རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་བཞེངས་པའི་དཀར་ཆག་ལོ་རྒྱུས།

༼ཙ༽༄༅། །རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་བཞེངས་པའི་དཀར་ཆག་ལོ་རྒྱུས་དང་བཅས་པ་བཞུགས་སོ།།

ན་མོ་ཨཱརྻ་མཻ་ཏྲི་ན་ཐཱ་ཡ། གང་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ། ཆོས་ཀྱི་སྒོ་ཐམས་ཅད་ནས་ཡུལ་ཕྱོགས་དུ་མར་དར་ཞིང༌། ཕྲིན་ལས་ལྷུན་གྱིས་གྲུབ་པར་རྒྱས་པ་དང༌། དེ་ཉིད་རྒྱུན་མི་ཆད་པར་ཡུན་རིང་དུ་གནས་པ་དང༌། འཇིག་རྟེན་ལུགས་ཀྱི་ཕུན་སུམ་ཚོགས་པ་མཐའ་དག་རང་གི་ངང་གིས་འཕེལ་བ་ནི། སྤྱིར་དཀོན་མཆོག་གསུམ་གྱི་རྟེན་དང༌། ཁྱད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རིང་བསྲེལ་གྱི་སྙིང་པོ་ཅན་བཞུགས་པ་ལ་རག་ལས་པ་ཡིན་ཏེ། འདི་ལ་ལུང་གི་སྒྲུབ་བྱེད་དང༌། མངོན་སུམ་གྱི་དཔེ་དག་ལས་རྟོགས་པར་བྱ་བ་ནི། ཇི་སྐད་དུ། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ཐུབ་པའི་མཆོད་རྟེན་བྱེད་དམ་བྱེད་བཅུག་པ། །མྱ་ངན་འཇོམས་དང་ལུས་ཀུན་གྲིམས་པ་དང༌། །རིན་ཆེན་མཛོད་མང་འཇིག་རྟེན་གཙོར་འགྱུར་ཞིང༌། །མི་དེ་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་དང༌། །ལྷ་ཡུལ་ས་སྟེངས་མི་ཡིས་ངེས་པར་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་དང་བྲལ་སངས་རྒྱས་གོ་འཕང་ཐོབ། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །གཟུགས་བཟང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། །དེ་ནི་དབང་པོ་སྦས་དང་ཉི་མའི་འོད། །འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། །བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་གང༌། །དེ་ཡི་ལུས་ནི་དྲི་མ་མེད་པ་དང༌། །ནད་དང་མྱ་ངན་འཇིགས་དང་སྡུག་བསྔལ་བྲལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་གང༌། །བྲན་དུ་མི་འགྱུར་དབུལ་བའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བ་དམན་པར་མིན། །དབང་པོ་མ་ཚང་མིན་ཏེ་སྐྱེས་མཆོག་འགྱུར། །ཞེས་དང༌། སློབ་དཔོན་དཔའ་བོས་མདོ་དྲངས་པ་ལས། སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོར་མྱ་ངན་ངེས་པར་སེལ། །རྩོད་པ་ཀུན་སྤངས་མཐོང་ན་དགའ། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པ་དང༌། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ། །གསུང་རབ་ཀུན་ལ་མཁས་འགྱུར་ཞིང༌། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་གཏོང་དང་ལྡན་པར་འགྱུར། །ཞེས་དང༌། སྐུ་གཟུགས་བཞེངས་ནས་ལེགས་སྦྱངས་ལ། །སྐྱེ་བོ་གང་གིས་སྐུ་བཞེངས་པའི། །ནང་དུ་རིང་བསྲེལ་བཅུག་བྱས་ན། །ཀུན་ནས་བརྒྱ་བྱིན་ལས་འཕགས་པའི། །མི་དབང་གླིང་ནི་བཞི་རྣམས་སུ། །དཔལ་དང་ལྡན་པས་ལོངས་སྤྱད་ནས། །མཐའ་རུ་རྣམ་དག་གོ་འཕང་འཐོབ། །ཅེས་དང༌། འདུལ་བ་ལས། སངས་རྒྱས་ཀྱི་སྐུ་གཟུགས་བྱའོ། །དེ་ལ་དུས་སྟོན་བྱའོ། །དེ་གྲོང་ཁྱེར་དུ་གཤེགས་པར་བྱའོ། །སྡེ་པ་ལྔ་པོ་དག་གིས་ཞམ་རིང་བྱའོ། །ཞེས་དང༌། བྱང་ཆུབ་སེམས་དཔའི་གཟུགས་བྱ་བ་ཆོས་དང་ལྡན་ནོ། །ཞེས་དང༌། རབ་ཏུ་བྱུང་བའི་གནས་སུ་དུས་སྟོན་བྱ་བ་ཆོས་དང་མཐུན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་མངོན་སུམ་གྱི་དཔེ་ནི། གངས་ཅན་དུ་ཇོ་བོ་ཤཱཀྱ་མུ་ནེ་སྤྱན་དྲངས་པས། བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་དར་ཞིང་རྒྱས་པ་དང༌། གཞན་ཡང༌། གཉན་པོ་གསང་བ་གནམ་བབས་སུ་བྱོན་པས་གངས་ཅན་དུ་དགེ་ལེགས་དཔག་མེད་འཕེལ་བར་བཤད་པ་བཞིན་ནོ། །གསུམ་པོ་དེའི་ནང་ནས་ཀྱང་སྐུའི་རྟེན་ཉིད་གཙོ་ཆེ་བ་ཡིན་ཏེ། མཁས་རྨོངས་མཐའ་དག་དྭང་བ་འདྲེན་པའི་རྐྱེན་དུ་འགྱུར་བ་དང༌། རང་རང་གི་སྐལ་བ་དང་འཚམས་པའི་གཟུགས་ཀྱི་སྐུ་བསྟན་པ་མེད་ན་དམ་པའི་ཆོས་གསུང་བ་མི་འབྱུང་ཞིང༌། གསུང་བ་པོ་ཚད་མའི་སྐྱེས་བུ་ཉིད་དུ་གོ་བ་ཡང་མི་འབྱུང་བའི་ཕྱིར་རོ། །དེའི་ནང་ནས་ཀྱང་མི་མཇེད་འཇིག་རྟེན་གྱི་ཁམས་པ་སྙིགས་མ་ལྔ་ཤས་ཆེ་བའི་དུས་ཅན་རྣམས་ཀྱི་སྐྱབས་ཀྱི་དམ་པ་ནི་མཉམ་མེད་ཤཱཀྱའི་རྒྱལ་པོ་ཉིད་ཡིན་ལ། དེའི་རྒྱལ་ཚབ་དམ་པར་དབང་བསྐུར་ནས། དུས་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་མེད་པར་བཞུགས་ཤིང༌། སྟོན་པ་དེ་ཉིད་ཀྱི་ཆོས་ཀྱི་རྒྱལ་སྲིད་ཉམས་པ་མི་མངའ་བར་བཟུང་ནས་སྐྱོང་བ་ནི་རྒྱལ་བའི་སྲས་པོ་མ་ཕམ་པ་ཞེས་བྱང་ཕྱོགས་འདི་ན་ཡང་ཉི་མ་ལྟར་གྲགས་པ་དེ་ཉིད་དོ། །འདི་ནི་ཐུགས་བསྐལ་པ་གྲངས་མེད་པའི་གོང་རོལ་ནས་ཆོས་ཀྱི་སྐུ་ཉིད་དུ་རྫོགས་པར་བྱང་ཆུབ་པ་ལས་བཞེངས་པ་མི་མངའ་ཡང༌། གསུང་ལོངས་སྤྱོད་རྫོགས་པའི་རྣམ་པར་རོལ་པས་ཁམས་དང་ས་ལ་ཆགས་པ་དང་མ་བྲལ་བ་དག་གིས་ཀྱང་བགྲོད་པར་དཀའ་བ་མ་ཡིན་པའི་ཆོས་ཀྱི་ཕོ་བྲང་དམ་པ་དགའ་ལྡན་ཞེས་ཟླ་བ་ལྟར་ཡོངས་སུ་གྲགས་པ་དེའི་ཆོས་ཀྱི་ཁྲི་མཐོན་པོ་ལ་བསྟི་ཞིང༌། འཛམ་བུའི་གླིང་པ་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་བྱམས་པ་དང༌། ཐུགས་རྗེའི་སྤྱན་གྱིས་གཟིགས་པར་མཛད་དོ། །རྗེ་བཙུན་འདིས་ནི་རང་ཅག་གི་བརྒྱུད་པ་འདི་ཉིད་ལ་བྱིན་གྱིས་རློབས་པ་ཡང་ཡིན་ཏེ། མ་ཕམ་གཡག་གི་མཚན་ཅན་གྱིས་ནི་དགུང་ལོ་སུམ་ཅུ་བཞེས་པ་ན། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ཞལ་བཏོན་དུ་མཛད་པའི་ཚེ། ནམ་མཁའ་ལས་རྗེ་བཙུན་གྱིས་ཞལ་དངོས་སུ་བསྟན། ཕྱག་བརྐྱང་ནས་བྱིན་གྱིས་བརླབས་པ་དང༌། རྗེ་རོང་ཆེན་གྱིས་ནི་དགུང་ལོ་བརྒྱད་ཅུ་གྱ་གཉིས་པའི་ཚེ། ཞལ་མངོན་སུམ་དུ་གཟིགས་ནས། ཇི་སྐད་དུ། ཇི་ལྟར་ནམ་མཁའི་མཐས་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་པའི་གདམས་པ་ཐོབ་པར་ཞལ་གྱིས་བཞེས་པ་དང༌། རྗེ་ཨ་མོ་གྷ་ཤྲཱི་ནི། བྱམས་པའི་ཆོས་ལ་མི་ཕྱེད་པའི་དད་པ་གཏིང་བརྙེས། མངོན་པར་རྟོགས་པའི་རྒྱན་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་དང་སྦྱར་བ་ཐུགས་ལ་བཞུགས། མདོ་སྡེའི་རྒྱན་དང༌། རྒྱུད་བླ་མའི་བསྟན་བཅོས་ཀྱི་དོན་ཇི་ལྟ་བ་བཞིན་དུ་སེམས་བཞིན་པའི་ངང་ནས་ཚིག་ལྷག་མ་མ་ལུས་པར་ཞལ་བཏོན་དུ་མཛད་དོ། །དེ་ལྟ་བས་ན། རྗེ་བཙུན་མ་ཕམ་པ་ནི། སྟོན་པ་ཉིད་ཀྱི་རྒྱལ་ཚབ་ཏུ་གྱུར་པས་བསྟན་པའི་འདིའི་བདག་པོར་གྱུར་པ་དང༌། དོན་དེ་ཉིད་ཀྱིས་ན་ངེས་པའི་དོན་གྱི་བསྟན་པ་མ་ནོར་བར་འཛིན་པ་ལ་ཐུགས་རྗེས་བརྟུན་པ་མི་ལྷོད་པ་དང༌། སངས་རྒྱས་ཀྱི་ཞིང་ཁམས་ཆེས་ཐག་ཉེ་བ་ན་བཞུགས་ཤིང༌། བྱམས་པའི་སྤྱན་གྱིས་གཟིགས་པ་རྒྱུན་མི་ཆད་པ་ཉིད་ཀྱིས་ན། བློ་དམན་པ་དག་གིས་ཀྱང་ཡེ་ཤེས་མྱུར་དུ་སྤྱན་འདྲེན་པར་སླ་བ་དང༌། བརྒྱུད་པ་གོང་མ་དག་གིས་ཐུགས་དམ་དུ་མཛད་ཅིང༌། བྱིན་རླབས་ཀྱི་སྣང་བ་རྒྱ་ཆེར་བརྙེས་པ་ཉིད་ཀྱིས་ན། བཅོམ་ལྡན་འདས་མ་ཕམ་པའི་ལོངས་སྤྱོད་རྫོགས་པའི་སྐུའི་བཀོད་པ་རྒྱུ་རིན་པོ་ཆེ་ལས་གྲུབ་པ་གང་འདིས་ཉེ་བར་བསྐྲུན་པ་ལ་ཡང་རབ་ཏུ་དྭང་བས་འདུན་པར་གྱུར་ཏོ། །དེ་ཡང་རྗེ་ཨ་མོ་གྷ་ཤྲཱི་ནི། ས་ཕོ་སྟག་གི་ལོ། རིན་པོ་ཆེ་གཡག་པས་རང་ལོ་ཞེ་དགུ་དང༌། རྗེ་རོང་སྟོན་ཆེན་པོས། རང་ལོ་སོ་གཉིས་བཞེས་པའི་ཚེ་སྐུ་འཁྲུངས། རང་ལོ་བདུན་པ་ལ། ཀ་ལྔ་པ་དཔལ་འབྱོར་ཤེས་རབ་ལས་རབ་ཏུ་བྱུང༌། གསུང་རབ་མང་པོའི་ཚིག་དོན་ལ་སྦྱངས་པ་ཕུལ་དུ་བྱུང༌། བཅོ་བརྒྱད་པ་ལ་ཐམས་ཅད་མཁྱེན་པ་རོང་ཆེན་དང་མཇལ་གསུང་རབ་མ་ལུས་པའི་ཚིག་དོན་ལ་སྒྲོ་འདོགས་བཅད། བཟད་པ་བློ་གྲོས་རྒྱ་མཚོ་ཀློག་པ་པའི་སློབ་དཔོན་དུ་བསྟེན། ཉེར་ལྔ་པ་ལ་ཡུལ་དབུས་ཀྱི་བཤད་གྲྭ་ཆེན་པོ་གསུམ་དུ་ཀ་ཆེན་བཅུ་གསུམ་གྱི་གྲྭ་སྐོར་མཛད། མཁྱེན་པ་ཆེ་བའི་གྲགས་པས་ཁྱབ་ཅིང༌། འཇམ་དབྱངས་རིན་རྒྱལ་བ་ལས་བསྙེན་པར་རྫོགས། དུས་དེ་ཙམ་ནས་མཚན་ཉིད་ཐེག་པའི་བཤད་ཉན་གྱི་དབུ་བཙུགས། བདུན་ཅུ་རྩ་བདུན་གྱི་བར་དུ་ཉན་བཤད་ཀྱི་མཐིལ་མཛད། དེ་ནས་མྱ་ངན་ལས་འདའ་ཀའི་བར་དུ་ཡང༌། འདུལ་བའི་མདོ་དང༌། མདོ་སྡེའི་རྒྱན་ཚར་རེ་ཙམ་གསུངས། དེ་དག་གི་བར་སྐབས་སྔ་མོའི་དུས་སུ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། རྐེད་འཕྲངས་པ་ཀུན་དགའ་རྒྱལ་མཚན། མཚལ་མིན་པ་བསོད་ནམས་བཟང་པོ། གླང་ཐང་པ་ཀུན་དགའ་རྒྱལ་མཚན་རྣམས་ལས་གསང་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད་ཅིང༌། དུས་ཕྱིས་ངོར་པ་རྡོ་རྗེ་འཆང་ཆེན་པོ་ཀུན་དགའི་མཚན་ཅན་ལས་སྤྱིར་གསན་པ་རྒྱ་ཆེ་ཞིང༌། ཁྱད་པར་དཔལ་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་ཆོས་ལ་སྒྲོ་འདོགས་མ་ལུས་པ་ཆོད་པར་མཛད། ཕྱི་མཚན་ཉིད་ཐེག་པའི་ཉན་བཤད་ལ་འགྲུས་པ་རྒྱུན་རིང་ཞིང༌། བུ་སློབ་བསྟན་པ་ལ་ཕན་པ་དང༌། གྲགས་པ་ཆེ་བ་མང་དུ་ཐོན། ནང་དུ་ཡང་དག་འཇོག་ལ་མི་གཡེལ་བས་གྲུབ་ཆེན་གྱི་གོ་འཕང་བརྙེས་ཤིང་དེ་ལྟར་དུ་གྲགས། དེ་ནས་བསྟན་བཅོས་པ་ལྟར་ན་ཤིང་ཕོ་འབྲུག་གི་ལོ་ཤར། འཇིག་རྟེན་ལ་གྲགས་པ་ལྟར་ན་ཆུ་མོ་ཡོས་ཀྱི་ལོ། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ། དགའ་ལྡན་གྱི་གནས་སུ་ཞི་བར་གཤེགས་སོ། །དེའི་དགོངས་པ་ཟབ་མོ་བསྐང་བའི་ཕྱིར་དང༌། སྐུ་ཚེ་གཞན་ལ་རྗེ་བཙུན་བྱམས་པའི་ཆོས་ཀྱིས་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་སོགས། རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། ཆོས་ཀྱི་གྲྭ་འདི་ཉིད་དུ་བསྟན་པ་རིན་པོ་ཆེའི་ཆ་ཤས་ཡོངས་སུ་རྫོགས་པར་གང་བ་དང༌། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཅི་ནུས་སུ་བགྱི་བར་འདུན་ཞིང་མོས་པ་ལས། ཐོག་མར་ཤིང་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཅན་ཡར་ཚེས་ཀྱི་འགྲུབ་སྦྱོར་བཟང་པོ་ལ། ནེ་པཱ་ལའི་བཟོ་རིགས་པ་འདོད་པའི་ལྷ་ལས་ཐམས་ཅད་པས་བྱིན་གྱིས་བརླབས་པ་རྣམ་པ་བཞི་«་་་་་ནེ་པཱ་ལ། ཡ་ག་ལའི་གྲོང་ཁྱེར་གྱི་བཟོ་བོ། དཔོན་མོ་ཆེའི་མིང་ཛ་ཡ་ཀིརྟི་པཱ་ལ་ཞེས་པ་རྒྱལ་བ་གྲགས་པ་སྐྱོང་ཞེས་པ་དང༌། ཟངས་མགར་བའི་མིང་ན་ར་སིངྷ་ཞེས་པ་མིའི་སེང་གེ་དང༌། ཕྲ་བཟོ་བའི་མིང་ཛེ་ཏ་སིངྷ་ཞེས་པ་རྒྱལ་བ་སེང་གེ་དང༌། འཕུལ་བའི་མིང་ཀིརྟི་སིངྷ་གྲགས་པ་སེང་གེ་དང་བཞིའོ།། »དག་བྱོན་ནས་དབུ་བརྩམས་ཏེ། མེ་མོ་ལུག་གིས་ལོ་ཧོར་ཟླ་དྲུག་པ་གྲོ་བཞིན་ཅན་གྱི་ཕྱོགས་དང་པོ་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ལ། རྗེ་བཙུན་གྱི་སྐུ་ངོ་མཚར་རྨད་དུ་བྱུང་བ། གཙུག་ལག་ཁང་རིན་པོ་ཆེའི་ཏོག་གིས་སྤྲས་པ་འདི་ཡོངས་སུ་གྲུབ་པའོ། །འདི་ལ་རྒྱུ་ཚོགས་ཀྱི་ཚད་དང༌། བཞུགས་ཚུལ་གྱི་མངོན་པར་རྟོགས་པ་གཉིས་ལས། དང་པོ་ལ། གཙོ་བོར་གྱུར་པ་ནི་གསེར་དང་ཟངས་དག་ཡིན་ལ། ཟངས་ནི་ལྷ་སའི་ཉག་ཚད་ཀྱི་ཁལ་ཉིས་བརྒྱ་དང་ལྔ་བཅུ། སྐུད་གསེར་ནི་འགུར་ཆེན་གྱི་ཞོ་བཞི་བརྒྱ་དང་བཞི་བཅུ། དངུལ་ཆུ་ནི་ཞོ་སུམ་སྟོང་དང་དྲུག་བརྒྱ། གཞན་ཡང༌། ཞ་ཉེ་དཀར་པོ་དང༌། སྔོན་པོ། ལྕགས་དང༌། ཚ་ལ་དང༌། ཕྲའི་རྒྱུ་ཚོགས་རྣམ་གྲངས་མང་པོ་དག་དང༌། འབེར་གྱི་རྒྱུ་ཚོགས་དང༌། སོལ་བའི་ཚོགས་ཤིན་ཏུ་ཆེ་བ་མ་ཚང་བ་མེད་པ་རྣམས་ནི། ས་སྐྱོང་བའི་རྒྱལ་པོ་དག་དང༌། ཁྱིམ་བདག་དཔལ་འབྱོར་དང་ལྡན་པ་དག་དང༌། བུ་སློབ་དད་པ་དང་ལྡན་པ་རྣམས་ཀྱིས་དད་འདུན་དང་བརྟུན་པ་མི་ལྷོད་པས་བསྒྲུབས་པ་ཡིན་ནོ། །བཟོ་རིགས་རྣམ་པ་བཞིའི་འཕྲལ་གྱི་ཡོ་བྱད། ཟླ་བ་རེ་ལ་ཁལ་བརྒྱའི་ཚད་དུ་བཞག་པ་དང༌། ཕུགས་ཀྱི་ཡོན་གསེར་ཞོ་བཞི་བརྒྱ་དང་བཞི་བཅུ། ཟོང་ཞོ་བཞི་བརྒྱ་དང་བཞི་བཅུ། སྐོན་དང༌། སྐྱོན་དང༌། སྟོན་རྒྱབ་དང༌། གཏང་རག་རྣམས་སྡོམས་པ་ལ་ཞོ་ཉིས་བརྒྱ། མདོར་ན་སྐུ་དངོས་ཀྱི་རྒྱུ་ཚོགས་དང༌། ནང་བཞུགས་ཀྱི་རྒྱུ་ཚོགས་ཀྱི་ཚད་དང༌། རྒྱགས་ཡོན་གྱི་རྒྱུ་ཚོགས་ཀྱི་ཚད་རྣམས་མཉམ་གསུམ་དུ་བཞག་པའོ། །གཉིས་པ་ལ། ཚད་དང༌། བཞུགས་སྟངས་དང༌། རབ་ཏུ་གནས་པའོ། །དང་པོ་ནི། རྩོམ་པ་པོ་བློ་སྔོན་དུ་བཏང་བ་ནི། སྟོན་པ་མཆོག་གི་སྤྲུལ་སྐུའི་ཚད་དུ་བགྱིས་པ། བཟོ་རིགས་པས་ཅུང་ཟད་འཕར་བ་དང་བཅས་པ་ཡིན་ལ། དེ་ཡང་ཇི་སྐད་དུ། འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང༌། ཞེས་པས། སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྐུ་དངོས་ལ་རང་རེའི་ཁྲུ་ཚད་བཅུ་གཉིས་ཅུང་ཟད་འཕར་བ་ལ་ཁྲུ་གང༌། དབུ་རྒྱན་གྱི་དཔངས་ལ་ཁྲུ་གང་དང་མཐོ་གང་ལྷག་ཙམ། གཙུག་ཏོར་དང་མཆོད་རྟེན་གཉིས་ཀ་ཡང་དེ་དང་ཚད་མཉམ་ལས་ཅུང་ཟད་ལྷག་ཙམ། པདྨའི་དཔངས་ལ་ཁྲུ་དོ་དང༌། མཐོ་གང་ལྷག་ཙམ་དང་བཅས་པ་རྣམས་ནི་ཟངས་གསེར་ཉིད་ཀྱིས་བསྒྲུབས་པ་ཡིན་ལ། ཁྲི་ནི་རྒྱུ་འཇིམ་པ་ལས་གྲུབ་ཅིང༌། དཔངས་ཁྲུ་ལྔ་ལྷག་ཙམ་དང་བཅས་པར་གྲུབ་པའོ། །བཞུགས་ཚུལ་ནི། སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐོག་མར་སེང་གེའི་ཁྲི་ལ་སྐུ་དྲང་པོར་བསྲང་བ་དང༌། དགོངས་པ་སྔོན་དུ་བཏང་ནས། ཏིང་ངེ་འཛིན་ལ་མཉམ་པར་བཞག ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཕྱོགས་བཅུ་རབ་འབྱམས་ཀྱི་འཁོར་རྣམས་བསྡུས། ཕྱག་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་བཅས་པའི་རྣམ་རོལ་ལ་གནས་ནས། ཡན་ལག་དྲུག་ཅུར་ཚང་བའི་ཚངས་པའི་དབྱངས་ཀྱིས་འདོམས་པར་མཛད་པ་དེ་ཉིད་དང་མཐུན་པར་བསྒྲུབས་པའོ། །དེ་ལས་དགེ་འདུན་འདུས་པའི་སྡེ་ས་ཆེན་སྐྱོང་བའི་རྒྱལ་པོ་བློན་པོར་བཅས་པ་རྣམས་སྐུ་ཚེ་རིང་ཞིང་ཕྱྭ་སྲིད་བརྟན་པ་དང༌། ཆོས་ཀྱི་འཁོར་ལོ་སྐོར་བ་རྒྱུན་མི་ཆད་པར་འབྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་གྲུབ་པའོ། །རབ་ཏུ་གནས་པ་ནི། རྡོ་རྗེ་སློབ་དཔོན་མཚན་ཉིད་ཚང་བ་དག་གིས། རབ་ཏུ་གནས་པ་དོན་གསལ་བ་ལས་ཇི་སྐད་གསུངས་པའི་ཕྱག་ལེན་དང་མཐུན་པ་ཁྲུམས་ཀྱིས་ཉ་བའི་ཕྱོགས་དང་པོ་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ལ་གྲུབ་པ་དང༌། དེ་ཁོ་ནར་མ་ཟད། སླད་ནས་འབྱོན་པར་འགྱུར་བའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས། གང་ཟག་ཁྱད་པར་ཅན་སོ་སོ་དང་བཅས་པ་དག་གིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་དང་བརྟན་པར་བཞུགས་སུ་གསོལ་བ་རྒྱུན་མི་ཆད་པ་ཉིད་དུ་འབྱུང་བར་འགྱུར་ལ། དེའི་ཚེ་ན་གདུལ་བྱ་རྣམས་ཀྱི་བསོད་ནམས་དང༌། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ། འཕྲལ་དང་ཡུན་གྱི་ཐུགས་རྗེའི་དབང་གིས་ཡེ་ཤེས་ཀྱི་འཁོར་ལོ་རྟག་པར་འཇུག་པ་ནི། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་དག་དང༌། དབྱར་དུས་ཀྱི་ཆར་སྤྲིན་སྟུག་པོ་ལས་ཆར་གྱི་ཚོགས་བཞིན་ནོ། །གང་འདིའི་དྲི་གཙང་ཁང་གི་ངོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་སྣང་གི་ངོ་བོར་བཞུགས་པ་ལ། ཀུན་རྫོབ་ཀྱི་རྣམ་པ་ཁང་བཟངས་མཆོད་པའི་སྤྲིན་ཕུང་རྒྱ་མཚོས་རྣམ་པར་བརྒྱན་པ་འདི་ཡང་རྟག་ཏུ་དགེ་བ་དང༌། ཡུན་རིང་དུ་གནས་པ་དང༌། འདུས་པ་རྒྱ་མཚོའི་ཚོགས་དང་མི་འབྲལ་བའི་ཕྱིར་དུ། གཙང་ཁང་དུ་གནས་པའི་སློབ་དཔོན་བསྙེན་པར་རྫོགས་པའི་སྡོམ་པ་ལ་གནས་པ། འདུལ་བའི་སྡེ་སྣོད་ལེགས་པར་ཤེས་ཤིང༌། རྗེ་བཙུན་བྱམས་པའི་ཆོས་ལྔ་ཁ་བཏོན་དུ་འདོན་པ་ཞིག་ལ། ཇི་ལྟར་འཚམས་པའི་གཡོག་དང་བཅས་ཏེ། རྟག་ཏུ་གནས་པར་གསོལ་དགོས་པ་ལ། དེའི་ཟས་དང་གོས་ཀྱི་འཚོ་བ་ནི་ས་སྐྱོང་རྒྱལ་པོའི་བླ་ནས་སྦྱོར་བ་དང༌། སྤྱོད་ཡུལ་གྱི་གྲོང་ཉེ་འཁོར་དང་བཅས་པ་ན་བཞུགས་པའི་ཡོན་གྱི་བདག་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །དགའ་ལྡན་ཁང་བཟངས་མཛེས་པའི་ཉི་མ་ནི། །འཛམ་གླིང་འདབ་བརྒྱ་བཞད་པའི་དཔལ་དུ་ཤར། །བྱམས་དང་སྙིང་རྗེ་འོད་ཕྲེང་དྲྭ་བ་ཡིས། །ཕན་བདེའི་ལོ་འབྲས་རྒྱས་པའི་བཀྲ་ཤིས་སྤྱོན། །དེ་ལྟར་དཀོན་མཆོག་གསུམ་གྱི་རྟེན་དང་བསྟན་བསྲུངས་རྒྱ་མཚོའི་ཚོགས་ཀྱིས་ཡོངས་སུ་གང་ཞིང༌། བསྲུངས་པའི་རང་རེའི་ཆོས་ཀྱི་གྲྭ་དམ་པ་འདི་ནི། ཐོག་མར་རྗེ་ཨ་མོ་གྷ་ཉིད་གསང་ཕུ་ནེའུ་ཐོག་གི་འཆད་ཉན་གྱི་རྒྱུན་ཉུང་ཤས་དག་དང་བཅས་ཏེ། ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་བཞུགས་པའི་ཚེ། བྱམས་ཆེན་ཆོས་ཀྱི་རྗེ་དང༌། ས་སྐྱོང་ནོར་བུ་བཟང་པོ་ཡོན་མཆོད་ཀྱི་བཀའ་བགྲོ་བས། ཆུ་ཕོ་སྤྲེའུའི་ལོ་ལ་བྲག་དམར་གྱི་ཆོས་སྡེར་འཆད་ཉན་པའི་གོ་སར་སྤྱན་དྲངས། པཎ་གྱི་ཁྱུང་ཚང་དུ་ཆོས་བར་ལ་ཕེབས་པ་ན། ཡུལ་པ་རྣམས་ཀྱི་དད་མོས་དང༌། ཁྱད་པར་རྒྱ་གན་ནང་པས་ཟི་ལུང་གི་གནས་དང་མཐུན་རྐྱེན་ཕུལ། སྟར་ཆགས་སུ་གདན་ཆགས་པ་ལ་བརྟེན་ནས་བཤད་པའི་གྲྭ་ཚུགས་པ་ཡིན་ནོ། །དེ་ནས་ལོ་ཉི་ཤུ་པ་ལྕགས་མོ་ཡོས་ཀྱི་ལོ་ཧོར་ཟླ་དང་པོ་ལ་རང་རེས་གནས་འདིར་སླེབས། ཉན་བཤད་ཀྱི་གོ་ཆ་བླངས། དེ་ནས་ལོ་ལྔ་ལོན་པ་ཤིན་མོ་ལུག་གི་ལོ། ཧོར་ཟླ་བཞི་པ་ཡན་ཆོད་དུ། གནས་ས་ཕུག་པ་ལ་བརྟེན་པ་ལས་གཞན་མེད་ལ། དུས་དེར་སྤོང་ཁང་ཀ་བ་དྲུག་གི་ས་བློ་འབུར་དང་བཅས་པ་རྒྱ་གན་ནང་པས་བཞེངས། དེ་ནས་ལོ་གཉིས་པ་མེ་ཕོ་སྤྲེའུ་ལ། ཡུལ་པ་རྣམས་ཀྱིས་ཀུན་དགའ་རྭ་བ་ཀ་བ་སུམ་ཅུ་རྩ་བཞི། རུང་ཁང་ཟུང་འབྲེལ་དང་བཅས་པ་བཞེངས། དེ་ནས་ལོ་བཅུ་པ་ཤིང་མོ་སྦྲུལ་ནས། མེ་མོ་ལུག་གི་བར་ལོ་གསུམ་པོ་ལ། རྗེ་བཙུན་མ་ཕམ་པའི་གཟུགས་སྐུ་ངོ་མཚར་དད་པའི་ཤིང་རྟ། དགའ་ལྡན་ཆོས་ཀྱི་ལྷ་ཁང་དང་བཅས་པ་བསྒྲུབས་སོ། །དེ་བས་ན་ས་ཕྱོགས་འདིར་བསྟན་པའི་རྒྱུན་ཡུན་རིང་དུ་གནས་པར་གྱུར་ཅིག་པའི་ལྷག་པའི་བསམ་པ་ཉེ་བར་བཞག་པ་དང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། ཆོས་སྐྱོང་བསྲུངས་མ་རྣམས་ཀྱི་མཐུ་དང༌། ཆོས་ཀྱི་དབྱིངས་ལ་བྱ་བྱེད་རུང་བའི་སྟོབས་ཀྱིས། ཇི་ལྟར་སྨོན་པ་དེ་དག་དེ་ཁོ་ན་ལྟར་འགྱུར་བ་ཉིད་དུ་ངེས་པས། སླད་ནས་ཆོས་ཀྱི་གྲྭ་འདི་ཉིད་དུ་འབྱོན་པ་དང༌། ཞབས་བརྟན་པར་བཞུགས་པ་རྣམས་ཀྱིས་འདི་ལྟར་ཤེས་དགོས་ཏེ། ཐོས་བསམ་གྱི་འཁོར་ལོ་འཛིན་པའི་གནས་གསེར་མདོག་ཅན་དུ་མཚན་གསོལ་བ་འདི་ནི། སྤྱིར་དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་ཆོས་ཀྱི་གྲྭ། ཕར་ཕྱིན་གྱི་བཤད་རྒྱུན་རྔོག་ལོ་ཙྪ་བ་ནས། བུ་སྟོན་རིན་པོ་ཆེའི་བར་དུ་བརྒྱུད། དེ་ལ་མི་ཕམ་གཡག་གིས་ཞུས་ནས། རོང་ཆེན་ཐམས་ཅད་མཁྱེན་པའི་བར་དུ་བརྒྱུད་པ་དེ་ཡིན། རྣམ་འགྲེལ་གྱི་བཤད་རྒྱུན། ཁ་ཆེ་པཎ་ཆེན་ནས། ས་སྐྱ་པཎྜི་ཏ་ལ་བརྒྱུད། དགའ་ལྡན་གྱི་མཁན་པོ་བརྩོན་འགྲུས་དཔལ་ལ་རིན་པོ་ཆེ་གཡག་པས་གསན་ནས་དེ་ལ་རོང་ཆེན་གྱིས་ཞུས་པ་དེ་ཡིན། ཚད་བསྡུས་ཀྱི་བཤད་རྒྱུན་རྒྱན་དང༌། ཆོས་མཆོག་སོགས་ཁ་འཐོར་ནས་བསྡུས་པ། ཕྱྭ་རྩང་སོགས་ཀྱིས་སྲོལ་གཏོད་པ་ཡིན་ལ། དེའི་ནང་ནས་མི་རིགས་པ་རྣམས་དོར། རིགས་པ་རྣམས་ཐད་སོར་བཞག་ནས་མདོ་སེམས་དང་མཐུན་པར་འཆད་པ་ནི་ཚད་མ་རིགས་པའི་གཏེར་ཡིན། གྲྭ་འདིར་ཚད་མ་འཆད་པ་རྣམས་ཀྱིས་རིགས་པའི་གཏེར་གྱི་ལམ་སྲང་ལས་གཞན་དུ་མི་འདའ་བར་འཆད་དགོས། དཀའ་འགྲེལ། རྟོག་གེའི་འཁྲུལ་འཇོམས། རྟོག་གེའི་སྙིང་པོ་རྣམས་ཀྱིས་ལུགས་དེ་དཔྱིས་ཕྱིན་པར་བཤད་ན་གཞན་དུ་སྐད་ཅིག་ཀྱང་འདས་པ་མེད། ཕར་ཕྱིན་གྱི་བཤད་པ་རྗེ་གོང་མ་གཉིས་ཀྱི་ལུགས་གང་དུ་བཤད་ཀྱང་བློ་མཐོ་བ་རྣམས་ལ་ཁྱད་པར་མེད་མོད། རྗེ་ཨ་མོ་གྷས་རོང་ཆེན་པའི་ལུགས་ཉིད་གསུངས། རང་རེས་ཀྱང་རོང་ཊཱིཀ་ཉིད་ཀྱི་འཆད་ཐབས་སུ། ཡན་ལག་རྒྱས་བཤད། ངག་དོན་བསྡུས་པ། དཀའ་འགྲེལ་རྒྱས་པ་རྣམས་ནི། རྣམ་བཤད་ལས་གཞན་དུ་འདའ་བ་མེད་པས་དེ་ལྟར་འཆད་དགོས། ལུང་རིགས་རོལ་མཚོ་དང༌། ལུང་ཆོས་སྙིང་པོ་རྣམས་སུ་ནི་རྗེ་གོང་མ་གཉིས་ཀྱི་བཤད་པ་གང་རུང་གཅིག་ཏུ་མ་ངེས་ཤིང༌། སོ་སོའི་སྐབས་སུ་གང་བབ་དང༌། གོང་མས་མ་གསུངས་པ་ཁ་ཅིག་རྒྱས་པར་ཁ་བསྐང་ནས་ཡོད་པས་བློ་མཐོ་བ་རྣམས་ལ་དེ་ལྟར་ཡང་འགལ་བ་མེད། དབུ་མའི་བཤད་སྲོལ། པ་ཚབ་ནས། ཞང་ཐག་སག་པ་ལ་བརྒྱུད་པ་རོང་ཆེན་གྱི་གསན་པ་དེ་ཡིན། རང་རེས་རྒྱས་པར་བཤད་པ་དེ་ནི་སྔོན་བོད་ཡུལ་དུ་བྱོན་པ་སྔ་མ་རྣམས་དང་ལྟ་བ་མཐུན། ཁྱད་པར་རྗེ་བཙུན་བསོད་ནམས་རྩེ་མོ་དང༌། གྲགས་པ་རྒྱལ་མཚན་གྱི་བཞེད་པ་དེ་ཉིད་རྩ་བར་བཟུང་ནས། གངས་ཅན་དུ་ཕྱིས་དར་བའི་ལུགས་མཁས་རྨོངས་ཀུན་ལ་མེ་ལྟར་མཆེད་པ་འདི་དང་མ་འདྲེས་པར་འཆད་པ་ཡིན། འདུལ་མཛོད་ཀྱི་བཤད་རྒྱུན། སྐྱོར་མོ་ལུང་པ་དང༌། གྲོ་སའི་དམར་སྟོན་ལས་བརྒྱུད་པ་མི་འདྲ་བ་གཉིས་ཡིན། བྱམས་ཆོས་ཕྱི་མའི་བཤད་རྒྱུད། རྔོག་ལོ་ཆེན་པོ་ནས་བརྒྱུད་པ་དེ་ཉིད་གཙོ་བོ་ཡིན་ཞིང༌། ལྟ་བའི་ཐད་དུ། བཙན་ཁ་བོ་ཆེ་ལ་བྱམས་ཆོས་སྒོམ་ལུགས་ལྟར་འཆད་པ་ཞེས་བྱ་བ་ཞིག་བྱུང་བར་གྲགས་པ་དེ་བོད་ན་བཞེད་པ་ཡང་མང་ཞིང༌། དེ་ཉིད་འཁོར་ལོ་ཕྱི་མའི་ངེས་དོན་དུ་གོ་བས་རང་རེས་ཀྱང་དེ་ལྟར་དུ་བཤད་པ་ཡིན། མངོན་པ་གོང་མའི་བཤད་སྲོལ། དཔང་ལོ་ཙཱ་བ་ནས་བརྒྱུད་པ་དེ་བཟད་པ་བློ་གྲོས་རྒྱ་མཚོས་གསན་ནས། མཁས་པ་ཕུལ་དུ་ཕྱིན་པར་གྱུར་པ་དེ་ལ་རྗེ་ཨ་མོ་གྷས་གསན་པ་ཡིན། མདོར་ན། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུར་གྲགས་པ་དེའི་མཐར་ཐུག་གི་དགོངས་པ་དབུ་མ་ཆེན་པོར་འགྲེལ་བ་འདི་ལ་བསྙེངས་པ་མེད་པའི་གདེང་ཁེལ་བར་བྱས་པ་ལས། རྗེ་བཙུན་མ་ཕམ་པ་མཆོག་ཏུ་དགྱེས་པ་གྲུབ་པ་ཡིན་ནོ། །དེ་ལྟར་ན་ཆོས་ཀྱི་གྲྭ་འདིར་དགེ་འདུན་གྱི་ཚོགས་མང་ཉུང་ཇི་ལྟར་བཞུགས་ཀྱང་རུང༌། གཞི་ཚུལ་ཁྲིམས་རྣམ་པར་དག་པ་གལ་ཆེ་བས། རྣམ་ཐར་དང་ཚུགས་ཆོས་པ་སྤྱི་ལ་གྲགས་པ་རྣམས་གཞིར་བཞག འདུལ་བའི་ཉན་བཤད། གཞི་གསུམ་གྱི་ཆོ་ག