གློ་བོར་ཕར་ཕྱིན་གྱི་སྤར་བཞེངས་པའི་དཀར་ཆག

༼ཙ༽༄༅། །གློ་བོར་ཕར་ཕྱིན་གྱི་པར་བཞེངས་པའི་དཀར་ཆག་ཏུ་གནང་བ་བཞུགས་སོ།།

སྭསྟི། གང་སྐུ་མཐོང་བའི་མོད་ལ་དབང་པོས་ཀྱང༌། །ཞབས་ཟུང་ཚངས་པའི་གནས་སུ་ལེན་བྱེད་ཅིང༌། །ཁྱོད་གསུང་འཕྲོ་བའི་ཐོག་མར་ཕྱོགས་བཅུ་ཡི། །རྒྱལ་དབང་སྲས་དང་བཅས་པས་སྐྱེས་ཕུལ་བ། །ཐུབ་ཆེན་སྟོན་པ་དེ་ཡིན་དེ་ཡི་ཆོས། །ཐུབ་དབང་ཉིད་ཀྱི་ཆོས་ཚུལ་གཞན་རྣམས་ལས། །ལྷག་པར་བསྔགས་པའི་ཕྲེང་མཛེས་གཡོ་ལྡན་པ། །རྒྱལ་དང་རྒྱལ་བའི་སྲས་ཀྱི་ཡུམ་དེ་ཡིན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ཀུན་ཉེར་གཟིགས་ནས། །བྱམས་པའི་ཕྱག་གིས་བདེ་བའི་གནས་དག་ཏུ། །འདྲེན་མཛད་མ་ཕམ་རྒྱལ་བའི་ཞལ་གྱི་སྒོ། །ཐེག་མཆོག་གསུང་བ་དེ་ལ་ཕྱག་འཚལ་ལོ། །ཐོག་མེད་ཞབས་ཟུང་འཆར་ཁའི་མདངས་གསལ་ནི། །དགའ་ལྡན་ཤར་རིའི་ཕྲག་པ་ལ་ཞོན་ཚེ། །སྟོང་ཉིད་ཀུན་གསལ་ཞི་བའི་ལམ་དག་ལས། །མངོན་རྟོགས་ནོར་བུའི་གཟི་འོད་ཅི་ཡང་ཤར། །སྣ་ཚོགས་སྒྱུ་མའི་རྣམ་རོལ་མི་འདོར་བར། །ངེས་དོན་ཟབ་མོའི་རྔ་དབྱངས་ལྷུར་མཛད་པའི། །མི་ཕམ་ཞལ་གྱི་བདུད་རྩིའི་ལམ་ཆེན་ནས། །མངོན་རྟོགས་རྒྱན་ཕྲེང་སྤེལ་བ་འདིར་སྤྱོན་ཏོ། །གསུང་རབ་ཀུན་གྱི་ངེས་དོན་སྙིང་པོ་གང༌། །མ་ཚང་མེད་པ་འདི་ན་བཞུགས་བཞིན་དུ། །རྒྱལ་ཡུམ་དྲུག་གི་སྦས་དོན་མངོན་རྟོགས་བརྒྱད། །ཡན་ལག་དང་བཅས་གསལ་བ་འདི་ན་བཞུགས། །ཐོས་བསམ་ཡུལ་དང་ཉམས་ལེན་རྣལ་འབྱོར་དང༌། །འབྲས་བུར་བཅས་པས་དངོས་བརྒྱད་ལམ་རིམ་དང༌། །མཚོན་བྱེད་ཆོས་ཚན་བརྒྱད་པོ་རེ་རེས་ཀྱང༌། །ལམ་ལྔའི་མངོན་རྟོགས་ཚང་བར་སྟོན་ཚུལ་དང༌། །སེམས་བསྐྱེད་གདམས་ངག་ལ་སོགས་བདུན་ཅུ་པོ། །རེ་རེས་ལམ་ལྔ་བསྡུས་ཚུལ་འདི་ན་བཞུགས། །ཐོགས་མེད་མཆེད་ཀྱིས་ཡུམ་གསུམ་རྒྱན་དང་བཅས། །དབུ་མའི་ཚུལ་ལུགས་གཉིས་ལས་དང་པོར་ཕྱེ། །འཕགས་པའི་ཐུགས་མངའ་རྣམ་པར་གྲོལ་སྡེ་དང༌། །དངོས་སྨྲའི་སྤོབས་པ་འཕྲོག་བྱེད་བཟང་པོའི་ཞབས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་དབུས་བཞུགས་ནས། །ངོ་བོ་ཉིད་མེད་སྨྲ་བའི་ཚུལ་དུ་བཀྲལ། །ཆོས་ཀུན་རང་རང་ངོ་བོས་སྟོང་ཚུལ་དང༌། །དབུ་མའི་ཚུལ་ལུགས་དང་པོ་རྣམ་རིག་ཙམ། །སྨྲ་བའི་གཞུང་དང་དབུ་མ་ཆེན་པོའི་ཁྱད། །གསལ་བྱེད་རྣམ་འབྱོར་ས་བཞི་འདི་ན་བཞུགས། །འགྲེལ་མཛད་གཞན་གྱིས་མ་བཀྲལ་ཡུམ་གསུམ་དང༌། །རྒྱན་གཞུང་སྦྱར་ནས་འཆད་དང་ཁྱད་པར་དུ། །རྒྱལ་ཡུམ་བརྒྱད་སྟོང་བསྡུས་པར་བཅས་པ་ནི། །རྒྱན་དང་སྦྱོར་མཁས་འདི་ལས་སྔོན་མ་བྱུང༌། །གང་འདི་འགྲེལ་མཛད་གཞན་ལས་ཁྱད་པར་དུ། །འཕགས་ཞེས་པཎ་ཆེན་མང་པོས་བཤད་སྲོལ་མཛད། །སྔོན་དུས་ཤིག་ནས་བོད་དུ་འགྱུར་མོད་ཀྱི། །བཤད་སྲོལ་ཐོག་མར་དབྱེ་མཛད་རྔོག་ལོའི་ཞབས། །བསྟན་པ་འདེགས་པའི་ཀ་ཆེན་རྣམ་བཞི་ཞེས། །ཇི་ལྟར་གྲགས་པ་གསལ་ལྡན་དེ་དག་ལས། །གཙོ་བོར་གྱུར་པ་རྒྱན་འགྲེལ་དོན་གསལ་བ། །གང་གི་བློ་ལ་གསལ་བའི་སྡོམ་བརྩོན་དེ། །གཙུག་ལག་ཁང་ཆེན་འདེགས་པའི་ཀ་ཆེན་ཡིན། །གང་འདི་ཐུབ་དབང་བསྟན་པའི་སྲོག་ཤིང་དུ། །འབུལ་མཁས་པར་གྱི་ཉི་མ་གསལ་པོ་ནི། །ཆོས་དང་སྲིད་ཀྱི་རྣམ་དཔྱོད་སྒྱུ་འཕྲུལ་མཁན། །ལྷ་དབང་བཀྲ་ཤིས་ཉིན་མོའི་མགོན་དེས་བསྐྲུན། །དེ་ལས་བྱུང་བའི་དགེ་ཚོགས་འོད་སྟོང་ཅན། །ཕྲག་དོག་སྤྲིན་གྱིས་ནམ་མཁའ་མི་སྒྲིབ་ཅིང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་བཟུང་ནས། །རྟག་ཏུ་གྲགས་པའི་ཁྲི་ལ་འཁོད་གྱུར་ཅིག །བྲིས་ལ་མཁས་པ་འདི་དང་ནི། །འདི་ཞེས་བྱ་བས་བྲིས་པ་ལྟར། །རྐོས་ལ་མཁས་པ་འདི་དང་ནི། །འདི་ཞེས་བྱ་བས་གློ་བོའི་ཡུལ། །ཆོས་དང་སྲིད་ཀྱི་འབྱོར་པ་ཡི། །རབ་གང་ལྷ་ཡི་ཕོ་བྲང་མཆོག །རྣམ་རྒྱལ་རབ་བརྟན་ཞེས་བྱ་བ། །ཐུབ་ཆེན་མངོན་པར་དགྱེས་པ་ཡིས། །སྐྱེད་ཚལ་ཡིད་འོང་དྲུང་དེར་བརྐོས། །ཆོས་ཀྱི་རྒྱལ་པོའི་དཔལ་ཐོབ་ཤོག །དཀོན་མཆོག་གསུམ་དངོས་འཁོར་ལོའི་མགོན། །འཇིག་རྟེན་སྐྱོང་བ་རྣམ་བཞི་ཡི། །མཐུ་སྟོབས་དཔུང་དང་བཀྲ་ཤིས་ཀྱི། །ཆབ་སྲིད་ཆོས་བཞིན་སྐྱོང་བར་ཤོག།  ༈  །།རྣམ་འགྲེལ་གྱི་གཞུང་པར་དུ་བསྒྲུབ་པའི་དཀར་ཆག།  ༄། །ཨོཾ་སྭསྟི། བདེ་འབྱུང་གཙུག་གི་ཆུ་ཤེལ་དཀར་པོ་ལ། །ལུང་རིགས་འོད་འཕྲེང་ཚོན་བརྒྱའི་རི་མོ་གང༌། །གསལ་བར་བྲིས་ནས་ཡོངས་ལ་ལེགས་འདོམས་པ། །ཀུན་མཁྱེན་ཚད་མ་གསུང་ཁྱོད་ཕྱག་གི་གནས། །འཇམ་དབྱངས་སྐུ་ཡི་ཡ་མཚན་ཡིད་འཕྲོག་མཚན་དཔེའི་ལང་ཚོ་གསར་པའི་མཚར་སྡུག་ཅན་དེ་མཁྱེན་བཟང་ཞལ་གྱི་པདྨོ་དགོད་པའི་འཛུམ་འཕྲེང་གཡོ། །དེས་གསུངས་རིག་པའི་ཉག་ཕྲན་དྲང་པོ་ཚེམས་དཀར་གཞུང་ལས་ཐུགས་རྗེའི་ཟུར་མིག་འཐེབ་ཀྱིས་རབ་འཕངས་ལེགས་བཤད་མི་འདྲའི་འགྱུར་ཁུག་སྟོང་ཕྲག་ཅན། །ཁྱོད་ཐུགས་ཟབ་གསལ་འབུམ་ཕྲག་ཆུ་ཀླུང་ངལ་གསོའི་རྒྱ་མཚོ་ཇི་བཞིན་ལེགས་བཤད་གསར་པའི་ཕྲིན་ལས་ཆུ་བོ་བརྒྱ་ཕྲག་རྟག་ཏུ་འབེབས་བརྩོན་པ། །བརྩེ་ཆེན་ཡིད་འོང་མཁྱེན་པའི་ལྷ་ཁྱོད་རྟོག་གེ་ལ་སོགས་རིག་པའི་གནས་ལ་ཡིད་གཞུངས་བགྱིད་པའི་བློ་གསལ་ཡོངས་ཀྱི་ལྷག་པའི་ལྷ་ཡིན་ནོ།།  །།ཡིད་འཕྲོག་མཚན་དཔེའི་འོད་ཀྱི་དྲྭ་བ་དང༌། །མཁྱེན་བརྩེའི་ཞབས་ཟུང་ངང་པའི་དེད་དཔོན་གྱིས། །བསྟན་པའི་པད་མཚོ་མཛེས་པའི་ཡ་མཚན་ལ། །བློ་གསལ་དད་ལྡན་ཡོངས་ཀྱིས་ཕྱག་བྱོས་ཤིག །འབིགས་བྱེད་ནགས་ཚལ་སྟུག་པོར་རྟག་བཞུགས་ནས། །སྙན་གྲགས་ཕྱོགས་བརྒྱའི་ཆུ་གཏེར་དབུས་ཀྱི་རྒྱན། །བསྟན་པ་འདེགས་པའི་གླང་ཆེན་ཀུན་གྱིས་ཀྱང༌། །ངེས་བསྟོད་ཆེན་པོ་གང་ཁྱོད་ཀུན་གྱིས་བཀུར། །ཤེས་རབ་ཡངས་པའི་དམག་དཔུང་ཁོ་ན་ཡིས། །མུ་སྟེགས་འཁྲུལ་པའི་ཡུལ་ཆེན་གསུམ་འཕྲོགས་ནས། །སྨྲ་མཁས་ཐུབ་པའི་རྒྱལ་ས་འཛིན་མཛད་དེ། །ཕྱོགས་ཀྱི་གླང་པོ་ས་ཆེན་སྲུང་མཁས་སོ། །ཆོས་ཀྱི་ཉི་མ་གྲུབ་པའི་ལང་ཚོ་ཅན། །གྲགས་པའི་འོད་སྟོང་རྣ་བར་འཕྱང་བཞིན་དུ། །རྣམ་དཔྱོད་རྟ་རྒྱས་བཏེག་པའི་ཁྲིར་འཛེགས་ནས། །ཐུབ་བསྟན་ཤར་གྱི་རི་བོའི་རྩེ་ནས་ཤར། །མཁྱེན་རབ་ཉི་མའི་བུ་མོ་སྒེག་འཆང་མ། །གསུང་རབ་པད་དཀར་མཛའ་བོའི་ཚལ་དུ་རྒྱུ། །ཕན་ཚུན་ཡིད་བཅུགས་འཛུམ་དཀར་འཕྲེང་བ་ཡིས། །སྡེ་བདུན་གཏམ་གྱི་སྦྱོར་བ་དེ་མཛད་དོ། །རྣམ་འགྲེལ་མཛད་གཞུང་འཕྲོག་བྱེད་རྐང་པའི་གོས། །ཛཱ་ཧཱུའི་བུ་མོ་རིག་པའི་ཚུལ་བཟང་མ། །འགྲེལ་བྱེད་སྐལ་ལྡན་ཤིང་རྟའི་ཁྲིར་བླངས་ནས། །རིགས་པའི་སྲོལ་དུ་བདེ་བར་འབེབས་ལ་མཁས། །དེ་ལས་བྱུང་བའི་ལེགས་བཤད་བགྲོད་མང་གིས། །གང་བློ་གཏིང་མཐའ་ཡངས་པར་ངལ་གསོ་ནས། །ཕྲིན་ལས་ཆུ་བོ་སྟོང་ཕྲག་འབེབས་མཛད་པ། །དཔལ་ལྡན་རྔོག་ལོའི་དྲིན་གྱིས་གངས་ཅན་མཛེས། །ཀུན་དགའི་ཞབས་སེན་འཆར་ཀའི་མདངས་གསལ་ནི། །ཤར་ཕྱོགས་ས་སྐྱོང་རི་བོའི་ཅོད་པཎ་གྱི། །རྒྱལ་མཚན་རྩེ་མོར་མཆོད་འོས་འགྲོ་བའི་དཔལ། །བཟང་པོའི་ཉི་མ་འཛམ་གླིང་ཡོངས་ལ་གསལ། །ཀུན་ཁྱབ་གྲགས་པའི་འཆི་མེད་རྔ་ཆེན་ཡང༌། །འཕགས་ཡུལ་སུམ་རྩེན་དགའ་བའི་ཚལ་དུ་བསྒྲགས། །རྒྱལ་རྔ་བརྡུངས་པའི་པཎ་ཆེན་མང་པོས་ཀྱང༌། །ཁྱོད་ཞབས་ཡ་མཚན་གུས་པའི་གཙུག་གིས་བླངས། །རིགས་པའི་གཏེར་གཞུང་ལེགས་བཤད་སྨིན་དྲུག་གིས། །གླང་པོའི་གདོང་ཅན་རང་གཟོ་རྒན་པོ་ཡི། །གོམས་པས་འདོན་པའི་མཆེ་བ་བཅག་གྱུར་ཀྱང༌། །ཕྲག་དོག་ལག་པས་ལན་ཟློག་མ་ནུས་པའི། །སྲོལ་དེར་ལེགས་བབས་སྡེ་བདུན་མཛད་པའི་ལུགས། །བློ་ངན་དུག་མཚོའི་འཕན་དང་མ་འདྲེས་པར། །རྒྱ་ཆེན་གཞུང་ལུགས་རྒྱ་མཚོ་བགྲོད་འདོད་ན། །རྣམ་འགྲེལ་རྒྱུད་གསུམ་ལྡན་པ་འདི་ལོངས་ཤིག །གང་འདི་གསུང་རབ་ཀུན་ལ་ལྟ་བའི་མིག །རྒྱ་ཆེན་ཐོས་པ་འཚོལ་བའི་རྣ་བ་ཡིན། །ལེགས་བཤད་བདུད་རྩིའི་རོ་འཛིན་དབང་པོ་སྟེ། །ཁེངས་ལྡན་དྲེགས་པ་འཕྲོག་པའི་རྔ་དབྱངས་སོ། །དེང་འདིར་འཕྲུལ་གྱི་རི་མོ་འབུམ་ཕྲག་ཙམ། །གན་ཤོག་གླེགས་བུའི་ངོས་ལ་ཅིག་ཆར་དུ། །འཕོ་བྱེད་པར་གྱི་ཉི་མ་གསལ་པོ་ནི། །སྨོན་ཐང་གསེར་གྱི་ཁྱམ་ཆེན་ནང་ནས་ཤར། །གང་ཁྱོད་བཀྲ་ཤིས་ཡིད་བཞིན་ནོར་མཚོ་ནས། །བསོད་ནམས་དཔུངས་པའི་ཤུགས་འཆང་རྣམ་དཔྱོད་ཀྱི། །རྣམ་འགྱུར་སྟོང་ཕྲག་གཡོ་བའི་ཕྱག་རིང་པོས། །ལེགས་པར་བཏོན་ནས་གཞུང་བརྒྱའི་མགོན་དུ་ཕུལ། །དགེ་དེས་བཀྲ་ཤིས་བདེ་འབྱུང་གཙུག་གི་མགོན། །མཆེད་དང་སྲས་ཡུམ་བློན་པོར་བཅས་པ་ཡང༌། །དུས་ཀྱི་སྒྲ་གཅན་གདུག་པའི་ཁ་རླངས་དང༌། །ཕ་རོལ་མི་སྲུན་ཕྲག་དོག་དྲག་པོ་ཡི། །ཁྱབ་འཇུག་ལག་པས་ནམ་ཡང་མི་སྒྲིབ་པར། །དཔུང་ཚོགས་དྲག་པོའི་གཙུག་ཏུ་ཞབས་བརྟན་ཅིག །དད་དང་རྣམ་དཔྱོད་བརྩོན་པའི་གོམ་གསུམ་གྱིས། །གཏིང་ཟབ་འཁོར་བའི་ས་ཆེན་གསུམ་རྒལ་ནས། །ལྷ་མིན་སྟོབས་ཀྱི་ཁེངས་པ་ཀུན་ཕྲོགས་ཏེ། །ཀུན་མཁྱེན་མེས་པོའི་གནས་དེར་འཛེག་གྱུར་ཅིག །ཕྱི་ནང་ཆོས་རྣམས་ཀུན་གྱི་གཏེར་མཛོད་མཆོག །གང་ལ་ཅི་དགའི་དངོས་གྲུབ་སྩོལ་མཁས་པ། །དཔལ་ལྡན་ཕྲིན་ལས་བཟང་པོའི་བཀའ་དྲིན་གྱིས། །རིན་ཆེན་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སྤྱོན། །དམར་སེར་རལ་པའི་གུར་ཁང་བརྗིད་ཆགས་པར། །ཧཱུྃ་ཕཊ་དྲག་པོའི་འབྲུག་གི་རྔ་ཆེན་གྱིས། །ཕ་རོལ་རྒོལ་དང་བདུད་སྡེའི་དཔལ་འཕྲོག་པའི། །དམ་ཅན་རྒྱ་མཚོས་ས་ཆེན་འདི་སྲུངས་ཤིག །ཆོས་དང་སྲིད་ཀྱི་འབྱོར་པ་ཀུན་བསྡུས་ནས། །རིགས་གཟུགས་ལང་ཚོས་སྒེག་པ་རྣམས་ཆགས་པའི། །མ་ཕམ་སྐྱེ་བོའི་འཇུག་ངོགས་ཉམས་དགའ་བར། །དགེ་མཚན་བཅུ་ཚང་གློ་བོའི་ཡུལ་ལྗོངས་དེར། །བྲིས་ལ་མཁས་པའི་དོལ་པོ་བ། །ཤེས་རབ་གྲགས་པས་བྲིས་པ་ལྟར། །བརྐོས་ལ་མཁས་པའ་ཤེས་རབ་ཅན། །དགེ་ལེགས་སེང་གེས་དག་པར་བརྐོས། །ཞེས་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་སྐར་མའི་དབང་པོ་སྨིན་དྲུག་གིས་ཉ་བའི་འགྲུབ་སྦྱོར་བཟང་པོ་ལ་ཐུབ་ཆེན་མངོན་པར་དགྱེས་པའི་གཙུག་ལག་ཁང་ཆེན་པོར་གྲུབ་པའོ།།  །།མངྒ་ལཾ།།  །།བྷ་ཝནྟུ།།  ༈  །།རིགས་གཏེར་གྱི་གཞུང་པར་དུ་བསྒྲུབས་པའི་དཀར་ཆག།  ༄། །སྭསྟི་པྲ་ཛཱ་བྷྱ། ཚངས་དབང་གཙུག་གི་ཟླ་གཞོན་ལང་ཚོ་ལ། །དལ་བུར་འཁོད་པའི་ཞབས་སེན་དམར་འོད་ཀྱིས། །འགྲོ་ཀུན་རྨོངས་པའི་ལམ་ལས་བསྲུང་བརྩོན་པའི། །ཀུན་མཁྱེན་ཚད་མ་གསུང་ཁྱོད་གང་འདིར་རྒྱལ། །ལྷ་དབང་ལྷ་ཡི་རོལ་མོ་མཁན་བཞིན་དུ། །དབྱངས་ཅན་ཞལ་གྱི་ཟློས་གར་གཅིག་གིས་ཀྱང༌། །འགྲོ་ཀུན་རིག་པའི་ལམ་དུ་འདྲེན་བརྩོན་པས། །འཇམ་དབྱངས་ལྷག་པའི་ལྷ་ཁྱོད་བསྔགས་པར་འོས། །སྨྲ་མཁས་ཁྱོད་ཀྱི་གངས་ཅན་ལྗོངས་དག་ཏུ། །འཁོར་ལོས་བསྒྱུར་བའི་ཟློས་གར་ཅི་ཡང་བྱས། །དེ་ཡི་གྲགས་པའི་ལང་ཚོ་མ་ཉམས་པར། །གསང་སྔགས་རྒྱ་མཚོའི་རྒྱལ་མཚན་མཐོན་པོ་བཟུང༌། །བཤད་སྒྲུབ་ནོར་བུ་འབར་བའི་ཀུན་དགའ་ཡིས། །འཛམ་གླིང་ཡོངས་ལ་ཆོས་ཀྱི་ཆར་ཆེན་ཕབ། །ལུང་དང་རིགས་པའི་རྒྱལ་རྔ་སྟོང་ཕྲག་གིས། །ཡ་མཚན་ཆོས་ཀྱི་རྣམ་རོལ་གང་ཡང་བསྟན། །རྣམ་དཔྱོད་བློ་གྲོས་བཟང་པོས་ཆོས་དང་ནི། །ཆོས་མིན་འབྱེད་པའི་བསྟན་བཅོས་མང་ཞིག་མཛད། །ཁྱད་པར་གསུང་རབ་ལྟ་བའི་མིག་གཅིག་པུ། །རྒྱལ་བས་ལུང་བསྟན་ཕྱོགས་ཀྱི་གླང་པོའི་ལུགས། །ཀུན་བཟང་རྣམ་འཕྲུལ་སྡེ་བདུན་མཛད་པའི་གཞུང༌། །མ་ཚང་མེད་དེ་གངས་རིའི་ཁྲོད་དུ་འགྱུར། །སྔོན་བྱོན་བོད་ཀྱི་རྣམ་བཤད་བྱེད་པོ་ཡིས། །རང་བཟོའི་ལམ་སྲོལ་མང་ཞིག་གཏོད་པ་ན། །རྣམ་འགྲེལ་མཛད་གཞུང་རིགས་པའི་ཆུ་བོ་བཞི། །འཁྱོག་པོའི་ལམ་དུ་འབབ་པ་མ་བཟོད་ནས། །འཇམ་དབྱངས་རྣམ་འཕྲུལ་རིག་པའི་གནས་ལྔ་པ། །པཎ་ཆེན་རྣམ་དཔྱོད་རལ་པའི་ཁུར་འཛིན་གྱིས། །སྡེ་བདུན་ལམ་གསུམ་ལྡན་པ་དེ་བླངས་ནས། །རིགས་པའི་གཏེར་གཞུང་མ་དྲོས་བུ་མོ་ནི། །གངས་ཅན་བློ་གསལ་མང་པོའི་བློ་གྲོས་ཀྱི། །ཁྱབ་འཇུག་རྐང་པའི་ངོས་ལ་རང་རང་གི །མནོ་བསམ་སྒྲིགས་པའི་ཚ་གདུང་གིས་གདུངས་པ། །བསིལ་བྱེད་ཁྲུས་ཀྱི་ཆོ་ག་འདི་མཛད་དོ། །གནས་གསུམ་གཞལ་བྱའི་དེ་ཉིད་ལེགས་གོ་ནས། །གཞན་ལ་ཚུལ་བཞིན་འདོམས་པའི་ལམ་ཆེན་པོ། །མངོན་རྗེས་གཉིས་དང་སྒྲུབ་དང་སུན་འབྱིན་པ། །རྟོག་གེའི་ལུས་ཆེན་ཡིན་དེ་འདི་ན་བཞུགས། །ཤེས་བྱའི་ཡུལ་དང་ཤེས་བྱེད་བློ་ཡི་སྒོ། །དེ་བློས་དེ་ཡུལ་ཇི་ལྟར་བྱེད་པའི་ཚུལ། །གཞལ་བྱའི་གྲངས་ངེས་འཇལ་བྱེད་ཚད་མའི་དོན། །མངོན་རྗེས་གོ་བྱེད་ཡིན་དེ་འདི་ན་བཞུགས། །རྟགས་དང་བསྒྲུབ་བྱ་གསར་པའི་འཇུག་ཚུལ་དང༌། །རང་ཕྱོགས་སྒྲུབ་བྱེད་རང་རྒྱུད་ཁོ་ན་དང༌། །གཞན་ཕྱོགས་འགོག་བྱེད་སུན་འབྱིན་རྐྱང་པ་དང༌། །སྒྲུབ་དང་སུན་འབྱིན་གཉིས་ཀ་ཚང་བ་ཡི། །སྒྲུབ་ངག་རྣམ་གཞག་བཟང་པོ་འདི་ན་བཞུགས། །མདོར་ན་སྔོན་བྱོན་བོད་ཀྱི་བློ་གྲོས་ལ། །གང་ཤར་ནོར་བུའི་ཕྲེང་བ་བརྒྱ་ཕྲག་ཤིག །སེལ་བྱེད་ལུང་དང་རིགས་པའི་གནས་རྣམས་ནི། །གྲགས་པའི་གཞུང་དང་མཐུན་པ་འདི་ན་བཞུགས། །དེང་སང་འདི་ནི་རྣམ་འགྲེལ་མཛད་པའི་གཞུང༌། །ཇི་བཞིན་འཆད་རློམ་དག་ལ་ནོར་པ་ཡི། །རྩ་བ་སྟོང་ཕྲག་ཙམ་ཞིག་མཆིས་གྱུར་པ། །དེ་ཀུན་གཞུང་འདི་ཤེས་ན་རང་སར་གྲོལ། །དེ་ལྟའི་གཞུང་བཟང་ཕྱོགས་ལས་རྣམ་རྒྱལ་བའི། །བློ་གྲོས་གསེར་གྱི་ཁྱམས་སུ་བྲིས་གྱུར་པ། །འཛམ་གླིང་སྐྱེ་བོའི་དགའ་སྟོན་ཆེད་དུ་ནི། །ཆུ་ཤེལ་དཀར་པོའི་ངོས་ལ་བྲིས་པ་བཞིན། །གན་ཤོག་གླེགས་བུའི་ངོས་ལ་ཅིག་ཆར་དུ། །འཕོ་བྱེད་པར་གྱི་ཉི་མ་གསལ་པོ་ནི། །སྨོན་ཐང་གསེར་གྱི་ཁྱམས་ཆེན་ནང་ནས་ཤར། །རིགས་པའི་སྣང་བས་ཕྱོགས་ཀུན་གསལ་བྱེད་ཤོག །གང་འདིར་ས་སྐྱོང་བཀྲ་ཤིས་ཉིན་མོའི་མགོན། །སྲས་ཡུམ་མཆེད་དང་བློན་པོར་བཅས་ཏེ་ཀུན། །མཐའ་ཡས་འགྲོ་བའི་མགོན་ཕྱིར་རྒྱལ་བ་ཡི། །གོ་འཕངས་བླ་ན་མེད་དེར་བཞུགས་གྱུར་ཅིག །གནས་སྐབས་ཀུན་དུ་ཕ་རོལ་གྱི། །རྒོལ་བས་ནམ་ཡང་མི་རྫི་ཞིང༌། །མངའ་འབངས་རྒྱ་མཚོ་ཇི་བཞིན་དུ། །ལེགས་གང་དབུ་རྨོག་མཐོན་པོ་ནི། །གོང་ནས་གོང་དུ་རབ་བཙན་ཤོག །རྒྱལ་བ་རྣམས་དང་རྒྱལ་བ་ཡི། །དམ་པའི་ཆོས་དང་ཆོས་དེ་ཀུན། །སྐྱོང་མཁས་རྣམས་དང་དེ་སྐྱོང་བའི། །བསྟན་བསྲུང་རྣམས་ཀྱི་བཀྲ་ཤིས་སྤྱོན། །བཀྲ་ཤིས་ཀྱིས་ནི་ས་ཆེན་འདི། །མགོན་དང་བཅས་པའི་བཀའ་བཞིན་དུ། །བྲིས་ལ་མཁས་པ་འདི་དང་ནི། །འདི་ཞེས་བྱ་བས་བྲིས་པ་ལྟར། །བརྐོས་ལ་མཁས་པ་འདི་དང་ནི། །འདི་ཞེས་བྱ་བ་རྣམས་ཀྱིས་སོ། །དེ་ལྟར་ཡིད་དང་ལག་པ་ཡིས། །འདུ་བྱེད་སྒྱུར་མཁས་འདི་དག་ཀྱང༌། །གནས་སྐབས་ཀུན་ཏུ་བདེ་བ་དང༌། མཐར་ཐུག་ཕན་པའི་ས་ཐོབ་ཤོག །ཅེས་འདི་ཞེས་བྱ་བའི་ལོ་ཟླ་བ་འདི་ཞེས་བྱ་བ་དེའི་ཡར་ངོ་ཡི་འགྲུབ་སྦྱོར་བཟང་པོ་ལ་ཐུབ་ཆེན་མངོན་པར་དགེས་པའི་གཙུག་ལག་ཁང་ཆེན་པོར་གྲུབ་བོ།།  །།བཀྲ་ཤིས་སོ།།   ༈  །།སྡོམ་གསུམ་རབ་དབྱེའི་གཞུང་པར་དུ་བསྒྲུབ་པའི་དཀར་ཆག་ཏུ་གནང་བ།། ༄། །སྭསྟི་པྲ་ཛྙ་བྷྱ། བྱམས་པའི་ཕྱག་གིས་བདེ་བའི་གནས་སུ་འདྲེན། །ཐུགས་རྗེའི་རྒྱུན་ཆེན་འཕོངས་པའི་གནས་སུ་འབེབས། །ཐེག་གསུམ་ཆོས་ཀྱིས་འགྲོ་ཀུན་གོང་ནས་གོང༌། །རྣམ་འདྲེན་སྟོན་པ་དེ་ལ་ཕྱག་བགྱིའོ། །ཐུབ་ཆེན་རྒྱལ་བ་དེ་ཡིས་འཕགས་ཡུལ་དུ། །ཆགས་བྲལ་སྐུ་ཡི་རྣམ་རོལ་བགྲང་ཡས་ཀྱིས། །ངོ་མཚར་ཐེག་གསུམ་ཆོས་ཀྱི་འཁོར་ལོ་ནི། །རྣམ་གྲོལ་སྒོ་བརྒྱ་ལྡན་པ་ཐོག་མར་སྐོར། །དེ་ནས་དུས་གཞན་འདས་པའི་བར་དག་ཏུ། །དགྲ་བཅོམ་ཆོས་ཀྱི་སྤྱན་ལྡན་དུ་མ་ཡིས། །སྟོན་པའི་བསྟན་པ་རིང་དུ་གནས་བྱའི་ཕྱིར། །ཐུན་མོང་ཆོས་ལ་བསྡུ་བ་ལན་གསུམ་མཛད། །ཡུལ་གཞན་ལ་ལར་འཁོར་ལོས་བསྒྱུར་བའི་གཟུགས། །ཡིད་འོང་སྒྱུ་མའི་རོལ་རྩེད་བརྒྱ་ཕྲག་གིས། །ཆགས་ཅན་འགྲོ་བ་སྒྲོལ་བའི་ལམ་ཟབ་མོ། །སྨིན་གྲོལ་རོ་བརྒྱ་ལྡན་པ་གང་དེས་བསྲུངས། །གསང་བའི་མཛོད་འཛིན་སྡུད་པོ་དེ་གཅིག་གིས། །ལན་གཅིག་བསྡུས་ནས་རྡོ་རྗེའི་ཕྱག་རྒྱས་བཏབ། །མཁའ་ལ་སྤྱོད་དང་གྲུབ་པའི་གནས་དག་ཏུ། །གསལ་བར་བཞུགས་ལ་འཕེལ་འགྲིབ་ཡོངས་མི་མངའ། །དེ་ནས་ཡུན་རིང་ལོན་པའི་དུས་ཤིག་ན། །བོད་ཀྱི་ལྷ་གཅིག་ཁྲི་ལྡེའི་བཀའ་སྩལ་གྱིས། །རྩོད་བྲལ་ཐེག་གསུམ་དམ་ཆོས་ཐོག་མར་བསྒྱུར། །མཚོ་སྐྱེས་ལ་སོགས་གྲུབ་ཆེན་མང་པོ་ཡི། །ཐུགས་ལ་བཞུགས་པའི་གསང་སྔགས་ཟབ་མོའི་གཏམ། །གསལ་བར་གླེགས་བམ་ངོས་སུ་བཀོད་པ་ན། །གསང་སྔགས་སྔ་འགྱུར་ཞེས་བྱའི་ལམ་ཆེན་དོད། །དེ་ནས་རིམ་གྱིས་འདོད་ལྷའི་ཞགས་པ་ཡིས། །གང་བཅིངས་གསང་སྔགས་འཛིན་རློམ་ཕལ་ཆེ་བས། །སྔགས་གཞུང་དམ་ཚིག་ཁྱབ་འཇུག་གཞུང་ལུགས་དང༌། །དྲག་པོའི་གཞུང་བཞིན་བསྒྲུབ་པ་མང་ཞིག་བྱུང༌། །དུས་དེར་རྒྱལ་བའི་རྣམ་འཕྲུལ་ལོ་ཙཱ་བ། །སྐད་གཉིས་སྨྲ་བ་རིན་ཆེན་བཟང་པོ་ཡིས། །རྒྱུད་སྡེ་རྣམ་བཞིའི་གླེགས་བམ་མ་ཉམས་པར། །ཚིག་དོན་མ་འཁྲུལ་ཇི་བཞིན་བོད་དུ་བསྒྱུར། །གསང་སྔགས་ལོག་པར་སྤྱོད་རྣམས་སུན་འབྱིན་པའི། །བསྟན་འཆོས་མཛད་ནས་བཤད་པའི་སྲོལ་ཆེན་གྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང་བྱས་ནས། །སྒྲུབ་པའི་གདུགས་དཀར་དྲི་མ་མེད་དེ་བཟུང༌། །དེ་ནས་འཇིགས་མེད་དཔལ་ལྡན་ས་སྐྱ་པ། །འཇམ་དཔལ་རྣོན་པོའི་རྣམ་འཕྲུལ་ལོ་ཙཱ་བས། །མདོ་སྔགས་ཆོས་ཀྱི་རྒྱ་མཚོ་འདིར་བླངས་ནས། །ཆོས་དང་ཆོས་མིན་འབྱེད་པའི་བསྟན་བཅོས་ཀྱི། །གྲུབ་ཆེན་མང་པོའི་འདུ་འཁོད་རབ་སྦྱར་ནས། །ལུང་དང་རིགས་པའི་སྦྱོང་ཚུལ་རིམ་གསུམ་གྱིས། །ཐུབ་བསྟན་ནོར་བུའི་དྲི་མ་ཀུན་སྦྱངས་ཏེ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་དེའོ། །ཁྱད་པར་སྡོམ་གསུམ་ཟབ་མོའི་ཉམས་ལེན་འདི། །མདོ་སྔགས་བསྟན་པའི་རྩ་བར་གཟིགས་གྱུར་ནས། །དེ་ཐོབ་རྒྱུད་དང་དེ་སྲུང་ཐབས་ཚུལ་ལ། །འཁྲུལ་འཇོམས་ཡིད་འོང་བསྟན་བཅོས་ཆེ་འདི་མཛད། །སོ་ཐར་སྡོམ་པའི་ཐོབ་གཏོང་བསྲུང་མཚམས་དང༌། །དགེ་སྡིག་སྤང་བླངས་ལས་འབྲས་རྣམ་གཞག་ཀུན། །འདུལ་བའི་ལུང་དང་རྒྱ་ཆེན་མངོན་པ་བཞིན། །མ་ནོར་གསལ་བར་སྟོན་པ་འདི་ན་བཞུགས། །ཐེག་ཆེན་སོ་ཐར་འཇུག་སྡོམ་ཡན་ལག་ཏུ། །རིགས་པར་བསྡུས་ནས་དབུ་སེམས་སོ་སོ་ཡི། །སེམས་བསྐྱེད་ཚུལ་ལུགས་མ་