གློ་བོ་སྡེ་པ་བཀྲ་ཤིས་མགོན་གྱིས་བཀའ་འགྱུར་རོ་ཅོག་བཞེངས་པའི་དཀར་ཆག་ཏུ་གནང་བ།

༼ཙ༽༄༅། །གློ་བོ་སྡེ་པ་བཀྲ་ཤིས་མགོན་གྱིས་བཀའ་འགྱུར་རོ་ཅོག་བཞེངས་པའི་དཀར་ཆག་ཏུ་གནང་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་ཀྱི། །གོས་དམར་གྱིས་ཀླུབས་ཡེ་ཤེས་ཉི་མ་ནི། །ཐུགས་རྗེའི་ཤིང་རྟ་ལ་ཞོན་འགྲོ་དོན་གྱི། །ལམ་དུ་བདེ་བར་རྒྱུ་ལ་ཕྱག་བགྱིའོ། །མི་འགྱུར་བདེ་ཆེན་ཤིན་ཏུ་ཟབ་པའི་ཐུགས། །སྟོང་ཉིད་ཚོན་བརྒྱས་རྣམ་པར་གསལ་བའི་སྐུ། །ཟུང་འཇུག་འཁོར་ལོས་སྒྱུར་བའི་གསུང་དབྱངས་ཀྱིས། །ཚུལ་ཆེན་གསུང་བ་དེ་ལ་ཕྱག་འཚལ་ལོ། །མཱ་ལ་ཡ་རླུང་བསིལ་བའི་ལང་ཚོ་ལས། །དལ་བུར་དྲངས་པའི་ཧ་རི་ཙནྡན་གྱི། །ངད་འཇམ་ཇི་བཞིན་སྙིང་གི་གདུང་བ་ནི། །འཕྲོག་བྱེད་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་འཆར་ཀའི་མདངས་གསལ་གཞོན་ནུ་ཡིས། །རྣམ་པར་འཁྱུད་པའི་ཞལ་གྱི་མདངས་དཀར་བ། །འགྲོ་བློའི་འཐིབས་པོ་སེལ་ལ་དུས་རྟག་ཏུ། །བརྩོན་མཛད་འཇམ་པའི་དབྱངས་ལ་ཕྱག་བགྱིའོ། །དེ་ལས་བྱུང་བའི་ཆོས་ཀྱི་ཆར་ཆེན་པོས། །གང་བློ་གཏིང་མཐའ་ཡངས་པར་གནས་བཅས་ནས། །ཕྲིན་ལས་ཆུ་ཆེན་འབེབས་ལ་རྟག་གཞོལ་བ། །འདུས་པའི་རྒྱ་མཚོ་ཆེ་ཁྱོད་བསྔགས་པར་འོས། །དཀོན་མཆོག་གསུམ་དངོས་རྗེ་བཙུན་རྡོ་རྗེ་འཆང༌། །ཡན་ལག་བདུན་ལྡན་སྒྱུ་མའི་སྐུར་བཞེངས་ནས། །དཀྱིལ་འཁོར་འཁོར་ལོའི་དབུས་སུ་རྟག་རོལ་བ། །དངོས་གྲུབ་ཀུན་གྱི་གཏེར་ལ་ཕྱག་བགྱིའོ། །མཁའ་མཉམ་འགྲོ་བའི་མགོན་དུ་ཐུགས་བསྐྱེད་ནས། །བསྐལ་ཆེན་གསུམ་དུ་རླབས་ཆེན་ཚོགས་མང་པོ། །ངེས་བསྐྲུན་མཚན་དཔེའི་གཟི་འོད་འབར་བའི་སྐུ། །འཆར་ནུབ་རོལ་རྩེད་དུ་མའི་མཛད་པ་ཡིས། །རྣམ་ཤེས་མེ་ལོང་རྙེད་པའི་གདུལ་བྱ་ལ། །ཁམས་དང་དབང་པོའི་གོ་རིམ་ཇི་ལྟ་བར། །ཐེག་གསུམ་ཆོས་ཀྱི་གདངས་དབྱངས་རྒྱ་མཚོ་ཡིས། །ཕ་རོལ་ཕྱིན་པའི་སྒོ་བརྒྱ་ཐ་མར་ཕྱེ། །སྐུ་གསུང་འགག་མེད་བདེ་ཆེན་གར་སྟབས་ཅན། །ཟག་མེད་ལོངས་སྤྱོད་རྫོགས་པའི་རྣམ་རོལ་གྱིས། །ཡེ་ཤེས་མེ་ལོང་རྙེད་པའི་བློ་ཆེན་ལ། །ཐེག་མཆོག་གསུང་ལ་རྒྱུན་ཆད་མི་མངའ་ཡང༌། །ཡུལ་དུས་ངེས་མེད་གང་དུ་གང་འཚམ་དེར། །ཆགས་ཅན་འགྲོ་བ་ཁྲིད་མཛད་སྤྲུལ་པའི་སྐུ། །རང་རང་འཁོར་ལོ་བསྒྱུར་བའི་སྐུར་བཞེངས་ནས། །སྣ་ཚོགས་རྒྱུད་སྡེའི་རིང་པ་བགྲང་ཡས་གསུངས། །ཡུལ་དུས་ལ་ལར་མཆོག་གི་སྤྲུལ་པའི་སྐུ། །ཆགས་བྲལ་ཚངས་པ་སྤྱོད་པའི་ཆ་ལུགས་ཀྱིས། །རིག་འཛིན་ཆོས་ཀྱི་རྣམ་གྲངས་མང་གསུངས་པ། །གྲུབ་ཆེན་མང་པོས་ཚུལ་ཆེན་ལམ་དུ་བཀྲལ། །གང་འདིར་རིག་འཛིན་གནས་དང་མཁའ་ལ་སྤྱོད། །འོག་མིན་ལ་སོགས་དག་པའི་ཞིང་དག་ན། །རྡོ་རྗེ་འཛིན་པའི་བློ་ལ་རྟག་བཞུགས་ནས། །ནམ་ཡང་འགྲོ་དོན་མཛད་ལ་རྒྱུན་ཆད་མེད། །འོན་ཀྱང་མ་དག་ཞིང་དུ་སྔགས་ཀྱི་ཚུལ། །མཆོག་གི་སྤྲུལ་པས་གསུངས་པ་བརྒྱ་ལམ་ཙམ། །དེ་ཕྱིར་རྒྱལ་བ་འཇིག་རྟེན་བྱོན་པ་དང༌། །དེ་ཡིས་དམ་པའི་ཆོས་ཚུལ་གསུངས་པ་དང༌། །ཁྱད་པར་ཟབ་མོ་སྔགས་ཀྱི་ཚུལ་གསུངས་པ། །རྙེད་པར་དཀའ་ཞིང་ཆེས་ཆེར་དཀོན་པར་གྲགས། །གང་འདིར་ཚུལ་ཆེན་བསྟན་པ་རྙེད་པ་དང༌། །དེ་དོན་ཚུལ་བཞིན་སྒྲུབ་པའི་དགེ་ལེགས་ནི། །རྩོད་བྲལ་རྒྱུད་སྡེའི་གླེགས་བམ་ཚོགས་རྣམས་དང༌། །གོང་མའི་སྲོལ་བཞིན་འཆད་པའི་སྨྲ་མཁས་དང༌། །དེ་སྒྲུབ་བྱེད་པའི་རྣལ་འབྱོར་ཅན་དག་ལ། །རག་ལས་དེ་ཕྱིར་དེ་དང་དེ་དག་ཀྱང༌། །ཟུང་འཇུག་རྒྱལ་བ་ཉིད་བཞིན་བཀུར་བར་འོས། །ཐུབ་ཆེན་སྟོན་པས་ཚུལ་ཆེན་གང་གསུངས་པ། །འཕགས་ཡུལ་ཉིད་དུ་རིམ་པར་བཞུགས་པ་དང༌། །ཕྱི་མའི་དུས་སུ་རིག་འཛིན་ལ་ལ་ཡིས། །ཤམ་བྷ་ལ་དང་ཨཽ་ཌིཎྜྻ་སོགས་ནས། །རྒྱུད་ཆེན་རྒྱས་པའི་བསྡུས་པའི་རྒྱུད་འགའ་དང༌། །ཁོལ་བུར་ཕྱུང་པའི་གཞུང་འགའ་སྤྱན་དྲངས་ནས། །སྔགས་གཞུང་ཟབ་མོའི་ཉི་མ་ཆེར་འབར་བས། །འཕགས་པའི་ཡུལ་གྱི་ས་ཆེན་གསལ་བར་བྱས། །ཕ་རོལ་ཕྱིན་པའི་ཐེག་པ་ཉིད་ལ་ཡང༌། །རྩོད་པ་བྱུང་ན་ཚུལ་འདིར་སྨོས་ཅི་དགོས། །དེ་ཕྱིར་འཕགས་པའི་ཡུལ་དུ་རིག་འཛིན་རྒྱུད། །གསང་བར་གདམས་ནས་ཟབ་མོར་སྦས་པ་ཡིན། །རྒྱལ་བ་འདའ་ཚུལ་བསྟན་ནས་རིང་ཞིག་ན། །སྤྱན་རས་གཟིགས་དབང་ཐུགས་རྗེའི་སྤྲུལ་པ་ཡིས། །གངས་ཅན་ཡུལ་ལྗོངས་གཤིན་པོར་བྱས་པ་ལས། །འགྲོ་མང་བདུད་རྩིའི་སྣོད་དུ་གྱུར་པའི་ཚེ། །འཇམ་དབྱངས་རྣམ་འཕྲུལ་ཁྲི་སྲོང་བཀའ་སྩལ་གྱིས། །ཀ་ཅོ་གཞང་གསུམ་སྤྲུལ་པའི་ལོ་ཙཱ་བས། །འཁྲུལ་མེད་ཐེག་གསུམ་དམ་ཆོས་ངེས་བསྒྱུར་ནས། །ཕྱག་རྒྱས་བཏབ་པ་ཀུན་གྱི་སྤྱི་བོར་བླངས། །དུས་དེར་མཚོ་སྐྱེས་ལ་སོགས་གྲུབ་ཆེན་གྱི། །ཐུགས་ལ་བཞུགས་པའི་བླ་མེད་སྔགས་ཀྱི་ལམ། །གླེགས་བམ་ངོས་སུ་གསལ་བར་བཀོད་པ་ན། །གསང་སྔགས་སྔ་འགྱུར་ཞེས་བྱའི་ལམ་སྲོལ་དོད། །སངས་རྒྱས་གསང་བ་ལས་འོངས་རྣལ་འབྱོར་རྒྱུད། །རྩོད་བྲལ་རྒྱ་དཔེའི་ངོས་ལས་ལེགས་བསྒྱུར་བ། །དུས་དེར་བྱོན་ནས་དེང་སང་བར་དུ་ཡང༌། །མ་ཉམས་དྲི་མ་མེད་པ་དེ་བཞུགས་སོ། །དེ་དོན་ཉམས་སུ་ལེན་པའི་བརྩོན་འགྲུས་ཀྱིས། །ཟབ་མོའི་ལམ་ལ་ཚུལ་བཞིན་གཞོལ་བ་ན། །དངོས་གྲུབ་རྣམ་གཉིས་ལེན་ལ་དབང་ཐོབ་པའི། །རིག་འཛིན་ས་ལ་བཞུགས་པ་མང་ཞིག་བྱོན། །སྔོན་ཚེ་གངས་ཅན་ལྗོངས་འདིར་རིག་པ་འཛིན། །ཕལ་ཆེར་འདོད་ལྷའི་ཞགས་པས་བཟུང་བ་ན། །སྔགས་གཞུང་དམ་ཚིག་ཁྱབ་འཇུག་གཞུང་ལུགས་དང༌། །དྲག་པོའི་གཞུང་བཞིན་བསྒྲུབ་པ་མང་ཞིག་བྱུང༌། །དུས་དེར་རྒྱལ་བའི་རྣམ་འཕྲུལ་ལོ་ཙཱ་བ། །རིག་འཛིན་སར་བཞུགས་རིན་ཆེན་བཟང་པོ་ཡིས། །རྒྱུད་སྡེ་བཞི་ཡི་གླེགས་བམ་མ་ཉམས་པ། །ཚིག་དོན་མ་འཁྲུལ་ཇི་བཞིན་བོད་དུ་བསྒྱུར། །གསང་སྔགས་ལོག་པར་སྤྱོད་པ་སུན་འབྱིན་པའི། །བསྟན་བཅོས་མཛད་ནས་བཤད་པའི་སྲོལ་ཆེན་གྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་མཐོན་པོ་དང༌། །སྒྲུབ་པའི་གདུགས་དཀར་དྲི་མ་མེད་དེ་བཟུང༌། །དེ་ནས་འཇིགས་མེད་དཔལ་ལྡན་ས་སྐྱ་པ། །འཇམ་དཔལ་རྣོན་པོའི་རྣམ་འཕྲུལ་