གློ་བོ་ཐུབ་ཆེན་གྱི་གཙུག་ལག་ཁང་དང་བཀྲ་ཤིས་སྒོ་མངས་སོགས་ཀྱི་དཀར་ཆག

༼ཙ༽༄༅། །གློ་བོ་ཐུབ་ཆེན་གྱི་གཙུག་ལག་ཁང་དང༌། བཀྲ་ཤིས་སྒོ་མངས་སོགས་ཀྱི་དཀར་ཆག་བཞུགས།།

ཚངས་དབང་གཙུག་གི་ཟླ་གཞོན་ལང་ཚོའི་རྩེ། །ཁྱོད་ཞབས་ཉིན་མོར་བྱེད་པའི་མདངས་གསལ་གྱིས། །འཇིག་རྟེན་གསུམ་གྱི་མུན་ཆེན་སེལ་མཁས་པ། །སྣང་མཛད་ལྷ་མིའི་སྟོན་པས་འདིར་བསྲུངས་ཤིག །བརྩེ་ཆེན་ཡོངས་ཀྱི་འཆི་མེད་བདུད་རྩིའི་རྒྱུན། །སྤྱན་རས་གཟིགས་དབང་ཐུགས་རྗེའི་དཔག་བསམ་གྱིས། །གང་འཐུངས་སྲིད་ཞིའི་འཇུག་ངོགས་ཉམས་དགའ་བར། །ཕན་མཛད་འཇིག་རྟེན་དབང་པོས་འདིར་དགོངས་ཤིག །བོད་འབངས་ཨུཏྤལ་སྐྱོང་མཛད་ཐུགས་རྗེའི་གཏེར། །པད་དཀར་འཛིན་མཛད་མཚན་མོའི་ཉི་མ་ནི། །གངས་ཅན་དབང་པོའི་ལམ་དུ་ཤར་གྱུར་ནས། །ཕན་བདེའི་ལམ་བཟང་མཚོན་རྣམས་ཐོག་མར་དགེ །ཕྱི་མའི་དུས་སུ་མི་བདག་ཕལ་ཆེར་ཡང༌། །འཇིག་རྟེན་ཁམས་ཀྱི་རིན་ཐང་ཀུན་བཟོད་པ། །ཇི་ལྟའི་དཔྱད་ལ་སྒྱུ་མའི་རོལ་རྩེད་ཀྱིས། །རྣམ་པར་རྨོངས་པའི་ལམ་དུ་འཇུག་ལ་འགྲན། །དུས་འདིར་བསོད་ནམས་བརྒྱ་པའི་དགེ་མཚན་གྱིས། །ཕ་རོལ་གནོད་དང་རང་སྲིད་སྐྱོང་བ་དང༌། །ཐུབ་བསྟན་རི་མོར་བགྱི་བའི་མཛད་པ་ཡི། །ས་སྐྱོང་རྒྱལ་པོར་འོས་པ་བཀྲ་ཤིས་མཚན། །གང་འདིའི་བགྲང་ཡས་མཛད་པའི་རི་མོ་ནི། །ཕྱོགས་བྲལ་སྐྱེ་བོའི་སྙིང་གི་མེ་ལོང་ལ། །ནམ་ཡང་འཆར་བའི་ལྟད་མོས་ཀུན་དགའ་བ། །ཕྲག་དོག་ལག་པས་བསུབ་པར་ནུས་མ་ཡིན། །ཐུབ་ཆེན་འཁོར་ལོ་བསྒྱུར་བའི་ཕོ་བྲང་མཆོག །གཞན་ལ་མེད་པའི་ཡ་མཚན་བརྒྱ་ཕྲག་བརྒྱས། །མངོན་པར་ཆུབ་པའི་གཙུག་ལག་ཁང་ཆེན་པོ། །ལྷ་ཡི་བཟོ་བོ་ལས་ཀུན་པས་འདི་བྱས། །བརྒྱ་བྱིན་གྱིས་མཆོད་མེས་པོའི་སྙིང་ལ་ཡང༌། །ཟག་མེད་བདེ་སྟེར་བུ་རམ་ཤིང་པའི་བཀའ། །གངས་ཅན་ལྗོངས་སུ་ཇི་སྙེད་འགྱུར་དེ་ཀུན། །ངོ་མཚར་གསེར་རིའི་ཕྲེང་བ་གང་འདིས་བསྐྲུན།།  །།བཀྲ་ཤིས་སྒོ་བརྒྱ་ལྡན་པའི་མཆོད་རྟེན་ནི། །གྱེན་དུ་འདེགས་པའི་ཁང་བཟང་དགེ་ཞིང་མཐོ། །སྟེང་ནས་འགེབས་པའི་གདུགས་མཛེས་ཁོར་ཡུག་ཡངས། །འོད་འབར་ནོར་བུའི་ཏོག་གིས་དང་བ་འདྲེན། །གང་འདི་མཁའ་ལས་ཆར་ཆེན་མང་བབ་པ། །ཡིད་བཞིན་རྒྱ་མཚོར་དབྱེ་བ་མེད་དེ་བཞིན། །ཡོན་ཏན་ཀུན་གྱི་མཛོད་མངའ་ཆོས་ཀྱི་སྐུ། །མ་ལུས་གཅིག་ཏུ་བསྡུས་པའི་བཀྲ་ཤིས་སྤྱོན། །སྟེང་གི་ཆ་ལ་རྡོ་རྗེ་འཆང་དབང་ནས། །དབང་གི་ཆུ་ཆེན་ངེས་པར་མ་ནུབ་ཅིང༌། །མན་ངག་བརྒྱུད་བཟང་ནམ་ཡང་མ་ཆད་པའི། །དམ་ཚིག་སློབ་དཔོན་དེ་ཀུན་རིམ་པར་བཞུགས། །གང་སྐུ་སྐུ་ལྔའི་བདག་ཉིད་རྡོ་རྗེ་འཆང༌། །དེའི་གསུང་གསུང་གི་དབང་ཕྱུག་བདག་མེད་མ། །ཉིད་ཐུགས་ཐུགས་རྗེའི་དབང་ཕྱུག་བིརྺ་པའི། །ཕྲིན་ལས་ལས་ཆེན་རྣམ་བཞིའི་བཀྲ་ཤིས་སྤྱོན། །དབུས་སུ་ཆོས་དབྱིངས་ངོ་བོ་འཁོར་ལོ་བསྒྱུར། །རྒྱལ་ཕྲན་ལྟ་བུའི་མི་སྐྱོད་ལ་སོགས་བཞི། །རྒྱལ་སྲས་དང་མཚུངས་སེམས་དཔའ་རྣམ་བཅུ་དྲུག །བཙུན་མོ་ལྟ་བུའི་ཡུམ་ཆེན་རྣམ་པ་བཞི། །མཆོད་མཛད་ལྷ་མོ་བརྒྱད་ཀྱིས་ཡོངས་བསྐོར་བའི། །གཞལ་མེད་ཁང་འདི་བསྲུངས་ཤིང་བསྐྱོང་བ་ལ། །བག་ཡོད་སྒོ་བསྲུངས་བཞི་ནི་རང་རང་གི །ཕྲིན་ལས་སྒྲུབ་ལ་གཡེལ་བ་མཛད་མི་མངའ། །ཁྱབ་བདག་རྣམ་སྣང་ཆེན་པོས་རིགས་རྣམ་བཞི། །ཐུགས་རྒྱུད་བསྐུལ་ནས་རང་རང་ཕྱོགས་ཀྱི་ནི། །རྒྱལ་བའི་སྲས་བཞི་དམ་ཚིག་བསྐྱེད་པ་དང༌། །སྨིན་གྲོལ་བྱེད་པོའི་བཀྲ་ཤིས་མ་ལུས་བྱོན། །དེ་ནས་ངན་སོང་འཇོམས་མཛད་རྒྱུད་རྒྱལ་གྱི། །འཇིག་རྟེན་འདས་པའི་དཀྱིལ་འཁོར་རྣམ་དྲུག་པོའི། །རྩ་བའི་ལྷ་ཚོགས་དྲུག་ཚན་ལྔ་བཞུགས་པས། །ཡུལ་ལྗོངས་གང་འདིར་བདེ་འགྲོའི་ལམ་བཟང་མཚོན། །ཁྱབ་བདག་རྣམ་སྣང་ཆེན་པོའི་སྐུ་གསུང་ཐུགས། །མི་ཕྱེད་རྡོ་རྗེ་ངོ་བོར་རྟག་བཞུགས་པ། །མཐའ་ཡས་འགྲོ་བའི་དོན་དུ་ཡོན་ཏན