ལག་ལེན་ཕྲན་ཚེགས་ཀྱིས་བརྒྱན་པ་རྣམས་མ་ཉམས་པར་བྱ། སློབ་མ་བསྡུ་བ་དང༌། ལོངས་སྤྱོད་འཕེལ་བ་ལ་ཕྲིན་ལས་ཀྱི་ཚོགས་གཞན་དང་གཞན་དག་འཇེམས་པ་ལྟ་བུར་སྣང་ཡང༌། བསྟན་པའི་རྩ་བ་འཛིན་པ་དང༌། མཁས་པ་འཇིག་རྟེན་དུ་འབྱུང་བ་ནི། སྡེ་སྣོད་ཀྱི་ཉན་བཤད་ཁོ་ན་ལ་རག་ལས་པས་དེ་ལྟར་མཛད་དགོས། དེ་ལས་ནི། རྒྱུད་སྡེ་ནས་འབྱུང་བའི་ལམ་གྱི་བགྲོད་ཚུལ་ཡང་ལུང་ཙམ་ཐོས་པ་ལས་ཀྱང་ངང་གིས་ཤེས་པ་འབྱུང༌། དེ་ལྟར་ན་གྲྭ་ས་འདིར། གནས་བརྟན་གཙོ་བོ་ནས་ཆོས་སྨྲ་བ་དང་ཉན་པའི་བར་ཐམས་ཅད་ཀྱིས། ས་སྐྱ་པ་ལ་གྲགས་པའི་ཆོས་ཆེ་ཆུང༌། ལག་ལེན་ཕྲན་ཚེགས་ཀྱིས་མཐའ་བརྟེན་པ་ཡན་ཆད་ལ་ནན་ཏན་དུ་བྱ་ཞིང༌། དེའི་ཚུལ་ཡང༌། ངོར་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད། སྤྱིར་རྗེ་བཙུན་ས་སྐྱ་པའི་ཕྲིན་ལས་ལས་འཁྲུངས་ཤིང༌། ཁྱད་པར་རང་རེ་འདི་པ་ལ་ལུགས་གཉིས་ཀྱི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་དང་བཅས་པས། དེ་ཉིད་ཀྱི་བཤད་སྲོལ་དང༌། ཕྱག་ལེན་ཇི་ལྟ་བ་བཞིན་དུ་བྱེད་དགོས། ཡང་དེ་ལས་གཞན་གངས་ཅན་དུ་བརྒྱུད་པ་རྣམ་པར་དག་པ་ཁུངས་ཐུབ་ཅན་མང་པོ་ཡོད་པ་རྣམས་ལ། རྗེ་རོང་ཆེན་ལ་མངའ་བ་དང༌། རྗེ་ཨ་མོ་གྷ་ཉིད་ལ་མངའ་བ་དང༌། རང་རེས་ཀྱང་བླ་མ་སོ་སོ་བརྒྱུད་པ་མི་འདྲ་བ་དུ་མ་ནས་བྱུང་བ་ཐོས་པ་རྣམས་འཛིན་ནུས་པ་དག་བྱུང་ན། ཞར་ལས་བྱུང་བའི་ཚུལ་གྱིས། ཐོས་བསམ་དང་སྒྲུབ་པའི་འཁོར་ལོ་གཉིས་ཀྱིས་ཉམས་སུ་བླང་པར་བྱའོ། །འགྲོ་ཀུན་བདེ་ལ་སྦྱོར་བ་བྱམས་པའི་སྐུ། །ཀུན་གྱི་སྡུག་བསྔལ་སྐྱོབ་པ་སྙིང་རྗེའི་གསུང༌། །ཡོངས་ཀྱི་བདེ་བ་བསྲུང་མཛད་དགའ་བའི་ཐུགས། །སྙོམས་ཤིང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སྤྱོན། །རང་རེའི་ཆོས་ཀྱི་གྲྭ་གང་དུ་བཏབ་པའི་གནས་འདི་ནི་དགེ་མཚན་དང་ལྡན་པ་ཞིག་སྟེ། རྒྱབ་ཀྱི་རི་བོ་ལྷུན་སྟུག་ཅིང་བྱིན་ཆགས་ལ། རྩེ་མོ་མཐོ་བར་ཐོན། འཕགས་ཡུལ་གྱི་རི་བོ་ཟམ་མ་ཆད་པའི་གངས་རི་དཔལ་དང་ལྡན་པའི་རི་རྒྱུད་བར་མ་ཆད། མདུན་ཕྱོགས་ཀྱི་རི་བོ་མང་པོ་རྒྱང་རིང་པོ་ན་གུས་པས་འདུད། ཉང་ཡུལ་གྱི་ཆུ་བོ་དང༌། ཤབ་ཀྱི་ཆུ་བོ་དང༌། ལ་སྟོད་གྲོམ་པའི་ཆུ་བོ་གསུམ་ནི། ཐོག་མར་ཤར་གྱི་མཐར་ཐུག་ནས་འོངས། ལྷོ་དང་ནུབ་ལ་རིམ་གྱིས་བརྒྱུད། བྱང་ཕྱོགས་སུ་རྩང་ཆུ་ཆེན་པོ་དང་འདྲེས། ཡུལ་ཕྱོགས་འདིའི་ཐད་ཀྱི་གཡས་སྐོར་དུ་འཁོར་ཞིང་འཁྱིལ། ཡུལ་འདི་པའི་ཕ་མཐར་སླེབས་པ་ནི། སླར་ཡང་གྱེན་དུ་འཁྱིལ་ཏེ་དུང་གཡས་སུ་འཁྱིལ་བའི་རྣམ་པ་ཅན་དུ་སྣང་བའོ། །དགེ་མཚན་གྱི་འབྲས་བུ་དུས་སུ་སྨིན་པ་ཡང་དཀོན་མཆོག་གསུམ་གྱི་རྟེན་བཞུགས་པ་ལ་རག་ལས་ཤིང༌། དེ་ལས་བྱིན་རླབས་ཀྱི་ཆར་འབྱུང་བ་ཡང་དགེ་འདུན་གྱི་སྡེ་ལ་རག་ལས་པ་ཡིན་ཏེ། བཀྲ་ཤིས་ཀྱི་གནས་སུ་ཡིད་བཞིན་གྱི་ནོར་བུ་འབྱུང་ཞིང༌། དེ་ལས་འདོད་རྒུ་འབྱུང་བ། དྲི་མ་སྦྱོང་བྱེད་ཀྱི་ཐབས་དང༌། གསོལ་གདབ་ཚུལ་བཞིན་དུ་ཤེས་པའི་དེད་དཔོན་ལ་རག་ལས་པ་བཞིན་ནོ། །དེ་བས་ན་གྲྭ་འདིར་སེང་གེའི་ཁྲི་ལ་འཁོད་ནས་དམ་པའི་ཆོས་འཆད་པ་པོ། མཁས་བཙུན་བཟང་གསུམ་གྱི་ཆེ་བ་དང་ལྡན་པ་གཞིར་བཞག དེ་ལྟ་ན་ཡང་རྒྱང་རིང་པོའི་སྙན་གྲགས་དང༌། བཀུར་བསྟི་བའི་གནས་མཐོན་པོ་ཐོབ་པ་སོགས་གཙོ་བོར་གྱུར་པ་མ་ཡིན་གྱི། བསྟན་པ་དང་སེམས་ཅན་ལ་ཕན་སེམས་ཆེ་བ་དང༌། རྙེད་པ་དང་བཀུར་བསྟི་འཚོལ་བའི་ཕྱིར་ཞུགས་པ་མ་ཡིན་པར། དམ་པའི་ཆོས་འཆད་པ་ལས་མི་གཡེལ་བ་དང༌། བྱ་བའི་མགོ་བརྩམས་ནས་མཐའ་སྐྱོང་བ་ལ་བློ་བརྟན་ཞིང་སྒྲིན་པ་དང༌། དམ་ཚིག་བསྲུང་ཞིང་གོང་དུ་བཤད་པའི་ཆོས་ཀྱི་བརྒྱུད་པ་འཛིན་ཞིང་སྐྱོང་བ་ལ་གཞོལ་བ་དག་ཀོ་ན་རྟག་པར་བྱ་བ་ཡིན་ནོ།།  །།སྙན་གྲགས་སྤྲིན་གྱི་བུ་མོ་བཞད་ལྡན་མ། །ལེགས་བཤད་གློག་ཕྲེང་སྐྱོད་པའི་རོལ་རྩེད་མཁན། །ཕྲིན་ལས་ཆར་ཆེན་དུས་སུ་འབེབས་པ་ནི། །མི་ཕམ་སྲིད་ཞིའི་དབང་ཕྱུག་དེས་སྐྱོངས་ཤིག །རྗེ་བཙུན་མ་ཕམ་པའི་ཆོས་ལྔར་གྲགས་པ་འདི་ནི། སངས་རྒྱས་ཀྱི་བཀའ་དངོས་ཡིན་ཀྱང༌། བསྟན་བཅོས་ཀྱི་ཚུལ་དུ་མཛད་པས་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་པས་ཆོག ཆོས་ལྔ་ཀའི་ལྟ་བ་དབུ་མར་གནས་པ་ལ་ཁྱད་མེད། དེ་ལྟ་ན་ཡང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་དང་འཇོག་ཚུལ་མི་འདྲ། རྒྱུད་བླ་མའི་ལྟ་བ་དེ་ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་ཁོ་ན་ཡིན་ཞེས་ཟེར་བ་དེ་གངས་ཅན་དུ་ཕྱིས་བྱུང་བ་ཡིན། ལྔ་པོའི་དོན་དམ་མེད་དགག་གི་ཆ་ལ་འཆད་པ་རྔོག་ལོའི་བརྒྱུད་པ་ལ་བྱུང༌། དེ་ལྟ་ན་ཡང་ཐལ་རང་གི་ཚུལ་དུ་མི་འབྲེལ། དོན་དམ་ཡེ་ཤེས་ཀྱི་ཆ་ལ་འཆད་པ་བཙན་ཁ་བོ་ཆེའི་ལུགས་ཡིན་ཞིང༌། དེ་ཉིད་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དང་མཐུན། བོད་དུ་སློབ་དཔོན་ཟླ་བའི་གཞུང་མ་དར་གོང་དུ་བྱམས་ཆོས་ཕྱི་མའི་ལྟ་བ་ལ་སེམས་ཙམ་ཟེར་བ་མ་བྱུང་ཞིང༌། ཞི་བྱེད་དང་རྫོགས་ཆེན། ཕྱག་རྒྱ་བའི་ལྟ་བ་རྣམས་བྱམས་ཆོས་ཕྱི་མ་ལྟར་འཆད། དུས་ཀྱི་འཁོར་ལོ་སོགས་གསང་སྔགས་བླ་མེད་ཀྱི་ལྟ་བ་ཡང་འདི་ཁོ་ན་ལྟར་ངེས། སློབ་དཔོན་ཟླ་བའི་སྒྲོན་གསལ་དུ་ཡང་འདི་ཉིད་བཞེད། ཚིག་གསལ་དང་སྒྲོན་གསལ་དུ་ལུགས་མི་འདྲ་བ་དེ་ལྟར་འབྱུང་བ་ཡང༌། མཚན་ཉིད་ཐེག་པ་རྐྱང་པས་ལམ་བགྲོད་པ་དང༌། སྔགས་ཀྱི་ཐེག་པས་ལམ་བགྲོད་པའི་ཁྱད་པར་ལས་འབྱུང་བ་ཡིན་ནོ། །སློབ་དཔོན་ཟླ་བས་དབྱིག་གཉེན་གྱི་ལྟ་བ་སེམས་ཙམ་དུ་འཆད་པ་དང༌། དབྱིག་གཉེན་གྱིས་གཅིག་ཤོས་སྐུར་འདེབས་ཀྱི་ལྟ་བར་བཤད་པ་ལྟ་བུར་སྣང༌། བོད་ཡུལ་དུ་ཕྱིས་བྱོན་པའི་ཆེན་པོ་དག་ཀྱང༌། ཕྱོགས་འཛིན་གྱི་དབང་གྱིས་དེ་ལྟར་བཞེད་མོད། ཡང་དག་པ་མ་ཡིན། དེས་ན་ཐལ་རང་གི་ལྟ་བ་དབུ་མར་ནི་ལེགས་པར་གྲུབ་ཟིན་པས་སྒྲུབ་མི་དགོས་ལ། བྱམས་ཆོས་ཕྱི་མའི་ལྟ་བ་དབུ་མར་ནི་རྗེ་བཙུན་ཉིད་ཀྱི་ལུང་གིས་གྲུབ་པ་དང༌། དེ་ཉིད་དགོངས་པ་ཅན་དུ་འགྲེལ་བའི་ཚད་ལྡན་སུ་ཡང་མེད་པའི་ལུང་ལས་དང༌། འབྱེད་རྣམ་གཉིས་ཀྱི་ལྟ་བ་རྒྱུད་བླའི་ལྟ་བ་དང་ཁྱད་པར་མེད་པར་མངོན་སུམ་གྱིས་གྲུབ་ཅིང༌། དེ་ལས་དབུ་མར་གྲུབ་པ་ནི་ཀུན་མཐུན་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ཡང༌། དབུས་མཐའ་དང་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས་འབྱུང་བ་འདི་ཉིད་ལས་གཞན་དུ་འཆད་མི་ནུས་པ་དང༌། ཀླུ་སྒྲུབ་ཞབས་ཀྱིས་ཆོས་ཀྱི་དབྱིངས་སུ་བསྟོད་པ་དང༌། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་དང༌། བྱང་ཆུབ་སེམས་འགྲེལ་ལས་འབྱུང་བའི་ལྟ་བ་དང༌། བྱམས་ཆོས་ཕྱི་མའི་ལྟ་བ་ཁྱད་པར་མ་མཆིས་ཤིང༌། དེ་ལས་དབུ་མར་གྲུབ་པ་ནི། ཀུན་མཐུན་པའི་ཕྱིར་རོ། །ཞེས་བྱ་བ་འདི་ནི་བྱམས་པའི་ཆོས་ལྔ་ཐེག་པ་ཀུན་གྱི་རྩེ་མོར་གྲུབ་པའོ།།  །།མ་ཕམ་སྐུ་ཡིས་དྭང་བ་འདྲེན་པ་དང༌། །དེའི་གསུང་དབུ་མའི་ལམ་དུ་གྲུབ་པ་དང༌། །ཁྱོད་ཐུགས་རྒྱལ་བ་མཆོག་གི་རྒྱལ་ཚབ་ཅེས། །བསྔགས་འོས་འདི་གསུམ་ཕན་ཚུན་ངེས་པ་འདྲེན། །མ་ཕམ་སྐུ་ཡི་ཡ་མཚན་ལྟད་མོ་ནི། །ཀུན་གྱི་དད་འདུན་འདྲེན་པའི་ཤིང་རྟར་ངེས། །དེའི་གསུང་ལེགས་པར་བཤད་པའི་དགའ་སྟོན་ནི། །ཐུབ་བསྟན་རིང་དུ་འཚོ་བའི་བདུད་རྩིར་ངེས། །དེ་ལྟར་གྲུབ་པའི་དགེ་ཚོགས་དཔག་བསམ་ཤིང༌། །ནོར་འཛིན་བཅུད་མང་འཐུང་བའི་རྩ་ལག་དང༌། །ཕན་བདེའི་ལོ་འདབ་ཕྱོགས་བཅུར་རྒྱས་པ་གང༌། །ཐུབ་བསྟན་བསྟི་བའི་གནས་སུ་འདི་གྱུར་ཅིག །ཅེས་པ་རྗེ་བཙུན་མི་ཕམ་མགོན། །དགྱེས་པའི་བཤེས་གཉེན་གང་དེ་ཡིས། །མཆོད་པར་ཕུལ་བའི་ཡི་གེ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  ༈  །།ནང་བཞུགས་ཀྱི་དཀར་ཆག། ༄། །རྗེ་བཙུན་མ་ཕམ་པའི་རྟེན་རིན་པོ་ཆེ་ལས་གྲུབ་པའི་གཟུངས་བཞུགས་ཀྱི་རིམ་པ་དཀར་ཆག་ཏུ་བཏབ་པ། སྭསྟི་པྲ་ཛཱ་བྷྱཿ ཀུན་ལ་སྙོམས་མཁས་བདེ་ཆེན་ཡེ་ཤེས་ཉིན་མོར་བྱེད་པའི་མདངས་གསལ་བ་དེ་ཡིས། །འགྲོ་འདིར་ཀུན་དགའ་གསར་པའི་སྦྲང་རྩི་སྨིན་པ་འདི་ནི་བགྲང་ཡས་འགྲོ་བ་ཡི། །མི་བཟད་སྡུག་བསྔལ་འཕྲོག་བྱེད་སྙིང་རྗེའི་བུང་བ་ལས་ཡིན་དེ་ཡང་མྱུར་བར་ནི། །མགྲོན་དུ་འགུགས་བྱེད་བྱམས་པའི་སྐྱེད་ཚལ་འདི་ནི་མང་པོའི་དཔག་བསམ་ལྗོན་པ་ཡིན། །རྒྱལ་དང་དེ་སྲས་སློབ་མར་ནི། །བཅས་པ་ཁོ་ནར་མ་ཟད་ཀྱི། །ཡིད་ལྡན་ཀུན་གྱི་རང་གཞན་ལ། །ཕན་པར་བསམས་པ་ཅི་ཡོད་ཀུན། །སྣ་ཚོགས་སྒྱུ་མའི་རོལ་རྩེད་ཀྱིས། །ངོ་མཚར་མཚན་དཔེའི་དཔལ་འབར་བ། །འགྲོ་བ་མང་པོའི་བསོད་ནམས་ཀྱི། །ཞིང་དུ་འཁྲུངས་ལ་ཕྱག་བགྱིའོ། །གང་འདིར་སྐྱེ་དགུ་རྣམས་སྡུག་བསྔལ་གྱི་ཆུ་གཏེར་ཆེན་པོ་ལས་སྒྲལ་ནས། ཕན་པ་དང་བདེ་བའི་ལམ་ཆེན་པོར་འཇུག་པ་དང༌། མཐའ་གཉིས་ལ་མི་གནས་པའི་ཁང་བཟང་ཆེན་པོར་ཆོས་ཀྱི་རྒྱལ་པོའི་གོ་འཕང་མཐོན་པོ་ལ་བསྟི་ཞིང་རོལ་བར་བྱེད་པའི་མཛད་པ་དུས་ལས་མི་འདབ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཞེས་ཉི་མ་ལྟར་གྲགས་པ་དེ་ཡིན་ལ། དེ་ཉིད་ས་ཕྱོགས་གང་དུ་འཕེལ་ཞིང་རྒྱས་པ་ཡང༌། དེ་འཛིན་པའི་སྐྱེས་བུ་དམ་པ་དག་འབྱུང་བ་ལ་རག་ལས་ཤིང༌། དེ་ཡང་རྒྱལ་བ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་རྨད་དུ་བྱུང་བ་གང་དུ་བཞུགས་པའི་གནས་དེར། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་དག་བཞིན་དུ་རང་གིས་ངང་གིས་འདུས་ནས། ཕན་པ་དང་བདེ་བའི་ཡིད་བཞིན་གྱི་རྒྱ་མཚོ་ཆེན་པོར་རིམ་གྱིས་གང་བར་གསུངས་སོ། །དེའི་ཕྱིར་རྗེ་བཙུན་མ་ཕམ་པ་འདི་ནི། ཐུགས་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་སྐུའི་ངོ་བོ་ལས་གཡོ་བ་མེད་ཅིང༌། གསུང་ལོངས་སྤྱོད་རྫོགས་པའི་རྣམ་རོལ་མཐའ་ཡས་པས། ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པ་རྒྱུན་མི་གཅོད། སྐུ་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དུ་བསྟན་ནས་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དེ་དེང་སང་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་མེད་པར་བཞུགས་པ་ནི། འཛམ་བུའི་གླིང་འདི་ནས་དཔག་ཚད་སུམ་འབུམ་དང་ཉི་ཁྲིས་གྱེན་དུ་འཕགས་པའི་གཞལ་མེད་ཁང་དམ་པ་དགའ་ལྡན་ཞེས་ཡོངས་སུ་གྲགས་པ་དེའི་ཆོས་ཀྱི་ཁྲི་ལ་བསྟི་བར་མཛད་ནས། འཛམ་བུའི་གླིང་པ་རྣམས་ལ་གཟིགས་པ་རྣམ་པ་དྲུག་གིས་རྒྱུན་མི་ཆད་པར་གཟིགས་པ་དེ་ཉིད་དོ། །དེའི་ཕྱིར་གནས་བཀྲ་ཤིས་ཀྱི་གཙུག་ལག་ཁང་ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་ཁྲི་ཡངས་པོའི་དབུས་སུ། རྗེ་བཙུན་མཆོག་གི་ལོངས་སྤྱོད་རྫོགས་པའི་སྐུའི་བཀོད་པ་ངོ་མཚར་རྨད་དུ་བྱུང་བ་ཅན། རྒྱུ་རིན་པོ་ཆེ་ལས་བསྒྲུབས་ན། ལེགས་པར་གྲུབ་པ་རིང་སྲེལ་གྱི་སྙིང་པོ་ཅན་དུ་ཇི་ལྟར་བཞུགས་པའི་རིམ་པ་རྣམས་བརྗོད་པར་བྱའོ། །བྱིན་རླབས་ཆར་ཆེན་དུས་སུ་ངེས་ཕེབས་ཤིང༌། །ཕྲིན་ལས་ཆུ་ཆེན་རྟག་ཏུ་འབེབས་བརྩོན་པ། །ཕན་དང་བདེ་བའི་ཡིད་བཞིན་མཚོ་ཆེན་པོར། །བསྟན་གསུམ་རིན་ཆེན་ཚོགས་ཀྱི་བཀྲ་ཤིས་སྤྱོན།།  །།ཐོག་མར་དབུའི་གཙུག་ཏོར་རང་བྱུང་མཆོད་རྟེན་གྱི་རྣམ་པར་གྲུབ་པའི་ནང་ན། བླ་མ་བརྒྱུད་པའི་མཚན་གཟུངས། གསང་སྔགས་བླ་མེད་ཀྱི་གཟུངས་རྒྱས་པ། མཆོད་རྟེན་གྱི་གཟུངས་ཇི་སྙེད་པ་གསེར་གྱིས་བྲིས་པ་དང༌། སངས་རྒྱས་ཀྱི་རིང་སྲེལ། རྗེ་བཙུན་གྲགས་པའི་རིང་སྲེལ། ས་པཎ་གྱི་རིང་སྲེལ། འཕགས་པ་རིན་པོ་ཆེའི་དབུ་སྐྲ། རྗེ་བཙུན་བསོད་ནམས་རྩེ་མོའི་ན་བཟའི་དུམ་བུ། ཐེག་ཆེན་ཆོས་རྗེའི་ན་བཟའི་དུམ་བུ། ཆོས་རྗེ་བླ་མ་དམ་པའི་གདུང་ཚྭ། ཧོར་ཀ་བཞི་པ་སེང་གེ་རྒྱལ་མཚན་གྱི་གདུང་ཚྭ། བྱང་ཆུབ་ཀྱི་ཤིང་རྣམས་བཞུགས། རྗེ་བཙུན་ཆོས་ཀྱི་སྐུ་ལས་མ་གཡོས་པར། །མཚོན་བྱེད་གཙུག་ཏོར་དབུས་སུ་ཆོས་སྐུའི་རྟེན། །མཚན་ཉིད་མ་ལུས་རྫོགས་པའི་གཟི་འབར་བས། །གང་ལ་ཅི་དགའ་དངོས་གྲུབ་དེང་འདིར་སྩོལ།།  །།དབུའི་ནང་གི་སྲོག་ཤིང་ལ། རྒྱ་བོད་ཀྱི་བླ་མ་དམ་པ་ཕལ་ཆེ་བ་རྣམས་ཀྱི་མཚན་གཟུངས། ལྷག་པའི་ལྷ་རྣམས་ཀྱི་རིགས་སྔགས་རྒྱས་པ་གསེར་གྱིས་བྲིས་ཏེ་བཞུགས། སྲོག་ཤིང་དེའི་རྩེ་མོའི་ཁང་བཟངས་ལ། དེ་བཞིན་གཤེགས་པའི་རིང་སྲེལ་རེ་རེ་བཞུགས་པའི་ཙནྡན་དཀར་པོའི་མཆོད་རྟེན་བརྒྱད། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་འབྲས་བུ་ཆོས་ལུང་ཚོགས་པ་ནས་བྱུང་བ། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་ཚལ་བུ་དང་ལོ་མ་རྟེན་བཞེངས་དུས་རྒྱ་གར་པུ་ཀང་ནས་བྱོན་པའི་དགེ་སློང་གིས་བསྣམས་བྱུང་བ་སངས་རྒྱས་ཀྱི་རིང་སྲེལ་བཞི་བཅུ་ཐམ་པ། རྗེ་བཙུན་གྲགས་པའི་རིང་སྲེལ་གཅིག ས་པཎ་གྱི་རིང་སྲེལ་གཅིག པོ་ཏོ་བའི་རིང་སྲེལ་གཅིག ཀ་མ་ལ་ཤཱི་ལའི་ན་བཟའ། བླ་མ་དམ་པའི་ན་བཟའ་དང་གདུང༌། ནཱ་རོ་པའི་རྒྱན་དྲུག་གི་དུམ་བུ། ཁ་ཆེ་པཎ་ཆེན་གྱི་སྐུ་གདུང༌། ལོ་ཆེན་རིན་བཟང་གི་བུམ་ཆུ་རིལ་བུ། ན་བཟའ་བྲག་ཕུག་པའི་བདུད་རྩི་རིལ་བུ། རྗེ་བཙུན་མི་ལའི་དབུ་ལོ། བུ་སྟོན་པའི་དབུ་ལོ། འབའ་ར་བའི་དབུ་ལོ། བཅོམ་ལྡན་རལ་གྲིའི་དབུ་ལོ་དང་ན་བཟའ། བླ་མ་དམ་པའི་དབུ་ལོ། མཁས་པ་ལུང་མང་པོའི་དབུ་ལོ། གཡུང་སྟོན་པའི་དབུ་ལོ། རྒྱལ་སྲས་ཐོགས་མེད་ཀྱི་དབུ་ལོ། འབྲོམ་སྟོན་པའི་དབུ་ལོ་དང་སྐུ་རགས་ཀྱི་དུམ་བུ། ལྷ་བཙུན་བྱང་ཆུབ་འོད་ཀྱི་ན་བཟའི་དུམ་བུ། སྣེའུ་ཟུར་པའི་དབུ་ལོ། བྱ་འཆད་ཀ་བའི་གདུང་རུས། མཆིམས་ནམ་མཁའ་གྲགས་པའི་ཚེམས་ཀྱི་དུམ་བུ། མཆིམས་བློ་བཟང་གྲགས་པའི་དབུ་ལོ། སྣེའུ་ཟུར་པའི་གདུང༌། རམ་སྡིང་མ་བའི་རིང་སྲེལ། བྱང་སེམས་བསོད་ནམས་གྲགས་པའི་ཤངས་མཚལ། འཇམ་དབྱངས་རིན་རྒྱལ་བའི་དབུ་ལོ། རྒྱ་གར་ཕྱག་ནའི་རིང་སྲེལ། དྭགས་པོ་བཀྲས་རྣམ་པའི་རིང་སྲེལ། རྒྱལ་སྲས་ཆོས་རྫོང་པའི་ཐུགས་དམ་དུ་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་སངས་རྒྱས་ཀྱི་རིང་སྲེལ་ཅན་གཅིག