ཡང་ཆབ་ཤོག་འགའ་ཞིག

༼ཙ༽༄༅། །ཆབ་ཤོག་འགའ་ཞིག་ལེགས་པར་བཞུགས་སོ།།

༈ །མུས་ཆེན་སེམས་དཔའ་ཆེན་པོ་ལ་ཕུལ་བ།། དཀོན་མཆོག་རྒྱལ་མཚན་རྩེ་མོའི་དཔལ་འབར་བས། །རབ་འབྱམ་གཞུང་ལ་སྦྱངས་པ་མི་དམན་ཞིང༌། །རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་འབྱོར་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ། །ཁྱོད་ཀྱི་ཞབས་སྐྱེས་ཡིད་འོངས་པདྨོའི་ཕྲེང༌། །གུས་པའི་ཅོད་པཎ་རྩེ་ལ་ལེགས་བཅིངས་ནས། །ཡོངས་སུ་བསྟན་པའི་བཀའ་དྲིན་ནོད་པ་ཅན། །ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། །ཞུའོ་འགྲོ་བའི་སྐྱབས་གཅིག་པོ། །སྙིགས་དུས་རྡོ་རྗེ་འཆང་དབང་དེ། །དག་པའི་ཞིང་གཞན་སྤྱན་འདྲེན་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །སྙིང་རྗེས་ཕྱུག་པ་མིན་པ་སྙམ། །དེ་ལྟ་ནའང་རྗེ་ཉིད་ཀྱི། །ཐུགས་ལ་འཕོས་འདྲའི་རྗེ་བཙུན་ཁྱོད། །ཆོས་ཀྱི་སྲིད་ལ་དབང་བསྐུར་བས། །བརྩེ་བ་མེད་པའི་དོགས་པའང་བཀག །དེ་ནས་ཆོས་ཀྱི་རྒྱལ་སྲིད་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ལོ་ཞེས། །གཏམ་སྙན་གཟི་བརྗིད་ཆེར་འབར་བའི། །གྲགས་པའི་རྒྱལ་མཚན་ཕྱོགས་བརྒྱར་གཡོ། །འདྲེན་པ་རྡོ་རྗེ་འཆང་དབང་དེའི། །གསང་བའི་མཛོད་ལ་སྤྱན་ཡངས་པ། །ཁྱོད་ཀྱི་དབུ་ལ་ཡབ་ཉིད་ཀྱི། །ཅོད་པཎ་དཀར་པོ་འཕོས་གྱུར་ཚེ། །གང་གི་མཛད་པ་ལྷག་མའི་ཁུར། །མ་ལུས་འདེགས་ལ་ངལ་བ་ཅི། །དེ་བས་བདག་ཅག་གདུལ་བྱ་ཡི། །ལྷག་མར་གྱུར་པ་མ་ལུས་ལ། །ཀུན་ཁྱབ་ཐུགས་རྗེས་རིང་གཟིགས་ནས། །སྲིད་པའི་མཚོ་ལས་བསྒྲལ་བར་རིགས། །ཞེས་པའི་ཞུ་ཡིག་མི་འཁྱར་བའི་རྟེན་མཚོན་པར་གསོལ་ཇ་ཉག་གསུམ་ལ་རྟགས་འབྱར་འབུལ། དབོའི་ཟླ་བའི་ཡར་ངོའི་དགའ་བ་དང་པོ་ལ་ཞུ་ཡིག།  ༈  །།ཁྭ་ཆར་བྱང་ཆུབ་སེམས་དཔའ་བསོད་ནམས་རྒྱལ་མཚན་ལ་ཕུལ་བ།། ༄། །ལུས་ཅན་ཀུན་ལ་དམིགས་མེད་བརྩེ་བ་ཅན། །ཤེས་བྱ་ཀུན་ལ་མཐའ་མེད་མཁྱེན་པ་ཅན། །ལམ་བཟང་ཀུན་ལ་གཡེང་མེད་བརྩོན་པ་ཅན། །བསོད་ནམས་རྒྱལ་མཚན་ཏོག་ལྟར་མཐོ་བའི་དྲང༌། །རྣམ་པར་དཔྱོད་དང་དད་པའི་རྒྱལ་མཚན་རྩེར། །ཁྱོད་ཞབས་པདྨོའི་ཕྲེང་བ་གར་མཛད་པས། །ཤཱཀྱའི་བསྟན་ལ་བསྐལ་བཟང་ཉེར་ཐོབ་པ། །མཆོག་ལྡན་ལེགས་པའི་བློ་གྲོས་འདི་སྐད་ཞུ། །ཁྱོད་ནི་བསོད་ནམས་ཡངས་པའི་ནམ་མཁའ་ལ། །རྣམ་མང་སྐྱེ་བའི་རྟ་བདུན་རྒྱལ་མཚན་རྩེར། །ཕྲིན་ལས་འོད་དམར་ཕྱོགས་བརྒྱར་འགྱེད་དོ་ཞེས། །སྙན་པའི་གཏམ་དེས་བདག་སྙིང་དགའ་བའི་དཔལ། །ཁྱབ་བདག་སྨྲ་བའི་ཉི་མ་དེས། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་བཅུད། །གཅིག་བསྡུས་ཡོངས་རྫོགས་བསྟན་པའི་གནས། །ཕྱོགས་འདིར་སྔོན་མེད་གསལ་མཛད་ཆེ། །ཞིང་གཞན་གཟིགས་པའི་སྒྲ་གཅན་དེས། །མཛད་པའི་ལྷག་མ་མ་ཟིན་པ། །གླིང་གཞན་མུན་པར་གྱུར་སྙམ་ནས། །སྨྲ་བའི་ཉི་མ་སྤྱན་དྲངས་སོ། །ཀྱེ་མ་རྡོ་རྗེའི་སྐུ་ཡང་ནི། །སྐལ་མེད་མིག་གི་ལམ་དུ་ཞིག །འགག་མེད་ལོངས་སྤྱོད་རྫོགས་སྐུའི་གསུང༌། །བདག་ཅག་རྣ་བའི་ལམ་དུ་ཟད། །ཀུན་ལ་དགོངས་པའི་ཐུགས་རྗེས་ཀྱང༌། །འགའ་ཞིག་བརྩེ་བའི་ཡུལ་ནས་དོར། །ལ་ལ་མི་སྲིད་སྲིད་པ་ཡི། །སྡུག་བསྔལ་གྱིས་མནར་མནར་མེད་འདྲ། །རྗེ་ཡི་གསང་བའི་མཛོད་ཉིད་དུ། །ཐུགས་ཀྱིས་གོམས་སྟབས་འདོར་མཁས་ཤིང༌། །གང་གིས་དད་པའི་ཀུན་དགར་ཡང༌། །རྗེ་ཉིད་རང་དབང་འབྱོན་གྱུར་པ། །ཁྱོད་ཅག་འདུ་བྲལ་གང་ལ་མངའ། །དེ་བས་ཁྱབ་བདག་ཉིད་ཀྱི་བཀའ་དང་ནི། །ཀུན་ལ་སྙོམས་པའི་ཐུགས་ཀྱི་རྒྱ་མཚོའི་གཏེར། །མཉམ་དུ་གྲུབ་པ་བསོད་ནམས་རྒྱལ་མཚན་དཔལ། །བཟང་པོ་སྐྱེ་དགུའི་དཔལ་དུ་ཞབས་བརྟན་མཛོད། །རིང་ནས་བརྩེ་བའི་བཀའ་ཡི་ཟེར། །ལག་པའི་པདྨོར་ཡང་ཡང་ལྷུང༌། །ཐུགས་རྗེས་བསྐྱངས་སོ་བཀའ་བཞིན་དུ། །བསྒྲུབ་འདོད་ཐོས་ལྡན་བདག་ཀྱང་ནི། །གཞུང་མང་བཤད་པས་བསྟན་པ་སྤེལ་བ་དང༌། །ལམ་བཟང་བསྒོམས་པས་རང་དོན་གྲུབ་གྱུར་པའི། །འདོད་པས་གདུངས་ཀྱང་ཕལ་ཆེར་ལེ་ལོ་ཅན། །ད་དུང་བྱང་ཆུབ་བར་དུ་ཐུགས་རྗེས་སྐྱོངས། །དོན་གཉེར་བློ་གསལ་ཡིད་གཞུངས་གྱུར་པ་དག །ལེགས་བཤད་ལྷག་མའི་རོ་ལ་ཆེར་ཆགས་ཀྱང༌། །བཟློག་མེད་བཀའ་ཕྲེང་ཁྱེར་བའི་ཕོ་ཉ་བས། །བགྲོད་དོ་ཡིད་ཀྱི་གཤོག་པ་ཆེར་བསྐྱོད་ནས། །ལེགས་བཤད་མང་པོའི་ངར་སྒྲ་སྒྲོགས་བཞིན་དུ། །ཞབས་དྲུང་འོ་མའི་རྒྱ་མཚོར་དཔལ་འབྱོར་ཞིང༌། །རིང་ནས་མཐོང་བའི་དགེ་ལེགས་གང་ཡིན་དེས། །མྱུར་འགྱོགས་བར་ཆད་མེད་པའི་བཀྲ་ཤིས་བྱོན། །ཞེས་པའི་བརྟན་མཚོན་པར་གསོལ་ཇ་ཉག་གསུམ་འབུལ། དབོའི་ཟླ་བའི་ཡར་ངོའི་དགའ་བ་དང་པོ་ལ་ཚལ་དབུས་གླིང་གི་ཆོས་གྲྭ་ནས་ཕུལ་བའི་ཞུ་ཡིག།  ༈  །།ཀུན་མཁྱེན་དོན་ཡོད་དཔལ་ལ་ཕུལ་བ།། ༄། །དོན་ཡོད་མཁྱེན་པ་ཀུན་ལ་འཕྲོ་བ་དང༌། །དཔལ་ལྡན་ཐུགས་རྗེ་ཐུགས་ལ་གནས་པ་དང༌། །བཟང་པོའི་རིམ་གཉིས་ཟུང་དུ་འབྲེལ་མཁས་པའི། །བཀའ་དྲིན་ཅན་དེ་དད་པའི་གཙུག་ན་རྒྱལ། །རབ་རིབ་བྲལ་བའི་བློ་ཡིས་དང༌། །ཐོས་ལ་དགའ་བའི་འདུན་པ་དང༌། །ཁྱོད་ཞབས་བསྟན་པའི་དད་པ་གསུམ། །མཉམ་དུ་ཚོགས་པའི་དཔལ་ཡོན་གྱིས། །ཤཱཀྱའི་གསུང་རབ་ཕལ་ཆེར་ལ། །རྨོངས་པ་ཕྱོགས་ཙམ་གསལ་བ་ཡི། །མངོན་པའི་ང་རྒྱལ་གྱིས་མཐོ་བ། །མཆོག་ལྡན་ལེགས་པའི་བློ་གྲོས་དེ། །དོན་གཉེར་ཚོང་པས་ནོར་བུའི་གླིང་དང་ནི། །ངང་པའི་དབང་པོས་འོ་མའི་རྒྱ་མཚོ་དང༌། །བུང་བའི་ཚོགས་ཀྱིས་པད་ཚལ་མཐོང་བ་ལྟར། །སྙིང་གི་དཀྱིལ་ནས་ཁྱོད་ཀྱི་རྗེས་སུ་སོང༌། །དེ་ལྟ་ན་ཡང་འཇིག་རྟེན་འདིར། །ཀུན་དང་བསྟུན་ན་བཅོལ་ཆུང་ཞིང༌། །མ་བསྟུན་ན་ཡང་དྲིན་མི་བཟོ། །གཞན་དོན་ལྟར་སྣང་དག་ལ་ཆགས། །དེ་ཕྱིར་རེ་ཤིག་གོམ་པ་ཡི། །འདོར་བསྟབས་བཀག་ལ་ཐུགས་མ་ཆད། །ཚེ་རབས་གཞན་དུའང་བླ་མ་ཡི། །ཞབས་པད་མཆོད་པར་སྨོན་བྱེད་ན། །ཚེ་འདིར་སྐལ་བ་ཡོད་བཞིན་དུ། །ཤེས་ལྡན་སུ་ཞིག་བསྟེན་མི་བྱེད། །ཁྱོད་ནི་ཀློག་གམ་སྒྲུབ་ལ་བརྩོན་ཀྱང་རུང༌། །གནས་དང་ས་ཕྱོགས་གང་དུ་བཞུགས་གྱུར་པ། །ཆབ་ཤོག་ཕོ་ཉས་བཀའ་མཆིད་བགྱིད་ནས་ནི། །ཁྱོད་མཉེས་བསྒྲུབ་ལས་གཞན་དུ་མ་མཆིས་སོ། །ཞེས་པའི་རྟེན་མཚོན་པར་གསོལ་ཇ་ཞོ་གང་འབུལ། །དབོའི་ཟླ་བའི་དགའ་བ་དང་པོ་ལ་ཚལ་དབུས་གླིང་ནས་ཕུལ་བའི་ཞུ་ཡིག།  ༈  །།ཆུ་འདུས་མཁས་བཙུན་པ་ལ་འཕྲིན་དུ་གནང་བ།། ༄། །ཕྱོགས་ལས་རྣམ་རྒྱལ་སྲིད་ཞིའི་དཔལ། །དཔལ་འབྱོར་ཆུ་བོ་སྟོང་ལྡན་དུ། །འདུས་པའི་ཆོས་སྡེ་སྤེལ་ལ་མཁས། །མཁས་བཙུན་བཟང་པོའི་ཞབས་དྲུང་དུ། །དུ་མའི་གཞུང་ཤེས་ཤཱཀྱ་ཡི། །མིང་ཅན་མཆོག་ལྡན་ལེགས་པའི་བློ། །བློ་ཅན་ཁྱོད་ལ་འདི་སྐད་ཞུ། །ཞུ་བ་མེད་ཅིང་རབ་ཏུ་དཔའ། །དཔའ་བོ་དང་ནི་རྣལ་འབྱོར་མ། །མ་ཕམ་རྒྱལ་བས་བསྔགས་པ་དེས། །ཀུན་དཔྱོད་མཐོང་ན་ཚངས་པས་ཀྱང༌། །དགའ་བས་རྩིབས་སྟོང་འབུལ་བྱེད་པའི། །བསྐལ་བཟང་རྡོ་རྗེ་འཆང་དབང་པོ། །ཀུན་གྱི་འདྲེན་པ་ཀུན་མཁྱེན་དེ། །དགའ་ལྡན་གནས་སུ་དགའ་བས་དྲངས། །བཟང་ཞེས་ལྷ་རྣམས་བཟང་པོའི་སྒྲས། །བསྟོད་པས་ཕོ་ཉ་བསྟོད་བྱེད་མོད། །བདག་ཅག་ཡིད་ལ་མེ་སྦར་ཞིང༌། །ལུས་ལ་ངལ་བའི་ཞགས་པས་བསྣུན། །ལྕེ་རྩེར་སོ་ཡི་མཚོན་ཆ་འབེབས། །སྣ་ནས་རིང་པའི་དབུགས་འདོན་ཞིང༌། །རྣ་བར་མི་སྙན་གཏམ་དང་ནི། །མིག་ནས་མཆི་མའི་རྒྱ་མཚོ་ཆེ། །འབྱིན་མཁས་ཕོ་ཉ་དེ་དག་ནི། །རྒྱལ་བས་བསྔགས་པ་ཡིན་ཀྱང་རུང༌། །བདག་ཅག་དེ་ལ་སྨོད་པ་ཡི། །རིག་སྔགས་དྲག་ཏུ་སྒྲོག་པར་བྱེད། །རང་ཅག་འདྲེན་པ་བོར་བ་ཡི། །སྡུག་བསྔལ་འདི་ནི་ལྷ་རྣམས་ཀྱིས། །མཐོང་ནས་མེ་ཏོག་གསར་པ་དང༌། །དབང་པོའི་གཞུ་ཡི་གུར་ཁང་དང༌། །སིལ་སྙན་རོལ་མོས་འདྲིད་བྱེད་མོད། །བདག་ཅག་འཁྲུལ་བར་ག་ལ་ནུས། །འོན་ཀྱང་ལྷ་མིའི་འདྲེན་པ་དེ། །ལྷ་ཡི་ཡུལ་དུ་སྤྱན་འདྲེན་པའི། །བརྩོན་འགྲུས་དྲག་པོ་འདི་མཐོང་ཚེ། །ལྷ་ཡི་འདྲེན་པ་འདིར་བྱོན་སྙམ། །དེ་ལྟ་ན་ནི་ལྷ་ཡི་ལྷ། །རྒྱལ་བ་གཅིག་ཡིན་བདག་ཅག་གི །འདྲེན་པ་སངས་རྒྱས་ཀུན་དང་མཉམ། །དེ་བས་རང་ཅག་ཕམ་མི་དགོས། །ཡང་ན་ཆོས་ཀྱི་རྒྱལ་པོ་དེ། །དེ་ལྟར་གཤེགས་པ་གང་ལ་བདེན། །བདེན་ན་ཆོས་ཀྱི་རྒྱལ་སྲིད་འདི། །འདི་ལྟར་སྐྱོང་བའི་རྗེ་འདི་སུ། །སུ་ཡིན་ཐེ་ཚོམ་བྱ་མི་དགོས། །དགོས་པའི་དབང་གིས་གཞན་ལྟར་བསྟན། །བསྟན་པའི་བདག་པོ་བཅོམ་ལྡན་འདས། །འདས་པ་དེ་ཡང་བདེན་ནམ་ཅི། །དེ་ལྟར་གཟེངས་བསྟོད་པ་ལས་དེ། །བདེ་བ་མིན་ལས་སྐྱེས་པའི་བདེ། །དགའ་བའི་སེམས་ལ་སྐྱེས་པས་དགའ། །རེ་ཤིག་དེ་ཡི་དཔལ་ལ་རེ། །ཡུས་ཀྱིས་མྱོས་པའི་བྱིས་པའི་ཡུས། །སྨྲ་བ་ཐོག་མར་མ་ལ་སྨྲ། །དེ་ཡིས་དེ་དབུགས་དབྱུང་བ་དེ། །བརྗོད་པ་འདི་ཡི་དཔེར་བྱས་བརྗོད། །ད་ནི་སྐབས་སུ་བབ་པའི་དོན་ལ་འཇུག་པར་བྱ་སྟེ། སྡོམ་གསུམ་གོམས་སྟབས་བརྟན་པ་དང༌། །མང་ཐོས་པད་མཚོར་དགེས་པ་དང༌། །བརྩོན་པའི་མྱོས་བུམ་མཐོ་ལྡན་དང༌། །བརྩེ་བས་འཁོར་ལ་རིང་གཟིགས་པ། །སྨྲ་བའི་ཁྱུ་མཆོག་རྣམས་ལ་དགོས། །ཐུགས་རྗེ་ཐུགས་ཀྱི་དཀྱིལ་དུ་སྦེད་པ་དང༌། །མཁྱེན་ཡངས་མཁྱེན་པའི་འོད་སྟོང་སྤྲོ་བ་དང༌། །མཛད་ཕྲིན་མཛད་པ་ཀུན་དང་བསྟུན་པ་དང༌། །བླ་མེད་བླ་མ་སྙིང་ནས་གུས་བསྟེན་པ། །ཀུན་ནས་ཀུན་དགའི་དཔལ་སྟེར་རྣམས་ལ་དགོས། །རང་ལ་ཡིད་ཆེས་གཟིགས་པ་དང༌། །གཞན་གྱིས་དཔག་ནུས་མིན་པ་དང༌། །བརྩད་ཅིང་དྲིས་པས་གཞན་དག་གི །ལེགས་སྤྱད་ཕྲ་མོའང་བསྡུད་མཁྱེན་པ། །ཡོན་ཏན་རྒྱ་མཚོ་ཀུན་ལ་དགོས། །མ་འདྲིས་མཛའ་བཤེས་ཆེན་པོ་ཁྱོད་དང་བདག །སྔོན་གོམས་དབང་གིས་ཡིད་བཅུགས་གྱུར་པ་ལས། །འཛེམ་མེད་གསོལ་གྱིས་ནོངས་པ་གང་བགྱིས་དེ། །བཟོད་པར་རིགས་སོ་ཐུགས་དགོངས་རྣམ་དག་པ། །གངས་རིའི་ཏོག་ལྟར་དཀར་བའི་དགེ་ལེགས་ཀྱིས། །ཐམས་ཅད་མཁྱེན་སྐུར་རོ་གཅིག་མ་གྱུར་བར། །ཡིད་བཅུགས་གྱུར་པས་ཕན་ཚུན་བག་ཕེབས་ནས། །ཆོས་དང་མཐུན་པའི་བཀའ་མཆིད་བགྱིད་པར་ཤོག །ཅེས་པའི་ཞུ་ཡིག་མི་འཁྱར་བའི་རྟེན་མཚོན་པར་གསོལ་ཇ་ཉག་གསུམ་ལ་རྒྱ་འབྱར་བ་ཕུལ། དབོའི་ཟླ་བའི་ཡར་ངོའི་དགའ་བ་དང་པོ་ལ་ཚལ་དབུས་གླིང་གི་ཆོས་གྲྭ་ནས་ཕུལ་བའི་ཞུ་ཡིག།  ༈  །།ཆུ་འདུས་བདག་པོ་འོད་ཟེར་འཛོམ་པ་ལ་འཕྲིན་དུ་གནང་བ།། ༄། །རྨད་བྱུང་བསོད་ནམས་འོད་བརྒྱས་འཁྱུད་པའི་སྐུ། །སྐུ་གསུང་ཟེར་ཕྲེང་ཀུན་ལ་སྙོམས་པའི་དཔལ། །དཔལ་འབྱོར་འཛོམ་པའི་ལྷ་ལས་འཕོས་པའི་མི། །མི་དབང་བདག་པོའི་ཞབས་ཀྱི་སྐྱེད་ཚལ་དུ། །ཞུའོ་ཤཱཀྱའི་དགེ་སློང་མཆོག །མཆོག་ལྡན་ལེགས་པའི་བློ་ཡིས་སོ། །བསོད་ནམས་འཛིན་མའི་འཕངས་པ་ན། །སྐུ་ཁམས་རིན་ཆེན་རྡུལ་བརྩེགས་དབང༌། །དབང་པོའི་རྡོ་རྗེ་ལྟར་བརྟན་ཅིང༌། །རང་སྡེ་གུས་པའི་ཅོད་པཎ་རྩེར། །བཀའ་ལུང་གོམ་པ་འདོར་མཁས་ཤིང༌། །གྲགས་པའི་རྔ་ཆེན་ཆེར་བརྡུངས་པས། །གཞན་སྡེ་དྲེགས་པའི་རོལ་མོ་མཁན། །ཞུམ་ཞིང་འཇུར་བའི་དགྲ་ཐབས་མཁན། །པདྨོའི་ཚལ་གྱིས་ཉི་མའི་འོད་འཐུང་བཞིན། །བཞིན་མདངས་བཟང་པོས་སྒོ་གསུམ་དགེ་བའི་ལས། །ལས་གཞན་སྤངས་ནས་གཅིག་ཏུ་མཛད། །མཛད་པ་ཀུན་ལས་འདི་ངོ་མཚར། །མཚར་དུ་དངར་བའི་གཏམ་སྙན་དེ། །ནམ་མཁའི་ཕ་མཐའ་ལྟ་འདོད་དམ། །འབྲུག་གི་སྒྲ་དེ་གཞོམ་པར་འདོད། །ཀུན་གྱི་མགྲིན་པར་གླེང་གླེང་ནས། །མགྲིན་པའི་དཔལ་ཀུན་འཛིན་པར་འདོད། །སྒྱུ་མ་ཆེན་མོའི་ཕོ་བྲང་ནས། །སྙིང་རྗེ་མེད་པའི་རྒྱལ་བ་ཡིས། །ནན་གྱི་བསྔགས་པའི་ཕོ་ཉ་དེས། །འགྲོ་བའི་སྐྱབས་གཅིག་ཕྲོགས་པ་ན། །ཡིད་ལ་བུད་ཤིང་མེད་ན་ཡང༌། །གདུང་བའི་མེ་ཆེན་ཆེར་འབར་ཞིང༌། །ཆུ་འཛིན་གོས་དང་བྲལ་ན་ཡང༌། །མིག་ནས་མཆི་མའི་ཆར་རྒྱུན་འབབ། །དེ་ལྟ་མོད་ཀྱི་སྙིང་ཁོང་ནས། །རྩེ་གཅིག་གུས་པས་གསོལ་འདེབས་ན། །དེ་ཡི་མོད་ལ་བླ་མ་དེས། །ངེས་པར་བྱིན་གྱིས་རློབ་འདིའང་མཚར། །དེ་ནས་གཞན་ཡང་བསྙད་བྱ་བ། །གང་ལ་གྲགས་པའི་གཞི་ཡོད་ན། །རང་སྡེ་འཇམ་དར་ཆེ་བ་དང༌། །གཞན་སྡེ་བྱམས་པས་འདུལ་བ་འབྱུང༌། །སྦྱིན་འབྲས་སྦྱིན་པས་གཏེར་དུ་སྦེད་པ་དང༌། །ཐུགས་རྒྱུད་ཐུགས་རྗེས་རྟག་ཏུ་མཛེས་པ་དང༌། །ཤེས་རབ་ཤེས་བྱའི་གནས་ལ་འཇུག་པ་གསུམ། །གྲགས་དཀར་གྲགས་པའི་རྒྱལ་མཚན་བསྒྲེང་བའི་རྒྱུ། །ཡོ་ལང་མང་པོས་གཞན་སེམས་མགུ་བྱས་ན། །ཡོ་ལང་འདོད་དགུ་ངང་གིས་འཕེལ་བར་འགྱུར། །སྙིང་རྗེ་ཆེ་ལ་རིང་དུ་གོམས་བྱས་ན། །སྙིང་པོ་མེད་པ་རིམ་གྱིས་སྤོང་བར་འགྱུར། །མང་ཐོས་བག་ཆགས་ཆུང་ངུའང་བསགས་གྱུར་ན། །མང་པོའི་ཤེས་བྱ་ཤེས་པར་ག་ལ་དཀའ། །ལོངས་སྤྱོད་མེད་ན་ཡོན་གྱིས་བསླུ་དགོས་པའི། །ལོངས་སྤྱོད་རྫོགས་སྐུའི་ཡོན་ཏན་ག་ལ་འབྱུང༌། །སྙིང་རྗེ་མེད་ན་རྒྱལ་ཕྲན་མང་པོ་ཡིས། །སྙིང་ནས་གུས་པའི་རྒྱལ་པོར་ག་ལ་འགྱུར། །ཤེས་བྱའི་གནས་རྣམས་ཇི་བཞིན་མི་ཤེས་ན། །ཤེས་ལྡན་མང་པོས་རི་བཞིན་ག་ལ་བཀུར། །ཆོས་ལུགས་འདི་གསུམ་ཉིད་ཀྱིས་ལེགས་གྲུབ་ཕྱིར། །ཆོས་བཤད་མཁན་གྱིས་ཉིད་ལ་ཞུ་མི་དགོས། །དེ་ལྟ་ནའང་བཞིན་བཟངས་འགའ། །འགའ་ཡིས་མེ་ལོང་བསྟན་ན་གསལ། །གསལ་དཀར་གངས་རི་དཀར་པོའི་མདངས། །མདངས་དཀར་ཟླ་ཟེར་དཀར་ན་དཀར། །དཀར་པོའི་མདངས་ཅན་དབྱངས་ཅན་མ། །མ་ལྟར་བརྩེ་བ་དེས་གསུངས་སྙན། །སྙན་དངགས་ལུགས་བརྒྱ་འཛིན་པའི་རབ། །རབ་འབྱམས་སྨྲ་བ་དེ་སྐད་ལོ། །ལེགས་སྨོན་དག་པའི་མཛའ་བས་སྦྲེལ་བའི་མཐུས། །རིང་མོ་ཞིག་ནས་བདག་ལ་བརྩེ་བ་ཅན། །མི་དབང་ཁྱོད་དང་འོ་སྐོལ་རྣམ་མཁྱེན་དུ། །རོ་གཅིག་བར་དུ་དགའ་བས་ཡིད་བཅུགས་ཤོག །ཅེས་པའི་ཞུ་ཡིག་མི་འཁྱར་བའི་རྟེན་མཚོན་པར་གསོལ་ཇ་ཉག་གསུམ་ལ་རྒྱ་འབྱར་འབུལ། དབོའི་ཟླ་བའི་ཡར་ངོའི་དགའ་བ་དང་པོ་ལ་ཚལ་དབུས་གླིང་གི་ཆོས་གྲྭ་ནས་ཞུས།།  ༈  །།བཞི་སྡེ་མཁྱེན་རབ་པ་ལ་གནང་བ།། ༄། །ཐུབ་བསྟན་གསལ་བའི་ཁང་བཟངས་ཉམས་དགའ་བར། །མཁྱེན་རབ་ལི་ཁྲིའི་མཚམས་སྤྲིན་གར་མཛད་ཅིང༌། །ས་ཡི་དབང་ཕྱུག་ཀུན་གྱི་རལ་པ་ལ། །ཞབས་ཀྱི་རྡུལ་ཕྲེང་འགོད་མཁས་དེ་དྲུང་དུ། །མང་དུ་ཐོས་པའི་ཆང་གིས་རབ་མྱོས་ཤིང༌། །སྙོམས་ལས་བདེ་བའི་མལ་དུ་གཉིད་ལོག་ཀྱང༌། །ཆོས་ལྟར་སྣང་བའི་རྣམ་གཡེང་མང་པོ་ཅན། །ཤཱཀྱ་མཆོག་ལྡན་ཞེས་བྱས་རིང་ནས་ཞུ། །དེང་སང་སྐུ་ཡི་ལྷུན་པོ་འགྲོ་བའི་དཔལ་དུ་ཞབས་བརྟན་ཞིང་བསོད་ནམས་ཀྱི་རྒྱ་མཚོར་བརྗིད་ཆགས། ཕྲིན་ལས་ཀྱི་འོད་ཟེར་མདངས་གསལ་ཞིང་ལྷུན་གྱིས་གྲུབ་པར་འཇུག ཐུགས་ཀྱི་རྒྱ་མཚོ་ལ་རྙོག་པ་མི་མངའ་ཞིང་རིམ་གཉིས་ཀྱི་རྦ་རླབས་བཟང་པོས་རྟག་ཏུ་མཛེས། བསྟན་པའི་རྩ་ལག་དམ་པ་རྣམས་ནི་བྱམས་པའི་ཐུགས་ཀྱིས་སྐྱོང་བར་མཛད་དོ། །ཞེས་གྲགས་པའི་པད་དཀར་ཕྱོགས་ཀུན་གྱི་དཔལ་མོའི་རྣ་བར་འཆང་ཞིང་མཛེས་པས་ཐུགས་ལ་བཏགས། བདག་ཀྱང་ཁམས་བཟང་བའི་ངང་ནས་འཆད་ཉན་ལ་བརྩོན་པའི་ལུགས་སུ་ཡོད་ལགས། སྔར་ལེགས་འབྱོར་གྲོགས་མཆེད་གཉིས་ལ་ཐུགས་རྗེས་བཟུང་ཞིང་དུས་མཆོད་ལ་འབུལ་བ་རྒྱ་ཆེར་མཛད་པ་རྣམས་ཆུད་མ་ཟོས་པར་རྣམ་པར་དག་པའི་དགེ་འདུན་རྣམས་ཀྱི་ཕྱག་ཏུ་ཕུལ་ཞིང་དེ་ཐོག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། སྨོན་ལམ་རྣམ་དག་གིས་རྒྱས་བཏབ་པའི་རྒྱུ་མཚན་འཁོད་པའི་ཞུ་ཡིག་བརྩོན་འགྲུས་དཔལ་དང་ཁྭ་ཆར་དབོན་པོ་བ་གཉིས་ལ་སྔ་ཕྱིར་ཕུལ་བ་ཕྱག་ཏུ་ཐེངས་ལགས་སམ། སྐབས་ཀྱི་ཞུ་དོན་ནི། སྔར་ཡང་ཐུགས་རྗེས་ཡང་དག་བཟུང་བའི་སྟོབས་ཀྱིས་ད་ལན་དོན་འདི་ཞུ་བར་རྔོ་མི་ཐོགས