་དང༌། །ཕྲིན་ལས་མ་ལུས་སྩོལ་བའི་བཀྲ་ཤིས་སྤྱོན། །ས་སྐྱོང་ཡབ་ཡུམ་སྲས་བཅས་དད་པའི་ལྷ། །བྱམས་དང་མཁྱེན་བརྩེ་ནུས་པའི་དབང་ཕྱུག་དང༌། །འཆི་མེད་ཕྲིན་ལས་སྩོལ་ལ་མི་ལྷོད་པ། །མི་ཕམ་འཇམ་དབྱངས་སྤྱན་རས་གཟིགས་དབང་པོ། །ཁམས་གསུམ་ལས་རྒྱལ་རྡོ་རྗེ་རྣམ་འཇོམས་དང༌། །འཆི་མེད་དབང་པོ་བཅོམ་ལྡན་ཚེ་དཔག་མེད། །འཆི་བདག་བདུད་ལས་རྣམ་པར་རྒྱལ་བའི་སྐུ། །ཕྲིན་ལས་དབང་ཕྱུག་སྒྲོལ་མཛད་རྣམ་གཉིས་བཞུགས། །འཆི་མེད་མཁྱེན་བརྩེ་རང་གི་རྒྱུད་ཕྱུག་ཅིང༌། །མཐུ་སྟོབས་དཔུང་གིས་རྒོལ་ངན་ཕམ་བྱས་ནས། །རང་སྲིད་སྐྱོང་བའི་ཕྲིན་ལས་ཐམས་ཅད་པ། །གོང་ནས་གོང་མར་སྤེལ་བའི་བཀྲ་ཤིས་སྤྱོན། །བསྲུང་མཛད་ལྷ་མོ་ལྔ་དང་གདུགས་དཀར་ཅན། །འོད་ཟེར་འགྱེད་མཛད་སྐུ་དང་བརྟན་གཡོའི་དུག །སེལ་མཛད་བཅོམ་ལྡན་མ་དང་རི་ཁྲོད་ཀྱི། །ལོ་མ་གྱོན་མཛད་ལྷ་མོའི་སྐུ་རྣམས་བཞུགས། །ཕ་རོལ་རྒོལ་བས་ལན་བརྒྱར་མི་ཚུགས་ཤིང༌། །རིམས་དང་དུག་དང་འཇིགས་ཆེན་བརྒྱད་རྣམས་དང༌། །སྲིད་པའི་གཞུང་ལུགས་སྐྱོང་ལ་གེགས་བྱེད་པའི། །གདོན་ཆེན་དབྱིངས་སུ་ཞི་བའི་བཀྲ་ཤིས་སྤྱོན། །ལྷ་དང་ཀླུ་དང་གནོད་སྦྱིན་གྲུལ་བུམ་གྱི། །འཁོར་ཚོགས་བྱེ་བས་བསྐོར་བའི་རྒྱལ་ཆེན་བཞི། །དམ་པའི་ཆོས་དང་དེ་འཛིན་འདུས་པའི་སྡེ། །ཚུལ་བཞིན་སྐྱོང་ལ་གཡེངས་མེད་འདི་ན་བཞུགས། །སྔོན་ཚེ་སྟོན་པའི་སྤྱན་སྔར་བསྟན་པ་དང༌། །དེ་འཛིན་སྐྱེ་བོ་གང་ན་འཁོད་གྱུར་པའི། །ཕྱི་བཞིན་འབྲངས་ནས་བསྲུང་ཞིང་སྐྱོབ་བོ་ཞེས། །དམ་བཅས་ཞལ་གྱིས་བཞེས་པའི་བཀྲ་ཤིས་སྤྱོན། །སྟེང་འོག་ཕྱོགས་དང་ཕྱོགས་བྲལ་མཐའ་དག་གི །མུ་མེད་གཞུང་ལུགས་གང་དེར་རང་གནས་སུ། །ལྷ་དང་དྲང་སྲོང་གྲུབ་པའི་སྐུར་སྤྲུལ་ནས། །ཕྱོགས་ཆེན་རྣམ་བཅུ་སྐྱོང་མཛད་འདི་ན་བཞུགས། །ཐུགས་ཆེ་ཐབས་མཁས་ཐུགས་རྒལ་དཀྱེལ་མཛངས་ཀྱི། །ཆོས་དང་སྲིད་ཀྱི་གཞུང་ཆེན་དེ་བཟུང་ནས། །རང་རང་ཕྱོགས་ཀྱི་བདེན་པ་བསྲུང་མཛད་པའི། །ངོ་མཚར་བཀྲ་ཤིས་མ་ལུས་དེང་འདིར་སྤྱོན། །འཇིག་རྟེན་གསུམ་རིགས་དབང་མཛད་བཅོམ་ལྡན་མ། །འགུགས་མཛད་འདོད་པའི་རྒྱལ་པོ་དམར་འོད་ཅན། །འཇིག་རྟེན་དབང་པོའི་སྲས་ཆེན་ཚོགས་ཀྱི་བདག །ནོར་འཛིན་ལྷ་མོ་དང་བཅས་འདི་ན་བཞུགས། །ཆོས་ཀྱི་སྡེ་ཆེན་གོང་ནས་གོང་སྤེལ་ཞིང༌། །འཚེ་མེད་འདོད་པའི་སྡེ་ཡང་ཡིད་བཞིན་གྱི། །ནོར་བུ་ཇི་བཞིན་སྩོལ་ལ་ལྷུན་གྲུབ་པ། །གནས་འདིར་རྒྱུན་མི་ཆད་པའི་བཀྲ་ཤིས་སྤྱོན། །རྒྱལ་བ་ཀུན་གྱི་ཡེ་ཤེས་མེ་ཆེན་པོ། །འབར་མཛད་དྲག་པོའི་སྐུར་བསྟན་མགོན་པོའི་ཞབས། །ནམ་ཡང་བསྟན་མཁས་སྲིད་པ་གསུམ་གྱི་བདག །འདོད་པའི་དབང་ཕྱུག་དང་བཅས་འདི་ན་བཞུགས། །མཐུ་སྟོབས་ཉིན་མོར་བྱེད་པའི་ཚ་ཟེར་གྱིས། །མི་བསྲུན་མུན་པའི་བུད་ཤིང་ཟ་མཛད་ཅིང༌། །བཀྲ་ཤིས་བསིལ་ཟེར་མང་པོའི་མགོན་གང་གིས། །རང་སྲིད་ཨུཏྤལ་རྒྱས་པའི་དགེ་ལེགས་སྤྱོན། །དེ་ལྟར་ངོ་མཚར་མང་པོའི་ལས་སྟབས་མཁན། །གཞན་སྡེ་གནོན་དང་རང་སྲིད་སྐྱོང་བ་དང༌། །ཐུབ་བསྟན་ཕན་བདེར་བྱེད་པའི་རིམ་གྲོ་པ། །འཇུག་པ་རྣམ་བཅུའི་བྱེད་པོ་དེ་ཇི་བཞིན། །གང་འདིའི་ལེགས་མཛད་ཛནྷུའི་བུ་མོ་ཡིས། །གཞན་ཡིད་དྲེགས་པ་འཕྲོག་མཛད་རྐང་པའི་དུག །སེལ་མཁས་ལམ་གསུམ་པ་དེ་ཇི་ལྟ་བར། །ཆོས་ཀྱི་རྒྱ་མཚོར་འཇུག་པའི་དོན་དུ་བསྔོ། །རང་རང་དྲུང་ན་བརྒྱ་བྱིན་ཇི་བཞིན་དུ། །མངོན་རློམ་དྲེགས་པས་རྒྱལ་བ་མང་མཆིས་ཀྱང༌། །ས་ཆེན་སྐྱོང་མཁས་ཆོས་ཀྱི་བགྱི་བ་ལ། །འགྲན་བྱེད་ཚངས་ཆེན་གཉིས་པ་གཞན་ཡོད་མིན། །དེ་སྐད་སྨྲ་འདི་ས་སྐྱོང་གི །འབྱོར་པའི་རྒྱ་མཚོར་ངལ་གསོས་པ། །དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི། དཔལ་ལྡན་གསེར་མདོག་ཅན་ནས་གནས་སོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*