རྗེ་རྡོ་རྗེ་འཆང་གི་གདུང་ཚྭ་གསུམ་རྣམས་བཞུགས། མཛོད་སྤུ་དང་སྤྱན་ལ་སོགས་པའི་སྐྱེ་མཆེད་སོ་སོ་ན་རང་རང་གི་གཟུངས་སྔགས་གསེར་གྱིས་བྲིས་པ། དབུའི་འཁོར་ཁྱམས་ཆེ་ས་ན། རྗེ་ཉིད་ཀྱི་ཐུགས་དམ་དུ་བཞེངས་པའི་ཨ་ཀ་རུ་དང་ཙནྡན་དཀར་པོ་ལས་གྲུབ་པ་རྗེ་བཙུན་རིང་སྲེལ་གྱི་སྙིང་པོ་ཅན་བྱམས་བཞུགས་སུ་མཛད་པའི་གཡས་ན། རྗེ་བཙུན་ཉིད་ཀྱི་སྐུ་ཟི་ཁྱིམ་ལས་གྲུབ་པ་མཐོ་གང་པ། གཡོན་ན་ཚལ་པ་ཀུན་དགའ་རྡོ་རྗེའི་ཐུགས་དམ་དུ་བཞེངས་པའི་རྗེ་བཙུན་མ་སྒྲོལ་མ་ཙནྡན་དཀར་པོ་ལས་གྲུབ་པ་སངས་རྒྱས་ཀྱི་རིང་སྲེལ་ཅན། པ་ཚབ་ལོ་ཙཱས་རྒྱ་གར་ནས་གདན་དྲངས་པའི་གདུང་རྟེན་ཁྱད་པར་ཅན་ནང་སོ་རྒྱ་མ་པས་ཕུལ་བ་རྣམས། སྨན་གྱི་ཕུར་མ་དང་དྲི་བཟང་གིས་མཆོད་པ་ཁང་བཟངས་དང་བཅས་ཏེ་བཞུགས། ཞལ་གྱི་ཐད་ཀར་དུང་དཀར་གྱི་ལྟོ་བར་ཞལ་གྱི་གཟུངས་སུ་བཤད་པ་རྣམས་དང༌། བྱང་ཆུབ་ཀྱི་ཤིང་གི་དུམ་བུ། པཎ་ཆེན་ཤཱཀྱ་ཤྲཱིའི་དབུ་སྐྲ། རྗེ་བཙུན་གྲགས་པའི་དབུ་སྐྲ་དང་ན་བཟའ། ས་པཎ་གྱི་དབུ་སྐྲ། བྱང་སེམས་ཟླ་རྒྱལ་གྱི་སྣམ་སྦྱར་གྱི་ཚལ་བུ། གྲུབ་ཆེན་སྤྱང་ལུང་པའི་དབུ་སྐྲ། གུར་མགོན་གྱི་རུས་རྒྱན་གྱི་དུམ་བུ། ཡང་བྱིན་བརླབས་དེ་རྣམས་བསྲེས་པའི་གདུང་ཚྭ་གསུམ། ཡུམ་བསྡུད་པ་ལ་སོགས་པའི་མདོ་ཕྲན་གསེར་མ་ཐོག་གཅིག་བཞུགས། ཡིད་འོངས་ལང་ཚོ་འབར་བའི་ཞལ་གྱི་མདངས། ལེགས་བཤད་སྦྲང་རྩི་འབབ་པའི་འཛུམ་དཀར་གྱིས། བསོད་ནམས་ཤིང་རྟ་འདྲེན་པའི་ཁ་ལོ་པ། ངོ་མཚར་དྭང་བ་འདྲེན་པའི་བཀྲ་ཤིས་སྤྱོན།།  །།མགྲིན་པའི་ཐད་ཀར་ན། རྗེ་ཉིད་ཀྱི་ཐུགས་དམ་དུ་བཞེངས་པའི་བྱམས་ཆོས་གསེར་མ། བདེ་ཀྱཻ་གསང་གསུམ་ལ་སོགས་པའི་རྒྱུད་ཚན་ཉི་ཤུ་སྐོར་གྱི་གླེགས་བམ། ཡུམ་བརྒྱད་སྟོང་པའི་གླེགས་བམ་རྒྱ་དཔེ་གཉིས། འཇམ་བསྡུད་བཟང་གསུམ་གསེར་མ་ཚར་གསུམ། གཟུངས་འབུམ་རྒྱས་པའི་གླེགས་བམ་ཆེན་མོ། དུང་དཀར་གཉིས་ཀྱི་ནང་ན་བྱིན་རླབས་སྣ་ཚོགས་བཅུག་པ་རྣམས་བཞུགས། མགྲིན་པའི་འོག་ཙམ་གྱི་ཁང་བཟང་གཅིག་ན། རྡོ་རྗེ་འཆང་གི་གསེར་སྐུ་དྲུག རྡོ་རྗེ་རྣལ་འབྱོར་མའི་ལི་སྐུ་གཉིས། འགྲོ་མགོན་འཕགས་པའི་གསེར་སྐུ། རྗེ་ཕམ་མོ་གྲུ་པའི་དངུལ་གར་བླུགས་ཀྱི་སྐུ། བུ་སྟོན་རིན་པོ་ཆེ། བླ་མ་ཞང༌། རྗེ་བླ་མ་དམ་པ་རྣམས་ཀྱི་གསེར་སྐུ་རེ་རེ། ཀརྨ་པ་རང་བྱུང་རྡོ་རྗེའི་གསེར་སྐུ། ཙནྡན་ལས་གྲུབ་པའི་མི་གཡོ་བ་དཀར་པོ། ཡང་མི་གཡོ་བ་དཀར་པོའི་ལི་སྐུ་ཁྱད་པར་ཅན་ཞིག མི་གཡོ་བ་སྔོན་པོའི་ལི་སྐུ་གཉིས། མཚན་བརྗོད་གསེར་མ་གསུམ། བསྡུད་པ་གསེར་མ་གཅིག བཟང་སྤྱོད་དང་རྣམ་འཇོམས་གསེར་མ་རེ་རེ། ཚེ་མདོ་ཚར་བཅུ་བདུན། བྱང་ཆུབ་ཤིང་གི་འདབ་མ་གཅིག རོང་ཆེན་ཐམས་ཅད་མཁྱེན་པའི་དབུ་ཞུ་གཉིས། སྤྱན་རས་གཟིགས་ཀྱི་ལི་སྐུ་གཅིག་རྣམས་ལ། འབྲུ་དང་རིན་པོ་ཆེ་སྣ་ཚང༌། སྨན་དང་གོས་དར་སྣ་ཚོགས། གན་སྤོས་ཨ་ཀར་ཙནྡན་ལ་སོགས་པའི་སྤོས་སྣ་ཚང་གི་མཆོད་པ་དང་བཅས་ཏེ་བཞུགས། ཇི་ལྟའི་དོན་ལ་ཆགས་པ་མི་མངའ་ཡང༌། །ཇི་སྙེད་གསུང་ལ་ཐོགས་པ་མེད་གྱུར་པས། །བདུད་དང་རྒོལ་བའི་ཁེངས་པ་ཀུན་འཕྲོག་པ། །མགྲིན་པར་ཆོས་སྒྲ་སྒྲོགས་པའི་བཀྲ་ཤིས་སྤྱོན།།  །།ཐུགས་དཀའི་དཀྱིལ་དྲང་ཐད་ཀྱི་སྲོང་ཤིང་ལ། རྗེ་བཙུན་ས་སྐྱ་པཎྜི་ཏའི་སྐུ་གདུང་ཧོར་ཡུལ་ནས་སྤྱན་དྲངས་པའི་གདུང་སྒྲོམ་ལྕགས་ལས་བྱས་པའི་ཚགས་གསེར་མ་གྲུ་བཞི། དཔངས་ཁྲུ་གང་ཙམ་ཡོད་པ། ལོགས་བཞི་ལ་རྒྱལ་ཆེན་སྡེ་བཞི་རང་རང་གི་འཁོར་གྱིས་བསྐོར་བ་དང་བཅས་པ་བརྐོས་སུ་བྱས་པའི་ནང་ན། སངས་རྒྱས་ཀྱི་འཕེལ་གདུང་རིང་སྲེལ་སྟོང་ཕྲག་ལྷག་ཙམ་གྱི་གོང་བུར་གྱུར་པ། པོ་ཏོ་བའི་རིང་སྲེལ་གསུམ། ཇོ་བོའི་རྗེའི་ཕྱག་ཚྭ་གཅིག ངོར་པ་རྡོ་རྗེ་འཆང་གི་གདུང་ཚྭ་བདུན། ན་བཟའ་བེར་ཐུལ་གྱི་དུམ་བུ། བྱང་ཆུབ་ཤིང་གི་དུམ་བུ་འཁྱུད་གང་བ། ས་བཟང་འཕགས་པ། ཤར་པ་ཡེ་ཤེས་རྒྱལ་མཚན། མུས་ཆེན་དཀོན་མཆོག་རྒྱལ་མཚན་རྣམས་ཀྱི་གདུང་ཚྭ་རེ། རྗེ་རོང་ཆེན་པོའི་ཕྱག་ཏུ་ལོ་དྲུག་ཅུ་ཙམ་བཅངས་པའི་ཕྱག་དམ། རྗེ་ཨ་མོ་གྷ་ཉིད་ཀྱི་ཕྱག་དམ་དང་བཅས་པ་ལ། གསེར། དངུལ། གཡུ། མུ་མེན། མུ་ཏིག གཞན་ཡང་རིན་པོ་ཆེ་སྣ་ཚོགས་པའི་སིལ་མས་གཏམས་པ། གོས་དར་སྣ་ཚོགས་པའི་ན་བཟའ་དང་བཅས་པ། བྱི་རུའི་སྡོང་པོ་ཡལ་ག་བཅུ་གསུམ་པ། ཙནྡན་དཀར་པོའི་ཚལ་པ་ཆེན་པོ་གཉིས། ཨ་ཀ་རུ། ཀསྤུ་ར། སིཧླ་ལི་ཤིང༌། ཛཱ་ཏི། ཀུངྐུམ། གན་སྤོས་རེང་བུ་ལ་སོགས་པའི་སྤོས་དང་སྨན་སྣ་ཚོགས་པར་བཅས་ཏེ་བཞུགས།།  །།ཡང་ཐུགས་ཀའི་མདུན་དྲང་ཐད་ན་བཞུགས་པའི་ལྷ་ཁང་ན། ཏོག་ལ་རྗེ་བཙུན་གྱི་རིང་སྲེལ་གཉིས། ས་པཎ་གྱི་རིང་སྲེལ་གཅིག བྲམ་ཟེ་སྐྱེ་བ་བདུན་པའི་རིང་སྲེལ་གཅིག གཟུངས་ཟབ་མོ་གསེར་གྱིས་བྲིས་པ་རྣམས་སོ། །ཆོས་འཁོར་གྱི་ནང་ན། བདག་པོ་སོག་འཕགས་པས་ཕུལ་བའི་གདུང་རྟེན་རྒྱ་གར་མ་གཅིག ཁང་བཟང་ན་ནང་སོ་དོན་ཡོད་པས་ཕུལ་བའི་སྟོན་པའི་སྐུ་ཟི་ཁྱིམ་ལས་གྲུབ་པ་ཁྱད་པར་ཅན། ལམ་འབྲས་པ་བློ་བཟང་གིས་ཐུགས་དམ་དུ་བཞེངས་པའི་དངུལ་གར་བླུགས་ཀྱི་སྙིང་པོ་ཀྱཻ་རྡོ་རྗེའི་སྐུ་འཛུབ་གང་བ་ལ་ལྷ་མོ་བརྒྱད་ཀྱི་གསེར་སྐུས་བསྐོར་བ། ནང་སོ་ཧོར་ཤཱཀ་པའི་ཕྱག་ཏུ་བྱུང་བ་རྗེ་རིན་པོ་ཆེ་ཉིད་ཀྱི་དྲུང་དུ་ཕུལ་བ་དེ་དང༌། དངུལ་གྱི་རྣམ་རྒྱལ་མཆོད་རྟེན་མཐོ་གང་པ་ལོ་ཙཱ་བ་སྐྱབས་མཆོག་གི་ཐུགས་དམ་ནང་སོ་ཧོར་ཤཱཀ་པའི་ཕྱག་ཏུ་བྱུང་བ་དང༌། ཟི་ཁྱིམ་ལས་གྲུབ་པའི་གདུང་རྟེན་རྒྱ་གར་མ་གཅིག རྗེ་བཙུན་བིརྺ་པ། རྗེ་བཙུན་གོང་མ་ལྔ། ངོར་པ་རྡོ་རྗེ་འཆང་རྣམས་ཀྱི་སྐུ་རེ་རེ། བསམ་རྩེ་ནས་ནང་སོའི་དྲུང་གིས་ཕུལ་བའི་ལི་ཀར་གྱི་བྱམས་པའི་སྐུ་ཁྱད་པར་ཅན་གཅིག འཇམ་དབྱངས་ཀྱི་སྐུ་གཅིག ཐུགས་ཀའི་གཟུངས་སུ་བཤད་པ་གསེར་གྱིས་བྲིས་པ་རྣམས་དང༌། རིན་པོ་ཆེ་དང༌། འབྲས་བུ་སྣ་ཚོགས་དང༌། གན་སྤོས་ཀྱི་རེང་བུ་དང༌། སྤོས་སྣ་ཚོགས་པའི་ཕུར་མས་གཏམས་པ་དང་བཅས་ཏེ་བཞུགས།།  །།ཡང་ཐུགས་ཀའི་གཡས་ཕྱོགས་ཀྱི་ཁང་བཟང་ན། སྟོན་པའི་གསེར་སྐུ་སུམ་ཅུ་སོ་གསུམ། བསྡུད་པ་གསེར་མ་ཚར་གསུམ། བཟང་སྤྱོད་གསེར་མ་ཚར་གཉིས། མཚན་བརྗོད་ཚར་སུམ་ཅུ་སོ་གཅིག བྱང་ཆུབ་ཤིང་གི་འདབ་མ་གཅིག སྨན་བླའི་བྲིས་སྐུ་གཉིས། སྨན་བླའི་མདོ་དང་མདོ་ཆོག་ཚར་གསུམ། རིན་པོ་ཆེ། སྨན། འབྲུ། དར་ཟབ། སྤོས་སྣ་ཚོགས་ཀྱི་ཕུར་མས་གཏམས་པ་བཞུགས།།  །།ཡང་ཐུགས་ཀའི་གཡོན་ཕྱོགས་ཀྱི་ཁང་བཟང་ན། ཚེ་དཔག་མེད་ཀྱི་གསེར་སྐུ་བཅུ་གསུམ། སྤྱན་རས་གཟིགས་ཀྱི་གསེར་སྐུ་གཉིས། བསྐལ་བཟང་ནས་འབྱུང་བའི་སངས་རྒྱས་སྟོང་གི་མཚན་འབུམ་གསེར་དངུལ་གྱི་བྲིས་པ། སངས་རྒྱས་ཀྱི་མཚན་འབུམ་རྒྱས་པ་མདོ་གཞན་ལས་འབྱུང་བ་དང༌། འཇམ་དཔལ་མཚན་བརྗོད་གསེར་མ་ཚར་བཅུ། རྒྱལ་པོ་མདོ་ལྔ། དྲི་མེད་ཀྱི་གཟུངས་མདོ་སོགས་མདོ་ཕྲན་མང་པོའི་གླེགས་བམ་གཅིག་རྣམས། སྨན་དང་འབྲུ་དང་རིན་པོ་ཆེ་སྣ་ཚོགས་དང་བཅས་ཏེ་བཞུགས།།  །།ཡང་ཐུགས་ཀའི་གཡས་ལོགས་ཀྱི་ཁང་བཟང་གཅིག་ན། སྟོན་པའི་སྐུ་ལི་མ་གཅིག འཇམ་དབྱངས་ཀྱི་ལི་སྐུ་ཁྱད་པར་ཅན་བཞི། སྤྱན་རས་གཟིགས་ཀྱི་གསེར་སྐུ་གསུམ། ཚེ་དཔག་མེད་ཀྱི་གསེར་སྐུ་གཉིས། རྗེ་བཙུན་བྱམས་པའི་གསེར་སྐུ་ལྔ། དགེ་བའི་བཤེས་གཉེན་བྱ་ཡུལ་བའི་ཐུགས་དམ་དངུལ་གར་བླུགས་ཀྱི་སྒྲོལ་མ་མཐོ་གང་པ་ལ། སྒྲོལ་མའི་གསེར་སྐུ་བཅུ་གཅིག་གི་བསྐོར་བ། མི་གཡོ་བ་དཀར་པོའི་ལི་སྐུ་གཉིས། འབྱུང་པོ་འདུལ་བྱེད་ཀྱི་ལི་སྐུ་གཅིག་རྣམས། རིན་པོ་ཆེ་སྣ་ལྔ་དང༌། སྨན་སྣ་དང༌། དར་ཟབ་ལ་སོགས་པ་དང་བཅས་ཏེ་བཞུགས།།  །།ཡང་ཐུགས་ཀའི་གཡོན་ལོགས་ཀྱི་དུང་དཀར་ཞིག་གི་ནང་ན། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་དུམ་བུ། བྱ་རྒོད་ཕུང་པོའི་རྡོ། རྒྱ་གར་གྱི་གནས་ཕལ་ཆེར་གྱི་ས་སྣ་བསྡུས་པའི་རིལ་བུ། བསམ་ཡས་མཆོད་རྟེན་སྔོན་པོའི་རྡོ། རྭ་སྒྲེང་གི་མཆོད་བརྒྱ་རྩའི་ས། རྭ་སྒྲེང་གི་ཆུ་མིག་རྣམས་ཀྱི་ཆུ་སྣ་བསྡུས་པའི་རིལ་བུ། དབུས་གཙང་གི་རྟེན་བྱིན་བརླབས་ཅན་ཕལ་ཆེར་གྱི་རྡུལ་སྣ་འདུས་པའི་རིལ་བུ། རྭ་སྒྲེང་གི་ཤུག་པའི་འབྲས་བུ། རྒྱ་མ་རིན་ཆེན་སྒང་པའི་སྔགས་འདམ། རྒྱ་ནག་རི་བོ་རྩེ་ལྔའི་རྩྭ་དང་རྡོ། སྣར་ཐང་གི་བྱམས་པའི་རྟེན་འདམ་བྱིན་རླབས་ཅན། ཡང་རྒྱ་བོད་ཀྱི་ལྷ་བྱིན་རླབས་ཅན་མང་པོའི་རྡུལ་སྣ་བསྡུས་པའི་རིལ་བུ། ས་སྐྱ་པའི་བུམ་ཆུ་རིལ་བུ། ཉུག་པ་དབོན་པོའི་ཕྱག་ནས་བྱུང་བའི་བྱིན་རླབས་ཅན་སྟོང་རྩའི་རིལ་བུ་བཞུགས།།  །།ཡང་ཐུགས་ཀའི་ཁང་བཟངས་སོ་སོའི་བར་མཚམས་ན། བྱ་འདུལ་བ་འཛིན་པ་ཆེན་པོ་ནས་ན་བཟའ་མཁྲེད་གསོལ་གྱི་བར་མཁན་རབས་གསུམ་མ་ཉམས་པར་བརྒྱུད་པའི་གོས་ཆེན་ཟི་ཧུན་གྱི་སྣམ་སྦྱར་གཅིག སངས་རྒྱས་ཀྱི་རིང་སྲེལ་བཞུགས་པར་གྲགས་པའི་གདུང་རྟེན་ཆར་ཁེབས་མ་ཁྲུ་གང་པ་གཅིག གཞན་གདུང་རྟེན་བཅུ་གསུམ། ཡང་སྟོན་པ་དང་སྤྱན་རས་གཟིགས་སོགས་ཀྱི་ལི་སྐུ་བཅུ་ཕྲག་གཅིག་རྣམས་བཞུགས། གྲུབ་པ་མཆོག་གི་ནམ་ཡང་མི་སླུ་ཞིང༌། །ཐུན་མོང་དངོས་གྲུབ་རིང་ནས་འགུགས་བྱེད་པའི། །ཡོན་ཏན་ཀུན་རྫོགས་ཐུགས་ཀྱི་ཡིད་བཞིན་མཚོ། །ཡོན་ཏན་འཕྲིན་ལས་རྒྱས་པའི་བཀྲ་ཤིས་སྤྱོན།།  །།སྐུའི་སྟ་ཟུར་ཡན་ཆོད་ན། གསེར་གྱི་གླེགས་བམ་སུམ་ཅུ་ཐམ་པ་བཞུགས་པ་ལ། ཡུམ་འཕགས་པ་བརྒྱད་སྟོང་པ་ཉི་ཤུ་རྩ་བདུན། བསྐལ་བཟང་སངས་རྒྱས་དྲིན་ལན་བསབ་པ། གསེར་འོད་བམ་པོ་བཅུ་པ། སྨན་མདོ་དང་མངོན་པ་ཀུན་ལས་བཏུས་སོགས་ཀྱི་གླེགས་བམ། ཡུམ་ཉི་ཤུ་ལྔ་པ་དཀར་པོ་ཚར་གཅིག བརྒྱད་སྟོང་པ་དཀར་པོ་ཚར་བཅུ་གཉིས། ཀ་ཆེན་བཞི་སོགས་གཟུང་ཕྲན་ལྔ་བཅུ་ཐམ་པ་བཞུགས། སྐུའི་དཀྱིལ་འཁོར་ཆ་ཤས་ཀུན་གང་ཞིང༌། །གསུང་གི་བསིལ་ཟེར་བཀའ་དང་བསྟན་བཅོས་ཀྱི། །འོད་ཟེར་སྟོང་ཕྲག་འཕྲོ་བའི་སྣང་བྱེད་དེས། །ཐུགས་ཀྱི་རྡོ་རྗེ་དགེ་ཤིང་བཀྲ་ཤིས་ཤོག །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་མི་གཡོ་བར་བཞུགས་པའི་དབུས་ཐད་ན། དཔའ་བོ་གྲུབ་པའི་བརྒྱུད་ལས་འབྱུང་བའི་གནོད་སྦྱིན་འཁོར་ལོ། འབྲི་ཐབས་རྗེ་བཙུན་གྲགས་པའི་དགོངས་པ། ཤར་པ་ཡེ་ཤེས་རྒྱལ་མཚན་གྱིས་བླངས་པ་ཇི་ལྟ་བ་བཞིན་དུ། ཟངས་ཀྱི་གླེགས་བུ་ལ་གསེར་གྱིས་བྲིས་པ། མན་ངག་གི་གཞུང་ཇི་ལྟ་བ་བཞིན་དུ་བསྒྲུབས་ཤིང་ཁ་ར་དང་སྦྲང་རྩི་ལ་སོགས་པས་བྱུར་བུར་བལྟམས་པ་དང༌། དུང་དཀར་ལ་སོགས་པ་བཀྲ་ཤིས་པའི་རྫས་རྣམས་ཀྱི་མཆོད་པ་དང་བཅས་ཏེ་བཞུགས། དེའི་སྟེང་ན་ཛམྦྷ་ལ་སེར་པོའི་གསེར་སྐུ་ཁྲུ་གང་པ་གཅིག་དང༌། ཛམྦྷ་ལའི་ལི་སྐུ་སོར་བཞི་པ་གཅིག་བཞུགས། དེའི་ཐད་ཀྱི་སྲོག་ཤིང་ལ་ཆོས་སྐྱོང་བོད་དུ་འགྱུར་ཚད་ཀྱི་གཟུངས། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་སྡེ་བཞིའི་གཟུངས། མདོ་དང་རྒྱུད་སྡེ་མང་པོ་ལས་འབྱུང་བའི་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པ་རྣམས་བཞུགས། དེའི་སྟེང་ན། འཕགས་པ་རིན་པོ་ཆེའི་རབ་གནས་བཞུགས་པའི་གུར་མགོན་ལྷ་བརྒྱད་ཀྱི་བྲིས་སྐུ། རྗེ་རྡོ་རྗེ་འཆང་དང༌། མཁས་གྲུབ་སྤྱང་ལུང་པའི་ཕྱག་ཞབས་ཀྱི་རྗེས་ཟུང་རེ། དེ་དག་གི་འགྲམ་ན། རྗེ་རོང་ཆེན་པའི་གསོལ་ལྷུང་འབྲུ་སྣ་ཚོགས་དང་བཅས། ཇ་བཟང་པོ་དང༌། རིན་པོ་ཆེ་དང༌། དྲི་དང་སྨན་སྣ་ཚོགས་ཀྱིས་གཏམས་པ་བཞུགས། ཞབས་གཡས་གཡོན་གྱི་ནང་ཁོངས་ན། ཡུམ་རྒྱས་འབྲིང་བསྡུས་གསུམ་དཀར་པོ་ཚར་གཉིས། གཟུངས་ཀྱི་གླེགས་བམ་ཚར་བརྒྱད། ཞབས་ལྷ་ངའི་ཐད་ན་གསེར་གྱི་གླེགས་བམ་ཁྱད་པར་ཅན་རེ་རེ་བཞུགས་པ་རྣམས་ལ། སྨན་དང་དྲི་བཟང་པོའི་ཕུར་མ་དང༌། དེས་སྦགས་པའི་རས་སེར་པོའི་ན་བཟའ་དང་བཅས་པ། བརླ་དང༌། བྱིན་པ་དང༌། ཞབས་མཐིལ་དང༌། སོར་མོ་རྣམས་ལ། སོ་སོའི་གཟུངས་སུ་ཇི་སྐད་བཤད་པ་རྣམས་བཞུགས།།  །།པདྨ་སོ་སོའི་འདབ་མ་ལ། སོ་སོའི་གཟུངས་སུ་བཤད་པ་རྣམས་བཞུགས། པདྨའི་ནང་ཁོངས་ཀྱི་ཁང་བཟངས་ན། འབྲུ་སྣ་ཚོགས་ཀྱི་གང་བ་དང༌། བཀྲ་ཤིས་པའི་ས་ཕྱོགས་དང༌། བྱིན་རླབས་ཆེ་བའི་གནས་ནས་བསྡུས་པའི་ས་སྣ་རྣམས་ཀྱི་ཤིས་པར་བྱས་ཏེ་བཞུགས་སོ། །བྱམས་དང་ཐུགས་རྗེའི་ཆུ་འཛིན་འཐུག་པོ་ལས། །དངོས་གྲུབ་རྣམ་གཉིས་བདུད་རྩིའི་ཟིམ་ཆར་གྱིས། །གང་ལ་ཅི་དགའི་རྒྱ་མཚོ་ཁེངས་མཛད་པ། །མཆོག་དང་ཐུན་མོང་བྱེད་པོའི་བཀྲ་ཤིས་སྤྱོན།།  །།འདིར་བུ་སྟོན་རིན་པོ་ཆེས་ཞུས་དག་པར་མཛད་པའི་གཟུངས་འབུམ་ཆེན་མོ་ཉིད་ལ་ཕྱི་མོ་བགྱིས་ཏེ། གསེར་གྱིས་བྲིས་པ་དང༌། རྗེ་ཨ་མོ་གྷ་ཉིད་ཀྱི་གདུང་རུས་ཀྱིས་བྲིས་པ་དང༌། དཀར་པོར་བྲིས་པ་སྟེ་ཚན་གསུམ་བཞུགས་པ་དང༌། གཞན་ཡང་ཆོས་སྡེ་སོ་སོ་ན་གཟུངས་གཞུག་གི་རིམ་པ་ཉིད་དུ་བསྔོས་ནས་པར་དུ་བཏབ་པ་དག་དང་ཚན་པ་བཞི་བཞུགས་སུ་གསོལ་བ་ལས། གཟུངས་དང་རིང་སྲེལ་འཇུག་པའི་གོ་རིམ། གང་དུ་བཞུགས་པའི་གནས། སྐྱེ་མཆེད་སོ་སོའི་གཟུངས་དང་བཅས་པ། རྗེ་བཙུན་གྱི་རབ་གནས་དོན་གསལ་དང༌། དཔང་ལོ་ཆེན་པོས་མཛད་པ་དང༌། ངོར་པ་རྡོ་རྗེ་འཆང་གིས་གསེར་སྐུ་རྡོ་རྗེ་འཆང་དུ་སྒྲུབ་པ་ཞེས་བྱ་བའི་མཚན་དུ་གསོལ་བའི་ཕྱག་ལེན་མཛད་པ་རྣམས་གཞིར་བཞག་ནས། མེ་མོ་ལུག་གི་ལོ། ཁྲུམས་ཀྱིས་ཉ་བའི་ཟླ་བ། རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་བཟང་པོ་ལ་ལེགས་པར་གྲུབ་པའོ། །གང་འདིའི་ཁྲི་དང་པདྨ་ནས། །གཙུག་ཏོར་ནོར་བུ་འབར་བའི་བར། །རིང་སྲེལ་ཡུངས་འབྲུ་ཙམ་ཞིག་གམ། །རྒྱལ་བའི་བཀའ་དང་གཟུངས་ཀྱི་ཚིག །ཤླཽ་ཀ་ཙམ་བཞུགས་གསོལ་དང༌། །རིན་ཆེན་སྨན་སོགས་ཆུང་ངུ་ནས། །རྒྱ་ཆེའི་བར་དུ་སྦྱོར་མཛད་པའི། །ལྷག་བསམ་དག་པའི་ས་སྐྱོང་དང༌། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་དང༌། །རྒྱལ་པོའི་སྣང་ཆེན་ལ་སོགས་པ། །ཡོན་གྱི་བདག་པོ་གང་ཡོད་དང༌། །འདི་ཡི་ལག་ལེན་ཚུལ་བཞིན་དུ། །སྐྲུན་བྱེད་ཆོས་ཀྱི་རྒྱལ་མཚན་ཀྱང༌། །གནས་སྐབས་བྱམས་པའི་ཞལ་བཟང་ལས། །གསུང་རབ་སྦྲང་རྩི་འཐུང་བ་དང༌། །མ་རྣམས་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་ལ་གེགས་བྱེད་མེད་པར་ཤོག །སེམས་ཅན་ཐམས་ཅད་བདེ་འདོད་པའི། །བྱམས་པ་སྒྲིབ་ཀུན་དང་བྲལ་བ། །ཡེ་ཤེས་ཉི་མ་ཆེར་འབར་བས། །བསྟན་པའི་པད་ཚལ་རྒྱས་པར་ཤོག །གང་ལ་ཅི་དགའི་དངོས་གྲུབ་ཀྱི། །བྱིན་བརླབས་འོད་སྟོང་སྤྲོ་མཛད་དེས། །འཇིག་རྟེན་པ་ཀུན་བདེ་བ་དང༌། །ཚེ་རིང་འབྱོར་པས་གང་བར་མཛོད། །ཁྲུམས་ཀྱིས་ཉ་བའི་བཅོ་ལྔ་ལ། །རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱི། །རིང་སྲེལ་བཞུགས་ཚུལ་བརྗེད་བྱང་དུ། །བཀོད་པས་དང་བ་འདྲེན་བྱེད་ཤོག།  །།  ༄། །སྭསྟི། ཇི་ལྟའི་དོན་ལ་ཆགས་མེད་འཇམ་པའི་ཐུགས། །ཇི་སྙེད་ཆོས་ཀུན་ཐོགས་མེད་གསུང་བའི་དབྱངས། །ཡིད་འཕྲོག་དད་པའི་ཤིང་རྟ་འདྲེན་མཛད་སྐུ། །མཁྱེན་བརྩེའི་དབང་ཕྱུག་ཁྱོད་ཀྱིས་འདིར་སྐྱོངས་ཤིག །ཅེས་མཆོད་པར་བརྗོད་ནས། འདིར་རྗེ་བཙུན་དེའི་སྐུ་དད་པའི་ཤིང་རྟ་འདྲེན་བྱེད་འདི་ནི། འཇམ་པའི་དབྱངས་དང༌། འཇིག་རྟེན་དབང་ཕྱུག་ཅེས་མཚན་ཡོངས་སུ་གྲགས་པ་གང་གིས་དགོངས་པ་ཟབ་མོ་ཡོངས་སུ་བསྐང་བའི་དོན་གྱི་ཕྱིར། དཔལ་གསེར་མདོག་ཅན་གྱི་བླ་བྲང་ནས་བཞེངས་པའི། རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་ཚད་རྒྱབ་མཐོ་བཅོ་བརྒྱད། རྒྱུ་ཚོགས་ཀྱི་ཚད་ཟངས་ཁལ་བཞི་བཅུ་ཞེ་ལྔ། སྐུད་གསེར་མགུར་ཆེན་གྱི་ཞོ་བརྒྱ་ཉི་ཤུ། རྒྱགས་ཀྱི་ཚད། བཟོ་རིགས་མཁས་པ་ཙནྟྲ་སོགས་རྣམ་པ་བཞིས་ཟླ་བ་དྲུག་ཏུ་བསྒྲུབས་པ་ལ། ནས་ཁལ་ཉི་ཤུ་རྩ་བདུན་པ་དང༌། ཤ་ཁོག་བཅུ་ཕྲག་པ་དང༌། ཇ་ཉག་དྲུག་པ་དང༌། མར་ཁལ་གསུམ་རེ་དང༌། དུས་བཟང་སྟོན་མོ་གསུམ་རེ་དང༌། ཐབ་ཇ་སྦྱོར་གསུམ་རེ་དང༌། ལྷ་མཆོད་པའི་དར་ཁ་རེ་རྣམས་ཟླ་བ་རེ་རེ་བཞིན་དུ་བསྒྲུབས། ཡོན་ལ་གསེར་ངོ་བོ་མགུར་ཆེན་བཞི་བཅུ། རྔ་དཀར་གཤགས་མདོམ་བདུན་ཅུ། གོས་ཕྱི་ནང་ཚང་མ་གསུམ། བསྐོན་ལ་གོས་ཆེན་ཕུ་དུང་མ་རེ། བསྐྱོན་ལ་རྟ་རེ། རབ་ཏུ་གནས་པའི་ཚད། དབུའི་གཙུག་ཏོར་གྱི་སྲོག་ཤིང་ལ། དེ་བཞིན་གཤེགས་པའི་རིང་སྲེལ། རྗེ་བཙུན་གྲགས་པའི་འཕེལ་གདུང༌། གསུང་ངག་རིན་པོ་ཆེ་དང༌། བདེ་དགྱེས་ལ་སོགས་པ་བླ་མ་བརྒྱུད་པའི་མཚན་འབུམ་གན་ཤོག་གི་སྟེང་དུ་གསེར་གྱིས་བྲིས་པ། སྲོག་ཤིང་ངོ་བོ་ལ་གཟུངས་འབུམ་ཆེན་མོ་ཆ་ཚང་དཀར་པོ་དང༌། ཆུང་བ་གསེར་དངུལ་གྱིས་བྲིས་པ། ས་སྐྱ་པཎྜི་ཏའི་ཕྱག་རིས་གན་ཤོག་ལ་གསེར་གྱིས་ལཉྫར་བྲིས་པ། བདེ་མཆོག་རྒྱུད་ཀྱི་དུམ་བུ། སྐུའི་སྟོད་ཀྱི་ཆ་ལ། རྗེ་བཙུན་གྲགས་པའི་ཞབས་ཀྱི་དགུང་ལོ་བཞི་བཅུ་ཙམ་བཞེས་པའི་དུས་ཀྱི་སྐུ་འདྲ་བྲིས་སྐུ། གསལ་ལ་པ་དབང་ཕྱུག་གྲགས་ཀྱི་བཞེངས་པ། རྗེ་བཙུན་ཉིད་མྱ་ངན་ལས་མ་འདས་ཀྱི་བར་གཟིམས་ཁང་དེ་ཉིད་དུ་བཞུགས་པ། ཡར་ཀླུངས་པ་སེ་སྒོམ་ཆེན་པོའི་ཕྱག་ནས་རིམ་པར་བརྒྱུད་དེ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱི་ཕྱག་ཏུ་བྱུང་བ་དེ་བཞུགས། ཐུགས་ཀའི་ཐད་ན། མི་གཡོ་དཀར་པོའི་སྐུ་རྒྱ་གར་མ། དགེ་བའི་བཤེས་གཉེན་སྣེའུ་ཟུར་པའི་ཐུགས་དམ། རྒྱ་མ་གཟིམས་ཆུང་ནས་སྤྱན་དྲངས་པ་དེ་བཞུགས།།  །།ཐུགས་རྗེའི་སྤྱན་གྱིས་ངན་འགྲོའི་གཡང་ལས་བསྲུངས། །བྱམས་པའི་ཕྱག་གིས་བདེ་བའི་གནས་སུ་འདྲེན། །སྲིད་དང་ཞི་བའི་མཐའ་ལས་འགོང་མཛད་པ། །སྤྱན་རས་གཟིགས་དབང་ཉིད་ལ་མགོས་ཕྱག་འཚལ། །ཞེས་མཆོད་པར་བརྗོད་ནས། རྗེ་བཙུན་འཇིག་རྟེན་དབང་པོའི་སྐུ་ཚད་དང་རྒྱུ་ཚོགས་ཀྱི་ཚད། རྒྱགས་ཡོན་གྱི་ཚད་སྔ་མ་ཇི་ལྟ་བ་བཞིན་ལ། ཁྱད་པར་ནི། ཟླ་བ་དྲུག་པོའི་རིང་གི་གསོལ་ཇ་མ་གཏོགས་པའི་རྒྱགས་ཀྱི་ཆ་ལ་དགོས་པ་རྣམས་ཇི་སྙེད་པ། དཔོན་དྲུང་གཡུང་པ་ཚེ་དབང་རྒྱལ་པོའི་ཐུགས་རྒྱུད་ཀྱི་སྒྲིབ་པ་སྦྱང་བ་དང༌། དགོངས་པ་ཟབ་མོ་བསྐང་བའི་ཕྱིར་དུ་དོན་གྲུབ་རབ་བརྟན་ནས་བསྒྲུབས་པ་དང༌། ཡོན་སྟེངས་སུ་ཕན་པ་གསེར་ཞོ་བཞི་བཅུའི་རྩིས་འགྲོ་མཛད་པ་ཡིན། ཐུགས་ཀའི་ཐད་ན། ཁ་ཆེ་པཎ་ཆེན་གྱིས་སྤྱན་དྲངས་པའི་རྗེ་བཙུན་བྱམས་པ་པད་སྡོང་གི་སྟེང་ན་བཞུགས་པའི་བཀོད་པ་ཕུན་སུམ་ཚོགས་པ་ཅན། བྱང་པ་བདག་པོ་དཀོན་མཆོག་ལེགས་པའི་ཕྱག་ནས། མཁས་གྲུབ་དོན་ཡོད་དཔལ་བ་དབུས་ཕྱོགས་ལ་ཐོག་མར་ཕེབས་དུས་སུ་ཕུལ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཅན་དེ་བཞུགས། ཡང་ཐུགས་ཁའི་ཕྱོགས་གཅིག་ན་རྣམ་རྒྱལ་མཆོད་རྟེན་བཀོད་པ་ཕུན་སུམ་ཚོགས་པ་ཅན། འཕགས་པ་རིན་པོ་ཆེའི་གདུང་ཚ། དགེ་བའི་བཤེས་གཉེན་ཤ་བོ་སྒང་པའི་སྐུ་མཆིན་གྱི་དུམ་བུ་ལ་རིང་སྲེལ་གྱིས་བལྟམས་པ་བཞུགས།།  །།དགེའོ།།  །། ༄། །ཨོཾ་སྭསྟི་སིདྡྷཾ། རབ་འབར་ཡེ་ཤེས་སྣང་བྱེད་ཟེར་གྱི་རྨོངས་པའི་ནམ་རིངས་སྔ་བར་ལངས་བྱེད་དེ་ནི་ཐོག་མ་བར་དང་མཐར་དགེ་བ། །དེ་སྟོན་བྱེད་པོ་བསོད་ནམས་རྒྱས་སྐྲུན་མཚན་དཔེའི་དཔལ་འབར་རྫོགས་སངས་རྒྱས་ཡིན་དེས་བསྟན་པ་ནི་ལུང་དང་རྟོགས་པའི་ཆོས། །དེ་འཛིན་པ་ནི་སྡོམ་བརྩོན་མཁས་གང་ཚོགས་པའི་དགེ་འདུན་ཉིད་ཡིན་དེ་བྱོན་པ་ན་དེ་ལས་འབྲས་བུ་རྣམ་གསུམ་འབྱུང༌། །འཆད་རྩོད་རྩོམ་པའི་ཉིན་བྱེད་སྣང་བ་གང་དུ་འཆར་བྱེད་དེ་ནི་གླེགས་བམ་ཚོགས་ཡིན་དེ་ལ་གུས་པས་ཕྱག་འཚལ་ལོ། །བདེ་འབྱུང་ཐོད་ཀྱི་ཟླ་རྒྱས་ལང་ཚོ་ཡིས། །དུལ་བར་བཏེགས་པའི་ཞབས་སེན་དམར་འོད་ནི། །བགྲང་ཡས་འཇིག་རྟེན་གསུམ་གྱི་མུན་སེལ་བ། །མངའ་མདངས་ཉིན་མོར་བྱེད་པའི་གསེར་མདོག་ཅན། །ཁྱོད་གསུང་ཚངས་དབྱངས་བརྒྱ་པའི་རྔ་སྒྲ་ནི། །ཕྱོགས་ལས་རྣམ་རྒྱལ་འཇིག་མེད་ཁང་བཟང་དུ། །ཚོགས་གསུམ་རི་མོར་གསལ་བ་འདི་བཞུགས་ཀྱི། །ཙ་ཏུར་མུ་ཁའི་ལག་པས་འདི་ཟུང་ཞིག །ལེགས་བཤད་སྐྱེ་མཆེད་མཚར་བའི་མཛེས་སྡུག་གིས། །གཟུར་གནས་དཔྱོད་ཆེན་ཡིད་ཀྱི་ཤིང་རྟ་ཡང༌། །འདྲེན་བྱེད་གསུང་རབ་ཀུན་ལ་བལྟ་བའི་སྒོ། །འབྱེད་མཁས་ལུགས་བརྒྱ་ལྡན་པ་འདི་ན་བཞུགས། །ཞེས་མཆོད་པར་བརྗོད་ནས། མཆོག་ཏུ་བསྔགས་པར་འོས་པའི་འཁོར་ལོ་རིན་པོ་ཆེ་དག་ཉིད་ལ་གནས་ཤིང་རྟེན་ནས། ཕན་པ་དང་བདེ་བ་མ་ལུགས་པའི་འབྱུང་གནས་ཐུབ་བསྟན་ཡིད་བཞིན་གྱི་ནོར་བུ་རིས་མེད་པ་མཐའ་དག་ལ་ཆེད་ཆེར་འཛིན་ཞིང༌། གཅེས་སྤྲས་སུ་བྱ་བ་ལྷུར་ལེན་པའི་སྐྱེས་བུ་དམ་པ་མཁས་བཙུན་བཟང་པོའི་དཔལ་གྱིས་ཕྱུག་པ་ཆེས་རབ་ཏུ་མང་པོ། ཆུ་བོ་ཆེན་པོ་རྣམ་པ་བཞིའི་རྒྱུན་ལྟ་བུ་ཡང་དང་ཡང་དུ་ངེས་པར་བསྟི་བའི་གནས། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭ་ཡངས་པོའི་ཐོག་མར། ཆོས་འཆད་པ་པོ་གང་ན་འདུག་པའི་སེང་གེའི་ཁྲི་བདེ་བར་འཁོད་པའི་གཙུག་ལག་ཁང་ཉེ་བར་འཁོར་དང་བཅས་པ་ན། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་མང་པོ་དག དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུང་མ་དག་ལ། བཀའ་བསྒོ་གཏད་གཉེར་དུ་ཕུལ་ནས་བཞུགས་པ་དག་ལས། རེ་ཞིག་ཐོག་མར་གནས་འདི་ཉིད་དུ་བཞུགས་ནས། གསུང་རབ་མང་པོ་ལ་བལྟ་བ་དང་རྟོག་པ་དག་གིས་གླེགས་བམ་བཙལ་སླ་བའི་ཕྱིར་དུ་ཁ་བྱང་དུ་བཏབ་ནས་མཚན་གྱི་རྣམ་གྲངས་བཀོད་པ་ལ་གསུམ་སྟེ། དཔེ་སྣ་ཚོགས་འདུས་པའི་མཚན་བྱང་དང༌། བསྟན་བཅོས་འགྱུར་རོ་ཚལ་གྱི་མཚན་བྱང་དང༌། བཀའ་འགྱུར་རོ་ཚལ་གྱི་མཚན་བྱང་བཀོད་པའོ། །དང་པོ་ལ་མདའ་ཚད་དུ་བཞུགས་པ་རྣམས་ཀྱི་དང༌། ཁ་བྲས་སོགས་སུ་བཀོད་པ་རྣམས་ཀྱིའོ། །དང་པོ་ནི། ཀ་པ་ལ་ཞེས་སོགས། མཇུག་ཏུ།།  །།སྭསྟི། གཟིམས་ཁང་ཀ་གཉིས་མ་ན་བཞུགས་པའི་ཕྱག་དཔེའི་ཐོ་ཡིག་དེབ་ཐེར་འདིའི་ནང་ན་ཇི་ལྟར་འཁོད་པ་རྣམས། སྤྱིར་བསྟན་པ་བསྲུང་བའི་རྡོ་རྗེ་ཆོས་བསྲུང་རྣམས་དང༌། ཁྱད་པར་དཔལ་མགོན་གདོང་བཞི་པ་འཁོར་བཅས། ལས་མགོན་པུ་ཏྲ་མིང་སྲིང༌། གནོད་སྦྱིན་བྷ་དྲ་ནག་པོ། གནོད་སྦྱིན་རྟ་བདག་བརྒྱད་པོ་རྣམས་ལ་བཅོལ་གཏམས་དྲག་པོ་དང༌། གཏད་གཉེར་དྲག་པོ་བགྱིས་བདོག་པས། ཆོས་གྲྭ་འདིའི་མཚམས་ཀྱི་ཕྱི་རོལ་དུ་མི་འདའ། མཚམས་ནང་དུ་བཞུགས་ནས་གཟིགས་རྟོག་བྱེད་པ་རྣམས་ལ་དཔེ་གཉེར་བས་དོ་དམ་བྱས་ནས་འཕྲལ་དུ་གཏོང་ལེན་བྱེད་དགོས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི། དམར་ནག་འབར་བའི་གུར་ཁང་དུ། །ཧཱུྃ་ཕཊ་དྲག་པོའི་འབྲུག་སྒྲ་ཡིས། །མ་རུངས་པ་དག་ཚར་བཅད་ནས། །དམ་ཆོས་བསྲུང་བའི་ལས་བྱོས་ཤིག །ཅེས་བཅོལ་བས་གྲུབ་པ་ཡིན་ནོ།།  །།མངྒ་ལཾ།།  །།བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*