ཆ་དེ་དག་ལ་ཤིན་ཏུ་གཅེས་སྤྲས་ཆེ་བར་བཤད་པ་དང་འགལ། ཡང་ཕྱག་ཆེན་གྱི་ལྟ་བ་དཀར་པོ་ཆིག་ཐུབ་ཏུ་མི་འཐད་ན། ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་དྲུག་ཀ་འདུས་པར་འཆད་པ་དང་འགལ། ཞེས་རྒོལ་བ་དང༌། ཡང་ཕྱག་ཆེན་བླུན་པོས་བསྒོམ་པ་དེ་དུད་འགྲོའི་རྒྱུ་རུ་གསུངས་ཞེས་ཟེར་ན། དེ་ལྟར་གསུངས་པའི་ལུང་གང་ཡིན། དེ་དེའི་འཕེན་བྱེད་ཀྱི་རྒྱུ་དང༌། འགྲུབ་བྱེད་རྒྱུ་གང་དུ་འཆད། ཕྱག་ཆེན་གྱི་ལྟ་བ་དེ་ཉོན་མོངས་པར་འདོད་དམ། དེས་ཀུན་ནས་བསླངས་པའི་ལས་སུ་འདོད། དེ་དག་གང་དུ་འདོད་ཀྱང་དབུ་མའི་ལྟ་བ་དེ་ལས་དང་ཉོན་མོངས་པ་གང་རུང་དུ་ཁས་བླངས་ན་སྐྱོན་ཅི་ཡོད། ཡང་དེ་དུད་འགྲོའི་རྒྱུ་བྱེད་པ་དེ་ཆོས་ཀྱི་སྐྱོན་ཡིན་ནམ་སྒོམ་པ་པོ་གང་ཟག་གི་སྐྱོན་ཡིན། དང་པོ་ལྟར་ན། བླུན་པོས་ཟེར་ཅི་དགོས། མཁས་པས་བསྒོམ་ན་ཡང༌། ངན་སོང་གི་རྒྱུར་མི་འགྲོ་བའི་ཤེས་བྱེད་གང་ཡིན། གཉིས་པ་ལྟར་ན། དེའི་ཚེ་བླུན་པོས་ལམ་འབྲས་དང་གསང་འདུས་རིམ་ལྔ་ལ་སོགས་པ་བསྒོམ་ན་ཡང་དུད་འགྲོའི་རྒྱུར་མི་མཚུངས་པའི་རྒྱུ་མཚན་ཅི་ཡིན། ཡང་ཕྱག་ཆེན་བསྒོམས་པས་འགོག་པར་ལྟུང་ཞེས་པའི་འགོག་པ་དེ་གང་ལ་བྱེད། འགོག་པའི་སྙོམས་འཇུག་དང༌། ལྷག་མེད་ཀྱི་མྱང་འདས་གང་ལ་བྱེད་ཀྱང༌། དེ་དག་མངོན་དུ་བྱེད་པ་ལ་འདས་ལམ་དགོས་པས་ལྟ་བ་དེ་རྣམ་དག་དུ་འགྱུར། ཡང་ཧྭ་ཤང་གི་ལྟ་བ་དང་རྗེ་དྭགས་པོའི་ལྟ་བ་དོན་གཅིག་པ་མིན་ཏེ། རྗེ་དྭགས་པོས་མཛད་པའི་ལམ་མཆོག་ཐར་པའི་རྒྱན་ལས། ཤེར་ཕྱིན་གྱི་ལྟ་བ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་འགྲོ་བའི་ཚུལ་རྒྱས་པར་གསུངས་པའི་ཕྱིར། ཞེས་པའོ། །གཉིས་པ་ལ་གཉིས་ཏེ། དོན་གྱིས་ཁོག་ཕུབ་པ་དང༌། དངོས་ལན་གདབ་པའོ། །དང་པོ་ལ་གཉིས་ཏེ། ཕྱག་རྒྱ་བར་གྲགས་པ་དག་གིས་བཞེད་པའི་རྩ་བ་ངོས་བཟུང༌། རྗེས་འཇུག་གི་འདོད་པས་སོ་སོར་བཏགས་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། རྩ་བའི་གཞུང་གང་ལས་བྱུང་བ། དམིགས་པ་ཡུལ་གྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ། དམིགས་བྱེད་བློའི་ཕྱག་རྒྱ་ཆེན་པོ་གང་ཡིན་པའོ། །དང་པོ་ནི། དཔལ་ས་ར་ཧའི་གཞུང་དྭ་ཧ་སྐོར་གསུམ་ཡན་ལག་དང་བཅས་པ་ནི་འདིའི་ཁུངས་སོ། །གཉིས་པ་ནི། གཉུག་མ་སེམས་ཀྱི་རང་བཞིན་འོད་གསལ་བ་འདི་ཉིད་དོ། །འདི་ལ་ནི་མིང་གི་རྣམ་གྲངས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། །བདེ་བར་གཤེགས་པའི་སྙིང་པོ་དང༌། བདེ་བ་ཆེན་པོ་དང༌། རང་བཞིན་ཆོས་སྐུ་ཞེས་བྱའོ། །གསུམ་པ་ནི། ཡུལ་དེ་ཉིད་ཉམས་སུ་མྱོང་བའི་ཡེ་ཤེས་ཏེ། རྗེ་མཐུན་པ་སོ་སྐྱེ་ལ་ཡང་ཡོད་པ་དང༌། མཚན་ཉིད་པ་འཕགས་པ་ལ་ཡོད་པའི་དབྱེ་བས་གཉིས་སོ། །དེ་ལྟ་བུའི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། ཕྱག་རྒྱ་འདིས་མ་བཏབ་པ་དང་མ་ཐེབས་པའི་ཤེས་བྱ་ཅི་ཡང་མ་དམིགས་པའི་ཕྱིར་རོ། །ཕྱག་རྒྱ་དེས་མ་ཐེབས་པའི་ཆོས་གང་ཡང་ཡོད་པ་མ་ཡིན་མོད། དེ་སྔོན་དུ་བྱེད་པའི་ཐབས་ནི་གཉིས་ཏེ། ཕྱི་མཚན་ཉིད་ཀྱི་ཐེག་པའི་ལུགས་དང༌། ནང་རྣལ་འབྱོར་པའི་ལུགས་སོ། །དང་པོ་ནི། ཐོས་བསམ་གྱི་རིགས་པས་གཏན་ལ་འབེབས་པའོ། །དེ་ལྟར་གཏན་ལ་ཕབ་ནས་སྒོམ་བྱུང་གི་ཤེས་པས་ཉམས་སུ་མྱོང་བྱར་གྱུར་པའི་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ལའང་ངོས་འཛིན་ཚུལ་མི་འདྲ་བ་གཉིས་ཏེ། དབུ་མ་ངོ་བོ་ཉིད་མེད་པ་བས་མེད་དགག་ནམ་མཁའ་ལྟ་བུར་བཞེད་པ་དང༌། དབུ་མ་རྣལ་འབྱོར་སྤྱོད་པ་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་པའོ། །དེ་ལྟར་འདོད་པ་དེ་གཉིས་ལ་ཐོས་བསམ་གྱི་རིགས་པས་གཏན་ལ་འབེབས་ཚུལ་ཡང་མི་འདྲ་བ་གཉིས་ཏེ། རང་སྟོང་གི་ཚུལ་གྱིས་དང༌། གཞན་སྟོང་གི་ཚུལ་གྱིས་སོ། །ལུགས་དང་པོ་ལས་བྱུང་བའི་ཉམས་སུ་མྱོང་བྱ་དེ་ནི་ཕྱག་ཆེན་གྱི་རྩ་བའི་གཞུང་དང་མ་མཐུན་མོད་ཀྱང༌། མཐའ་བྲལ་དུ་གཏན་ལ་ཕབ་ནས། ཟུང་འཇུག་དུ་ཉམས་སུ་ལེན་པ་ཞེས་བྱ་བ་དེར་འཆད་པ་ནི། བཀར་རྒྱུད་པའི་ལུགས་ཀྱི་ཕྱག་ཆེན་དེར་བཞག་ཏུ་རུང་བ་ཡིན་ནོ། །གཉིས་པ་ནང་རྣལ་འབྱོར་པའི་ལུགས་སུ་བྱས་པའི་ཐབས་མཁས་ལ་གསུམ་སྟེ། བླ་མའི་བྱིན་བརླབས་ཀྱི་ཐབས་མཁས་ལ་བརྟེན་པ་དང༌། ཡེ་ཤེས་པ་ཕབ་པའི་ཐབས་དང༌། དབང་བསྐུར་བའི་ཐབས་ལས་མངོན་དུ་བྱས་པའོ། །ཐབས་འདི་གསུམ་གྱིས་མངོན་དུ་བྱས་པའི་ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་ལ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་མངོན་དུ་འགྲོ་དགོས་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ལུགས་སོ་སོ་བ་ཡིན་པའི་ཕྱིར། ལུགས་གཉིས་ལས་ཕྱི་མ་འདི་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཐབས་དེ་གསུམ་གྱི་ལྟ་བ་དུག་མེད་སྐད་ཅིག་ཙམ་ལ་མངོན་དུ་བྱས་པའི་ཕྱིར་དང༌། ལུགས་སྔ་མ་སོ་སོར་རྟོག་པའི་ཤེས་རབ་ཀྱི་མངོན་དུ་བྱས་པ་དེ་ནི་རྟོག་པ་དང་བཅས་པའི་ཕྱིར་རོ། །མྱོང་བྱེད་ཀྱི་ལྟ་བ་ལ་ཁྱད་པར་ཡོད་པ་ཁོ་ནར་མ་ཟད་ཉམས་སུ་མྱོང་བྱའི་ངེས་དོན་དེ་ཡང་ཕྱི་མ་ཁྱད་པར་དུ་འཕགས་པ་ཡིན་ཏེ། ལུགས་སྔ་མའི་སྟོང་ཉིད་མེད་དགག་དེ་ནི་དངོས་པོར་མེད་པ་དང་སྤྱི་མཚན་ལས་མ་འདས་པས་ཀུན་རྫོབ་བདེན་པར་བཤད་པ་ཡིན་གྱི། ངེས་དོན་དུ་མི་རུང་བའི་ཕྱིར་དང༌། ཡུལ་ཅན་བློ་རྟོག་པ་ལས་མ་འདས་པའི་ཕྱིར། ཡང་རྒྱུད་བླ་སོགས་བྱམས་ཆོས་པས། འདོད་པ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གནས་ལུགས་ཡུལ་གྱི་ཕྱག་རྒྱ་ཆེན་པོར་འཆད་པ་དེའི་ཚེ་ནི་སྔགས་ལུགས་དང་ཁྱད་པར་མེད་དོ། །དེ་ལྟར་མངོན་དུ་བྱེད་པའི་ཐབས་བཟང་ངན་གྱི་རིམ་པ་ལས་བྱུང་བའི་ཡུལ་ཅན་རང་རིག་པའི་ཡེ་ཤེས་དེ་ལ་བཟང་ངན་གྱི་རིམ་པ་ཡོད་ཀྱང༌། ཕྱི་ནང་གི་ཐབས་མཁས་དེ་དག་གིས་མངོན་དུ་བྱས་པའི་རང་རིག་པའི་ཡེ་ཤེས་དེ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སུ་འདྲ་བ་ཡིན་ཏེ། བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཡིན་པའི་ཕྱིར། དེའི་ཚེ་བདེ་བ་ནི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ། སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ངོ་བོ་དབྱེར་མེད་དུ་བཞུགས་པ་དེ་ཡིན་ལ། སྟོང་པ་ནི། གཟུང་འཛིན་གཉིས་དང་ཡོད་མེད་སོགས་སུ་ཞེན་པའི་རྟོག་པས་སྟོང་པའོ། །དེ་ན་ཡུལ་གྱི་ཕྱག་རྒྱ་ཆེན་པོ་ནི། གཉུག་མ་ཡེ་ཤེས་ཀྱི་ངོ་བོར་གནས། སྟོང་ལུགས་སྤྲོས་པའི་མཐར་ཞེན་པའི་རྟོག་པས་སྟོང༌། རྟོགས་ལུགས་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པའོ། །འཁོར་འདས་ཀྱི་རྣམ་རོལ་ཇི་སྙེད་པ་འདི་ལས་ལོགས་སུ་གྱུར་པ་ནི་ཅི་ཡང་ཡོད་པ་མ་ཡིན་ཏེ། འདི་ཇི་སྲིད་མ་རྟོགས་པ་དེ་སྲིད་དུ་འཁོར་བ་དང༌། རྟོགས་ནས་མྱ་ངན་ལས་འདས་པར་འཇོག་པའི་ཕྱིར། དེ་བས་ན་མཉམ་གཞག་བདེ་བ་ཆེན་པོར་འཆད་པ་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུར་འཆར་བ་གཉིས་ཀ་ཡང་གནས་ལུགས་སོགས་གསུམ་གྱི་ངོས་ནས་ཕྱག་རྒྱ་ཆེན་པོར་ཁྱད་པར་མེད་དོ། །མདོར་ན་རྒྱུད་སྡེ་དང༌། བྱམས་ཆོས་དང༌། དྭ་ཧ་བསྐོར་གསུམ་ནས་འབྱུང་བའི་ངེས་དོན་གྱི་གནས་ལུགས། སྟོང་ལུགས་དང༌། རྟོགས་ལུགས་འདི་ཁོ་ནར་ངེས་ལ། དོན་འདི་ལ་ཕྱག་རྒྱའི་བླ་མ་གོང་མ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་ཐ་སྙད་མཛད་པ་ཡིན་ནོ། །འདི་ལ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་བའི་ཐ་སྙད་ཀྱང་སྔགས་དང་ཕར་ཕྱིན་གཉིས་ནས་འབྱུང་བ་ཡིན་ལ། དེའི་གོ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་དུ་སླེབས་པ་ན། བྱང་ཕྱོགས་དང་བྱམས་སྙིང་རྗེ་སོགས་རྣམ་བྱང་གི་ཡོན་ཏན་ཇི་སྙེད་པ། བདེ་བ་ཆེན་པོའི་མིང་ཅན་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རོ་གཅིག་པའི་ཕྱིར་རོ། །དེའི་ཚེ་སྨན་དཀར་པོ་ཆིག་ཐུབ་དང་འདྲ་བ་ཡིན་ནོ། །ཞེས་བྱ་བ་འདི་བཞེད་པར་ངེས་སོ། །གཉིས་པ་རྗེས་འབྲང་གིས་འདོད་པས་སོ་སོར་བརྟགས་པའི་ཚུལ་ལ། སྤྱིར་བསྟན་པ་དང་སོ་སོར་བཤད་པའོ། །དང་པོ་ནི་ཕྱག་རྒྱ་བར་གྲགས་པའི་སྒོམ་ཆེན་པ་མཐའ་དག་འདི་སྐད་ཅེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་འདི་ཐོས་བསམ་དང་བཤད་པས་མི་རྟོགས། བླ་མས་བསྟན་དུ་མེད། སློབ་མས་བསྒོམ་དུ་མེད། སྦྱོར་དུས་སུ་བླ་མའི་བྱིན་བརླབས་དང་སློབ་མའི་མོས་གུས་ལ་བརྟེན་ནས། དངོས་གཞིའི་དུས་སུ་གཉུག་མའི་སེམས་མ་བཅོས་པ་ལྷུག་པར་འཇོག དེ་ལྟར་བཞག་པས་མཉམ་གཞག་ཏུ་སེམས་གསལ་སྟོང་ཟུང་འཇུག་དུ་འཆར། རྗེས་ཐོབ་ཏུ་ཡུལ་སྣང་སྟོང་འཛིན་མེད་དུ་འཆར། དེའི་ངང་ནས་གང་ཤར་ཐམས་ཅད་འཛིན་མེད་དུ་ལོངས་སྤྱོད་པ་ཡིན་གྱི། སྒོ་གསུམ་འབད་བརྩོལ་གྱི་བྱ་བས་འཚང་མི་རྒྱ། ཞེས་པའོ། །གཉིས་པ་ནི། ཕྱག་ཆེན་པ་ལ་ལའི་གསུང་གིས། སྤྱིར་བསྒོམ་པ་པཎྜི་ཏའི་དཔྱད་བསྒོམ་དང་ཀུ་ས་ལི་པའི་འཇོག་བསྒོམ་གཉིས་ལས། རང་རེ་ཕྱི་མའི་ལུགས་ཡིན། འདི་ལ་སྔོན་འགྲོ་ལོགས་པ་གཅིག་བསྟན་རྒྱུ་མེད། དངོས་གཞི་ལོགས་པ་གཅིག་བསྒོམ་རྒྱུ་མེད། སྦྱོར་དངོས་རྗེས་གསུམ་ཐམས་ཅད་དུ་སེམས་མ་བཅོས་པ་ལྷུག་པར་འཇོག་པ་ཉིད་ལ་ཕྱག་རྒྱ་ཆེན་པོ་ཞེས་ཟེར་བ་ཡིན། ཞེས་གསུངས། ལ་ལའི་གསུང་གིས། གདུལ་བྱའི་གང་ཟག་ལ། རིམ་གྱིས་པ་དང་གཅིག་ཅར་བ་གཉིས། དང་པོ་ལ་སྐྱབས་འགྲོ་སེམས་སྐྱེད་དབང་བྱིན་བརླབས་སོགས་ཀྱིས་གསང་སྔགས་ཀྱི་སྣོད་རུང་དུ་བྱས། བཟོད་ཕྱག་རྒྱ་ཆེན་པོ་འདི་སྟོན་པ་ཡིན་ནོ། །ཅིག་ཅར་བ་ཚེ་རབས་མང་པོར་རྒྱུད་ཡོངས་སུ་སྨིན་པ་ལ་ཚེ་འདིར་སྔོན་འགྲོ་སོགས་ཀྱི་མགོ་སྐོར་ལ་མ་ལྟོས་པར་དང་པོ་ཉིད་ནས་དངོས་གཞི་དེ་སྟོན་པ་ནི། དེ་ཡང་ཕྱག་རྒྱ་ཆེན་པོ་དེ་འདི་ཡིན་ཞེས་སྟོན་ནུས་པ་མ་ཡིན་གྱི། འོན་ཀྱང་སེམས་མ་བཅོས་ལྷུག་པར་ཞོག་ཤིག་ཅེས་བསྟན་པ་ཙམ་གྱིས་བརྡའ་དོན་འཕྲོད་ནས་འོང་པ་ཡིན་གསུངས། ཡང་ལ་ལའི་གསུང་གིས་ཅིག་ཅར་བའི་ཉམས་ལེན་འདི་ལྟ་བ་ཡས་འབེབས་བྱ་བ་ཡིན། རིམ་གྱིས་པའི་ལྟ་བ་འདི་ལ་སྤྱོད་པ་མས་འཛེག་བྱ་བ་ཡིན། ལྟ་བ་རྟོགས་ན་སྤྱོད་པ་ལ་མ་འབད་ཀྱང་ལྷུན་གྱིས་གྲུབ་པ་ཡིན། ཞེས་གསུངས། ཡང་ལ་ལའི་གསུངས་གིས། ཕྱི་མཚན་ཉིད་པ་ལྟར་ན་ས་ལམ་གྱི་རྣམ་གཞག་མང་པོ་བྱེད་ཀྱང་ངེད་ཀུ་ས་ལི་པའི་ལུགས་ཀྱིས། རྩེ་གཅིག་སྤྲོས་བྲལ། རོ་གཅིག