ལོ་ཙཱ་བས། །མདོ་སྔགས་ཆོས་ཀྱི་གྲུ་ཆེན་དེར་ཞུགས་ནས། །ཆོས་དང་ཆོས་མིན་འབྱེད་པའི་བསྟན་བཅོས་ཀྱི། །ལུང་དང་རིགས་པའི་སྦྱོང་ཚུལ་རིམ་གསུམ་པོས། །ཐུབ་བསྟན་ནོར་བུའི་དྲི་མ་མཐའ་དག་དང༌། །སྔགས་གཞུང་ལོག་པར་བསྒྲུབ་པ་ཀུན་སྦྱངས་ནས། །བཤད་སྒྲུབ་རྒྱལ་མཚན་རྩེ་ལ་གསལ་བར་བཀོད། །དེ་ནས་དེ་ཡི་ཆོས་ཚུལ་ཀུན་མཁྱེན་ཞིང༌། །རྡོ་རྗེ་འཛིན་པའི་ཐུགས་ཀྱི་བང་མཛོད་ལ། །དབང་བསྒྱུར་ཀུན་དགའི་མཚན་བཟང་འཛིན་པོ་ཡིས། །མདོ་སྔགས་ཆོས་ཀྱི་རྣམ་རོལ་ཅི་ཡང་བྱས། །དེ་ཡི་ཕྲིན་ལས་ཡིད་ལ་ཉེར་སིམ་པས། །ས་ཆེན་སྐྱོང་མཛད་བསྟན་པའི་རིམ་གྲོ་པ། །རྣམ་དཔྱོད་བཀྲ་ཤིས་ཉིན་པོར་བྱེད་པའི་མགོན། །མཐོན་པོའི་རིགས་ཀྱི་དགུང་ལ་ངེས་ཤར་བ། །ཕ་རོལ་ཕྲག་དོག་ལག་པས་མ་མནན་ཞིང༌། །ཚུ་རོལ་མངའ་འབངས་མཚོ་བཞིན་གང་བ་དང༌། །ཆོས་དང་སྲིད་ཀྱི་དབུ་རྨོག་གོང་ནས་གོང༌། །རྣམ་པར་བཙན་ཞིང་མཐོ་བའི་དུས་གང་འདིར། །བཻ་ཌཱུརྻ་སྔོན་ཞུ་བ་འཁྱིལ་འདྲ་བའི། །མཐིང་ཤོག་གླེགས་བུར་བགྱིས་པའི་ངོས་འཇམ་ལ། །བཙོ་མའི་གསེར་འོད་འབུར་དུ་དོད་པ་ཡི། །བཀའ་ལུང་འགྱུར་རོ་འཚལ་བ་འདི་འཁྲུངས་སོ། །གང་འདི་གསུང་གི་དབང་ཕྱུག་འོད་དཔག་མེད། །དམ་ཆོས་ཡོངས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ། །རྫོགས་སངས་རྒྱས་ཀྱི་གསུང་རྣམས་ཐམས་ཅད་པའི། །བཀྲ་ཤིས་བདེ་ལེགས་གང་ཡོད་དེང་འདིར་སྤྱོན། །རྣལ་འབྱོར་ཕ་ཡི་རྒྱུད་ཆེན་གསང་བ་འདུས། །ཕ་རོལ་བདུད་དཔུང་འཇོམས་མཛད་གཤིན་རྗེའི་གཤེད། །ཕྲིན་ལས་མཛོད་གྱུར་རྣམ་སྣང་སྒྱུ་འཕྲུལ་སོགས། །ཐབས་རྒྱུད་བདེ་ཆེན་གསུམ་གྱི་བཀྲ་ཤིས་སྤྱོན། །ཤེས་རབ་རྒྱུད་ཆེན་དགྱེས་པ་རྡོ་རྗེ་དང༌། །དཀྱིལ་འཁོར་འཁོར་ལོའི་སྡོམ་པ་བདེ་ཆེན་མཆོག །རྡོ་རྗེ་གདན་བཞི་སངས་རྒྱས་མཉམ་སྦྱོར་སོགས། །མ་རྒྱུད་བདེ་ཆེན་གསུམ་གྱི་བཀྲ་ཤིས་སྤྱོན། །སྒྱུ་འཕྲུལ་དྲྭ་བ་ཁྲི་དང་དྲུག་སྟོང་པའི། །ལེའུར་གྱུར་པ་དོན་དམ་མཚན་བརྗོད་དང༌། །ཟླ་གསང་ཐིག་ལེ་དུས་ཀྱི་འཁོར་ལོ་སོགས། །གཉིས་མེད་རྒྱུད་ཆེན་གསུམ་གྱི་བཀྲ་ཤིས་སྤྱོན། །གང་འདིར་དྲང་སྲོང་རྒྱས་པའི་གཞུང་ལུགས་དང༌། །རྣམ་པར་འདྲེས་པ་ནང་པའི་བསྟན་བཅོས་ཏེ། །རྫོགས་སངས་རྒྱས་ཀྱི་བཀའ་ལུང་མིན་ནོ་ཞེས། །སྔོན་བྱོན་ཆེན་པོར་གྲགས་པ་འགའ་ཞིག་སྨྲ། །འདུས་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་དང༌། །འཇམ་དཔལ་རྩ་བའི་རྒྱུད་ལས་དུས་འཁོར་ལོའི། །ཆོས་དང་ཡུལ་གྱི་ངེས་པ་གསུངས་པ་དང༌། །འཇིགས་མེད་ལ་སོགས་པཎ་ཆེན་མང་པོས་ཀྱང༌། །རིགས་པར་བཀྲལ་ཕྱིར་འགྲན་ཟླ་ཀུན་བྲལ་བའི། །དམ་པའི་ཆོས་འདིས་འཇིག་རྟེན་གཞུང་ལུགས་དང༌། །རིགས་པའི་གནས་ལ་རྨོངས་པ་ཀུན་གསལ་ནས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་བཀྲ་ཤིས་སྤྱོན། །རྩ་བའི་རྒྱུད་ཆེན་དེ་ཉིད་བསྡུས་པ་དང༌། །བཤད་རྒྱུད་དྲི་མེད་རྡོ་རྗེ་རྩེ་མོ་དང༌། །འཇིག་རྟེན་གསུམ་རྒྱལ་དཔལ་མཆོག་དང་པོ་སོགས། །རྩ་བཤད་ཆ་མཐུན་རྒྱུད་ཀྱི་བཀྲ་ཤིས་སྤྱོན། །དོན་དམ་མཚན་བརྗོད་རྣལ་འབྱོར་རྒྱུད་ཅེས་དང༌། །དཔལ་མཆོག་དང་པོ་རྣལ་འབྱོར་བླ་མེད་དང༌། །སྤྱོད་རྒྱུད་གཉིས་པ་བསྟན་བཅོས་ཡིན་ནོ་ཞེས། །སྔོན་བྱོན་ཆེན་པོ་འགའ་ཡིས་གསལ་བར་བསྒྲགས། །པད་མ་དཀར་དང་ཀུན་དགའི་སྙིང་པོ་ཡིས། །མཚན་བརྗོད་དཔལ་མཆོག་གང་དུ་བཀྲལ་དེ་དང༌། །སྦྱོང་རྒྱུད་གཉིས་པ་བསྟན་བཅོས་ཡིན་ཀྱང་སླ། །དྲང་སྲོང་གསུམ་བཞིན་སྤྱི་བོས་བླང་བར་རིགས། །རྩ་བའི་རྒྱུད་ཆེན་རྣམ་སྣང་མངོན་བྱང་ཆུབ། །ཕྱི་མའི་རྒྱུད་དང་བཅས་པ་གང་ཡིན་དང༌། །ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི། །བཀྲ་ཤིས་དགེ་ལེགས་གང་ཡོད་དེང་འདིར་སྤྱོན། །རྡོ་རྗེ་ས་འོག་མི་འདྲ་རྣམ་གཉིས་དང༌། །ས་གསུམ་རྒྱུ་བའི་རྟོག་པ་ཞེས་བྱ་དང༌། །གཤིན་རྗེ་ཁོག་སྣང་ཕྱི་མའི་རྒྱུད་བཅས་པ། །བློ་ཆེན་ལ་ལས་རྩོད་པ་ཅན་དུ་བཤད། །ཕྱག་རྡོར་རྒྱུད་གསུམ་ལུང་གིས་གྲུབ་པ་དང༌། །ཁོག་སྣང་རྒྱུད་གསུམ་འགྲེལ་ཏིག་ཁུང་མ་འགར། །ལུང་དུ་དྲངས་ཕྱིར་རྣམ་པར་དག་གོ་ཞེས། །བློ་ཆེན་ལྡན་པ་འགའ་ཞིག་དེ་སྐད་སྨྲ། །བྱ་རྒྱུད་འཇིག་རྟེན་འདས་པའི་རིགས་གསུམ་དང༌། །འཇིག་རྟེན་རིགས་ཀྱི་གཟུངས་སྔགས་རྣམ་གསུམ་དང༌། །ལེགས་གྲུབ་སྤྱི་རྒྱུད་དཔུང་བཟང་གིས་ཞུས་དང༌། །རབ་གནས་རྒྱུད་ཀྱི་བཀྲ་ཤིས་གང་ཡོད་སྤྱོན། །སྤྱན་རས་གཟིགས་རྒྱུད་པད་མའི་དྲྭ་བ་དང༌། །གནམ་ལྕགས་ཆུ་སོགས་རྡོ་རྗེའི་རིགས་ཀྱི་ནི། །རྒྱུད་ཀྱི་ཁྱད་པར་འགའ་ཞིག་རྩོད་པ་ཅན། །ཡིན་ཡང་ཕྲལ་དང་ཡུན་གྱི་བྱིན་རླབས་ལ། །བསླུ་བ་མེད་ཕྱིར་བཀུར་སྟིའི་གནས་སུ་རིགས། །ཐེག་མཆོག་ཀུན་གྱི་རྩེ་མོ་རྡོ་རྗེའི་ཐེག །ངོ་མཚར་བསྔགས་པའི་འཕྲེང་བ་བགྲང་ཡས་ཀྱི། །པད་དཀར་ཕྲེང་མཛེས་འཛིན་པའི་རྒྱུད་འབུམ་ནི། །གཞན་གྱིས་མི་བསྐྲུན་གླེགས་བམ་ཚོགས་འདི་གྲུབ། །སྟོན་དུས་དྭངས་པའི་ཀུན་གསལ་བུ་མོ་ཡིས། །ཉི་འོད་འབར་བའི་སྐྱེ་མཆེད་འཐུངས་པ་བཞིན། །ཨིནྡྲ་ནི་ལའི་སྐྱེད་ཚལ་སྟར་བ་ལ། །གསེར་འོད་འཁྱུག་པའི་གསུངས་དབྱངས་གར་མཁན་མས། །ཕ་རོལ་ཡིད་ཀྱི་ཤིང་རྟ་འདྲེན་ནུས་པའི། །བསླབ་སྦྱངས་ལང་ཚོའི་སྦྱོར་བ་ཅི་ཡང་བྱས། །གཏོང་ཕོད་ལུགས་བརྒྱ་ཤེས་པའི་འདུ་འགོད་ཀྱིས། །བརྟན་བཞུགས་དགའ་སྟོན་རྒྱ་ཆེ་གང་འདིས་མྱོང༌། །དེ་བསྐྲུན་མ་དྲོས་དཔལ་མོའི་དག་བྱེད་ཀྱིས། །ས་སྐྱོང་ཐུགས་ཀྱི་རལ་པ་དམར་པོའི་དུག །མ་ལུས་སྦྱངས་ཤིང་བཀྲུས་ནས་རང་བཞིན་གྱི། །འོད་གསལ་ཆོས་སྐུའི་རྒྱ་མཚོ་དེར་དྲོངས་ཤིག།  ༈  །།གློ་བོ་དཔོན་པོ་དྲུང་ཨ་སེང་པས་མདོ་སྡེ་གསེར་མ་བཞེངས་པའི་དཀར་ཆག་ཏུ་གནང་བ།། ༄། །ཨོཾ་སྭསྟི་སིདྡྷཾ། བདེ་ཆེན་ཞི་བའི་དབྱིངས་ལས་མི་གཡོ་བར། །སྣ་ཚོགས་སྒྱུ་མའི་རོལ་རྩེད་བསམ་ཡས་ཀྱིས། །རྟག་ཏུ་དམ་ཆོས་གསུང་བ་ཁྱོད་ཀྱི་ཞལ། །འཛུམ་དཀར་འོད་ཟེར་འཕྲོ་ལ་ཕྱག་འཚལ་ལོ། །མཱ་ལ་ཡ་རླུང་བསིལ་བའི་ཤིང་རྟ་ཡིས། །དལ་བུར་དྲངས་པའི་ཧ་རི་ཙནྡན་གྱི། །ངད་འཇམ་ཇི་བཞིན་སྙིང་ལ་ཉེར་སིམ་པའི། །གསུང་མཆོག་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །དེ་ལས་བརྒྱུད་པའི་ཆོས་ཀྱི་གྲུ་ཆར་གྱིས། །གང་བློ་གཏིང་མཐའ་ཡངས་པར་གནས་བཅས་ནས། །ཕྲིན་ལས་ཆུ་ཆེན་བཞི་པོ་རྟག་འབེབས་པ། །འདུས་པའི་རྒྱ་མཚོ་ཆེ་ལ་ཕྱག་འཚལ་ལོ། །སྟོན་པའི་ཕྲིན་ལས་ཇི་སྙེད་དེ་དག་ལས། །གསུང་གི་མཛད་པ་དེ་དག་མཆོག་ཡིན་ཞེས། །རྒྱལ་བ་ཉིད་ཀྱིས་ལྷག་པར་བསྔགས་པ་ཡི། །ཡིད་འོང་བསྟོད་པའི་ཕྲེང་མཛེས་ཅི་ཡང་མཛད། །འཛམ་གླིང་ཆུ་བོ་ཇི་སྙེད་འབབ་མཁས་པ། །དེ་ཀུན་མ་དྲོས་མཚོ་ལས་བྱུང་དེ་བཞིན། །ཡུལ་ཁམས་སྤྱི་དང་ཁྱད་པར་ཡུལ་ལྗོངས་འདིའི། །ཕན་བདེ་ཇི་སྙེད་དམ་པའི་ཆོས་ལས་བྱུང༌། །རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ། །རྣམ་གྲངས་མང་ཞིག་རིགས་རྒྱུད་གོང་མ་ཡིས། །གན་ཤོག་གླེགས་བུའི་ངོས་ལ་བཙོ་མའི་གསེར། །ཕྲེང་མཛེས་འབུར་དུ་དོད་པ་བཀོད་ཟིན་མོད། །ཨ་མེས་གོང་མའི་ཐུག་དགོངས་རྫོགས་པ་དང༌། །ཡུམ་མཆོག་བདེ་བའི་གནས་སུ་འདྲེན་པ་དང༌། །རང་ཉིད་ཆོས་ཀྱི་རྒྱལ་པོའི་སེང་གེའི་ཁྲི། །རབ་བརྟན་མཐོན་པོའི་གོ་འཕང་བཟུང་བྱའི་ཕྱིར། །ཤེར་ཕྱོགས་ཟབ་མོའི་གླེགས་བམ་ཇི་སྙེད་པ། །གསེར་འོད་འབར་བ་རྒྱས་པར་བསྒྲུབ་ཟིན་ནས། །རྒྱ་ཆེན་མདོ་སྡེའི་ཕྱོགས་ཀྱི་ཆོས་ཀྱི་སྒོ། །ངོ་མཚར་བརྒྱ་ཕྲག་བརྒྱད་ལྡན་འདིར་དབྱེ་བྱ། །ཡིད་འོང་བསྐལ་པ་བཟང་པོའི་མདོ་སྡེ་དང༌། །ངོ་མཚར་རྒྱ་ཆེ་རོལ་པའི་མདོ་སྡེ་ཡིས། །ཐེག་ཆེན་མདོ་སྡེའི་སྒོ་མོ་རབ་ཕྱེ་ནས། །ཐེག་ཆེན་ཆོས་ལ་སྤྲོ་བ་ཐོག་མར་བསྐྱེད། །བསྐལ་བཟང་སྤྲུལ་སྐུའི་མཛད་པ་བསམ་ཡས་དང༌། །ཁྱད་པར་སྟོན་པའི་རྣམ་ཐར་བཅུ་གཅིག་པོ། །གོང་ནས་གོང་དུ་འཕེལ་བའི་གཟི་འོད་ཅན། །གང་དེའི་བཀྲ་ཤིས་མ་ལུས་དེང་འདིར་སྤྱོན། །པད་དཀར་རྣམ་གསུམ་དགོངས་པ་ངེས་འགྲེལ་དང༌། །ལང་ཀར་གཤེགས་པ་གསེར་འོད་དམ་པ་སོགས། །ཐེག་ཆེན་མདོ་སྡེའི་གཞུང་ཤིང་དྲང་པོ་ཡི། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་པར་དུ་སྤེལ། །བྱམས་དང་སྙིང་རྗེ་ཐེག་ཆེན་ཐུགས་བསྐྱེད་དང༌། །སྣ་ཚོགས་སྤྲོས་དང་བྲལ་བའི་ཤེས་རབ་དང༌། །རྒྱལ་སྲས་རྣམ་ཐར་རླབས་ཆེན་སྤྱོད་པ་ཡི། །བཀྲ་ཤིས་དགེ་ལེགས་གང་ཡོད་དེང་འདིར་སྤྱོན། །སངས་རྒྱས་ས་དང་བཀྲ་ཤིས་བརྒྱད་པ་དང༌། །དེ་བཞིན་གཤེགས་བདུན་སྔོན་གྱི་སྨོན་ལམ་སོགས། །དོན་མང་ཚིག་ཉུང་ལྡན་པའི་མདོ་སྡེ་ཡིས། །ཐེག་ཆེན་མདོ་སྡེའི་མཇུག་བསྡུད་ཐ་མར་བསྟན། །རྨད་དུ་བྱུང་བའི་སྨོན་ལམ་བགྲང་ཡས་དང༌། །འཇིག་རྟེན་འཇིག་རྟེན་འདས་པའི་བཀྲ་ཤིས་དང༌། །བསོད་ནམས་ཆུད་མི་ཟ་བའི་བསྔོ་བ་ཡིས། །དགེ་ལེགས་བཀྲ་ཤིས་གང་ཡོད་དེང་འདིར་སྤྱོན། །དྲན་པ་ཉེར་གཞག་ཚངས་པའི་དྲྭ་བའི་མདོ། །གཟུགས་ཅན་སྙིང་པོ་རྒྱལ་མཚན་མཆོག་ལ་སོགས། །ཐུན་མོང་ཐེག་པའི་སྒོ་མང་རབ་ཕྱེ་ནས། །རྒྱུ་འབྲས་ཆོས་ལ་ངེས་པ་སྟེར་བར་མཛད། །སྡིག་པའི་ལས་རྣམས་རྩད་ནས་དྲུང་ཕྱུང་ཞིང༌། །དགེ་བའི་ལས་ཀྱི་རྣམ་སྨིན་རྒྱུ་མཐུན་དང༌། །བདག་འབྲས་ལ་སོགས་འཇིག་རྟེན་དངོས་གྲུབ་ནི། །གང་དང་གང་གི་བཀྲ་ཤིས་དེང་འདིར་སྤྱོན། །རྒྱལ་མཚན་དམ་པ་དགའ་བོ་རབ་བྱུང་དང༌། །གནས་མཆོག་མདོ་དང་ཚུལ་ཁྲིམས་ལྡན་པ་སོགས། །ཐུན་མོང་ཐེག་པའི་གཞུང་དུ་རབ་བསྟན་ནས། །ངེས་འབྱུང་ཐར་པའི་ཡ་མཚན་དགའ་སྟོན་འགྱེད། །འཁོར་བའི་སྐྱོན་དང་ཞི་བའི་ཡོན་ཏན་ལ། །བླང་དོར་ཚུལ་བཞིན་འབྱེད་པའི་རྣམ་དཔྱོད་ཀྱིས། །བདག་མེད་སེང་གེའི་སྒྲ་དབྱངས་སྒྲོག་མཁས་པའི། །བཀྲ་ཤིས་གང་ཡོད་དེ་རིང་འདིར་སྤྱོན་ཤིག །ཟླ་བ་སྙིང་པོས་ཞུས་པའི་མདོ་སྡེ་དང༌། །སྣ་ཚོགས་དགེ་མཚན་བསྟན་པའི་མདོ་རྣམས་དང༌། །ཤིས་བརྗོད་སྨོན་ལམ་བཀྲ་ཤིས་ཚོགས་རྣམས་ཀྱིས། །ཐུན་མོང་ཐེག་པའི་ལམ་བཟང་བསྡུས་ནས་བསྟན། །རྒྱལ་བའི་བསྟན་པ་ཇི་བཞིན་གནས་པ་དང༌། །བསྟན་འཛིན་རྣམས་ཀྱིས་སྨོན་ལམ་ཅི་བཏབ་པ། །རྒྱུ་སྐར་རྣམས་ཀྱིས་དགེ་མཚན་གང་བསྟན་པའི། །དགེ་ལེགས་བཀྲ་ཤིས་གང་ཡོད་དེང་འདིར་སྤྱོན། །གང་འདིས་བསྐྲུན་པའི་དགེ་བས་གནས་སྐབས་སུ། །ཡབ་མེས་གོང་མའི་ཐུགས་ལ་ཅི་མཆིས་པའི། །སྡིག་སྒྲིབ་སྦྱངས་ཏེ་མངོན་མཐོའི་ལམ་ནས་ནི། །བདེ་ཆེན་ཐར་པའི་གནས་དེར་འཛེག་གྱུར་ཅིག །དཔལ་སྐྱོང་རྒྱལ་པོའི་སྐུ་ཚེ་རིང་བ་དང༌། །ཕུན་ཚོགས་བཀྲ་ཤིས་ཉིན་མོའི་མགོན་གང་ནི། །མཆེད་དང་སྲས་ཡུམ་བློན་པོར་བཅས་པ་ཀུན། །མ་ལུས་སྲིད་ཞིའི་དཔལ་ལ་རོལ་བར་ཤོག །དེ་བསྐྲུན་བྱེད་པའི་རྒྱུ་ཚོགས་སྦྱོར་མཁས་པ། །ཁོ་བོ་ཨ་མཆོག་སེང་གེའི་མཚན་དཀར་བས། །ཐོག་མེད་དུས་ཀྱི་ལས་སྒྲིབ་ཀུན་སྦྱངས་ཏེ། །ཆོས་ཀྱི་རྒྱལ་པོའི་གོ་འཕང་དེ་ཐོབ་ཤོག།  །།དེ་སྐད་འདི་ནི་ས་སྐྱོང་གིས། །རིང་ནས་བསྐུལ་བ་ཡིན་ནོ་ཞེས། །བློ་བཟང་ཀུན་དགའ་རྒྱལ་པོ་ཡི། །ཚིག་གི་ལམ་ལས་སྤྱོན་གྱུར་པས། །དགེ་སློང་མཆོག་ལྡན་ལེགས་པའི་བློས། །རབ་ཏུ་དྭང་བས་འབད་དེ་སྦྱར། །དགེ་དེས་ས་སྐྱོང་ཆེན་པོ་ཡི། །བཞེད་པའི་དོན་རྣམས་གྲུབ་གྱུར་ཅིག།  །།ཤུ་བྷཾ།།  །།ཐུབ་དབང་བསོད་ནམས་རྒྱས་པའི་མཚན་བཟང་པོ། །གསེར་འོད་འབར་བ་མཐོང་བའི་མོད་ཉིད་ལ། །ཚངས་དང་དབང་པོའི་ཡིད་རབ་དྲངས་གྱུར་ནས། །ཞབས་ཟུང་གཙུག་རྒྱན་ནོར་བུའི་ཁྲི་ལ་བླངས། །དེ་གསུངས་ཀུན་གྱི་སྙིང་པོ་རྒྱལ་བའི་ཡུམ། །རྒྱལ་བའི་སྲས་རྣམས་ཀྱིས་ཀྱང་རྙེད་དཀའ་བ། །དེ་གསུངས་དུས་ཀྱི་ཐོག་མར་ཕྱོགས་བཅུ་ཡི། །རྒྱལ་བས་བསྟོད་བསྐུར་བསྔགས་པའི་ཕྲེང་མཛེས་ཕུལ། །རྒྱལ་བ་ཉིད་ཀྱིས་ཐུབ་པའི་གསུང་རབ་ཀུན། །མ་ལུས་ཀུན་ལས་གང་འདིའི་ཚིག་དོན་གཅིག །ཁྱད་པར་འཕགས་ཤེས་ཆོས་ཀྱི་མཛོད་འཛིན་ལ། །བསྟོད་བསྐུར་བསྔགས་པས་ལན་གསུམ་རྗེས་གཏད་པ། །སྲས་ཡུམ་བཅུ་བདུན་འཁོར་དང་བཅས་པ་ནི། །མཐིང་ཤོག་གླེགས་བུའི་ངོས་ལ་བཙོ་མ་གསེར། །འོད་འབར་འབུར་དུ་དོད་པའི་གླེགས་བམ་ཚོགས། །གསུང་གི་དབང་ཕྱུག་རྒྱལ་པོའི་ངོ་བོར་བྱོན། །གང་ཁྱོད་མར་གྱུར་འགྲོ་བའི་མགྲོན་པོ་རྣམས། །མི་གནས་མྱང་ངན་འདས་པའི་ལམ་ཆེན་པོ། །ཇི་སྲིད་མ་དྲངས་དེ་སྲིད་ས་ཆེན་འདིར། །བརྟན་པར་བཞུགས་པའི་བཀྲ་ཤིས་དེང་འདིར་སྤྱོན། །གང་སྤྱོད་སེང་གེའི་ཁྲི་ལ་བཞུགས་གསོལ་ཏེ། །མཆོད་ཅིང་བཀུར་བསྟི་བྱེད་པའི་རིམ་གྲོ་པས། །འཛིན་འཆང་ཀློག་དང་ཁ་བཏོན་བགྱིས་པ་ཡིས། །གཞན་གྱིས་མི་བསྐྲུན་བདེ་ལེགས་གང་འདིར་སྤྱོན། །ཁྱོད་དོན་ལན་གཅིག་བསམས་པའི་མོད་ཉིད་ལས། །གཞན་འཕྲུལ་དབང་བྱེད་བདག་པོའི་མེ་ཏོག་མདའ། །ཀུན་གྱི་ཡིད་ལ་འཇུག་པའང་ཕྱིར་ལྡོག་ན། །གཞན་གྱིས་མི་ཐུབ་བཀྲ་ཤིས་དེང་འདིར་སྤྱོན། །རྒྱལ་ཡུམ་རྒྱས་པ་བམ་པོ་སུམ་བརྒྱ་པ། །བསོད་ནམས་ཚོགས་དང་རྣམ་པར་དག་པ་དང༌། །སྟོང་པ་ཉིད་དང་དེ་བཞིན་ཉིད་དང་ནི། །དུམ་བུ་རྣམ་བཞི་ཁམས་པ་གོ་ཆས་བསྒྱུར། །གང་འདི་ཐུགས་འགྱུར་ཡིན་པས་མ་དག་པའི། །དོགས་པ་འཚལ་ནས་བཙན་པོའི་བཀའ་ལུང་གིས། །བོད་འབངས་ཡོངས་ལ་དཔྱ་དང་ཁྲལ་བསྡུས་ནས། །མྱང་བན་ཨིནྟྲ་ཨ་རོང་ཞེས་བྱ་དང༌། །དབས་བན་མཉྫུ་ཤྲཱི་ཡི་རྒྱ་དཔེ་ལས། །དངོས་སུ་བསྒྱུར་བས་དུམ་བུ་དྲུག་པ་བྱུང༌། །དེ་ཉིད་ལྷག་ཆད་མེད་པས་དག་པར་དགོངས། །དེ་ལས་འཕེལ་བ་གངས་ཅན་ལྗོངས་ན་མང༌། །ཕྱི་དུས་ལྷ་གཅིག་རལ་པ་ཅན་གྱི་བཀས། །ཀ་ལྕོག་ཞང་གི་བརྒྱ་དཔེ་དུ་མ་ལ། །ལེགས་པར་གཏུགས་པའི་བླ་འགྱུར་རྒྱས་པ་ནི། །བཅུ་གཉིས་དུམ་དང་བཅུ་བཞི་པ་སོགས་བྱུང༌། །ཁྱད་པར་བསྡུས་འབྲིང་གཉིས་ཀྱི་མཇུག་བརྟགས་ནས། །བཅོ་བརྒྱད་དུམ་པར་བྱས་པའང་མང་ཞིག་ཡོད། །དེ་ལྟར་ཕྱི་མོ་གསུམ་གྱི་དབྱེ་བ་ལས། །རྒྱལ་ཡུམ་རྒྱས་པའི་དབྱེ་བ་རྣམ་གསུམ་བྱུང༌། །རྣམ་དཔྱོད་གསལ་ལྡན་བཤེས་གཉེན་ཤར་བ་པས། །རྒྱན་དང་ལེའུ་བརྒྱད་མའི་རྗེས་འབྲངས་ནས། །གཏན་ལ་ཕབ་ཅིང་ཞུས་ཆེན་མང་དུ་མཛད། །གང་འདི་ཀུན་གྱི་ཡིད་ཆེས་གནས་སུ་བྱ། །ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་རྣམས་ལས། །འགའ་ཞིག་སྔགས་ཀྱི་ཚུལ་དུ་བཀྲལ་གྱུར་ནས། །དངོས་གྲུབ་རྣམ་གཉིས་བསྒྲུབ་པའི་ཚུལ་བཞུགས་ཀྱང༌། །རང་གི་ངོ་བོ་ཕ་རོལ་ཕྱིན་པའི་ཚུལ། །དེ་བསྐྲུན་ཚོགས་གཉིས་ཉི་ཟླའི་འོད་འབར་བ། །ནམ་ཡང་མུན་པའི་ལམ་དུ་མི་འཇུག་པར། །རྟག་ཏུ་གོང་ནས་གོང་དུ་འགྲོ་འགྲུས་པས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་དེ་སྙོགས་ཤོག །འདིར་འོངས་བསོད་ནམས་འཇིགས་མེད་དཔའ་བོ་ཡིས། །ཕ་རོལ་ཁྲོས་པའི་མེ་ཏོག་གཞུ་བཅག་ནས། །རང་སྡེ་བསྲུང་བའི་གཞུ་རྒྱལ་དཔུང་ཚོགས་བཞིས། །རྒྱལ་རྔ་ལན་བརྒྱར་བརྡུང་བ་དེ་བྱོས་ཤིག །རྒྱས་པའི་ཡུམ་གྱིས་མཚན་འཛིན་རྟོག་པ་བསལ། །བར་མའི་ཡུམ་གྱིས་མངོན་རྟོགས་ལམ་བཟང་སྟོན། །བསྡུས་པའི་ཡུམ་གྱིས་སྲིད་ཞིའི་རྒུད་པ་ཀུན། །སེལ་བྱེད་ཡུམ་གསུམ་བཀྲ་ཤིས་དེང་འདིར་སྤྱོན།།  །།ཆོས་དབྱིངས་ནགས་ཀྱི་སྐྱེ་མཆེད་ལ་སོང་བས། །བདེ་ཆེན་ཞི་བའི་སྟན་ལས་མི་བཞེངས་ཀྱང༌། །རྟག་ཏུ་སྒྱུ་མའི་རོལ་རྩེད་ལ་ཆགས་པས། །དམ་ཆོས་གསུང་བ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་ཡི་སྐུ་གསུང་ཐུགས་ཀྱིས་ནི། །བགྲང་ཡས་ཕྲིན་ལས་ཇི་སྙེད་དེ་དག་ལས། །གསུང་གི་མཛད་པ་རྣམ་པ་ཐམས་ཅད་པ། །མཆོག་ཏུ་བསྔགས་པའི་ཕྲེང་བ་ཅི་ཡང་མཛད། །ཡིད་འོང་བསྐལ་བ་བཟང་པོའི་མདོ་སྡེ་དང༌། །ངོ་མཚར་རྒྱ་ཆེར་རོལ་པའི་མདོ་སྡེ་ཡིས། །རྒྱ་ཆེན་ཆོས་ཀྱི་སྒོ་བརྒྱ་རབ་ཕྱེ་ནས། །ཐེག་ཆེན་ཆོས་ལ་སྤྲོ་བ་དང་པོར་བསྐྱེད། །བསྐལ་བཟང་སྤྲུལ་སྐུའི་མཛད་པ་བསམ་ཡས་དང༌། །ཁྱད་པར་སྟོན་པའི་རྣམ་ཐར་བཅུ་གཅིག་པོ། །གོང་ནས་གོང་དུ་སྤེལ་བའི་གཟི་འོད་ཅན། །གང་དེའི་བཀྲ་ཤིས་མ་ལུས་དེང་འདིར་སྤྱོན། །པད་དཀར་རྣམ་གསུམ་དགོངས་པ་ངེས་འགྲེལ་དང༌། །ལང་ཀར་གཤེགས་པ་གསེར་འོད་དམ་པ་སོགས། །ཐེག་ཆེན་མདོ་སྡེའི་གཞུང་ཤིང་དྲང་པོ་ཡིས། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་པར་དུ་སྤེལ། །བྱམས་དང་སྙིང་རྗེ་བྱང་ཆུབ་ཐུགས་མཆོག་དང༌། །སྣ་ཚོགས་སྤྲོས་དང་བྲལ་བའི་ཤེས་རབ་དང༌། །རྒྱལ་སྲས་རྣམ་ཐར་རླབས་ཆེན་སྤྱོད་པ་ཡི། །བཀྲ་ཤིས་བདེ་ལེགས་གང་མཆིས་དེང་འདིར་སྤྱོན། །སངས་རྒྱས་ས་དང་བཀྲ་ཤིས་བརྒྱད་པ་དང༌། །དེ་བཞིན་གཤེགས་བདུན་སྔོན་གྱི་སྨོན་ལམ་སོགས། །དོན་མང་ཚིག་ཉུང་ལྡན་པའི་མདོ་སྡེ་ཡི། །ཐེག་ཆེན་མདོ་སྡེའི་མཇུག་བསྡུད་ཐ་མར་བསྟན། །རྨད་དུ་བྱུང་བའི་སྨོན་ལམ་བགྲང་ཡས་དང༌། །འཇིག་རྟེན་འཇིག་རྟེན་འདས་པའི་བཀྲ་ཤིས་དང༌། །བསོད་ནམས་ཆུད་མི་ཟ་བའི་བསྔོ་བ་ཡི། །བདེ་ལེགས་བཀྲ་ཤིས་གང་མཆིས་དེང་འདིར་སྤྱོན། །དྲན་པ་ཉེར་གཞག་ཚངས་པའི་དྲྭ་བའི་མདོ། །གཟུགས་ཅན་སྙིང་པོ་རྒྱལ་མཚན་མཆོག་ལ་སོགས། །ཐུན་མོང་ཐེག་པའི་སྒོ་མངས་རབ་ཕྱེ་ནས། །རྒྱུ་འབྲས་ཆོས་ལ་ངེས་པ་སྟེར་བར་མཛད། །སྡིག་པའི་ལས་རྣམས་རྩད་ནས་དྲུངས་འབྱིན་ཞིང༌། །དགེ་བའི་ལས་ཀྱི་རྣམ་སྨིན་རྒྱུ་མཐུན་དང༌། །བདག་འབྲས་ལ་སོགས་འཇིག་རྟེན་དངོས་གྲུབ་ནི། །གང་དང་གང་གི་བཀྲ་ཤིས་དེང་འདིར་སྤྱོན། །རྒྱན་མཚན་དམ་པ་དགའ་བོ་རབ་བྱུང་དང༌། །གནས་མཆོག་མདོ་དང་ཚུལ་ཁྲིམས་ལྡན་པ་སོགས། །ཐུན་མོང་ཐེག་པའི་གཞུང་དུ་རབ་བསྟན་ནས། །ངེས་འབྱུང་ཐར་པའི་ཡ་མཚན་དགའ་སྟོན་དང༌། །འཁོར་བའི་སྐྱོན་དང་ཞི་བའི་ཡོན་ཏན་ལ། །བླང་དོར་ཚུལ་བཞིན་འབྱེད་པའི་རྣམ་དཔྱོད་ཀྱིས། །བདག་མེད་སེང་གེའི་སྒྲ་དབྱངས་སྒྲོག་མཁས་པའི། །བདེ་ལེགས་བཀྲ་ཤིས་གང་མཆིས་དེང་འདིར་སྤྱོན། །ཟླ་བ་སྙིང་པོས་ཞུས་པའི་མདོ་སྡེ་དང༌། །སྣ་ཚོགས་དགེ་མཚན་བསྟན་པའི་མདོ་རྣམས་དང༌། །ཤིས་བརྗོད་སྨོན་ལམ་བཀྲ་ཤིས་ཚོགས་རྣམས་ཀྱིས། །ཐུན་མོང་ཐེག་པའི་ལམ་བཟང་བསྡུས་ཏེ་བསྟན། །རྒྱལ་བའི་བསྟན་པ་ཇི་བཞིན་གནས་པ་དང༌། །བསྟན་འཛིན་རྣམས་ཀྱིས་སྨོན་ལམ་གང་བཏབ་པ། །རྒྱུ་སྐར་རྣམས་ཀྱིས་དགེ་མཚན་གང་བསྟན་པའི། །བདེ་ལེགས་བཀྲ་ཤིས་གང་ཡོད་དེང་འདིར་སྤྱོན། །དེ་བསྐྲུན་བཀྲ་ཤིས་ཉིན་མོའི་མགོན་གང་གིས། །འཆི་བདག་ནུབ་ཀྱི་རི་བརྒྱ་འགོངས་པ་ན། །འགྲན་འདོད་སྐར་མས་ཁེངས་པའི་འོད་བསྐྱུངས་ཏེ། །ཕུན་ཚོགས་ཤར་གྱི་རི་ལ་འཆར་བར་ཤོག །སྔོན་གྱི་ལྷ་ཆེན་མེས་པོའི་གདུང་རུས་ལ། །རྣམ་པར་ཞེན་པའི་མཚན་འཛིན་དྲི་མའི་ཚོགས། །དག་བྱེད་ལྷག་བསམ་སྐལ་ལྡན་ཤིང་རྟའི་ཁྲིར། །བསོད་ནམས་ལམ་གསུམ་ལྡན་པ་འདི་བླངས་སོ།།  །།ཞིང་མཆོག་ནོར་འཛིན་དཔལ་མོའི་འཕང་པ་ན། །འཕྲིན་ལས་རོལ་མཚོའི་དབུས་སུ་ཉེར་བཟུང་བའི། །ཐུབ་དབང་སྐུ་བཞིའི་ལྷུན་པོ་འོད་འབར་བ། །ཀུན་གྱིས་བསྔགས་པར་འོས་ལ་ཕྱག་བགྱིའོ། །འཇིག་རྟེན་དབང་པོའི་རྒྱན་གྱི་ལེའུ་ནས། །སྡོང་པོས་རྒྱན་པའི་ལེའུ་ཞེ་ལྔའི་བར། །ཚིགས་བཅད་སུམ་ཁྲི་དགུ་སྟོང་སུམ་ཅུ་པ། །ཕལ་ཆེན་མདོ་སྡེའི་དབང་པོ་འདིར་སྤྱོན་ཏོ། །གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི། །འཇིག་རྟེན་ཁམས་ན་ཀུན་ཏུ་བཟང་པོ་ཡི། །རྣམ་ཐར་ལས་བྱུང་མཆོད་པའི་སྤྲིན་ཚོགས་ཀྱི། །བཀྲ་ཤིས་བདེ་ལེགས་གང་ཡོད་དེང་འདིར་སྤྱོན། །གང་འདིའི་གླེགས་བམ་མརྒད་འཁྱིལ་བའི་མཚོ། །གསེར་འོད་འབར་བའི་རླབས་ཀྱིས་ཉེར་འཁྱུད་པ། །དེ་བསྐྲུན་བྱེད་པོའི་བསོད་ནམས་ཆར་ཆེན་ཡང༌། །དག་པའི་ཞིང་གི་རྒྱ་མཚོར་འཇུག་གྱུར་ཅིག །རིན་ཆེན་ཆོས་ཀྱི་རྣམ་གྲངས་མི་འདྲ་བ། །གོང་ནས་གོང་དུ་བརྩེགས་པའི་ལེ་ལག་ནི། །སྟོང་ཕྲག་བརྒྱ་པར་གྲགས་པ་ལས་ཕྱུང་བའི། །འདུས་པ་ཞེ་དགུར་གྲགས་ལ་ཕྱག་བགྱིའོ། །སྡོམ་གསུམ་བསྟན་དང་སྒོ་མཐའ་ཡས་པ་ཡི། །རྒྱལ་བའི་ཐུགས་ཀྱི་གསང་བའི་སྒོ་ཕྱེ་ནས། །སྐུ་གསུང་ཐུགས་ཀྱི་གསང་བ་མཐའ་ཡས་པ། །ངེས་དོན་ཆོས་ཀྱི་བཀྲ་ཤིས་དེང་འདིར་སྤྱོན། །འོད་དཔག་མེད་དང་མི་འཁྲུགས་འཇམ་དཔལ་གྱི། །ཞིང་བཀོད་བསྟན་པས་དང་བ་འདྲེན་བྱས་ནས། །ཀུན་ནས་སྒོ་སོགས་བྱང་ཆུབ་སེམས་དཔའ་ཡི། །ཐེག་པ་ངེས་བསྟན་ཆོས་ཀྱི་བཀྲ་ཤིས་སྤྱོན། །ཡབ་སྲས་མཇལ་དང་སྒྱུ་མ་མཁན་བཟང་པོ། །ལུང་བསྟན་སོགས་ཀྱིས་རྒྱལ་ལ་དང་བྱས་ནས། །འཆར་བྱེད་ཀྱིས་ཞུས་ལ་སོགས་མདོ་སྡེ་ཡིས། །སྤྱོད་པ་ངེས་བསྟན་ཆོས་ཀྱི་བཀྲ་ཤིས་སྤྱོན། །སངས་རྒྱས་སྤྱོད་ཡུལ་བསམ་མི་ཁྱབ་པ་དང༌། །དཔལ་ཕྲེང་སེང་གེའི་ང་རོའི་མདོ་སོགས་ཀྱི། །དོན་དམ་མཐར་ཐུག་དེ་བཞིན་གཤེགས་སྙིང་པོ། །སྟོན་མཛད་ཆོས་ཀྱི་བཀྲ་ཤིས་དེང་འདིར་སྤྱོན། །མྱ་ངན་འདས་ཆེན་ལེའུ་བཅུ་གསུམ་པ། །དྲང་ངེས་འབྱེད་པའི་མདོ་སྡེ་ངེས་གསལ་བས། །སངས་རྒྱས་སྙིང་པོའི་གནས་ལུགས་ཇི་ལྟ་བ། །སྟོན་བྱེད་ཆོས་ཀྱི་བཀྲ་ཤིས་དེང་འདིར་སྤྱོན། །མྱ་ངན་འདས་ཆེན་ལེ་ཚན་མི་འདྲ་བ། །ཁྲི་དང་ལྔ་སྟོང་ལས་བྱུང་ལྷ་མི་ཡི། །ཞུས་པའི་ལེའུར་གྲགས་པ་རྩོད་དང་བྲལ། །མྱ་ངན་འདས་ཆུང་རྩོད་པ་ཅན་དུ་གྲགས། །མྱ་ངན་འདས་ཆེན་རྒྱ་ནག་ལས་བསྒྱུར་བ། །བམ་གྲངས་ལྔ་བཅུ་རྩ་དྲུག་བཞུགས་པ་ཡང༌། །རྣམ་དག་ཐེག་པ་ཆེན་པོའི་ཆོས་ཡིན་ཞེས། །སྔོན་བྱོན་རྣམ་དཔྱོད་ལྡན་པ་འགའ་ཞིག་གསུང༌། །དེ་བསྐྲུན་བྱེད་པའི་བསོད་ནམས་ཆུ་ཆེན་བཞི། །ལེགས་བྱས་ཆུ་ཕྲན་ཉིས་སྟོང་གི་བསྐོར་བ། །ཆོས་དང་སྲིད་ཀྱི་མ་དྲོས་མཚོ་ཆེན་པོ། །རྣམ་པར་བརྗིད་པའི་དཔལ་དེ་ཐོབ་པར་བསྔོ།།  །།སྭསྟི། མཚན་བཟང་ཉི་འོད་འབར་བའི་འཛུམ་དཀར་ནི། །རྣམ་དཀར་ལང་ཚོའི་དབུས་སུ་ཉེར་སོན་པས། །སྒྲིབ་ཀུན་སེལ་བྱེད་བདུད་རྩིའི་འབབ་ངོགས་མཆོག །དམ་པའི་ཆོས་ཁྱོད་སུམ་རྩེན་དཔག་བསམ་ཤིང༌། །སངས་རྒྱས་མཚན་བཟང་ལྔ་བཅུ་ལས་ལྷག་པའི། །ལྔ་སྟོང་བཞི་བརྒྱ་འབར་བ་དུས་ཀྱི་མེ། །སྒྲིབ་པའི་བུད་ཤིང་སྲེག་ལ་ཐོགས་མེད་ཅིང༌། །གསེར་འོད་ནོར་རྒྱུན་འདོད་དགུའི་བུམ་པ་བཟང༌། །གང་འདིའི་གླེགས་བམ་མཐིང་ཤོག་ནམ་མཁའ་ལ། །གསེར་དངུལ་ཉི་ཟླའི་བགྲོས་ཀྱི་རྣམ་བཀྲ་བ། །ཡི་གེར་བྲིས་སོ་མཁས་ཀུན་དགའ་བྱེད་ཅིང༌། །ཡོན་གྱི་བདག་པོའི་བདེ་ལེགས་སྤེལ་དེ་ཡིན། །དེ་ལས་བྱུང་བའི་དགེ་ལེགས་ནོར་བུའི་འོད། །རིམ་དང་བསོད་ནམས་མང་པོའི་ཁོར་ཡུག་ཏུ། །ཕྲིན་ལས་ཆུ་ཆེན་བརྒྱ་ཡིས་རྟག་འདུད་པ། །དཔལ་ལྡན་སྐྱེ་དགུའི་མགོན་དེ་ཐུགས་ཀྱི་མཚོར། །ཡེ་ཤེས་ཟླ་བཞིན་འཆར་བའི་གེགས་གྱུར་པ། །སྒྲིབ་གཉིས་རྟོག་པའི་ཚོགས་རྣམས་དྭངས་བྱའི་ཕྱིར། །ལྷག་བསམ་སྒྲིན་འགྲུས་བཟང་པོས་སྐྲུན་བྱེད་མཁན། །འཁོན་གྱི་གདུང་འཛིན་རྗེ་བཙུན་སློབ་དཔོན་མའི། །སྲས་འཁྲུངས་སྟོང་དཔོན་འ་ཞྭའི་མཆེད་ལྕམ་མོ། །བྱང་སེམས་སངས་རྒྱས་འབུམ་དེའི་རྣམ་དཀར་དགེ །དེ་བསྐྲུན་དེ་ལས་མངའ་འབངས་བདེ་བ་དང༌། །ཕ་རོལ་དགྲ་བོའི་འཚེ་བ་མེད་པ་དང༌། །རང་སྲིད་དབུ་རྨོག་གོང་ནས་གོང་བཙན་ཞིང༌། །ཆོས་ཀྱི་རྒྱལ་པོའི་གོ་འཕངས་དེ་ཐོབ་ཤོག།  །།མཐོན་མཐིང་གན་ཤོག་གསར་པའི་ན་གཞོན་འོད་དམར་འཁྱུག་པའི་བཞིན་མདངས་རབ་གསལ་ཧ་རི་ཙནྡན་གསེར་འོད་འབར་བའི་གླེགས་བུ་དང་བཅས་ཆོས་དང་སྲིད་ཀྱི་ལང་ཚོ་དར་བའི་རྣམ་འགྱུར་ཅི་ཡང་བྱེད། །བཙོ་མའི་གསེར་གྱི་ཐིག་ཕྲེང་འབུར་དུ་དོད་པའི་འཕྲུལ་ཡིག་སྒེག་མོའི་ལུས་འགྱུར་གྱིས་ནི་རྣམ་དཔྱོད་མཛའ་བོའི་ཡིད་ཀྱི་ཤིང་རྟ་ངེས་པར་འདྲེན་པའི་འཛུམ་ཕྲེང་སྟར་ལ་རྒྱུས་པའི་ཟློས་གར་ཅི་ཡང་བྱས། །གཞན་ཡིད་འཕྲོག་པའི་སྐྱེ་མཆེད་མཚར་པོས་ཀཻ་ལ་ཤ་རིའི་ལྗོངས་འདིར་བཀའ་ལུང་གང་འགྱུར་གླེགས་བམ་མཚར་པོའི་དཔག་བསམ་ཡོངས་འདུའི་འབབ་སྟེགས་ལས་ནི་འཆི་མེད་བདུད་རྩིའི་གཏམ་གྱི་རོལ་མོ་ཅི་ཡང་བྱོན། །གང་འདིར་བདེ་བར་འོངས་པའི་ངོ་མཚར་ཆོས་ཀྱི་མྱ་ངན་མེད་མ་ནམ་ཡང་ཕན་བདེའི་མཛའ་བོ་དང་ནི་ངེས་པར་འགྲོགས་པའི་རྩེ་དགའ་ལྷུར་ལེན་འདིས་ནི་གནས་སྐབས་བདེ་ཞིང་ཡུན་དུ་ཕན་གྱུར་ཅིག།  །།ཨེ་མ་ངོ་མཚར་དཀོན་མཆོག་ཐུགས་རྗེའི་དཔྱང་ཐག་ལ་འཇུས་སྲིད་པའི་རྒྱ་མཚོར་འཇིགས་པའི་སྙེགས་པ་དང་བཅས་རྣམ་གྲོལ་རོ་བརྒྱའི་སྦྲང་རྩི་ཞིམ་པོ་ཡིས་ནི་ཡིད་རབ་དྲངས་པའི་གང་གང་གདུལ་བྱ་དེ་དེ་ལ་ནི་བདེན་བཞིའི་ཐབས་ཀྱི་ཐེག་པ་ཡིད་འོང་གང་འདིར་ཁྱོད་ཀྱི་དང་པོར་བསྟན། །ཡང་ཡང་བསྐྱང་པའི་མ་རྣམས་ཀྱིས་ནི་སྡིག་དང་སྡུག་བསྔལ་རྩུབ་མོས་ཡིད་ཀྱི་གླང་ཆེན་ངེས་དྲངས་སྲིད་པའི་རྒྱ་མཚོར་འཇུག་ལ་བསམ་གཏན་བདེ་བའི་དགའ་བ་བཏང་ནས་སྟོང་ཉིད་ཞི་བའི་ནགས་ཀྱི་སྨན་ལྗོངས་ཉམས་དགར་ཡིད་ཀྱི་གླང་ཆེན་ངེས་པར་དུལ་ནས་སྲིད་པའི་རྒྱ་མཚོར་འཇུག་ལ་སྨོན་པར་དགའ་བ་དེ་དེ་ལ་ནི་བདེན་གཉིས་ཚུལ་གྱི་ཐེག་པ་དེ་ཡང་ཁྱོད་ཀྱིས་བསྟན། །ཆོས་རྣམས་ཀུན་གྱི་གནས་རྣམས་མཁྱེན་པའི་སྒྱུ་འཕྲུལ་མཁན་དེའི་རྣམ་འཕྲུལ་གྱིས་ནི་གང་ཞིག་གང་གང་ལ་དགའི་ཁམས་དང་དབང་པོའི་རིམ་པ་ཇི་བཞིན་དེ་དང་དེ་ལ་འཚས་ཞིང་རིགས་པའི་ཆོས་ཀྱི་སྒོ་ཆེན་བརྒྱད་ཁྲི་བཞི་སྟོང་བཀོད་མཛེས་མཚར་དུ་བསྒྲིགས་པའི་གོ་སྐབས་ཡངས་པར་རབ་ཕྱེ་ནས། །ངོ་མཚར་ལྷ་ཡི་སྒྱུ་མའི་རྣམ་རོལ་མཁན་དེའི་རོལ་རྩེད་ཀྱིས་ནི་མང་པོའི་ཡིད་རབ་འདྲེན་པ་ཇི་བཞིན་ཕན་དང་བདེ་བའི་ལམ་སྲོལ་འབྱེད་པོས་སྣ་ཚོགས་ཆོས་ཀྱི་རྔ་དབྱངས་སྙན་པོའི་ཟློས་གར་གྱིས་ནི་ས་འདིར་བྲེལ་འཕོངས་མེད་པའི་ཆོས་ཀྱི་ལོངས་སྤྱོད་སྟེར་མཁས་ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ།།  །།ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱིས། །ཞེས་སོགས་སོ།།  །།ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིས་ནི་རྒྱུ་གཞན་རྒྱུ་བ་ངེས་པར་དག་པའི་མི་འགྱུར་བདེ་ཆེན་དྲུག་བརྒྱས་ལྷག་པའི་ཆིག་སྟོང་ཉི་ཁྲི་གསུང་དབྱངས་རྣམ་པ་ཐམས་ཅད་པ། །ཆོས་དབྱིངས་ཞི་བའི་ལང་ཚོ་མ་དེས་དྲངས་པའི་བདེ་ཆེན་འཁོར་ལོའི་རྣམ་རོལ་ཉིད་ལ་རྟག་པར་ཞེན་པས་རིན་ཆེན་ཁྲི་ལས་མི་ལྡང་ཐུགས་ཀྱི་རྣམ་པ་ཐམས་ཅད་པ། །ཆོས་སྐུའི་གཞལ་མེད་ཁང་མཐོ་ཕོ་བྲང་མཛེས་པའི་ཕོ་བྲང་དབུས་ལས་གཡོ་མེད་བདེ་ཆེན་སྒྱུ་མའི་གར་གྱི་རྣམ་རོལ་དུ་མས་དཀྱིལ་འཁོར་འཁོར་ལོ་སྐུ་ཡི་བཀོད་པ་ཐམས་ཅད་པ། །སྟོང་ཉིད་སྙིང་རྗེའི་ཉམས་ཀྱིས་ལོངས་སྤྱོད་ཀུན་རྫོགས་ཟུང་འཇུག་བདེ་ཆེན་རྒྱུན་ཆད་མེད་པའི་ཁྱབ་བདག་རྡོ་རྗེ་འཆང་དབང་སྐུ་གསུང་ཐུགས་ཀྱི་རྣམ་རོལ་མི་ཟད་པ་དེར་ཕྱག་འཚལ་ལོ། །མི་འགྱུར་བདེ་བ་ཆེན་པོ་སོགས་སོ།།  །།མངྒ་ལཾ། བྷ་ཝནྟུ།།  །།ཞི་བའི་ཚུལ་ཁྲིམས་རང་བཞིན་ཉེས་པས་དབེན། །རྣམ་དག་ཚུལ་ཁྲིམས་བཅས་པའི་ཁོར་ཡུག་ལ། །ནམ་ཡང་མི་འདའ་ཆོས་འདུལ་ཡིད་བཞིན་མཚོ། །སྟོན་མཛད་ཐུབ་ཆེན་དེ་ལ་ཕྱག་བགྱིའོ། །འདུལ་བའི་བཀའ་ལུང་བོད་དུ་འགྱུར་བ་ལ། །ཤླཽ་ཀ་འབུམ་སྡེར་གྲགས་པ་ཡིན་གྱུར་ཀྱང༌། །རྩ་བའི་ལུང་གཉིས་བཤད་ལུང་སྡེ་བཞི་པོ། །ཕྱོགས་མཐུན་དང་བཅས་འབུམ་སྡེར་ཉེ་བ་ཙམ། །ཕ་མའི་སོ་ཐར་ཤླཽ་ཀ་བདུན་བརྒྱ་དང༌། །བརྒྱད་བརྒྱར་བགྲང་བ་བམ་པོ་གཉིས་གཉིས་པ། །འདི་ནང་བཞུགས་པའི་སོ་ཐར་མདོ་བསྟོད་པ། །ཆོས་ཀྱི་ཚོང་དཔོན་གྱིས་བྱས་བསྟན་བཅོས་ཟེར། །བཤད་ལུང་སྡེ་བཞིའི་ཐོག་མ་ལུང་བཞི་དང༌། །རྣམ་འབྱེད་ཡིན་ཞེས་སྔོན་གྱི་དཀར་ཆག་དང༌། །རིན་ཆེན་གྲུབ་ཀྱི་བཤད་པ་སོ་སོ་བ། །བཞི་ལ་བམ་པོ་བརྒྱ་དང་དགུར་གྲགས་པ། །ཤླཽ་ཀ་གསུམ་ཁྲི་ཉིས་སྟོང་བདུན་བརྒྱ་པ། །རྣམ་འབྱེད་བམ་པོ་བརྒྱད་ཅུ་རྩ་གསུམ་པ། །ཤླཽ་ཀ་ཉི་ཁྲི་བཞི་སྟོང་དགུ་བརྒྱར་བཞེད། །དགེ་སློང་མ་རྣམས་བམ་པོ་ཉེར་བརྒྱད་པ། །ཐམས་ཅད་ཡོད་སྨྲའི་འདུལ་བ་མ་ཡིན་མོད། །སྡེ་པ་གཞན་གྱི་ལུང་ལས་འཆུགས་ཞེས་པ། །བུ་སྟོན་ཆེན་པོའི་རྣམ་དཔྱོད་རྩལ་གྱིས་བཏོན། །ཕྲན་ཚེགས་སྒོ་བརྒྱད་རྫོགས་པའི་བམ་པོའི་གྲངས། །ལྔ་བཅུ་རྩ་དགུར་ཚུལ་ཁྲིམས་བསྐྱངས་ཀྱིས་བཤད། །བཤད་ལུང་ཕྱི་མ་བམ་པོ་ང་གསུམ་པ། །ཞུ་བ་མང་ཤོས་སྦྱར་བའི་རྒྱས་པ་དང༌། །ཞུ་བ་མ་རྫོགས་བམ་པོ་བཅུ་གཉིས་པ། །གཉིས་ལ་གཞུང་དམ་ཞེས་བྱར་འཆད་མོད་ཀྱི། །འགྱུར་དང་བསྒྱུར་སའི་ཁྱད་པར་མ་གཏོགས་པ། །རྒྱས་པའི་གཞུང་ལས་ལོགས་སུ་བགྲང་མི་དགོས། །དེ་ཕྱིར་གཞུང་དམ་ལེ་ཚན་བཅུ་གཅིག་ལ། །བམ་པོ་ང་གསུམ་པ་ཉིད་ཚད་མར་བྱ། །རྣམ་འབྱེད་རྣམ་གཉིས་སོ་ཐར་རྣམ་གཉིས་ཀྱི། །ཚིག་གི་འགྲེལ་ཡིན་དགེ་སློང་ཕ་མ་ཡི། །ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང༌། །སུམ་བརྒྱ་དྲུག་ཅུའི་བཀྲ་ཤིས་དེང་འདིར་སྤྱོན། །འདུལ་བ་ལུང་གཞི་རྣམ་འབྱེད་རྣམ་གཉིས་ཀྱི། །ཁ་སྐོང་འགྲེལ་ཡིན་མ་ཐོབ་ཐོབ་པ་དང༌། །ཐོབ་ཟིན་མི་ཉམས་ཉམས་ན་ཕྱིར་བཅོས་པའི། །ཐབས་ཚུལ་དྲི་མེད་སྟོན་པའི་བཀྲ་ཤིས་སྤྱོན། །གཞི་དང་རྣམ་འབྱེད་གཉིས་ཀྱི་དོན་ཞིབ་མོ། །གསལ་བར་འཆད་པ་ཕྲན་ཚེགས་སྒོ་བརྒྱད་དེ། །བདུན་ཅུ་བཞི་དང་རྟོགས་དཀའི་རྣམ་འབྱེད་དོན། །ཚུལ་བཞིན་བཤད་པའི་བཀྲ་ཤིས་དེང་འདིར་སྤྱོན། །ལུང་གསུམ་གྱིས་བསྟན་དོན་ཚན་རེ་རེ་ཡང༌། །ཞུས་ལན་ཚུལ་གྱིས་རྒྱས་པར་རབ་ཕྱེ་ནས། །མཐའ་གཞན་སྲིད་པའི་དོགས་པ་དང་བྲལ་བར། །འཆད་བྱེད་བླ་མའི་ལུང་གི་བཀྲ་ཤིས་སྤྱོན། །གནམ་སྔོན་བརྡར་བའི་གདོང་མཛེས་བསྟར་བ་ལ། །གསེར་འོད་འབར་བའི་ཐིག་ཕྲེང་ཁ་ལོ་པས། །གང་དྲངས་མདོ་ལུང་སྡེ་བཞིའི་ཉིན་མོར་བྱེད། །བཀྲ་ཤིས་སྲིད་སྡེའི་མགོན་གྱིས་འདི་བླངས་སོ། །ཐུབ་ཆེན་གསེར་འོད་འབར་བའི་ཁྱམས་མཐིལ་དུ། །སྣམ་སྦྱར་རླབས་ཀྱི་ཕྲེང་བས་ཉེར་མཛེས་པའི། །ཕན་བདེའི་འབྱུང་གནས་འདུས་པའི་མཚོ་ཆེན་པོ། །གཞི་གསུམ་ཁོར་ཡུག་ཡངས་པར་གནས་བྱོས་ཤིག །གང་དེར་བསྟན་པའི་གྲུ་བོ་ཆེ། །གང་བཟུང་ལུང་དང་རིགས་པ་ཡི། །སྐྱ་བ་འཛིན་པའི་བསོད་ནམས་ཀྱང༌། །ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །བཀྲ་ཤིས་ཉིན་མོར་བྱེད་མགོན་གྱི། །བསོད་ནམས་རྟ་བརྒྱ་འདེག་པ་ལ། །ཨ་མེས་གོང་མའི་རིགས་མཆོག་གི །གདུང་འཛིན་སེང་གེའི་མཚན་དཀར་བ། །ལྷུན་པོ་ཇི་བཞིན་བརྟན་པ་དང༌། །རང་སྡེ་སྐྱོང་ལ་ཡིད་མཛངས་ཤིང༌། །གཞན་སྡེ་གནོན་ལ་བློ་དཔའ་བ། །དགེ་ཞིང་རྟག་ཏུ་ལེགས་པ་ཡང༌། །རྒྱ་མཚོ་ཇི་བཞིན་གང་བར་ཤོག །སེ་ཆེན་གན་གྱི་ས་སྐྱོང་བའི། །བླ་མའི་རིགས་འཁྲུངས་སློབ་དཔོན་མ། །དཀོན་མཆོག་རྒྱལ་མོ་སྲས་བཅས་ནི། །རིང་དུ་འཚོ་ཞིང་དགེ་གྱུར་ཅིག །ཨ་མི་དེ་ཝའི་བྱིན་རླབས་ཀྱིས། །མ་སངས་སྲིད་དང་ཞི་བ་ཡི། །དཔལ་དང་འབྱོར་པས་གང་ཕྱུག་པ། །ཆོས་ཀྱི་རྒྱལ་པོའི་སར་བཞུགས་ནས། །ཨརྻ་པ་ལོའི་ཐུགས་རྗེ་ཡིས། །ས་ཆེན་སྐྱོང་བའི་མགོན་གྱུར་པ། །ཕྲིན་ལས་བཟང་པོའི་གང་དེ་ཡང༌། །ས་བཅུའི་རྩེ་མོ་དེར་སོན་ཤོག །རིགས་ཀྱི་ཡུམ་གྱུར་དཔལ་དང་ནི། །སྲས་འབངས་སྐྱོང་ལ་བློ་མཛངས་ཤིང༌། །རྒྱལ་བའི་སྲས་ཀྱི་ཐུགས་མངའ་མོ། །འཚོ་ཞིང་རྒྱལ་བ་ཉིད་གྱུར་ཅིག །ས་སྐྱོང་སྲས་དང་བློན་པོར་བཅས། །མངའ་འབངས་མཚོ་བཞིན་གང་བ་དང༌། །ཕ་རོལ་འཚེ་བ་མེད་པ་དང༌། །སྲིད་ཞིའི་དགྲ་ལས་རྣམ་རྒྱལ་ཤོག།  །།སོ་ཐར་གཉིས་དང་དྲན་པ་ཉེར་གཞག་ཚངས་པའི་དྲྭ་བ་ལ་སོགས་བདེན་བཞིའི་འཁོར་ལོའི་སྣ་ཚོགས་པད་མ་ཉི་མའི་སྟེང་ན་ཤེར་ཕྱོགས་གླེགས་བམ་སུམ་ཅུའི་སྟོང་ཉིད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་བླ་བྲེ་ཁོར་ཡུག་སྐོར་བའི་ཕྱོགས་དང་ཕྱོགས་བྲལ་རྣམས་སུ་གཟུངས་སྔགས་འབུམ་གྱི་གླེགས་བམ་ཟབ་མོའི་མདའི་དྲྭ་བ་དང་ནི་ཡེ་ཤེས་མེ་ལྕེ་འབར་བའི་ཀློག་གི་ཕྲེང་བ་ཅན། །ཕལ་ཆེན་གླེགས་བམ་རྣམ་དྲུག་ཡིད་འོང་འདོད་ཡོན་སྣམ་བུ་དམར་པོའི་འགྲམ་ཐབས་རིང་པོས་རིགས་པར་བསྐོར་བའི་རྭ་བ་ལ་བརྟེན་དཀོན་མཆོག་རིན་ཆེན་གླེགས་བམ་རྣམ་བརྒྱད་བརྩེགས་པའི་རྩིག་པ་རིམ་ལྔ་མཐོ་བའི་སྟེང་དུ་རྟོགས་བརྗོད་སྐྱེ་རབས་གསེར་གྱི་ཕ་གུ་སེར་པོའི་བ་གམ་མཛེས་བྱས་མྱ་ངན་འདས་མདོའི་ཆུ་སྲིན་ཁ་ནས་ཕྱུང་བའི་བཀྲ་ཤིས་གསར་པའི་མུ་ཏིག་དོ་ཤལ་ངེས་པར་འཕྱང༌། །སྣ་ཚོགས་མདོ་སྡེའི་གླེགས་བམ་གཉིས་བཅས་སུམ་ཅུའི་མདའ་ཡབ་དཀར་པོ་གྱེན་དུ་ལངས་ཤིང་རིན་ཆེན་ཤར་བུ་འཐུར་དུ་འཕྱང་བའི་བར་མཚམས་ལ་ལར་འོད་འབར་ནོར་བུའི་དོ་ཤལ་དང་ནི་དོ་ཤལ་ཕྱེད་པའི་རྩེ་ནས་སྐྱུགས་པའི་གསེར་གྱི་གཡེར་ཁའི་གསུང་སྙན་གྱིས་ནི་ཡིད་རབ་དང་རྣམས་ཁོ་ནར་མ་ཟད་ཕྲག་དོག་རྩུབ་མོའི་ཐང་དུ་འཕྱན་པའི་ཕྱོགས་ཀྱི་མགྲོན་པོའི་ཡིད་ཀྱང་འགུགས་པར་བྱེད། །བཤད་ལུང་སྡེ་བཞིའི་སྒོ་བཞི་གླེགས་བམ་བང་རིམ་བཞི་བཞིའི་སྟེང་ན་གདུགས་ཕན་རྔ་ཡབ་ནོར་བུའི་ཕྲེང་ལྡན་ཚངས་དང་དབང་པོའི་རྣ་བར་ལེན་པའི་རྔ་སྒྲ་དང་བཅས་བྱ་སྤྱོད་ལྷ་རྣམས་རྣལ་འབྱོར་རྒྱུད་ཀྱི་ཀ་ཆེན་གྱི་མཛེས་ཕ་རྒྱུད་རྡོ་རྗེའི་གདུང་ཟླུམ་གྱིས་བསྐོར་མ་རྒྱུད་ཟབ་མོའི་བུམ་པ་དང་ནི་ཆོས་ཀྱི་འཁོར་ལོ་གཉིས་མེད་རྒྱུད་ཀྱི་ནོར་བུ་འབར་བའི་ཏོག་མཛེས་རྣམ་པར་གཡོ། །མ་ལ་ཡ་རླུང་སོགས་སོ། །བཤད་ལུང་སྡེ་བཞིའི་འབྱུང་བ་རིམ་གྱིས་བརྩེགས། །རྒྱུད་འབུམ་རྡོ་རྗེའི་རྭ་བས་ཁོར་ཡུག་བསྐོར། །མདོ་མངས་ཕྱིའི་མཚོ་ཆེན་ངེས་པར་གང༌། །ཕལ་ཆེན་དཀོན་བརྩེགས་འཛམ་གླིང་བཅུ་གཉིས་པ། །སྨོན་ལམ་ཤིས་བརྗོད་ནང་གི་རོལ་མཚོས་གང༌། །ངེས་དོན་རི་བོ་དྲུག་གི་ནང་རོལ་ན། །ཀུན་གྱི་སྙིང་པོར་ཤེར་ཕྱིན་ལྷུན་པོ་ཡིས། །རྣམ་པར་བརྗིད་པའི་ཞིང་ཁམས་འདི་འཁྲུངས་སོ། །གང་འདི་བསོད་ནམས་རྒྱ་མཚོའི་བང་མཛོད་ན། །རྣམ་འགྱུར་འཇུག་པ་རྣམ་བཅུའི་སྒྱུ་འཕྲུལ་མཁན། །རྣམ་དཔྱོད་ཁྱབ་འཇུག་ལག་པ་རིང་པོ་ཡིས། །ངེས་པར་བསྐྲུན་པ་གང་འདི་ངོ་མཚར་ཏོ། །གང་འདི་ས་སྐྱོང་ཆེན་པོ་ཡིས། །གསུང་གི་རྔ་ཆེན་གྱིས་བསྐུལ་ནས། །ཡུལ་དབུས་ལྗོངས་ཀྱི་སྙན་དངགས་མཁན། །མཆོག་ལྡན་ལེགས་པའི་བློ་ཡིས་སོ།།  །།འཆར་ཁའི་མདངས་གསལ་བྱེ་བས་འཁྱུད་པའི་སྐུ། །མེས་པོའི་སྙིང་ལ་ཉེར་སིམ་བྱེད་པའི་གསུང༌། །ཚེ་དང་བསོད་ནམས་ཆར་བཞིན་འབེབས་པའི་ཐུགས། །ཐུབ་ཆེན་རྒྱལ་བ་དེ་ཡིས་མགོན་མཛོད་ཅིག །དེ་ལྟར་བསོད་ནམས་ཡོངས་འདུའི་དཔག་བསམ་ལས། །རིམ་པར་འོངས་པའི་ལེགས་ཚོགས་སྦྲང་རྩིའི་བཅུད། །མཐར་བྱེད་མཆེ་བའི་ལམ་དུ་མི་འགྲོ་བར། །འཆི་མེད་བདུད་རྩིའི་དཔལ་དུ་འདི་གྱུར་ཅིག །དགེ་ལེགས་ཤར་གྱི་རི་བོའི་ཕྲག་པ་ལ། །རབ་འཁོད་འཆད་རྩོད་རྩོམ་པའི་ལང་ཚོ་ཡིས། །མཐའ་ཡས་འཇིག་རྟེན་གསུམ་གྱི་ཡིད་འཛིན་པ། །ཐུབ་ཆེན་སྟོན་པ་དེ་ལ་ཕྱག་བགྱིའོ། །གཏོང་ཕོད་ལུགས་བརྒྱ་ལྡན་པའི་ཆུ་བོ་བཞིས། །བསོད་ནམས་ཡིད་བཞིན་མཚོ་ཆེན་རབ་གང་ནས། །ས་གསུམ་སྐྱེ་བོའི་རྒུད་པ་སེལ་བརྩོན་པས། །ཕན་བདེའི་སྒོ་བརྒྱ་ཕྱེ་བ་ཉིད་ཡིན་ནོ།།  །།མངྒ་ལཾ།།  །།བྷ་ཝནྟུ།།  །།ཨོཾ་སྭསྟི་སིདྡྷཾ། གང་འདིར་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང༌། གཏན་ཚིགས་རིག་པའི་གཞུང་ལུགས་ལས་བརྩམས་པའི་ཉན་བཤད་ཀྱི་གྲྭ་ཆེན་པོ་འདི་ནི། ཐོག་མར་མཁས་གྲུབ་ཨ་མོ་གྷ་ཤྲཱི་བྷ་དྲ། ས་སྐྱོང་ཆེན་པོ་ནོར་བུ་བཟང་པོས། ཆུ་ཕོ་སྤྲེའུའི་ལོ་ལ་བསམ་གྲུབ་རྩེར་སྤྱན་དྲངས་ནས་ལེགས་པར་བཙུགས། དེ་ནས་ལོ་ཉེར་ལྔ་པ་མེ་ཕོ་སྤྲེའུའི་ལོ་ལ། ཆོས་རྒྱལ་དོན་གྲུབ་རྡོ་རྗེ་དཔོན་བློན་གྱིས། ཆོས་སྡེའི་གཞི་རྐྱེན་གྱི་ཐོག་མ་བཙུགས། ལུང་ནང་གི་དཔོན་གཡོག་པས་ཀུན་དགའ་རྭ་བ་བསྒྲུབས་ནས། དགོན་པའི་མཚན་ཐུབ་བསྟན་གསེར་མདོག་ཅན་ཞེས་བཏགས། དེ་ནས་ལོ་བཅུ་གསུམ་པ་ས་ཕོ་སྤྲེའུའི་ལོ་ལ་དགའ་ལྡན་གསེར་གྱི་ལྷ་ཁང་བཞེངས། མ་ཕམ་མཐོང་བ་དོན་ཡོད་སེང་གེའི་ཁྲི་ལ་སྤྱན་དྲོངས། དུས་དེ་ནས་དཀོན་མཆོག་གསུམ་གྱི་རྟེན་ཟབ་ཅིང་རྒྱ་ཆེ་བ་དང༌། ཡིད་འོང་མཆོད་པའི་སྤྲིན་ཚོགས། འཇིག་རྟེན་སྐྱོང་བ་རྣམ་བཞིས་བསྲུངས་པའི་གཙུག་ལག་ཁང་ཆེན་པོ་གྲུབ་པའི་སྐབས་འདིར། སྟོན་པ་རྒྱལ་བ་ཉིད་ཀྱི་གསུང་དང་རྩོད་བྲལ་གྱི་བསྟན་བཅོས་དག་ལ་ཚུལ་བཞིན་དུ་འཆད་པ་དང་ཉན་པ་ནི། དགོས་པའི་ཡང་དགོས་པར་གྱུར་པས་ན་དེའི་ལུགས་ཀྱི་བཅའ་བ་མདོར་བསྡུས་པ་ནི་འདི་ལྟར། གངས་ཅན་གྱི་ལྗོངས་འདིར་མཚན་ཉིད་པ་ཞེས་གྲགས་པའི་བཤད་པའི་སྲོལ་ནི། ས་རྔོག་གཉིས་སུ་གྲགས་པ་ལས། གཞན་ལ་བརྒྱུད་པའི་ཁུངས་མེད། དེ་དག་ལས་ལུང་བྱམས་པའི་ཆོས་དང༌། དབུ་མ་རང་རྒྱུད་ཤར་གསུམ། བསླབ་སྤྱོད་ལ་སོགས་པའི་བསྐོར་རྣམས་དང༌། ཚད་མ་རྣམ་པར་ངེས་པ། བསྡུས་པའི་སྲོལ་སྔ་མ་དག་དང་བཅས་པ་རྔོག་ལོ་ཆེན་པོ་ནས་བརྒྱུད། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་བསྡུས་པའི་བཤད་སྲོལ། རིགས་པའི་གཏེར་དང་བཅས་པ་ས་ལོ་ནས་བརྒྱུད། དེ་ལྟར་ཕར་ཚད་ཀྱི་ཉན་བཤད་ཅལ་ཅོལ་གཞན་དང་མ་འདྲེས་པ་དེ་ཆོས་གྲྭ་འདིར་གཞུང་ཤིང་དུ་བྱེད་དགོས། དེ་ཡང་ཐོག་མར་གཞུང་ཊཱིཀ་མི་སློབ་པའི་བཤད་ཉན་གྱི་བསྟན་པ་ཆུད་གསོན། རྣམ་བཤད་རྗེ་གོང་མ་གཉིས་ཀྱི་གསུང་སྒྲོས་པར་དུ་གྲུབ་པ་དེ་དག་འཆད་པ་པོས་ལག་ཏུ་བླངས་ནས་འཛིན་དུ་འཇུག