འདྲེས་ཇི་བཞིན་པར། །ཐེག་ཆེན་མདོ་སྡེའི་སྙིང་པོ་འདི་ན་བཞུགས། །དབང་བསྐུར་མེད་པར་ཟབ་ལམ་ལེན་པ་དང༌། །བྱིན་རླབས་ཙམ་ཞིག་དབང་དུ་འདོད་པ་དང༌། །དབང་བསྐུར་ལམ་གྱི་གཞུང་དུ་མི་ཤེས་པའི། །འཁྲུལ་གཏམ་འགོག་བྱེད་གཞུང་ཆེན་འདི་ན་བཞུགས། །གང་ལ་དབང་བསྐུར་སློབ་མའི་གྲངས་ངེས་དང༌། །གང་གིས་དབང་བསྐུར་བླ་མའི་མཚན་ཉིད་དང༌། །གང་དུ་དབང་བསྐུར་དཀྱིལ་འཁོར་རྣམ་གཞག་ལ། །འཁྲུལ་པའི་ལག་ལེན་འགོག་ཚུལ་འདི་ནི་བཞུགས། །གང་དུ་སྦྱོང་དང་གང་གིས་སྦྱོང་བ་དང༌། །གང་ཞིག་སྦྱོང་བའི་སྐྱེད་རིམ་རྣམ་གཞག་དང༌། །གང་དུ་གང་གིས་རྫོགས་དང་གང་རྫོགས་པའི། །རྣམ་གཞག་ཇི་ལྟ་དགོས་ཚུལ་འདི་ན་བཞུགས། །ཐེག་ཆེན་ཚུལ་ལུགས་གཉིས་ཀྱི་ལྟ་བའི་ཡུལ། །ཁྱད་པར་མེད་ཀྱང་ལྟ་བྱེད་རིམ་པ་ལས། །ཕྱག་ཆེན་རྣམ་གཞག་གང་ལས་འབྱུང་བའི་ཚུལ། །གསལ་བར་ཕྱེ་ནས་སྟོན་པའང་འདི་ན་བཞུགས། །གཞུང་ཙམ་བཀླགས་པས་སྐབས་ཀྱི་དོན་གྲུབ་ཅིང༌། །ཇི་བཞིན་གཏིང་དཔག་དཀའ་བའི་བསྟན་བཅོས་འདི། །མདོ་སྔགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་སྟེ། །འདི་ཡིས་མི་ཁྲོལ་ཆོས་ཀྱི་མདུད་པ་ཅི། །རྙོག་བྲལ་ཟླ་བ་ཡིད་འོངས་དྭངས་པའི་མཚོ། །ཇི་བཞིན་འཁོད་པའི་གྲངས་ལ་འཇུག་པ་བཞིན། །མ་ནོར་ཆོས་ཀྱི་རི་མོ་བརྒྱ་ཕྲག་ཞིག །བསྐྲུན་མཁས་རིག་བྱེད་འཛིན་པ་དེ་ཀུན་གྱིས། །ལུགས་གཉིས་མཁྱེན་པའི་ཤིང་རྟ་ལ་ཆིབས་ནས། །ཆོས་དང་སྲིད་ཀྱི་གཞུང་ལུགས་གོང་ནས་གོང༌། །འདྲེན་མཁས་གཞན་ལ་མེད་པའི་ལུགས་བརྒྱ་པ། །སྟོན་མཛད་བཀྲ་ཤིས་ཉིན་མོའི་མགོན་གང་གིས། །ངོ་མཚར་བཀའ་ལུང་སྤྱི་བོར་ནོད་བྱས་ཤིང༌། །རྙེད་དང་བཀུར་སྟི་དང་དུ་བླངས་གྱུར་ནས། །ངོ་མཚར་པར་གྱི་ཉིན་བྱེད་འབར་བ་འདི། །ཐུབ་བསྟན་ཆུ་བོ་ངང་གི་རབ་འདུ་ཞིང༌། །ཕུན་ཚོགས་སྲིད་པའི་འབྱོར་པ་བརྒྱ་ཕྲག་གིས། །རྣམ་པར་འདུད་པ་གློ་བོའི་ཡུལ་ལྗོངས་འདིར། །སྨོན་ཐང་གསེར་གྱི་ཁྱམས་ཆེན་ཉམས་དགའ་བར། །ལེགས་གྲུབ་དེ་ལས་བྱུང་བའི་རྣམ་དཀར་པོ། །དུས་ཀྱི་མེ་ཆེན་གདུག་པས་མི་འཁྱུད་ཅིང༌། །ཕྲག་དོག་ཁྱབ་འཇུག་ལག་པས་མི་རེག་པར། །རྫུ་འཕྲུལ་རྐང་པའི་དཔུང་ཚོགས་བཞིས་བཏེག་པའི། །ཆོས་ཀྱི་རྒྱལ་པོའི་ཁྲི་ལ་ཞབས་བརྟན་ཤོག །རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །ཟག་མེད་དགའ་བཞིའི་ཆོས་ཀྱི་བང་མཛོད་ནས། །དཔལ་ལྡན་འཕྲིན་ལས་བཟང་པོའི་ཆར་འབེབས་པ། །དཀོན་མཆོག་གསུམ་དངོས་དེ་ཡི་བཀྲ་ཤིས་སྤྱོན། །བྲིས་ལ་མཁས་པ་འདི་དང་ནི། །འདི་ཞེས་བྱ་བས་བྲིས་པ་ལྟར། །བརྐོས་ལ་མཁས་པ་འདི་དང་ནི། །དེ་ཞེས་བྱ་བ་རྣམས་ཀྱིས་སོ། །དགེ་བས་དེ་དང་དེ་རྣམས་ཀྱང༌། །རྟག་ཏུ་ཟབ་མོའི་གཏམ་དང་ནི། །རྒྱ་ཆེའི་ཆོས་ཀྱི་མཛོད་བཟུང་ནས། །རང་གཞན་དོན་གཉིས་འགྲུབ་གྱུར་ཅིག །ཅེས་འདི་ཞེས་བྱ་བའི་ལོ་ཟླ་བ་དེ་ཞེས་བྱ་བའི་ཡར་ངོའི་འགྲུབ་སྦྱོར་བཟང་པོ་ལ་ཐུབ་ཆེན་མངོན་པར་དགེས་པའི། གཙུག་ལག་ཁང་ཆེན་པོར་གྲུབ་པའོ།།  །།ཤུ་བྷཾ།།  ༈  །།མཚན་བརྗོད་ཀྱི་པར་སྒྲུབ་པའི་དཀར་ཆག།  ༄། །སྭསྟི། རྗེ་བཙུན་སྐུ་ཡི་དགེ་མཚན་གསར་པ་ནི། །ཡིད་འོང་མཚན་དཔེའི་མཚར་སྡུག་རི་མོ་ཅན། །ཚངས་དང་དབང་པོའི་སྙིང་གི་ཆུ་གཏེར་དུ། །ངེས་པར་འཆར་བ་ཁྱོད་ལ་ཕྱག་འཚལ་ལོ། །ཚེམས་དཀར་གཞུ་ལས་སྒེག་ཆགས་སྡུད་མིག་གིས། །ལྷ་མིན་མཛེས་མའི་སྙིང་འབིགས་མཆོག་གི་མདའ། །ཐུགས་རྗེའི་འཐེབ་ཀྱིས་གྲིམས་པར་འཕེན་མཛད་པའི། །སྨྲ་མཁས་གསུང་གི་དབང་ཕྱུག་ཁྱོད་ཕྱག་འཚལ། །བཅུ་དྲུག་ལང་ཚོ་ཁྱབ་འཇུག་ལམ་ལས་གོལ། །ལེགས་བཤད་ཉི་མ་འཁྱོག་པོའི་ལམ་མི་འཇུག །ཐུགས་ཀྱི་རྡོ་རྗེ་དབུ་མའི་ལམ་ཉིད་ནས། །སྙིང་གི་མུན་པ་སེལ་ལ་ཕྱག་འཚལ་ལོ། །སྙན་གྲགས་པད་དཀར་ལྷ་བརྒྱའི་འགྲམ་པར་འཕྱང༌། །ཕྲིན་ལས་རྔ་ཆེན་མེས་པོའི་རྣ་བར་བླངས། །ཐུགས་རྗེའི་བདུད་རྩི་བདེ་འབྱུང་སྙིང་ལ་ཡང༌། །ལྷོད་པར་སྟེར་བ་ཁྱོད་ལ་ཕྱག་འཚལ་ལོ། །མཁྱེན་དང་བརྩེ་བའི་དམག་དཔུང་ཁོ་ན་ཡིས། །ཁྲོ་ཆགས་རྨོངས་པའི་ཡུལ་ཆེན་གསུམ་ཕྲོགས་ནས། །ཐབས་ཤེས་ཡངས་པའི་ས་ལ་དབང་བསྒྱུར་བ། །འཇམ་དབྱངས་ཁྲོས་པའི་ལྷ་ཁྱོད་རྟག་པར་རྒྱལ། །ཀུན་རྫོབ་གཟུགས་སྐུའི་ལྟད་མོ་ཡ་མཚན་ཅན། །སྤྲོས་པའི་སུམ་རྩེན་ཡུལ་དུ་ནམ་ཡང་འཆར། །དོན་དམ་ཡེ་ཤེས་མཚན་གྱི་བདུད་རྩི་ནི། །བརྗོད་བྲལ་བརྒྱ་བྱིན་ཁོ་ནའི་སྙིང་གིས་འཐུངས། །སྟོང་ཕྲག་བཅུ་དྲུག་དབྱངས་ཀྱིས་ཉེར་འཁྱུད་ཅིང༌། །རྒྱུད་ཆེན་ཀུན་གྱི་བླ་ན་ངེས་བཞུགས་པ། །སྣང་མཛད་ཡབ་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལས། །ཏིང་འཛིན་དྲྭ་བའི་ལེའུ་ལག་གུད་ཕྱུང་བ། །དོན་དམ་མཚན་བརྗོད་ཚིགས་བཅད་སུམ་བརྒྱ་དང༌། །ཉི་ཤུ་གཅིག་བཅས་དབུགས་དབྱུང་དཀྱིལ་འཁོར་དྲུག །རིགས་བསྡུས་གཅིག་དང་དཀྱིལ་འཁོར་བདུན་སྟོན་ཅིང༌། །མཚར་དུ་དངར་བའི་ལེའུ་ཚན་བཅུ་བཞི་ནི། །འདོད་རྒུའི་དཔལ་སྟེར་རིན་ཆེན་དབང་གི་རྒྱལ། །རྣམ་འཕྲུལ་བརྒྱ་ལྡན་པར་གྱི་ཡིད་བཞིན་མཚོར། །རྟག་པར་བཞུགས་ནས་ཕྲིན་ལས་ཆུ་བོ་སྟོང༌། །ལེགས་པར་འབབ་པའི་དགའ་སྟོན་ཉམས་དགའ་བ། །བཀྲ་ཤིས་གསེར་གྱི་ཁང་བཟང་མཐོན་པོ་ན། །ནམ་ཡང་གྲགས་པའི་ཁྲི་ལ་འཁོད་གྱུར་ཅིང༌། །ཆོས་དང་སྲིད་ཀྱི་རྣམ་དཔྱོད་སྒོ་བརྒྱ་པ། །ལེགས་པར་འབྱེད་མཛད་ལྷ་བརྒྱའི་མགོན་དེས་བསྒྲུབས། །རྣམ་དཀར་དྲང་སྲོང་བུ་མོའི་རྒྱུན་གང་དེས། །མི་ཤེས་འཕྲོག་བྱེད་རྐང་པའི་དུག་བསལ་ནས། །ཆོས་མིན་དུག་མཚོའི་འཕན་དང་མ་འདྲེས་པར། །ཆོས་ཀྱི་རྒྱལ་པོའི་རྒྱ་མཚོ་གང་བར་ཤོག །ཁྱབ་བདག་བདེ་ཆེན་འཁོར་ལོའི་མགོན་གང་དང༌། །ཀུན་གྱི་གཙུག་རྒྱན་རིན་ཆེན་རྣམ་པ་གསུམ། །བསྟན་པ་སྲུང་མཛད་དམ་ཅན་རྒྱ་མཚོ་ཡིས། །བཞེད་དོན་གཡེལ་བ་མེད་པའི་བཀྲ་ཤིས་སྤྱོན། །རྒྱལ་བ་ཞེས་བྱ་ཤིང་ཕོ་རྟ་ལོ་ལ། །མ་ཕམ་སྐྱེ་བོའི་འཇུག་ངོགས་སྨོན་ཐང་དུ། །སྔོན་མེད་བརྐོས་ཀྱི་རྣམ་འགྱུར་སྟོན་མཁས་པ། །རྣམ་དཔྱོད་གསལ་ལྡན་བདེ་ལེགས་སེང་གེ་ཡིན།།  །།བཀྲ་ཤིས་སོ།།  ༈  །།གློ་བོའི་སྡེ་པ་གྲགས་པ་མཐའ་ཡས་ལ་གནང་བའི་ཆབ་ཤོག། ༄། །དཔལ་ལྡན་ས་ཡི་དབང་ཕྱུག་ཉིད་དྲུང་དུ། །ཤཱཀྱའི་སྲས་ཀྱི་དྲང་སྲོང་རྒན་པོས་ཞུ། །གན་ཤོག་སྤྲིན་དཀར་ཡངས་པའི་ལང་ཚོ་ལ། །དོན་བཟང་སྡེབ་ལེགས་བྲིས་པའི་འཛུམ་ཕྲེང་ཅན། །ཁྲེལ་ཡོད་རས་དཀར་ཟུང་གི་གོས་འཆང་བ། །གཞུང་ལུགས་ཡ་མཚན་འཛིན་པ་གནས་འདིར་སྤྱོན། །ངུར་སྨྲིག་མཚམས་སྤྲིན་བཟང་པོའི་བླ་གོས་ཅན། །ལེགས་བཤད་ཉི་གཞོན་འཆར་བའི་མདངས་གསལ་བས། །རྣམ་པར་དྲེགས་པའི་གཞུང་རྩོམ་མཁན་དེ་དང༌། །རོ་ལྡན་ཉམས་ཀྱི་འབེལ་གཏམ་ཅི་ཡང་བགྱིས། །རང་བཞིན་ལྷན་སྐྱེས་མི་འགྱུར་དོན་ཆེན་པོ། །གཟུང་འཛིན་རྟོག་པའི་འཇིགས་པ་ཀུན་བྲལ་ནས། །ཧཾ་ཡིག་བདེ་ཆེན་རང་གི་གནས་ཐོབ་པ། །འཕོ་མེད་ཨ་ཧཾ་གྲགས་པའི་སྒྱུ་འཕྲུལ་དང༌། །མཐའ་ཡས་བསོད་ནམས་ཚོགས་ཀྱི་ཁོར་ཡུག་ཅན། །ས་སྐྱོང་ཆེན་པོར་འོས་པའི་ཆོས་གསུམ་པོ། །འཇིག་རྟེན་རྒན་པོའི་གཏམ་ལས་ཐོས་འདི་འབུལ། །འབྱོར་ལྡན་བློ་བ་ཉེ་བའི་འབངས་ཀུན་གྱི། །དྲུག་ཆས་བསྟབས་པའི་ས་སྐྱོང་དཀྱེལ་མཛངས་ཅན། །དཔྱ་དང་ལོ་མའི་ཐབས་ཚུལ་ལས་གཞན་པ། །དུས་མིན་འདོད་པ་འཇོ་ལ་དགྱེས་མི་འཚལ། །རྐང་དྲུག་མཛངས་པས་དྲི་ཞིམ་མེ་ཏོག་གི །སྐྱེ་མཆེད་ཚོགས་ལ་ནམ་ཡང་གནོད་མིན་པར། །བཅུད་ཆེན་བླངས་པའི་འབྱོར་པས་ཀུན་དགའ་བ། །ས་སྐྱོང་རྒྱལ་པོའི་ཆོས་ཚལ་དང་པོར་འཁུམས། །མངའ་རིས་ཁོར་ཡུག་ཡངས་པའི་རྭ་བ་ན། །བརྩེ་མེད་རྡོལ་པས་གཙེས་པའི་འཇིག་ལྡན་པ། །མགོན་མེད་དོགས་པར་བཅས་ཏེ་རྒྱུ་ཀུན་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པ་གཉིས་པར་གོ །རྒྱལ་སྲིད་ཡངས་པའི་ཕོ་བྲང་ན། །ཐུར་དུ་ལྟུང་བའི་འབབ་ངོགས་དང༌། །གྱེན་དུ་འཛེག་པའི་ཐེམ་སྐས་ལ། །འདོར་ལེན་ནོར་བ་མེད་དེ་གསུམ། །དེ་ལྟའི་ཕྲིན་ཡིག་ཚངས་པ་ཡི། །བུ་མོ་ལམ་གསུམ་བགྲོད་ལྡན་མ། །འདི་ནི་ཆགས་དང་སྡང་བ་ཡི། །རལ་པ་དམར་པོའི་དག་བྱེད་མཁན། །དེ་ནས་མ་དྲོས་མཚོར་ལྷུང་བའི། །སྐལ་ལྡན་ཤིང་རྟའི་རྒྱུན་ཆེན་དང༌། །ལྷན་ཅིག་འགྲོགས་པ་ས་སྐྱོང་གི །སྐྱེད་ཚལ་ཡིད་འོང་དེར་སོང་ནས། །ཐུབ་རྣམས་དགྱེས་པའི་མཛའ་བོས་ནི། །རྗེས་བཟུང་མྱ་ངན་མེད་མ་ཡི། །ཚུལ་འཛིན་ཀུན་དགའ་ཉིད་གྱུར་ཅིག །དེ་ནས་ཀུན་དགའི་ཉིན་བྱེད་གསར་པ་ཡིས། །ས་སྐྱོང་ཞལ་གྱི་པདྨ་རྒྱས་མཐོང་ཚེ། །ལུགས་གཉིས་རོ་བརྒྱའི་སྦྲང་རྩི་དོན་གཉེར་མཁན། །རེ་འདོད་བུང་བའི་ཚོགས་རྣམས་གར་བྱེད་དོ། །ཞེས་པའི་མཚོན་བྱེད། ཁ་བཏགས་དཀར་པོའི་ཕྱི་ཐུམས་ལ་རྟགས་འབྱར་འབུལ། ཧོར་ཟླ་གསུམ་པའི་ཡར་ཚེས་བརྒྱད་ལ་དཔལ་གླང་རི་ཐང་ནས་ཕུལ་བའི་ཞུ་ཡིག།  ༈  །།གཙང་རོང་བྱམས་ཆེན་ཆོས་སྡེའི་པར་གསར་པ་རྣམས་ཀྱི་དཀར་ཆག་ཏུ་གནང་བ།།  ༄། །སྭསྟི་པྲཱ་ཛ་བྷྱཿ བདེ་འབྱུང་རལ་པའི་ཟླ་གཞོན་དང་ནི་ཚངས་དབང་གཙུག་གི་ནོར་བུ་འབར་བའི་ལང་ཚོ་མ། །ཁྱོད་ཞབས་སེན་མོའི་དམར་འོད་འཁྱུག་པའི་དཔལ་ཡོན་ཅན་དེ་གྱེན་དུ་འདེགས་པ་ལ་འགྲུས་པས། །ཡིད་འོང་བསོད་ནམས་བརྒྱ་ཡིས་ངེས་པར་བསྐྲུན་པའི་མཚན་དཔེའི་སྐྱེ་མཆེད་མཚར་བའི་མཛའ་བོ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་བླངས་ཕན་བདེའི་སྦྲང་རྩི་སྩོལ་མཛད་དེ་ལ་ཕྱག་འཚལ་ལོ། །ལྷ་ཡི་བཟོ་བོ་ལས་ཀུན་པ་བཞིན་དུ། །མི་ཕམ་གསུང་གི་ཟློས་གར་གཅིག་གིས་ཀྱང༌། །སྲིད་དང་ཞི་བའི་ཡ་མཚན་ཀུན་སྟོན་པ། །ཐུབ་ཆེན་སྒྱུ་མའི་མཁན་པོ་ཁྱོད་འཁྲུངས་སོ། །སྨྲ་མཁས་དེ་ཡི་སྟོང་གསུམ་ལྗོངས་དག་ཏུ། །ཆགས་བྲལ་གཟུགས་ཀྱི་རྣམ་འཕྲུལ་ཅི་ཡང་བསྟན། །དེ་ཡི་སྒྱུ་མའི་དྲེགས་པ་མ་ཉམས་པར། །འཁོར་ལོས་བསྒྱུར་བའི་སྒྱུ་འཕྲུལ་དེ་མཛད་དོ། །ཨེ་མ་མི་འགྱུར་བདེ་ཆེན་དྲུག་བརྒྱས་ལྷག་པའི་ཆིག་སྟོང་ཉི་ཁྲིའི་གསུང་དབྱངས་རྣམ་པ་ཐམས་ཅད་པ། །ཡིད་འོངས་བདེ་ཆེན་འཁོར་ལོའི་རྣམ་རོལ་ཉིད་ལས་ནམ་ཡང་མི་འདའ་ཐུགས་ཀྱི་རྣམ་པ་ཐམས་ཅད་པ། །ངོ་མཚར་སྒྱུ་མའི་གར་གྱི་རོལ་རྩེད་བྱེད་པོས་དཀྱིལ་འཁོར་འཁོར་ལོའི་སྐུ་ཡི་བཀོད་པ་ཐམས་ཅད་པ། །དཔལ་ལྡན་ཁྱབ་བདག་རྡོ་རྗེ་འཆང་དབང་སྐུ་གསུང་ཐུགས་ཀྱི་རྣམ་པ་ཐམས་ཅད་པ་དེར་ཕྱག་འཚལ་ལོ།།  །།ཟུང་འཇུག་སྒྱུ་མའི་ཉམས་ཀྱིས་གསལ་བའི་སྐུ། །མཆོག་ཏུ་མི་འགྱུར་བདེ་བས་ཟབ་པའི་ཐུགས། །ཟབ་གསལ་གཉིས་མེད་འཆར་བའི་གསུང་དབྱངས་ཀྱིས། །ཚུལ་ཆེན་གསུང་བ་དེ་ལ་ཕྱག་འཚལ་ལོ། །མ་ལ་ཡ་རླུང་བསིལ་བའི་ཤིང་རྟ་ཡིས། །དུལ་བར་དྲངས་པའི་ཧ་རི་ཙནྡན་གྱི། །ངད་འཇམ་ཇི་བཞིན་སྙིང་གི་གདུང་བ་ནི། །འཕྲོག་བྱེད་དམ་པའི་ཆོས་ཁྱོད་མཆོད་བྱའི་ཡུལ། །བསྐལ་བཟང་འདི་ལ་ཐུབ་ཆེན་བརྒྱ་ཕྲག་བཅུས། །ཆགས་བྲལ་སྐུ་ཡི་བཀོད་པ་མི་ཟད་པས། །ངོ་མཚར་ཐེག་གསུམ་ཆོས་ཀྱི་འཁོར་ལོ་ནི། །རྣམ་གྲོལ་རོ་བརྒྱ་ལྡན་པས་ཐོག་མར་བསྐོར། །གསང་ཆེན་ཐབས་ལ་མཁས་པའི་ལམ་ཟབ་མོ། །བསྐལ་བཟང་བསོད་ནམས་བརྒྱ་པའི་བགོ་སྐལ་མཆོག །སྨིན་གྲོལ་སྒོ་བརྒྱ་ཅན་དེ་དབྱེ་མཛད་པ། །ཐུབ་ཆེན་སྟོན་པ་འདི་དང་གཉིས་ཁོ་ན། །དེ་ནས་དུས་གཞན་འདས་པའི་བར་དག་ཏུ། །དགྲ་བཅོམ་ཆོས་ཀྱི་སྤྱན་ལྡན་དུ་མ་ཡིས། །སྟོན་པའི་བསྟན་པ་རིང་དུ་གནས་བྱའི་ཕྱིར། །ཐུན་མོང་ཆོས་ལ་བསྡུ་བ་ལན་གསུམ་མཛད། །གསང་བའི་མཛོད་མངའ་རྡོ་རྗེ་འཛིན་གཅིག་གིས། །གསང་ཆེན་བསྡུས་ནས་ཕྱག་རྒྱ་དམ་པོས་བཏབ། །མཁའ་ལ་སྤྱོད་དང་རིག་འཛིན་གནས་དག་ཏུ། །གསལ་བར་བཞུགས་ལ་འཕེལ་འགྲིབ་བཞུགས་མི་མངའ། །དེ་ནས་གངས་ཅན་ལྗོངས་ཀྱི་ཡུལ་དག་ཏུ། །བོད་ཀྱི་ལྷ་གཅིག་བཙན་པོའི་བཀའ་སྩལ་གྱིས། །རྩོད་ལ་ཐེག་གསུམ་དམ་ཆོས་ལེགས་བསྒྱུར་ནས། །ཕན་དང་བདེ་བའི་གོ་སྐབས་ཐོག་མར་ཕྱེ། །མཚོ་སྐྱེས་ལ་སོགས་གྲུབ་ཆེན་མང་པོ་ཡིས། །ཐུགས་ལ་ངེས་བཞུགས་གསང་སྔགས་ཟབ་མོའི་གཏམ། །གསལ་བར་གླེགས་བམ་ངོས་སུ་བྲིས་པ་ན། །གསང་སྔགས་སྔ་འགྱུར་ཞེས་བྱའི་ལམ་ཆེན་དོད། །དེ་ནས་རིམ་གྱིས་འདོད་ལྷའི་ཞགས་པ་ཡིས། །གང་བཅིངས་གསང་སྔགས་འཛིན་རློམ་ཕལ་ཆེ་བས། །སྔགས་གཞུང་དམ་ཚིག་ཁྱབ་འཇུག་གཞུང་ལུགས་དང༌། །དྲང་པོའི་ལུང་བཞིན་སྒྲུབ་པ་མང་ཞིག་བྱུང༌། །འཇིག་རྟེན་མིག་གཅིག་རིན་ཆེན་བཟང་པོ་ཡི། །རྒྱུད་སྡེ་བཞི་ཡི་གླེགས་བམ་མ་ཉམས་པར། །སྒྲ་དོན་ཇི་བཞིན་ལེགས་པར་བསྒྱུར་པ་ལས། །དངོས་གྲུབ་རྣམ་གཉིས་བདུད་རྩིའི་དགའ་སྟོན་བསྩལ། །དེང་སང་འདི་ན་མ་འཁྲུལ་བསྟན་པའི་གནད། །ཇི་བཞིན་གཟིགས་པ་ཤིང་རྟ་ཆེ་རྣམས་ཀྱིས། །མདོ་སྔགས་བསྟན་པའི་ཡིད་བཞིན་རིན་ཆེན་དེ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་པ་འདིའོ། །སྐབས་དེར་ཤིང་རྟའི་སྲོལ་འཛིན་མང་པོ་ཡི། །ཆོས་དང་ཆོས་མིན་རྣམ་པར་འབྱེད་མཛད་པའི། །ལུང་དང་རིགས་པའི་སྦྱོང་ཚུལ་རིམ་གསུམ་གྱིས། །ཐུབ་བསྟན་ནོར་བུའི་དྲི་མ་མ་ལུས་སྦྱངས། །ད་ལྟ་རིན་ཆེན་སྤུངས་པའི་མངའ་རིས་ན། །བཤད་སྒྲུབ་རྟ་བརྒྱའི་ཁྲི་ལ་ཉེར་བླངས་པའི། །མདོ་སྔགས་བསྟན་པ་ཉི་ཟླའི་འགྲོས་ཆེན་པོ། །སྤྲིན་བྲལ་ཉི་མ་ཇི་བཞིན་ཕྱོགས་བརྒྱར་འཕྲོ། །ངན་འགྲོ་འགེགས་པའི་སྒོ་བརྒྱ་དམ་དུ་བསྡམས། །བདེ་འགྲོར་འདེགས་པའི་སྐས་བརྒྱ་རིམ་པར་འཛེགས། །སྙན་གྲགས་སྒོ་བརྒྱ་ཕྱེ་བའི་ཕོ་བྲང་མཆོག །རིན་ཆེན་སྤུངས་པའི་རྩེ་ནས་ལུགས་གཉིས་ཀྱི། །རྒྱལ་རྔ་ལན་བརྒྱར་བརྡུངས་པའི་རྒྱལ་པོ་ནི། །གྲགས་པའི་རྔ་སྒྲས་ཁོར་ཡུག་འགོངས་ནུས་ཤིང༌། །དཔུང་གི་འུར་སྒྲས་ལྷ་མིན་དངངས་པར་བྱེད། །རྣམ་དཔྱོད་རྩལ་གྱི་དབང་པོའི་གོ་འཕངས་ཡང༌། །སྙོག་མཛད་དཔའ་མཛངས་ནོར་བུའི་བཟང་པོ་དང༌། །རང་སྡེ་བྱམས་པའི་རྭ་བས་བསྲུང་མཁས་ཤིང༌། །གཞན་སྡེ་དཔུང་ཚོགས་བཞི་ཡིས་གནོན་ནུས་པ། །དཔལ་བཟང་ཡིད་བཞིན་རིན་ཆེན་མཆེད་གཉིས་པོ། །སྲས་དང་བརྒྱུད་པར་བཅས་པ་འདི་ན་མཐོ། །གང་གིས་རྒྱལ་སྲིད་རིན་ཆེན་སྣ་བདུན་ལས། །ནང་གི་བང་མཛོད་འཛིན་པའི་ཁྱིམ་ཆེན་ནི། །གསལ་མཛངས་བུང་བས་དབྱིབས་ལེགས་བཅུད་ལྡན་པའི། །དྲི་ཞིམ་འདབ་བརྒྱའི་ཚལ་ལ་མི་གནོད་པར། །བཅུད་ཆེན་བླངས་ནས་སྦྲང་རྩིའི་དཔལ་བསྐྱེད་ལྟར། །འབངས་ཀྱི་བདེ་སྐྱིད་ནམ་ཡང་མི་ལེན་པར། །དཔྱ་དང་ལོ་མའི་ཐབས་ཀྱིས་རྒྱལ་པོ་ཡི། །བང་མཛོད་འགེངས་མཁས་རྭ་ལོད་རྡོ་རྗེའོ། །སྐབས་དེར་མི་ཕམ་ཐུགས་ཀྱི་སྤྲུལ་པ་ཡི། །མཁྱེན་དགོངས་དག་པའི་མེ་ལོང་ངོས་འཇམ་ལ། །རྒྱལ་ཚབ་སྐུ་ཡི་ཡ་མཚན་གང་ཤར་བ། །བརྒྱ་བྱིན་ལག་པས་གསལ་བར་བསྐྲུན་པ་ནི། །ཕ་རོལ་རི་བརྒྱ་མཐོན་པོས་མི་གནོན་ཅིང༌། །ཚུ་རོལ་བསོད་ནམས་རོལ་མཚོས་དེས་འདུད་པ། །བྱམས་ཆེན་སྐུ་ཡི་ལྷུན་པོ་འདི་ཡིན་ནོ། །གང་དེ་འཁོད་པའི་ཆོས་སྡེ་འོ་མའི་མཚོ། །མཁས་པའི་ངང་མོ་བྱེ་བ་འདུས་པའི་གཞི། །ཕྲིན་ལས་ཆུ་བོ་སྟོང་ཕྲག་འབེབས་བྱེད་པ། །བསྟན་པའི་བསྟི་གནས་ཆོས་ཀྱི་རྒྱ་མཚོ་འདིར། །བདུད་རྩིའི་བསིལ་ཟེར་འཕྲོ་བའི་འོད་བརྒྱ་པ། །ཆུ་ཤེལ་དཀར་པོའི་ངོས་ལ་འཆར་བ་བཞིན། །བརྗོད་བྲལ་དབྱངས་ཀྱི་ཡི་གེ་འགྱུར་མེད་པ། །སྣ་ཚོགས་བརྗོད་བྱར་སྟོན་པའི་རང་གཟུགས་ཀྱིས། །གན་ཤོག་གླེགས་བུའི་ངོས་ལ་ཅིག་ཅར་དུ། །འཕོ་བྱེད་པར་གྱི་ཉི་མ་གསལ་པོ་ནི། །དོན་དམ་ཆོས་སྐུའི་རང་བཞིན་མཁའ་འདྲ་བ། །སྐལ་བཟང་ཆུ་ཡི་མེ་ལོང་ལ་འཕོ་ལྟར། །ཡིག་འབྲུའི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ། །བྱམས་ཆེན་སྟུག་པོའི་ཞིང་དུ་ཤར་འདིའོ། །བསྟན་པ་འདེགས་པའི་ཀ་ཆེན་བརྒྱ་འཁྲང་ཞིང༌། །གཏོང་ཕོད་ལུགས་བརྒྱ་ལྡན་པའི་སྒོ་འཕར་ཅན། །རྭ་ལོད་རྡོ་རྗེས་བསྐྲུན་པའི་དམ་ཆོས་ཀྱི། །ཁང་བཟངས་རྣམ་བཀྲའི་ལྟད་མོ་འདི་ལྟར་ཡོད།།  །།ཨེ་མ་ངོ་མཚར་ཕྱོགས་བཅུའི་མུན་སེལ་མཁའ་དབྱིངས་དབུས་སུ་གནོད་སྦྱིན་འཁོར་ལོའི་ལྟེ་བ་རབ་བསྟན་མཚན་བརྗོད་གདུགས་དཀར་དྲི་མེད་བཞི་ཡི་སྣ་ཚོགས་རྡོ་རྗེ་ཕྱོགས་བཅུར་རྒྱངས་ཤིང་འོད་ཟེར་ཅན་དང་བྱམས་པ་འཇམ་དབྱངས་སྒྲོལ་མ་གསུམ་གྱི་དམ་བཅས་གཟུངས་ཀྱི་རྡོ་རྗེའི་ས་གཞི་སྲ་ཞིང་འཁྲང་བ་རབ་འཐས་ཕལ་ཆེན་གཟུངས་དང་ངན་སོང་སྦྱོང་གཟུགས་མཆོག་ཐོབ་པ་ཡི་གཟུངས་རྣམས་ཀྱིས་ནི་རྭ་བ་མཐོན་པོས་དྲང་པོར་བསྐོར་ཞིང་རྡོ་རྗེ་རྣམ་འཇོམས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་ནི་མི་རྒོད་རྣམ་འཇོམས་རིགས་པ་ཕུག་རོན་ཞེས་བྱར་གྲགས་པའི་མེ་ཆེན་རབ་ཏུ་འབར་བའི་འཁོར་ལོ་དབུས་ན་འདུལ་བའི་མདོ་དང་མངོན་པའི་མཛོད་ཀྱི་སྣ་ཚོགས་པད་མ་ཉི་མའི་སྟེང་ན་ཕ་རོལ་ཕྱིན་པའི་གཞུང་དང་ཤེར་ཕྱིན་སྡུད་པའི་ཚིགས་བཅད་དང་ནི་རྩ་འཇུག་གཞུང་དང་སྤྱོད་འཇུག་གཞུང་གི་རེ་ཁ་རིམ་པ་ལྔ་བརྩེགས་ངན་སོང་སྦྱོང་རྒྱུད་ཕ་གུ་སེར་པོ་ལས་ནི་དོན་ཡོད་ཞགས་སོགས་བརྒྱད་ཀྱིས་ལྷག་པའི་གཟུངས་ཆེན་ཉི་ཤུའི་བོད་འགྱུར་དང་བཅས་དྲྭ་བ་དང་ནི་དྲྭ་བ་ཕྱེད་པ་རབ་འཕྱང་གསང་འདུས་རྩ་རྒྱུད་ཕྱི་མར་བཅས་པའི་ཀ་ཆེན་གྱིས་བཏེག་བརྟག་གཉིས་རྡོ་རྗེའི་གདུང་ཟླུམ་གྱིས་བསྐོར་བདེ་མཆོག་རྩ་བའི་རྒྱུད་ཀྱི་བུམ་པ་ཟླུམ་པོས་ངེས་པར་མཛེས་བྱས་བྱམས་པའི་སྨོན་ལམ་བཟང་སྤྱོད་སྨོན་ལམ་རྒྱལ་སྲས་སྤྱོད་པའི་སྨོན་ལམ་དག་དང་ཐར་པའི་གྲུ་ཆེན་ཞེས་བྱའི་སྨོན་ལམ་རྣམས་ཀྱིས་རྡོ་རྗེའི་གདུང་བཞིས་མཛེས་པར་བྲེས་ཤིང་སྨོན་ལམ་ཉི་ཤུའི་བྲེ་ཕུལ་གྲུ་བཞིར་མཉམ་པའི་སྟེང་ན་མཛད་བཅུ་གཉིས་དང་དད་པའི་རྦ་རླབས་མ་སྟེ་ཐུབ་ཆེན་བསྟོད་པ་གསུམ་དང་མཁའ་དབྱིངས་མ་དང་སྤྲོས་བྲལ་མ་སྟེ་འཇམ་དབྱངས་བསྟོད་པ་གཉིས་དང་གནས་བརྟན་ཕྱག་མཆོད་བློ་སྦྱོང་གསོལ་འདེབས་ལམ་འབྲས་བརྒྱུད་པའི་ཕྱག་མཆོད་བརྒྱུད་པ་དག་དང་གསོལ་འདེབས་བསྡུས་པ་རྣམ་གཉིས་ཡོན་ཏན་རྒྱ་མཚོ་ཞེས་བྱ་རྗེ་བཙུན་གྲགས་པའི་བསྟོད་པ་དེ་དང་ས་ལོའི་བསྟོད་པ་ཆོས་ཀྱི་རྒྱལ་པོ་དེ་དང་བྱམས་ཆེན་ཆོས་རྗེའི་གསོལ་འདེབས་ཕུན་ཚོགས་མཚན་ཅན་རྣམས་ཀྱི་བཅུ་གསུམ་འཁོར་ལོ་གོང་ནས་གོང་དུ་འཇེབས་པར་བརྩེགས་པའི་རྩེ་མོར་ཤེར་སྙིང་རྡོར་གཅོད་འདའ་ཀ་ཡེ་ཤེས་རྣམས་