སྤྲིང་ཡིག་དང༌། ཆབ་ཤོག་གི་སྐོར།

༼ཙ༽༄༅། །སྤྲིངས་ཡིག་དང༌། ཆབ་ཤོག་གི་སྐོར་བཞུགས་སོ།།

སྭསྟི། ཚོགས་གཉིས་ཆུ་གཏེར་བཞི་ཡི་སྐ་རགས་ཅན། །ཕྲིན་ལས་རིན་ཆེན་རྣམ་བཞིའི་མདངས་གསལ་བའི། །ཐུབ་དབང་བདེ་འབྱུང་རྐང་པའི་ལྷུན་པོ་ནི། །འཕགས་ཡུལ་བདུད་རྩིའི་རོལ་མཚོ་དེར་འཁྲུངས་སོ། །ཁོར་ཡུག་གངས་ཀྱིས་བསྐོར་བའི་ཆུ་གཏེར་འདིར། །བོད་འབངས་ཨུཏྤལ་སྐྱོང་མཛད་པད་དཀར་གཉེན། །སྤྱན་རས་གཟིགས་དབང་མཚན་མོའི་ཉི་མ་དེ། །ས་སྐྱོང་ཟླ་བའི་གཟུགས་སུ་གསལ་བར་ཤར། །དེ་ནས་ཕུན་ཚོགས་འཆར་ཁའི་ཐུན་མཚམས་སུ། །ས་ཆེན་ཆོས་ཀྱི་སྣང་བས་འགེངས་མཛད་པའི། །ཀ་ཅོག་ཞང་གསུམ་སྤྲུལ་པའི་ཉི་མ་ཤར། །རང་རང་མཛད་པ་ཟིན་ནས་དལ་གྱིས་བཞུད། །དེ་རྗེས་སྔགས་གཞུང་གསར་པའི་རི་བོང་ཅན། །ཡོངས་རྫོགས་བསྟན་པའི་འོད་དཀར་སྤྲོ་མཛད་པ། །རིན་ཆེན་ཕྲིན་ལས་བཟང་པོའི་ཟླ་བ་ཤར། །རིག་འཛིན་ནུབ་ཀྱི་ཁྲི་ལ་རིམ་གྱི་གཟིམས། །བུ་སློབ་ཉིང་སློབ་རྒྱུ་སྐར་ཁོར་ཡུག་ཅན། །འཆར་ནུབ་རེས་ཀྱིས་བསྟན་འཛིན་མཛད་པ་ཡི། །བློ་བཟང་ཟླ་བ་གཉིས་པ་རྔོ་ལོའི་ཞབས། །གསལ་བར་ཤར་ནས་ཆོས་དབྱིངས་གནས་སུ་གཤེགས། །འཇམ་དཔལ་ཡིད་འཕྲོག་འཇིགས་མེད་སེང་གེའི་ཞབས། །ཆེར་འོངས་ཡོངས་ཀྱི་རལ་པའི་རྩེར་འཛེགས་ནས། །མདོ་རྒྱུད་རིག་གཞུང་ཤར་རིའི་ཕྲག་པ་ནས། །ས་སྐྱ་པཎ་ཆེན་ཆོས་ཀྱི་ཉི་མ་ཤར། །གཟུ་བོར་གཟིགས་པའི་རྣམ་དཔྱོད་མཐོན་པོའི་རྩེར། །ཡོངས་རྫོགས་བསྟན་པའི་རིན་ཆེན་ལེགས་གཟུང་ནས། །གྲུབ་མཐའ་མ་ལུས་འབྱེད་པའི་མཁྱེན་རབ་ཅན། །བུ་སྟོན་ཁ་ཆེས་བསྟན་པའི་སྒྲོན་མེ་བཏེག །དེ་ལས་གཞན་པའི་གྲགས་པ་ཆེ་ལྡན་དག །གཟུ་བོར་བཞུགས་པའི་ཆོས་བློས་མི་དཔྱོད་པར། །རང་འདོད་གྲུབ་མཐའི་དབང་གིས་གཞུང་མང་ཞིག །འཁྱོག་པོའི་ལམ་དུ་དྲངས་པར་གདོན་མི་ཟ། །དཔྱོད་ལྡན་གཞུང་བཞིན་མཛད་པ་འགའ་ཞིག་ནི། །རང་ཉིད་འཁྱོག་པའི་སྲོལ་དུ་མི་འཇུག་པ། །ཙམ་ཞིག་ཐུབ་བསྟན་སྙིང་པོ་ཡིན་པར་དགོངས། །དེ་རྗེས་འཇུག་པའི་བསྟན་པའི་རྒྱུན་ཙམ་སྣང༌། །དེང་སང་ཉན་དང་བཤད་འདོད་དེ་དག་ཀུན། །ཚད་ལྡན་གཞུང་གི་ཆ་ཙམ་མི་ཀློག་པར། །ཁུངས་མེད་ཚིག་གི་རི་མོ་འབུམ་ཕྲག་ཙམ། །ཉན་བཤད་བགྱིད་པའི་ངལ་བ་འདི་ཀོ་མཚར། །དོན་འདི་ལེགས་པར་དགོངས་ལ་བསྟན་འཛིན་ཀུན། །མཐའ་ཡས་འགྲོ་བའི་དོན་ཕྱིར་རྒྱལ་བ་ཡི། །བསྟན་པའི་སྙིང་པོ་འཛིན་པར་ཐུགས་བསྐྱེད་ལ། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་གཞུང་བཟང་པོ། །རྒན་རབས་མཁས་པའི་བཤད་སྲོལ་ཇི་བཞིན་དུ། །ནན་ཏན་སྙིང་པོར་མཛོད་ཅིག་གསོལ་བ་འདེབས། །བསམ་པ་ཐག་པས་ཐལ་མོ་ཅི་ཡང་སྦྱོར། །སྙན་པར་སྒྲོགས་ཤིང་རྗེས་སུ་ཡི་རང་ངོ༌། །རྒྱ་བོད་ཀྱི་སྟོན་པ་གཉིས་ལ་མཆོད་པར་བརྗོད་དེ་གངས་ཅན་གྱི་རྒྱན་བདུན་གྱི་བཀའ་དྲིན་རྗེས་སུ་དྲན་ནས། མཚན་ཉིད་པ་རྣམས་ཀྱི་ཕྱག་ཏུ་སྤྲིངས་པ། བསྟན་པ་ལ་གུས་པར་བྱ་བའི་དབྱངས་ཞེས་བྱ་བའོ།།  །།  ༄། །ཨོཾ་སྭསྟི། ཤྲཱི་མཆོག་ཏུ་མ་ཕམ་པ་དོན་དམ་དབྱིངས་ཀྱི་རྡོ་རྗེ་གསུང་གིས། ངེས་དོན་མཛད་ཀྱི་ལྡེ་མིག་འཛིན་པའི་དངར་ཁ་ཆེའི་གཏམ་ཁ་བ་ཅན་གྱི་ལྗོངས་ན་རྒྱུ་ཞིང༌། བྱམས་པའི་ཆོས་ཀྱི་ངེས་དོན་འཆད་པའི་སློབ་དཔོན་རྣམས་དང༌། དེས་བཤད་པ་བཞིན་ལེན་པའི་སློབ་མ་རྣམས་དང༌། རྒོལ་བ་དང༌། ཕྱིར་རྒོལ་དང༌། གཟུ་བོའི་རྣམ་དཔྱོད་ཅན་དུ་ཁས་ལེན་པར་བྱེད་པ་དག་ལ་གོ་བར་བྱེད་པའི་གཏམ། སྐལ་ལྡན་ཤིང་རྟའི་ལམ་པོ་ཆེ་ཞེས་བྱ་བ་འདི་ལ། ཡིད་རབ་ཏུ་བསྒྲིམས་ནས་གཟུ་བོར་གྱུར་པའི་རྣ་བ་གཏོད་པར་གྱིས་ཤིག དེ་ཡང་འདི་ལྟར། ཁྱོད་ལ་ལ་དག་གིས་བྱམས་པའི་གཞུང་བར་པ་གསུམ་པོ་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་གྱི་གཞུང་ངོ༌། །ཞེས་གསལ་བར་སྒྲོག་པ་ཞིག་སྣང་བ་འདི་ཚིག་ཙམ་མ་ཡིན་པར་ངེས་པའི་དོན་ལ་འཆད་རྒྱུ་ཡིན་ན། གཞུང་གསུམ་པོ་དེ་རྗེ་བཙུན་ཉིད་ཀྱིས་དབུ་མར་བཀྲལ་བ་དང་འགལ། སེམས་ཙམ་ལས་གོང་དུ་འདས་པར་བཤད་པ་དང་མ་མཐུན། ཐོགས་མེད་མཆེད་གཉིས་ཀྱིས་བྱམས་པའི་གཞུང་གསུམ་ལ་འཇུག་པའི་ཤིང་རྟའི་སྲོལ་ཕྱེ་བ་ལས་རིང་དུ་འཁྱམས་ཤིང༌། ཆོས་ཀྱི་གྲགས་པའི་ངེས་དོན་གྱི་རྒྱ་མཚོར་འཇུག་པའི་རིགས་པའི་ལམ་སྲོལ་བླ་མའི་ཡང་བླ་མར་གྱུར་པ་དག་ཕྱེ་བ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ཡང་དག་པ་མ་ཡིན་ནོ། །གལ་ཏེ་གཞུང་དེ་དག་ཏུ་བཤད་པའི་གཉིས་མེད་ཀྱི་ཡེ་ཤེས་དེ་དོན་དམ་པའི་བདེན་པ་དངོས་སུ་ཁས་མི་ལེན་ན། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས་གསུང་པའི་དོན་དམ་པའི་ཡེ་ཤེས་སེམས་དཔའ་དང༌། གསང་བ་འདུས་པ་ལ་སོགས་པའི་སེམས་ཀྱི་རྡོ་རྗེ་དང༌། དུས་ཀྱི་འཁོར་ལོ་སོགས་ནས་འབྱུང་བའི་མཆོག་ཏུ་མི་འགྱུར་བའི་བདེ་བ་དང༌། དགྱེས་པ་རྡོ་རྗེ་སོགས་ནས་གསུངས་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་དོན་དམ་པའི་བདེན་པ་ཉིད་དུ་ཁས་ལེན་དུ་མི་རུང་བར་འགྱུར་རོ། །འཕགས་པ་ཐོགས་མེད་དང༌། ཆོས་ཀྱི་གྲགས་པའི་ཞབས་ཀྱིས་ཀྱང༌། རང་རང་གིས་མངོན་སུམ་དུ་གཟིགས་པའི་དེ་ཁོ་ན་ཉིད་མཐར་ཐུག་པ་དེ་རང་རང་གིས་མཛད་པའི་ཐེག་པ་ཆེན་པོའི་བསྟན་འཆོས་རྣམས་སུ་མ་བསྟན་ན་ངེས་པའི་དོན་མ་ཡིན་པ་ཞིག་དེར་བསྟན་པས། བསྟན་པའི་ཉིང་ཁུ་ལ་གནོད་པ་མཛད་པར་འགྱུར་ཞིང༌། རྒྱལ་བས་དྲང་ངེས་འབྱེད་པར་ལུང་བསྟན་པ་དེ་དག་ཀྱང་དོན་མ་ཡིན་པ་བསྟན་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཐོགས་མེད་ཞབས་ཀྱིས། རྒྱུད་བླ་མའི་བསྟན་འཆོས་ངེས་དོན་དུ་བཀྲལ་བས་ནོངས་པ་མེད་དོ་སྙམ་དུ་སེམས་ན་ནི། ཐོགས་མེད་ཞབས་ཀྱིས་རྒྱུད་བླ་མར་བཀྲལ་བའི་ངེས་དོན་དེ་དང་དབྱིག་གཉེན་ཞབས་ཀྱིས་གཞུང་གསུམ་པོའི་འགྲེལ་པར་བཀྲལ་བའི་ངེས་དོན་དེ་གཉིས་ཀྱི་ཁྱད་པར་ནི་སུས་ཀྱང་དབྱེ་བར་ནུས་པ་མ་ཡིན་ཏེ། དེ་གཉིས་ཀས་ཀྱང་དགག་གཞི་གཞན་དབང་གི་སྟེང་དུ་དགག་བྱ་གཟུང་འཛིན་ཀུན་བརྟགས་གཉིས་ཀྱིས་སྟོང་པའི་འགྱུར་མེད་ཡོངས་གྲུབ་དེ་ངེས་དོན་མཐར་ཐུག་ཏུ་བཤད་པ་ལ་ཁྱད་པར་མེད་པའི་ཕྱིར། དེ་བས་ན་དབུ་མ་ནི་གཉིས་ཏེ། ཀླུ་སྒྲུབ་ཞབས་ཀྱིས་ཕྱེ་བའི་ལམ་སྲོལ་ལས་བྱུང་བ་དང༌། ཐོགས་མེད་ཞབས་ཀྱིས་ཕྱེ་བའི་ལམ་སྲོལ་ལས་འབྱུང་བ་གཉིས་སོ། །སྲོལ་གཉིས་པོའི་དོན་དམ་རང་གི་ངོ་བོ་ལ་མཉམ་གཞག་གི་དབྱིངས་ན་ཟབ་མི་ཟབ་ཀྱི་ཁྱད་པར་མེད་ཀྱང༌། རང་སྟོང་དང་གཞན་སྟོང་གི་དབྱེ་བས་རྗེས་ཐོབ་ཏུ་གཏན་ལ་འབེབས་ཚུལ་མི་འདྲ་བ་གཉིས་ཡིན་ནོ། །ཞེས་བྱ་བ་འདི་དག་བློ་བ་ལ་གཤིན་ཞིང་འཇེན་པར་བྱོས་ཤིག།  །།ཤུ་བྷཾ།། ༄༅། །ཨེ་མ་ཧོ། མི་ཕམ་གསུང་གི་དབང་ཕྱུག་བྱམས་པའི་ལུང་གིས། དཔལ་སྟོང་ཉིད་སེམས་ཀྱི་རྡོ་རྗེའི་གཏམ། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཀྱི་རྒྱ་མཚོར་གནས་བཅས་ནས་ཅི་དགར་རོལ་པའི་རྣལ་འབྱོར་སྤྱོད་པ་པ་དག་ལ་གོ་བར་བྱེད་པ་འདི་ལྟ་སྟེ། གང་ཡང་ཁ་བ་ཅན་གྱི་ལྗོངས་འདི་ན་རྣམ་བརྫུན་སྨྲ་བའི་རྣལ་འབྱོར་སྤྱོད་པ་དག་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་པ་ཡིན་ནོ་ཞེས་གསལ་བར་སྒྲོགས་པ་དང་འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་བྱ་བ་དོན་དམ་པའི་བདེན་པ་མཆོག་ཏུ་གྱུར་པ་དེ། དགག་བྱ་གཟུང་འཛིན་རྫས་གཞན་བཀག་ཙམ་གྱི་མེད་པར་དགག་པ་ལ་ངོས་འཛིན་པ་ཡིན་གྱི། དངོས་པོར་གྲུབ་པ་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་འཆད་པ་དེ་དང་དེ་དག་ནི་རྣལ་འབྱོར་སྤྱོད་པའི་ལུང་དང་མ་མཐུན་ཞིང༌། ཕྱོགས་གླང་གྲགས་པའི་རིགས་པ་དང་འགལ་བས་དོར་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ཡང་གང་གི་ཕྱིར་ན་རྣམ་བརྫུན་པ་སེམས་ཙམ་པར་ཁས་ལེན་ན། ལང་ཀར་གཤེགས་པ་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །ཞེས་དང༌། རྗེ་བཙུན་གྱིས། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་རྣམ་བརྫུན་སྨྲ་བས་དོན་སྣང་གི་སེམས་བདེན་མེད་གཏན་ལ་འབེབས་པར་བཤད་པ་དང༌། དབྱིག་གཉེན་ཞབས་ཀྱིས། གཟུང་བ་མེད་ན་དེ་འཛིན་མེད། །ཅེས་གཟུང་བ་ཕྱི་རོལ་གྱི་དོན་མེད་པའི་རྟགས་ཀྱིས་དོན་སྣང་གི་ཤེས་པ་བདེན་མེད་དུ་གཏན་ལ་འབེབས་པར་བཤད་པ་དང༌། རིགས་པ་མཁྱེན་པས། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གཅིག་དང་དུ་བྲལ་གྱི་རིགས་པས་དོན་སྣང་གི་ཤེས་པ་བདེན་མེད་དུ་གཏན་ལ་འབེབས་པར་བཤད་པའི་ཕྱིར་སེམས་ཙམ་པ་མ་ཡིན་ནོ། །གང་ཡང་ཁྱེད་ཀྱིས་སྟོང་ཉིད་མེད་དགག་ཏུ་ཁས་ལེན་པ་འདི་ཡང་ལུང་དང་མ་མཐུན་ཞིང༌། རིགས་པ་དང་འགལ་ལོ། །གང་གི་ཕྱིར་ན་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་སྟོང་པ་ཉིད་ཀྱི་མཚན་ཉིད་སྟོན་པ་ན། གཉིས་དངོས་མེད་པའི་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་དང༌། དབྱིག་གཉེན་ཞབས་ཀྱིས། སྟོང་པ་ཉིད་ཀྱི་མཚན་གཞི་འཆད་པ་ན། འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་དེ་བཞིན་ཉིད་ནི། སྤྱིར་དངོས་པོ་དང༌། བྱེ་བྲག་ཏུ་རྣམ་པར་རིག་པ་ཙམ་དུ་གསུངས་པ་ཡིན་ནོ། །དེ་མེད་པར་དགག་པ་ཉིད་དུ་ཁས་བླངས་ན་ཕྱོགས་གླང་གྲགས་པའི་རིགས་པ་དང་ཤིན་ཏུ་འགལ་བ་ཡིན་ཏེ། མངོན་སུམ་མཐའ་དག་ནི་དོན་རང་མཚན་ཁོ་ནའི་སྤྱོད་ཡུལ་ཅན་དུ་འཆད་པའི་ཕྱིར་རོ། །ཞེས་བྱ་བ་འདི་དག་ངེས་པར་གཟུང་ལ། རྣམ་བརྫུན་སྨྲ་བའི་རྣལ་འབྱོར་སྤྱོད་པ་པ་འདི་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སེམས་ཀྱི་རྡོ་རྗེར་འཇོག་པའི་ལྟ་བ་ལ་གནས་ནས་དབུ་མ་རིན་པོ་ཆེའི་ཁང་བཟང་དུ། གྲུབ་མཐའ་སྨྲ་བ་རྣམ་བཞིའི་སེང་ཆེན་གྱིས་བཏེག་པའི་ཁྲི་མཐོན་པོ་ལ་བདེ་བར་འཁོད་དུ་ཆུག་ཤིག།  །། ༄༅། །སྭསྟི། ཤྲཱི་མཆོག་ཏུ་མ་ཕམ་པ་ཐོགས་མེད་ཞབས་ཀྱི་ལུང༌། དཔལ་མཐའ་གཉིས་སེལ་བྱེད་བདེ་བའི་བློ་གྲོས་ཀྱི་གཏམ། ཐོགས་མེད་ཞབས་ཀྱིས་བྱམས་པའི་གཞུང་གི་ངེས་དོན་རང་སྟོང་གི་ལམ་དུ་བཀྲལ་བ་ཡིན་ནོ་ཞེས་ཟེར་བ་དང༌། ཡང་ལ་ལ་དག དེས་རྒྱུད་བླ་མའི་དགོངས་པ་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གཞུང་ལུགས་སུ་བཀྲལ་བ་ཡིན་ནོ་ཞེས་ཟེར་བ་དག་ལ་གོ་བར་བྱེད་པའི་ཕོ་ཉས་གསལ་བར་སྨྲས་པ་འདི་ལྟ་སྟེ། ཁྱེད་ཅག་རང་ཉིད་ཀྱིས་ཐོགས་མེད་ཞབས་ཀྱིས་དབུ་མར་བཀྲལ་བ་ཉིད་དུ་ཁས་བླངས་པའི་བསྟན་འཆོས་གཉིས་སུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱི་ཤླཽ་ཀ་གཅིག་མཐུན་པར་བྱུང་བ་དེ་ཐོགས་མེད་ཞབས་ཀྱིས། རྒྱུད་བླ་མའི་འགྲེལ་པར་གཞན་སྟོང་གི་ཚུལ་དུ་བཀྲལ་བར་མངོན་སུམ་གྱིས་གྲུབ་པ་ལ་སུས་ཀྱང་བསྙོན་པར་མི་ནུས་པས་ཁྱེད་ཀྱི་འདོད་པ་དང་པོ་དེ་ཉམས། ཡང་ཐོགས་མེད་ཞབས་ཀྱིས་རྒྱུད་བླ་མའི་འགྲེལ་པར། དཔལ་ཕྲེང་གི་མདོ་ཚད་མར་བྱས་ནས་ཉན་རང་«་་་་་སྡེ་ལྔ་ནི་གཞན་སྟོང་གི་ཚུལ། »ལྷག་མེད་དུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བཤད་པས། ཁྱེད་ཀྱི་འདོད་པ་གཉིས་པ་དེ་ཉམས་སོ། །མདོར་ན་ཐོགས་མེད་ཞབས་ཀྱིས་མངོན་པར་རྟོགས་པའི་རྒྱན་དང༌། རྒྱུད་བླ་མའི་ལྟ་བ་རང་སྟོང་གི་ཚུལ་དུ་བཀྲལ་བ་ཟེར་བ་ཡིན་གྱི་ཚུལ་བཀྲལ་བར་མངོན་སུམ་གྱིས་མཐོང་བ་དང་འགལ། སེམས་རང་བཞིན་གྱིས་འོད་གསལ་བ་དྲི་མའི་སྦྱང་གཞིར་ཁས་ལེན་པ་དང༌། གཞན་སྟོང་གི་ལྟ་བ་ཁས་མི་ལེན་པ་འགལ། དྲི་བཅས་དེ་བཞིན་ཉིད་སངས་རྒྱས་ཀྱི་སྙིང་པོར་ཁས་ལེན་པ་དང༌། གཞན་སྟོང་གི་ལྟ་བ་རང་ལུགས་སུ་ཁས་མི་ལེན་པ་འགལ། གཞན་སྟོང་གི་ལྟ་བས་ཤེས་སྒྲིབ་སྤོང་མི་ནུས་པར་འདོད་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་དེ་གནས་ལུགས་ཀྱི་དོན་དུ་ཁས་ལེན་པ་འགལ། གཞན་སྟོང་གི་ལྟ་བ་དངོས་སྨྲ་བའི་ལྟ་བར་འདོད་པ་དང༌། སྟོང་ཉིད་དམ་པའི་བདེན་པར་ཁས་ལེན་པ་འགལ། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཁས་ལེན་པ་དང༌། སྟོང་པ་ཉིད་ཅེས་བྱ་བ་དེ་རང་བཞིན་དང་གནས་ལུགས་སུ་ཁས་ལེན་པ་འགལ། རྒྱུད་བླ་མའི་བསྟན་འཆོས་ཀྱིས་རང་སྟོང་གི་ལྟ་བ་ཁོ་ན་བསྟན་པར་འདོད་ན། ཇི་སྐད་དུ། ཡང་དག་མཐའ་ནི་འདུས་བྱས་ཀྱི། །ཞེས་སོགས་ཀྱིས་འཁོར་ལོ་བར་པའི་དགོངས་པ་གཞན་སྟོང་གི་ཚུལ་དུ་བཀྲལ་བ་དང་འགལ། མངོན་པར་རྟོགས་པའི་རྒྱན་གྱི་དགོངས་པ་རང་སྟོང་ཁོ་ནར་གནས་ན། རྒྱན་རྩ་བར། སྤྱིར་ཆོས་རྣམས་རང་གི་ངོ་བོས་སྟོང་ངོ་ཞེས་བཤད་པ་དང༌། ཁྱད་པར་གཞན་དབང་དང་ཡོངས་གྲུབ་རང་གི་ངོ་བོས་སྟོང་པའི་བཤད་པ་ཟུར་ཙམ་ཡང་མི་འབྱུང་བ་དང་འགལ་ལོ། །དེའི་ཕྱིར་གཞན་སྟོང་གི་ལྟ་བ་ཤེས་སྒྲིབ་ཀྱི་ས་བོན་སྤོང་བ་མི་ནུས་སོ། །ཤེས་སྨྲ་བ་དེ་འདོར་བར་གྱིས་ཤིག གཞན་སྟོང་སྨྲ་བའི་མཉམ་གཞག་གི་འཛིན་སྟངས་སྤྲོལ་བྲལ་དང༌། བརྗོད་མེད་དང༌། གཉིས་མེད་ཀྱི་ངང་ལ་མཉམ་པར་འཇོག་དགོས་པའི་ཚུལ་དེ་དག་མ་བསླབ་པར་སྟོང་ཉིད་རང་སྟོང་དུ་ཁས་མ་བླངས་ན་ལྟ་བའི་དུག་ཁས་བླངས་པར་འགྱུར་རོ། །ཞེས་ཟེར་བ་དེ་ཡང་འདོར་བར་གྱིས་ཤིག རྗེས་ཐོབ་ཏུ་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ་སྟོང་པ་ཉིད་ཀྱི་ངོ་བོ་རང་སྟོང་དུ་ཁས་བླངས་པ་ཙམ་གྱིས་ལྟ་བའི་དུག་ཁས་བླངས་པར་འགྱུར་ན། མྱ་ངན་འདས་པ་བདེན་གཅིག་པོ། །ཞེས་པའི་ལུང་གི་དོན་ཡང་འདོར་བར་བྱེད་དགོས་པ་མ་ཡིན་ནམ། ཡང་རྒྱུད་བླ་མའི་ལྟ་བ་སེམས་ཙམ་དུ་གནས་ན་དེར་ཀུན་རྫོབ་ཀྱི་སྣང་བ་སེམས་སུ་མ་བཤད་པ་དང་འགལ་བ་དང༌། གཟུང་འཛིན་གཉིས་མེད་དུ་བཤད་པ་དང་མ་མཐུན་པ་དང༌། འཛིན་པ་སྒྱུ་མ་ལྟ་བུར་བཤད་པས་གནོད་པ་དང༌། མ་རིག་བག་ཆགས་ཀྱིས་དང་ཟག་མེད་ཀྱི་ལས་ཞེས་བྱ་བ་སེམས་ཙམ་གྱི་གཞུང་ལུགས་སུ་མ་གྲགས་པའི་སྒྲིབ་པ་བཤད་པས་གནོད་པ་དང༌། ཉན་རང་ལྷག་མེད་དུ་འདས་པ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བཤད་པས་སེམས་ཙམ་པའི་ལུགས་ལས་ཉམས་པ་དང༌། ལྷག་མེད་མྱང་འདས་ལས་ལངས་ནས་སྲིད་པར་སྐྱེ་བ་ལེན་པ་གཅིག་བཤད་པས་སེམས་ཙམ་གྱི་གཞུང་ལུགས་འཇིག་པ་དང༌། འདི་ནས་བཤད་པའི་ལྟ་བ་དབུ་མའི་ལྟ་བ་དང༌། ངེས་དོན་མཐར་ཐུག་པའི་ལྟ་བ་ཡིན་པར་རྗེ་བཙུན་རང་ཉིད་ཀྱིས་གསུངས་པ་དང་ཤིན་ཏུ་མི་མཐུན་པས། རྒྱན་དང་རྒྱུད་བླ་མའི་དགོངས་པ་སེམས་ཙམ་དུ་གནས་སོ་ཞེས་བྱ་བའི་ལུགས་ངན་པ་དེ་ཡང་འདོར་བར་གྱིས་ཤིག།  །།ཤུ་བྷཾ།།  ༄༅། །ཨོཾ་སྐྱེ་དགུ་མཐའ་དག་ལ་དགེ་ལེགས་སུ་བྱ་བ་གྲུབ་པར་གྱུར་ཅིག མཐའ་བྲལ་ཆེན་པོའི་ཡང་ཐོག་གི་རྩེ་མོ་ནས། ནཱ་གཱརྫུ་ན་ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་ལུང་གིས། ཤྲཱི་མཆོག་ཏུ་མ་ཕམ་པའི་གསེར་ཡིག་འཆང་བའི་གཏམ། ཡུལ་བྱང་ཕྱོགས་ཀྱི་དབུ་མ་རང་རྒྱུད་དུ་སྨྲ་བ་རྣམས་ལ་གོ་བར་བྱེད་པ་འདི་དག་བསྒྲིམས་པར་གཟུང་ཤིག ཁྱེད་ཅག་སྟོང་ཉིད་ཀྱི་ལྟ་བ་རང་སྟོང་གི་ཚུལ་དུ་སྨྲ་བའི་དབུ་མ་པ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་མཐའ་དག་རིགས་པར་རྙེད་ནས། མཐའ་བྲལ་གྱི་གཞུང་ལུགས་མང་པོས་ས་ཆེན་པོའི་ལྗོངས་ཉིན་མོར་མཛད་པ་ཞིག་ཡིན་པ་ལ། ཕྱིས་གངས་ཅན་གྱི་ལྗོངས་སུ་ཁྱེད་རང་གིས་མི་འདོད་པའི་གྲུབ་པའི་མཐའ་ཆེན་པོའི་ཁུར་ལྕི་བས་ནོན་ནས། ལེགས་བཤད་ཀྱི་འོད་དེར་སྤྲོ་བར་མ་ནུས་པས། མུན་པའི་གནས་སུ་ལྡོངས་པར་གྱུར་པ་དག་མཐོང་ནས་ཁོ་བོས་བདེན་བརྫུན་གྱི་ཤན་དྲང་པོར་འབྱེད་པའི་གཏམ་ཆེན་པོ་ཞིག་སྨྲ་བར་བྱ་ཡིས། མགྱོགས་པར་ལོངས་ལ་གཟེངས་གཏོད་པར་བྱོས་ཤིག དེ་ཡང་ཁྱེད་ཀྱིས། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་ཤིང༌། དངོས་པོ་རྣམས་བདེན་པ་མེད་པ་ཉིད་དུ་ཡང་ཁས་བླངས་པར་བཤད་ནས། དེ་ལྟར་ཁས་བླངས་པའི་གྲུབ་པའི་མཐའ་འདི་ལ་དབུ་མ་ཐལ་འགྱུར་སྨྲ་བ་དག་གིས་བལྟས་པ་ན། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་མ་རྙེད་པར་མཐོང་ནས། ཇི་སྐད་དུ། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་སེང་གེའི་ང་རོ་དབྱངས་སུ་བླངས་པས། ཁྱེད་ཅག་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་ནང་ནས་ཕྱུང་ཟིན་པ་ཡིན་ནོ། །ཞེས་ཟེར་བ་འདི་ནི་ཟླ་བའི་ཞབས་ཀྱི་གཞུང་ལུགས་འཛུགས་པའི་ཟོལ་གྱིས་དྲི་མ་མེད་པའི་གཞུང་ལུགས་ཆེན་པོ་མུན་པའི་དབྱིངས་སུ་འཇུག་པར་བྱེད་པའི་གྱ་གྱུའི་གཏམ་ཆེན་པོ་ཉེ་བར་སྦྱར་བ་ཡིན་པས། དཔྱོད་པ་དང་ལྡན་པ་སུ་ཞིག་གིས་ཀྱང་འདི་ལ་ཡིད་རྟོན་པར་མ་བྱ་ཤིག དེ་ཡང་གང་གི་ཕྱིར་ན་དེ་སྐད་དུ་འདོན་པ་དེ་ནི་ཆོས་ཀྱི་བདག་མེད་གཞན་སྟོང་གི་ཚུལ་དུ་སྨྲ་བ་དག་གི་གྲུབ་པའི་མཐའ་ཡིན་གྱི། རང་སྟོང་དུ་སྨྲ་བ་དག་གི་མ་ཡིན་ནོ། །ཇི་ལྟར་ཞེ་ན། དོན་དེ་རང་སྟོང་སྨྲ་བའི་གཞུང་ལས་མ་བཤད་པ་དང༌། གཞན་སྟོང་སྨྲ་བའི་གཞུང་ལས་བཤད་པའོ། །དེ་ཡང་འདི་ལྟར། དབུ་མའི་རྒྱན་སྣང་བདེན་གསུམ་གྱི་གཞུང་འགྲེལ་དག་ལས། དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་མེད་པ་དང༌། རང་བཞིན་གྱིས་མེད་པའི་ཚུལ་ལན་གཅིག་མ་ཡིན་པར་གསུངས་ཤིང༌། རང་གི་མཚན་ཉིད་ཀྱིས་སྟོང་པའི་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་བཤད་པར་མཐུན་པ་དང༌། གཞན་ཡང་རང་སྟོང་དུ་སྨྲ་བ་དང༌། རང་གི་ངོ་བོས་གྲུབ་པར་སྨྲ་བ་གཉིས་གཞི་གཅིག་ལ་འདུ་བ་མ་ཡིན་ནོ། །གཞན་སྟོང་དུ་སྨྲ་བ་དག་གིས་ནི་གཞན་དབང་གི་དངོས་པོ་རང་གི་ངོ་བོས་ཡོད་པ་དང༌། རང་བཞིན་གྱིས་ཡོད་པ་དང༌། རང་གི་མཚན་ཉིད་ཀྱིས་ཡོད་པ་དང༌། བདེན་པར་མེད་པ་སྒྱུ་མ་ལྟ་བུ་ཉིད་དུ་ཁས་བླངས་པ་ཡིན་ལ། དེ་ལྟར་ཁས་བླངས་པའི་གྲུབ་པའི་མཐའ་དེ་ནི་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ཙམ་ཞིག་ཟླ་བ་གྲགས་པའི་ཞབས་ཀྱིས་བཤད་པ་ཉེ་བར་བཀོད་པ་ཡིན་གྱི། བདག་ཉིད་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་ཀླུ་སྒྲུབ་ཀྱི་དགོངས་པ་མ་གཟིགས་སོ་ཞེས་བཤད་པ་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་དབུ་མ་རང་རྒྱུད་པའི་གཞུང་དུ་བདེན་པས་སྟོང་པ་ཉིད་ཀྱང་རང་བཞིན་གྱིས་ཡོད་པ་གསལ་བར་བཀག་ན། སྤྲོས་པའི་ལྷག་མ་ཅུང་ཟད་ཀྱང་ལུས་པ་ལྟ་ཅི་སྨོས། སྤྲོས་པའི་ཚོགས་མཐའ་དག་བསམ་བྱུང་གི་རིགས་པས་ཁེགས་པ་ན་ཀླུ་སྒྲུབ་ཞབས་ཀྱིས་གཟིགས་པའི་ལྟ་བའི་ཡུལ་གྱི་ལྷག་མར་གྱུར་པ། ལེགས་ལྡན་འབྱེད་སོགས་ཀྱིས་མ་གཟིགས་པ་ཅི་ཞིག་ཡོད། ཅེས་བློ་བ་ལ་འཇེན་ཞིང༌། ཡིད་ལ་ཉེ་བར་སིམ་པ་ཉིད་དུ་བྱོས་ལ། དབུ་མ་རང་རྒྱུད་དུ་སྨྲ་བའི་གཞུང་ལུགས་ཆེན་པོ་དེ་དང་དེ་དག་མཐའ་བྲལ་གྱི་ཁང་བཟང་ཆེན་པོའི་ཡང་ཐོག་ཉམས་དགའ་བ་དེ་ཉིད་དུ་ཆོས་ཀྱི་ཁྲི་མཐོ་བ་བས་ཀྱང་ཆེས་མཐོ་བ་དེ་ཉིད་ཀྱི་སྟེང་དུ་བདེ་བར་བཞུགས་སུ་གསོལ་ཞེས་ལྟ་བའི་ཁྲིམས་ཆེན་པོ་ཉེ་བར་བླངས་ནས་བསྒྲགས་པ་ཡིན་ནོ།།  །།  ༄༅། །ཨོཾ་དགེ་ལེགས་སུ་གྲུབ་པར་གྱུར་ཅིག འཇིགས་བྲལ་ཟླ་བ་གྲགས་པའི་ཞབས་ཀྱི་ལུང༌། དཔལ་སྟོང་ཉིད་ངང་ཚུལ་བཟང་པོའི་གཏམ། དབུ་མ་ཐལ་འགྱུར་དུ་སྨྲ་བར་ཁས་འཆེ་བ་དག་ལ་གོ་བར་བྱེད་པ་འདི་ལོངས་ཤིག གང་ཡང་འདི་ན་ཁྱེད་ཀྱིས་ནང་གི་བྱེད་པ་པོའི་བདག་དང༌། ཕྱི་རོལ་གྱི་དོན་ཡོད་པར་ཁས་ལེན་པ་རང་གི་ལུགས་ཡིན་ནོ་ཞེས་ཟེར་བ་འདི་ནི། ངེས་དོན་གྱི་ལུང་དང་མ་མཐུན་ཞིང༌། སྟོང་པ་ཉིད་ཀྱི་རྒྱ་མཚོར་རིམ་གྱིས་འཇུག་པའི་རིགས་པ་དང་འགལ་བས་དོར་བར་བྱ་བ་ཁོ་ན་ཡིན་ནོ། །ཇི་ལྟར་ཞེ་ན། རེ་ཞིག་ཐོག་མར་ལུང་དང་འགལ་བ་ནི། ཀླུ་སྒྲུབ་ཞབས་ཀྱིས། དོན་དམ་བྱང་ཆུབ་སེམས་ཀྱི་འགྲེལ་པ་ཞེས་བྱ་བའི་བསྟན་འཆོས་དེར། ཕྱི་རོལ་གྱི་དོན་གསལ་བར་བཀག་པ་དང༌། རིན་པོ་ཆེའི་ཕྲེང་བ་སོགས་སུ་ནང་གི་བྱེད་པ་པོའི་བདག་འགོག་བྱེད་ཀྱི་ལུང་རིགས་རྒྱས་པར་གསུངས་པ་དང༌། ཟླ་བའི་ཞབས་ཀྱིས། འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཡོད་པ་བཀག་ཅིང༌། དེའི་འཛིན་སྟངས་ཀྱང་ང་དང་ང་ཡི་བའི་རྣམ་པ་ཅན་དུ་གསུངས་པ་དང༌། ཇི་སྐད་དུ། ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་ཕྱི་རོལ་གྱི་དོན་གསལ་བར་བཀག་པ་ཡིན་ནོ། །ངེས་དོན་གྱི་རྒྱ་མཚོར་འཇུག་པའི་གོ་རིམ་དང་མི་མཐུན་པའི་ཚུལ་ནི། བདག་ཡོད་པར་ཁས་བླངས་ན་ཆོས་ཀྱི་ཕྱག་རྒྱ་བཞི་པ་དང་འགལ་བས། བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཙམ་དུ་ཡང་མ་སླེབས་ཅིང༌། སངས་རྒྱས་ཀྱི་ཆོས་ཀྱི་ཁོངས་སུ་མ་གཏོགས། ཕྱི་རོལ་གྱི་དོན་ཚད་མས་གྲུབ་པར་ཁས་བླངས་ན་ལྷན་ཅིག་དམིགས་ངེས་ཀྱི་དང༌། གསལ་ཞིང་རིག་པའི་རྟགས་ཀྱིས་ཕྱི་དོན་འགོག་བྱེད་ཀྱི་རིགས་པ་ཚད་མ་སྡེ་བདུན་དུ་གསུངས་པ་རྣམས་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མི་སྣང་བའི་རྟགས་ཀྱིས་ཕྱི་རོལ་གྱི་དོན་ཡོད་པ་འགོག་བྱེད་ཀྱི་རིགས་པ་ཐོགས་མེད་ཞབས་ཀྱིས་གསུངས་པ་རྣམས་དང་འགལ་ཞིང༌། གཟུང་འཛིན་རྫས་གཞན་ཁས་བླངས་པ་ན་གཟུང་བ་ཆོས་ཀྱི་བདག་ཁས་བླངས་པར་འགྱུར་ལ། དེ་ལྟ་ཡིན་པ་དེའི་ཚེ་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐར་ཡང་མ་སླེབས་ན་དབུ་མ་པའི་གྲུབ་པའི་མཐར་སླེབས་པ་ལྟ་ཅི་སྨོས། བདག་དང་ཕྱི་རོལ་གྱི་དོན་ཡོད་པ་ལ་གྲུབ་མཐའ་འོག་མའི་རིགས་པས་གནོད་ཀྱང་དེ་དང་དེ་ཡོད་པར་འཇིག་རྟེན་གྱི་གྲགས་པས་གྲུབ་ཅིང༌། དེ་མེད་པ་ལ་གྲགས་པས་གནོད་པའི་ཤེས་བྱེད་ཀྱིས་དེ་དང་དེ་ཡོད་པར་ཁས་ལེན་པ་དེ་ལྟ་ཡིན་པ་དེའི་ཚེ། གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་ཀྱང་ཡོད་དོ་ཞེས་ཁས་ལེན་པར་བྱོས་ཤིག།  །། ༄༅། །ཨོཾ་མཆོག་ཏུ་ངེས་པར་ལེགས་པའི་ལམ་གྲུབ་པར་གྱུར་ཅིག དབུ་མ་ཆེན་པོའི་ལམ་སྲོལ་རང་རྒྱུད་ཀྱིས་རྣམ་པར་དབྱེ་བའི་སློབ་དཔོན་ཆེན་པོའི་ལུང་གིས། དཔལ་མཐའ་བྲལ་ངང་ཚུལ་བཟང་པོའི་གཏམ། རང་རྒྱུད་ཀྱི་གྲུབ་པའི་མཐའ་སྨྲ་བར་ཁས་འཆེ་བ་དག་ལ་གོ་བར་བྱེད་པའི་གཏམ་ཉུང་ཤས་ཤིག་བརྗོད་པ་འདི་ལོངས་ཤིག གང་ཡང་བྱང་ཕྱོགས་འདི་ན་རང་རང་གིས་ཅུང་ཟད་སྦྱངས་པའི་གཞུང་ལུགས་ཀྱི་མཐའ་ལ་ཆགས་ཤིང༌། མ་སྦྱངས་པའི་གཞུང་ལུགས་ཆེན་པོ་དེ་དང་དེ་དག་གི་མཛད་པ་པོ་ལ་ཞེ་རབ་ཏུ་སྡང་བའི་སྒོ་ནས་འདི་སྐད་ཅེས། ལེགས་ལྡན་འབྱེད། ཡེ་ཤེས་སྙིང་པོ་ལ་སོགས་པ་མདོ་སྡེ་སྤྱོད་པའི་དབུ་མ་པར་ཁས་ལེན་པ་དག་གིས་གཟུང་འཛིན་ཕྱི་རོལ་གྱི་དོན་རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་བླངས་སོ་ཞེས་ཟེར་བ་དེ་སྒྲ་ཇི་བཞིན་པ་ཉིད་དུ་བརྟག་ན། ཁྱོད་མདོ་སྡེ་སྤྱོད་པའི་དབུ་མ་པར་ཁས་ལེན་པ་དག་གིས་གཟུང་འཛིན་རྫས་གཞན་དང༌། གཟུང་བ་ཆོས་ཀྱི་བདག་ཁས་བླངས་པས་དབུ་མ་པ་ཉིད་དུ་ཁས་མ་ལེན། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཁས་བླངས་པ་ན་བདེན་པའི་གཅིག་བྲལ་གྱི་རིགས་པ་མ་ཤེས་པས་དབུ་མ་པར་ཁས་མ་འཆེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་སོགས་པ་ཕྱི་དོན་འགོག་བྱེད་ཀྱི་རིགས་པ་མ་ཤེས་པས་སེམས་ཙམ་པའི་གྲལ་འགོར་མ་སྡོད། དེ་ལྟ་ནའང་ཐེག་པ་ཆེན་པོར་ཁས་བླངས་པས་ཉན་ཐོས་སྡེ་པའི་ནང་དུ་མི་ཆུད། ཁྱོད་མདོ་སྡེ་སྤྱོད་པའི་དབུ་མ་པ་དག་དང་ཕྱིན་ཆད་དབུ་མ་པར་ཁས་ལེན་ན། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རྣམ་པར་འཇོག་པའི་ཚེ། ཕྱི་རོལ་གྱི་དོན་ཁས་ལེན་ཚུལ་འཇིག་རྟེན་པ་དང་བསྟུན། བློ་རྣམ་བཅས་སུ་འཇོག་ཚུལ་མདོ་སྡེ་པ་དང་བསྟུན་ནས་ཕྱི་རོལ་དོན་གྱི་ངོ་བོར་རང་སྟོང་དུ་རྟོགས་ནས་ངེས་དོན་གྱི་རྒྱ་མཚོར་འཇུག་པ་ཡིན་པས་ཁོ་བོ་ཅག་མདོ་སྡེ་སྤྱོད་པའི་དབུ་མ་པ་ཡིན་ནོ་ཞེས་ཁས་ལོངས་ལ། གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་ཁང་བཟངས་ཉམས་དགའ་བ་དེ་ཉིད་དུ་འདུག་ཤིག ཡང་འདི་སྐད་ཅེས། ཞི་བ་འཚོ་དཔོན་སློབ་ལ་སོགས་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གིས་སྣང་བ་སེམས་ཡིན་པ་ཉིད་དུ་ཚད་མས་གྲུབ་པར་ཁས་བླངས་སོ། །ཞེས་ཟེར་བ་དེ་སྒྲ་ཇི་བཞིན་པ་ཉིད་དུ་བརྟག་ན་སྣང་བ་སེམས་སུ་ཁས་བླངས་པས་སེམས་ཙམ་དུ་སྨྲ་བའི་གྲུབ་མཐའ་ལས་གོང་དུ་མ་སོང༌། རྣལ་འབྱོར་གྱི་ས་གསུམ་པའི་རིགས་པ་ཁོང་དུ་མ་ཆུད་པས་བྱམས་པ་དང་ཐོགས་མེད་ཞབས་ཀྱིས་བཞེད་པའི་དབུ་མ་དེར་མ་སླེབས། ཇི་སྲིད་ཀུན་རྫོབ་ཀྱི་སྣང་བ་སེམས་སུ་ཁས་ལེན་པ་དེ་སྲིད་དུ་གཟུང་འཛིན་གཉིས་མེད་ཀྱི་ལྟ་བ་མི་རྟོགས། གཟུང་འཛིན་གཉིས་མེད་ཀྱི་ལྟ་བ་མ་རྟོགས་པའི་དབུ་མ་པ་ཐེག་པ་ཆེན་པོའི་གཞུང་ནས་བཤད་པ་མེད། ཇི་སྲིད་བདེན་གཉིས་ཀྱི་སྣང་བ་རྣམ་རིག་ཏུ་ཁས་ལེན་པ་དེ་སྲིད་དུ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རང་སྟོང་དུ་མི་རྟོགས། དེ་རང་སྟོང་དུ་རྟོགས་པའི་ལྟ་བ་མ་སྐྱེས་ན་དབུ་མ་ཐལ་རང་གི་ནང་དུ་མི་གཏོགས། ཕྱི་རོལ་གྱི་དོན་ཁས་མ་བླངས་པས་ཉན་ཐོས་སྡེ་པའི་ནང་དུ་ཡང་མི་གཏོགས་པས་སངས་རྒྱས་པའི་གྲུབ་པའི་མཐའ་སྨྲ་བ་བཞི་པོ་གང་དུ་ཡང་མ་གཏོགས་སོ། །ཞེས་བྱ་བ་འདི་བློ་བ་ལ་འཇེན་པར་བྱོས་ལ། དེང་ཕྱིན་ཆད་ཁྱེད་དབུ་མ་པར་ཁས་ལེན་ན་གནས་སྐབས་སེམས་ཙམ་དུ་སྨྲ་བའི་གྲུབ་པའི་ཐེམ་སྐས་ཀྱི་རིམ་པ་ལ་ངེས་པར་ཞུགས་ནས་ངེས་དོན་གྱི་རྒྱ་མཚོར་འཇུག་པ་ཡིན་ལ། དེར་ཞུགས་ཕྱིན་ཆད་ཕྱི་རོལ་གྱི་སྣང་བ་སེམས་སུ་ཁས་ལེན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ངེས་པར་བྱོས་ལ། གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་ཁང་བཟང་མཐོན་པོ་དེ་ཉིད་དུ་འདུག་ནས། མཐའ་བྲལ་གྱི་ལྟ་བ་རྟོགས་པར་ཁས་ལོང་ཤིག།  །། ༄༅། །ཨོཾ་མཆོག་ཏུ་དགེ་བ་གྲུབ་པར་གྱུར་ཅིག དཔལ་ངེས་པར་རབ་ཏུ་ཞི་བ་ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། རང་བཞིན་གྱིས་འོད་གསལ་བ་མཆོག་ཏུ་གྲུབ་པ་ཆེན་པོའི་ལུང་གིས། སྲིད་པ་དང་ཞི་བའི་ཡུལ་ལྗོངས་ཀུན་ཏུ་སོ་སོར་རྟོག་པར་བྱེད་པའི་བྱ་མ་རྟ་ཆེན་པོའི་གཏམ། ཉོན་མོངས་པའི་འཁྲུལ་འཁོར་གྱི་རྦ་ཀློང་ཆེན་པོ་དྲག་ཏུ་འདྲེན་པར་བྱེད་པའི་སྒྱུ་མའི་སྐྱེས་བུ་ཡིད་ཅེས་བྱ་བ་ཁྱོད་རབ་ཏུ་གཞུངས་པར་ཉོན་ཅིག ཁྱོད་དང་པོར་གང་ནས་སྐྱེས་པའི་གནས་དང༌། གང་དུ་སྡད་པའི་ཡུལ་དང་བྲལ་བའི་སྒྱུ་མ་ངོས་གཟུང་གང་གིས་ཀྱང་འཛིན་པར་མི་ནུས་པ་ཞིག་ཡིན་པ་ལ། ཕྱིས་གྲོགས་ངན་པ་བཞི་དང་རྟག་ཏུ་འགྲོགས་ནས་དེ་དང་དེ་དག་གི་གཞན་དབང་དུ་གྱུར་ཅིང༌། ཉིན་མཚན་ཕྱེད་པར་ཕྱོགས་ཀུན་དུ་རྒྱུ་ཞིང་རྣམ་པར་འཕྱན་ལས་ཡུལ་མེད་ལ་ཡུལ་དུ་བྱས། བདག་མེད་ལ་བདག་དུ་གཟུང༌། རང་བཞིན་གྱིས་འོད་གསལ་བའི་གངས་རི་ཆེན་པོ་སྤྲོས་པའི་ནག་ནོག་གིས་གོས་པ་མེད་པར་རང་བཞིན་ཆོས་སྐུའི་ངོ་བོར་བཞུགས་པ་ལ། ཁྱོད་གཟུང་འཛིན་གཉིས་སུ་འཁྲུལ་པའི་བག་ཆགས་ཀྱི་ས་བོན་བཏབ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཁོལ་པོ་ཆེན་པོས་ཉོན་མོངས་རྣམ་པ་སྣ་ཚོགས་ཀྱི་བྲན་དང་གླ་མི་མང་པོ་བཙལ་ནས། ལས་ཀྱི་མཐའ་མི་འདྲ་བ་བརྒྱ་ཕྲག་སྟོང་གི་ཆུ་ལུད་དང་དྲོད་གཤེར་གྱིས་ཉེ་བར་སིམ་ཞིང༌། རབ་ཏུ་གཤིན་པར་བྱ་བ་ལས། སྡུག་བསྔལ་གྱི་ལོ་ཐོག་ཤིན་ཏུ་སྨིན་སྲིད་པའི་ནགས་ཚལ་རབ་ཏུ་འཐིབས། འགྱུར་བའི་བདེ་བ་རྣམ་པ་མང་པོ་དག་གིས་ལོ་འདབ་དྲག་ཏུ་འཕྱུར་བའི་རྩེ་མོ་ནམ་མཁའ་ལ་འཕྱོ་བའི་སྒྱུ་མའི་རྣམ་རོལ་ཚར་དུ་དངར་བའི་ལྟད་མོ་སྣ་ཚོགས་ཀྱིས། ཁོང་སེམས་ཀྱི་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་ཡང་རྣམ་པར་སྨིན་པའི་དབང་པོ་དྲུག་གི་སྒོར་དྲངས་ནས། སྲིད་པའི་རྣམ་རོལ་སྣ་ཚོགས་ལ་ལྟ་བའི་རྣམ་གཡེང་གིས་རྣམ་པར་གཡེངས་ནས། རང་གི་ངོ་བོ་བཅོས་མིན་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་མི་བཞུགས་པ་འདི་དག ཁྱོད་སྒྱུ་མའི་སྐྱེས་བུ་ཡིད་ཀྱིས་བྱས་པ་དེའུ་རིང་གི་དུས་འདིར་ངོས་ཟིན་པ་ཡིན་པས་ཁྱོད་དང་པོར་གང་ནས་འོངས། བར་དུ་གར་གནས། ཐ་མར་གང་དུ་འགྲོ་ཞེས་རྣམ་པར་བརྟགས་པ་ན། ཁྱོད་ཉིད་ཀྱང་ཆོས་དབྱིངས་འོད་གསལ་བའི་ངོ་བོར་ཐིམ་ནས། སྒྱུ་མའི་ངང་ཚུལ་གསལ་བར་བསྟན་ཟིན་པ་ཡིན་ནོ། །ད་ནི་ཁོ་བོས་སོ་སོར་རྟོག་པའི་ཤེས་རབ་ཀྱི་གྲོགས་བརྩོན་འགྲུས་དྲག་པོ་དག་ལ་གོར་ཤོག་ལ། ཀླུང་ཆེན་པོ་འབབ་པ་ཇི་ལྟ་བ་བཞིན་དུ་རྒྱུན་མི་ཆད་པར་བྱོས་ཤིག་དང༌། ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཞིང་ས་གཤིན་པོ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་གསུང་རབ་ཀྱི་བང་མཛོད་ནས་རིགས་པར་ཕྱུང་བའི་ཐོས་པའི་བག་ཆགས་གྲུང་པོ་དག་གིས་ས་བོན་གདབ་པར་བྱ་ཞིང༌། ཟག་པ་མེད་པའི་ཡེ་ཤེས་དང༌། སྙིང་རྗེ་ཆེན་པོ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་གྲོགས་ཤིན་ཏུ་གཉེན་ཞིང་གཤིན་པ་དག་གི་ཉེ་བར་བསྐུལ་ནས། སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། ལྷུན་གྱིས་གྲུབ་ཅིང༌། རྒྱུན་མི་ཆད་པའི་ཕྲིན་ལས་ཀྱི་འབྲས་བུ་དུས་སུ་སྨིན་པར་བྱའོ། །ཞེས་བྱ་བ་འདི་ནི་བདེ་ཆེན་ལྷུན་གྲུབ་ཀྱི་ལོ། སྤྲོས་མེད་བརྗོད་མེད་ཀྱི་ཡར་ངོ༌། སྒྱུ་མ་རང་ཤར་གྱི་ཟླ་བ་ཉ་གང་བའི་ཉིན། དོན་དམ་འགྱུར་མེད་ཀྱི་ཡི་གེ་ཐ་སྙད་བརྗོད་བཅས་ཀྱི་རི་མོར་བྲིས་པའི་དགེ་བས། ཆོས་ཉིད་བདེ་ཆེན་གྱི་རང་ཞལ་མྱུར་དུ་མཐོང་བར་གྱུར་ཅིག ཅེས་པ་འདི་ཡང་མ་ཕམ་དགའ་བའི་བཤེས་གཉེན་གྱིས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །། ༄༅། །ཨོཾ་སྭསྟི་སིདྡྷཾ། ཚད་མ་སྡེ་བདུན་གྱི་ཤིང་རྟ་འདྲེན་པར་བྱེད་པའི་ལམ་པོ་ཆེ་གཙང་ཆུ་མིག་རིང་མོའི་ཆོས་ཀྱི་ཁྲི་མཐོན་པོའི་སྟེང་ནས། དཔལ་ཕྱོགས་ཀྱི་གླང་པོ་བཞེད་པའི་ལེགས་བཤད་ཀྱི་རོལ་མོ་མཁན་བཟང་པོའི་གཏམ། ཁྱེད་གངས་ཅན་གྱི་ལྗོངས་སུ་རྟོག་གེའི་ལམ་ནས་རྒོལ་བ་དང༌། ཕྱིར་རྒོལ་བ་དག་ཏུ་ཁས་འཆེ་བ་དག་ལ་གོ་བར་བྱེད་པའི་གཏམ་ཉུང་དུ་འདི་རང་རང་སོ་སོའི་གནས་སུ་མགྱོགས་པར་ལོངས་ཤིག