དེ་ལ་དགོས་པའི་ངག་དོན་རྣམ་བཤད་སོ་སོ་དང་མཐུན་པའི་སྦྱོར་ཕྲེང་རེ་རེ་ཡོད། དེ་ལས་གཞན་གྱིས་གྲྭ་འདིར་ཕན་མི་ཐོགས་ཚད་མའི་སྤྱི་དོན་དུ་སྦྱར་བ་ཇི་སྙེད་པའི་རང་ལུགས་རིགས་པའི་གཏེར་ལས་གཞན་དུ་མེད། ཕར་ཕྱིན་གྱི་སྤྱི་དོན་ཆེན་མོ་དང༌། ཡན་ལག་རྒྱས་བཤད་ཀྱི་རང་ལུགས་རྣམ་བཤད་ཆེན་མོ་ལས་གཞན་དུ་མི་འདའ། ཕར་ཕྱིན་གྱི་རྣམ་བཤད་རབ་སྒང་མ་དང་ལུང་ཆོས་སྙིང་པོ་བྱམས་ཆོས་སྒོམ་ལུགས་པའི་བཤད་སྲོལ་དང་བསྟུན། དབུ་མ་ཐལ་འགྱུར་བའི་བཤད་སྲོལ་པ་ལོ་ནས་ཞང་ཐང་ལ་བརྒྱུད་པ། རྗེ་རོང་ཆེན་པ་དཔོན་སློབ་ལ་བྱུང་བ་དེ་ལས་གཞན་དུ་བརྒྱུད་པ་མི་འདའ། སྤྱིར་ཕར་ཚད་དབུ་གསུམ་ཡི་བཤད་པ་དུས་ཕྱིས་གྲགས་པ་དེ་སུན་འབྱིན་ལུགས་འབད་རྩོལ་གྱིས་སྟོན་པ་འདི་ལས་གཞན་དུ་མི་འདའ་བར་བཟུང་ན། སྔོན་བོད་ཡུལ་དུ་བྱོན་པའི་གཞུང་ལུགས་པ་ཀུན་གྱི་གྲུབ་མཐའ་རང་བྱོན་དུ་ལྷུན་གྱིས་གྲུབ་པས་ན་གཞན་དུ་འཆོས་མི་དགོས། ལས་དང་པོ་ལ་ཉེར་མཁོའི་ཐལ་ཕྲེང་ཚིག་དང་དོན་ལ་འཇུག་པའི་རྣམ་གསལ་རྩོམ་ཤེས་པ་བྱུང་ན་སུས་བྱས་ཀྱང་བཀག་པ་མེད། གཞུང་ཚད་མ་ལན་ཅིག་ཙམ་ཡང་འཛིན་མ་མྱོང་བའི་གྲྭ་སྐོར་གྱིས་བསྟན་པ་ལ་མི་ཕན་ཞིང༌། རང་རྒྱུད་ཀྱང་མི་ཆོས་བླ་མ་ཆ་མཐུན་གྱིས། ཆུད་འཛའ་འདུལ་མངོན་གྱི་བསྟན་པ་དེང་སང་གང་ཡོད་དེ་ཆུད་ཟོས་པ་མི་སྣང་ཡང༌། རང་རེས་གོ་བདེ་བ་དང་ཟུར་ཕྱིན་པར་བཀོད་པ་དེ་དག་གྲོ་སྐྱོར་གྱི་བརྒྱུད་པ་ལས་འོངས་པ་དང་མཐུན། དེ་ལྟར་ཡིན་པ་དེའི་ཕྱིར། མཚན་ཉིད་ཐེག་པའི་བཤད་སྲོལ་ལ་བསླབ་སྦྱངས་བྱེད་པ་དག་ཀྱང༌། རང་རང་གང་ལ་སློབ་པའི་ཆོས་དེའི་བརྒྱུད་པ་གང་ལས་བྱུང་བའི་བཤེས་གཉེན་དེ་དག་ལ་ཡིད་ཆེས་པའི་དད་པ་དང༌། དོན་དུ་གཉེར་བའི་འདུན་པ་ཕུན་སུམ་ཚོགས་པས་བསྒྲུབ་པར་བྱའོ། །གནས་འདིར་ཕྱི་ནས་འབྱོན་འགྱུར་བའི། །དོན་གཉེར་རྣམས་ལ་དེ་སྐད་དུ། །བཅའ་བ་རྣམ་པར་བཞག་པ་ཡིས། །ཐུབ་བསྟན་རྒྱ་མཚོ་གང་བར་ཤོག།  །།ཤུ་བྷཾ།།  །།ཨོཾ་སྭསྟི་སིདྡྷཾ། རང་རེའི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པ་ལ་སྒོ་གསུམ་རབ་ཏུ་དྭང་བས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་དེས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱང་ནས་སོ་སོ་ཐར་པའི་ཚུལ་ཁྲིམས་མོད་མི་དམའ་བ་དག་ལ་གནས་ཤིང༌། ཚུལ་ཇི་ལྟ་བ་བཞིན་དུ་བསྲུང་བ་ནི། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གོང་མ་དག་ཀྱང་སྐྱེ་བ་དང་གནས་པ་དང་མགོ་འདྲེན་པར་བྱེད་པའི་མེད་ན་མི་འབྱུང་བའི་རྒྱུ་དང༌། ཡོན་ཡོངས་སུ་སྦྱོང་བ་དང༌། ཆུད་མི་འཛའ་བར་བྱེད་པའི་ཐབས་དམ་པ་དག་སྟེ། ཇི་སྐད་དུ། སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །ཅེས་སོ། །དེའི་ཕྱིར་གནས་བཀྲ་ཤིས་ཀྱི་ཀུན་དགའ་རྭ་བ་འདིར་འདུ་བའི་དགེ་སློང་དང༌། དགེ་ཚུལ་དག་གི་ཚུལ་ཁྲིམས་སུ་བཅའ་བ་མདོར་བསྡུས་པ་ནི། ཐ་ན་དགེ་སློང་ལྔར་ལོངས་པ་ཡན་ཆད་དང༌། དགེ་ཚུལ་ལྔ་ལ་སོགས་པས་ཀྱང༌། དབྱར་ཟླ་བ་གསུམ་དུ་ངེས་པར་གནས་པ་ཉིད་དུ་ཁས་ལེན། དེ་ལྟར་གནས་པའི་ཕན་ཡོན་དང་བསླབ་བྱ་གཞུང་དུ་གསལ། གནས་པ་དེ་ལ་གནས་དང༌། ཟས་ཀྱི་རྙེད་པ་ཞག་གྲངས་དང་མཐུན་པ། གོས་རྙེད་དང་རྫས་ཀྱི་དགག་དབྱེ་དག་ཆོས་གཞིས་པས་དགག་དབྱེའི་མཐར་ཅི་འབྱོར་འབུལ། དུས་དེར་དགེ་སློང་གི་བསླབ་བྱ་དང༌། དགེ་ཚུལ་དག་གིའང་བསླབ་བྱ་མ་ལུས་པ་མདོ་ན་གསལ་བས། དེའི་ཉན་བཤད་ཅི་ནུས་དང༌། ཉན་ཐོས་ཀྱི་འདུལ་བ་རྣམ་པར་ངེས་པ་ལ་བསླབ་སྦྱངས་དཔྱིས་ཕྱིན་པར་མཛད། གསོ་སྦྱོང་གིས་ནི་བཅས་རྐྱང་གི་ཉེས་པ་མཐའ་དག་དང༌། རང་བཞིན་གྱིའང་བྱིན་གྱིས་བརློབས་པས་ངེས་པར་ནན་ཏན་དུ་བྱ། དེ་དུས་ཀྱི་བཏུང་བའི་ཁྱད་པར་ཡང་ཅི་འབྱོར་དུ་ཆོས་གཞིས་པས་སྒྲུབ། དེའི་ཚེ་མདོ་འདོན་པ་པོ་ནི། སྤྱིར་བཏང་དུ་གནས་བརྟན་གྱི་བགྱི་བ་ཡིན་ཀྱང༌། དམིགས་བསལ་དུ། བློ་ལ་ཐོན་པའི་བསླབ་པ་གཞོན་པས་ཀྱང་སེང་གེའི་ཁྲི་ཆུང་ལ་འདུག་ནས་འདོན་པར་གསུངས་པ་ལ་སུས་ཀྱང་འཐིང་སླད་མི་བྱ། དུས་འདིར་ནི་གཙོ་བོར་དགེ་འདུན་དབྱེན་གྱི་འཇིགས་པ་དང་བྲལ་བར་བྱ་དགོས་པས། ཆོས་དང་ཟང་ཟིང་གི་བགོ་སྐལ་ལ་མཉམ་པོར་ལོངས་སྤྱོད། འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་དགག་བྱ་གང་ཡིན་དྲན་པར་བྱ། དགེ་སློང་དག་གིས་ནི་ཐ་ནའང་བྱིན་རླབས་འཆགས་སུ་རུང་བ་ཙམ་གྱི་ཆོས་གོས་རྣམ་པ་གསུམ་ཚང་བ་དང༌། དབྱར་ནང་དུ་ལྷུང་བཟེད་དང་གདིང་བ་མེད་པར་གཞན་གྱི་ཟས་དང་སྟན་ལ་ལོངས་མི་སྤྱོད། དུས་གོ་དང་བསླབ་བྲལ་ཚུལ་བཞིན་དུ་སྒྲིག མཐོང་ཐོས་དོགས་གསུམ་གང་རང་གི་གཞི་ཡོད་པའི་ཁྲིམས་འཆལ་ཚོགས་བྲལ་དུ་མི་འཇུག གཞི་གསུམ་པོ་ལ་ནན་ཏན་དུ་བགྱི་བའི་ཚོགས་པས་དེ་ལས་གཞན་རབ་ཏུ་བྱུང་བ་བག་ཡངས་སུ་བྱེད་པ་དག ཁྲིམས་སུ་བྱ་བ་ཆེ་ཆུང་གིས་འཆོས་དགོས་དེ་ལ་རྒོལ་ན་དགེ་འདུན་སྤྱི་དང་འགལ། དེ་ལྟར་སྒྲུབ་པ་ཐམས་ཅད་ཀྱི་དོ་དམ་ཆེད་གཉེར་ཚགས་འཇུག་གཙུག་ལག་ཁང་འདིར་རྒྱུན་ཞུགས་ཀྱི་དགེ་སློང༌། བྱམས་པའི་ཆོས་དང་འདུལ་བའི་བསླབ་སྦྱངས་ལ་གནས་པ་གཞིར་ལོངས་ཤིག་དང༌། མཆོད་བཤོམས་དང་གཉེར་འཛིན་པའི་དགེ་ཚུལ་གཉིས་དང་བཅས་པ་བཞུགས་པ་དེས། དཀའ་ཚེགས་ལ་མི་ལྟ་བར་བྱེད་དགོས། དེ་ལྟར་བསྒྲུབ་པའི་དགེ་ཚོགས་ལམ་གསུམ་པས། །འདུས་པའི་ཡིད་བཞིན་རྒྱ་མཚོ་འཕེལ་བ་དང༌། །ལུང་རྟོགས་རིན་ཆེན་ཚོགས་ཀྱིས་གང་བ་དང༌། །ཕྲིན་ལས་ཆུ་ཆེན་དུས་སུ་ཕེབས་པར་ཤོག།  །།མངྒ་ལཾ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*