ཀྱི་ངེས་དོན་ཟབ་མོའི་ཁོར་ཡུག་ཀུན་ནས་ཡངས་པའི་གདུགས་དཀར་ཐིག་ལེའི་བསིལ་ཡབ་ཕྱོགས་བརྒྱར་འབེབས་པའི་ནོར་བུའི་དོ་ཤལ་དང་ནི་དོ་ཤལ་ཕྱེད་པའི་ཟ་ར་ཚགས་ཀྱི་སྡེ་ནས་འཕྱང་བའི་ངེས་འབྱུང་གཏམ་གྱི་རོལ་མོས་སིམ་བྱེད་རྒྱལ་བའི་སྐུ་གསུང་ཐུགས་མར་གྲགས་པའི་གཡེར་ཁའི་གསུང་སྙན་གྱིས་ནི་སྙིང་གི་གདུང་བ་ངེས་འཕྲོག་བསྙེན་གནས་སྡོམ་བཟུང་ཆོ་གའི་མུ་འཁྱུད་དམ་པོས་རིམ་པར་བསྐོར་བའི་ངན་འགྲོའི་གདུང་བ་རྣམས་སེལ་དེ་དག་ཀུན་གྱི་རྩེ་མོར་བསྟན་པ་འབར་བའི་སྨོན་ལམ་གྱིས་ནི་ནོར་བུའི་ཏོག་གིས་མངོན་པར་མཐོ་ཞིང་ཀུན་ནས་བརྗེད་ཆགས་ལྷམ་མེར་གསལ་བའི་གཞལ་མེད་ཁང་ཆེན་གང་དེའི་ཕྱོགས་ཕྱོགས་དག་ན་བཤེས་པའི་སྤྲིང་ཡིག་བྱང་ཆུབ་ལྟུང་བཤགས་བླ་མ་རྡོར་འཛིན་ན་རག་དོང་སྤྲུགས་རྣམས་ཀྱི་ཀ་ཆེན་བཞི་བཞིས་བཏེག་པའི་སྟེང་ན་སྟོབས་ཆེན་མདོ་དང་བྱང་ཆུབ་རྒྱུན་འབུམ་གསང་བ་རིང་སྲེལ་ནོར་རྒྱུན་མ་རྣམས་ཀྱིས་ནི་རྟ་བབ་བང་རིམ་བཞི་པོས་མཛེས་བྱས་བླ་མ་མགོན་པོ་དབྱེར་མེད་ཞེས་བྱའི་མདའ་ཡབ་དཀར་པོ་གྱེན་དུ་ལངས་ཤིང་སྐལ་བཟང་རྒྱན་ཕྲེང་ཞེས་བྱའི་རྔ་ཡབ་ནོར་བུའི་ཕྲེང་བ་ཅན་དེ་རྣམ་པར་གཡོ་ཞིང་འཁྲུག་ལྡན་འཆི་མེད་རྔ་སྒྲའི་དབྱངས་སྙན་སུམ་རྩེན་སྒེག་མོའི་ཟློས་གར་མཁན་གྱིས་དྲེགས་པ་རྣམས་འཇོམས་བརྒྱ་བྱིན་སྙིང་གི་ཆུ་གཏེར་ངེས་པར་གཡོ་བྱེད་ལས་ནི་ཕྱོགས་ཀྱི་ཤེས་ལྡན་འགྲོན་པོ་མ་ལུས་དབང་དུ་བྱེད་ཅིང་རིགས་པར་འགུགས་པ་འདི་ཨེ་མ་ངོ་མཚར་ཏོ།།  །།དེ་ལྟའི་པར་གྱི་གཞལ་མེད་ཁང༌། །ལན་གཅིག་མཐོང་བས་སྲིད་པ་ཡི། །ཞུགས་ཆེན་འབར་བ་ཉེར་ཞི་ན། །ངན་འགྲོའི་གདུང་བ་སྨོས་ཅི་དགོས། །དེ་བསྐྲུན་བྱེད་པའི་བསོད་ནམས་ཀྱི། །དག་བྱེད་ཁྲུས་ཀྱི་གཙང་སྦྲ་མཁན། །ཐོས་པ་ཕྱི་ཡི་འཇུག་པ་དང༌། །བསམ་བྱུང་ནང་གི་འཇུག་པ་དང༌། །སྒོམ་བྱུང་ཡེ་ཤེས་ཕེབས་གྱུར་ནས། །མི་གནས་མྱ་ངན་འདས་པ་ཡི། །ཁང་བཟང་དབུས་སུ་སངས་རྒྱས་ཏེ། །ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག །ཀ་ཆེན་བཞི་ཡི་འབྱུང་བ་རིམ་གྱིས་བརྩེགས། །རྒྱུད་སྡེ་ནང་གི་རོལ་མཚོ་ངེས་པར་འདུད། །མདོ་ཕྱོགས་ཕྱི་ཡི་མཚོ་ཆེན་རིམ་པར་ཁེངས། །སྨོན་ལམ་གསེར་གྱི་ཕྲེང་བ་ལྟ་ན་སྡུག །ཆོས་ཕྲན་སོ་སོའི་གླིང་ཆེན་བཞི་པོའི་དབུས། །དངོས་གྲུབ་སྟེར་བྱེད་གསོལ་འདེབས་ལྷུན་པོ་ཡིས། །རྣམ་པར་བརྗིད་པའི་འཇིག་རྟེན་ཁམས་འདི་འཁྲུངས། །གང་འདི་བསོད་ནམས་རྒྱ་མཚོའི་བང་མཛོད་ནས། །རྣམ་འཕྲུལ་འཇུག་པ་བཅུ་ཡི་རོལ་རྩེད་མཁན། །རྣམ་དཔྱོད་ཁྱབ་འཇུག་ལག་པ་རིང་པོ་ཡིས། །ངེས་བསྐྲུན་ལྟད་མོ་ཀུན་གྱི་བལྟ་བྱའི་ཡུལ། །དབྱངས་གསལ་ཐིག་ཕྲེང་འབུར་དུ་དོད་པའི་འཕྲུལ་ཡིག་སྒེག་མོའི་ལུས་འགྱུར་ཅན། །དཔྱོད་ལྡན་མཛའ་བོའི་ཡིད་ཀྱི་ཤིང་རྟ་འདྲེན་པའི་འཛུམ་གྱི་དོ་ཤལ་འཕྱངས། །ཕན་ཚུན་ཚིག་དོན་གསལ་བའི་ཡིད་བཅུགས་གཏམ་གྱི་སྦྱོར་བ་མང་བྱེད་པའི། །ཡིད་འོང་པར་གྱི་ལང་ཚོ་མ་འདི་བསྟན་པའི་མཛའ་བོ་དང་འགྲོགས་ཤོག །འདི་བསྐྲུན་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱི། །མཐོན་པོའི་རིགས་ཀྱི་སྐྱེད་བྱེད་མ་ཉམས་ཤིང༌། །མཛངས་དང་བཀྱེལ་གྱི་རྒྱན་ཆས་རྣམ་སྒེག་པ། །རྡོ་རྗེའི་རིགས་འཁྲུངས་ཚེ་རིངས་རྒྱལ་མོས་སྦྱར། །བདག་རྐྱེན་སྦྱོར་བྱེད་བསྟན་པའི་རིམ་གྲོ་པ། །བསྟན་འཛིན་གྱེན་དུ་འདེགས་པའི་རྟུལ་ཕོད་ཅན། །རྭ་ལོད་རྡོ་རྗེར་གྲགས་པའི་དད་བརྩོན་དང༌། །འབྱོར་པར་འཚམས་པའི་སྟོབས་ལས་གང་བསྐྲུན་འདི། །ལྗོངས་ལ་དབང་བྱེད་ས་སྐྱོང་མཆེད་རྣམས་དང༌། །ཡུལ་གྲུ་འཛིན་པའི་ཁྱིམ་བདག་སྨོས་ཅི་དགོས། །ཅུང་ཟད་བསོད་ནམས་འབྱོར་རྣམས་བསྟན་པ་ལ། །ཕུད་དུད་བགྱི་པའི་དམིགས་རྐྱེན་དོན་དུ་བསྔོ།།  །།འཕྲུལ་ཡིག་མཁན་པོ་རྫོང་དཀའ་བ། །ཀུན་དགའ་རྒྱལ་པོས་བྲིས་པ་བཞིན། །རྐོས་ལ་མཁས་པ་ཡུལ་དབུས་ཀྱི། །བཟད་པ་མོན་མོ་རྡོ་ར་དང༌། །དེ་ཡི་རིགས་ཀྱི་བུར་གྱུར་པ། །བྱམས་པ་ཚེ་འཕེལ་ཚེ་དཔལ་སོགས། །ཚིག་དང་དོན་གྱི་ཞུས་དག་རྣམས། །རིག་པའི་གནས་ལྔ་ཀུན་སྦྱངས་པ། །པཎ་ཆེན་ཤཱཀྱ་གྲགས་པ་དང༌། །སྡེ་སྣོད་འཛིན་པ་དགེ་བའི་བཤེས། །བསོད་ནམས་ལྷ་དབང་ཞེས་བྱ་ཡིན། །དེ་ཡི་རྣམ་དཀར་ལམ་གསུམ་པ། །སྲིད་ཞིའི་རྙོག་པ་དང་བྲལ་འདིས། །ས་སྐྱོང་ནོར་འཛིན་མཆེད་བཅས་པའི། །ཐུགས་ཀྱི་དགོངས་པ་ཡོངས་གང་ཞིང༌། །མཁའ་མཉམ་སེམས་ཅན་ཀུན་དོན་དུ། །ཆོས་ཀྱི་རྒྱལ་པོའི་གོ་འཕང་ལ། །ཞུགས་ནས་འགྲོ་བའི་དོན་མཛད་ཤོག །ས་སྐྱོང་ཀུན་ཏུ་བཟང་པོ་ནི། །མཆེད་གྱུར་སྲས་དང་བཅས་པ་ཡི། །མངའ་འབངས་མཚོ་བཞིན་གང་བ་དང༌། །ཕ་རོལ་འཚེ་བ་མེད་པ་དང༌། །སྲིད་ཞིའི་དཔལ་དུ་ཞབས་བརྟན་ཞིང༌། །ཕྱྭ་སྲིད་བརྟན་ཇུས་མཐོན་པའི་ཁྲིར། །དབུ་རྨོག་གོང་ནས་གོང་བཙན་ཤོག །གང་འདིའི་ཆེད་དུ་རྒྱུ་སྦྱར་བ། །དེ་ཀུན་ཕན་དང་བདེ་བ་ཡི། །གོ་འཕང་ཐོབ་ནས་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བྱེད་ཤོག །བསྟན་འཛིན་ཐམས་ཅད་བྱ་མཐུན་ཞིང༌། །བསྟན་པ་རིང་དུ་གནས་གྱུར་ནས། །རྙེད་པ་དང་ནི་བཀུར་བསྟི་ཡིས། །བསྟན་ལ་རིམ་གྲོ་བགྱིད་པར་ཤོག །སངས་རྒྱས་ཀུན་དངོས་དངོས་གྲུབ་ཀུན་གྱི་མཛོད། །གང་ལ་ཅི་དགའི་དགའ་སྟོན་སྩོལ་མཛད་ལ། །ཐུགས་དགོངས་རྣམ་བཀྲའི་བཀྲ་ཤིས་ཅི་མཆིས་པ། །རྣམ་རྒྱལ་རྒྱལ་མཚན་རྩེ་མོའི་དཔལ་འབར་བ། །ཕྲིན་ལས་བཟང་པོར་གྱུར་པའི་བཀྲ་ཤིས་སྤྱོན། །གང་གིས་བསླུ་མེད་སྟོན་པ་རྫོགས་སངས་རྒྱས། །གང་ཞིག་བསླུ་བ་མེད་པ་དམ་པའི་ཆོས། །གང་དུ་བསླུ་མེད་གནས་པ་འཕགས་པའི་ཚོགས། །བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སྤྱོན། །འབར་ཕྲེང་འཁྲིགས་པའི་ཆར་སྤྲིན་འཐུག་པོའི་ཞལ། །ཁྲོ་ཞིང་རྔམ་པའི་ཞལ་གྱི་ཀློག་ཕྲེང་ཅན། །ཧཱུྃ་ཕཊ་དྲག་པོའི་འབྲུག་གི་བཞེད་སྒྲ་ཡིས། །བསྟན་པ་བསྲུང་མཛད་ཡོངས་ཀྱི་བཀྲ་ཤིས་སྤྱོན། །སྔོན་བསགས་འབྱོར་པའི་ཡིད་བཞིན་མཚོ་ཆེན་པོ། །སླར་ཡང་སྦྱིན་པའི་རྟག་ཆུ་མ་ཆད་ཅིང༌། །ཅི་འདོད་སྩོལ་བའི་ཆུ་ཆེན་བརྒྱ་འབེབས་པ། །ནོར་ལྷ་ཆེན་པོ་རྣམས་ཀྱི་བཀྲ་ཤིས་སྤྱོན། །ཞེས་པ་ས་སྐྱོང་ནོར་བུ་བཟང་པོའི་ནང་ཆེན། རྭ་ལོད་རྡོ་རྗེས་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པས་ཕུད་དུད་དང་རི་མོར་བྱ་བའི་ལྷག་བསམ་དཀར་བ་ཉེ་བར་གནས། ཆོས་ཚན་མི་འདྲ་བ་དུ་མ་པར་དུ་བསྒྲུབ་པའི་ཁ་བྱང་གི་དཀར་ཆག་ཚིགས་སུ་བཅད་པའི་རྒྱན་གྱིས་ཉེ་བར་སྤྲས་པ་ཞིག་སྦྱིན་པའི་བདག་པོ་དེ་ཉིད་ཀྱིས་བསྐུལ་བའི་ངོར་བགྱིས་ནས་ཡུལ་དབུས་ཀྱི་ཐོས་པ་འཛིན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་སྦྱར་བ་ཡིན་ནོ། །བསྟན་འཛིན་གུས་པའི་རྭ་བར་ཉེ་འཚོ་ཞིང༌། །དགའ་ལོད་ཀུན་ལ་སྙོམས་པའི་བརྩེ་ཆེན་འདི། །སེམས་ཀྱི་རྡོ་རྗེ་སྒྲིབ་པས་དག་གྱུར་ནས། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ཉིད་གྱུར་ཅིག།  །།མངྒ་ལཾཾ།།  ༈  །།གཞིས་ཀ་རིན་སྤུངས་ཀྱི་ཕྱག་མཛོད་དུ་བསྡུ་བའི་དེབ་གཏེར་ཆེན་པོའི་ཤིས་བརྗོད།། ༄། །ཨོཾ་སྭསྟི་སིདྡྷཾ། མྱུར་མཛད་གནོད་སྦྱིན་དབང་པོའི་སྲས། །ནོར་བུའི་རིགས་གྱུར་ཕྲིན་ལས་ཀྱིས། །གང་ལ་ཅི་དགའི་དངོས་གྲུབ་ཀུན། །སྩོལ་མཛད་གར་མཁན་མཆོག་ལ་འདུད། །སྔོན་ཚེ་སྦྱིན་པའི་དཔུང་ཚོགས་ཀྱིས། །འཕོངས་པའི་ཡུལ་ཆེན་ཀུན་བཅོམ་པ། །དཔལ་ལྡན་ཆུ་ཡི་དབང་པོ་ཡི། །ལྗོངས་དང་ས་ཕྱོགས་འདི་བསྲུངས་ཤིག།  །།གང་ཡང་རིན་ཆེན་སྤུངས་པའི་ལྷུན་པོ་མཐོར་བྱས། །ཕན་བདེའི་རྣམ་རྒྱལ་ཁང་བཟང་བཟུང་བྱས། །བསོད་ནམས་རྒྱ་མཚོས་ཕྱོགས་ཀུན་འཁོར་བྱས། །ནང་གི་བང་མཛོད་རོལ་མཚོ་ཁེངས་བྱས། །ཕྱི་ཡི་མངའ་རིས་ཆུ་གཏེར་བསྲུངས་བྱས། །ཡངས་པའི་ས་ཆེན་རིགས་པར་མནན་བྱས། །རི་གཞན་མཐོན་པོས་འགྲན་པ་མེད་བྱས། །དཔུང་ཚོགས་ཉི་འོད་མཁའ་ལ་སྤྲོ་བྱས། །རང་སྲིད་ནམ་མཁའ་རྣ་བར་ལངས་བྱས། །གཞན་སྲིད་ནུབ་རི་ཡང་ཡང་འགོངས་བྱས། །ཁྱབ་འཇུག་འཕྲུལ་གྱི་རོལ་རྩེད་མང་བྱས། །ལྷ་མིན་སྟོབས་ལྡན་ས་འོག་བཅུག་བྱས། །བསོད་ནམས་ཆར་ཆེན་དུས་སུ་ཕབ་བྱས། །དཔལ་ལྡན་ཕག་གྲུའི་བསྟན་ཇུས་བཟུང་བྱས། །ལྷ་གཟིགས་དཔོན་སྲས་མཆེད་དང་བཅས་རྣམས་ཀུན་གྱི། །སྐུ་ཚེའི་ལྷུན་པོ་རྟག་ཏུ་བརྟན་གྱུར། །ཕྲིན་ལས་ཉིན་བྱེད་ནམ་ཡང་འཆར་གྱུར། །ཕྲག་དོག་ཚེར་མས་གནོད་པ་མེད་གྱུར། །ནང་གི་རྣམ་དཔྱོད་འཁྲུགས་པ་མེད་གྱུར། །ཕ་རོལ་དྲེགས་པས་ངེས་པར་འདུད་གྱུར། །དམ་ཅན་རྒྱ་མཚོས་ངེས་པར་བསྲུངས་གྱུར་ཅིག།  ༈  །།འབྲོང་སྒང་དེབ་གཏེར་གྱི་ཤིས་བརྗོད་དང༌། ཆུ་བར་དེབ་གཏེར་གྱི་ཤིས་བརྗོད།། ༄། །འབངས་ཀྱི་བདེ་སྐྱིད་བསྲུང་བའི་ཐབས་ཤེས་ཤིང༌། །དཔྱ་དང་ལོ་མའི་ཐབས་ཚུལ་མང་པོ་ཡི། །རྒྱལ་པོའི་བང་མཛོད་འགེངས་པའི་ཐབས་མཁས་པའི། །ཁྱིམ་བདག་ཐབས་སྦྱོར་མཁྱེན་དེ་རྣམ་ཐོས་བུ། །ཞེས་མཆོད་པར་བརྗོད་ཅིང་ཤིས་པར་ཕུལ་བ་སྔོན་དུ་བཏང་ནས། བོད་ཁམས་སྐྱོང་བའི་བསྟན་མས་ཡོངས་སུ་བཟུང་བའི་རིའི་རྒྱུད་མ་ཉམས་ཤིང༌། ཀླུའི་དབང་པོས་བདག་པོར་བྱས་པའི་ཆུ་མཚོ་དཀར་པོའི་འགྲམ་ན་འབབ་པའི་ཀླུང་གི་རྒྱུན་བཟང་པོས་བརྒྱན་པའི་ཡུལ་ལྗོངས། ཆུ་བར་ཞེས་བྱ་བའི་ཡུལ་གཞིས་དང་དུ་འབྲོག་གི་འབྱུང་སྒོ། ནང་ཆེན་པའི་གཟིམ་ཁང་གི་ཕྱག་མཛོད་དུ་བསྡུད་པའི་དེབ་གཏེར་གྱི་གོ་རིམ་དུ་སྒྲིགས་པ་ལ།།  །།དེ་ལྟར་བསྐྲུན་པའི་བསོད་ནམས་ལམ་ཆེན་པོར། །མངའ་འབང་བདེ་བར་རྒྱུ་ལ་གེགས་མེད་ཅིང༌། །ས་སྐྱོང་མཆེད་བཅས་འབྱོར་པའི་བང་མཛོད་ལ། །དབང་འབྱོར་ཕྲིན་ལས་རྣམ་བཞིའི་བཀྲ་ཤིས་སྤྱོན།།  །།མངྒ་ལཾ།།  །། ༄། །ཨོཾ་སྭསྟི་སིདྡྷཾ། རིན་ཆེན་མང་ཞེས་བྱ་བ་རྒྱལ་བའི་སྲས། །མ་འོངས་དུས་སུ་རིན་ཆེན་གཟུགས་ཞེས་པའི། །དེ་བཞིན་གཤེགས་པར་རྒྱལ་བས་ལུང་བསྟན་པ། །གནོད་སྦྱིན་དབང་པོའི་ཞབས་ལ་མགོས་ཕྱག་འཚལ། །གང་ཡང་འདི་ན་ནོར་འཛིན་སྒེག་མོའི་ལང་ཚོར་འཁྱིལ་བའི་བཅུད་མང་གང་དེ་རྣམ་དཔྱོད་རྩ་ལག་རྒྱས་པའི་རྐང་འཐུང་དབང་པོས་གྱེན་ནས་གྱེན་དུ་དྲངས། །མཁའ་ལྡིང་གིས་བླངས་འཆི་མེད་ཆང་གིས་ངེས་པར་ཚིམ་ལྡན་ཡིད་བཞིན་འདོད་འཇོའི་ས་རྡོལ་འདི་ནི་བརྒྱ་བྱིན་གྱིས་སྤྲུལ་ཀུན་དགའི་ཚལ་དུ་བདེ་བར་འཁྲུངས། །ངོ་མཚར་བདུད་རྩིའི་འབབ་སྟེགས་ཅན་ཁྱོད་སུམ་རྩེན་ཡོངས་འདུའི་འདོད་འབྱུང་མིན་ནམ་ཕན་བདེའི་གྲིབ་བསིལ་ཕྱོགས་བཅུར་འབབ་པའི་ཁོར་ཡུག་ཅན་གང་འདི་ན་མཚན། །སྣ་ཚོགས་འབྱིན་བྱེད་གསེར་གྱི་མངལ་སྐྱེས་བྱེད་པོའི་འདོད་པས་འདི་སྤྲུལ་དཔལ་ལྡན་ཕག་གྲུའི་ཆབ་སྲིད་དཔག་བསམ་མང་པོ་རིང་ནས་རིང་དུ་ཞབས་བརྟན་ཤོག །གཞན་སྲིད་གནོན་པའི་དཔུང་ཚོགས་ཡན་ལག་ཅན། །རྒྱལ་རྔ་ལན་བརྒྱར་བརྡུངས་པས་མི་ངལ་ཞིང༌། །བསོད་ནམས་ལྷུན་པོའི་ཁྲི་ལ་རྟག་བསྟི་བ། །རིན་ཆེན་སྤུངས་པའི་ཆབ་སྲིད་ཡར་གྱི་ངོ༌། །འདོད་རྒུའི་ཆར་གྱི་ཁེངས་པས་མི་འབོ་ཞིང༌། །གཏོང་ཕོད་ལུགས་མངས་ལྡན་པས་མི་དབྲི་བའི། །བང་མཛོད་རྒྱ་མཚོས་ནམ་མཁའི་མཛོད་འཛིན་པ། །སྙན་གྲགས་སྤྲིན་གྱི་བུ་མོ་བཞེད་པའི་རྒྱུ། །ཞེས་མཆོད་པར་བརྗོད་པ་དང་ཤིས་པ་ཕུལ་བ་སྔོན་དུ་བཏང་ནས། གངས་ཀྱི་རི་བོ་དཔལ་དང་ལྡན་པའི་རྒྱུད་ཡོངས་སུ་མ་ཆད་ཅིང༌། སྨན་སྣ་ཚོགས་ཀྱིས་མངོན་པར་ཕྱུག་པའི་གཡའ་སྤང་གི་འབྱུང་ཁུངས་ནས་འཁྲུངས་པའི་ཆུ་ཀླུང་དལ་གྱིས་འབབ་པའི་ཡུལ་ལྗོངས། བྲག་སེང་གེ་གནམ་དུ་མཆོངས་འདྲའི་འདབས། དཔལ་ཕོ་བྲང་སྒང་གི་ཡུལ་གཞིས་དང་དུ་འབྲོག་གི་འབྱུང་སྒོ། གཟིམ་ཁང་ནང་གི་ཕྱག་མཛོད་དུ་བསྡུད་པའི་དེབ་གཏེར་གོ་རིམ་བཞིན་དུ་བསྒྲིགས་པ་ལ། བརྗོད་བྱེད་ཚིག་ལེགས་བརྗོད་བྱའི་དོན་གང་ལ། །བསླུ་མེད་ཕྲིན་ལས་རྣམ་བཞིའི་དགེ་ལེགས་ཀྱི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རྒྱས་པ་དང༌། །རིན་ཆེན་སྤུངས་པའི་ཆབ་སྲིད་གང་བར་ཤོག།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*