བསྒོམ་མེད་བཞི་ལས་ལྷག་པ་མི་དགོས། ཡང་ན་ཉམས་དང་གོ་བ་དང༌། རྟོགས་པ་ཞེས་བྱ་བ་གསུམ་དུ་འདུས། ས་དང་ལམ་དང་སངས་རྒྱས་ཐམས་ཅད་ཀྱང་སེམས་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བ་འདི་ཉིད་དུ་འདུས་གསུངས། ཡང་ལ་ལའི་གསུང་གིས། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་རྩི་བའི་རྨོངས་པ་འཁྲུལ། །ཞེས་བཏོན་ནས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གཅིག་ཉིད་ལ་མཉམ་པར་བཞག་པས། ལོ་ཟླ་ཙམ་གྱིས་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས། མདོར་ན་ས་ར་ཧའི་ལུགས་འདི་གདུལ་བྱ་གཅིག་ཅར་བའི་ལུགས་སུ་བྱས། ལམ་ཅིག་ཅར་བ་ཉིད་ཡང་སྟོན། ཅིག་ཅར་བ་དེ་ཡང་དབང་པོ་ཇི་ལྟར་རྟུལ་ཡང༌། རྩེ་གཅིག་སོགས་བཞི་ལས་ལྷག་པའི་རིམ་པ་མི་དགོས། དབང་པོ་རྣོ་ན་བླ་མས་ཚིག་གཅིག་མ་བསྟན་ཀྱང་མོས་གུས་ཙམ་གྱིས་རྟོགས་པ་འདི་འཆར། རྟོགས་པ་འདི་ལམ་དུ་བྱས་ནས་འཚང་རྒྱ་བ་ལ་བསྐལ་པ་གྲངས་མེད་ལ་སོགས་པའི་དཀའ་སྤྱད་དང་ས་ལམ་གྱི་རིམ་པ་ཕ་རོལ་ཏུ་ཕྱིན་པ་ནས་བཤད་པ་ལྟར་བགྲོད་དགོས་པ་མ་ཡིན་ནོ། །ཞེས་བཞེད་པ་ཡིན་ནོ། །གཉིས་པ་དངོས་ལན་བཏབ་པ་ལ་གཉིས་ཏེ། དོན་དེ་ལ་ས་སྐྱ་པས། དགག་པ་ཇི་ལྟར་མཛད་པ་ནི་ཕྱི་མའི་དུས་འདིར་སྟོང་སྐད་སྨྲ་བ་པོ་མཐའ་དག་ལུགས་གཉིས་ལས་ཉམས་པར་བསྟན་པའོ། །དང་པོ་ནི་འདི་སྐད་ཅེས་འཆད་པ་ཡིན་ཏེ། ཁྱེད་ཀྱི་ཕྱག་ཆེན་པོའི་ལྟ་བ་འདི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ནམ། སྔགས་ཀྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། དང་པོ་ལྟར་ན་མི་འཐད་པ་གསུམ་སྟེ། ཐོས་བསམ་གྱི་ཤེས་རབ་སྔོན་དུ་མ་སོང་པས་ན་མི་འཐད། ལམ་ལྔ་ས་བཅུའི་རྣམ་བཞག་ཁས་མི་ལེན་པས་དེར་མི་འཐད། གྲངས་མེད་གསུམ་གྱི་དཀའ་སྤྱད་དགོས་པར་མི་འདོད་པ་མི་འཐད་པའོ། །གཉིས་པ་ལྟར་ན་ཡང་མི་འཐད་པ་གསུམ་སྟེ། རྣལ་འབྱོར་རྒྱུད་ཀྱི་ཕྱག་ཆེན་དུ་མི་འཐད། རྣལ་འབྱོར་བླ་མེད་ཀྱི་ཕྱག་ཆེན་དུ་མི་འཐད། ལས་དང་ཡེ་ཤེས་དང་ཕྱག་རྒྱ་ཆེན་མོ་གསུམ་དུ་མ་གཏོགས་པས་ན་དེར་མི་འཐད་པའོ། །གལ་ཏེ་སྔགས་སུ་འཐད་པ་ཡིན་ཏེ། བླ་མའི་བྱིན་བརླབས་ཀྱི་སྟོབས་ཀྱིས་རྟོགས་པའི་ལྟ་བ་ཡིན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། ཁྱེད་ཀྱིས་གང་ལ་མོས་གུས་བྱས་པའི་སྟོབས་ཀྱིས་རང་བྱུང་གི་ཡེ་ཤེས་སྐྱེད་པར་ཁས་ལེན་པའི་བླ་མ་དེ་ལ། ཁྱེད་ཀྱིས་དབང་བསྐུར་ཕྱིན་ཅི་མ་ལོག་པ་ཐོབ་ན། ཇི་སྐད་དུ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །ཞེས་གསུངས་པ་དེ་ལྟར་ཡིན་མོད་ཀྱང༌། དབང་མ་བསྐུར་བས་བླ་མར་མི་འཐད་དོ། །ཞེས་སྟོན་པ་ནི། ཇི་སྐད་དུ། དབང་མ་བསྐུར་ལ་བླ་མ་མེད། །ཅེས་དང༌། བླ་མ་ལ་ནི་མོས་ན་ཡང༌། །དེ་འདྲའི་བླ་མ་བླ་མ་མིན། །ཞེས་བཤད་དོ། །གལ་ཏེ་ངེད་ཀྱི་ལྟ་བ་འདི་ཕ་རོལ་ཏུ་ཕྱིན་པའི་ལུགས་སུ་འཐད་དེ། རྗེ་དྭགས་པོ་བའི་གསུང་གིས། ངའི་ཕྱག་རྒྱ་ཆེན་པོ་འདི་ཐེག་པ་ཆེན་པོ་རྒྱུད་བླ་མའི་ལྟ་བ་དང་དོན་གཅིག་ཅེས་དང༌། ཐར་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་སུ་ཤེར་ཕྱིན་གྱི་ལྟ་བ་གཏན་ལ་འབེབས་ཚུལ་རྒྱས་པར་བཤད་པ་ན། ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ་ཉིད་བསྒོམ་བྱར་བཤད་པའི་ཕྱིར་སྙམ་ན། དེའི་ཚེ་ཕར་ཕྱིན་ཐེག་པའི་ལུགས་སུ་སོང་བས་ཕྱག་རྒྱ་ཆེན་པོ་བའི་ཐ་སྙད་མི་འཐད། གྲངས་མེད་གསུམ་གྱི་དཀའ་སྤྱད་མི་དགོས་པ་མི་འཐད། ཁྲིད་ཀྱི་སྔོན་འགྲོའི་དུས་སུ་ལྟ་བ་གཏན་ལ་མི་འབེབས་པར་ལུས་ངག་ཡིད་གསུམ་རང་བབས་སུ་བཞག་པས་ཆོག་པར་འདོད་པ་དེ་མི་འཐད་པའོ། །ཞེས་འཆད་པ་ནི་ཇི་སྐད་དུ། གལ་ཏེ་འདི་བཞིན་བསྒྲུབ་འདོད་ན། །རྡོ་རྗེ་ཕག་མོའི་བྱིན་བརླབས་མེད། །ལྷན་སྐྱེས་ལ་སོགས་འདིར་མི་བསྒོམ། །གཏུམ་མོ་ལ་སོགས་ཐབས་ལམ་བྲལ། །ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད། །ཚེ་འདི་འམ་ནི་བར་དོ་དང༌། །ཕྱི་མར་འཚང་རྒྱ་ཁོང་མི་བཞེད། །ཅེས་སོ། །ཡང་རྒྱུད་བླའི་ལྟ་བ་དེ་ཉམས་སུ་ལེན་པ་ལ་ནི་ཐོས་བསམ་སྔོན་དུ་འགྲོ་དགོས་ཏེ། མདོ་སྡེ་རྒྱན་ལས། གལ་ཏེ་མ་ཐོས་པར་ཡང་བསྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་པ་འགྱུར། །ཞེས་སོ། །གཏན་ལ་འབེབས་ལུགས་ཀྱང༌། ཐོག་མར་སྣང་བ་སེམས་དང༌། དེ་ནས་གཟུང་བ་བདེན་མེད་དང༌། དེ་ནས་འཛིན་པ་མེད་པར་ཐག་བཅད་ནས། དངོས་གཞི་ཚེ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ལ་མཉམ་པར་འཇོག་པ་ཉིད་བྱམས་ཆོས་ཀྱི་དགོངས་པ་མ་ཡིན་ལ། དེའི་ཚེ་ནི་བསྒོམ་དེ་མཐར་ཕྱིན་པ་ལ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་བསོག་དགོས་པ་ཡིན་ནོ། །ཞེས་འཆད་པ་ནི། ཇི་སྲིད་ཚོགས་གཉིས་མ་རྫོགས་པ། །དེ་སྲིད་བསྒོམ་དེ་མཐར་མི་ཕྱིན། །འདི་ཡི་ཚོགས་གཉིས་རྫོགས་པ་ལ། །བསྐལ་པ་གྲངས་མེད་དགོས་པར་གསུངས། །ཞེས་དང༌། དབུ་མའི་བསྒོམ་དེ་བཟང་མོད་ཀྱི། །དེ་ནི་འགྲུབ་པ་ཤིན་དུ་དཀའ། །ཞེས་སོ། །གལ་ཏེ་རྒྱུད་བླ་མའི་ལྟ་བ་དེ་རྟོགས་བྱེད་གསང་སྔགས་ཡིན་པས་ཅི་འགལ་སྙམ་ན། དེ་ལྟ་ན་དབང་དང༌། རིམ་གཉིས་སྔོན་དུ་འགྲོ་མི་དགོས་པར་འདོད་པ་འགལ་ལོ། །ཞེས་འཆད་པ་ནི། དབང་དང་རིམ་གཉིས་མི་བསྒོམ་ན། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་སོ། །ཡང་གལ་ཏེ། ངེད་ཀྱི་ལྟ་བ་འདི་ལུགས་གཉིས་པོ་གང་དུ་ཡང་འདུ་བ་མ་ཡིན་ཏེ། རྗེ་དྭགས་པོ་པའི་གསུང་གིས། ངའི་ཕྱག་རྒྱ་ཆེན་པོ་འདི་ལ་ནི་ཆེན་པོ་གསུམ་གྱི་མ་རེག་པ་ཡིན་ཏེ། ཆེན་པོ་གསུམ་ནི། བློས་གཞལ་བློས་བྱས་པ་ཡིན་ལ། །འདི་ནི་བློ་ལས་འདས་པ། །རྒྱུ་དང་རྐྱེན་གྱིས་མ་བཅོས་པ། །ཞེས་གསུངས་པའི་ཕྱིར་རོ། །སྙམ་ན། སྔགས་དང་ཕ་རོལ་ཏུ་ཕྱིན་པ་གང་རུང་དུ་མ་འདུས་པའི་ཐེག་པ་ཆེན་པོ་མི་སྲིད་དོ་ཞེས་སྟོན་པ་ནི། ཡང་ན་ཕ་རོལ་ཕྱིན་པ་ཡི། །མདོ་ལས་ཇི་ལྟར་འབྱུང་བཞིན་གྱིས། །ཡང་ན་རྡོ་རྗེ་ཐེག་པ་ཡི། །རྒྱུད་སྡེ་བཞིན་དུ་ཉམས་སུ་ལོང༌། །འདི་གཉིས་མིན་པའི་ཐེག་ཆེན་ནི། །རྫོགས་སངས་རྒྱས་ཀྱིས་གསུངས་པ་མེད། །ཅེས་སོ། །ཡང་ཁྱེད་ཀྱི་ལྟ་བ་ཡས་འབབས་འདི་ལ་སྤྱོད་པ་ཕྱིན་དྲུག་ལ་སློབ་དགོས་སམ་མི་དགོས་མི་དགོས་ན་རྒྱ་ནག་མཁན་པོའི་ཆོས་ལུགས་སུ་སོང༌། དགོས་ན་རིམ་གྱིས་སམ། ཅིག་ཅར་དུ་སློབ། དང་པོ་ལྟར་ན་སྤྱོད་པ་མས་འཛེག་དང་ཁྱད་པར་ཅི་ཡོད་དམ་ཅིག་ཅར་དུ་ན། ལྟ་སྤྱོད་ཀྱི་ཉམས་ལེན་སོ་སོར་འབྱེད་དམ། ལྟ་བའི་ཁོངས་སུ་སྤྱོད་པ་བསྡུ། དང་པོ་ལྟར་ན། ལྟ་བ་དེ་དཀར་པོ་ཆིག་ཐུབ་དུ་འགལ། གཉིས་པ་ལྟར་ན། ལྟ་སྤྱོད་དབྱེར་མེད་ཀྱི་ལུགས་དེ་སྔགས་ལུགས་ལྟར་ཉམས་སུ་ལེན་ནམ། ཕར་ཕྱིན་ལྟར་ལེན། དང་པོ་ལྟར་ན། དབང་དང་རིམ་གཉིས་ལ་གཙོ་བོར་མི་བྱེད་པ་དང་འགལ། གཉིས་པ་ལྟར་ན། ལས་དང་པོ་པ་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་སུ་མི་འཐད་ཅེས་སྟོན་པ་ནི། ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ནཱ་རོ་དང་ནི་མཻ་ཏྲི་པའི། །ཕྱག་རྒྱ་ཆེན་པོ་གང་ཡིན་པ། །གསང་སྔགས་རྒྱུད་ལས་ཇི་སྐད་དུ། །གསུངས་པ་དེ་ཉིད་ཁོང་བཞེད་དོ། །ཞེས་སོ། །གལ་ཏེ་ཚེ་འདིར་རིམ་གཉིས་སྔོན་དུ་མ་སོང་ཡང༌། ཆོས་འདི་ལ་དད་པ་དང༌། བླ་མའི་བྱིན་རླབས་རྒྱུད་ལ་ཞུགས་པ་དེ་དག ཚེ་སྔ་མ་ལ་དབང་དང་རིམ་གཉིས་ཀྱི་སྦྱངས་པ་སྔོན་སོང་ཡིན་པས་ཅིག་ཅར་བའི་རིགས་ཅན་ནོ། །ཞེས་ཟེར་བ་དེ་ལ་ནི། ཇི་སྐད་དུ། གང་དག་ཐེག་ཆེན་དད་ཐོབ་པ། །དེ་དག་སྔར་སྦྱངས་ཡིན་པས་ན། །དབང་བསྐུར་ཆོ་ག་མི་དགོས་ཟེར། །འོ་ན་སོ་སོར་ཐར་པ་ཡི། །སྡོམ་པ་དག་ལ་མོས་པ་ཡང༌། །སྔ་མའི་སྡོམ་པ་ཡོད་པའི་ཕྱིར། །ད་ལྟ་རབ་ཏུ་བྱུང་མི་དགོས། །ཞེས་སོ། །དེ་དག་གིས་དྲི་བ་དང་པོའི་ལན་བཏབ་ཟིན་ནས། གཉིས་པ་ཕྱག་རྒྱ་ཆེན་པོ་དུད་འགྲོ་དང་གཟུགས་མེད་ཁམས་པར་སྐྱེ་བ་ལེན་པའི་རྒྱུར་འཆད་པ་ཧ་ཅང་ཐལ་ལོ་སྙམ་པ་དེའི་ལན་ནི། འདི་ལྟར་འཆད་དགོས་ཏེ། ཕྱག་ཆེན་པར་གྲགས་པ་རྣམས་ཀྱིས་ལྟ་བ་དེའི་ཁྲིད་ལུགས་ཀྱི་རིམ་པ་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་འགྲོ་དགོས་པའི་བཤད་པ་མེད་ཙམ་དུ་མ་ཟད། དེ་ལྟར་དཔྱད་ན་ཕྱག་རྒྱ་ཆེན་པོ་བློས་བྱས་སུ་སོང་ཞེས་གསུངས་པ་ཉིད་མང་པར་འདུག་ཅིང༌། སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་དབང་བསྐུར་སྔོན་དུ་འགྲོ་དགོས་པའི་བཤད་པ་མི་མཛད་ཅིང༌། བཤད་པ་དེ་མི་མཛད་པ་ཙམ་དུ་མ་ཟད། དབང་ལས་བྱུང་བའི་ལྟ་བ་ཉིད་དུ་ཡང་མི་བཞེད་ལ། དངོས་གཞིའི་དུས་སུ་ནི། ཅི་ཡང་མི་བསམ་མི་མནོ་ཞེས་འཛིན་མེད་དུ་འཇོག་པ་ཉིད་ལས་གཞན་མི་སྣང་བ་དེའི་ཚེ་ན། འདི་ལྟར་གང་ཟག་སྤྱིར་དབང་པོ་རྟུལ་པོ། ཕར་ཕྱིན་ཐེག་པའི་ལྟ་བ་ལ་ཐོས་བསམ་གྱི་སྦྱངས་པ་ནི་སྔོན་དུ་མ་སོང༌། རྡོ་རྗེ་ཐེག་པའི་ལམ་དུ་འཇུག་པའི་སྟ་གོན་ཙམ་ཡང་བྱེད་མ་མྱོང་བ་ཞིག་ལ། བླ་མས་ཕྱག་ཆེན་གྱི་ལྟ་བ་འདི་སྟོན་པ་ཞིག་རྩོད་མེད་དུ་ཡོད་པ་དེའི་ཚེ་གདུལ་བྱ་དེ་བླུན་པོར་འཇོག་པ་འོས་མེད་པ་དེ་ལ། བླ་མས་དབང་པོ་སྦྱོང་བའི་རིམ་པ་གང་ཡང་མ་བསྟན་པར། སྦྱོར་བ་སྔོན་འགྲོའི་ཚེ་ལུས་ངག་ཡིད་གསུམ་མ་བཅོས་ལྷུག་པར་འཇོག་པ་ཙམ་ཞིག་སྟོན་ལ། དེ་ཙམ་གྱིས་འཛིན་མེད་དུ་སོང་བ་ལ་ཕྱག་རྒྱ་ཆེན་པོ་དངོས་སུ་འཆད་པར་སྣང་བ་དེ་ལྟར་ཡིན་ན། བླུན་པོ་དེའི་རྒྱུད་ཀྱི་ཅི་ཡང་མི་མནོ་ཞིང་མ་བསམ་པའི་དུས་ཀྱི་སེམས་བྱུང་དེ་ཆོས་ཅན། མ་རིག་པ་ཡིན་ཏེ། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་ཡིན་པས་སོ། །དེ་སྒྲུབ་པ་ལ། རིག་པ་ཡེ་ཤེས་ནི་གང༌། དེ་དེའི་དངོས་ཀྱི་མི་མཐུན་ཕྱོགས་ཡིན་པ་ཅི་ཞེ་ན། ཡེ་ཤེས་ཀྱི་སྐྱེ་ཚུལ་ནི་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐབས་ལས་དང༌། སྔགས་ཀྱི་ཐབས་ལས་སོ། །དང་པོ་ནི་ཐོས་པ་དང་བསམ་བྱུང་གི་རིགས་པས་གང་ཟག་དང་ཆོས་ཀྱི་ངོ་བོ་ལ་དཔྱད་པ་ན། གང་དུ་ཡང་མ་རྙེད་པའི་ཡེ་ཤེས་ཤིག་ཡིན་ཞིང༌། གཉིས་པ་ནི། དབང་སོགས་ལས་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་ཤིག་ཡིན་ལ། དེ་དུས་ཀྱི་བླུན་པོས་ཅིར་ཡང་མི་སེམས་ཤིང་མི་མནོ་བ་དེ་ནི་གཞིའི་དུས་ཀྱི་མ་རིག་པ་ཉིད་དུ་འདུས་པའི་ཕྱིར། མ་རིག་པ་ལའང༌། ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས་ཕྱི་མ་དང་དེ་ཁོ་ན་ཉིད་ལ་རྨོངས་པ་གཉིས་ལས། ཕྱི་མ་དེར་འདུས་ལ། དེས་ཀུན་ནས་བསླངས་པའི་ལས་ནི་གཙོ་བོར་དུད་འགྲོ་འགྲུབ་བྱེད་དུ་གསུངས་པ་ཡིན་ཏེ། དུག་གསུམ་དང་མཚུངས་ལྡན་གྱི་ལས་སོ་སོ་བ་དག ངན་སོང་གསུམ་འགྲུབ་བྱེད་ཀྱི་ལས་སུ་འཆད་པའི་ཕྱིར་སྙམ་དུ་དགོངས་སོ། །འོ་ན་ཁྱོད་ཀྱང་ལྟ་བའི་མཉམ་གཞག་དངོས་གཞིའི་འཛིན་མེད་དུ་འདོད་པ་མ་ཡིན་ནམ་ཞེ་ན། ཡིན་མོད། སྦྱོར་བའི་སྒོ་ནས་འབྱེད་དགོས་ཏེ། འཛིན་མེད་དུ་འཇོག་པ་པོ་གནས་ལུགས་རྟོགས་པའི་ཤེས་རབ་ཡིན་པ་དང༌། མ་རིག་པ་ཡིན་པའི་ཁྱད་པར་ལས་སོ། །ཡང་ཇི་སྐད་དུ། མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཞེས་པ་ཡང༌། གསང་སྔགས་ཐེག་པའི་ཐབས་ལ་མཁས་པས་མ་ཟིན་པ་གཞིར་བྱས་ནས་སྔོན་འགྲོའི་དུས་སུ་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ལ་མ་བརྟེན་པར། ཆོས་ཇི་སྙེད་པ་ནམ་མཁའ་ལྟ་བུའོ་ཞེས་དང༌། གཟུང་བྱ་ཅི་ཡང་མེད་དོ་ཞེས་དང༌། འདུ་ཤེས་རགས་པ་ལ་སྐྱོན་དུ་ལྟ་བ་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་ཡང་དེ་ཉིད་ལ་གསལ་སྣང་སྐྱེས་ནས་འཇོག་པ་ནི་ཕྱི་རོལ་པ་དང་ཐུན་མོང་པའི་གཟུགས་མེད་པའི་བསྒོམ་ཡིན་ལ། ཁྱེད་ཀྱི་འདི་ལའང་སྦྱོར་དངོས་གཉིས་ཀའི་སྐབས་སུ་འཛིན་མེད་དུ་འཇོག་པ་ལས་གཞན་མི་འདུག་པས་སོ་སྙམ་དུ་དགོངས་སོ། །ཡང་ན་ཉན་ཐོས་འགོག་པར་ལྟུང་ཞེས་པ། འགོག་པའི་སྙོམས་འཇུག་དང་ལྷག་མེད་ཀྱི་མྱང་འདས་ཟེར་བ་མ་ཡིན་གྱི། ཆད་པ་མྱང་འདས་སམ། འདུ་ཤེས་མེད་པའི་སྙོམས་འཇུག་གོ །དེའི་ཤེས་བྱེད་ཀྱང༌། སྔགས་ཀྱི་རིམ་པ་གཉིས་དང་མ་འབྲེལ་བའི་ལྟ་བ་དེ་ནི་དབུ་མའི་ལྟ་བ་ཉིད་ལས་མ་འདས་ལ། བསྐལ་པ་གྲངས་མེད་དུ་བསོད་ནམས་ཀྱི་ཚོགས་བསོགས་པ་དང་མ་འབྲེལ་ན། ཉན་ཐོས་ཀྱི་འགོག་པ་ཞེས་པའི་མིང་ཅན། ཆད་པའི་མྱང་འདས་སུ་འགྲོ་བ་ཡིན་ནོ། །རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་བྱས་པ་ལ་ཉེས་དམིགས་གང་ཡོད་པ་དེ་ཉིད་འདི་ལ་ཡོད་པའི་ཕྱིར་དང༌། ལས་དང་པོ་པ་ལྟ་སྨོས། ས་བརྒྱད་པར་སྟོང་ཉིད་ལ་མཉམ་པར་འཇོག་པ་ཡུན་རིང་ན་རྒྱལ་བ་རྣམས་ཀྱིས་དེ་ལས་སློང་དགོས་པར་བཤད་པའི་ཕྱིར། ཞེས་སྟོན་པ་ནི། གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང༌། །དབུ་མའི་བསྒོམ་ལས་འདས་པ་མེད། །ཅེས་གསུངས། ཡང་ན་ནི། ཐེག་པ་གོང་འོག་གང་གི་ཡང་ཆོས་སྣ་གཅིག་ཙམ་ཡང་སྔོན་དུ་མ་སོང་བའི་བླུན་པོ་ལ་ཐོག་མ་ཉིད་ནས་ཁྱེད་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ལུགས་དེ་ལྟར་བསྟན་ན། མངོན་པ་ལས། ཇི་སྐད་དུ། འདུ་ཤེས་མེད་པ་པ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ། །ཞེས་བཤད་པ་དེར་ཐལ་བའི་ཉེས་དམིགས་ཡོད་པ་ཡིན་ཏེ། སྐབས་དེར་རིགས་པས་གཏན་ལ་ནི་མི་འབེབས། སྔགས་ལུགས་ཀྱི་ཆོས་སྒོ་འབྱེད་བྱེད་ནི་ངེས་པར་སྔོན་དུ་འགྲོ་དགོས་པའི་བཤད་པ་ནི་མི་སྣང་བའི་ཕྱིར། བླ་མའི་བྱིན་རླབས་ཀྱིས་སོ་སྙམ་ན། བླ་མ་དེ་གསང་སྔགས་ཀྱི་བླ་མ་ཡིན་ན་ནི་རྩོད་པ་མེད་དོ། །ཞེས་འཆད་པ་ནི། དབང་མ་བསྐུར་ལ་བླ་མ་མེད། །ཅེས་དང༌། གལ་ཏེ་གཅིག་ལས་འབྲས་བུ་ཞིག །འབྱུང་ཡང་ཉན་ཐོས་འགོག་པ་བཞིན། །ཞེས་སོ། །དེ་བས་ན་གང་ཟག་བླུན་པོ་ལ་སྟོང་པ་ཉིད་བསྟན་པ་དང༌། དེས་ཀྱང་དེ་མི་ཤེས་བཞིན་དུ་བསྒོམས་པ་ལ་ནི་དུད་འགྲོ་ལྟ་ཅི་སྨོས། གནས་སྐབས་སུ་དམྱལ་བ་དང༌། མཐར་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཉིད་དུ་ཡང་གསུངས་ཏེ། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་དུ་མེད་པར་གསུངས། །ཞེས་དང༌། བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུངས་བདག་ཉིད་ནི། །སྤྱིའུ་ཚུགས་མནར་མེད་དག་ཏུ་འགྲོ། །ཞེས་གསུངས་པ་དང༌། དེ་འདྲའི་བླུན་པོ་ལ་སྟོང་པ་ཉིད་བསྟན་ན་སྟོན་པ་པོ་ཡང་ཇི་སྐད་དུ། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །ཞེས་རྩ་བའི་ལྟུང་བར་གསུངས་སོ། །གལ་ཏེ་འོ་ན། ངེས་ཀྱི་ཕྱག་རྒྱ་ཆེན་པོ་འདི་མཁས་པ་ལ་བསྟན་ཞིང༌། དེས་བསྒོམས་ན་ཅིར་འགྱུར། ཞེ་ན། མཁས་པ་ནི་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས་བ་དང༌། དབང་བསྐུར་མཚན་ཉིད་པས་ཡོངས་སུ་སྨིན་པའོ། །གཉིས་པོ་དེ་གང་ཡང་རུང་བ་ལ་ནི་དྭགས་པོ་དཀར་རྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་འདི་སྟོན་ཞེས་པའི་བླ་མས་བསྟན་པ་ལ་ནི་སྐྱོན་དུ་འགྱུར་བ་ཅུང་ཟད་ཀྱང་ལྟ་ཅི་སྨོས། སྣོད་ལྡན་གྱི་གང་ཟག་ལ་ཟབ་མོའི་དེ་ཁོ་ན་ཉིད་བསྟན་པ་ཡིན་ཏེ། དབུ་མའི་ལྟ་བ་སྟོན་པའི་ཚེ་ཐོས་བསམ་གྱི་སྦྱངས་པ་སྔོན་དུ་སོང་བའི་མཁས་པ་ལ། ལྟ་བ་དངོས་གཞི་སྟོན་པ་སྐབས་སུ་བབ་པ་ན། ཅིར་ཡང་སེམས། གང་དུ་ཡང་ཡིད་ལ་མི་བྱེད། མ་བཅོས་ལྷུན་གྲུབ་དུ་འཇོག་པ་ཉིད་ལས་གཞན་མེད་པའི་ཕྱིར་དང༌། སྐབས་དེར་ཤིང་གཉིས་དྲུད་པ་ལས་མེ་འབྱུང་བ་དཔེར་བྱས་ནས། སོ་སོར་རྟོག་པའི་ཤེས་པ་ཉིད་ཀྱང་འགོག་དགོས་པར་བཤད་པའི་ཕྱིར། ཇོ་བོ་རྗེ་ཨ་ཏི་ཤས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་བཤད་ནས་མན་ངག་དེ་ངོས་འཛིན་པ་ལ། དབུ་མའི་མན་ངག་ཅེས་བསྟན་བཅོས་མཛད་པ་དེར་ལྟ་བ་དངོས་གཞི་ལ་མཉམ་པར་འཇོག་ཚུལ་ཕྱག་རྒྱ་བ་དག་གིས་དེའི་ཁྲིད་ཡིག་ན་ཇི་ལྟར་བཀོད་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་ཞུགས་པའི་ཕྱིར། ཡང་གཉིས་པ་དབང་གིས་སྨིན་པའི་མཁས་པ་ལ་ཡང༌། ཕྱག་རྒྱ་བའི་སྟོན་ཚུལ་དེ་ཁོ་ན་ལྟར་བསྟན་ན་ཤིན་ཏུ་ཟབ་ཅིང་བཟང་བ་ཡིན་ཏེ་རྒྱ་བོད་དུ་བྱོན་པའི་མཁས་གྲུབ་ཀུན་གྱི། དབང་བཞི་པ་བསྐུར་བའི་དེ་མ་ཐག་ཏུ་དེ་ཡེ་ཤེས་ལ་མཉམ་པར་འཇོག་ཚུལ་ནི། ཕྱག་རྒྱ་བའི་ཁྲིད་ཀྱི་སྟོན་ཚུལ་ཇི་ལྟར་མཛད་པ་དེ་ཁོ་ན་ཤ་སྟག་ཏུ་ཞུགས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཕར་ཕྱིན་པ་མཁས་པ་དེས་སྟོང་ཉིད་ཀྱི་ལྟ་བ་དེ་ལ་འདྲིས་པར་བྱེད་པ་ཡིན་གྱི། ཇི་སྲིད་བསྐལ་པ་གྲངས་མེད་མང་པོར་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་མཐའ་དག་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་ལྟ་བ་དེ་མངོན་དུ་བྱེད་རུང་མ་ཡིན་ཏེ། གཞན་དུ་ན་ཆད་པའི་མྱང་འདས་ཀྱི་མཐར་ལྟུང་བས་སོ། །དེ་ལྟར་ཤེས་པ་ན། ཇི་སྐད་དུ། བླུན་པོས་ལམ་འབྲས་བསྒོམ་པ་ཡང༌། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཞེས་ཟེར་བ་ཡང་མཚུངས་པ་མ་ཡིན་ཏེ། བླུན་པོ་ལ་ལམ་འབྲས་སྟོན་པའི་ཚུལ་ནི། ཐོག་མར་སྣང་བ་གསུམ་གྱི་སྒོ་ནས་ཐུན་མོང་གི་ཐེག་པས་རྒྱུད་སྦྱངས། བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད། དེ་ནས་བུམ་པའི་དབང་གིས་རྒྱུད་སྨིན་པ་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བརྡ་སྤྲོད་པའི་ཕྱིར། དེ་ལྟར་སྟོན་པ་དེ་ཡང་ཕྱག་རྒྱ་