རྒྱལ་སྲིད་སྣ་བདུན་དང་རིན་ཆེན་སྣ་བདུན་འབུལ་བའི་ཚིག་བཅད།

༼ཙ༽༄༅། །རྒྱལ་སྲིད་སྣ་བདུན་དང༌། རིན་ཆེན་སྣ་བདུན་འབུལ་བའི་ཚིགས་བཅད་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ལྷ་དབང་གསུང་གི་རྔ་ཆེན་གྱིས་བསྐུལ་ནས། །ལྷ་ཡི་བཟོ་བོ་ལས་བསྐྲུན་ཐམས་ཅད་པས། །ལྷ་རྫས་ལས་བགྱིས་རྩིབས་སྟོང་རབ་མཉམ་ལྡན། །ལྷ་ལམ་ཡངས་པར་ཐོགས་པ་མེད་འགྲོ་བ། །ས་སྐྱོང་དཔུང་གི་ཡན་ལག་ཚོགས་བཅས་ཀུན། །ཇི་ཙམ་འདོད་པའི་ཡུལ་ལ་དབང་བྱེད་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ་ལགས་ན། །འགྲོ་ཀུན་འཁོར་ལོས་བསྒྱུར་བའི་དཔལ་འཛིན་ཤོག །རྒྱལ་མཚན་རྩེ་མོར་མཆོད་འོས་ཟུར་བརྒྱད་པ། །རྒྱལ་པོའི་ཡིད་ལ་ཅི་བསམ་སྟེར་བྱེད་ཅིང༌། །རྒྱལ་སྲིད་ཆོས་བཞིན་སྐྱོང་ལ་གེགས་མེད་པར། །རྒྱལ་མཛད་དེ་ལ་ལན་གཅིག་གསོལ་བས་ཀྱང༌། །ཡངས་པའི་མངའ་འབངས་མཚོ་བཞིན་གང་བ་དང༌། །ཕུན་ཚོགས་ཇི་སྙེད་བསྡུད་པའི་ནོར་བུ་འདི། །ཐུབ་དབང་སྲས་དང༴ །འགྲོ་ཀུན་ཆོས་དང་སྲིད་ཀྱི་འབྱོར་ཐོབ་ཤོག །གཟུགས་མཛེས་ངག་སྙན་ཙནྡན་དྲི་བསྲུང་ཅན། །སྦྲང་རྩིའི་རོ་སྟེར་རེག་པས་ཉོན་མོངས་དང༌། །ཡིད་ཀྱི་གདུང་བ་ཇི་སྙེད་འཕྲོག་བྱེད་པ། །རྒྱལ་པོ་ལ་འདུད་ཀུན་ལ་གློ་བ་ཉེ། །ནང་གཤིན་མཛེས་སྡུག་དཔའ་བའི་བུ་མང་བཙའ། །ལྷ་དབང་ཡིད་རབ་འཛིན་པའི་བཙུན་མོ་འདི། །ཐུབ་དབང་སྲས་དང༴ །འགྲོ་ཀུན་ཟག་མེད་བདེ་བས་འཚོ་བྱེད་ཤོག །རང་སྲིད་སྐྱོང་བའི་ནོར་གྱི་འདུ་འགོད་དང༌། །གཞན་སྡེ་གནོན་པའི་དཔུང་གི་འདོར་ལེན་དང༌། །ཚར་གཅད་རྗེས་འཛིན་ཤེས་པའི་དཔའ་མཛངས་དང༌། །ཀུན་ལ་སྙོམས་པའི་རྣམ་དཔྱོད་དྲང་པོ་ཡིས། །ཆོས་དང་སྲིད་ཀྱི་གཞུང་ལུགས་ཇི་བཞིན་དུ། །མང་འབངས་ཚུལ་བཞིན་སྐྱོང་བའི་བློན་པོ་འདི། །ཐུབ་དབང་སྲས་དང༴ །འགྲོ་ཀུན་དགེ་བའི་གྲོགས་ཀྱིས་འཚོ་བར་ཤོག །སྲེད་མེད་སྟོབས་འཛིན་ཕ་རོལ་དཔུང་ལས་རྒྱལ། །སྲེད་པས་མ་བཅིངས་དུལ་བའི་ངང་ཚུལ་ཅན། །སྲེད་པའི་ཆང་གིས་མྱོས་པའི་ཡུལ་གྲུ་ཀུན། །སྲེད་ལས་གྲོལ་བའི་གོམས་སྟབས་ཀྱིས་མནན་ཏེ། །ས་ཡི་བརྒྱ་བྱིན་ཉེ་དབང་དང་བཅས་པ། །མཐོན་པོའི་གནས་སུ་འདེགས་པའི་གླང་ཆེན་འདི། །ཐུབ་དབང་སྲས་དང༴ །འགྲོ་ཀུན་ལྷ་མིན་གཡུལ་ལས་རྒྱལ་བྱེད་ཤོག །བརྒྱ་བྱིན་ཡིད་ཀྱིས་སྤྲུལ་པའི་སྐྱེ་མཆེད་ཅན། །བརྒྱ་ཕྲག་འཁོར་གྱིས་བསྐོར་བཞིན་མཁའ་ལ་ཡང༌། །བརྒྱ་ལམ་བཞིན་དུ་བརྒྱུག་ལ་ཐོགས་མེད་པས། །བརྒྱ་ཕྲག་གླིང་རྣམས་ཉིན་རེས་འཁོར་བ་ལ། །ཐོགས་མེད་འདོད་པའི་ཕྱོགས་སུ་རྟག་པར་རྒྱུ། །རྨོངས་པའི་སྐབས་བྲལ་ཅང་ཤེས་ཁ་ལོ་པ། །ཐུབ་དབང་ལ་འབུལ་དགེ་བས་འགྲོ་བ་ཀུན། །བརྩོན་འགྲུས་རྟ་བརྒྱའི་ཁྲི་ལ་འཁོད་པར་ཤོག །གསལ་མཛངས་བུང་བས་དབྱིབས་ལེགས་བཅུད་ལྡན་པའི། །འདབ་བརྒྱའི་ཚལ་ལ་ནམ་ཡང་མི་གནོད་པར། །སྦྲང་རྩི་བླངས་ནས་ཀུན་དགའི་དཔལ་བསྐྱེད་ལྟར། །འབངས་ཀྱི་བདེ་སྐྱིད་ནམ་ཡང་མི་ལེན་པར། །དཔྱ་དང་ལོ་མའི་ཐབས་ཀྱིས་རྒྱལ་པོ་ཡི། །བང་མཛོད་འགེངས་མཁས་ཁྱིམ་བདག་རིན་ཆེན་འདི། །ཐུབ་དབང་ལ་འབུལ་དགེ་བས་འགྲོ་བ་ཀུན། །ཆོས་དང་སྲིད་ཀྱི་བང་མཛོད་ཁེངས་པར་ཤོག །འཁོར་ལོ་འཁོར་བའི་གཡུལ་ལས་རྒྱལ་བྱེད་དང༌། །ནོར་བུ་ནོར་གྱི་ཕུང་པོ་སྩོལ་མཁས་དང༌། །བཙུན་མོ་བཙུན་པའི་མཆོག་གྱུར་དུལ་བ་འདི། །ཐུབ་དབང་ཐུབ་པའི་རྒྱལ་སྲིད་རྒྱས་ཕྱིར་འབུལ། །བློན་པོ་བློན་ཆེན་མང་པོས་འདུད་པ་དང༌། །གླང་ཆེན་གླང་པོ་སྟོང་གི་སྟོབས་ཅན་དང༌། །རྟ་མཆོག་རྟ་བརྒྱའི་དབུས་ན་མགྲིན་མཐོ་བ། །ཀུན་མཁྱེན་ཀུན་ལས་འཕགས་པའི་དོན་དུ་འབུལ། །འབངས་ལ་འབངས་ཀྱི་བདེ་སྐྱིད་ཀུན་སྟེར་ཞིང༌། །རྒྱལ་ལ་རྒྱལ་པོའི་བཞེད་དོན་ཀུན་འབྱོར་བའི། །ཁྱིམ་བདག་ཁྱིམ་གྱི་འབྱོར་པ་ཀུན་ཚང་འདི། །རྒྱལ་དབང་རྒྱལ་སྲིད་སྐྱོང་བའི་དོན་དུ་འབུལ།།  །།དེ་ནས་ཉེ་བའི་རིན་པོ་ཆེ་རྣམ་པ་བདུན་འབུལ་བའི་ཚིག་ནི། རལ་གྲི་རིན་ཆེན་རྒྱལ་པོའི་དགྲ་ཕྱོགས་སུ། །མ་བསྐུལ་བཞིན་དུ་སོང་ནས་མ་བཏབ་ཀྱང༌། །རང་ལ་འདུད་ཅིང་རྩོད་པ་ཀུན་སེལ་བའི། །ཉེ་བའི་རིན་ཆེན་འདི་ཡང་རྒྱལ་ལ་འབུལ། །པགས་པ་རིན་ཆེན་མི་ཁའི་ཆར་སྐྱོབ་ཅིང༌། །ནང་ནས་མིང་གཤིན་རླུང་གིས་མི་བསྐྱོད་པར། །ཕྱི་ནང་ཀུན་གྱི་ཉེར་འཚེ་སེལ་བྱེད་པའི། །ཉེ་བའི་རིན་ཆེན་འདི༴ །ཁང་པ་རིན་ཆེན་དཔག་ཚད་བཅུ་གཉིས་པ། །ཆོས་དང་སྲིད་ཀྱི་དགོས་པ་ཀུན་འཆར་ཞིང༌། །འཇིག་རྟེན་སྐྱོང་བ་རྣམ་བཞིས་རྟག་སྲུང་བ། །ཉེ་བའི་རིན་ཆེན༴ །གོས་བཟང་རིན་ཆེན་འཇམ་འཁྲིལ་དྲི་ཞིམ་པ། །རེག་པས་བདེ་སྟེར་ཚ་གྲང་སྐྱོན་མ་གོས། །རྟག་ཏུ་མེ་དང་མཚོན་གྱི་གནོད་བྲལ་བ། །ཉེ་བའི་རིན་ཆེན༴ །སྐྱེད་ཚལ་རིན་ཆེན་འདོད་ཡོན་ཚོགས་བཀྲ་ཞིང༌། །དགའ་བའི་གླུ་དབྱངས་སྙན་པའི་དར་དིར་ཅན། །མི་བསྲུན་སྐྱེ་བོའི་གཏམ་གྱི་སྐབས་བྲལ་བ། །ཉེ་བའི་རིན་ཆེན༴ །སྟན་འཇམ་རིན་ཆེན་ཡིད་ལ་དགའ་བ་སྤེལ། །གང་ལ་འདུག་པས་ཉོན་མོངས་མི་སྐྱེ་ཞིང༌། །རྟག་ཏུ་བློ་གསལ་ཡིད་གཞུང་བྱེད་འགྱུར་བའི། །ཉེ་བའི་རིན་ཆེན༴ །མཆིལ་ལྷྭམ་རིན་ཆེན་ཆུ་ལ་མི་འབྱིང་ཞིང༌། །ཉེས་པའི་རྡུལ་དང་ཕྲག་དོག་ཚེར་མ་བསྲུང༌། །ཡུད་ཙམ་གྱིས་ཀྱང་དཔག་ཚད་བརྒྱར་བགྲོད་པའི། །མཆིལ་ལྷྭམ་རིན་ཆེན༴ །ལྷ་རྫས་རྡོ་རྗེ་ཨིནྡྲ་ནཱི་ལ་དང༌། །རྡོ་ཡི་སྙིང་པོ་མརྒད་ཨནྡ་རྙིལ། །གསེར་དངུལ་མུ་ཏིག་རིན་ཆེན་བཻ་ཌཱུརྻཱ། །ཉེ་བའི་རིན་ཆེན༴ །དེ་ལྟར་ཕུལ་བས་མ་ཕམ་སྐྱེ་བོ་ཡི། །འཇུག་ངོགས་ཡིད་འོང་གསེར་གྱི་ཁང་བཟངས་འདིར། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་བཟུང་ནས། །ཆོས་ཀྱི་རྒྱལ་སྲིད་ཚུལ་བཞིན་སྐྱོང་བར་ཤོག །དེ་ལས་བྱུང་བའི་རྣམ་དཀར་ཅི་མཆིས་པས། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་པ། །བྱང་ཆུབ་ཡན་ལག་བདུན་གྱི་དཔལ་ཐོབ་ནས། །ཆོས་ཀྱི་རྒྱལ་པོའི་ཁྲི་ལ་འདུག་གྱུར་ཅིག །ཅེས་མདོ་སྡེ་བཞག་པ་ལས་གསུངས་པའི་རིན་པོ་ཆེ་སྣ་བདུན་དང༌། ཉེ་བའི་རིན་པོ་ཆེ་བདུན་འབུལ་བའི་ཚིག་ལེའུར་བྱས་པ་འདི་ནི། ས་སྐྱོང་བསྟན་པའི་སྦྱིན་བདག་ཆེན་པོའི་གསུང་གིས་ཉེ་བར་བསྐུལ་བའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསེར་འཕྱང་གི་ལོ་ས་གའི་ཉ་ལ་གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཕུལ་བའོ།།  །།མངྒ་ལཾ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*