་ཀྱང༌། དཔལ་འབྱོར་འབྲས་བཟང་ཡང་ཡང་བསྩོལ་མཁས་པའི། །དཔག་བསམ་ལྗོན་པའི་ཕྱོགས་སུ་སྐྱེ་དགུ་འདི། །ཡང་ཡང་གོམ་པ་འདེགས་ལ་ངལ་བ་ཅི། །དེ་ཕྱིར་སླར་ཡང་དོན་འདི་ཞུ་བ་ལགས། །ཕག་ལོའི་ནང་གི་དུས་མཆོད་དེ། ངེད་རང་གི་གྲྭ་ཚང་ལ་འཁོར་བ་མང་ཡུལ་ཚུན་ཆད་དུ་འབུལ་བ་ཕྲན་ཚེགས་ཞུ་བ་ལ་གནས་སྒོ་བ་དགེ་འདུན་འོད་ཟེར་གྲོགས་མཆེད་རྫངས་པ་ལགས་པ། དེ་ནས་ཀྱང་སྐུ་རིམ་གྱི་གསལ་འདེབས་དང༌། དགེ་རྒྱུན་རྣམ་པར་དག་པ་ལ་དགོངས་ནས། དུས་མཆོད་ཀྱི་ཆ་རྐྱེན་ལ་ཕན་པའི་གནང་སྦྱིན་རྒྱ་ཆེན་དང༌། ཁོང་གྲོགས་མཆེད་ཀྱི་མགོ་འདོན་དུ་འགྱུར་ངོ་ཤེས་པ་ཐུགས་རྗེས་འཛིན་པ་ཞུ། སླད་མ་ཡང་ཞུ་ཡིག་གི་ངང་ནས་མཇལ་བ་བྱེད་ལགས། ཞེས་པའི་བརྡའ་མཚོན་པར་ཇ་བཟང་པོ་ལྷ་སའི་ཞོ་གང་ལ་དམ་རྒྱ་འདི་འབྱར་པ་འབུལ། ཞིབ་ཞུ་ངག་ནས་འབུལ། ས་གས་ཉ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་བཞི་ལ། དཔལ་གསང་ཕུ་ནེའུ་ཐོག་གི་བསྟི་གནས་ཆེན་པོ་ནས་ཕུལ་བའི་ཡིག།  །།མངྒ་ལཾ།།  ༈  །།བཞི་སྡེ་སློབ་དཔོན་རྣམ་རྒྱལ་བ་ལ་གནང་བ།། ༄། །སྭསྟི། བརྒྱ་བྱིན་ཐོད་ཀྱི་ནོར་བུ་ལ། །རབ་འཁོད་སེན་མོའི་དམར་འོད་ནི། །འཆར་ཁའི་མདངས་ཀྱིས་ཉེར་འཁྱུད་པའི། །ཐུབ་དབང་དེ་ཡིས་ཁྱོད་བསྲུངས་ཤིག །དུས་མིན་དགྲ་ལས་རྣམ་རྒྱལ་ཞིང༌། །དཔལ་ལྡན་ཕྲིན་ལས་བཟང་པོ་ནི། །ཉེར་སྩོལ་ཟླ་བའི་ཞལ་ལྡན་མ། །བཅོམ་ལྡན་དེ་ཡིས་ཁྱོད་ལ་བསྲུངས། །རྣམ་དཀར་ཡིད་ཀྱི་རི་མོ་ནི། །རབ་གསལ་ཤོག་བུའི་མེ་ལོང་ལ། །རབ་འཕོས་ལེགས་ཕྲིན་བུང་བ་ནི། །སིམ་བྱེད་ཙནྡན་དྲི་འོད་ཅན། །བར་ཆད་མེད་པར་འདིར་འོངས་ནས། །ཕྱོགས་ཕྲག་སོར་མོའི་འདབ་མ་དང༌། །འཛུམ་ཕྲེང་གེ་སར་གཡོ་ལྡན་པའི། །ཡིད་ཀྱི་པད་མཚོར་དེ་བབས་སོ། །དེ་ནས་སླུ་མེད་དཀོན་མཆོག་གསུམ། །དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀྱིས། །སྙོམ་ལས་མེད་པར་ཁྱོད་བསྲུངས་ཞེས། །ཤིས་བརྗོད་སྙིམ་པ་བསྐང་ནས་ཕུལ། །ཞེས་པའི་རྟེན་མཚོན་བྱེད་བགྲང་ཕྲེང་ལོ་ཤས་བགྱིས་པའི་ཚེ་ཡང་གི་ཕྲེང་བ་བརྒྱ་རྩ་གཅིག་ལ་ཕྱག་རྒྱས་བཏབ་པ་ཕུལ། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ཐུབ་བསྟན་དར་རྒྱས་གླིང་ནས་ཕུལ།།  ༈  །།ཡང་དེ་ཉིད་ལ་གནང་བ།། ༄། །དབོན་པོ་རྣམ་རྒྱལ་དཔལ་བཟང་པོའི་ཡི་གེ དེ་ནང་དུ་ཤར་བའི་རྟེན་དང་བཅས་པ་མ་ཉམས་པར་འདིར་འཕྲོད་པས་རྗེས་སུ་ཡི་རང༌། ཡུམ་སྲས་པ་ནི་ནིང་འོ་རྒྱལ་ཞིང་སྐུ་ཉེན་ཆེ་བ་གཅིག་བྱུང་འདུག་ནའང༌། སྐུ་ངོ་བོ་ལ་ཉེས་པས་མ་གོས་པ་བྱུང་གདའ་བ། དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། ཆོས་སྐྱོང་བསྲུངས་མ་རྣམས་ཀྱིས་བསྲུངས་སྐྱོབས་ལ་གཡེལ་བ་མི་མངའ་བའི་མཐུ་དང་ནུས་པ་ཡོངས་སུ་གྲུབ་པས་འདིར་ཡང་སྤྲོ་བ་འཕེལ་ཞིང་བསྔགས་གསོལ་དང༌། གཏང་རག་གང་ལྕོགས་ལ་འབད་པ་བགྱིས། སླར་ཡང་ཉིད་ཀྱི་སྐུ་རིམ་དང་བསྲུང་འཁོར་ལ་མི་གཡེལ་བར་བགྱིད་པ་ཡོད། བསྟན་པ་ལ་གནོད་པའི་དགྲ་བོ་དག་ལ་ནི་ཚེ་རབས་གཞན་དུ་མ་ཟད་འདིར་ཡང༌། ཆོས་སྐྱོང་བསྲུངས་མ་རྣམས་ཀྱིས་ཡལ་བར་འདོར་བ་ག་ལ་སྲིད། དེ་ནས་ཉིད་ལ་ལེགས་པར་བཤད་པའི་གཏམ་དུ་བྱ་བ་ནི། སྐྱབས་མཆོག་གསུམ་ལ་གཅིག་ཏུ་གཞོལ་གྱུར་ན། །སྐྱབས་གཞན་དག་ལ་ལྟོས་པའི་གོ་སྐབས་བྲལ། །སྐྱབས་ཀྱིས་སྐྱོབ་ཁྱོད་ཡིད་གཉིས་མ་ཟ་བར། །སྐྱབས་གནས་བཟང་པོའི་ཕྱག་ལ་བདེ་བར་འཇུས། །མང་ཐོས་ཆ་ཤས་ཉུང་དུའང་བསགས་གྱུར་ན། །མང་པོའི་ཤེས་བྱ་ཤེས་ལ་ཐོགས་པ་མེད། །ཀུན་ལ་བག་ཡོད་གཏམ་གྱིས་མགུ་བྱས་ན། །ཀུན་གྱིས་བཀུར་བའི་རྒྱལ་པོར་གདོན་མི་ཟ། །རིགས་དང་བརྒྱུད་པའི་ཆོས་ལུགས་བསྲུངས་བྱས་ན། །རིགས་བྲལ་གཞན་གྱིས་འགྲན་པའི་གོ་སྐབས་ཅི། །གཞོན་ནུའི་དུས་ནས་བསླབ་སྦྱངས་མང་མཛད་ན། །གཞོན་ནུར་གྱུར་པའི་སྐུ་དང་མཉམ་པར་ངེས། །ཡབ་དང་ཡུམ་གྱི་བཀུར་བསྟི་མ་ཉམས་ན། །ཡབ་མེས་གོང་མའི་ཆོས་སྐྱོང་བསྲུངས་མས་སྐྱོབ། །ཡིད་གཅུགས་གྱུར་པས་ཁྱོད་ལ་བག་ཕབ་པའི། །སྙིང་གཏམ་ཡིད་ཀྱི་ཟློས་གར་འདི་ལོངས་ཤིག །ཅེས་པའི་མཚོན་བྱེད་དུ་གོས་ཆེན་དམར་སྨུག་ཁ་གང་གི་ཕྱི་ཐུམ་ལ་ཐེའུ་འབྱར་བ་འབུལ། ཞིབ་ཆ་ཅུང་ཟད་གཅིག་དགེ་སློང་དགེ་འདུན་གྲགས་ཀྱི་ངག་ནས་འབུལ་བར་ཡོད་ལགས། ཧོར་ཟླ་ལྔ་པའི་ཡར་ཚེས་ལ་ཐུབ་བསྟན་གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཕུལ།།  །།མངྒ་ལཾ།། བྷ་ཝནྟུ།། ཤུ་བྷཾ།།  ༈  །།བཀའ་ཤོག རིན་པོ་ཆེའི་སྐྱེས་བཅས། གཎྜི་བཟང་པོ། གཎ་དབྱུག་དང་ཟུང་དུ་འབྲེལ་བས་དགེ་ལེགས་སུ་བྱ་བ་རྣམས། ཉམས་ཆག་མེད་པར་ཕེབས་ཤིང་འཕྲོད་པ་ལ། འདི་སྐད་ཅེས། ངོ་མཚར་ཆོས་ཀྱི་སྒྲ་དབྱངས་ལྷུར་ལེན་ཞིང༌། །མཆོག་ཚོགས་འདུས་པའི་སྡེ་ཆེན་བསྡུ་བ་ལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་ཆེན་པོ། །དེ་ཡི་རྣམ་དཀར་ཕྲིན་ལས་རྒྱས་མཛད་ཤོག །རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །ལྷ་རྣམས་དགའ་བའི་ཆོས་གསུང་རྒྱལ་བའི་སྲས། །དམ་ཆོས་འདུས་པའི་འཕྲིན་ལས་བཟང་པོ་ཅན། །གང་དེའི་བསྟན་བསྲུངས་རྒྱ་མཚོའི་ཚོགས་རྣམས་ཀྱིས། །དཔལ་ལྡན་རིགས་ཀྱི་བརྒྱུད་པ་མ་ཉམས་ཤིང༌། །ཆོས་དང་སྲིད་ཀྱི་ཆུ་ཆེན་བཞི་འདུས་པའི། །ཡ་མཚན་སྡེ་ཆེན་འཛིན་ཞིང་སྐྱོང་མཛད་པོ། །བསྲུང་ཞིང་སྐྱོབ་ལ་གཡེལ་བ་མེད་མཛད་ཤོག།  །།ཡང་ཆུ་འདུས་པའི་ཆོས་རྗེ་སངས་རྒྱམ་ལ་གནང་བ་ནི། །རྗེ་བཙུན་དམ་པ་ཆོས་རྗེའི་དྲུང༌། །ཤཱཀྱའི་སྲས་ཀྱི་ཀློག་པ་པས། །ཞུ་བ་མོལ་མཆིད་རྒྱས་བཏབ་པ། །སྟོད་གཡོགས་ཐགས་བཟང་ཁ་དོག་ཅན། །རྣམ་དཀར་དགོངས་པས་སྤྲིངས་གྱུར་པ། །རིགས་པར་འཕྲོད་པས་ཡི་རང་ཞིང༌། །དེ་ལས་འཁྲུངས་པའི་རྣམ་དཀར་བ། །དྲི་མས་སྦགས་པ་ལྟ་ཅི་འཚལ། །མཚན་མར་འཛིན་པ་ལས་གྲོལ་བ། །དེ་ཡི་འབྲས་བུ་རྣམ་གསུམ་ལས། །རྒྱུ་མཐུན་སྐུ་སྟོད་སེང་གེ་ལྟར། །རབ་རྒྱས་དབུ་འཕངས་གོང་མཐོར་བྱེད། །དེར་ཡང་མ་ཟད་ཆོས་སྨྲ་ལ། །ཡང་ཡང་སྦྱིན་པར་མཛད་ལ་སྤྲོ། །རྣམ་པར་སྨིན་པ་ལྷ་ཡུལ་དུ། །ལྷ་རྫས་ན་བཟའ་འབུམ་ཕྲག་གིས། །འཚོ་ཞིང་གང་དུ་གོས་བཟང་དང༌། །བཅས་ཏེ་འཁྲུངས་པར་འགྱུར་བ་ལགས། །བྲལ་བའི་འབྲས་བུ་འགྲོ་མང་གི །ཆེད་དུ་ཡང་དག་རྫོགས་སངས་རྒྱས། །ཉིད་ཀྱི་གོ་འཕངས་དོན་དུ་ཞེས། །བསྔོ་ཞིང་སྨོན་པར་མཛད་འཚལ་ལོ། །དེང་སང་འདི་ན་ཆོས་སྨྲ་ཉུང༌། །ཆོས་སྨྲ་ལས་ཀྱང་འཇིག་རྟེན་གྱི། །གཞུང་ལུགས་རྙིང་པ་འཛིན་བྱེད་དཀོན། །ལ་ལ་རང་ཉིད་བཙོངས་པ་ཡི། །རིན་གྱིས་མངའ་རིས་ཡངས་པོ་འཛིན། །འགའ་ཞིག་མནའ་གཞུང་བཟང་པོ་ཡིས། །རང་རང་དབང་བའི་བགོས་སྐལ་སྤྱོད། །གྱ་གྱུས་མཐོན་པོར་སོན་པ་ཡི། །གཡང་ས་གཏིང་དཔག་བསྲུངས་པར་དཀའ། །མནའ་གཞུང་བཟང་པོའི་ཐེམ་སྐས་ལ། །རིམ་གྱིས་འཛེག་པའི་གོ་འཕངས་བརྟན། །སྔོན་བསགས་འབྱོར་བའི་རྒྱ་མཚོར་ཡང༌། །བསོད་ནམས་ཆར་ཆེན་མ་ཕེབས་ན། །ལྕེ་བརྒྱ་རྐྱོང་བའི་ཆུ་འཛིན་གྱིས། །ཉིན་བཞིན་བླངས་པས་ཟད་པར་སླ། །མཆོད་དང་སྦྱིན་པའི་མཚོ་རླངས་ནི། །དམིགས་མེད་མཁའ་ལ་ཐིམ་གྱུར་ཀྱང༌། །མགྱོགས་པར་རྒྱུ་མཐུན་སྤྲིན་རུམ་ནས། །འབྱོར་པའི་ཆར་ཆེན་མྱུར་དུ་འབེབས། །གཡོ་དང་ཕྲག་དོག་མི་མངའ་བའི། །འཇིག་རྟེན་པ་དང་ཆོས་པ་དཀོན། །གཡོ་མེད་བགྱི་ལ་ཚུལ་བཞིན་དུ། །ལྷོད་པ་མེད་དེ་ཉི་མ་བཞིན། །ཕྲག་དོག་ཟེར་གྱིས་མ་གཙེས་པའི། །ཆོས་པའི་ཟླ་བ་ཆ་ཤས་གང༌། །གཞུང་ལུགས་གཉིས་པོ་རང་རང་གི །ཚུལ་བཞིན་སྐྱོང་ལ་ལྷ་མིན་གྱི། །དཔུང་ཚོགས་དགྲ་བོར་ལངས་གྱུར་ཀྱང༌། །ཐུབ་པར་དཀའ་བ་ལྷ་དབང་བཞིན། །གོ་འཕངས་མཐོན་པོར་གནས་པའི་རྗེ། །རྣམ་དཔྱོད་བཟང་དང་བརྩོན་འགྲུས་ཀྱིས། །མཁས་བཙུན་བཟང་པོའི་བྱ་བ་ལས། །ནམ་ཡང་ཉམས་པར་མ་བྱས་ན། །འཇིག་རྟེན་ལུགས་ཀྱི་ཕུན་ཚོགས་ནི། །རྒྱ་མཚོ་ཆེ་ལ་ཆུ་བོ་དང༌། །མཆོག་གྲུབ་པ་ན་ཐུན་མོང་གི །དངོས་གྲུབ་ངང་གི་འདུ་བ་བཞིན། །ཞེས་པའི་ཞུ་མཆིད་ལེགས་བཤད་ཀྱི། །ཚིག་འགའི་སྐྱེས་དང་བཅས་པ་ལ། །མཛངས་པའི་ཐུགས་ཀྱིས་མི་ཁྲེལ་བར། །བརྩེ་བའི་ཕྱག་གིས་བཞེས་པར་ཞུ།།  །། ༄༅། །བྱང་ཆུབ་ཐུགས་ཀྱིས་རྒྱུད་སྦྱངས་ཤིང༌། །ལུང་རིགས་གནས་ལ་ངེས་བྱང་བ། །འགྲོ་ཀུན་དགའ་བའི་རྒྱལ་མཚན་དཔལ། །ཕྲིན་ལས་བཟང་པོར་གྱུར་དེའི་དྲུང༌། །ཤཱཀྱའི་སྲས་ཀྱི་བསོད་སྙོམས་པས། །གཅོམ་བསྐྱུངས་ནས་ནི་མཆིད་ཤོག་གི །ལན་དུ་མཆིད་ཕྲིན་ཨཀྵ་རའི། །ཕོ་ཉས་བསྲིངས་པ་འདི་ཞུའོ། །གང་དེར་ཉེས་པའི་འཚེ་བྲལ་ཞིང༌། །ཡོན་ཏན་ཚོགས་རྣམས་ཡར་ངོ་ཡི། །ཆ་ཤས་གཏེར་བཞིན་རབ་གང་བ། །དེ་ལ་ངེས་པར་རྗེས་ཡི་རང༌། །གང་འདིར་ལྡན་དང་འདུ་བ་ཡི། །འཚེ་མེད་ལུས་ངག་ཡིད་གསུམ་ཡང༌། །ཐུགས་རྗེ་ཆེ་ལྡན་སྟོན་པ་ཡི། །བསྟན་པ་རྒྱས་པའི་དོན་དུ་བསྔོས། །གང་དེར་ལང་ཚོའི་ལྗོན་ཕྲེང་ནི། །རྣམ་དཔྱོད་མེ་ཏོག་ཆེར་འབར་བ། །དེའི་དུས་སུ་ཐོས་བསམ་གྱི། །འབྲས་བུའི་ཁུར་ཆེན་དེ་བཟུང་ཤིག །བུ་རམ་ཤིང་པའི་བསྟན་པ་ཡི། །མཛོད་འཛིན་དམ་ཅན་ཚོགས་རྣམས་ཀྱི། །ཁྱོད་ཀྱི་བཞེད་པའི་དོན་དེ་དག །བསྒྲུབ་ལ་གཡེལ་བ་མེད་གྱུར་ཅིག །གཞུང་ལུགས་རབ་འབྱམས་སྨྲ་བོ་ཡང༌། །ཆོས་ཀྱི་སྐྱེས་མང་དང་བཅས་ནས། །བར་ཆད་མེད་པར་འདིར་བྱོན་པ། །སྔོན་གྱི་དམ་བཅའི་ཁུར་ཁྱེར་ནས། །བདེན་པ་ཁོ་ན་བསྲུང་བྱེད་ཅེས། །རིགས་པའི་ལམ་དུ་གེགས་མེད་པར། །བདེ་བར་སོན་པ་དེ་བསྙེན་ནས། །རིང་དུ་བསྟི་བའི་ཆོ་ག་ཡིས། །རིགས་པའི་གནད་རྣམས་ལེན་པ་དང༌། །རྒྱལ་བའི་བཀའ་དང་རྒྱན་དྲུག་གི །གཞུང་མང་ཤིང་རྟའི་སྲོལ་ཇི་བཞིན། །དར་ཞིང་རྒྱས་པའི་ཐབས་དང་ནི། །རྟེན་འབྲེལ་མ་ལུས་འགྲིག་པར་ཤོག །ཆབ་ཤོག་རྟེན་དང་བཅས་པ་ཡང༌། །བར་ཆད་མེད་པར་འདིར་འབྱོར་བས། །དེ་དོན་ངེས་པར་སེམས་པ་དང༌། །བློ་ལ་ལྗེན་ཞིང་གཤིན་པར་བགྱིད། །བདུད་རྩིའི་ཕུར་མ་ཉུང་ཟད་ལ། །ཕྱག་རྒྱས་བཏབ་པ་འདི་ཕུལ་བ། །གསེར་མདོག་ཅན་གྱི་ནགས་ཁྲོད་ནས། །མགོ་ཡི་ཡར་ཚེས་བཅོ་ལྔ་ལའོ།།  །།  ༄༅། །ཤྲཱི་མཆོག་ཏུ་མ་ཕམ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ། ཨཀྵ་རའི་ལམ་ནས་ཉེ་བར་འོངས་པའི་མཆིད་ཕྲིན་དུ་ཞུ་བ། གང་ཉིད་འཚོ་ཞིང་བཞེས་ལ། མང་དུ་གསན་པ་དང༌། སྤོང་བ་དང་སྒོམ་པ་ལ་མངོན་པར་དགྱེས་པར་ལྷུར་མཛད་པ་ལ་གཡེང་བ་མི་མངའ་བར་གདན་ཆགས་སམ། སླར་ཡང་སྔ་མཁོ་ལས་གཞན་དུ་མི་གཡེལ་བའི་བགྱི་བ་ལྷུར་འཚལ་བ་ཁོ་ན་ཉིད་ཞུ། འདི་ནའང༌། ལེ་ལོར་གྱུར་པའི་སྟན་འཇམ་པོ་ལས་སྐྱོད་ལྡང་ཆེས་ཡང་བར་གྱུར་པ་མ་མཆིས་ནའང༌། ལྷན་ཅིག་གནས་པའི་ཚོགས་ལ་རྗེས་སུ་བསྟན་པ་ཉེ་བར་འདོམས་པ་ལ་མངོན་པར་དགའ་བར་མི་འདོར་བའི་མལ་ཙམ་དུ་མཆིས། ཞེས་ཞུ་བའི་བརྡ་མཚོན་དུ། སྦྱོར་ཆུང་ཅིག་ལ་རྒྱ་འབྱར་འབུལ། །ཟླ་བ་དྲུག་པའི་ཚེས་བརྒྱད་ལ་ཕུལ་བའི་ཞུ་ཡིག།  །།  ༄། །ན་མོ་ཝཱ་གི་ཤྭ་རཱ་ཡ། དམ་ཆོས་ཆོས་བཞིན་སྨྲ་བས་མང་པོའི་རྗེ། །མཁས་ཀུན་ཀུན་ནས་དགའ་བས་ཕྱོགས་རྣམས་ལས། །རྣམ་རྒྱལ་རྒྱལ་བས་བསྩལ་བའི་དགེ་མཚན་གྱིས། །རིང་དུ་འཚོ་ཞིང་ཞིང་འདིར་དགེ་ལེགས་ཤོག །རྗེ་བཙུན་ཀུན་དགའི་མཚན་དཀར་བ། །མང་དུ་གསན་པའི་སྤྱན་དཀྱུས་དང༌། །རྣམ་དཔྱོད་ཕྱག་རིང་རྐྱོང་མཛད་པས། །རིགས་པར་སྤྲིང་པའི་མཆིད་ཤོག་དང༌། །གང་འདིའི་ལེགས་བྱས་ཕྲ་མོ་ལ། །ཉེ་བར་སོང་པའི་ཐུགས་བརྩེ་ཡི། །འོད་དཀར་རིང་དུ་མ་འཁྱམ་པར། །རབ་མཚོན་སྐྱེས་དང་བཅས་ཏེ་ཕེབས། །འདི་ན་ཡུམ་ཆེན་རྣམ་པ་བཞི། །ཆ་མཉམ་དེ་བཞིན་གཤེགས་པ་ལྔ། །སྙོམས་ལས་བདེ་བའི་རོས་མཆོད་ཅིང༌། །ལ་ལར་ལེགས་བཤད་རོལ་མོས་ཀྱང༌། །སྙན་གྲགས་རབ་གསལ་བློ་གྲོས་ཉིན་བྱེད་སྟོང་གི་ཟེར་འཕྲོ་བའི། །ཆེ་རྣམས་ཀྱིས་ཀྱང་རྟོགས་དཀའི་སྡེ་སྣོད་དགོངས་དོན་གཏིང་ཟབ་པར། །མ་མཐའ་རྟོགས་བྱེད་རྣམ་དཔྱོད་སྒྲོན་མ་འབར་བའི་ཁ་ལོ་པ། །ཉེ་བར་བསྙེན་པའི་ལྷག་བསམ་ཟླ་གཞོན་གོང་ནས་གོང་འཕེལ་སྤྱོན། །ཅེས་པ་ཡོངས་འཛིན་འགྲམ་པ་ལས། །རབ་འཁྲུངས་དཔག་བསམ་ཐང་ཆུ་ཡི། །ཐིགས་པ་ས་ལ་སྨིན་གྱུར་པའི། །ཕུར་མར་ཕྱག་རྒྱས་བཏབ་པ་འབུལ།།  ༈  །།ཉུག་རྒྱལ་ཁང་དུ་ནང་སོ་གྲགས་པ་རྒྱལ་མཚན་ལ་གནང་བ།། ༄། །ནང་སོའི་དྲུང་དུ། ཞུ་བ། གསུང་ཤོག་རྟེན་ལྡན་རིམ་པ་གཉིས་སུ་ཕེབས་པས་ཐུགས་རྗེས་བཟུང་ལགས། དེ་སྐབས་ཀྱི་ཞུ་ལན་འགྱངས་པ་ལ་ཐུགས་ཀྱིས་མི་བས་པར་ཞུ། ཞེས་དྲང་སྲོང་ཆེན་པོའི་རྗེས་སུ་འཇུག་པ་དག་གི་ལེགས་པར་བཤད་པའི་སྐྱེས་སུ་བགྱི་བའི་མཚོན་བྱེད་ནི། སྐབས་དེར་མཱ་ལི་ཀཱ་ཕྲེང་དག །མགུལ་པར་འཆང་ཞིང་ཟླ་བ་ཡི། །འོད་ཟེར་ཅོད་པཎ་རྩེར་བཟུང་བའི། །དབྱངས་ཅན་ཞལ་གྱི་སྦྲང་རྩི་དགེ །རྒྱལ་པོ་ཁྱོད་ཀྱི་རྣམ་དཔྱོད་ནི། །ལུགས་གཉིས་བལྟ་བའི་མུན་པ་དང༌། །མཐར་བྱེད་ཕོ་ཉའི་ཞགས་པ་དང༌། །ཕྲ་དོག་རྩུབ་མོའི་ལམ་ལས་ཀྱང༌། །ལུས་མེད་ཀྱིས་འཕངས་མེ་ཏོག་མདས། །ལང་ཚོ་ཅན་གྱི་ཡིད་གཡོ་བྱེད། །མཁས་པའི་ལེགས་བཤད་མདའ་གཅིག་གིས། །བློ་གསལ་ཡིད་ཀྱི་ཤིང་རྟ་ཡང༌། །གང་ཁྱོད་ལུགས་བརྒྱ་བལྟ་བ་ཡི། །བློ་གྲོས་ངལ་བ་དེས་ཅི་བྱ། །ངེས་དོན་སྦྲང་རྩི་གཅིག་མྱོང་ན། །རྨོངས་པའི་མུན་ཆེན་ཀུན་ལ་གྲོལ། །ཀུན་ལ་བཟོད་པས་སྲན་ཚུགས་ན། །འཇིག་རྟེན་པ་ཀུན་དགའ་བ་སྐྱེད། །ལང་ཚོ་ལྡན་པའི་མཛེས་སྡུག་གིས། །ཀུན་གྱི་ཡིད་རབ་འཛིན་མིན་ནམ། །ཁྱོད་ཀྱི་མཁྱེན་དང་ཉི་མ་ཡི། །ཁྱད་པར་ཉི་མ་མཁའ་ལ་འགྲོ། །ཁྱོད་བློ་རིག་གནས་གཞུང་བརྒྱ་ལས། །གཞན་དུ་འཕོ་བ་ག་ལ་སྲིད། །སྦྲང་རྩི་འཛིན་པའི་ལང་ཚོ་ཅན། །དར་ལ་བབ་པའི་པད་མཚོར་རོལ། །རེས་འགའ་ཛཱ་ཏིའི་མེ་ཏོག་ཀྱང༌། །དགའ་བས་དང་དུ་ལེན་མིན་ནམ། །དངུལ་དཀར་གསལ་བའི་མེ་ལོང་ཅན། །ག་བུར་གཞོན་ནུའི་བླ་གོས་དང༌། །ཙནྡན་བྱུག་སྤོས་ཀྱིས་བསིལ་བའི། །ཁེངས་ལྡན་མ་འདི་གཉིས་སྐྱེས་ཀྱི། །དབང་ཕྱུག་ཉིད་དམ་ཡང་ན་ནི། །རབ་དཀར་ངང་མོ་ཨུཏྤལ་གྱི། །ཕྲེང་འཛིན་ཨནྡྲ་རྙིལ་གང་གི །ཆུ་གཏེར་དྭངས་པའི་དབུས་བཞུགས་པའོ།།  །།ཐོས་དང་བསམ་དང་སྒོམ་དང་དགེ །འཆད་དང་རྩོད་དང་རྩོམ་པ་འདི། །སྣང་བཞིན་སྟོང་ངོ་སྟོང་བཞིན་སྣང༌། །དགྱེས་ཕྱིར་ཕུལ་ལོ་ཕུལ་ཕྱིར་དགྱེས། །ཟླ་བའི་ཞལ་ཅན་སྔོ་སངས་མ། །མཚན་མོར་གྱུར་ནས་བཞིན་གསལ་བ། །གང་འདིའི་མཛའ་བོ་བདེ་འབྱུང་གི །གཙུག་རྒྱན་བསིལ་བ་མིན་པའང་ཡོད། །གསེར་གྱི་རི་བོའི་ཤིང་རྟ་ལ། །རབ་ཞོན་རྒྱ་མཚོའི་བང་རིམ་ཅན། །ཕྱོགས་ཕྲག་ཕྱོགས་སུ་བསྐོར་བྱས་པས། །སྣང་བྱེད་དགྲ་བོ་དྲུངས་ཕྱིན་ནོ། །དེ་ལྟར་གཟུགས་ཅན་གསལ་བྱེད་དང༌། །སྐོར་བ་ཅན་དང་འགོག་པ་དང༌། །དོན་གཞན་བཀོད་དང་ལྡོག་པ་ཅན། །བསྡུས་དང་ཕུལ་བྱུང་རྒྱན་རྣམས་ཀྱིས། །རྣམ་གསལ་དཔེར་བརྗོད་རེ་རེ་དང༌། །སྒྲ་དང་གབ་ཚིག་རྒྱན་གྱི་ཡང༌། །རྣམ་གསལ་དཔེར་བརྗོད་རེ་རེ་འབུལ། །གངས་ཅན་འདི་ན་དབྱངས་ཅན་གྱིས། །རྗེས་བཟུང་རྣམས་ཀྱི་བསྟན་བཅོས་ནི། །ངག་གི་དབང་ཕྱུག་ལ་དགའ་བའི། །འདོད་པ་འཇོ་བའི་ཁྱུ་མཆོག་ཡིན། །ཞེས་འདི་གསེར་མདོག་འཛིན་པ་ཡི། །དྲང་སྲོང་དབྱངས་ཅན་ལ་དགའ་བས། །གྲགས་ལྡན་དབེན་ཤྲཱིའི་གདུང་འཛིན་གྱི། །སྤྱན་ཟུང་འཛིན་པའི་དཔལ་དུ་ཕུལ། །ཁྲུམས་ཀྱི་ཉ་གང་བའི་ཡར་ཚེས་དྲུག་ལ། གསེར་མདོག་ཅན་ནས་ཕུལ་བའི་ཞུ་ཡིག།  །།མངྒ་ལཾ།།  །།བྷ་ཝནྟུ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*