བའི་ཁྲིད་ལུགས་ཀྱི་དངོས་གཞི་ལས་འདས་མེད་དོ། །སྣང་བ་སེམས་ཡིན་པ་དང༌། སེམས་དེ་དབྱིབས་སོགས་གང་དུ་ཡང་གྲུབ་པས་སྟོང་པ་དང༌། རང་བཞིན་གསལ་བ་དང༌། རྣམ་རྟོག་གིས་སྟོང་པ་དབྱེར་མི་ཕྱེད་པ་དེ་ལ་ལྟ་བ་འཁོར་འདས་དབྱེར་མེད་ཅེས་གསུང་གིན་འདུག་པའི་ཕྱིར། དེ་བཞིན་དུ་དབང་གོང་མ་གསུམ་ལས་སྐྱེས་པའི་ལྟ་བ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་དུ་གྱུར་པ་དེ་ལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དངོས་ཡིན་ཞེས་ལམ་འབྲས་པས་གསུངས་པ་ཡིན་ལ། ལྟ་བ་དེ་དང་པོར་བསྐྱེད་པ་དང༌། བར་དུ་སྐྱོང་བའི་ཚེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་དང༌། དཔྱད་ཅིང་དཔྱད་ཅིང་བསྒོམ་དགོས་པར་ནི། ས་སྐྱ་པ་མི་བཞེད་དོ། །གཉིས་པ་ཕྱི་མའི་དུས་འདིར་རྗེས་འབྲང་སོ་སོ་རང་རང་གི་ལུགས་དཔྱིས་ཕྱིན་པར་མི་འཆད་པའི་ཚུལ་གཉིས་ཏེ། ས་སྐྱ་པའི་རྗེས་འབྲང་ཕྱི་མས་དེར་མི་འཆད་པ་དང༌། བཀའ་རྒྱུད་པའི་དེས་དེར་མི་འཆད་པའོ། །དཀར་པོ་ཆིག་ཐུབ་བཀག་པའི་དོན་ཇི་བཞིན་དུ་མི་ཤེས་པ་དག སྤྱོད་པ་ཉམས་ལེན་གྱི་ཚོགས་ཐམས་ཅད་ཀུན་རྫོབ་ཇི་ལྟར་སྣང་བ་འདི་མི་འགོག་པར་ཐད་སོར་བཞག་ནས་ཉམས་སུ་ལེན་དགོས་པ་ཡིན་ཏེ། ཐམས་ཅད་སྟོང་པ་ཉིད་དུ་ཐག་བཅད་ན་དཀར་པོ་ཆིག་ཐུབ་དུ་ཐལ་བས་སོ་སྙམ་དུ་ཡིད་ལ་བཞག་ནས་ཆོས་ཀྱི་གཏམ་སྨྲ་བར་བྱེད་དོ། །དེ་ནི་ཐེག་པ་གཉིས་ཀྱི་རྣམ་དབྱེ་སོ་སོར་མ་ཕྱེད་པ་ཡིན་ཏེ། ཕར་ཕྱིན་ཐེག་པའི་ཚེ་ཇི་སྐད་དུ། ཇི་ལྟར་སྣང་ཞིང་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་པ་ལྟར་ཡིན་དུ་ཆུག་ཀྱང་སྔགས་སུ་ནི། མཉམ་པར་བཞག་པ་དང་མ་བཞག་པའི་ཀུན་སྤྱོད་མཐའ་དག་སྟོང་པའི་ངང་ལས་བསྒྲུབ་དགོས་པའི་ཕྱིར། གལ་ཏེ་བདེན་པས་སྟོང་པ་ཡིན་གྱི། གཟུང་འཛིན་གྱི་སྣང་བ་འགོག་པ་མ་ཡིན་ནོ། །ཞེ་ན། དེ་ལྟར་འཆད་པ་དེ་ནི། གངས་ཅན་དུ་ཕྱིས་བྱུང་བ་ལུགས་སྔ་མ་རྣམས་སྡང་བ་དག་གི་ལུགས་ཡིན་གྱི། ས་སྐྱ་པའི་ལུགས་མ་ཡིན་ཏེ། ས་སྐྱ་པས་ནི་སྔགས་དོན་བསམ་པའི་ཚེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཇི་སྙེད་པ་མི་དམིགས་ཏེ་སྟོང་པ་ཞེས་གསུང་གིན་ཡོད་པ་ཡིན་གྱི། བདེན་པར་མི་དམིགས་ཏེ་སྟོང་པ་ཞེས་གསུང་གི་མེད་པའི་ཕྱིར། གལ་ཏེ་གསང་སྔགས་པའི་ཀུན་སྤྱོད་མཐའ་དག་ཡེ་ཤེས་ལས་གྲུབ་པ་ཡིན་མོད། ལྟ་བ་མ་ཡིན་ནོ། །ཞེ་ན། གང་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་ན་ལྟ་བ་ཡིན་པས་ཁྱབ། དཔེར་ན་དམིགས་པ་མེད་པའི་སྙིང་རྗེ་བཞིན། ཐབས་མཁས་ཀྱི་གཙོ་བོ་བདེ་བ་ཆེན་པོ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ། །ཞེས་པས་འགྲུབ་ལ། མི་འགྲུབ་ན་བདེ་སྟོང་དབྱེར་མེད་ཀྱི་དོན་ལས་ཉམས་སོ། །འོ་ན་ཇི་སྐད་དུ། ལྟ་བ་རྟོགས་པས་ཀླུ་སྒྲུབ་གྲོལ་ཞེས་པ་ཕྱོགས་སྔར་བཞག་ནས། དེས་ན་གྲུབ་ཐོབ་ཐམས་ཅད་ཀྱང༌། །ཕྱོགས་རེའི་སྟོབས་ཀྱིས་གྲོལ་བ་མིན། །ཞེས་སོགས་བཀག་པ་ཐམས་ཅད་སླར་འོང་བ་མ་ཡིན་ནམ་ཞེ་ན་ནི་ཕར་ཕྱིན་ཐེག་པའི་ལྟ་བ་རྐྱང་པས་ཆོག་པ་ཡིན་གྱི། ཐབས་རྟེན་འབྲེལ་སྣ་ཚོགས་པ་མི་དགོས་ཞེས་ཟེར་མཁན་བྱུང་བ་དེ་བཀག་པ་ཡིན་མོད། གསང་སྔགས་ཀྱི་ཐབས་ལམ་མཐའ་དག་གསལ་སྟོང་ཟུང་འཇུག་གི་ངོ་བོར་གྱུར་ནས་ཉམས་སུ་ལེན་ལ། ཡེ་ཤེས་དེ་ལྟ་བ་ཡིན་ཟེར་བ་ལ་འགལ་བ་ཅི་ཡང་ཡོད། ཡང་ས་སྐྱ་པའི་རྗེས་འབྲང་ཕྱི་མ་དག གསང་སྔགས་ཀྱི་ལྟ་བ་རྟོགས་པ་ལ་ཡང་དབུ་མ་ནས་བཤད་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་འགྲོ་དགོས་པ་ཞིག་ཡིན་ནོ་སྙམ་དུ་ངེས་པར་བསམས་ནས། ཆོས་ཀྱི་གཏམ་སྨྲ་བ་དང༌། ཡང་བླ་མའི་བྱིན་རླབས་རྐྱང་པས་སྟོང་ཉིད་རྟོགས་པར་ཁས་བླངས་ན། ལུགས་འདིའི་ཕྱོགས་སྔ་མར་སོང་སྙམ་པ་གཞིར་བྱས་ནས་སྨྲ་བར་བྱེད་དོ། །དེ་ནི་མ་ཡིན་ཏེ། ས་སྐྱའི་རྗེ་བཙུན་དེ་དག་གི་བཞེད་པ་ནི། ཐེག་པ་ཆེན་པོའི་ཚུལ་གཉིས་རྟོགས་བྱ་སྤྲོས་བྲལ་གྱི་ལྟ་བ་གཅིག་ཡིན་ཀྱང༌། རྟོགས་བྱེད་ཀྱི་ཐབས་ཕར་ཕྱིན་པ་ལ་མེད་པ་ཞིག་གིས་ལྟ་བ་དེ་རྟོགས་པར་བཞེད་པའི་ཕྱིར་རོ། །ཐབས་དེ་ཡང་གང་ཞེ་ན། སྟ་གོན་གྱི་ཚེ་ཡེ་ཤེས་པ་ཕེབས་པ་དང༌། དངོས་གཞིའི་ཚེ་བུམ་དབང་བསྐུར་བ་དང༌། གསང་དབང་བསྐུར་ནས་རང་བྱིན་གྱིས་བརློབ་པའི་རིམ་པས་རྡོ་རྗེའི་ལུས་གནང་དུ་བསྣུན་པ་དང༌། དབང་གོང་མའི་ཚེ་ཤེས་རབ་ཕྱག་རྒྱ་ལ་བརྟེན་ནས་ལྟ་བའི་ཡེ་ཤེས་མངོན་དུ་བྱེད་པར་བཞེད་པ་ཡིན་ནོ། །ཡང་བསམ་བྱུང་གི་རིགས་པས་དཔྱད་པ་སྔོན་དུ་མ་སོང་བར་བླ་མའི་བྱིན་བརླབས་དང༌། སློབ་མའི་མོས་གུས་ཙམ་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེས་པ་ཅིག་ཡོད་པར་མི་བཞེད་པ་ཡང་མ་ཡིན་ཏེ། འཁོར་ལོ་སྡོམ་པའི་རིམ་ལྔ་དང༌། ལམ་ཟབ་བླ་མའི་རྣལ་འབྱོར་དང༌། ཤིན་ཏུ་སྤྲོས་པ་མེད་པའི་ཁྲིད་ཀྱི་རིམ་པ་དག་མཛད་པ་ན་དེ་ལྟར་བཞེད་ཀྱིན་འདུག་པའི་ཕྱིར་རོ། །མདོར་ན་གསང་སྔགས་བླ་མེད་ཀྱི་ལྟ་བ་རྟོགས་པ་དབུ་མ་ཐལ་འགྱུར་བའི་རིགས་པས་ལྟ་བའི་ཕུ་ཐག་ཆོད་པ་ལ་ངེས་པར་ལྟོས་དགོས་སོ་ཞེས་འཆད་པ་དེ་ནི། རྗེ་བཙུན་ས་སྐྱ་པའི་ལྟ་བ་ལ་ངེས་ཤེས་རྙེད་པ་དག་གི་ལུགས་མ་ཡིན་ནོ། །གཉིས་པ་ནི། རྗེ་དྭགས་པོ་བཀའ་རྒྱུད་ཀྱི་སྲོལ་འཛིན་ཕྱི་མ་ལ་ལ་དག་གིས་ནི་ཕྱག་རྒྱ་ཆེན་པོའི་ལྟ་བ་དེའི་ཡུལ་སྟོང་པ་ཉིད་ཀྱི་ངོས་འཛིན་ནི་དབུ་མ་རང་སྟོང་པའི་ལུགས་ལྟར། མེད་དགག་གི་ཆ་ལ་འཆད་པ་ཡིན་ནོ་སྙམ་པ་དང༌། དེ་རྟོགས་པའི་ལྟ་བ་བསྐྱེད་བྱེད་ཀྱི་ཡན་ལག་དུ་ངོ་བོ་ཉིད་མེད་པ་བའི་རིགས་པ་དེ་སྔོན་དུ་འགྲོ་དགོས་སོ་སྙམ་པ་དང༌། ཡང་ལ་ལ་དག་གིས་ནི། ལྟ་བའི་ཡུལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འཆད་དགོས་ཀྱང༌། དེ་རྟོགས་པའི་ཡན་ལག་ཏུ། ཐོག་མར་གཟུང་བ་མེད་པ་དང༌། དེའི་འོག་ཏུ་གཟུང་བ་མེད་ན་འཛིན་པ་མེད་དགོས་པ་ལ་སོགས་པའི་རིགས་པས་དཔྱད་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །སྙམ་དུ་དགོངས་པ་དག་སྣང་ངོ༌། །དྭ་ཧ་ནས་འབྱུང་བའི་ལྟ་བའི་ཡུལ་སྟོང་ཉིད་མེད་དགག་ལ་མི་འཐད་དེ། སློབ་དཔོན་ལེགས་ལྡན་འབྱེད་དང༌། སློབ་དཔོན་ཟླ་བས་ནི་དབུ་མའི་ལྟ་བ་དེ་རང་རིག་པའི་ཡེ་ཤེས་སུ་འདོད་པ་འབད་ནས་འགོག་པ་ཡིན་ལ། འདིར་ནི་འབད་ནས་བསྒྲུབས་པའི་ཕྱིར། དགག་བྱ་འགོག་ཚུལ་ཡང་རང་སྟོང་དང་མཐུན་པ་མ་ཡིན་ཏེ། རང་སྟོང་གི་ལུགས་དེར་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་གཅིག་དང་དུ་མའི་རིགས་པས་དཔྱད་པ་ན་བདེ་བ་དང་གསལ་ཙམ་གྱི་ཆ་ཡང་མེད་པར་འགྲོ་ལ། འདིར་ནི་སེམས་ཉིད་གཅིག་པུ་མི་འགོག་པར་འཇོག་པ་དང༌། དྭ་ཧ་བཞི་བཅུ་པ་ལས། གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས། །གསལ་བ་སྤངས་ནས་སྲིད་པ་དག་ཏུ་འགྲོ། །ཞེས་རང་རིག་རང་གསལ་རང་སྟོང་དུ་གཏན་ལ་ཕབ་པའི་ཉེས་དམིགས་བཤད་པའི་ཕྱིར་དང༌། ལྟ་བ་འདི་ལ་རིགས་པས་དཔྱད་པ་སྔོན་དུ་འགྲོ་དགོས་ན། ཇི་སྐད་དུ། ཆེན་པོ་གསུམ་ནི་བློས་བྱས་ཀྱི་ལྟ་བ་ཡིན་པས་ངེད་དེར་མི་འདོད་ཅེས་གསུངས་པ་དང་འགལ་བའི་ཕྱིར་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཡོད་མེད་ལ་སོགས་པ་མཐར་འཛིན་པ་སྤང་བྱར་འཆད་ཀྱང༌། ཡེ་ཤེས་དེ་ཉིད་རང་སྟོང་དུ་འཆད་པ་ལུགས་འདིའི་རྩ་བ་ལ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། ལུགས་གཉིས་པ་དེ་ཡང་དགོངས་པ་མ་ཡིན་ཏེ། གཞན་སྟོང་དབུ་མ་པའི་རིགས་པའི་འཆད་ལུགས། ཐོག་མར་སྣང་བ་སེམས་དང༌། དེ་ནས་ཕྱི་རོལ་གྱི་དོན་མ་གྲུབ་པ་དང༌། དེ་ནས་ནང་འཛིན་པ་མ་གྲུབ་པ་གཏན་ལ་འབེབས་པ་ཡིན་མོད། འདིར་ནི་སྣང་བ་ཐམས་ཅད་ཐད་སོར་བཞག་ནས། དེ་ལ་རྣམ་རྟོག་གི་འཛིན་པས་མ་གོས་པར་བྱེད་པ་ཉིད་ལུགས་འདིའི་རྗེས་ཐོབ་ཀྱི་རྣམ་རོལ་དང༌། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ལ་རྟོག་དཔྱོད་ཀྱི་བྱེད་པ་མི་འཇུག་པར་འཛིན་མེད་རང་གསལ་དུ་འཇོག་པ་ཉིད་ལུགས་འདིའི་མཉམ་གཞག་གི་འཇོག་ཚུལ་ཡིན་པའི་ཕྱིར། དེའི་ཕྱིར་ན་ལུགས་འདིའི་མཉམ་གཞག་གི་ལྟ་བ་ལ་བཟང་རྒྱུ་མེད། རྗེས་ཐོབ་ཀྱི་ལྟ་བ་ལ་ངན་རྒྱུ་མེད་དོ། །དེ་ལྟ་ན་ཡང་ཁྱད་པར་ནི། ཆོས་ཉིད་འཛིན་མེད་ཀྱི་ངང་དུ་འཇོག་པ་དང༌། ཆོས་ཅན་སྤྲོས་བྲལ་དུ་འཇོག་པའོ། །འཇོག་ཚུལ་དང༌། སེམས་མ་བཅོས་ལྷུན་གྲུབ་ཏུ་བཞག་པས་རྣམ་རྟོག་གི་འཛིན་པ་ཁེགས་པ་ཡིན་གྱི། དབུ་མའི་རིགས་པས་ཕུ་ཐག་ཆོད་པར་མ་བྱས་ན་ལྟ་བ་རྣམ་དག་ཏུ་འགྱུར་ཞིང༌། སྤང་བྱའི་ས་བོན་སྤོང་མི་ནུས་སོ་ཞེས་ཟེར་བ་དེ་ནི་ཕྱག་རྒྱ་བ་ལ་སྡང་བ་དག་གི་ལུགས་ཡིན་གྱི། དད་པ་དག་གི་མ་ཡིན་ནོ། །དེ་བཞིན་དུ་ཡུལ་སྣང་སྟོང་དང༌། ཡུལ་ཅན་གསལ་སྟོང་དང༌། ལུས་བདེ་སྟོང་ཟེར་བའི་དུས་ཀྱི་སྟོང་པའི་ངོས་འཛིན། ཡུལ་ལ་སོགས་པ་གསུམ་པོ་བདེན་པས་དང༌། ངོ་བོ་ཉིད་ཀྱིས་དང༌། རང་གི་མཚན་ཉིད་སྟོང་པ་ལ་འཆད་དགོས་ཀྱི། རྟོག་པས་སྟོང་པ་ལ་བཤད་ན་སྟོང་ཉིད་གོ་ཆོད་པོ་མ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་ཕྱག་རྒྱ་བ་ལ་སྡང་བ་དག་གི་ལུགས་ཡིན་མོད། དད་པ་དག་གི་ལུགས་མ་ཡིན་ཏེ། ལུགས་འདི་པས་ནི་སྣང་སྲིད་འཁོར་འདས་ཐམས་ཅད་རྣམ་ཤེས་ཀྱི་ཡུལ་དུ་གང་ཤར་བ་འདི་ལ་རྟོག་པས་བཟོ་བཅོས་མི་བྱེད་པར། འཛིན་མེད་རང་སར་རང་གྲོལ་དུ་སོང་བའི་ཡེ་ཤེས་འདི་ལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སུ་ཁས་ལེན་དགོས་པའི་ཕྱིར། ཟུང་འཇུག་གི་གོ་བ་ཡང༌། སྣང་བཞིན་དུ་འཛིན་པས་སྟོང༌། དེས་སྟོང་བཞིན་དུ་སྣང་ཞེས་པ་ཉིད་ཡིན་གྱི། སྣང་བ་སྣ་ཚོགས་འདི་ཚད་མས་གྲུབ་ཅིང༌། གྲུབ་བཞིན་དུ་བདེན་པས་སྟོང་པ་ལ་འཆད་པ་དེ་ནི་ཕྱག་རྒྱ་བ་ལ་མོས་པ་དག་གི་ལུགས་མིན་ནོ། །ཕྱག་རྒྱ་བས་ནི་རྣམ་ཤེས་ཀྱི་ཡུལ་དུ་སྣང་ཚད་འཁྲུལ་སྣང་ཡིན་པ་དང༌། འཁྲུལ་སྣང་ཇི་སྙེད་པ་སེམས་ཀྱི་ཆོ་འཕྲུལ་དུ་གོ་བ་ཉིད་ཀྱིས་ལྟ་བ་གཏན་ལ་ཕེབས་པ་ཡིན་གྱི། དབུ་མའི་རིགས་པ་ལ་མི་ལྟོས་སོ། །སྔོན་གྱི་མན་ངག་པ་དག་གི་གསུང་ལས། མཚན་ཉིད་པ་ནི་ལྟ་རྟོག་ཕྱི་རུ་བྱེད། སྒྲོ་འདོགས་ཕྱི་ནས་བཅོད། རྣལ་འབྱོར་པས་ནི་ལྟ་རྟོག་ནང་དུ་བྱེད་སྒྲོ་འདོགས་ཀྱང་ནང་ནས་གཅོད། ཞེས་གསུངས་པ་ཉིད་དོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཕྱག་རྒྱ་བའི་ལྟ་བ་འདི་ནི། འཁོར་ལོ་གསུམ་པ་ནས་བཤད་པའི་ལྟ་བ་དེ་ཉིད་ཡིན། དེ་ལའང་སྒྲོ་འདོགས་གཅོད་ལུགས་དང༌། ཉམས་སུ་མྱོང་ལུགས་གཉིས་ལས། ཕྱག་རྒྱ་བའི་ལུགས་འདི་ཕྱི་མ་དེ་ཡིན། སྔ་མ་དེ་ལ་རང་སྟོང་པའི་ལུགས་དང༌། གཞན་སྟོང་པའི་ལུགས་སྲོལ་ཆེན་པོ་གཉིས་ཡོད་ཀྱང༌། ཕྱག་རྒྱ་བ་གཉིས་ཀའི་རྗེས་སུ་མི་འཇུག ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ལྟ་བ་དེ་བློས་བྱས་ཀྱི་ལྟ་བ་དང་དུག་ཅན་གྱི་ལྟ་བར་བཞེད་པ་ཡིན། ཕྱག་རྒྱ་ཆེན་པོ་བའི་ཡེ་ཤེས་སྐྱེ་བ་དབུ་མའི་རིགས་པར་མ་ཟད། དབང་གོང་མ་བསྐུར་བ་ལ་ཡང་ངེས་པར་ལྟོས་དགོས་ཉིད་དུ་མི་བཞེད་མོད་ཀྱང༌། ཐོས་བསམ་གྱི་རྒྱུན་གོམས་པ་ལས་བྱུང་བའི་ཉམས་མྱོང་གི་ལྟ་བ་མ་འཁྲུལ་བ་དེ་དང༌། དབང་གོང་མ་བསྐུར་བ་ལས་བྱུང་བའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དང་དེ་ནི། ཕྱག་རྒྱ་ཆེན་པོ་ལྟ་བ་ཉིད་དུ་ངེས་པར་བཞེད་དགོས་པ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པའོ། །འདིར་སྨྲས་པ། སྔོན་དུས་གངས་ཅན་ལྗོངས་སུ་བཤད་པ་དང༌། །སྒྲུབ་པའི་རྒྱལ་མཚན་སོ་སོར་འཛིན་མཛད་པས། །འགྲོ་བའི་མུན་སེལ་བཀའ་ཕྱག་རྣམ་པ་གཉིས། །ཉི་ཟླ་ལྟ་བུར་ཀུན་ལ་གསལ་ཞིང་མཛེས། །མདོ་སྔགས་ཀུན་དང་བཤད་བསྒྲུབ་གཉིས་ཀ་ཡང༌། །རང་གཞུང་ཚུགས་པར་འཛིན་མཛད་ས་སྐྱ་པས། །གངས་ཅན་ལྗོངས་ཀྱི་བསྟན་པའི་ནོར་བུ་ལ། །དག་བྱེད་ཁྲུས་ཀྱི་སྦྱོར་བ་ཅི་ཡང་མཛད། །མཛད་པོ་ཉིད་ལའང་བློས་བཟང་རྗེས་འབྲང་གིས། །ལེགས་པར་བཤད་པའང་མང་དུ་བྱུང་གྱུར་མོད། །བློ་ངན་དུ་མས་བརྟགས་པའི་ཉེས་བཤད་ཀྱི། །དྲི་མས་སྦགས་པར་གྱུར་པ་འདི་ལྟར་སྣང༌། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལྟ་བའི་ཡུལ། །རང་སྟོང་མེད་དགག་ཁོ་ནར་ཟད་ཅེས་ཟེར། །མེད་དགག་ཡུལ་དུ་བྱེད་པའི་བདེ་ཆེན་པོ། །རྟོག་པར་འདོད་པ་གང་དེའི་བཞེད་པ་མིན། །བདེན་མེད་ཡེ་ཤེས་ངོ་བོས་སྟོང་པ་ནི། །བདེ་སྟོང་ཟུང་དུ་འཇུག་པའི་དོན་ཡིན་ཟེར། །བདེ་དང་གསལ་དང་སྣང་བ་གསུམ་ཀ་ཡང༌། །འཛིན་པས་སྟོང་པ་ཟུང་འཇུག་དོན་དུ་བཞེད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས་ལྷག་པའི། །ལྟ་བའི་རིམ་པ་སྔགས་ལ་མེད་ཅེས་ཟེར། །དབང་བཞིའི་ལམ་ལ་འཁོར་འདས་དབྱེར་མེད་སོགས། །ལྟ་བའི་ཁྱད་པར་རྣམ་བཞི་ཁོང་གིས་བཞེད། །མཐའ་བྲལ་གཏན་ལ་འབེབས་ཀྱི་རིགས་པ་ནི། །དབུ་མ་ལས་ལྷག་ཁོང་གིས་མི་བཞེད་ཀྱང༌། །ཉམས་མྱོང་ལྟ་བ་རང་བཞིན་ལྷན་སྐྱེས་དང༌། །ཞུ་བདེ་ལྷན་སྐྱེས་ཤེས་བྱའི་ཁྱད་པར་འཆད། །ས་སྐྱའི་ལུགས་ཀྱི་དོན་དམ་ངོས་འཛིན་ནི། །མཐའ་བཞི་སྤྲོས་དང་བྲལ་བ་ཡིན་ཞེས་ཟེར། །མཐའ་བཞིའི་སྤྲོས་བྲལ་ཡང་དག་ཀུན་རྫོབ་ཏུ། །རྗེ་བཙུན་གྲགས་པའི་ཞབས་ཀྱིས་གསལ་བར་བཤད། །འཁོར་བ་གང་ཡིན་མྱང་འདས་ཡིན་ཞེས་པ། །འཁོར་འདས་དབྱེར་མེད་དོན་དུ་འཆད་ཅེས་ཟེར། །སྣང་གྲགས་ཆོས་རྣམས་འཛིན་པས་སྟོང་བ་ལ། །བདེན་གཉིས་དབྱེར་མེད་ཟུང་འཇུག་དོན་དུ་འཆད། །དབུ་མའི་རིགས་པས་དཔྱད་པའི་སྟོང་པ་ཉིད། །གསང་སྔགས་ལུགས་ཀྱི་ངེས་དོན་ཡིན་ཞེས་ཟེར། །ཐོས་བསམ་གྱིས་རྟོགས་སྟོང་ཉིད་ལྟ་བ་ནི། །དུག་ཅན་ལྟ་བ་ཡིན་པར་ཁོང་གིས་བཞེད། །དབུ་མའི་རིགས་པས་སྒྲོ་འདོགས་མ་དཔྱད་ན། །གསང་སྔགས་ཐེག་པའི་སྟོང་ཉིད་མི་རྟོགས་ཟེར། །དབང་གིས་སྟོང་ཉིད་རྟོགས་པའི་ཐབས་མཁས་ནི། །རྡོ་རྗེ་ཐེག་པའི་ཐབས་མཁས་ཡིན་པར་བཞེད། །བཀའ་རྒྱུད་ཕྱག་རྒྱའི་རྗེས་འབྲང་འགའ་ཡིས་ཀྱང༌། །ཕྱག་ཆེན་རིགས་པས་དཔྱད་པ་སྔོན་སོང་ཟེར། །མདའ་སྣུན་ཞབས་ཀྱི་གཞུང་དང་མི་མཐུན་ཞིང༌། །ཁྲིད་ཡིག་ཚད་ལྡན་ཀུན་ལ་དེ་མ་བཤད། །ཕྱག་ཆེན་དངོས་གཞིའི་ལྟ་བའི་ཡུལ་དེས་ཡང༌། །དཔལ་ལྡན་ཟླ་བས་གང་བཤད་དེ་ཡིན་ཟེར། །མདའ་སྣུན་ཞབས་ཀྱི་ཕྱག་ཆེན་ལྟ་བའི་ཡུལ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་བཤད། །ཕྱག་ཆེན་མཐར་ཐུག་བདེ་བ་ཆེན་པ་དེ། །རང་སྟོང་མེད་པར་དགག་དང་དབྱེར་མེད་ཟེར། །མདའ་སྣུན་ཞབས་ཀྱིས་བདེ་བའི་ངོ་བོ་ལ། །རིགས་པས་དཔྱད་ན་སྲིད་པར་འགྲོ་ཞེས་གསུངས། །ཀུན་རྫོབ་མ་ལུས་འཁྲུལ་བར་ཐག་ཆོད་པ། །ཕྱག་ཆེན་རྩ་བའི་ལྟ་བ་ཡིན་པ་ལ། །ཕྱི་རབས་མཁས་པས་ཀུན་རྫོབ་ཚད་གྲུབ་ཅེས། །ཟེར་བའི་རྗེས་ཟློས་དབྱངས་སུ་བླངས་མིན་ནམ། །བཀའ་གདམས་ལུགས་ཀྱི་ཟབ་མོ་ལྟ་བའི་ཡུལ། །མངོན་རྗེ་ཚད་མའི་རྟོགས་བྱ་ཡིན་ཞེས་ཟེར། །དེ་ལྟར་འཆད་པ་ཚུ་རོལ་མཐོང་བ་ཡི། །རྨོངས་པའི་ལུགས་ཞེས་མར་མེ་མཛད་དཔལ་གསུངས། །བཀའ་གདམས་ལྟ་བའི་དངོས་གཞི་བདག་ལྟ་དང༌། །འཛིན་སྟངས་འགལ་ཕྱིར་ཞེན་པའི་བློ་ཞེས་ཟེར། །མི་བསམ་མི་མནོ་ཡིད་ལ་མི་བྱེད་པ། །ལྟ་བའི་དངོས་གཞིར་མར་མེ་མཛད་དཔལ་གསུངས། །ཀུན་རྫོབ་ཚད་མས་གྲུབ་པ་བཀའ་གདམས་ཀྱི། །བདེན་གཉིས་འཇོགས་ཚུལ་བླ་མེད་ཡིན་ཞེས་ཟེར། །ཀུན་རྫོབ་འཁྲུལ་པའི་སྣང་བ་ཡིན་ཞེས་པ། །བཀའ་གདམས་གཞུང་ལུགས་ཀུན་ལས་གསལ་དེ་ཡིན། །དཔྱད་བསྒོམ་ངེས་ཤེས་རྒྱུན་དུ་བརྟེན་བྱེད་པ། །པོ་ཏོ་བའི་གདམས་ངག་ཡིན་ཞེས་ཟེར། །སོར་རྟོག་ཡེ་ཤེས་ཉིད་ཀྱང་སྟོང་ཉིད་ཀྱི། །མེ་ལྕེས་བསྲེགས་ཞེས་ཨ་ཏི་ཤ་ཡིས་གསུངས། །ཕྱི་རབས་བྱོན་པའི་གྲགས་པ་གསལ་ལྡན་འགས། །སྔོན་དུས་གངས་ཅན་བྱོན་པའི་བཤད་རྒྱུད་དང༌། །སྒྲུབ་རྒྱུད་འཛིན་པོ་དེ་ཀུན་ཕལ་ཆེར་གྱི། །རང་རང་ལུགས་ཀྱི་བཤད་པའི་སྲོལ་ཆེན་དང༌། །ལྟ་དང་སྒོམ་པའི་གནས་རྣམ་ཇི་སྙེད་པ། །ལུང་རིག་ཉིད་ཟླའི་འོད་ཕྲེང་བགྲང་ཡས་ཀྱི། །སྔོན་གྱི་ལུགས་འཛིན་མུན་པའི་མལ་དུ་གཟིམས། །འཁྲུལ་སྣང་ཉི་ཟླའི་སྤོབས་པ་ཟ་བྱེད་ཅིང༌། །ཡོངས་རྫོགས་བསྟན་པའི་ས་ཆེན་འདེགས་ནུས་པ། །ལུང་རིགས་འཇུག་པ་རྣམ་བཅུའི་རོལ་རྩེད་མཁན། །འགའ་ཞིག་ངེས་དོན་མཁའ་ལ་ཐོགས་མེད་རྒྱུ། །ཞེས་ལུང་རིགས་གཉིས་ཀྱི་ཕྱག་རྒྱ་ཆེན་པོའི་བཞེད་ཚུལ་ལ་འཁྲུལ་པ་སེལ་བའི་བསྟན་བཅོས་ཟུང་འཇུག་གི་གྲུ་ཆེན་ཞེས་པ་འདི་ནི། གཞུང་ལུགས་རབ་འབྱམས་དུ་སྨྲ་བའི་བཤེས་གཉེན་ཀརྨ་དབང་ཕྱུག་དཔལ་ཞེས་བགྱི་བས། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཀྱི་དྲི་བ་འགའ་ཞིག་ཉེ་བར་བཀོད་པའི་ལན་དུ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭར་ཉེ་བར་སྦྱར་བའི་ཡི་གེ་པ་ནི། བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*