དང་པོ་སྔ་རྒོལ་དང་ཕྱི་རྒོལ་གྱི་འཇོག་མཚམས་ནོར། བར་དུ་བསྒྲུབ་པ་དང་སུན་འབྱིན་གྱི་བྱེད་ལུགས་འཁྲུལ། ཐ་མར་རྒྱལ་འཕམ་གྱི་ཚད་བྱུང་རྒྱལ་དུ་སྨྲ་བས་རྩོད་བྲལ་གྱི་རིགས་པ་མཁྱེན་པ་ཆེན་པོ་སྡེ་བདུན་མཛད་པས་གཞག་པའི་ཁྲིམས་ཀྱི་གཏམ་ཆོས་འདི་པ་དག་གིས་རྒལ་བར་མི་ནུས་པ་དག་བཅས་པ་དང་འགལ་ལོ། །དེ་ཡང་ཇི་ལྟར་ཞེ་ན། ཕྱི་རྒོལ་གྱི་འདོད་པ་བརྗོད་པ་ལ་ཕྱོགས་སྔ་མ་ཟེར་བ་དང༌། སྔ་རྒོལ་གྱིས་དེ་འགོག་པ་ལ་སུན་འབྱིན་ཞེས་ཟེར་བ་དང༌། ཕྱི་རྒོལ་གྱིས་སྒྲ་རྟག་པར་ཁས་ལེན་པ་ལ་སྔ་རྒོལ་གྱིས་མ་བྱས་པར་ཐལ་བ་འཕེན་ཞེས་ཟེར་བ་དང༌། ཕྱོགས་སྔ་ཕྱི་ཁས་ལེན་པའི་ཆ་ནས་རྒོལ་ཕྱི་རྒོལ་དུ་འཇོག་ཅིང༌། དེ་ལ་སྒྲུབ་བྱེད་འགོད་ཚུལ་དང༌། སུན་འབྱིན་བྱེད་ཚུལ་ལ་བརྟགས་ནས་ཚར་བཅད་དང་རྗེས་འཛིན་གྱི་གནས་སུ་འཇོག་པ་དེ་མི་ཤེས་པར་སྔ་རྒོལ་གྱི་མཚན་ཉིད་དུ་སྒྲུབ་བྱེད་བརྗོད་པར་ཁས་ལེན་པ་ཞེས་དང༌། ཕྱི་རྒོལ་གྱི་མཚན་ཉིད་དུ་སུན་འབྱིན་བརྗོད་པར་ཁས་ལེན་པ་ཞེས་ཟེར་བ་རྣམས་ནོར་བ་ཡིན་ནོ། །བར་དུ་རྩོད་པ་བྱེད་ལུགས་ཇི་ལྟར་ནོར་ན། ཕྱི་རྒོལ་བས་འདྲི་ལུགས་ནོར། སུན་འབྱིན་བརྗོད་ཚུལ་འཁྲུལ། སྔ་རྒོལ་ལ་ཚད་མ་སྐྱེད་པའི་ཐལ་བ་འཕེན་མ་ཤེས། སྔ་རྒོལ་གྱི་དམ་བཅའ་འཇོག་ལུགས་ནོར། སྒྲུབ་བྱེད་འགོད་ལུགས་འཁྲུལ། ཕྱི་རྒོལ་ལ་ཚད་མ་སྐྱེད་པའི་སྒྲུབ་ངག་མ་བཀོད་པའི་ཉེས་པ་རྣམས་ཡོད་དོ། །དང་པོ་ནི། ཤེས་འདོད་ཞུགས་པའི་དམ་བཅའ་མི་འདྲི་བར་ཇི་ལྟར་རིགས་པའི་དམ་བཅའ་གཞོག་ཟེར་བ་ཚར་བཅད་ཀྱི་གནས་ཡིན། རྟགས་ཁས་མ་བླངས་ན་ཁྱབ་པ་ཁས་བླངས་ཀྱང་མ་གྲུབ་པའི་ཐལ་བར་སོང༌། ཁྱབ་པ་ཁས་བླངས་ཀྱང་ཚད་མས་མ་གྲུབ་ན་མ་ངེས་པའི་ཐལ་བར་སོང༌། ཐལ་ཆོས་ལ་ཁས་བླངས་ཀྱི་གེགས་བྱེད་ཡོད་ཀྱང་ཚད་མའི་བསལ་བ་མེད་ན་བསལ་བ་ཡེ་མེད་དུ་སོང༌། རྟགས་ཆོས་ཐ་མི་དད་ཀྱི་ཐལ་བ་ནི་གྲུབ་ཟིན་ཐལ་བར་འཕེན་པའམ། ཁས་བླངས་མེད་པ་གང་རུང་ལས་མ་འདས་ཤིང༌། ཁྱབ་འབྲེལ་ལ་རྟོག་དཔྱོད་མེད་པའི་ཐལ་བ་ཁོ་ན་འཕེན་པས་དེ་ལྟར་འཕེན་པ་པོ་ཚར་བཅད་ཀྱི་གནས་ཡིན། གསུམ་པ་ནི། སྔ་རྒོལ་སྒྲ་རྟག་པར་ཁས་ལེན་པ་ལྟ་བུ་ལ་ཕྱི་རྒོལ་བས་རང་རྒྱུད་ཀྱི་སྒྲུབ་ངག་བཀོད་ན་ནི་སྔ་རྒོལ་དུ་སོང༌། སུན་འབྱིན་དང་སྒྲུབ་ངག་གི་གཞི་མཐུན་ནི་ཁྱོད་མི་འདོད། མ་བྱས་པར་ཐལ་བ་འཕངས་པ་ཙམ་གྱིས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་བསྐྱེད་ནུས་ན་ཚུལ་གསུམ་དྲན་པ་ལ་རྟགས་ཚིག་རྣམ་དག་བརྗོད་དགོས་པར་བཤད་པ་དང་འགལ། བཞི་པ་ནི། དེ་ཡིན་ན་དེ་མ་ཡིན་པ་བུད་ཅེས་ཟེར་བ་དམ་བཅའི་འཇོག་ལུགས་མ་ཡིན། ཁས་བླངས་འགལ་བ་འདུས་ན་དེ་སྐད་ཟེར་དུ་རུང་བ་ཙམ་ཡིན། སྒྲ་རྟག་མི་རྟག་དྲིས་པ་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཟེར་བ་སྒྲུབ་བྱེད་མ་དྲིས་བཞིན་དུ་འགོད་ན་ཚར་བཅད་ཀྱི་གནས་ཡིན། སྒྲུབ་བྱེད་དྲིས་པ་ན་རྩ་བའི་སྦྱོར་བ་ལ་ཚེར་མ་མ་ཕྱུང་བར་རྩ་བའི་སྦྱོར་བ་ཙམ་ཞིག་བཀོད་ནས་འཇོག་པ་དེ་ཚར་བཅད་ཀྱི་གནས་ཡིན། ཚེར་མ་ཕྱུང་ཟིན་པའི་འོག་ཏུ་རྗེས་དཔག་བསྐྱེད་པའི་སྦྱོར་ངག་སྐྱོན་མེད་གཅིག་མི་འགོད་ན་ཚར་བཅད་ཀྱི་གནས་ཡིན། སྔ་རྒོལ་གྱིས་ཚེར་མ་འབྱིན་པའི་ཚེ། སྒྲ་ཆོས་ཅན། བྱས་པར་ཐལ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར། ཞེས་པ་དང༌། ཁྱབ་པའི་ཚེར་མ་འབྱིན་པ་ན། བྱས་ན་མི་རྟག་པས་ཁྱབ་པར་ཐལ། ཞེས་ཟེར་བ་ལྟ་བུ་ནི་ཐལ་འགྱུར་ཡིན་ན་བསལ་བ་སྟོན་རྒྱུ་དང་རྟགས་ལ་ཁས་བླངས་མེད། རང་རྒྱུད་ཡིན་ན་ཐལ་བར་འཕེན་པ་མི་རིགས། དེའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པ་པོའི་སྔ་རྒོལ་དེ་ཚར་བཅད་ཀྱི་གནས་སུ་སོང༌། དེ་ལྟར་རང་ཕྱོགས་ལ་སྒྲུབ་བྱེད་འགོད་མ་ཤེས་ན་ཚར་བཅད་ཀྱི་གནས་ཡིན་པར་མ་ཟད། གཞན་གྱིས་འཕངས་པའི་སུན་འབྱིན་ལ་ཚེར་མ་འབྱིན་མ་ཤེས་ན་ཚར་བཅད་ཀྱི་གནས་ཡིན། ཇི་ལྟར་ན། རྟགས་ཀྱི་ལོ་ཕྱོགས་ཚད་མས་མ་གྲུབ་པར་རྟགས་ལ་ཐེ་ཚོམ་ཟ་བཞིན་དུ་རྟགས་མ་གྲུབ་པའི་ལན་མི་འདེབས་པ་དང༌། དངོས་སྐྱོན་འཕེན་རྒྱུ་མེད་ཀྱང་ཁྱབ་འབྲེལ་ལ་ཐེ་ཚོམ་ཟ་བཞིན་དུ་ཁྱབ་པ་མ་ངེས་པའི་ལེན་མི་འདེབས་པ་དང༌། རྒྱུ་རྟགས་ཆོས་ཐ་མི་དད་ཀྱི་ཐལ་བ་ལ་ཁྱབ་པ་མེད་ཀྱི་ལན་མི་འདེབས་པ་དང༌། སྒྲ་རྟག་པར་ཁས་བླངས་ནས་ཕྱིས་མི་རྟག་པར་ཚད་མས་གྲུབ་པའི་འོག་ཏུ་ཡང་མི་རྟག་པར་ཐལ་བ་ལ་འདོད་ལན་བཏབ་ན་དངོས་འགལ་དུ་སོང་གིས་དོགས་ནས་འདོད་ལན་མི་འདེབས་པ་རྣམས་ནི་སྔ་རྒོལ་ཚར་བཅད་པའི་གནས་སོ། །རྒྱལ་འཕམ་དུ་འཇོག་པའི་ཚད་འཁྲུལ་བ་ནི་སྤྱིར་རྒོལ་བས་ཚུལ་གསུམ་པ་ཅན་གྱི་གཏན་ཚིག་བཀོད་ནས་ཕྱི་རྒོལ་གྱི་རྒྱུད་ལ་ཚད་མ་སྐྱེས་པའི་ཚེ། ཕྱི་རྒོལ་བས་རང་གི་གྲུབ་མཐའ་སྔ་མ་དོར་ནས་རྒོལ་བའི་གྲུབ་མཐའ་ལ་ཞུགས་པ་ཡིན། དེའི་རྒྱུ་མཚན་གྱིས་སྔ་རྒོལ་རྒྱལ་བ་དང༌། ཕྱི་རྒོལ་ཕམ་པར་འཇོག ཡང་ཕྱི་རྒོལ་བས་འཁོར་གསུམ་ཚང་བའི་ཐལ་འགྱུར་འཕངས་པས་སྔ་རྒོལ་གྱི་ལོག་རྟོག་ལོག་པ་དང༌། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱིས་སྔ་རྒོལ་གྱི་རྒྱུད་ལ་ཚད་མ་སྐྱེད་པར་བྱེད་པ་དེའི་ཚེ་ཡང་གྲུབ་མཐའ་ལ་འདོར་ལེན་འཕངས་པས་སྔ་རྒོལ་གྱི་ལོག་རྟོག་ལོག་པ་དང༌། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱིས་སྔ་རྒོལ་གྱི་རྒྱུད་ལ་ཚད་མ་སྐྱེད་པར་བྱེད་པ་དེའི་ཚེ་ཡང་གྲུབ་མཐའ་ལ་འདོར་ལེན་བྱུང་བས་ཕྱི་རྒོལ་རྒྱལ་ཞིང་སྔ་རྒོལ་ཕམ་པར་འཇོག་པ་ཡིན། དེ་ལྟ་བུའི་རྣམ་དབྱེ་མི་ཕྱེད་པར་རྒོལ་ཕྱི་རྒོལ་སུ་ཡིན་ཀྱང་རུང༌། རང་གི་རྩོད་ཟླ་དེ་ལ་སྤྱིར་དངོས་འགལ་སོང་བ་དང༌། ཁྱད་པར་འཁོར་གསུམ་དངོས་འགལ་སོང་བ་ལ་རྒྱལ་ཕམ་གྱི་ཚད་དུ་འཇོག་གོ་ཞེས་ཟེར་བ་འདི་ཤིན་ཏུ་འཁྲུལ། དེ་ལྟར་ན་གཞུང་ལུགས་ལས་བཤད་པ་ཅིག་ཀྱང་ཡོད་པ་མ་ཡིན་པས་ལུང་མེད། དངོས་སྟོབས་ཡུལ་ལ་སྤྱོད་པའི་ཚེ་ཁས་བླངས་སྔ་ཕྱི་འགལ་བ་གནོད་བྱེད་དུ་བཤད་པ་མེད་པས་རིགས་པ་དང་འགལ། ཤིན་ལྐོག་ལ་དཔྱོད་པའི་ཚེ་ཁས་བླངས་སྔ་ཕྱི་འགལ་བ་གནོད་བྱེད་དུ་བཤད་པ་ཡོད་ཀྱང༌། དངོས་འགལ་ལ་གནོད་བྱེད་དུ་བཤད་པ་མེད། དངོས་འགལ་གནོད་བྱེད་དུ་འགྲོ་ན་རྟགས་ཆོས་ཐ་མི་དད་སྒྲུབ་བྱེད་དུ་འགྲོ་བར་མཚུངས། སྤྱིར་འཁོར་གསུམ་དངོས་འགལ་བྱ་བའི་ཐ་སྙད་གཞུང་འགྲེལ་ནས་མ་བཤད། ཐལ་འགྱུར་གྱི་ནང་ནས་མཆོག་ཏུ་གྱུར་པ་འཁོར་གསུམ་ཚང་བའི་ཐལ་འགྱུར་ཞེས་བྱ་བ་ཡིན། དེ་ལའང་ཆོས་ཅན་གཞི་གྲུབ་མ་གྲུབ་གཉིས་ལས། མ་གྲུབ་པ་ནི་ལོག་རྟོག་ཙམ་ཟློག་བྱེད་ཀྱི་ཐལ་འགྱུར་ཡིན། གྲུབ་པ་ནི་ཚད་མ་སྐྱེད་བྱེད་ཀྱི་ཐལ་འགྱུར་ཡིན་པས་སྒྲུབ་པ་དང་སུན་འབྱིན་ལྷུར་ལེན་པ་དག་གིས་དེ་ལྟར་ཤེས་པར་བྱོས་ལ་ཉམས་སུ་ལོངས་ཤིག གཞན་ཡང་གངས་ཅན་པ་ཕྱི་མ་རྣམས་ཀྱི་རྫས་ལྡོག་གི་ཤན་མ་ཕྱེད། སྣང་སེལ་གྱི་འཇོག་མཚམས་འཁྲུལ། དགག་སྒྲུབ་དང་སྤྱི་བྱེ་བྲག་གི་རྣམ་གཞག་གཞན་སེལ་ཁོ་ན་ལ་འཇོག་མ་ཤེས། འགལ་འབྲེལ་གྱི་འཇོག་མཚམས་དང་དགག་སྒྲུབ་ཀྱི་རྩ་བ་འགལ་འབྲེལ་རག་ལས་པར་མི་འཆད། བསྒྲུབ་བྱ་དང་དམ་བཅའ་དང༌། རྟགས་ཆོས་ཀྱི་སྐྱོན་དང༌། དེ་སེལ་བྱེད་ཀྱི་མཚན་ཉིད་ཀྱི་རྣམ་གཞག་རྣམས་གཞུང་དང་མཐུན་པར་མ་བྱུང་བས། ཁྱེད་ལ་གྲགས་པ་དེ་དག་ཐམས་ཅད་མགྱོགས་པར་བོར་ཤིག མི་འདོར་ན་རིགས་པའི་རྭ་བ་དམ་པོར་བཅུག་ནས་ལུང་མང་པོའི་ཆད་པས་བཅད་ན་མི་སྐྲག་པ་ཨེ་ཡིན། ཚད་ལྡན་གྱི་གཞུང་ཤེས་པའི་མཁས་པས་ཁྲེལ་ན་མི་འཇིགས་པ་ཨེ་ཡིན། ཅལ་ཅོལ་གྱི་རང་ངོ་ཤེས་ཀྱང་མི་འདོར་ན་བསྟན་པ་ལ་མི་གནོད་པ་ཨ་ཡིན། ཞེས་རྒྱན་དྲུག་གི་གཞུང་ལུགས་གྱ་གྱུའི་ལམ་ནས་དྲངས་པའི་ལོ། རྟོག་གེའི་ལམ་ནས་རྒྱལ་རྔ་བརྡུངས་པའི་ཟླ་བ་ཕྱོགས་གླང་གྲགས་པའི་རིང་ལུགས་ཀྱི་ཆ་ཤས་ཡོངས་སུ་གང་བའི་ཡར་གྱི་ཚེས་བཟང་པོ་ལ་བྲིས་པ་འདི། ཕྱི་མ་ཕྱི་མའི་དུས་ཀྱི་སྐྱེ་བོ་བློ་གསལ་ཞིང༌། ཡིད་རབ་ཏུ་གཞུངས་པ་དག་གི་རྣ་བ་མཉན་ཞིང་བློ་བ་ལ་སིམ་པར་གྱུར་ཅིག།  །། ༄༅། །ཨོཾ་མཆོག་ཏུ་ཤིས་པ་གྲུབ་པར་གྱུར་ཅིག དཔལ་འཇིགས་མེད་ཆོས་ཀྱི་གྲགས་པའི་ལུང་གིས། ཚད་མ་སྡེ་བདུན་གྱི་ཤིང་རྟ་དྲང་པོར་འདྲེན་པའི་ཁ་ལོ་པ་ལེགས་པའི་བློ་གྲོས་ཀྱི་གཏམ། ཕྱི་རོལ་དོན་དུ་སྨྲ་བའི་གྲུབ་པའི་མཐའ་ལ་གནས་ནས་ངེས་དོན་གྱི་རྒྱ་མཚོ་ཆེན་པོའི་འཇུག་ངོགས་ཀྱི་སྒོ་དང་པོ་རབ་ཏུ་འབྱེད་པར་བྱེད་པའི་གྲུབ་པའི་མཐའ་སྨྲ་བ་དག་ལ། གོ་བར་བྱེད་པ་ནི་འདི་ཡིན་ཏེ། བྱང་ཕྱོགས་འདི་ན་རིགས་པ་སྨྲ་བའི་མདོ་སྡེ་པ་དག་གིས་རྨི་ལམ་དུ་ཡང་ཁས་མི་ལེན་པའི་གྲུབ་པའི་མཐའ་ཤིན་ཏུ་ལྡོངས་པ་གྱུར་པ་དག་དེའི་གྲུབ་པའི་མཐའ་ཡིན་ནོ། །ཞེས་རྟག་ཆད་ཀྱི་མཐའ་མི་ཟད་པའི་གཅོང་རོང་ཟབ་མོའི་གནས་སུ་ལྟུང་བར་བྱེད་པའི་གཡང་ས་ཆེན་པོ་གཉིས་ཤིག་སྣང་བ་འདི། བློ་གྲོས་ཀྱི་མིག་ཅན་རྣམ་དཔྱོད་ཀྱི་གོམ་སྟབས་དྲང་པོར་འགོད་ནུས་པ་རྣམས་ཀྱིས་དོར་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ཡང་གང་ཞེ་ན། ཕྱི་རོལ་དོན་ལ་ལྟ་བའི་མངོན་སུམ་རྣམས་ཀྱིས་ཕྱི་རོལ་གྱི་དོན་དངོས་སུ་རྟོགས་པ་ཡིན་ནོ་ཞེས་ཟེར་བ་འདི་དང༌། ཕྱི་རོལ་གྱི་དོན་རགས་པ་རྣམས་ཀྱང་དངོས་པོ་ཡིན་པའི་རྒྱུ་མཚན་གྱིས་བདེན་པར་གྲུབ་པ་ཡིན་ནོ་ཞེས་ཟེར་བ་དེ་དག་གོ །དེ་ཡང་གང་གི་ཕྱིར་ན་འཇིགས་བྲལ་ཆོས་ཀྱི་གྲགས་པའི་ཞབས་ཀྱིས་མདོ་སྡེ་པའི་གྲུབ་མཐའ་འཇོག་པ་ན། ཕྱི་རོལ་དོན་ལ་ལྟོས་པའི་ཤེས་པ་ཐམས་ཅད་ཀྱིས་རང་རིག་པ་ཡིན་གྱི། ཕྱི་རོལ་གྱི་དོན་རིག་པ་མ་ཡིན་པའི་སྒྲུབ་བྱེད་རྒྱས་པར་གསུངས་པ་རྣམས་དང་དངོས་སུ་འགལ་བའི་རྒྱུ་མཚན་གྱིས་གནོད་བྱེད་ཡོད་པ་དང༌། དོན་ལ་བལྟ་བའི་མངོན་སུམ་གྱི་དུས་དེའི་གཟུང་དོན་འདས་ནས་མེད་པའི་རྒྱུ་མཚན་གྱིས་དེས་དེ་རིག་པ་ལ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱང་མེད་པ་ལས་སོ། །དེ་མ་རྟོགས་པ་དེ་ལྟ་མོད་ཀྱི། དེ་ལ་ཚད་མ་ཡིན་པར་འཆད་དགོས་པ་ནི་ཡིན་ཏེ། དཔྱད་པ་དང་མཐུན་པའི་དོན་རང་མཚན་ལ་གསར་དུ་སླུ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་རགས་པའི་དངོས་པོ་བདེན་པར་གྲུབ་པ་ལ་ནི། དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། །ཞེས་པའི་གཞུང་གིས་བདེན་པའི་གཅིག་བྲལ་དུ་བཤད་ཅིང༌། ཤེས་བྱེད་དེ་ཉིད་ཀྱིས་བདེན་པའི་དུ་བྲལ་དུ་སྒྲུབ་པས་གནོད་བྱེད་ཡོད་ཅིང༌། རྫས་སུ་མ་གྲུབ་པས་བདེན་པར་གྲུབ་པ་ལ་སྒྲུབ་བྱེད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རགས་པ་རིགས་པས་དཔྱད་བཟོད་དུ་ཁས་ལེན་པ་དེ་ལ་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ཡང་གནོད་བྱེད་དུ་འཇུག་ན། མདོ་སྡེ་པའི་གྲུབ་པའི་མཐའ་ལྟ་ཅི་སྨོས། དོན་དངོས་རྟོགས་ཀྱི་ཚད་མ་ཁས་ལེན་པ་འདི་ནི་བློ་རྣམ་བཅས་སུ་སྨྲ་བ་དག་གི་རིགས་པས་འགོག་པའི་དགག་བྱའི་གཙོ་བོ་ཡིན་པ་ཉིད་ཀྱི་ཕྱིར་གང་གིས་གང་ཞིག་འགོག་པའི་དགག་བྱ་གང་ཡིན་པ་དེ་གྲུབ་པའི་མཐར་འཇོག་པ་ལྟ་ཅི་སྨོས། དེ་ལྟ་ཡིན་པ་དེའི་ཕྱིར་ཁྱེད་ཅག་མདོ་སྡེ་པར་ཁས་འཆེ་བ་དག་གིས་རྣམ་བཅས་དང༌། དེའི་རྒྱུ་མཚན་གྱིས་དོན་སྣང་གི་ཤེས་པ་ཐམས་ཅད་རང་རིག་ཡིན་པ་དང༌། རགས་པའི་དངོས་པོ་བདེན་པར་མེད་དོ་ཞེས་ཁས་ལོང་ལ་ངེས་དོན་གྱི་ཁང་བཟངས་ཆེན་པོར་འཇུག་པའི་རྣམ་པར་ཐར་པའི་སྒོ་གསུམ་གྱི་དང་པོ་མགྱོགས་པར་ཕྱེ་ཤིག དེ་ནས་རྣམ་པར་ཐར་པའི་སྒོ་གཉིས་པ་ནི། རྣམ་བདེན་སེམས་ཙམ་དུ་སྨྲ་བ་དག་གི་གླ་ཕྱེད་པར་འགྱུར་ལ། རྣམ་པར་ཐར་པའི་སྒོ་གསུམ་པ་ནི། རྣམ་རྫུན་སྨྲ་བའི་དབུ་མ་པ་དག་གིས་ཕྱེད་ནས་ངེས་དོན་གྱི་ཁྱམས་ཆེན་པོ་ཉམས་དགའ་བ་དེ་དག་ཏུ་ངེས་པར་སོན་ཞིང་མཐོང་བ་ཡིན་ལ། མཐའ་བྲལ་གྱི་ཁང་བཟང་ཆེན་པོའི་ཡང་ཐོག་གི་རྩེ་མོའི་ཡང་རྩེ་མོའི་རབ་ཏུ་སོན་པ་ནི། དབུ་མ་ཐལ་རང་དུ་སྨྲ་བ་རྣམས་སོ། །ཞེས་བྱ་བ་འདི་དག་ཡིད་ལ་ཉེ་བར་སིམ་ཞིང༌། བློ་བ་ལ་འཇེན་པ་ཉིད་དུ་བྱོས་ལ་ཟུང་ཤིག་དང༌། ལེགས་པར་བཤད་པའི་གཏམ་གྱི་ལྡེ་མིག་རབ་ཏུ་མཁྲང་ཞིང༌། ཤིན་ཏུ་དྲང་པོར་གྱུར་པ་འདི་ཁོ་ནས་ངེས་པར་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་སྒོ་མོ་ཆེ་སྟོང་ཕྲག་ཅིག་ཆར་དུ་དབྱེ་བར་ནུས་པ་ཡིན་ནོ།།  །། ༄༅། །ཨོཾ་སྭསྟི་སིདྡྷཾ། ཆོས་མངོན་པ་སྡེ་བདུན་གྱི་ཕོ་བྲང་ཆེན་པོའི་ཡང་ཐོག་ནས། ཆོས་ཀྱི་རྒྱལ་སྲིད་སྐྱོང་མཛད་མཆོག་ཏུ་མི་ཕམ་པ་ཆེན་པོ་བཱ་སུ་བནྡྷུའི་ལུང་གིས། ཐུབ་པའི་གསུང་རབ་ཀྱི་རྒྱ་མཚོ་ཆེན་པོར་ཐོག་མ་ཉིད་དུ་འཇུག་པའི་གྲུ་བོ་ཆེ་འཛིན་པའི་ཆོས་ཀྱི་མཉན་པ་དཔལ་བདེ་བའི་བློ་གྲོས་ཀྱི་གཏམ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་གཞུང་གི་ཕ་རོལ་མཐོང་བར་འདོད་པའི་དོན་མཐུན་གཞོན་ནུ་མ་དག་ལ་གོ་བར་བྱེད་པ་འདི་ཉོན་ལ་ཡིད་ལ་རབ་ཏུ་ཟུངས་ཤིག ཁྱེད་ལ་ལ་དག་གི་བསམ་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས། སྤང་བྱ་ཤེས་བྱའི་སྒྲིབ་པ་དང༌། དེ་སྤོང་བར་བྱེད་པའི་གཉེན་པོ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་བསྟན་པ་མེད་དོ་སྙམ་དུ་སེམས་ཤིང་ལྡབ་ལྡིབ་ཏུ་སྨྲ་བ་དག་མཐོང་བ་དེ་དག་ནི་དོར་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ཡང་དེ་སྐད་དུ་འདོན་པ་དེ་དག་གིས་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་ཟེགས་མ་འཐོར་བའི་ཆ་ཤས་རྣ་བའི་དབང་པོར་ལང་ལོང་དུ་ལྷུང་བ་ལས། ཆོས་ཀྱི་བློ་གྲོས་མཛངས་ཤིང་སྒྲིན་པ་དག་ལ་འཛེམ་པ་མེད་པར་བག་ཡངས་པར་རྐྱང་སྟེ་ཆལ་ཆོལ་དུ་སྨྲས་པ་ཡིན་ནོ། །དེ་གང་གི་ཕྱིར་ན་ཐེག་པ་ཆེན་པོ་ལས་ནི། ཕྱོགས་དང་བྲལ་བའི་རྡུལ་གྱི་ཕྲེང་བ་དང་སྐད་ཅིག་གི་ཆ་ཤས་ཡོངས་སུ་སྤངས་པའི་ཤེས་པ་རང་དང་གཞན་གྱི་ངོ་བོས་གྲུབ་པར་འཛིན་པའི་རྟོག་པ་ས་བོན་དང་བཅས་པ་ལ་ཤེས་བྱ་ཡོངས་སུ་གཅོད་པའི་སྒྲིབ་པ་དང༌། དེ་དང་དེ་དག་རང་དང་གཞན་གྱི་ངོ་བོས་སྟོང་པར་རྟོགས་པའི་ཤེས་རབ་ལ་ནི་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་ཞེས་བྱ་ལ། དེ་ལྟ་བུའི་སྤང་གཉེན་གྱི་རྣམ་པར་དབྱེ་བ་དེ་ནི་ཐེག་པ་ཆུང་ངུ་ལས་གསུངས་པ་མེད་དོ། །དེ་ལྟ་མོད་ཀྱི་ཐེག་པ་ཆུང་ངུ་ལས་ཤེས་བྱའི་སྒྲིབ་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་བསྟན་པ་མེད་ན་ནི་ཉན་ཐོས་ཀྱི་ཐེག་པ་དང༌། སངས་རྒྱས་ཀྱི་ཐེག་པའི་དབྱེ་བ་མ་བསྟན་པར་འགྱུར་ཞིང༌། གལ་ཏེ་བསྟན་ན་ཡང་དེ་དག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་མ་བརྙེས་ཀྱི་ཁྱད་པར་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཏན་བཅོམ་མ་བཅོམ་གྱི་ཁྱད་པར་མ་བསྟན་པ་ཉིད་དུ་འགྱུར་རོ། །འོ་ན་ཅི་ཞིག་ཁས་བླངས་པར་བྱ་ཞེ་ན། གང་ཟག་གི་བདག་ཏུ་རྨོངས་པ་དང༌། དེས་ཀུན་ནས་བསླང་པའི་ལས་དང༌། དེས་བསྐྱེད་པའི་རྣམ་སྨིན་གྱི་ཕུང་པོ་རྣམས་ལ་ནི་གོ་རིམ་བཞིན་དུ། ཉོན་མོངས་པ་དང༌། ལས་དང༌། རྣམ་སྨིན་གྱི་སྒྲིབ་པ་ཞེས་བྱ་ཞིང༌། དེ་ཐམས་ཅད་ཀྱང་མདོར་ན་ཉོན་མོངས་པའི་སྒྲིབ་པའོ། །དེའི་རྩ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྟོག་པ་ཞེས་བྱ་བའི་མིང་ཅན། བདག་ཏུ་རྨོངས་པས་གང་ལ་དམིགས་ནས་བདག་ཏུ་གཟུང་བའི་གཞི་ཉེ་བར་ལེན་པའི་ཕུང་པོ་ལ་རིལ་པོ་གཅིག་ཏུ་འཛིན་པའོ། །དེ་ལ་ནི་ཤེས་བྱའི་སྒྲིབ་པ་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་གེགས་བྱེད་ཅིང༌། ཐར་པ་ཙམ་ལ་སྒྲིབ་པར་མི་བྱེད་པའི་ཕྱིར་རོ། །དེའི་གཉེན་པོ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་ཚུལ་ནི་བདག་ཏུ་རྨོངས་པའི་གཞི་དེ་ཉིད་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསུམ་དུ་ཕྱེ་ཞིང༌། དེ་དག་ལ་ཡང་རྫས་ཀྱི་དབྱེ་བ་སོ་སོར་ཕྱེ་ནས་ཇི་སྲིད་དུས་དང་ཕྱོགས་ཀྱི་ཆ་མ་རྙེད་པ་དེ་སྲིད་དུ་རྣམ་པར་ཕྱེ་ནས་གཏན་ལ་འབེབས་པའི་ཤེས་རབ་དེ་ལ་ནི་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་ཐོས་བསམ་གྱི་ཤེས་རབ་ཅེས་བྱ་ལ། དེ་ཙམ་ཞིག་ནི་ཉན་ཐོས་ལ་ཡང་ཡོད་མོད། ཤེས་བྱ་ཡོངས་སུ་གཅོད་པའི་གཉེན་པོར་བསྒོམ་བྱུང་གིས་གོམས་པར་བྱེད་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཐར་པའི་ཆ་དང་མཐུན་པ་བསྐྱེད་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་ལྷན་ཅིག་ཏུ་བདག་མེད་པ་རྣམ་པ་གཉིས་ཐོས་བསམ་གྱིས་གཏན་ལ་འབེབས་པར་བྱེད་དོ། །དེའི་འོག་ཏུ་དྲོད་ནས་བཟུང་སྟེ་ཇི་སྐད་བཤད་པ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་གང་ཟག་དང་ཆོས་ཀྱི་ངོ་བོ་ཅི་ཡང་མ་རྙེད་པའི་ངང་ལ་མཉམ་པར་བཞག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་སྒྲིབ་པ་གཉིས་ཀྱི་ས་བོན་མ་ལུས་པ་ཡོངས་སུ་བཅད་ནས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཏེ། དགྲ་བཅོམ་པའི་ཡེ་ཤེས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་སོ། །དེའི་འོག་ཏུ་མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཕྱིར་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་བྱེད་ཅིང༌། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརློབ་པ་དང་འདོར་བར་ཡང་བྱེད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཟིན་པའི་འོག་ཏུ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པ་ཡིན་ལ། དེའི་ཚེ་ལས་ཉོན་སྔ་མས་འཕངས་པའི་ཕུང་པོའི་རྒྱུན་འདོར་བར་བྱེད་དགོས་ལ། དེ་འདོར་བ་ལ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་ལ་རག་ལས་སོ། །དེ་ལྟར་ལྷག་མེད་དུ་འདས་པའི་དབྱིངས་དེ་ལ་ནི་སངས་རྒྱས་ཞེས་མི་བྱ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་བྲལ་བའི་ཕྱིར། དེ་ཡང་མེད་པར་དགག་པ་ཙམ་དུ་འདོད་པ་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པས་ཆོས་དཀོན་མཆོག་ཏུ་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་བུའི་མྱང་འདས་དེ་དངོས་པོར་ཁས་ལེན་དགོས་པ་ཡིན་ཏེ། དོན་དམ་པའི་བདེན་པ་མཆོག་ཏུ་ཁས་ལེན་པས་སོ། །ཡོན་ཏན་ཐམས་ཅད་ཡོངས་སུ་ཟད་པར་གྱུར་ཀྱང་དམན་པའི་མྱང་འདས་དང་ཁྱད་པར་མེད་པ་མ་ཡིན་ཏེ། དགག་བྱ་ཤེས་བྱའི་སྒྲིབ་པ་བཀག་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །བདག་མེད་པ་གཉིས་དོན་དམ་པའི་བདེན་པར་འཇོག་པ་ཡང་དངོས་པོའི་ཆ་ནས་ཡིན་གྱི། དགག་བྱ་བཀག་ཙམ་གྱི་ཆ་ནས་མ་ཡིན་པ་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་བདག་མེད་པའི་དངོས་པོ་གཉིས་དང༌། མྱ་ངན་འདས་པ་རྣམ་པ་གཉིས་དང༌། ཆ་མེད་རྣམ་པ་གཉིས་ཏེ། རྣམ་པ་དྲུག་པོ་དེ་ནི་དོན་དམ་པའི་བདེན་པའོ། །ཆ་མེད་གཉིས་ཀྱི་ཁས་ལེན་ཚུལ་ཡང་མདོ་སྡེ་པ་དང་མཐུན་པ་མ་ཡིན་ཏེ། མདོ་སྡེ་པ་ནི་ཕྱོགས་ཆ་དང་བྲལ་བའི་རྡུལ་ཕྲན་དེ་ཉིད་ཐོགས་བཅས་དང༌། རགས་པའི་རྩོམ་གཞིར་ཁས་ལེན་པ་ཡིན་ལ། འདིར་ནི་བྱེ་བྲག་པའི་འདོད་པ་ལྟར་ཁས་བླངས་ནས་དེ་འདྲའི་ལུས་ཅན་མ་ཡིན་པ་དང༌། སྒྲིབ་ཐོགས་བྱ་བ་མི་བྱེད་པ་དང༌། དབང་པོ་གཟུགས་ཅན་གྱི་སྤྱོད་ཡུལ་ལས་འདས་པར་ཁས་ལེན་པ་ཡིན་གྱི་གཟུགས་ཅན་གྱི་ཆུང་མཐའ་ཉིད་དུ་ཁས་མི་ལེན་ཞིང༌། དེའི་ཆུང་མཐར་གྱུར་པའི་རྡུལ་ཕྲ་རབ་དེར་འཇོག་པ་ལ་ནི་རྡུལ་གྱི་རྫས་དྲུག་གམ་བརྒྱད་ངེས་པར་འདུས་པ་ཞིག་དགོས་པ་ཡིན་ནོ། །ཞེས་བྱ་བ་འདི་དང་འདི་དག་བློ་བ་ལ་འཇེན་པར་བྱོས་ལ། བྱེ་བྲག་ཏུ་སྨྲ་བའི་ལྟ་བའི་གནས་འཁྲུལ་མེད་དུ་གོམས་པར་བྱེད་པ་ལ། ཁྱེད་རྟོག་གེ་སྐམ་པོའི་རིགས་ལམ་གྱི་མེ་ལྕེ་གཡོ་བར་བྱེད་པའི་ཤེས་རབ་འཆལ་པ་ཅན་སུ་གང་གིས་ཀྱང་གེགས་ཡོད་པར་མ་གྱུར་ཅིག གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་ནི་གྲུབ་མཐའ་སྨྲ་བ་གོང་མ་དག་ལ་ཡང་འདི་ལས་གོང་དུ་བོགས་དབྱུང་དུ་མེད་ལ། ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་ལ་རྩིང་ཞིབ་ཀྱི་ཁྱད་པར་ཇི་ལྟར་ཡོད་པའི་ཚུལ་གསལ་བར་བཤད་པའི་གཏམ་དུ་བྱ་བ་འདི་ནི། ཁྱེད་རྣམ་དཔྱོད་ཀྱི་མིག་དང་ལྡན་པ་འགའ་ཞིག་གིས་མགྱོགས་པར་ལྟོས་ལ། ཡི་གེ་འདི་མཐོང་མ་ཐག་ཏུ་སྔོན་གྱི་རྣམ་རྟོག་འཁྲུལ་པས་བསྒོས་པའི་བག་ཆགས་ངན་པ་དེ་དག་དོར་བར་བྱོས་ཤིག ཅེས་གྲུབ་མཐའ་སྨྲ་བ་བཞིའི་ཁྲིམས་ཀྱི་རྭ་བ་ཆེན་པོ་ཉེ་བར་བཅས་ནས་ཁྲིམས་དང་འགལ་བ་ཚར་གཅོད་པར་བྱེད་པའི་ཁྲིམས་ཀྱི་རྔ་བོ་ཆེ་རྒྱུན་མི་ཆད་པར་བསྒྲགས་པ་ཡིན་ནོ། །གྲུབ་མཐའ་སྨྲ་བ་རྣམ་བཞི་ཡི། །གྲུ་ཆེན་ཤིང་རྟ་ལ་ཞོན་ནས། །ཐུབ་བསྟན་རྒྱ་མཚོའི་ཐང་འཇམ་ལ། །མགྱོགས་པར་ཕྱིན་ནས་ངེས་དོན་གྱི། །ཡིད་བཞིན་རིན་ཆེན་ལེན་འདོད་པའི། །དོན་མཐུན་ཆོས་ཀྱི་རྗེས་འབྲང་དག །སྤྲིང་ཡིག་རྒྱལ་རྔ་རྡུང་བྱེད་པའི། །ལྟ་བའི་གྲུ་ཆེན་འདིར་ཞུགས་ཤིག །ཁྱེད་ཅག་ལ་ལ་སྤྱོད་པ་ཡི། །དད་པའི་སྐྱ་བ་འཛིན་མཁས་ཀྱང༌། །ཕྱོགས་བརྒྱར་བལྟ་བའི་མིག་ཅན་གྱི། །རྣམ་དཔྱོད་དེད་དཔོན་ལྡོངས་གྱུར་ནས། །ལྟ་བའི་བ་དན་དཀར་པོ་ནི། །ཤེས་རབ་འཆལ་པའི་རླུང་དམར་གྱིས། །འདོད་པ་མིན་པའི་ཕྱོགས་དག་ཏུ། །ལན་བརྒྱར་དེད་པ་མ་ཡིན་ནམ། །འདི་ན་གངས་ཅན་ལྗོངས་པ་དག །མཐའ་བྲལ་ལྟ་བ་དངོས་སྨྲ་ཡི། །ལམ་དུ་འཁྲིད་ན་དེའི་ལྟ་བ། །མུ་སྟེགས་ལམ་དུ་སྨོས་ཅི་དགོས། །མདོར་ན་ཉན་ཐོས་སྡེ་པ་ཡི། །ཇི་སྙེད་གྲུབ་མཐའི་འཇོག་ཚུལ་ལ། །འཁྲུལ་པར་གྱུར་པ་མང་ཡོད་ཀྱང༌། །ཇི་ལྟའི་དོན་གང་ཅི་རྟོགས་པ། །དེ་ལ་འཁྲུལ་པར་གྱུར་པ་མེད། །མ་རྟོགས་ལྟ་བའི་ལྷག་མ་ནི། །གང་ན་ཡོད་པ་དེ་དང་དེ། །གྲུབ་མཐའ་གོང་མ་གོང་མ་ཡི། །ལམ་དུ་ཕྱིན་ནས་དེ་རྟོགས་བྱ། །གང་འདིར་གྲུབ་མཐའ་སྨྲ་བ་རྣམས། །སྔ་མ་སྔ་མས་གང་གཞག་པ། །ཕྱི་མ་ཕྱི་མས་འགོག་གོ་ཞེས། །གང་འདིར་སྨྲ་བ་དོན་མ་ཡིན། །ལྷན་ཅིག་སྐྱེས་པའི་མ་རིག་པས། །གང་སྒྲིབས་བྱིས་རྣམས་གྲུབ་མཐའ་ལ། །རིམ་གྱིས་དྲངས་ནས་སྤྲོས་པའི་ཚོགས། །འགོག་བྱེད་རིམ་པ་བཞི་གསུངས་སོ། །ཞེས་རང་རྒྱུད་ཀྱི་ལྟ་བ་ངན་པའི་ཚོགས་ལ་ཁྲིམས་སུ་བྱ་བའི་སྤྲིང་ཡིག་གི་གཏམ་ཆེན་པོ་ལུང་རིགས་ཀྱི་རྒྱལ་རྔ་འདྲེན་པར་བྱེད་པ་སྐལ་ལྡན་ཤིང་རྟའི་ལམ་པོ་ཆེ་ཞེས་བྱ་བ་འདི་ནི། དཔལ་མི་ཕམ་དགྱེས་པའི་བཤེས་གཉེན་གྱིས་རྩང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།ཤུ་བྷཾ།།  །། ༄༅། །སྭ་སྟི། ཤྲཱི་འཇམ་པའི་རྡོ་རྗེའི་བྱིན་གྱི་རླབས་ཀྱིས། བདེ་བར་གཤེགས་པའི་གསུང་རབ་ཀྱི་རྒྱ་མཚོར་འཇུག་པའི་རྣམ་དཔྱོད་ཀྱི་གྲུ་བོ་ཆེ་དུས་རྟག་ཏུ་ཐོས་བསམ་གྱི་བ་དན་དཀར་པོས་ངེས་པར་མཛེས་པ། རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱིས་ལེགས་པར་བཤད་པའི་གཏམ། ཆོས་ལུགས་འདི་པ་དག་གི་རྣམ་པར་དཀར་བའི་བགྱི་བ་ལ་དད་འདུན་གྱི་ཤིང་རྟས་དྲངས་པའི་རྣམ་དཔྱོད་ཀྱི་དགའ་བ་ཉེ་བར་ཐོབ་པའི་གདུལ་བྱ་ཉི་མ་ཤར་གྱི་ཕྱོགས་ན་ཅི་བདེར་འཁོད་པ། ཐོས་པའི་སྣང་བ་དང་མ་བྲལ་བ་དག་ལ་རྒྱང་རིང་པོ་ནས་མོལ་མཆིད་དུ་སྤྲིངས་ཏེ། གྲུབ་པའི་དོན་པོ་གསོལ་བ་ནི་འདི་ལྟར། སྒྲིབ་ཀུན་བྲལ་བའི་ཉིན་བྱེད་ཆེར་འབར་བ། །ཤར་ནས་ཤར་དུ་རྒྱུ་སྐར་འཁོར་ལོའི་དབུས། །དལ་བར་རྒྱུ་བའི་དགའ་བ་ཉེར་སྤེལ་བ། །ས་ཆེན་ཤིས་པར་བགྱི་བའི་མཛད་དེ་བཞིན། །གང་ཡང་འདི་ན་ཕན་པ་དང་བདེ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པ་ནི། འཇིག་རྟེན་གསུམ་གྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་གདུགས་དཀར་གཅིག་གིས་སྲིད་པ་གསུམ་པོ་མཐའ་དག་ཁྱབ་པར་མཛད་པ་དེའི་བསྟན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་ཁོ་ན་ཡིན་ལ། དེ་ལས་སྐྱེ་རྒུ་རྣམས་ཀྱི་འདོད་དོན་མ་ལུས་པ་གསོལ་བའི་ཐབས་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པའི་ཁང་བཟང་ཆེན་པོར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང༌། སྒྲུབ་པ་དྲི་མ་མེད་པའི་རྒྱལ་མཚན་ཡོངས་སུ་བཟུང་བའི་སྒོ་ནས་རྒྱལ་བ་དགྱེས་པར་མཛད་པ་ལས་གཞན་དུ་མ་མཐོང་བ་ཉིད་དུ་ངེས་པར་བྱས་ནས། རྩང་གཡས་རུའི་སའི་ཐིག་ལེ་ཞིག་ན། རྗེ་བཙུན་མ་ཕམ་པ་ཞེས་མཚན་ཉི་མ་ལྟར་གསལ་ཞིང་དེང་དུས་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་མེད་པར། དགའ་ལྡན་གྱི་གནས་ནས་བྱིན་རླབས་ཀྱི་ཕྱག་རིང་པོ་རྐྱོང་བར་མཛད་པ་དེའི་སྐུ་ངོ་མཚར་རྨད་དུ་བྱུང་བ་ནི་གྲུབ། འཛམ་གླིང་མཛེས་པའི་རྒྱན་དྲུག་གི་གཞུང་ཇི་ལྟ་བའི་ངེས་དོན་འཆད་པ་ལ་བསྙེངས་པ་མཐའ་དག་དང་བྲལ་བའི་བཤེས་གཉེན་བརྒྱ་ཕྲག་གི་གྲངས་ལས་རྒལ་བ་ངང་གིས་འདུ་བའི་གནས་བཀྲ་ཤིས་ཀྱི་གཙུག་ལག་ཁང༌། ཐུབ་བསྟན་གསེར་མདོག་ཅན་ཞེས་མཚན་དུ་གྲགས་པ་འདིར། བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྩོད་པ་དང་བྲལ་བ་གང་དང་གང་འཛིན་པ་དང༌། འཆང་བ་དང༌། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དག་དང༌། འཆད་པ་དང༌། རྩོད་པ་དང༌། རྩོམ་པའི་སྒོ་ནས། ཚངས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བར་མཚམས་མེད་པར་བསྐོར་བ་འདི་ནི། རྒྱལ་བ་སྲས་དང་བཅས་པ་ཉིད་དང༌། དེའི་བསྟན་པ་ལ་བཀུར་སྟིར་བྱ་བ་དང༌། བླ་མར་བགྱི་བ་དང༌། རི་མོར་བྱ་བ་དང༌། འཇིག་རྟེན་གྱི་སྐྱེ་དགུ་ཀུན་ལ་ཕན་པ་དང་བདེ་བའི་ཆར་ཆེན་པོ་འབེབས་པར་འདུན་པ་དང༌། སྨོན་པ་ཁོ་ནས་ཡིན་གྱི་གཞན་གྱི་ཕྱོགས་མཐོ་བ་ལ་འགྲན་པ་དང༌། དམའ་བ་དག་ཟིལ་གྱིས་གནོན་པ་དང༌། རང་ཉིད་ཀྱི་རྙེད་པ་དང་བཀུར་སྟི་ཚོལ་བ་དང༌། ཚིགས་སུ་བཅད་པའི་རོ་མྱང་བ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ་ཞེས་འདི་པ་དག་གི་བློ་བ་ལ་ངེས་པར་སིམ་པ་དེ། ཕྱོགས་འདིར་འདུན་ཅིང་དད་པའི་རྣམ་དཔྱོད་ཅན་དག་གིས་ངེས་པར་མཛད་དུ་གསོལ། དོན་དེ་ཉིད་ཀྱི་ཕྱིར་ན། རྒྱལ་ཚབ་མཆོག་གི་སྐུ་ལ་མཆོད་པ་འབུལ་བ་དང༌། ཆོས་ཀྱི་འཁོར་ལོ་བར་མཚམས་མེད་པར་ཡོངས་སུ་བསྐོར་བའི་རྣམ་པར་དཀར་བ། འཇིག་རྟེན་ཁམས་ཀྱི་བསོད་ནམས་ཀྱི་རིན་ཐང༌། ཅི་གཞལ་བ་ཐམས་ཅད་བཟོད་པར་ནུས་པ་འདི། རང་རང་གི་སྐལ་བ་དང་འཚམ་པའི་ཡོན་གྱིས་འགུགས་པར་འདོད་པ་དག་ཡོད་དམ། ཞེས་ཆོས་ལུགས་འདི་པ་དག་དང་རྣམ་པར་དཀར་བའི་ཕྲིན་ལས་ཀྱི་འབྲེལ་པ་དང་སྔོན་གྱི་སྨོན་ལམ་མངའ་བ་དག་ལ་ཐུན་མོང་དུ་རྒྱང་རིང་པོ་ནས་སྤྲིངས་པ་ཡིན་ནོ། །རྒྱལ་བའི་སྐུ་དང་ཆོས་ཀྱི་འཁོར་ལོ་ཡི། །རྣམ་པར་དཀར་ལ་རྗེས་སུ་ཡི་རང་བས། །ལྷག་བསམ་དག་པས་ཡོན་གང་འབུལ་བྱེད་པ། །དེ་ཡི་དགེ་བ་ཆོས་ཀྱི་རྒྱལ་པོར་བསྔོ། །བསྟན་འཛིན་འཇིག་རྟེན་ཁམས་སུ་འབྱོན་པ་དང༌། །བསྟན་པའི་ཉི་མ་ཕྱོགས་སུ་འབར་བ་དང༌། །འཇིག་རྟེན་པ་ཀུན་ཕན་ཞིང་བདེ་བ་དང༌། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རྒྱས་པར་ཤོག །ཅེས་ས་མོ་བྱའི་ལོ་ཧོར་ཟླ་བདུན་པའི་ཡར་ཚེས་བཅུ་ལ་ཐུབ་བསྟན་གསེར་མདོག་ཅན་གྱི་གཙུག་ལག་ཁང་དུ་བྲིས་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན།།  །། ༄༅། །ཨོཾ་སྭསྟི་སིདྡྷཾ། ཕན་དང་བདེ་བའི་འཆི་མེད་བཅུད་ཆེན་པོས། །རིགས་པར་ངོམས་པའི་དཔག་བསམ་འདོད་འཇོ་ནི། །གང་ལ་ཅི་དགའི་དོན་ཀུན་འདིར་སྩོལ་བ། །ཉི་མའི་གཉེན་གྱུར་དེ་ལ་ཕྱག་བགྱིའོ། །རིག་གནས་ནོར་འཛིན་ཐུབ་བསྟན་ལྷུན་པོར་བཅས། །སྙིགས་དུས་འཁྲུལ་པའི་ཆུ་མཚོར་བྱིང་བ་ན། །གྱེན་དུ་འདེགས་པའི་སྟོབས་ལྡན་བརྟུལ་ཕོད་ཅན། །སྡེ་སྣོད་འཛིན་པའི་ཚོགས་འདི་མཆོད་པར་འོས། །ཅེས་མཆོད་པར་བརྗོད་པ་དང་སྐབས་སུ་བབ་པའི་དོན་དམ་བཅའ་བ་སྔོན་དུ་བཏང་ནས་དཔལ་ཁ་བ་ཅན་གྱི་ཡུལ་ལྗོངས། རྩང་གཡས་རུ་སའི་ཐིག་ལེ། ཐུབ་བསྟན་གསེར་མདོག་ཅན་ཞེས་པའི་མིང་ཅན་སྡེ་སྣོད་ཀློག་པའི་ཆོས་ཀྱི་གྲྭ་ཆེན་པོ་ན་འཁོད་པའི་སྡོམ་བརྩོན། སྟོན་པ་ཐུབ་པའི་དབང་པོའི་བྱིན་གྱིས་རླབས་ཀྱིས། ལུང་སྡེ་སྣོད་གསུམ་དང༌། རིགས་པ་རྟོག་གེའི་སྡེ་བདུན་བློ་བ་ལ་ཉེ་བར་སིམ་པས། བསྟན་པའི་སྙིང་པོ་ཡང་དག་པར་བསྒྲུབ་པ་དང༌། འཁྲུལ་པའི་གཏམ་སུན་འབྱིན་པའི་ཚུལ་ལ་འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་ཐོགས་པ་མེད་པའི་བགྱི་བས། བུ་རམ་ཤིང་པའི་བསྟན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བཀུར་བསྟིར་བགྱི་བའི་ལྷག་བསམ་མཆོག་ཏུ་དཀར་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་ཡུན་རིང་དུ་གནས་པར་གྱུར་ཅིག་པའི་སྨོན་པ། རྣམ་པར་གཡེང་བའི་མཚན་མས་མ་གོས་པ་ཞིག་བློ་བ་ལ་ཉེ་བར་བཞག་ནས། རྒྱང་རིང་པོའི་འཕྲིན་གྱི་ཡིག་གེ་མཆིད་ཤོག་ཏུ་བྲིས་ནས་ཕུལ་བ་ནི། མདོ་ཁམས་ཞེས་ཡོངས་སུ་གྲགས་པ། བདེ་བ་ཆེན་པོའི་ས་ཕྱོགས་ཡངས་ཤིང་ཉམས་དགའ་བ་དག་ན་འཚོ་ཞིང་གཞེས་པའི་དཔོན་ཆེན་པོ་ལུང་དང་ལས་ཀའི་བདག་པོ་རྣམས་དང༌། བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ལ་ཉེ་བར་དགོངས་པའི་དགེ་བའི་བཤེས་གཉེན་པ་དག་དང༌། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པས་ཁམས་ཀྱི་ནུས་པ་རྒྱས་པའི་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པ་རྣམས་ཀྱི་དྲུང་དུ་ཞུ་བ། ལྷ་དང་བཅས་པའི་འཇིག་རྟེན་གསུམ་པོ་དག་ན། མངོན་པར་མཐོ་བའི་བདེ་བས་གནས་སྐབས་སུ་ཕན་པ་དང་ངེས་པར་ལེགས་པའི་ཕན་ཡོན་གྱིས་དུས་རྟག་ཏུ་བདེ་བ་མ་ལུས་པའི་འབྱུང་ཁུངས་ནི། སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་གདུགས་མཛེས་གཅིག་གི་ཁོར་ཡུག་ཡངས་པོས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁེབས་ཤིང་ཁྱབ་པར་མཛད་པ་དེའི་གསུང་རབ། དམ་པའི་ཆོས་ཞེས་མཚན་གསོལ་བ་དེ་ཉིད་ཡིན་པར་ཡང༌། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང༌། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་གསུངས་སོ། །དེ་ལས་ཕན་བདེའི་འབྲས་བུ་འབྱུང་བ་ཡང༌། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་མཆོད་ནས་གསོལ་བ་བཏབ་པ་ལ་རག་ལས་པ་ལྟར། ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་གི་བཀྲལ་བ་དང༌། སྡོམ་བརྩོན་སྡེ་སྣོད་འཛིན་པ་རྣམས་ཀྱི་བཤད་པ་དང༌། ཇི་ལྟར་ཐོས་པ་དེ་ཉིད་ཚུལ་བཞིན་དུ་ཡིད་ལ་བགྱི་བ་རག་ལས་པ་ཡིན་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ཏེ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིངས་གནས་པར་འགྱུར། །ཞེས་སོགས་སོ། །དེ་ལྟར་གནས་པ་དེ་ཡང་ཐོག་མར་འཛིན་པ་དང༌། བར་དུ་ཀུན་ཆུབ་པར་བྱེད་པ་དང༌། ཐ་མར་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་དུ་བྱ་བ་རག་ལས་པ་ཡིན་ཏེ། ཇི་སྐད་དུ། དེ་འཛིན་བྱེད་དང་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་སོ། །བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་འཛིན་པ་ཡང༌། དུས་དུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་རག་ལས་པ་ཡིན་ཏེ། འཁོར་ལོ་རིན་པོ་ཆེས་མ་རྒྱལ་བ་དག་ལས་རྒྱལ་བར་བྱེད་པ་དང༌། རྒྱལ་བ་རྣལ་དུ་འགོད་པ་དང༌། ཡུལ་གཞན་དང་གཞན་དུ་འཕོ་བར་བྱེད་པ་ལྟར། འཁོར་ལོ་བསྐོར་བ་འདིས་ཀྱང༌། ལོག་པར་སྨྲ་བ་རྣམས་སུན་འབྱིན་པ་དང༌། ལེགས་པར་སྨྲ་བ་རྣམས་རྣལ་དུ་འགོད་པ་དང༌། དད་པ་ཅན་སྤྲོ་བ་བསྐྱེད་པ་དང༌། ལུང་དང་རྟོགས་པའི་ཡོན་ཏན་མཐའ་ཡས་པ་རྣམས་གང་ཟག་གཞན་ལ་འཕོ་བར་བྱེད་པའི་ཕྱིར་རོ། །དོན་དེ་ལ་དགོངས་ནས་འཕགས་པའི་ཡུལ་དུ། ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང༌། དགྲ་བཅོམ་པ་རྣམས་ཀྱིས་བཀའི་བསྡུ་བ་གསུམ་དང༌། རྫོགས་ལྡན་དང༌། གསུམ་ལྡན་དང༌། རྩོད་དུས་ཀྱི་བསྟན་བཅོས་ཀྱི་རིམ་པ་གསུམ་དང༌། ཁ་བ་ཅན་དུ་དང་པོར་སྲོལ་འཛུགས་པ་དང༌། རབ་ཏུ་གསོ་བ་དང༌། ཐ་མར་དར་རྒྱས་སྤེལ་བའི་རིམ་པ་གསུམ་བྱོན་པ་དང༌། ཡང་མངའ་བདག་རྩེ་ལྡེ་དང༌། རྗེ་ས་སྐྱ་པ་ཁུ་དབོན་དང༌། ཕྱི་དུས་ཆོས་རྗེ་རྣམ་གསུམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པས། ཁ་བ་ཅན་གྱི་ལྗོངས་སུ་བསྟན་པའི་རྒྱུན་མི་ནུབ་པར་མཛད་པ་དེ་ལྟ་བུའི་དཔེ་སྲོལ་བཟང་པོ་མི་ནུབ་པ་དང༌། དེའི་རྗེས་སུ་སྙེག་པའི་ཕྱིར་དུ་རིགས་པར་བསམ་ནས། གནས་འདི་དང༌། ཡུལ་འདི་དང༌། དུས་འདིར། མང་དུ་གསན་པ་དང༌། གཟུ་བོར་བཞུགས་པའི་སྡེ་སྣོད་འཛིན་པ་ཆོས་ཀྱི་གྲྭ་སོ་སོར་བཞུགས་པ་འཁོས་སུ་བབ་པ་དག་སྤྱན་འདྲེན་པ་དང༌། སྡེ་སྣོད་སོ་སོའི་བཤད་པ་རྒྱས་པའི་སྒོ་དབྱེ་བ་དང༌། འབེལ་བའི་གཏམ་གྱིས་རིགས་པར་སྨྲ་བའི་གླེང་བསླང་བ་དང༌། ཆོས་མ་ཡིན་པར་སྨྲ་བ་ཚར་གཅོད་པ་དང༌། དམ་པའི་ཆོས་ཀྱི་གཞུང་གཟུགས་པ་དང༌། དཀོན་མཆོག་གསུམ་གྱི་མཆོད་པ་རྒྱ་ཆེར་བཤམ་པ་དང༌། རྒྱུན་ཆགས་གསུམ་པ་ཉམས་སུ་མྱོང་བར་བྱ་བ་དང༌། མཐུན་པའི་གསོ་སྦྱོང་ལན་མང་དུ་བྱ་བའི་མཛད་པས། དགེ་འདུན་གྱི་སྡེ་བྱེ་བར་གྱུར་པ་དག་འདུམས་པ་དང༌། སླན་ཆད་བྱེ་བར་མི་འགྱུར་བ་དང༌། དུས་རྟག་ཏུ་དགེ་འདུན་མཐུན་པའི་མཛད་པ་ལ་ཉེ་བར་གནས་པས། མཐའ་ཡས་པའི་འགྲོ་བ་ལ་ཕན་པ་དང༌། བདེ་བ་སྒྲུབ་སླ་ཞིང༌། བསྟན་པ་ཡུན་རིང་དུ་གནས་པའི་ཕྲིན་ལས་ཉེ་བར་སྒྲུབ་པ་འདི་ལ། མཐུན་པའི་རྐྱེན་རླབས་པོ་ཆེ་རྩོལ་བ་ལ་མི་ཞུམ་ཞིང༌། ཕྲ་མོ་དག་ཀྱང་ཁྱད་དུ་མི་གསོད་པར། སྦྱིན་པའི་སྒོ་འཕར་ཡངས་པ་དབྱེ་བར་མཛད་དུ་གསོལ་ཞེས་རྒྱང་རིང་པོ་ནས་མཆིད་ཞུས་སུ་སྤྲིངས་པའོ།།  །།གང་ཡང་འདི་ན་ཕན་དང་བདེ་བའི་བཀའ་དྲིན་བཟང་པོ་ཟོལ་ཟོག་མིན་པར་སྟོན་མཛད་དེ་ནི་ཡང་དག་རྫོགས་སངས་རྒྱས། །ཀུན་གྱི་མེས་པོར་ཁས་འཆེ་བྱེད་པའི་གསེར་གྱི་པདྨའི་མངལ་ལྡན་དེ་ཡིས་རིམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཁྱབ་འཇུག་མིང་ཅན་འཇུག་པ་རྣམ་བཅུའི་ཟློས་གར་མཁན་གང་དེ་ཡང་སྒྱུ་འཕྲུལ་དུ་མས་རྒྱལ་བའི་བསྟན་པ་མ་ལུས་འཛིན། །མཚན་རྟོག་ཆར་གྱིས་སྦགས་པ་མིན་པའི་བདེ་ཆེན་མལ་དུ་རྟག་གཟིམས་བྱེད་པའི་བདེ་འབྱུང་མིང་ཅན་དེ་ཡང་འཁོར་ལོའི་མགོན། །མངོན་མཐོའི་བྱེད་པར་ཁས་བླངས་པའི། །ལྷ་གསུམ་པོ་ནི་ངེས་དོན་དུ། །སྲིད་ཞིའི་རྒུད་པ་ཀུན་སྤངས་པའི། །རྫོགས་སངས་རྒྱས་ཀྱི་བསྟན་པ་འཛིན། །ཞེས་བྱ་བར་གྲུབ་པ་འདི་ནི། མེ་ཕོ་འབྲུག་གི་ལོ། སྟོན་ཟླ་འབྲིང་པོའི་ཡར་ཚེས་གསུམ་ལ། ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭ་ནས་ཕུལ་བ་ཡིན་ནོ།།  །།མངྒ་ལཾ་བྷ་ཝནྟུ།།  ༈  །།སྟག་ལུང་ཀ་དྲུག་པ་རྗེ་ངག་དབང་གྲགས་པ་ལ་ཕུལ་བ། ༄། །ས་ཆེན་འདི་ན་ཆེར་རློམ་རྣམས་ཀྱི་གཙུག་རྒྱན་པདྨོའི་ཕྲེང་བ་གང༌། །གང་གི་ཞབས་ཟུང་ཡིད་འོང་བུང་བ་རྟག་ཏུ་གུས་པས་བརྟེན་པའི་དཔལ། །དཔལ་ལྡན་མཐོན་པོའི་གོ་འཕངས་བརྙེས་ནས་ཐུབ་པའི་བཀའ་ཁྲིམས་བཟང་པོ་ཀུན། །ཀུན་གྱི་སྤྱི་བོར་བཀོད་པས་ཆོས་ཀྱི་རྒྱལ་སྲིད་སྐྱོང་མཁས་དེ་དྲུང་དུ། །ཞུ་འོ་ཤཱཀྱ་མཆོག་ལྡན་དཔལ། །དྲི་མེད་ལེགས་པའི་བློ་ཡིས་སོ། །འགྲོ་འདིའི་བསོད་ནམས་གསེར་གྱི་གཞིར། །ཁྱོད་སྐུའི་ལྷུན་པོ་ཞབས་བརྟན་ཅིང༌། །ཆ་ཤས་གཏེར་འདི་ཆ་ཤས་ཀྱིས། །འཕེལ་བ་ཇི་བཞིན་ཁྱོད་ཐུགས་ཀྱང༌། །མང་དུ་གསན་དང་རིག་པ་དང༌། །རིམ་གཉིས་རྣལ་འབྱོར་བཟང་པོས་སོ། །ལེགས་པར་གང་ངོ་ཕྱོགས་འདི་ནི། །ཁྱོད་ཀྱི་ལེགས་བཤད་གཏམ་དང་ཡང༌། །ཉིན་བྱེད་ཟེར་དང་ཁྱེད་ཅག་གི །རྣམ་དཀར་གྲགས་པའི་ཕྲེང་བས་སོ། །ནམ་མཁའི་ཕ་མཐའ་ལ་འགོངས་པའི། །ཁྱོད་ཀྱི་གྲགས་པའི་རྔ་ཆེན་ལ། །ས་ཆེན་ཁྱོད་འདི་མི་འདའ་བའི། །འོད་བརྒྱ་པ་དེས་འགྲན་པ་ཅི། །བརྩེ་ཆེན་ཁྱོད་ཀྱི་མཁྱེན་པའི་ཁྱོན། །གནམ་སྔོན་གདོང་ལས་རྒལ་བ་འདི། །དྲེགས་ལྡན་ཀུན་གསལ་པདྨོ་ཡི། །མཐའ་མེད་དྲེགས་པ་གཞོམ་འདོད་དམ། །ལེགས་པར་བཤད་པ་མ་ལུས་པའི། །ཕ་མཐའ་བསྙེག་པར་འདོད་དམ་ཅི། །ཕྱོགས་དེའི་ཉིན་མོར་བྱེད་པ་དེ། །དེ་ནས་ཞིང་གཞན་གཤེགས་གྱུར་མོད། །མོད་ལ་ཡོངས་རྫོགས་འོད་དཀར་དཔལ། །དཔལ་ལྡན་ཤར་རིའི་རྩེ་ནས་འཆར། །དེ་ཕྱིར་ཆོས་ཀྱི་རྒྱལ་སྲིད་ལ། །ལ་མོར་དབང་བསྒྱུར་རྒྱལ་ཚབ་གང༌། །གང་བའི་རྒྱ་མཚོ་ཟླ་བས་བཞིན། །བཞིན་མདངས་བཟང་པོ་སྒྲུབ་རྒྱུད་ཡང༌། །ཡང་དག་མངོན་པར་སྤེལ་ལོ་ཞེས། །སྙན་གྲགས་པདྨར་དཀར་པོ་ཡི། །ཕྲེང་མཛེས་ཡིད་འོང་དྲི་ཞིམ་ཅན། །དཀར་བརྒྱུད་བླ་མ་རྣམས་ལ་ནི། །མཆོད་པར་དབུལ་ལོ་ཕྱོགས་རྣམས་ཀྱི། །རྣ་བའི་རྒྱན་དུ་མཛེས་པར་ཤོག །ཕན་མཛད་ཐུགས་རྗེ་ཅན་དེ་ཡི། །རྣམ་དཀར་ཕྲིན་ལས་རྒྱུན་གསུམ་པ། །སྐལ་བཟང་འགྲོ་བའི་རྒྱ་མཚོ་ལ། །ཕངས་པ་མེད་པར་འཇུག་གྱུར་ཅིག །དེ་སྐད་འདི་ནི་སྙོམས་ལས་ཀྱི། །འདབ་བརྒྱའི་བཅུད་ལ་མངོན་ཆགས་ཀྱང༌། །ཁྱོད་ཞབ་པདྨོའི་ཕྲེང་བ་ལ། །མངོན་པར་དད་པ་དང་ལྡན་པས། །སྒྲ་དང་གབ་དང་གསལ་བ་དང༌། །རབ་བརྟགས་རྒྱན་ལྡན་སྙན་དངགས་གང༌། །རབ་དཀར་ཞལ་ལྡན་དབྱངས་ཅན་མས། །ཞལ་བསྟན་དཔལ་ལྡན་བླ་མ་ལ། །ཕུལ་བ་ཕུགས་སུ་ཕུལ་བྱུང་རྒྱུ། །ཡིད་ཀྱི་པིར་གྱིས་བྲིས་འདིར་ནི། །སྤྱན་ཟུར་ཟུར་ཙམ་བསྒྱུར་བར་ཞུ། །གུར་ཀུམ་ཐུམ་པུར་བསྡུས་ནས་སུ། །རྟག་ཏུ་གུས་པས་བཏུད་ནས་ཞུས། །རྒྱུན་དུ་འཁུར་འཛུམ་རྒྱུར་ཕུལ་ལོ།།  །། ༄༅། །ལྷག་པའི་ལྷ་དང་བཤེས་གཉེན་ལ། །ལྷག་པར་བརྩེ་བའི་སྦྱིན་པོ་ཡིས། །ལྷག་པའི་ཚུལ་ཁྲིམས་དོན་དུ་ནི། །ལྷག་བསམ་དག་པས་གང་སྤྲིངས་པ། །ཕྱག་རྒྱ་ཉམས་པ་མེད་པར་ནི། །ཕྱག་ཏུ་འོངས་པའི་དགེ་བ་ཡང༌། །ཕྱག་བྱར་འོས་ལ་བསྔོས་བྱས་ནས། །ཕྱག་མདུད་བདུད་ལས་རྒྱལ་ཕྱིར་འབུལ། །མྱོས་བྱེད་ཉེས་པ་ཀུན་གྱི་རྒྱུ། །ཚེ་འདིར་ཁྲེལ་ཡོད་ཉམས་བྱེད་ཅིང༌། །ཆོས་དང་སྲིད་ཀྱི་ནོར་འཇིག་བྱེད། །ཕྱི་མར་ངུ་འབོད་གནས་སུ་ལྟུང༌། །དེ་སྤངས་ན་ནི་བག་ཡོད་ཅིང༌། །ཉོན་མོངས་བདུད་ལས་ལྡོག་པ་དང༌། །ཀུན་གྱིས་མངོན་པར་བསྔགས་པ་དང༌། །ཚེ་དང་འབྱོར་པ་ཕུན་ཚོགས་འཐོབ། །དེ་ཡི་དགེ་བ་ཅི་ཡོད་པ། །རྫོགས་སངས་རྒྱས་སུ་བསྔོས་བྱོས་ལ། །གནས་སྐབས་ལྷ་དབང་མདུན་ས་དེར། །འཆི་མེད་བདུད་རྩི་ངེས་པར་འཐུང༌། །ཤར་ཕྱོགས་སུ་ནི་དོན་གྲུབ་ནས། །ཁྱིམ་དུ་བདེ་བར་ཕྱིན་གྱུར་ཅིག །དེ་ནས་ཧ་ཅང་མི་རིང་བར། །ཐོག་མར་གང་འདིར་ལན་གཅིག་མཇལ། །གང་དེའི་སོས་ཀྱི་མེ་ཏོག་ལ། །བལྟ་འདོད་ཡིད་ཀྱི་བུང་བ་ནི། །ཆོས་ལྟར་བཅོས་པའི་རྣམ་གཡེང་གི །དཔྱིད་ཀྱི་ཕུན་ཚོགས་ལ་ཆགས་ནས། །རྒྱང་རིང་གོམ་པ་འདོར་དཀའ་བའི། །བཀའ་མཆིད་རྒྱས་པ་མཇལ་ནས་བྱེད།།  །།ཁུར་མ་རིམས་དང་འཁྲུགས་སེལ་བའི། །སྔོ་གསར་ཡང་དང་ཡང་ཕུལ་བ། །དེ་ཡི་དགེ་བས་གནས་སྐབས་སུ། །རིམས་ནད་མ་ལུས་ཞི་བ་དང༌། །ལོ་ལེགས་ཕུན་སུམ་ཚོགས་ཐོབ་ཤོག།  ༈  །།ཞྭ་དམར་ཅོད་པཎ་འཛིན་པ་བཞི་པ་ལ་ཕུལ་བ།། ༄། །བསོད་ནམས་བརྒྱས་བསྐྲུན་མཚན་དཔེའི་སྐྱེ་མཆེད་ཀྱིས། །གང་ཁྱོད་རྒྱལ་བའི་སྲས་སུ་ཉེར་མཚོན་ཞིང༌། །དོན་བཟང་རྣར་སྙན་བརྗོད་བྱེད་གཙང་ཉིད་ཀྱིས། །རིག་གནས་རྒྱ་མཚོའི་མཐར་སོན་དེ་དྲུང་དུ། །ཞུ་མཆིད་རྗེ་སར་བྱས་པ་འདི་ན་དགེ །ཤཱཀྱའི་སྲས་ཀྱི་རྗེས་འཇུག་ཀློག་པ་བ། །ཕལ་ཆེར་སྙོམས་ལས་བདེ་བའི་རོ་མྱང་ཞིང༌། །གཞན་དུ་སློབ་མའི་བྱ་བས་བྲེལ་གྱུར་ནས། །མང་པོར་ཐོས་དང་ཞིབ་མོར་དཔྱོད་པ་དང༌། །ཚུལ་བཞིན་སེམས་ལ་འགྲུས་པ་ལྷོད་གྱུར་མོད། །སྐབས་འགར་གཞུང་བཟང་ཉམས་པའི་སྙེམས་པ་ཡི། །གླང་ཆེན་ཁྲུས་ཀྱི་འཇུག་པ་ལྷུར་བླངས་སོ། །ལུས་སེམས་བདུད་རྩིར་བྱེད་པའི་མཚར་སྡུག་ཅན། །མཆིད་ཤོག་དྲི་ཟའི་དབྱངས་ཀྱི་རོལ་རྩེད་ནི། །བརྒྱ་བྱིན་འཁོར་གྱི་བྱེད་པོའི་ལག་པ་ཡིས། །དེས་བསྐྲུན་བླ་གོས་ཚོན་བརྒྱའི་མདངས་གསལ་བ། །བསོད་སྙོམས་ཟས་དང་ཕྱག་དར་གོས་ཀྱིས་ནི། །ཐུབ་པའི་བརྟུལ་ཞུགས་འཛིན་པར་ཁས་བླངས་ནས། །རྒྱན་དྲུག་གཞུང་ལུགས་དྲང་པོར་སྨྲ་བ་ཡི། །ཁེངས་གཏམ་ཅན་འདིའི་ཕྲག་པས་གུས་པར་བླངས། །སྦྱིན་བྱའི་ཡིད་ཀྱི་ཤིང་རྟ་འདིར་ངོམས་ཤིང༌། །སྦྱིན་པོའི་ཐུགས་ལ་དགའ་བ་ཉེར་འཕེལ་བ། །དེ་ཡི་རྒྱུ་མཐུན་ཆོས་ཀྱི་རྒྱལ་པོ་ཡི། །རྒྱ་མཚོར་དབྱེར་མེད་གཅིག་ཏུ་འགྱུར་ངེས་པ། །དེ་སྲིད་ལྷག་བསམ་རྣམ་དཀར་གཡོ་མེད་ཅིང༌། །ཐུགས་གཅུགས་གྱུར་པས་ངེས་པར་བག་ཕབ་ནས། །ཆོས་དང་མཐུན་པའི་གསུང་གཅིག་རོལ་མོ་ཡིས། །རྒྱལ་དང་དེ་སྲས་དགྱེས་པ་བསྐྱེད་གྱུར་ཅིག །སྤྲུལ་སྐུའི་ཉི་མ་ཕྲིན་ལས་ཆེར་གསལ་བ། །འགྲོ་དོན་ཡངས་པའི་མཁའ་ལ་འཆར་བ་ན། །འགྲོ་བློའི་ཆུ་གཏེར་རྙོག་པར་མི་འགྱུར་ཞིང༌། །མེ་དང་མུན་པའི་ལམ་དུ་འཇུག་མ་གྱུར། །ཅེས་པའི་མཚོན་བྱེད་དུ་རས་ཁྲ་ཅིག་ལ་རྒྱས་བཏབ་འབུལ།།  ༈  །།མཁས་གྲུབ་ཨ་མོ་གྷ་ཤྲཱི་ལ་ཕུལ་བ། ༄། །མཁྱེན་པའི་བརྗིད་ཀྱིས་ཉི་མ་འགོངས་ནུས་ཤིང༌། །བརྩེ་བའི་མདངས་ཀྱིས་ཟླ་བ་སྐྱེངས་བྱས་ནས། །ནུས་པའི་སྟོབས་ཀྱིས་ལྷ་མིན་ཕམ་མཛད་པའི། །དོན་ཡོད་མཁྱེན་བརྩེའི་ཆུ་གཏེར་ཉམས་དགའ་བ། །དཔལ་ལྡན་ནུས་པའི་འདབ་སྟོང་རྒྱས་པའི་རྩེར། །བཟང་པོའི་སྙན་གྲགས་བུང་བའི་ཁྱུ་ལྡིང་ཞིང༌། །ཐུབ་བསྟན་སྐྱེད་ཚལ་ཡིད་ཁར་འོང་མཛད་པའི། །ཡོངས་འཛིན་དམ་པའི་ཞབས་ཀྱི་པདྨོའི་དྲུང༌། །མགོ་བོར་བླངས་ནས་ཡིད་རབ་དྭང་བ་དང༌། །ངག་གིས་ཀྱང་ནི་གུས་པས་ཕྱག་བྱས་ནས། །རྣམ་གསལ་བུང་བའི་གདངས་ལ་ཅོ་འདྲི་བའི། །སྙན་ངག་པདྨོའི་ཕྲེང་བ་འབུལ་ལགས་ཀྱི། །ཐུགས་རྗེའི་ཕྱག་གིས་རིངས་པར་བཞེས་པ་དང༌། །བདག་གི་བྱ་བ་གྱ་གྱུར་འབབ་གང་གིས། །ཐུགས་མཚོའི་དཔལ་ལ་རིང་དུ་འགོད་གྱུར་ན། །ཉེས་པར་སྣང་གང་མཐོལ་ཞིང་འཆགས་ལགས་ཀྱི། །བདག་བློ་ལེགས་བཤད་ཚོལ་པའི་གྱ་གྱུར་ཅན། །ཐམས་ཅད་མཁྱེན་པའི་རྒྱ་མཚོར་བསྒྲོད་པ་ལ། །ཉེས་དེས་ནམ་ཡང་སྒྲིབ་པར་མ་གྱུར་ཅིག །ལེགས་པར་མཛད་པའི་ཚོགས་ལ་རིང་ནས་དད། །དམ་ཆོས་འཁོར་ལོ་སྒྱུར་བའི་དཔལ་བཟུང་ནས། །འགྲོ་དོན་གླིང་བཞིའི་ཁྱོན་འདིར་ཞབས་བརྟན་ཅིག །གང་འདིར་འཆད་རྩོད་རྩོམ་པའི་ཆུ་བོ་བརྒྱ། །ཁྱོད་ཀྱི་ཕྲིན་ལས་རྒྱ་མཚོ་འཕེལ་བ་དང༌། །མཐའ་ཡས་འགྲོ་བའི་དོན་དུ་བསྔོ་ལགས་ན། །རིང་ནས་བརྩེ་བའི་ཐུགས་ཀྱིས་ཡི་རང་ཞུ། །རྣམ་དཔྱོད་ཤོག་ཡངས་ཐོས་པའི་ཐིག་ལེས་མཛེས། །རྟག་ཏུ་ལེགས་པར་བཤད་པའི་ངར་ངར་ཅན། །ཞབས་དྲུང་འོ་མའི་རྒྱ་མཚོར་སྙེགས་འདོད་ཀྱང༌། །རིང་ནས་ལྷགས་པའི་དོན་མཐུན་དུ་མ་དང༌། །སྙོམས་ལས་མརྒད་འཁྱིལ་པའི་ཆུ་གཏེར་དུ། །འཇིག་རྟེན་ལུགས་ཀྱི་ཆོས་བརྒྱད་པདྨོའི་ཚལ། །མཚར་དུ་མངར་བའི་རོ་ལ་ཆགས་པ་ཡི། །སྲེད་པའི་ཞགས་པས་ཕྱོགས་འདིར་འཆིང་ངོ་ལོ། །འོན་ཀྱང་ཐར་འདོད་ཧ་རི་ཙནྡན་ནི། །ལེ་ལོའི་ཁྲི་ཤིང་དགའ་མ་རིང་དོར་ནས། །འཆད་རྩོད་རྩོམ་པའི་དྲི་ཞིམ་མེ་ཏོག་ཕྲེང༌། །ཐུབ་རྣམས་དགེས་པའི་དོན་དུ་རྟག་པར་འབུལ། །ཞེས་པའི་རྟེན་གསོལ་ཇ་སྲང་གང་དང༌། ཞོ་གང་ཕུལ་བ་ལས། ཞོ་གང་པོ་འདི་ལ་བརྟེན་པའི་གྲྭ་ཚང་གི་དགེ་འདུན་གྲྭ་པ་སུམ་ཅུ་ཐམ་པ་ལ་གསོལ་ཇ་གཅིག་གནང་ནས། བར་ཆད་ཞི་བའི་སྨོན་ལམ་གནང་བ་ཞུ། ཞིབ་ཀྱི་ལོ་རྒྱུས་ངག་ནས་འབུལ། །མགོས་ཉ་བའི་བཅོ་ལྔ་ལ་འཕན་ཡུལ་གྱི་སའི་ཐིག་ལེ་ནས་ཞུས།།  ༈  །།གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་བྱུ་རུ་ལྔ་བཅུ་འཕྲེང་གི་རྟེན་དང་བཅས་གནང་བ།། ༄། །ཅིར་སྣང་སེམས་ཀྱི་རྣམ་རོལ་ཏུ་གཟིགས་ནས། །སེམས་ཀྱང་འཛིན་མེད་ཕྱག་རྒྱའི་རྣམ་རོལ་གྱིས། །སྣང་སྲིད་དབང་དུ་བསྡུས་པའི་གྲུབ་པ་མཆོག །ཐང་སྟོང་རྒྱལ་པོ་རིང་དུ་ཞབས་བརྟན་ཅིག །ཁྱེད་ཅག་ལྔ་བཅུའི་ལོར་མཚོ་བའི། །རྟེན་འབྲེལ་ཤིས་བརྗོད་ཕྲེང་བ་འདི། །ཁྱད་ལ་དད་པ་རྣམ་དཀར་བ། །དགེ་སློང་སྡེ་སྣོད་འཛིན་པས་སོ།།  ༈  །།ཆོས་རྗེ་རིན་པོ་ཆེ་ནཱ་ལེནྡྲ་པའི་དྲུང་དུ་ཕུལ་བ།། ༄། །མང་དུ་གནས་པ་རྒྱ་མཚོའི་དབུས་ན་བཞུགས་ནས། ཐུགས་བསྐྱེད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དབང་ཕྱུག་དམ་པ། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ། ཤཱཀྱའི་དགེ་སློང་བསོད་སྙོམས་པས་མཆིད་ཕྲིན་དུ་ཞུ་བ་ནི། ཕྱི་ནང་གི་རྟེན་འབྲེལ་སྒྱུ་མར་ཐུགས་སུ་ཆུད་པས། མཚན་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག་ཅིང༌། ཐུབ་བསྟན་ཁྲུས་ཀྱི་དག་བྱེད་བདུད་རྩིའི་ལམ་པོ་ཆེ། ལེགས་པར་བཤད་པའི་ཤིང་རྟའི་ཁྲི་ལ་ཉེ་བར་གཞག་ནས། བདེ་བར་འདྲེན་པ་ལ་རྩོད་པ་ཐམས་ཅད་དང་བྲལ་བས། བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོར་མངའ་གསོལ་བ། ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྟེན་གྱི་གདན། བསྙེངས་པ་ཐམས་ཅད་དང་བྲལ་བའི་སེང་གེའི་ཁྲི་ག་ལ་བ་དེར། གང་གི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཉིད། ལྡང་བ་ཡང་ཞིང༌། སྐྱོད་པ་བདེ་བར་ཞབས་ཕེབས་པའི་ཐང་དུ། རྒྱལ་བ་སྲས་དང་སློབ་མར་བཅས་པ་དག་གིས། ལེགས་པར་རབ་ཏུ་གནས་བརྟན་པའི་བཀྲ་ཤིས་ཀྱི་མཆོད་དབྱངས་རོལ་མོར་མཛད་པའི་སྐབས་དེ་ཉིད་དུ། འདི་དག་ནས་ཀྱང་འདི་སྐད་ཅེས། གང་སྐུ་སྐུ་ལྔའི་བདག་ཉིད་རྡོ་རྗེ་འཆང༌། །དེའི་གསུང་གསུང་གི་དབང་ཕྱུག་བདག་མེད་མ། །ཉིད་ཐུགས་ཐུགས་རྗེའི་དབང་ཕྱུག་བིརྺ་པའི། །བཀྲ་ཤིས་ཤིས་བརྗོད་མ་ལུས་དེང་འདིར་སྩོལ། །ཞེས་བཀྲ་ཤིས་ཀྱི་དགའ་སྟོན་མཚོན་བྱེད་ཕུལ་བ་ལ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་མཛད་ནས། བསྟན་པ་རིན་པོ་ཆེ་ཕྱོགས་ཀྱི་ཐ་གྲུ་མཐའ་དག་ཏུ་རྒྱས་པའི་སྨོན་ལམ་རྣམ་པར་དག་པ་བཀས་གནང་བ་ཞུ། ཡུལ་ལ་དབང་བྱེད་ཉག་ཕྲན་བདག་པོའི་མདའ། །མེ་ཏོག་མདེ་རྩེར་འཕྱང་བའི་རོ་བརྒྱ་པ། །སྦྲང་རྩིར་བྱེད་པའི་དགའ་བ་དེ་བཏང་ནས། །འཆི་མེད་གྲུབ་པའི་ས་ལ་བཞུགས་གྱུར་ཅིག།  །།མངྒ་ལཾ་བྷ་ཝནྟུ། སརྦ་ཛཱ་ག་ཏྭཾ།།  ༄༅། །ཀུན་ལ་ཡངས་པའི་བློ་མིག་ཅན། །ཀུན་ལ་མང་པོའི་ཐོས་པ་ཅན། །ཀུན་མཁྱེན་དགྱེས་པའི་སྐལ་པ་ཅན། །ཀུན་དགའི་དབང་ཕྱུག་ཕྱོགས་ལས་རྒྱལ། །རྒྱལ་བ་གཉིས་པ་ཆོས་ཀྱི་རྗེ། །རྗེ་ཉིད་ངོ་མཚར་འོག་མིན་དུ། །དུ་མའི་མགོན་དུ་གཤེགས་གྱུར་ཚེ། །ཚེ་འདི་དོན་མེད་བྱས་སྙམ་མོད། །མོད་ལ་རྒྱལ་ཚབ་དམ་པ་དེ། །དེ་མ་ཐག་ཏུ་དབང་བསྐུར་བས། །བས་མཐའི་གནས་དེར་དམ་པའི་ཆོས། །ཆོས་བཞིན་མཛད་པ་སྟོང་ལ་ཉེ། །ཉེ་བར་བཀའ་ལུང་ནོད་པ་དག །དག་པས་བསྒྲུབ་པའི་མཛད་པ་གང༌། །གང་གི་བཀའ་བཞིན་བསྒྲུབས་པ་ཀུན། །ཀུན་དགར་བྱའོ་རྣ་བར་སྙན། །སྙན་གྲགས་ཧ་རི་ཙནྡན་དེས། །དེས་པ་བཞིན་དུ་འཁྱུད་པ་ཡི། །ཡི་རང་མ་ལ་ཡ་ཡི་རླུང༌། །རླུང་བཞིན་ཀུན་གྱི་མགྲིན་པར་གླེང༌། །སླར་ཡང༌། རྒྱལ་ཚབ་འོད་སྟོང་མཆོད་པ་དང༌། །བུ་སློབ་སྦྲང་རྩིའི་ཁུར་འཛིན་ཅིང༌། །ཐོས་དང་བསྒྲུབ་ལ་བརྩོན་པ་ནི། །ཁྱོད་ཀྱི་གྲུབ་པའི་མཛད་པའོ། །ལྷ་ཡི་སྐྱེད་ཚལ་ལས་འོངས་པའི། །མེ་ཏོག་གསར་བའི་གུར་ཁང་དུ། །བརྒྱ་བྱིན་གཞུ་ཡི་ཐག་པ་ཡིས། །ཕྱོགས་རྣམས་ཀུན་ཏུ་ལེགས་བྲེས་ཤིང༌། །སྐུ་གདུང་ཟ་འོག་སྐུད་པ་ལ། །རིང་སྲེལ་མུ་ཏིག་ཕྲེང་བ་རྣམས། །ཕངས་པ་མེད་པར་བརྒྱུས་པ་ཡི། །དགའ་སྟོན་དེ་ལ་བལྟ་འདོད་ནའང༌། །གཞན་དོན་ལྟར་སྣང་ལ་ཆགས་པས། །འགྲོ་འདོད་ཡིད་ཀྱི་ལྷག་མར་ལུས། །འོན་ཀྱང་རིང་ནས་གསོལ་འདེབས་པ། །བདག་ལ་སྐུ་གདུང་རིང་བསྲེལ་ཅན། །རྣམས་ཀྱིས་བྱིན་གྱིས་རློབ་པར་ངེས། །དེ་ཡང་ཁྱེད་ཀྱི་དཔལ་ལས་བྱུང༌། །དེ་སྐད་སྨྲ་བ་རིང་གནས་ཀྱང༌། །ཉེ་བའི་རྒྱུ་མཚན་སྟོང་ལྡན་པ། །སྙན་ངག་སྨྲ་བ་ཤཱཀྱ་ཡི། །དགེ་སློང་མཆོག་ལྡན་ལེགས་པའི་བློ། །ཞེས་པ་འདི་དབོའི་ཟླ་བའི་དགའ་བ་དང་པོ་ལ་ཤཱཀྱ་མུ་ནེའི་ཞབས་བརྟན་གྱི་ཆོས་གྲྭ་ཚལ་དབུས་གླིང་ཡངས་པའི་སྡེ་ཆེན་པོ་ནས་དགེ་སློང་ཀུན་དགའ་དབང་ཕྱུག་ལ་ཕུལ་བའོ།།  ༈  །།ངོར་ཨེ་ཝཾ་ཆོས་ལྡན་དུ་རྗེ་ཀུན་དགའ་དབང་ཕྱུག་ལ་ཕུལ་བ།། ༄། །དཀོན་མཆོག་མངོན་པར་རྟོགས་པའི་དཔལ་ཡོན་གྱིས། །གཞན་འཕྲུལ་དབང་བྱེད་བདག་པོའི་དཔུང་ཚོགས་ལས། །རྣམ་པར་རྒྱལ་བའི་དགེ་མཚན་དཔལ་མངའ་བ། །མཚུངས་མེད་ངག་གི་དབང་པོའི་ཞབས་དྲུང་དུ། །ཐུབ་པའི་གསུང་རབ་གངྒཱའི་སྲོལ་ཆེན་པོ། །གྱ་གྱུའི་ལམ་དུ་ནམ་ཡང་མི་འདྲེན་ཞིང༌། །རྒྱན་དྲུག་མཁས་པའི་གཞུང་གི་སྲོལ་ཉིད་དུ། །འདྲེན་བརྩོན་ཀློག་པ་པ་དེས་མཆིད་འདི་ཞུ། །གང་ཁྱོད་ཀུན་གྱིས་བཀུར་བའི་རིགས་འཁྲུངས་ཤིང༌། །མང་པོར་གསན་དང་འགྲོ་བའི་དོན་མཛད་ནས། །སྒྲུབ་པའི་མཆོད་པས་རྒྱལ་བ་དགྱེས་སླད་དུ། །ཐུབ་པས་བསྔགས་པའི་གནས་སུ་འཚོ་བཞེས་སམ། །སྦྲང་རྩིའི་དགྲ་དམ་མེ་ཏོག་གཞུ་ཅན་གྱིས། །ནམ་ཡང་མ་མྱང་བདུད་རྩི་རོ་བརྒྱ་པས། །གང་ཐུགས་ཞི་བའི་གནས་སུ་དྲངས་གྱུར་ནས། །ཞི་བའི་སྟན་ལས་ནམ་ཡང་བཞེངས་མི་མངའ། །སྔོན་བྱོན་ནགས་ཀྱི་གླང་ཆེན་མང་པོ་ཡིས། །ངེས་པར་གྲུབ་པའི་གནས་སུ་བསྟི་མཛད་མོད། །རླབས་ཆེན་ཁྲུས་ཀྱི་འཇུག་ངོགས་ཉམས་དགའ་བར། །རྗེས་འཇུག་གླང་བུའི་ཚོགས་རྣམས་འདོར་མི་འཚལ། །གང་སྐུ་ལྷུན་པོ་བཞིན་དུ་བརྟན་པ་དང༌། །ཉིད་གསུང་ཉི་མ་བཞིན་དུ་འཕྲོ་བ་དང༌། གང་ཐུགས་རྒྱ་མཚོ་བཞིན་དུ་གང་བ་ལས། །ཕྲིན་ལས་ཆུ་བོ་བཞི་པོ་རྟག་འབེབས་ཤོག །ཅེས་ཤིས་པ་བརྗོད་པའི་རྟེན་མཚོན་བྱེད་དུ། རས་ཁྲའི་བླ་བྲེ་ཤིག་འབུལ།།  །།སྟག་ལུང་ཀུན་སྤངས་པའི་དྲུང་དུ་ཕུལ་བའོ། །ཆོ་རིགས་བཙུན་ཞིང་ངེས་པར་གྲུབ་པའི་དབང་པོ་དག་རིམ་པར་བསྟི་བའི་གནས་སེང་གེའི་ཁྲི་ལ་མངོན་པར་མཐོ་ཞིང༌། ལྷུན་སྟུག་པར་བརྗིད་ཆགས་པ། སྟག་ལུང་རིན་པོ་ཆེ་པའི་དྲུང་དུ། ཞུ་བ། སྐུ་གསུང་ཐུགས་ལ་རྙོག་པ་མི་མངའ་ཞིང༌། རྣམ་པར་དཀར་པའི་ཕྲིན་ལས་ཀྱི་ཉི་མ་ཆེས་ཆེར་གསལ་བའི་ངང་ནས། འགྲོ་བ་མང་པོའི་འདྲེན་པ་པར་ཞབས་བརྟན་པ་བཀའ་དྲིན་ཆེ། བཀའ་རྒྱུད་རྒྱུ་སྐར་མང་པོའི་དབུས་ཤིག་ན། །སྟག་ལུང་ཐང་པའི་ཉི་མ་ཆེར་འབར་བ། །ཚུལ་ཁྲིམས་རྣམ་དག་གསེར་གྱི་ཡུ་བ་ལ། །གང་བརྟེན་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལགས། །གཞན་ལ་འཕགས་པའི་ཁྱད་ཆོས་རྣམ་གཉིས་པོ། །རྣམ་དཔྱོད་བརྩོན་པའི་ཕྱག་གིས་ཉེར་བཟུང་ནས། །སྒྲུབ་རྒྱུད་བསྟན་པ་ཕྱོགས་བརྒྱར་གསལ་བ་དང༌། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་སྟག་ལུང་ཁྲི་ཐོག་པ་ལ་ཕུལ་བའོ།།  །།གྲུབ་པའི་དབང་ཕྱུག་མང་པོའི་གདུབ་འཚོབ་དབོན་ཀ་དྲུག་པའི་དྲུང་དུ་ཞུ་བ། རྣམ་དཔྱོད་ཀྱི་ཉི་མ་གསལ་པོ་ལ། རྨོངས་པའི་མུན་པས་མ་སྒྲིབས་པར། ལེགས་པར་བཤད་པའི་གཞུང་ལུགས་མཐའ་དག་ལ་མཁྱེན་པའི་སྤྱན་ཟུང་ཐོགས་མེད་དུ་བཞུགས་པར་གྱུར་ལགས་སམ། གསོལ་བ་ཐེབས་ན་དགོས་འདོད་ཀུན་འབྱུང་བའི། །ཟབ་གསལ་བློ་གྲོས་ཡིད་བཞིན་ནོར་ཆེན་པོ། །སོས་དལ་རྒྱ་མཚོའི་དབྱིངས་སུ་མི་གབ་པར། །མང་དུ་གསན་ཞིང་ངེས་པར་གྲུབ་པ་ཡི། །ཡོངས་འཛིན་དེད་དཔོན་དབང་པོར་བསྙེན་མཛད་ནས། །ཐོས་བསམ་སྒོམ་པའི་སྦྱོང་ཚུལ་རྣམ་གསུམ་གྱིས། །རིམ་པར་སྦྱངས་པའི་རིན་ཆེན་དབང་གིས་རྒྱལ། །སྐྱེ་དགུའི་རྒྱལ་མཚན་རྩེ་མོར་མཐོ་གྱུར་ཅིག །ཅེས་ཤིས་པ་བརྗོད་པའི་མཚོན་བྱེད་དུ་རས་དཀར་དྲི་མ་མེད་པ་ཞིག་འབུལ།།  ༈  །།ཆོས་རྗེ་རྫོང་འཁར་བ་ལ་མཆིད་འཕྲིན། ༄། །གངས་ཅན་འདི་ན་རྫོགས་སངས་རྒྱས་གསུངས་ལ། །ཡིད་གཞུངས་ཆོས་ཀྱི་མཛོད་འཛིན་བགྲང་ཡས་ཀྱི། །མེས་པོར་གྱུར་པས་བསྟན་པའི་གོ་འཕང་ནི། །མཐོན་པོར་བསྟོད་ནས་འཕེལ་མཛད་ཉིད་དྲུང་དུ། །རྒྱན་དྲུག་གཞུང་ལུགས་འཁྱོག་པོའི་ལམ་དག་ལས། །བསྲུང་བའི་ངལ་བས་གདམས་པའི་བཅུད་ཆེན་པོ། །གང་བློའི་བདུད་རྩིར་བྱེད་ལས་གཡེལ་གྱུར་ཀྱང༌། །བསྟན་ལ་རིམ་གྲོལ་བྱེད་པའི་བསོད་སྙོམས་པ། །གཞན་ཕན་ལྷུན་གྲུབ་སྐྱེས་ཆེན་དམ་པ་ཡི། །རྣམ་པར་ཐར་པས་ཡིད་རབ་དྲངས་གྱུར་ཅིང༌། །སྙན་གྲགས་རྔ་ཆེན་རྣ་བར་ཉེར་སིམ་ནས། །དྭང་བས་སྤྲིངས་པའི་མཆིད་ཤོག་འདི་བཞེས་ཤིག །ཕྲིན་ལས་འོད་བརྒྱའི་ཟེར་གྱིས་ཉེར་འཁྱུད་པའི། །གང་གསུང་ཉིན་བྱེད་བྱེ་བའི་མདངས་གསལ་ཞིང༌། །ཉིད་སྐུ་ཁྱབ་འཇུག་ལག་པའི་འཚེ་བྲལ་བ། །ཐུབ་བསྟན་ཤར་རིའི་ཕྲག་པར་འཚོ་གཞེས་སམ། །གང་ཁྱོད་དང་པོར་ཐུབ་པའི་གསུང་རབ་ལ། །རིགས་པར་སྦྱངས་པས་མཁས་པའི་གོ་འཕང་བཟུང༌། །དེ་ནས་བློ་གསལ་རྒྱ་མཚོའི་དབུས་ཤིག་ཏུ། །ལེགས་པར་བཤད་པས་ཕྲིན་ལས་དབང་པོ་གྱུར། །དེང་སང་འདི་ན་ཟུང་འཇུག་རྣལ་འབྱོར་གྱིས། །རིག་འཛིན་གོ་འཕང་བརྙེས་པར་གདོན་མི་འཚལ། །གང་ཤར་དག་པར་འཆར་བྱེད་ལྷའི་སྐུ། །དག་སྣང་སྟོང་པར་འཆར་བའི་རྣམ་རོལ་ལས། །གཡོ་མེད་ངང་ནས་འཆད་རྩོད་རྩོམ་པ་ཡི། །ཕྲིན་ལས་གཡེལ་མི་མངའ་ལ་རྗེས་ཡི་རང༌། །རང་འོད་མདངས་ཀྱི་ཕྱུག་པའི་དྲེགས་པ་ཅན། །པ་སངས་རང་གི་མདུན་སར་སྙེམས་བྱེད་མོད། །ཐུབ་བསྟན་མཁའ་ལ་བདེ་བར་རྒྱུ་བ་ཡི། །བསྟན་པའི་ཉིན་བྱེད་ཁྱོད་ཉིད་ཁོ་ན་ཞེས། །ཀུན་གྱི་རྣ་བའི་རྒྱན་དུ་འཆད་བྱེད་ཅིང༌། །གཟུར་གནས་མང་པོའི་མགྲིན་པར་གླེང་བ་ཡི། །སུམ་རྩེན་མཁའ་ལ་འཆར་བའི་རྔ་ཆེན་ལ། །ཕྲག་དོག་ཡིད་ཅན་སུ་ཡིས་འགོང་བར་ནུས། །གཞན་འཕྲུལ་དབང་བྱེད་བདག་པོའི་མེ་ཏོག་གཞུ། །རྣ་བའི་བར་དུ་བཀང་ནས་བསྟན་འཛིན་ལ། །སྒྲ་མེད་འཇབ་པའི་སྙན་ཚིག་རོལ་མོ་མཁན། །ཕ་མཐར་བསྒྲལ་ནས་རིང་དུ་ཞབས་བརྟན་ཤིག །བསྟན་པའི་དྲང་ངེས་འབྱེད་ལ་ཟླ་བྲལ་བ། །ཐོགས་མེད་ཞབས་གཞུང་ཐེག་ཆེན་བསྡུས་པ་ལ། །གང་དེར་མཆོད་ཅིང་རི་མོར་བྱེད་ཅེས་པའི། །སྙན་གྲགས་བདུད་རྩི་གང་འདིའི་ཡིད་མཚོར་སིམ། །ཆེན་པོར་སྙེམས་པའི་གྲགས་པ་གསལ་ལྡན་འགས། །བྱམས་པའི་གཞུང་གསུམ་དངོས་སྨྲའི་ལམ་ཉིད་དུ། །སྡེ་སྲིད་དཔུང་པས་འཚོ་བའི་ཕོ་ཉ་ཡིས། །དབང་མེད་དྲངས་ནས་མུན་པའི་གླིང་ལ་འཁྱམས། །འཇིག་རྟེན་ལྷན་ཅིག་སྐྱེས་པའི་མ་རིག་པས། །རྣམ་བརྟགས་གྲགས་པའི་ཚོགས་རྣམས་མཐའ་ཡས་པ། །དབུ་མའི་ཡང་རྩེ་ཐལ་འགྱུར་ལུགས་མཆོག་ཅེས། །ཀུན་གྱི་དབྱངས་སུ་ལེན་པ་འདི་བཞེད་དམ། །འདི་ལས་བརྩམས་པའི་རྒལ་ཞིང་བརྟག་པ་ཡིས། །འབེལ་གཏམ་མང་པོའི་དབྱངས་ཀྱི་རོལ་མོ་ནི། །ཁྱེད་ཅག་ལེགས་པར་བཤད་དང་ཕྲིན་ལས་ཀྱི། །མཐུ་ཆེན་གྲུབ་པས་སྤྲོ་བར་མ་གྱུར་ཏམ། །ཞེས་པའི་མཚོན་བྱེད་དུ། ཁ་ཆེའི་གུར་ཀུམ་ཞོ་རྐྱང་བརྒྱད་ལ་རྒྱས་བཏབ་པ་འབུལ།།  ༈  །།སླར་ཡང་དེ་ཉིད་ལ་མཆིད་འཕྲིན།། ༄། །བདེ་བར་གཤེགས་པའི་རིང་ལུགས་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་པ་གང་དེའི་དྲུང་དུ། མཆིད་ཕྲིན་དུ་ཞུ་བ། མཆོག་ཚོགས་འདུས་པ་རྒྱ་མཚོའི་དབུས་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་འཚོ་ཞིང་གཞེས་ལ། རྣམ་པར་དཀར་བའི་ཕྲིན་ལས་ཀྱིས་རྒྱ་མཚོའི་གོས་ཅན་གྱི་མཐའ་ཀླས་པར་ཁྱབ་པའི་སྙན་གྲགས་ཀྱི་གདུགས་དཀར་ཐིག་ལེའི་ཕྲེང་བས། ས་ཆེན་གསུམ་པོ་ཉེ་བར་འགེབས་པའི་བགྱི་བ་ལ། ནམ་ཡང་བརྟུན་པ་མི་ལྷོད་ཅིང༌། ཡོང་ཡེ་འགྲིབ་པ་མི་མངའ་བའི་སྐབས་དེ་ཉིད་དུ། ངེས་པར་རྗེས་སུ་ཡི་རངས་ཤིང༌། མངོན་པར་དགའ་བ་སྤེལ་བའི་མཆོད་པས་སྐྱེས་ཆེན་དམ་པ་རྣམས་དགྱེས་པ་བསྐྱེད་པར་བགྱིའོ། །ཞེས་ཞལ་མངའ་བཀྲ་ཤིས་པའི་མེ་ཏོག་གི་མཚོན་བྱེད་དང༌། འདུས་པའི་ཚོགས་ལ་ཕུད་དུད་དུ་བྱ་བ་བརྡ་མཚོན་ཙམ་དང་བཅས། ལྷན་ཅིག་གནས་པ་འདི་དག་ཤུལ་བདེ་བར་སྐྱོད་དུ་བཅུག་པ་ཡིན་ལགས་པས། ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྨོན་ལམ་རྣམ་པར་དག་པ་བཀའ་སྩལ་དུ་གསོལ། ཟླ་བ་གསུམ་པའི་ཡར་ཚེས་བརྒྱད་ལ། གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཕུལ་བའི་ཞུ་ཡིག།  ༈  །།ལོ་ཆེན་བསོད་ནམས་རྒྱ་མཚོ་ལ་མཆིད་འཕྲིན།། ༄། །རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང༌། ངེས་པར་གྲུབ་པ་རྗེ་བཙུན་ལོ་ཙཱ་བ་ཆེན་པོའི་དྲུང་དུ། གང་གི་ལེགས་མཛད་ཀྱིས་ཡིད་ངེས་པར་དྲངས་ཤིང༌། རྗེས་སུ་ཡི་རང་བའི་ཀློག་པ་པ་མཆོག་ལྡན་གྱིས་མཆིད་ཕྲིན་དུ་ཞུ་བ་ནི། སྐུ་ལ་བསྙུན་མི་མངའ་ཞིང༌། ཐེག་པ་མཆོག་གི་རྣལ་འབྱོར་བཟང་པོ་ལས་གཡེལ་བ་མ་མཆིས་བཞིན་དུ། ཐུན་མཚམས་ཀྱི་ཕྲིན་ལས་རྣམ་པར་དཀར་བ་དག་གིས་འགྲོ་བ་མང་པོའི་འདྲེན་པ་དམ་པར་གྱུར་ཅིང༌། ས་ཆེན་སྐྱོང་མཛད་དག་གི བསོད་ནམས་ཀྱི་ཞིང་དུ་ཞབས་བརྟན་པའི་སྙན་གྲགས་ཀྱི་རྔ་བོ་ཆེ་རྣ་བའི་དབང་པོར་ཡང་དང་ཡང་དུ་སིམ་པས། ངེས་པར་དད་ཅིང༌། བློ་བ་ཤིན་ཏུ་སྤྲོ་བར་གྱུར་པ་ལགས། སླར་ཡང་དེང་སང་འདི་ན་ལེགས་པར་བཤད་པའི་ཉི་མ་ཕལ་ཆེར་ནུབ་ཅིང༌། ཉེས་པར་བཤད་པའི་རྒྱུ་སྐར་གྱི་ཕྲེང་བ་མཚར་དུ་དངར་བ་དག་བསྟན་པའི་གསལ་བྱེད་དམ་པར་རློམ་ཞིང་དྲེགས་པའི་ང་རོ་དབྱངས་སུ་ལེན་པའི་སྐབས་འདིར། ཁྱེད་ཅག་ལེགས་པར་བཤད་པའི་མཐུ་གྲུབ་ཅིང༌། ཕྱི་ནང་གི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དག་གིས། བཏང་སྙོམས་སུ་བྱ་བར་ག་ལ་རིགས། དེའི་ཕྱིར་སྙན་གྲགས་ཀྱི་དྲི་བསྲུང་གིས་ཉེ་བར་བསྡུས་པའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་འདི་དང༌། གཞན་ཡང་མང་པོ་དེ་དག་ལ་བདུད་རྩིའི་སྒོ་རབ་ཏུ་ཡངས་པར་ཕྱེ་ནས། ལེགས་པར་བཤད་པའི་གཏམ་གྱིས་ཤེས་རབ་ཀྱི་དབང་པོ་རྒྱས་པར་མཛད་དུ་གསོལ། ཞེས་པའི་མཚོན་བྱེད་དུ། སྭ་ཀ་དན་ཡུག་གཅིག་གི ཕྱི་ཐུམས་ལ་རྒྱ་འབྱར་བ་འབུལ། ཧོར་ཟླ་བརྒྱད་པའི་ཉེར་ལྔ་ལ། གཙང་གཡས་རུའི་སའི་ཐིག་ལེ། གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པ་ནས་ཞུ་ཡིག།  ༈  །།པུ་རངས་མཁན་པོ་ལ་གནང་བ།། ༄། །བསྟན་པ་རིན་པོ་ཆེའི་རྩ་ལག མཁན་ཆེན་ལེགས་ཤེས་པའི་དྲུང་དུ། ཞུ་བ། སྐུ་ཁམས་བཟང་ཞིང༌། ཐུགས་དམ་འཕེལ་བའི་སྐབས་ནས། གསུང་ཤོག་ཀ་རའི་རྟེན་བཅས་གནང་བ། གསོལ་དཔོན་བཟང་པོས་ཕེབས་ཤིང་འཕྲོད་པས་རྗེས་སུ་ཡི་རང་ཞིང་ཐུགས་ལ་བཏགས། སླར་ཡང་སྐུ་ཁམས་ཀྱི་འཚོ་སྐྱོང་དང༌། དེ་ཕྱོགས་ཀྱི། བསྟན་པ་དང་འགྲོ་དོན་ལ་ཐུགས་ཁུར་མི་ཆུང་བ་ཐུགས་ལ་འདོགས་པ་ཞུ། འདི་ནའང་དབེན་པའི་གཏམ་གྱིས་ཡིད་དྲངས་ཀྱང༌། ལེགས་བཤད་ཆང་གིས་མྱོས་ནས་གྲོགས་དག་ལ། །མང་པོར་སྨྲ་བའི་རོ་ལ་སྲེད་གྱུར་པའི། །སྙོམས་ལས་ཅན་དེའང་གཡེང་རྐྱེན་གྲོགས་དང་བཅས། །སྟོན་པའི་བཀའ་དང་རྒྱན་དྲུག་མཁས་པའི་གཞུང༌། །གྱ་གྱུའི་ལམ་དུ་སོང་བ་མ་བཟོད་ནས། །ལུང་དང་རིགས་པའི་ཁོར་ཡུག་མཐོན་པོ་ཡིས། །བསྟན་པའི་མཚོ་ཆེན་འགེངས་ལ་བརྩོན་སྙམ་བྱེད། །ཅེས་པའི་མཚོན་བྱེད་དུ། གསོལ་ཇ་སྦྱོར་གཅིག་འབུལ། ཧོར་ཟླ་དང་པོའི་ཚེས་གསུམ་ལ་གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཞུས།།  ༈  །།ཆོས་ཟོམ་མཁན་པོ་ལ་གནང་བ།། ༄། །སྭསྟི་སིདྡྷཾ། ཤེས་རབ་གོམས་པའི་འགྲོས་ཆེན་གསུམ་བཏབ་པས། །རྙེད་བཀུར་སྨིག་རྒྱུའི་ཐང་ཆེན་བཞི་རྒལ་ནས། །མང་ཐོས་དབེན་པའི་གནས་སུ་སེང་གེ་བཞིན། །ཆོས་ཟོམ་རི་བོའི་མགུལ་རྒྱན་གྱུར་དེའི་དྲུང༌། །ཤཱཀྱའི་སྲས་ཀྱི་དགེ་སློང་བསོད་སྙོམས་པ། །ལེགས་པར་བཤད་པའི་བསིལ་བྱེད་རོལ་མོ་མཁན། །སློབ་མའི་ཚོགས་སུ་མང་པོར་སྨྲ་བྱེད་ཅིང༌། །ལ་ལར་ཚུལ་བཞིན་སེམས་བྱེད་དེ་ཡིས་ཞུ། །ཤེས་བྱའི་མཁའ་ལ་ཐོགས་པ་མེད་འཕྱོ་ཞིང༌། །རབ་དཀར་བསྟན་པའི་གངས་ལ་གནས་བཅས་ནས། །སེང་གེ་ལྟ་བུར་སྙེམས་པ་ཀུན་བྲལ་བ། །སྡོམ་བརྩོན་དམ་པའི་མཆིད་ཕྲིན་རྙེད་བཀུར་གྱི། །གདུགས་དཀར་ཐིག་ལེའི་བསིལ་ཡབ་སྟོབ་མཁས་པ། །གྱ་གྱུའི་ལམ་གྱི་གཡེང་བས་མ་གཙེས་པར། །གང་གང་འདོད་བྱའི་ཡུལ་དུ་བདེ་བར་སོན། །མཆིད་ཤོག་སྙན་དངགས་ཉམས་ཀྱི་ལང་ཚོ་ཅན། །རྙེད་བཀུར་རྒྱན་ཆས་སྒེག་པ་འདིར་བྱོན་པ། །མཆོག་ཚོགས་འདུས་པའི་རྣམ་རྒྱལ་ཁང་བཟངས་སུ། །སྤྱན་དྲངས་ཡི་རང་གོང་ནས་གོང་བརྩེགས་པའི། །ཁྲི་ལ་བཞུགས་གསོལ་བསྔགས་བའི་བསིལ་ཡབ་སྟབས། །རྒྱན་དྲུག་གཞུང་གི་འབེལ་གཏམ་ཅི་ཡང་བྱས། །གང་དེར་ཁྱོད་ཐུགས་དགྱེས་པ་ལྷུར་བཞེས་ལ། །དབེན་པའི་གནས་སུ་སྒྲུབ་ལ་གེགས་མེད་ཤོག །གང་ཁྱོད་ས་སྐྱོང་གིས་བཀུར་གཞལ་མེད་ན། །ཁྲོ་ཆེན་རྣམ་བཅུ་ཕྱོགས་སུ་མ་གྱེས་ཅིང༌། །ལྷ་མོ་རྣམ་བཞི་སྙོམས་པའི་ཁྲིར་འཁོད་ནས། །རྡོ་རྗེ་རྣམ་གསུམ་བགྲེས་པ་མི་མངའ་བར། །དེ་བཞིན་གཤེགས་ལྔ་འཚོ་ཞིང་གཞེས་སོ་ཞེས། །སྙན་གྲགས་རིན་ཆེན་དོ་ཤལ་མ་ཉམས་པ། །གང་འདི་རྣ་བའི་རྒྱན་དུ་ལན་བརྒྱར་བཅང༌། །སླར་ཡང་ལྷག་མོས་དཀྱིལ་འཁོར་འཁོར་ལོའི་ཚོགས། །འོད་གསལ་ཞི་བའི་དབྱིངས་སུ་མི་སྡུད་པར། །སྲོག་རྩོལ་རྡོ་རྗེའི་དཀྱིལ་དཀྲུངས་དམ་པོ་ཡིས། །སྐུ་གསུང་འདུས་པའི་གཞལ་མེད་ཁང་བསྲུངས་ཤིག །གང་འདིར་རབ་སྔགས་ཆེད་དུ་བརྗོད་བྱེད་པའི། །སྙན་ངག་ཨུཏྤལ་རིང་དུ་སྤྲིངས་གྱུར་པ། །ཁྱེད་ཉིད་ཕྲག་དོག་རྩུབ་མོའི་འཚེ་བྲལ་བའི། །དམ་པར་མཚོན་པའི་རྒྱན་དུ་སླར་ཡང་འབུལ། །ལ་ལ་གཞན་ལ་སྨོད་པའི་ལྕེ་བདེ་བ། །རལ་གྲི་ལོ་མའི་མཚོན་བཞིན་རང་ལ་འཁོར། །འགའ་ཞིག་དམ་པ་བསྔགས་པའི་ཕྲེང་མཛེས་ནི། །ཉི་མའི་ཟེར་བཞིན་རང་ཉིད་ཆེ་བའི་རྒྱན། །ཞེས་པའི་མཚོན་བྱེད་དུ། གསོལ་ཇ་བཟང་པོ་ཉ་ག་དྲུག་ལ་རྒྱ་འབྱར་འབུལ། ཧོར་ཟླ་དང་པོའི་ཡར་ཚེས་ལ། གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཞུས།།  ༈  །།གློ་བོ་ཆོས་མཛད་བློ་གྲོས་རྒྱལ་མཚན་ལ་གནང་བ།། ༄། །འཇིག་རྟེན་གསུམ་ན་མཚར་སྡུག་གི །རིན་ཐང་ཅི་གཞལ་ཀུན་བཟོད་པའི། །དམ་ཆོས་ཡིད་བཞིན་རོ་ཆེན་པོ། །བསོད་ནམས་ཟོང་གིས་གང་གི་ནི། །རྣམ་དཔྱོད་ལག་པའི་མཐིལ་ཉིད་དུ། །ཇི་བཞིན་སྟར་ཏེ་འོངས་གྱུར་པ། །དཔལ་ལྡན་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོ་ངེས་པར་དགེ་གྱུར་ཅིག །ཅེས་པའི་ཤིས་བརྗོད་ཨུཏྤལ་ཕྲེང༌། །གང་གི་མགྲིན་པར་འབུལ་བའི་རྟེན། །བདུད་རྩིའི་ཕུར་མ་འདི་ཡང་དགེ།  །།མངྒ་ལཾ་བྷ་ཝནྟུ།།  ༈  །།སླར་ཡང་དེ་ཉིད་ལ་གནང་བ།། ༄། །སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བྱིན་གྱིས་རླབས་ཀྱི། ཚངས་པར་སྤྱོད་པའི་གནས་སུ་ངེས་པར་རབ་ཏུ་བྱོན་པ། དམ་པའི་ཆོས་ཀྱི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ། ཤཱཀྱའི་དགེ་སློང་བསོད་སྙོམས་པས་ཞུ་བ། ཁྱེད་གཉིས་འཚོ་ཞིང་བཞེས་ལ། ཐུབ་པའི་བརྟུལ་ཞུགས་དྲི་མ་མེད་པའི་ལམ་དུ་ཉེ་བར་ཞུགས་ནས། དགེ་བའི་བཤེས་ལ་རིགས་པར་འདུན་ཞིང༌། རྒྱལ་བའི་བཀའ་དང༌། ཚད་ལྡན་གྱི་གཞུང་ལ་ངེས་པར་སྤྲོ་བ་མི་ཕྱེད་པའི་སྐབས་ན། བཀའ་མཆིད་རི་མོར་མཛད་པ། རས་གནམ་ཁའི་རྟེན་དང་བཅས་པ་ཕེབས་ཤིང་འཕྲོད་པས། གཡར་སེམས་ཤིན་ཏུ་དངས་ཤིང༌། རྙོག་པ་མེད་པར་གྱུར་ནས། ཉིད་ཀྱི་ཇི་ལྟར་བཞེད་པའི་དོན་དེ་དང་དེ་དག་ལ་གེགས་ཡོད་པར་མ་གྱུར་ཅིག ཅེས་བདེན་པའི་སྟོབས་བརྗོད་ཅིང༌། སྨོན་ལམ་འདེབས་པ་ལ་གཡེལ་བ་མི་མངའ་བར་མཆིས་སོ། །ཞེས་པའི་མཚོན་བྱེད་གསོལ་ཇ་སྦྱོར་གཅིག་ལ་རྒྱ་འབྱར་བ་འབུལ། ཧོར་ཟླ་དང་པོའི་ཚེས་གསུམ་ལ། ཁྱུང་ཚང་གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཕུལ་བའི་ཞུ་ཡིག།  ༈  །།ཤཱཀྱའི་དགེ་སློང་བསོད་སྙོམས་པས། །གསེར་མདོག་ཅན་གྱི་འདུས་པ་ནས། །ནམ་མཁའ་བསྟན་པའི་རྒྱལ་མཚན་ལ། །གསལ་བར་སྤྲིངས་པ་འདི་ལོང་ཤིག །གང་ཁྱོད་རྣམ་དཔྱོད་གསལ་བ་དང༌། །སྒྲིན་ཞིང་རྟག་ཏུ་འགྲུས་པ་དང༌། །གཞུང་ཆེན་མང་པོ་བློ་བ་ལ། །རབ་ཏུ་ལྗེན་ཞིང་འཇེབས་པར་བྱ། །གོང་མ་མཐའ་དག་བཀུར་བ་དང༌། །འོག་མ་རྣམས་ལ་སྙོམས་པ་དང༌། །རྣམ་ཞིང་ཚིག་འབྲུ་གསལ་བ་དང༌། །རྣམ་དཔྱོད་མྱུར་ཞིང་དུལ་བར་བྱ། །ཞེས་པ་གང་གི་སྙིང་ལ་ནི། །ཉེ་བར་སིམ་པའི་རྟེན་ཉིད་དུ། །དཔག་བསམ་འདབ་ཕྲེང་བཅུད་ཆེན་པོའི། །ཕུར་མ་ཉུང་ཟད་འདི་ཡང་དགེ །ཆོས་ཀྱི་འགལ་རྐྱེན་ཞི་གྱུར་ཅིག།  ལཀྵྨི།།  ༈  །།བཞི་སྡེ་མཁྱེན་རབས་པའི་དབོན་པོ་ལ་གནང་བ།། ༄། །ཤྲཱི་མཆོག་ཏུ་མ་ཕམ་རྒྱལ་ཚབ་བྱམས་པའི་བྱིན་གྱིས་རླབས་ཀྱིས་ཡོངས་སུ་གྲགས་པ་ལེགས་པའི་བློ་གྲོས་ཀྱི་བཀའ་མཆིད་རི་མོར་བྱས་པ། དམ་པའི་རིགས་ཀྱི་དབོན་སྲས་ནམ་མཁའ་བརྟན་པའི་འཆི་མེད་ཀྱི་སྙན་ལམ། ཀུན་དགའི་དབྱིངས་ཀྱི་རོལ་མོར་བྱེད་པའི་སྙན་དངགས་དབྱངས་ཀྱི་ཕྲེང་བ་འདི་དག་གྱ་གྱུའི་ལམ་གྱིས་མི་གཡེང་བར་མཆོག་ཏུ་བདེ་བའི་ལམ་དུ་ཉེ་བར་ཆོས་ཤིག གང་ཉིད་ཀྱི་མཆིད་ཤོག་ལི་ཁ་གྲངས་ཚང་གི་ཕྲེང་བས་སྦྲང་རྩིར་བྱས་པ་དེ་ཡང༌། ཐུབ་པའི་དྲང་སྲོང་ཀློག་པ་གང་གི་སྙོམས་ལས་བདེ་བའི་སྟན་འཇམ་གང་ན་འདུག་པའི་མདུན་ས་དག་ཏུ་འོངས་ནས། ཡིད་གཅུགས་ཤིང་ཤ་བག་ཕེབས་པའི་གཏམ་གྱི་སྦྱོར་བ་མང་པོ་བྱས་སོ། །སླར་ཡང་འདི་སྐད་ཅེས། སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བདེན་པ་དང༌། ཆོས་ཉིད་འགྱུར་བ་མེད་པའི་གཤིས་ལུགས་དང༌། དམ་ཚིག་གི་སློབ་དཔོན་དམ་པ་རྣམས་ཀྱི་བྱིན་རླབས་ཀྱིས། ཉིད་ཀྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ཤིང༌། ཟབ་གསལ་ནམ་མཁའི་ངོ་བོ་གསལ་བཏབ་པ་དེ་ཉིད་ངེས་པར་བརྟན་ཞིང༌། རབ་ཏུ་གྲུབ་པར་གྱུར་ཅིག ཅེས་ཤིས་པ་བརྗོད་པའི་མེ་ཏོག་གི་མཚོན་བྱེད་དུ་དཔག་བསམ་གྱི་བཅུད་ཀྱི་སྙིང་པོ་ལོ་འདབ་ཀྱི་དབང་པོར་འཁྲུངས་ནས། དུལ་ཞིང་སྨིན་པར་གྱུར་པའི་ཆ་ཤས་ཉུང་ངུ་ཞིག་ལ་རྒྱས་བཏབ་པ་འབུལ། ཞེས་ཆོ་འཕྲུལ་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ། ཁྱུང་ཚང་གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཕུལ་བ་ཡིན་ནོ།།  ༈  །།གློ་བའི་བླ་མ་བློ་བཟང་ལ་གནང་བ།། ༄། །སྭསྟི་པྲ་ཛཱབྷྱཿརིག་འཛིན་གྲུབ་པའི་གདུང་བཟུང་ནས། །ནང་གི་དེ་ཉིད་ངེས་རིག་ཅིང༌། །རིག་པའི་གནས་ལ་གེགས་མེད་པ། །རང་སོན་བློ་བར་གྲགས་པ་དེ། །བྲམ་ཟེ་ཇི་བཞིན་རིག་བྱེད་མཐའ། །ཀུན་སྦྱངས་སྨན་པ་ཇི་བཞིན་དུ། །ཕན་འདོགས་ཉི་མ་ལྟ་བུར་ནི། །ཀུན་ལ་སྙོམས་པ་ཁྱོད་དྲུང་དུ། །ཐུབ་པ་བཀའ་ལ་མ་རྨོངས་པས། །མཁྱེན་ལྡན་བརྩེ་ཆེན་སྟོན་པ་ཡི། །ཞབས་འབྲིང་བསྟན་པའི་རིམ་གྲོ་བ། །ཁས་ལེན་བྱེད་པོས་འདི་སྤྲིངས་སོ། །གང་ཁྱོད་ཁྲོ་ཆེན་རྣམ་བཅུ་པོས། །ཕྱོགས་མཚམས་བཅིངས་པའི་ཁང་བཟངས་མཆོག །རྒྱལ་སྲས་ཉེ་བའི་མཆིད་བརྒྱད་ཀྱིས། །ཤིས་བརྗོད་མེ་ཏོག་འཐོར་མཛད་དེར། །ཆ་མཉམ་ཡུལ་ཆེན་རྣམ་བཅུ་པོ། །རིགས་པར་བཟུང་བའི་ཁྲི་སྟེངས་སུ། །འཆི་མེད་རྡོ་རྗེ་རྣམ་གསུམ་པོ། །ལྷན་སྐྱེས་བདེ་ཆེན་རྣམ་རོལ་ལས། །ནམ་ཡང་བཞེངས་པ་མེད་བཞིན་དུ། །རྗེས་ཐོབ་སྒྱུ་མའི་རོལ་རྩེད་ཀྱིས། །རྩེན་ཞེས་འདིར་ཐོས་བློ་བ་སྤྲོ། །དེ་ནས་གང་འདིའི་ལེགས་བྱས་ལ། །ཡིད་རབས་དྭང་བས་ཡི་རངས་ནས། །མངོན་པར་བསྔགས་པའི་མཆིད་ཕྲིན་ནི། །རི་མོར་བགྱིས་པའི་གླེགས་བུ་དང༌། །ཡབ་རྗེ་བརྩེ་ཆེན་སྟོན་པའི་སྐུ། །ཁྲི་དང་དྲུག་སྟོང་བཞི་བརྒྱ་ཡི། །སློབ་མའི་ཚོགས་ཀྱིས་བསྐོར་བ་ལ། །ཉིན་མཚན་བདེ་ལེགས་ཤིས་བརྗོད་ཕྲེང༌། །འགྲོ་ཀུན་ངན་སོང་གསུམ་པོ་ནས། །རྣམ་འདྲེན་དཀྱིལ་འཁོར་བཅུ་གཉིས་དང༌། །སྔོན་ཚེ་ཐུབ་པས་རྒྱས་སྲས་ཀྱི། །རླབས་ཆེན་སྤྱོད་པ་མཛད་པའི་ཚེ། །སྟག་མོ་བཀྲེས་པས་ཉེན་པ་ལ། །ལུས་སྦྱིན་བཏང་ཚུལ་ངོ་མཚར་ཅན། །སྙན་དངགས་ཨུཏྤལ་ཕོན་པོ་ཡིས། །རྣམ་པར་སྤྲས་པ་འདིར་འོངས་སོ། །དེ་ནས་དེ་ཡི་ལེགས་བྱས་ཀྱི། །སྐྱེ་མཆེད་ཡིད་འོང་མཚར་སྡུག་པ། །གང་བློའི་དངུལ་དཀར་མེ་ལོང་དུ། །ངེས་པར་དྲངས་པའི་དགའ་སྟོན་བྱས། །དེ་ནས་བསགས་པའི་རྣམ་དཀར་དང༌། །དེ་ལ་འདི་ནས་ཡི་རང་བ། །གཉིས་ཀ་བསྡོམས་ནས་མ་རྣམས་ཀྱི། །དོན་དུ་བྱང་ཆུབ་ཆེན་པོར་བསྔོས། །སེམས་ཅན་ཆེ་ཁྱོད་ལྡན་པ་དང༌། །འདུ་དང་རྐྱང་པས་འཚེ་མེད་ཅིང༌། །བཅུ་ཕྲག་བརྒྱ་དང་ལྔ་ཡི་ལོར། །ངེས་པར་འཚོ་གྱུར་ཞེས་སྨོན་གདབ། །གང་ཤར་འདི་ཀུན་རང་གི་སེམས། །སེམས་ཉིད་གདོད་ནས་འོད་གསལ་བ། །རང་རང་ལྷག་པའི་ལྷར་བཞེངས་ནས། །འཇིགས་མེད་མཐའ་བྲལ་ཆེན་པོར་གཞོག །དེ་ནས་དེ་ཡི་རྗེས་ཐོབ་ཏུ། །བྲམ་ཟེ་བཞིན་དུ་གཙང་བ་དང༌། །ཕ་བཞིན་ཀུན་ལ་བརྩེ་བ་དང༌། །དམིགས་བུ་བཞིན་དུ་ལྡོངས་པ་ལ། །ལམ་དང་ལམ་མིན་དབྱེ་བྱོས་ཤིག །ཅེས་པའི་མཆིད་ཕྲིན་སྤྱན་ཟུང་གི །ལམ་དུ་འདྲེན་བྱེད་ཁ་ལོ་པ། །རབ་མཉམ་བདུད་རྩིའི་ཕུར་མ་ནི། །ཟུང་ལྡན་འདི་ཡིས་དགེ་གྱུར་ཅིག །ཅེས་ཆུ་སྟོད་ཟླ་བའི་ཡར་ཚེས་གསུམ་ལ། གཡས་རུ་གཙང་གིས་སའི་ཐིག་ལེ། ཐུབ་བསྟན་གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཕུལ་བའི་ཞུ་ཡིག།  ༈  །།ཆུ་མིག་རབ་འབྱམས་པ་ཡེ་ཤེས་དཔལ་ལ་གནང་བ།། ༄། །དྲུང་རབ་འབྱམས་པའི་ཕྱག་ཏུ་ཕུལ་བ། སྐུ་ཁམས་བཟང་ཞིང༌། བར་ཆད་མེད་པའི་ངོས་ནས། ཉམས་དང་རྟོགས་པ་གོང་ཏུ་འཕེལ་ཞིང༌། རང་བྱུང་གི་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལ། གཞན་བྱུང་མཚན་མའི་སྤྲིན་ཚོགས་ཀྱིས་མ་སྒྲིབས་པར། སྤྲོས་བྲལ་གྱི་ནམ་མཁའ་ལ་བདེ་བར་རྒྱུ་ཞིང༌། ཀུན་རྫོབ་སྤྲོས་བཅས་ཀྱི་ས་གཞི་ལ། འཁྲུལ་སྣང་སྒྱུ་མའི་ཞབས་ཟུང་བརྟན་པར་བཞུགས་ལགས་སམ། འདིར་ཡང༌། རྣམ་དཔྱོད་དབང་པོའི་ལག་པས་གསལ་བར་བྲིས་པའི་ལེགས་བཤད་འཇའ་མཚོན་གྱི་རི་མོས། བློ་གསལ་དྲི་ཟའི་ན་གཞོན་གྱི་ཀུན་དགའ་བསྐྱེད་པའི་ངང་ཚུལ་ལས་མ་གཡོས་བཞིན་དུ། ཡུམ་ལྷ་མོ་བཞི་ཆ་སྙོམས་པའི་ཕང་པ་ན། སྲས་རྡོ་རྗེ་རྣམ་གསུམ་མཚར་དུ་དངར་བར་བཞུགས་མཆིས་སོ། །ཞེས་པའི་འཕྲིན་ཤོག་པདྨ་དཀར་པོའི་གེ་སར་གྱི་རྩེ་ལ། སྤྱན་ཟུང་བུང་བ་རྣམ་གཉིས་འཁོར་ཞིང་ལྡིང་བའི་རོལ་རྩེད་མི་འདོར་བའི་རྟེན་མཚོན་བྱེད་དུ། དཔག་བསམ་ཡོངས་འདུའི་འགྲམ་པ་ལ་གཏར་བའི་ཐིགས་པ་ཞིག་འབུལ།།  ༈  །།མྱང་སྟོད་རབ་འབྱམས་པ་ཁམས་ཅུང་ཞིག་མ་བདེ་བའི་ཚེ་གནང་བ།། ༄། །རབ་འབྱམས་སངས་རྒྱས་ལྷུན་གྲུབ་ནས། །ཆོས་དཔལ་དགེ་འདུན་བཟང་པོ་བ། །གཉིས་མེད་ཡེ་ཤེས་མ་ལྟས་པར། །གཉིས་སྣང་འཁྲུལ་པ་ཉམས་ལ་ནི། །མཚན་མར་བཟུང་བའི་ང་རྒྱལ་གྱིས། །འབྱུང་པོའི་བར་ཆད་སྐྱེ་སྲིད་པས། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །བསྲུང་བའི་འཁོར་ལོ་བསྒོམས་བྱས་ཏེ། །རང་རིག་རང་གསལ་རང་ཞལ་ལྟོས། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས། །འབྲོང་པོའི་རྭ་རྩེའི་སྒང་ནས་སྤྲིངས། །འབྱུང་པོ་འདུལ་བྱེད་ཀྱི་ཉི་མ་ལ་བྲིས།།  ༈  །།མངའ་རིས་སྟོད་པ་དཔོན་བཙུན་ནམ་མཁའ་དཔལ་འབྱོར་ལ་གནང་བ།། ༄། །སྭསྟི། སྡེ་སྣོད་འཛིན་པ་དགེ་བའི་བཤེས། །དཔོན་བཙུན་ནམ་མཁའ་དཔལ་འབྱོར་གྱིས། །ཡི་གེ་ཁ་རའི་རྟེན་བཅས་པ། །བར་ཆད་མེད་པར་འདིར་ཐེངས་སོ། །གང་དེར་སླེབས་ནས་ལུས་བདེ་ཞིང༌། །སེམས་ལ་མྱ་ངན་མེད་པ་དང༌། །ཆོས་སྒྲུབ་པ་ཡི་མཐུན་རྐྱེན་ཡང༌། །ཚང་ཞེས་ཐོས་པས་བློ་བ་སྤྲོ། །སླར་ཡང་ཕྲག་དོག་བུད་ཤིང་ལ། །ཞེ་སྡང་མེ་ཆེན་མི་འབར་ཞིང༌། །གང་ན་འགྲོགས་ན་སེམས་བདེ་བ། །འབའ་ཞིག་སྐྱེད་པའི་གནས་སུ་བཞུགས། །བསྟན་པའི་རྒྱུན་ལ་ཕན་སྲིད་ན། །འགའ་ཞིག་ཙམ་གྱི་དོན་བྱར་རུང༌། །ཆོས་མིན་འབའ་ཞིག་འཕེལ་འགྱུར་ན། །གཅིག་པུར་བདག་གཞན་བརྗེ་བ་སྒོམས། །བྱང་ཆུབ་སེམས་ཀྱིས་ཁོང་དྲོས་ནས། །འགྲོ་ལ་ཕན་ཐོགས་ངང་གིས་འབྱུང༌། །ཐུབ་བསྟན་གཅེས་ཕྲུག་གཞོན་ནུ་མ། །ཆོས་མིན་ནད་ཀྱིས་ཐེབས་པ་ན། །འཁྲུལ་མེད་སྨན་པ་ཆེན་པོའི་བུ། །གཅིག་གིས་ཀྱང་ནི་དེ་འཚོ་ནུས། །ཆོས་ཀྱི་གདུང་ཙམ་འཛིན་པ་དང༌། །ཆོས་ཉིད་མངོན་སུམ་མཐོང་བ་དང༌། །ཆོས་མེད་མི་རྣམས་སྲིད་མཚོ་ལས། །ཆོས་ཀྱིས་གྲོལ་བ་དག་དང་གསུམ། །དང་པོ་ཁོ་ནས་སངས་རྒྱས་དང༌། །རྒྱལ་བའི་སྲས་དང་མཁན་པོ་དང༌། །དགེ་བའི་བཤེས་དང་དམ་ཚིག་གི །སློབ་དཔོན་དགྱེས་པའི་མཆོད་པའོ། །སྨན་པ་མཁས་པ་མཆོད་པ་དང༌། །གསལ་སྟོང་འཛིན་མེད་འཆར་བ་དང༌། །སྙིང་རྗེ་ཆེན་པོ་གཡོས་བྱའི་ཕྱིར། །ཇ་སྦྱོར་གཅིག་གི་རྟེན་ཡང་འབུལ། །གསེར་མདོག་ཅན་ནས་ཕུལ་བ་དགེ།  ༈  །།བསྟན་གཅིག་པ་བྱང་ཆུབ་དཔལ་ལ་གནང་བ།། ༄། །ཀ་བཅུ་འཛིན་པའི་སློབ་དཔོན་ལ། །ཁ་པོ་ཅན་གྱི་སྟན་གཅིག་པས། །ག་བུར་དྲི་གསུང་ལྡན་པའི་སྤོས། །ང་བདག་སྤངས་ཏེ་ལན་གཉིས་ཕུལ། །ཅ་རེ་ཉ་རེ་ལན་མེད་པ། །ཆ་ཤས་མཛེས་པའི་འཆད་རྩོད་དང༌། །ཇ་དང་བསྲེས་པའི་རྩོམ་པ་དང༌། །ཉ་ལྟོ་པ་ལྟར་སྒོམ་པས་བྲེལ། །ཏ་རེའི་བཅོམ་ལྡན་མཆོད་པ་དང༌། །ཐ་མལ་རང་སེམས་དྭངས་པ་ལ། །ད་ལྟ་ག་བུར་སྤོས་དེ་མཆིས། །ན་གིའི་སྦྱོར་བ་སླར་ཡང་ཞུ། །པ་ར་མི་ཏཱ་ཐལ་ཕྲེང་ནི། །ཕ་རོལ་རྒོལ་བ་ཕམ་བྱེད་དེ། །བ་ཐག་དྲྭ་བར་བཅུག་ཅེས་པས། །མ་ལུས་ལྷག་མ་ངས་མ་བྱས། །ཙ་ར་རྩེ་ར་མ་གསུང་བར། །ཚ་གྲང་སྡུག་བསྔལ་ཁྱད་གསད་ལ། །ཛ་ཡ་མཆོད་པའི་བྱ་བ་དེ། །ཝ་ལེ་སེམས་ལ་གསལ་བཞིན་མཛོད། །ཞ་ལོང་སོགས་ལ་ལྷ་བཤོས་ཀྱི། །ཟ་མ་སེར་སྣ་མེད་པར་མཐོང༌། །འ་ཅག་མྱུར་དུ་ཕྲད་ནས་ཀྱང༌། །ཡ་རབས་གླེང་མོ་མགྱོགས་པོར་བྱེད། །ར་བའི་མཚམས་ལས་མི་འདའ་རྣམས། །ལ་མོར་དགག་དབྱེ་མཛད་ནུས་ན། །ཤ་ནའི་གོས་ཅན་ཇི་བཞིན་དུ། །ས་སྟེང་ངུར་སྨྲིག་མདངས་ཀྱིས་མཚོན། །ཧ་ཅང་ལྕི་བའི་མཆོད་སྒྲོམ་དེས། །ཧ་ལས་མགྲིན་པ་མི་ངར་བ། །ཨ་རེ་དགའ་ཞེས་ཁུར་མཛོད་དང༌། །ཨ་ལ་ལ་བའི་བདེ་འབྲས་འབྱུང༌། །སྤོས་ཁང་ཚོགས་པའི་མཆོད་རྫས་ཀྱི། །སྤོས་སྣོད་གཉིས་པོ་ཕྱིར་འབུལ་བས། །སྤོས་འགའ་སླར་ཡང་འབྱོར་པ་དང༌། །སྤོས་རྡོལ་དབྱིངས་སུ་ཞི་གྱུར་ཅིག།  ༈  །།འཛམ་ཡུལ་མང་གར་སངས་རྒྱས་བཟང་པོ་ལ་གནང་བ།། ༄། །དཔལ་ལྡན་འཛམ་ཡུལ་ཥཾ་ཀ་ར། །བཤེས་གཉེན་སངས་རྒྱས་དཔལ་བཟང་པོའི། །ཡི་གེ་རྒྱ་ཇ་བཟང་པོ་ཡི། །རྟེན་བཅས་གང་འདིར་འཕྲོད་པས་སྤྲོ། །གང་འདིར་གཙང་གི་ས་ཕྱོགས་སུ། །ཁམས་བཟང་རྒྱན་དྲུག་མཁས་པའི་གཞུང༌། །འཁྱོག་པོའི་ལམ་ནས་དྲང་པོ་ཡི། །ལམ་དུ་འདྲེན་པའི་ལུང་དང་ནི། །རིགས་པའི་གནས་ལ་ཡིད་འགྲུས་ཤིང༌། །རྣམ་པར་མི་གཡེང་ལེགས་བཤད་དག །རི་མོར་བགྱིས་པའང་ཕལ་ཆེར་གྲུབ། །དོན་གཉེར་བློ་གསལ་ཡིད་གཞུངས་པ། །མང་པོས་དེ་ཡི་བརྒྱུད་པའང་འཛིན། །དེ་ནས་ཧ་ཅང་མི་རིང་ཞིང༌། །མཐར་བྱེད་ཁྱིམ་དུ་མ་སོང་བར། །དབེན་པའི་གནས་སུ་སྟོང་པ་ཉིད། །སྙིང་རྗེའི་སྙིང་པོ་ཅན་གོམས་ཞེས། །ཡིད་ཀྱི་ལྷ་དག་དེ་སྐད་སྨྲ། །ཁྱེད་ཀྱང་ཐུན་བཞིའི་རྣལ་འབྱོར་ལ། །མི་གཡེལ་ཐུན་མཚམས་ཀུན་དུ་ཡང༌། །ངེས་དོན་གསལ་བྱེད་ལུང་རིགས་ཀྱི། །གནས་ལ་ངེས་པར་གོམས་བྱོས་ཤིག །ལུང་རིགས་མིན་པས་ངེས་པའི་དོན། །གོ་བྱེད་ཚད་མ་མི་བསྐྲུན་ཞིང༌། །ཚད་མས་མ་དྲངས་གོམས་བྱའི་དོན། །རིང་དུ་གོམས་ཀྱང་ངལ་བ་ཙམ། །སྙིང་པོ་འགྱུར་གྱི་དོན་དེ་ལ། །གསལ་སྣང་མངོན་སུམ་འབྱུང་མི་འགྱུར། །ལུང་ལ་ཡིད་བརྟོན་བྱེད་པ་ཡང༌། །དཔྱད་པ་གསུམ་གྱིས་དག་ནས་ཡིན། །རིགས་པའི་གནས་ལ་མ་བྱང་ན། །དཔྱད་པ་གསུམ་གྱིས་ཇི་ལྟར་འདག །དེ་ཕྱིར་ཕྱི་རོལ་དོན་འགོག་གི །རིགས་པས་གཟུང་བྱའི་ཡུལ་ཁེགས་ཤིག །གཟུང་བ་མེད་ན་འཛིན་པ་ཡང༌། །ལྟ་ཞིག་ཅི་འཚལ་དེ་ནས་ནི། །གཉིས་མེད་ཡེ་ཤེས་ལས་བསྒྲུབས་པའི། །ཕྱི་ནང་བསྐྱེད་པའི་རིམ་པ་དང༌། །ཡེ་ཤེས་ཉིད་ཀྱང་རང་ངོ་བོས། །སྟོང་པའི་ཚུལ་ལ་གདེང་ཐོབ་ནས། །རིམ་གཉིས་ཟབ་མོའི་གསང་ཚིག་ཤེས། །གང་ཕྱིར་དེ་ཕྱིར་བསྐྱེད་རིམ་གྱིས། །སྦྱང་གཞི་སྦྱང་བྱ་འཕྲོད་འདོད་ན། །བྱམས་པའི་གཞུང་ལ་ནང་བྱན་ཚུད། །གཉིས་མེད་ཡེ་ཤེས་ལྷར་ཞེན་པ། །སྤོང་བྱེད་གཉེན་པོ་གོ་འདོད་ན། །ཐལ་རང་ཉི་ཟླའི་འགྲོས་ཆེན་ལོང༌། །རང་བྱིན་བརླབས་དང་དཀྱིལ་འཁོར་གྱི། །འཁོར་ལོ་སྒོམ་པ་གཉིས་མེད་ཀྱི། །ཡེ་ཤེས་མངོན་དུ་བྱེད་པའི་ཐབས། །འགྲན་ཟླ་བྲལ་བ་ཡིན་མོད་ཀྱང༌། །ཡེ་ཤེས་དེ་ལ་མཆོག་ཉིད་དུ། །མཚན་མར་ཞེན་པ་འགོག་མི་ནུས། །དེ་ལ་ཞེན་པ་མ་ལོག་ན། །གྲངས་ཅན་གཞུང་ལུགས་གོམས་པ་བཞིན། །སླར་ཡང་སྲིད་པའི་གནས་སུ་ལྟུང༌། །གྲངས་ཅན་པ་རྣམས་གཉིས་མེད་ཀྱི། །ཤེས་པས་སེམས་ཅན་ཀུན་ལ་ཁྱབ། །དེ་ཕྱིར་སེམས་ཅན་ཐམས་ཅད་ཀྱང༌། །ཐམས་ཅད་མཁྱེན་པའི་སྙིང་པོ་ཅན། །ཡིན་ཞེས་སྨྲ་བ་དྲང་བྱའི་ཕྱིར། །རྒྱལ་བས་སེམས་ཅན་ཐམས་ཅད་ཀྱང༌། །སངས་རྒྱས་སྙིང་པོ་ཅན་ནོ་ཞེས། །འཁོར་ལོ་ཐ་མའི་མདོར་གསུངས་པ། །འཁོར་ལོ་བར་མའི་མདོ་རྣམས་སུ། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པའི་ཚུལ་ལ་བློ་བྱང་བའི། །སློབ་མ་རྣམས་ལ་དགོངས་པ་ཡིན། །ལེགས་བཤད་སྙིང་པོ་མདོར་བསྡུས་པ། །འདི་ཡིས་རང་གི་རྒྱུད་སྨིན་ཞིང༌། །གཞན་གྱི་རྒྱུད་ཀྱང་གྲོལ་བྱས་ནས། །བསྟན་པ་རྒྱས་པའི་བཀྲ་ཤིས་སྤྱོན། །གྲོ་བཞིན་ཅན་གྱི་ཡར་ཚེས་ལ། །གཙང་གཡས་རུའི་སའི་ཐིག་ལེ། །གསེར་མདོག་ཅན་ནས་ཕུལ།།  ༈  །།སྤོམ་འཁོར་དགོན་གསར་བ་སངས་རྒྱས་རྡོ་རྗེ་ལ་གནང་བ།། ༄། །སྭསྟི། གང་ཡང་བསམ་པ་ཐག་པ་ཡིས། །ངེས་པར་སྐྱབས་སུ་སོང་གྱུར་ན། །དགོས་པའི་དོན་རྣམས་སླུ་མེད་པར། །རྩོལ་མཛད་དེ་ཡི་ཁྱོད་བསྲུངས་ཤིག །རྣམ་པར་རྟོག་པས་མི་བསྐྱོད་པའི། །སེམས་ཀྱི་རྡོ་རྗེའི་དམ་ཚིག་གི །སློབ་དཔོན་ལས་ནི་བརྡའ་སྤྲོད་པ། །གསང་སྔགས་འཛིན་པ་ཁྱོད་གྲུབ་ཅིག །གང་ཁྱོད་འཚོ་བཞེས་དགེ་བ་དང༌། །ཉེར་འཚེ་བྲལ་བའི་སྐབས་ཤིག་ནས། །སྡེབས་སྦྱོར་ལྡན་པའི་ཕྲིན་ཡིག་ཀྱང༌། །ཇ་དཀར་བརྟེན་དང་བཅས་ཏེ་འཕྲོད། །དེ་ཡི་དགེ་བས་གནས་སྐབས་སུ། །འཆི་མེད་བདུད་རྩིས་འཚོ་བ་དང༌། །མཐར་ཐུག་ཆོས་ཀྱིས་ཕོངས་རྣམས་ལ། །བདུད་རྩིའི་སྒོ་བརྒྱ་དབྱེ་བར་ཤོག །འདིར་ཡང་རྣམ་གཡེང་སྨྲིག་རྒྱུ་ཡི། །ཐང་ཆེན་ཡངས་པོ་བརྒྱ་རྒལ་ནས། །གཙང་ཕྱོགས་འོ་མའི་རྒྱ་མཚོ་ན། །བསྟན་ལ་རིམ་གྲོ་བྱེད་ཅིང་དགེ །རྗེ་བཙུན་དཀོན་མཆོག་རྒྱལ་མཚན་གྱིས། །བསྒྲུབས་པའི་བདུད་རྩི་རིལ་བུ་གང༌། །རྡོ་རྗེ་རྣམ་གསུམ་མཚོན་བྱེད་པ། །ལྷག་མར་ལུས་པ་རྒྱས་བཏབ་འབུལ། །སླར་ཡང་རིང་དུ་འཚོ་བ་དང༌། །ལམ་གྱི་བར་ཆད་སེལ་བ་དང༌། །བསྟན་པ་རིང་དུ་གནས་པའི་རྒྱུ། །སློབ་མའི་ཚོགས་ལ་ཕན་བྱེད་ཤོག།  །།མངྒ་ལཾ་བྷ་ཝནྟུ།།  ༈  །།དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་དབང་རྩེད་གདོང་པའི་དྲུང་དུ་ཕུལ་བ།། ༄། །དབང་བདག་པོ་ཆེན་པོའི་ཞབས་ཀྱི་པདྨོ་དམ་པའི་དྲུང་དུ། ཞུ་བ། ཐེག་པ་མཆོག་གི་རྣལ་འབྱོར་བཟང་པོ་ལ་མི་གཡེལ་བའི་ངང་ནས། རྣམ་པར་དཀར་བའི་ཕྲིན་ལས་མཐའ་དག་ལ། བཀའ་ལུང་གིས་ཁྱབ་ཅིང༌། སྐྱེ་འགྲོ་མང་པོའི་བསོད་ནམས་ཀྱི་དཔལ་དུ་ཞབས་བརྟན་པར་གདན་ཆགས་པར་བཞུགས་པ། ཐུགས་རྗེས་གཟུང་ལགས། སྐབས་ཀྱི་ཞུ་དོན། འདི་ནས་ཀྱི་དགེ་འདུན་པ་ཐོགས་གཅིག དེ་ཕྱོགས་སུ་བསོད་སྙོམས་ལ་ཐེགས་པ། ཐུགས་རྗེ་སྤྱན་རས་ཉེ་བར་གཟིགས་པ་མཁྱེན་ལགས། ཞེས་པའི་མཚོན་བྱེད། སྤྱན་ཟུར་དུ་འབེབས་པའི་རྟེན། མཚོན་པར་འདི་སྐད་ཅེས། འཇམ་དབྱངས་ཆོས་ཀྱི་དབང་ཕྱུག་ས་སྐྱ་པ། །རྗེ་བཙུན་སྲས་བཅས་ཀུན་གྱི་གདུང་འཚོབ་ཅིང༌། །ཆོས་དང་སྲིད་ཀྱི་རྣམ་རྒྱལ་ཁང་བཟངས་སུ། །རྣམ་དཀར་ཕྲིན་ལས་ཁྲི་ལ་ཞབས་བརྟན་ཤིག །ཅེས་པའི་ཤིས་པ་ལན་བརྒྱར་བརྗོད་ནས་འབུལ།།  ༈  །།ཤར་ཁ་བའི་བདག་ཆེན་དོན་འཕགས་པ་ལ་གནང་བ།། ༄། །བརྒྱ་བྱིན་ཐོད་ཀྱི་ནོར་བུའི་ཁྲི། །རབ་འཁོད་ཞབས་སེན་དམར་འོད་ལ། །འཆར་ཀའི་མདངས་ཀྱིས་ཉེར་འཁྱུད་པ། །མེས་པོའི་ལྷ་ཡིས་འདིར་སྲུངས་ཤིག །འཆི་བདག་ནུབ་ཀྱི་རི་བོ་བརྒྱ། །རྣམ་པར་རྒལ་ནས་ལུགས་གཉིས་ཀྱི། །ཤར་གྱི་རི་ལ་གང་འཆར་བ། །ས་སྐྱོང་ཉི་མ་དེ་རྒྱལ་གྱུར། །དེ་ནས་དེ་ཡི་མདུན་ས་ནི། །ཕན་དང་བདེ་བའི་འཇུག་ངོགས་ཆེ། །བསྟན་འཛིན་མགྲིན་པ་མངོན་མཐོ་བ། །ཡིད་འོང་ངོ་མཚར་དེའི་དྲུང་དུ། །ཞེ་སར་ལྡན་པའི་བླ་གོས་ནི། །ཟླུམ་པོར་བགོས་ནས་རྒྱལ་བ་དང༌། །བཀྲ་ཤིས་མེ་ཏོག་གསར་པ་ཡང༌། །མཆོད་པར་ཕུལ་ནས་མཆིད་འདི་ཞུ། །མཐོན་པོའི་རིགས་འཁྲུངས་སྟོན་པ་ཡི། །ཞབས་འབྲིང་བསྟན་པའི་རིམ་གྲོ་པ། །ས་ཆེན་སྐྱོང་མཛད་བློན་པོར་བཅས། །གཞན་ལས་ཁྱད་པར་འཕགས་དེ་ཀུན། །མ་ལ་ཡ་རླུང་གིས་དྲངས་པའི། །ཧ་རི་ཙནྡན་དྲི་གཞོན་གྱིས། །བསིལ་བར་བྱས་པའི་རྒྱལ་ཁང་དུ། །ཕྲག་དོག་ཚད་པའི་ཞུགས་ཀྱི་ནི། །གདུང་བྱེད་སྐྱོང་བའི་གོ་སྐབས་ཅི། །གྲོགས་དག་སྙིང་ལས་བསྐྱུངས་ཤིག་ཅེས། །སྲིད་པའི་ལྷ་དག་སྙན་སྒྲོགས་པ། །ཐོས་ནས་སེམས་ཀྱི་སྤྲོ་བ་འཕེལ། །ཚངས་པར་སྤྱོད་པའི་ནགས་ཁྲོད་ན། །ཞི་བའི་སྟན་འཇམ་ལ་སྲེད་ཅིང༌། །འདོད་ལྡན་ལམ་དུ་མི་རྒྱུ་བའི། །དྲང་སྲོང་དེ་ཡང་འདི་ན་དགེ །ས་སྐྱོང་ལེགས་བྱས་མཛའ་བོ་ཡིས། །ཡིད་ཀྱི་ཤིང་རྟ་ངེས་དྲངས་པ། །དྲང་སྲོང་ཡིད་ཀྱི་སྒེག་འཆང་མ། །ནམ་ཡང་མྱ་ངན་མེད་པ་དེ། །མཚན་ཇུས་གསེར་གྱི་མེ་ཏོག་ནི། །ཡ་ཡོར་གྱུར་པས་ཡིད་གདུངས་ཀྱང༌། །མི་དབང་རྣམ་དཔྱོད་བརྩོན་འགྲུས་ཀྱི། །གདོང་མཛེས་བསྟར་བས་ཡིད་དྲངས་སོ། །དཔལ་ལྡན་ཤར་ཁའི་སྡེ་ཆེན་གྱི། །ཆབ་སྲིད་རིན་ཆེན་བང་མཛོད་ན། །སྔོན་བསགས་བསོད་ནམས་ནོར་བུའི་ཚོགས། །ཆལ་ཆོལ་འཁོད་པས་གང་གྱུར་པ། །འཕྲལ་དང་འཕྲལ་དུ་ལེགས་བྱས་ཀྱི། །ལུང་ཐག་གྲིམས་པོ་ལ་བརྒྱུས་ནས། །བསྟན་ཇུས་ནོར་བུའི་དོ་ཤལ་གྱིས། །ཡུལ་གྲུའི་སྐྱེ་མཆེད་འཛིན་འཚལ་ལོ། །ཞུ་ཡིག་ཨུཏྤལ་དཀར་པོའི་ལྟེ་བ་ལ། །སྤྱན་ཟུར་ཟླ་ཟེར་འདྲེན་པའི་ཁ་ལོ་པས། །ཕྲག་དོག་ཉིན་མོའི་ཚ་ཟེར་འགོང་ནུས་པའི། །དངུལ་དཀར་ཡ་ལད་བགོས་པ་འདི་ཕུལ་ལོ། །གང་གི་རྣམ་དཔྱོད་སྐྱེ་མཆེད་ལ་གཏོགས་པའི། །ས་སྐྱོང་ཐུགས་ཀྱིས་ལང་ཚོ་གཡོ་ལྡན་པ། །སྙན་དངགས་འདབ་བརྒྱའི་སྐྱེད་ཚལ་འདིར་སྤྱོན་ལ། །ཡིད་གཅུགས་གཏམ་གྱི་སྦྱོར་བ་འདི་བཞེས་ཤིག།  ༈  །།གཞིས་ཀ་རིན་སྤུངས་པའི་ནང་སོ་ཤཱཀྱ་རྒྱལ་མཚན་ལ་གནང་བ།། ༄། །མཐོན་པོའི་རིགས་འཁྲུངས་མངའ་རིས་ཀུན་ལ་སྙོམས། །སྐྱེ་མཆེད་རབ་གཙང་རྣམ་དཔྱོད་ངང་གིས་གསལ། །རྒྱལ་བའི་བསྟན་ལ་རིམ་གྲོ་ཆེར་བསྐྱེད་ནས། །རྟག་ཏུ་ལེགས་བཤད་ཚོལ་བ་དེ་དྲུང་དུ། །ཤཱཀྱའི་སྲས་ཀྱི་དགེ་སློང་བསོད་སྙོམས་པ། །རྒྱལ་བའི་བཀའ་དང་ཚད་ལྡན་མཁས་པའི་གཞུང༌། །རྟག་ཏུ་བདེ་བའི་ལམ་དུ་འདྲེན་བརྩོན་ཞིང༌། །ལ་ལར་སློབ་མའི་ཁུར་གྱིས་ངལ་དེས་ཞུ། །ཁྱིམ་དང་འབྱོར་པས་ངེས་པར་རྒྱང་སྲིངས་ཤིང༌། །སྡེ་སྣོད་ཀློག་པའི་གྲྭ་ཆེན་འདིར་ཞུགས་ནས། །སིལ་སིལ་བསིལ་བྱེད་སྒྲ་དང་དྲང་སྲོང་གི །སློང་ཕོར་ཐོགས་པའི་རབ་བྱུང་མཆེད་ལྔ་འདི། །བརྩེ་ཆེན་གཏོང་ཕོད་ལྡན་པའི་མདུན་ས་དེར། །སློང་ཕོད་ལུགས་བརྒྱ་བཤམས་ནས་སོང་ལགས་ཀྱི། །ལོ་ལེགས་བློ་གྲོས་ཡངས་པའི་ཡུལ་གྱི་གྲུ། །མཐོན་པོའི་མཁྱེན་པས་དཔྱད་པ་དེ་དང་དེར། །གསེར་ཡིག་ལག་པར་ཐོགས་པའི་བྱ་མ་རྟ། །སྒྲིན་འགྲུས་བྱམས་པར་ལྡན་པ་རེ་རེ་ཞུ། །ཞུ་ཕོད་ཆེ་ལ་དགོངས་ཁྲེལ་དང༌། །བཀྱོན་ཞལ་འབྱུང་བར་མ་གྱུར་ཅིག །ཅེས་ཁྱུང་ཚང་གསེར་མདོག་ཅན་ནས་ཕུལ་བའི་ཞུ་ཡིག།  ༈  །།གཞིས་ཀ་རིན་སྤུངས་པའི་ནང་སོ་ཚེ་བརྟན་དཔལ་ལ་གནང་བ།། ༄། །ས་སྐྱོང་ཆེན་པོའི་དྲུང་དུ། ཞུ་བ། བཀའ་ཤོག་གནང་སྦྱིན་དང་བཅས་པ་ཕེབས་པས་ཐུགས་རྗེས་བཟུང་ལགས། ཆོས་རྗེ་རིན་པོ་ཆེའི་དྲུང་དུ། འབུལ་རྒྱུའི་རྟེན་བཅས་ཀྱང་མ་ཉམས་པར་ཕེབས་པ་བཞིན། དེང་སང་གྲེས་ཀྱི་ཕུའི་དབེན་གནས་བསམ་གཏན་སྡིངས་ཞེས་བྱ་བ་ཞིག་ན། སྐུ་ཁམས་ཤིན་ཏུ་བཟང་ཞིང་ཐུགས་དམ་འཕེལ་བར་བཞུགས་པ་དེར་མི་འགྱང་བར་འབུལ་དུ་གཏོང་བར་ཡོད་ལགས། རང་འོད་མདངས་ཀྱིས་དཀར་བའི་པ་ཝ་སངས། །མཚན་མོའི་མཁའ་ལ་ཟླ་བ་ལྟར་རློམ་ཡང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཉི་མ་ནི། །རིན་ཆེན་སྤུངས་པའི་ཤར་གྱི་རི་ནས་ཤར། །གཞན་འཕྲུལ་དབང་བྱེད་བདག་པོའི་མེ་ཏོག་མདའ། །སྦྲང་རྩིའི་དགྲ་བོའི་གཞུ་ལ་ཉེར་ཞོན་ནས། །སྒྲ་མེད་འཇབ་པའི་གཡུལ་གྱི་རྒྱལ་ཐབས་མཁན། །བསོད་ནམས་ཕོ་བྲང་དབུས་སུ་ཞབས་བརྟན་ཤིག །ཅེས་རྒྱལ་བ་དང༌། ཤིས་པ་འབུལ་བའི་མཚོན་དུ། ཏིཾ་དམར་ཞིག་གི་སྣེ་ལ་ཕྱག་རྒྱས་བཏབ་པ་འབུལ། ཉེར་བདུན་ལ་གསེར་མདོག་ཅན་ནས་ཕུལ་བའི་ཞུ་ཡིག།  ༈  །།བོད་རྗེས་བཙད་པོའི་རིགས་སུ་ཡུམ་གླིང་དཀར་བའི་རྒྱལ་བུ་ལ་གནང་བ།། ༄། །གྲུ་འཛིན་ཆོས་ཀྱི་ཕོ་བྲང་མཐོན་པོ་ནས། །འཇིག་རྟེན་ཀུན་ལ་སྙོམས་པར་ཉེར་གཟིགས་པའི། །སྤྱན་རས་གཟིགས་དབང་ཐུགས་རྗེའི་གདུང་འཚོབ་པ། །སྲོང་བཙན་མེས་པོའི་དབོན་སྲས་དེ་དྲུང་དུ། །འཚེ་མེད་ཞི་བའི་ནགས་ཀྱི་ལྡིང་ཁང་ན། །གསུང་རབ་བདུད་རྩིའི་ཉིང་ཁུས་ཡིད་མྱོས་ནས། །སྙོམས་ལས་བདེ་བའི་བསྟན་འཛིན་ལ་དགའ་ཡང༌། །མང་དུ་ཀློག་པའི་ངལ་བ་ཅན་དེས་ཞུས། །གང་ཁྱོད་རིགས་ཀྱི་བགོས་སྐལ་ཀུན་ལས་མཐོ། །རྣམ་དཔྱོད་སྐྱེ་མཆེད་མཚར་བས་གཞན་ཡིད་འཕྲོག །བསྟན་ལ་རིམ་གྲོར་མཛད་པས་ཐུགས་དགེ་བ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ངེས་བསྲུངས་ཤིག །བློ་གྲོས་འཛུམ་ཟེར་གཡོ་བའི་ཞལ་གྱི་སྒོར། །རྩེ་འདོད་སྲིད་ཞིའི་དབལ་གྱིས་སྒེག་ཆགས་པའི། །མང་ཐོས་ཡིད་ཀྱི་མྱ་ངན་མེད་མ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་བྱོས་ཤིག །ཅེས་ཤིས་བརྗོད་འབུལ་བའི་རྟེན་མཚོན་བྱེད་དུ་བ་སོའི་ཟ་མ་ཏོག སིནྡུ་རའི་ཐིག་ལེས་སྤྲས་པ་ཞིག་འབུལ།།  ༈  །།གློ་བོར་བཞུགས་པའི་བདག་མོ་སློབ་དཔོན་མ་ལ་གནང་བ།། ༄། །སྭསྟི། སྟོབས་ཀྱི་འཁོར་ལོ་བསྒྱུར་བ་ཡི། །རྒྱལ་པོ་རྒྱ་ནག་སྟོང་ཁུན་གྱིས། །མཆོད་དང་བཀུར་བའི་གནས་ཐོབ་པ། །དཔལ་ལྡན་ས་སྐྱའི་མངའ་བདག་གི །རྒྱུད་འཁྲུངས་རིག་འཛིན་སློབ་དཔོན་མ། །དཀོན་མཆོག་རྒྱལ་མོ་བསོད་ནམས་དང༌། །ཚེ་དང་ཡེ་ཤེས་དངོས་གྲུབ་དང༌། །སྲིད་པའི་འབྱོར་བ་ཕུན་ཚོགས་ཞེས། །བདེན་སྟོབས་བརྗོད་པའི་མཐུ་གྲུབ་པ། །ཛོ་གི་ཨ་མྲྀ་ནཱ་ཐ་འདི། །སྔོན་ནས་ཞལ་འཚོ་སླར་སོང་བ། །དེ་ལ་མཁོ་དགུའི་ཆས་བསྟབ་ནས། །འཕགས་ཡུལ་གནས་ཆེན་སོ་སོ་བར། །སྐབས་ཀྱི་སྨོན་ལམ་ཅི་མཆིས་དང༌། །བདེན་སྟོབས་གང་འཚམ་གདབ་ཏུ་ཆུག །དེས་དེ་འགྲུབ་པར་གདོན་མི་འཚལ།།  །།མངྒ་ལཾ།།  ༈  །།གློ་བོའི་དཔོན་པོ་དྲུང་བཀྲ་ཤིས་མགོན་ལ་གནང་བ།། ༄། །སྭསྟི། བཀྲ་ཤིས་ཉིན་མོའི་མགོན་གང་གི །སྙན་གྲགས་འོད་ཕྲེང་ཕྱོགས་རྣམས་སུ། །འཕྲོ་ཕྱིར་འཕགས་ཡུལ་ནས་འོངས་པའི། །ཛོ་གི་ཨ་མྲྀ་ནཱ་ཐ་འདིས། །གངས་ཅན་ཡུལ་ལྗོངས་ཀུན་འཁོར་ནས། །སླར་ཡང་འཕགས་པའི་ཡུལ་དུ་ཆས། །སྐབས་དེར་བཀྲ་ཤིས་པ་ཡི་མགོན། །ཤུལ་རིངས་འགྲོན་པོའི་བསྟི་གནས་མཆོག །བྱམས་པའི་དཔག་བསམ་ལྗོན་པ་ནི། །གཏོང་ཕོད་ལུགས་བརྒྱའི་འདབ་ཕྲེང་ཅན། །འདོད་དགུའི་གྲིབ་བསིལ་གྱེན་དུ་ཡང༌། །མགྱོགས་པར་འཕྲོ་ན་ཕོངས་པ་དང༌། །དཀའ་ཐུབ་ཅན་ལ་ལྟ་ཅི་ཞེས། །སྙན་གྲགས་ཁོར་ཡུག་རབ་ཡངས་པའི། །འབྱོར་པའི་སྐྱེད་ཚལ་དེར་སོང་གི །ཐུགས་རྗེའི་སྤྱན་གྱིས་ཉེར་བཟུང་ནས། །བྱམས་པའི་ཕྱག་རིང་རྐྱོང་བར་ཤོག །གཡས་རུ་གཙང་གི་ས་ཡི་ཆུ། །གསེར་མདོག་ཅན་ནས་འདི་སྤྲིངས་སོ། །མངྒ་ལཾ།།  ༈  །།གློ་བོའི་དཔོན་པོ་དྲུང་ཨ་སེང་ལ་གནང་བ།། ༄། །སྐྱབས་བསླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཞབས་འབྲིང་རིམ་གྲོ་པ་ཆེན་པོ། རང་སྲིད་བྱམས་པས་འཚོ་མཛད་གང་དེའི་དྲུང་དུ། ཤཱཀྱའི་དགེ་སློང་བསོད་སྙོམས་པས་ཞུ་བ། གང་ཉིད་དལ་འབྱོར་གྱི་གྲུ་བོ་ཆེ་འཚོ་ཞིང༌། ཆོ་འབྲང་དང༌། ལང་ཚོའི་དཔལ་ལ་མཐར་བྱེད་ཀྱི་སྙེམས་པ་མི་མངའ་བའི་ངང་ཚུལ་བཟང་པོས། རྣམ་པར་དཀར་བའི་ཕྲིན་ལས་ཆེན་པོ་ལ་ཉེ་བར་འགྲུས་ཤིང༌། གེགས་མེད་པའི་གོ་འཕང་མཆོག་ཏུ་ཉེ་བར་སོན་པའི་སྐབས་ནས། བཀའ་སྩལ་རི་མོར་སྤྲིངས་པ། ས་ལེ་སྦྲམ་ཟུང་དུ་འཇུག་པའི་སྐྱེས་དང་བཅས་ཏེ། གྱ་གྱུའི་ལམ་གྱི་འཚེ་བས་མ་གཙེས་པར། འདོད་བྱའི་ཡུལ་གྱི་མཛའ་བོའི་ཁྱིམ་དུ་བདེ་བར་འོངས་ཤིང་ཕེབས་པས། དགའ་ཞིང༌། མགུ་ལ། རངས་ནས། ཡིད་གཅུགས་པའི་གཏམ་གྱི་སྦྱོར་བ་མང་དུ་བགྱིས་སོ། །ཉིད་ཀྱི་མངའ་རིས་ལྗོངས་དང་རི་སུལ་ན། །མགོན་མེད་བག་ཕེབས་གྱུར་པའི་བརྟུལ་ཞུགས་ཅན། །མཐར་བྱེད་ཕོ་ཉའི་ལམ་ལས་བསྲུངས་མཛད་ན། །འཆི་མེད་བདུད་རྩིའི་དཔལ་དེ་ཕྱག་ཏུ་འོང༌། །ཕ་རོལ་མི་བསྲུན་རྩུབ་མོའི་དཔའ་ངར་ཅན། །སྙིང་རྗེའི་དཔུང་དང་བྱམས་པས་འཚོ་མཛད་ན། །ས་གསུམ་ལས་རྒྱལ་ལྷུན་པོའི་ཕོ་བྲང་དུ། །རྒྱལ་རྔ་རྡུང་བྱེད་བརྒྱ་བྱིན་ཉིད་དུ་འགྱུར། །ཞེས་ཤིས་པ་བརྗོད་པའི་མེ་ཏོག་གི་མཚོན་བྱེད། གོས་མདོག་ཅན་ཁ་གང་གི་ཕྱི་ཐུམས་ལ་རྒྱ་འབྱར་བ་འབུལ། ཧོར་ཟླ་དང་པོའི་ཚེས་གསུམ་ལ། ཁྱུང་ཚང་གསེར་མདོག་ཅན་ནས་ཕུལ་བའི་ཞུ་ཡིག།  ༈  །།སླར་ཡང་དེ་ཉིད་ལ་གནང་བ།། ༄། །སྭསྟི། མཐོན་པོའི་གོ་ས་ངེས་བཟུང་ནས། །སྐྱེ་མཆེད་གཙང་ཞིང་བློ་གསལ་བ། །དཔའ་ཞིང་བརྟུལ་ཕོད་དཀྱེལ་མཛངས་ཅན། །མི་ཡི་སེང་གེ་ཁྱོད་དྲུང་དུ། །ཤཱཀྱའི་དགེ་སློང་བསོད་སྙོམས་པས། །མཆིད་འཕྲིན་སྤྲིངས་པ་འདི་བཞེས་ཤིག །གང་ཁྱོད་ངེས་པར་འཚོ་བ་དང༌། །གཞན་གྱི་མི་བསྐྲུན་ཆོས་དང་ནི། །སྲིད་པའི་འབྱོར་པས་ཀུན་དགའ་ཞེས། །སྙན་གྲགས་ཉི་མའི་ཟེར་བཞིན་འཕྲོ། །འདིར་ཡང་བསྟན་པའི་བཅུད་ཆེན་པོས། །ངེས་པར་སིམ་ནས་གཞན་ཟེར་ལ། །འགྲམ་ཆུ་མི་ལྡང་ཆོག་ཤེས་ཀྱི། །སྟན་འཇམ་ལ་འཁོད་འཚོ་ཞིང་དགེ །གང་དེར་དྭང་བས་དགེ་བ་དང༌། །སྡང་བས་ཉེས་པར་སྤྱོད་བྱེད་པ། །སྤེལ་མར་མཛད་ན་གླང་ཆེན་གྱི། །ཁྲུས་བཞིན་ཟིན་པ་མེད་འགྱུར་བ། །དེ་ཕྱིར་ལེགས་བྱས་གང་གང་གི །འབྲས་བུ་དེ་ལ་ཡུན་རིང་ཐོགས། །དེ་ནས་ཁོང་ཁྲོ་ལས་གྱུར་པའི། །ནག་པོའི་ལས་རྣམས་རྒྱང་རིང་བསྲིངས། །ཡང་ན་དགེ་བའི་ས་བོན་ནི། །འཇོམས་བྱེད་སྡིག་པའི་ལས་མི་སྲིད། །མི་དགེའི་རྩ་བ་དྲུངས་འབྱིན་པའི། །བྱང་ཆུབ་ཐུགས་དང་འབྲལ་མེད་ཞུ། །སྙེལ་བསྐུལ་པདྨའི་གེ་སར་ལ། །འདྲེན་བྱེད་བུང་བ་རོལ་བའི་རྟེན། །དཔག་བསམ་སྦྲང་རྩི་དོག་པ་ནི། །གདམས་པའི་བཅུད་དུ་མཆོད་བྱེད་ལགས། །སྣྲོན་གྱི་ཟླ་བའི་ཡར་ཚེས་ལ། །གཡས་རུ་གཙང་གི་ས་ཡི་ཆ། །གསེར་མདོག་འཛིན་པའི་ཆོས་ཀྱི་གྲྭ། །འདུན་ས་ཡངས་པ་དེ་ནས་ཞུས།།  །།མངྒ་ལཾ་བྷ་ཝནྟུ།།  ༈  །།གློ་བོའི་དཔོན་པོ་དྲུང་ཨཾ་གྲགས་པ་མཐའ་ཡས་ལ་གནང་བ།། ༄། །སྭསྟི། སྐྱབས་སླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བདེན་པ་དང༌། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྔོན་གྱི་སྨོན་ལམ་དང༌། སྲོག་འཚོ་བ་དང༌། དམ་ཚིག་གི་སློབ་དཔོན་སོ་སོའི་བྱིན་གྱིས་བརླབས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ནུས་པ་དཔག་པར་དཀའ་ཞིང༌། ཕུན་སུམ་ཚོགས་པའི་མཐུ་ཡིས། ཨཾ་གྲགས་པ་མཐའ་ཡས། ཆོས་དང་སྲིད་ཀྱི་མགོན་པོ་གང་ཉིད། མྱུར་བ་ཁོ་ནར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོན་པོ་ངེས་པར་འཛིན་གྲུབ་པར་གྱུར་ཅིག རིང་དུ་འཚོ་ཞིང༌། མང་པོའི་རྣ་ལམ་སྙན་པར་གྱུར་ཅིག ལང་ཚོའི་དཔག་བསམ་རིགས་པར་རྒྱས་ནས། སྐྱེ་འགྲོ་མང་པོའི་ཡིད་ལ་ཉེ་བར་སིམ་ཞིང༌། བདེ་བ་སྦྱིན་པར་གྱུར་ཅིག སྒྲིན་ཞིང༌། འགྲུས་ལ། རྣམ་པར་གྱུར་ནས། དཀྱེལ་མཛངས་དང༌། དཔལ་གྱི་ཁྲི་ལ་གདན་བརྟན་ཞིང༌། མངོན་པར་མཐོ་བར་གྱུར་ཅིག ལྡན་པ་དང༌། འདུ་བ་དང༌། རྐྱང་པའི་ཉེ་བར་འཚེ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཞི་བར་གྱུར་ཅིག གང་ལ་ཕྲག་དོག་པའི་སྦྱོར་བ་ངན་པ་བགྱིད་པ་དང༌། བགེགས་ཀྱི་རིས་བརྒྱད་ཁྲི་བཞི་སྟོང་པོ་གང་དག སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེས་འཇེབས་པ་ཉིད་དུ་འཇོམས་པར་གྱུར་ཅིག གང་ལ་མིང་གི་སྐྱེས་ལེན་དུ་བྱིན་པའི་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་མ་རྙིང་ཅིང༌། མ་ཉམས་པ་རྣམ་པ་གསུམ་པོ་དེ་དང་དེ་ཐུགས་རྗེ་དང༌། མཁྱེན་པ་དང༌། ནུས་མཐུ་ཅན་གསུམ་གྱི་སྤྱན་ལམ་དུ་ཕུལ་བའི་དགེ་བས། རིགས་ཀྱི་སྲས་ཉིད་ཀྱི་དོ་ཤལ་དང༌། མགོ་བོའི་ཅོད་པཎ་ལ་བཀྲ་ཤིས་པའི་མེ་ཏོག་གི་ཕྲེང་བ་འཆིང་ཞིང༌། མཚར་དུ་དངར་བས་རྣམ་པར་རྒྱན་པར་གྱུར་ཅིག ཅེས་བདེན་པའི་སྟོབས་དང༌། ཤིས་བརྗོད་ཀྱི་ཕྲེང་བ་མ་ཉམས་པའི་མཚོན་བྱེད་དུ། ཙནྡན་དམར་པོའི་བགྲང་ཕྲེང༌། རིགས་པར་བྱིན་གྱིས་བརླབས་ནས། རིང་དུ་བགྲང་པ་བརྒྱ་རྩ་ལྷག་ཙམ། མ་ན་ཧུའི་མདོ་འཛིན་ཏོག་དང་བཅས་པ་ལ་རྒྱས་བཏབ་པ་འབུལ། ཆོ་འཕྲུལ་བསྟན་པའི་ཡར་ངོའི་ཚེས་བཅུ་ལ། གསེར་མདོག་ཅན་གྱི་དབེན་གནས་དམ་པ་ནས་ཕུལ་བའི་ཞུ་ཡིག།  ༈  །།སླར་ཡང་དེ་ཉིད་ལ་གནང་བ།། ༄། །སྭསྟི། དཔལ་ཆོས་འཁོར་གསེར་མདོག་ཅན་གྱི་འདུན་ས་ཡངས་པོ་ནས། ཨ་ཧཾ་གྲགས་པ་མཐའ་ཡས་མགོན་པོ་རྒྱལ་མཚན་དཔལ་བཟང་པོ་མཆོག་ཏུ་དགེ་ཞིང་གྲགས་པ་གྲུབ་པར་གྱུར་ཅིག གང་ཉིད་ཀྱི་མཆིད་ཤོག ལྷག་བསམ་དགེ་བའི་ལྗོན་ཕྲེང་དུ་མས་ཉེ་བར་བསྐྲུན་པའི་སྦུར་ལེན་དཀར་པོའི་སྐྱེས་དང་བཅས་པ། འདིར་སྨིན་ཞིང༌། གྲུབ་པའི་རྣམ་པར་དཀར་བའི་ཆ་ཤས་ཇི་ཙམ་ཞིག་ཉེ་བར་ཐོབ་པ་དེ་ཐམས་ཅད་ནི། རིགས་ཀྱི་ཡབ་དང་ཡུམ་དུ་གྱུར་པའི་འགྲོ་བ་པ་མཐའ་དག་དང་ཐུན་མོང་དུ་བྱས་ཏེ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕུལ་ལོ། །དེའི་བྱིན་གྱིས་བརླབས་ཀྱི་བྱིན་རླབས་ཀྱིས། སྐུ་ལ་སྙུན་མི་མངའ་ཞིང༌། སྐུ་ཚེ་རིང་བར་གྱུར་ཅིག སངས་རྒྱས་ལ་སྐྱབས་སུ་སོང་བ་དང༌། ཆོས་ཀྱི་དངོས་པོ་དོན་དུ་གཉེར་བ་དང༌། འདུས་པ་རྒྱ་མཚོའི་ཚོགས་ལ་ཕུད་དུད་དུ་བྱ་བ་དག་དང་མི་འབྲལ་ཞིང༌། མང་པོས་བསྙེན་ཞིང་ཀུན་ནས་བཀུར་བའི་དབང་ཕྱུག་དམ་པ་གྲུབ་པར་གྱུར་ཅིག ཅེས་བདེན་པའི་སྟོབས་བརྗོད་པའི་སྔགས། ཕྱག་རྒྱས་མངོན་པར་འདུས་བྱས་པའི་རྡོ་རྗེའི་མདུད་པ་ལ་རྒྱས་བཏབ་པ་འབུལ། ཟླ་བ་ལྔ་པའི་ཚེས་གསུམ་ལ་ཤིས་པར་བརྗོད་པའོ།།  ༈  །།རོང་ར་ལྔར་ནང་ཆེན་ར་ལོད་རྡོ་རྗེའི་ཞུ་ལན་དུ་གནང་བ།། ༄། །སྭསྟི། ངོ་མཚར་ལྷ་ཡུལ་གྱི་བརྒྱ་བྱིན་ས་ལ་འཕོས་པའི་མི་དབང་ལྷའི་ནོར་བུ་བཟང་པོའི་ནང་བློན། བསྟན་པ་རིན་པོ་ཆེ་ལ་དགོངས་པ་རྣམ་པར་དག་པ་མངའ་བ་དེ་ལ་ཞེ་ས་བགྱིས་པ་སྔོན་དུ་བཏང་སྟེ། རྒྱལ་བ་དང་ཤིས་པ་བརྗོད་ནས། བཀའ་ཕྲིན་སྩལ་བའི་མཆིད་ལན་དུ་ཞུ་བ་ནི། ཀུན་གྱི་གཙུག་རྒྱན་རིན་ཆེན་རྣམ་གསུམ་གྱི། །ཞབས་སེན་དཔའ་བོ་འཇིག་མེད་སེང་གེ་ནི། །ཁྱེད་ཀྱི་རལ་པའི་ནགས་ལ་མངོན་དགའ་བས། །ས་སྐྱོང་བློན་པོར་བཅས་པ་རྒྱལ་གྱུར་ཅིག །ཐུབ་བསྟན་འབའ་ཞིག་དགོངས་པའི་མཛའ་བོ་ནི། །ཁྱོད་ཐུགས་རལ་པ་དམར་པོའི་ཐིག་ལེ་འཛིན། །ཁྱོད་ཀྱི་སྙན་གྲགས་གསེར་གྱི་ངང་པ་ནི། །བསྟན་འཛིན་ཡོངས་ཀྱི་རྣ་བའི་ཆུ་གཏེར་རྒྱན །མཆོད་སྦྱིན་བརྒྱ་པའི་ཡ་མཚན་མཛེས་སྡུག་ཀུན། །མི་དབང་བསོད་ནམས་པང་པར་ལེགས་འཕོས་ནས། །ཆོས་དང་སྲིད་ཀྱི་སྒོ་མོ་སྟོང་ཕྲག་ཅན། །ཕོ་བྲང་ར་ལྔའི་བདུད་རྩིའི་ཆུ་གཏེར་ནས། །སྤྲིང་ཡིག་ངང་མོའི་མགྲིན་པར་ཆོས་ཀྱི་སྐྱེས། །གསལ་བར་བྲིས་པའི་དགེ་མཚན་རི་མོ་ཅན། །འཇིག་རྟེན་གཞུང་ལུགས་མཁྱེན་པའི་གཏམ་གྱིས་ནི། །ཕན་པར་དགོངས་པའི་ལེགས་བཤད་ངར་སྒྲ་ཅན། །ཐུགས་དགོངས་དག་པའི་ལམ་ཆེན་གསུམ་བསྒྲོད་ནས། །བསྟན་ལ་རིམ་གྲོར་བགྱིད་པའི་མགྲོན་པོ་གང༌། །དོན་མཐུན་ཕོ་ཉས་ཇི་ལྟར་ཁྲིད་པའི་ལམ། །འཁྱོག་པ་མེད་པར་གནས་འདིར་བག་ཕེབས་ནས། །མང་དུ་ཐོས་པའི་ཆུ་གཏེར་འགྲམ་ངོགས་ན། །ལེགས་བཤད་མགྲིན་པའི་རྔ་སྒྲ་མ་ཉམས་ཤིང༌། །བསྟན་ལ་བསམ་པའི་ཐིག་ཕྲེང་ཕྲ་མོ་ཅན། །བློ་བཟང་ངང་པ་དེ་དང་བཀའ་མཆིད་བགྱིས། །མང་ཐོས་གཉིས་འཐུང་རིགས་པའི་མཆེ་བ་ཅན། །གསུང་རབ་ཤེས་པའི་ཆང་གིས་རབ་མྱོས་ནས། །སྙོམས་ལས་བདེ་བའི་མལ་དུ་གཉིད་ལོག་ཚེ། །བློ་ཆེན་ལུགས་གཉིས་མཁྱེན་པའི་རྣམ་དཔྱོད་དང༌། །བསྟན་འཛིན་ཡོངས་ལ་སྙོམས་པའི་བརྩེ་བ་ཅན། །དེས་གསུང་སྙན་པའི་ལྕག་གི་བསྐུལ་བ་ན། །རང་ནུས་བསྟན་པའི་ཁུར་གཅིག་ཅིས་མི་འདེགས། །བརྩེ་ཆེན་དེས་ཀྱང་རིང་ནས་སྐྱོང་འཚལ་ལོ། །ད་ལྟ་རིན་ཆེན་སྤུངས་པའི་མངའ་རིས་ན། །མདོ་སྔགས་ཉི་ཟླའི་འགྲོས་གཉིས་ལྷག་པར་གསལ། །སླར་ཡང་བསྟན་པ་འདེགས་པའི་ཀ་ཆེན་བཞི། །རྩ་འཇུག་ནོར་བུ་འབར་བའི་ཁང་བརྩེགས་དེར། །ངོ་མཚར་ལུང་དང་རིགས་པའི་རྔ་སྒྲ་ཅན། །ཕྲིན་ལས་གདུགས་དཀར་ཕྱོགས་བརྒྱར་གསལ་གྱུར་ཅིག །བསོད་ནམས་ཞབས་བརྟན་དད་པའི་རྩ་བ་ཅན། །རྣམ་དཔྱོད་མཁྱེན་ཡངས་གཏོང་ཕོད་ལོ་འདབ་རྒྱས། །འབྱོར་པའི་འབྲས་བུ་དུད་ཅིང་བརྗིད་ཆགས་པས། །བསྟན་འཛིན་མགྲོན་པོ་ངལ་གསོའི་བསྟི་གནས་མཆོག །བློན་ཆེན་བསོད་ནམས་འབྱོར་པ་ཞབས་བརྟན་ཞིང༌། །འཇིག་རྟེན་ཕན་བདེ་ཇི་སྙེད་པ། །དེ་ཀུན་རྒྱལ་བའི་བསྟན་པ་ལ། །བསྟན་པ་དེ་འཛིན་སྐྱེས་བུ་ལ། །བསྟན་འཛིན་སྦྱིན་པའི་བདག་པོ་ལ། །སྦྱིན་བདག་འབྱོར་དང་གཏོང་ཕོད་ལ། །རག་ལས་དེ་ཕྱིར་བསྟན་པ་ཡི། །དཔག་བསམ་ལྗོན་པའི་རྩ་བ་ནི། །ས་སྐྱོང་བློན་པོར་བཅས་པ་ལགས།།  ༈  །།སྣར་ཐང་ཆོས་སྡེའི་གཏོང་དཔོན་པའི་སྲས་ལ་གནང་བ།། ༄། །ལྷ་དབང་དབང་པོའི་དགྲ་དང་པད་དཀར་མིག །མིག་གསུམ་པས་མཆོད་མཆོད་སྦྱིན་བརྒྱ་པའི་ལྷ། །ལྷ་མིན་ལས་རྒྱལ་རྒྱལ་བ་དེ་ཡི་གསུང༌། །གསུང་དབྱངས་དབྱངས་ཀྱི་ཕྲེང་བ་སྙན་གྱུར་ཅིག །གཉེན་མཚམས་མ་མ་དྲུག་གི་ཡིད་འདྲེན་པའི། །རྣམ་དཔྱོད་སྨིན་ལེགས་ལྡན་པའི་གདོང་དྲུག་པ། །རིག་གནས་རྨ་བྱའི་ཁྲི་ལ་འཁོད་བཞིན་དུ། །སྒྲིན་འགྲུས་དཀྱེལ་མཛངས་རྒྱན་གྱིས་ཁྱོད་དགེའམ། །ངག་གི་དབང་པོའི་ཚེམས་དཀར་ཕྲེང་བ་ལས། །གཤིན་པར་གཞིབས་པའི་དབྱངས་ཅན་མགྲིན་པའི་བཅུད། །སྦྲང་རྩིའི་དགྲ་བོས་མ་མྱངས་རོ་བརྒྱ་པ། །རྣམ་དཔྱོད་ཁ་སྒོར་འབབ་པའང་འདི་ན་དགེ །ཆོས་འདོད་ཡིད་ཀྱི་འཁྲིལ་ཤིང་གཞོན་ནུ་མ། །ཐུབ་བསྟན་ནགས་ཀྱི་དཔག་བསམ་ལང་ཚོ་ལ། །ཉེ་བར་སིམ་པའི་རོལ་བརྩེད་བགྲང་ཡིས་ཀྱི། །འཆི་མེད་དབང་པོའི་དགའ་སྟོན་ལྟ་འདོད་དམ། །ཚུལ་ཁྲིམས་དག་པའི་མཛའ་བོ་འདྲེན་མཁས་པའི། །ངེས་འབྱུང་ཡིད་ཀྱི་གར་མཁན་མ་དེ་ཡིས། །ལུས་ངག་ཡིད་ཀྱི་ཟློས་གར་ཅི་ཡང་བྱས། །ལན་གཅིག་གྱ་གྱུའི་ལམ་དུ་སོང་མིན་ནམ། །མང་ཐོས་ཆོས་ཀྱི་སྐྱེ་མཆེད་གསར་པ་ལ། །ལྟ་འདོད་ཡིད་ཀྱི་ལྷ་གཞོན་འགའ་ཡོད་ན། །སྤྱན་རས་གཟིགས་དབང་ཐུགས་ཀྱི་དཔྱང་ཐག་ལ། །སོམ་ཉི་སྤངས་པའི་ལག་པས་འཇུག་བྱེད་མཁན། །དལ་འབྱོར་གྲུ་ཆེན་འཛིན་པའི་ཁ་ལོ་པས། །ཕན་བདེའི་གནས་སུ་བདེ་བར་བཀྲི་མིན་ནམ། །སིམ་བྱེད་སྙན་པ་སྦྱིན་པོས་ཡིད་དྲངས་ནས། །སློང་མཁས་ཐུབ་པའི་རྗེས་འཇུག་སློང་བ་པོ། །སྙན་དངགས་སིལ་སིལ་དང་བཅས་དེར་སོང་གི །རེ་བའི་ཡིད་ཀྱི་ཤིང་རྟ་ངོམས་གྱུར་ཅིག །ཉེར་གསུམ་ལ་གསེར་མདོག་ཅན་ནས་ཕུལ།།  ༈  །།འཕན་ཡུལ་གྲོག་འཁར་བ་ལ་གནང་བ།། ༄། །སྭསྟི། ཡོན་པའི་ལམ་དུ་མི་འཇུག་པའི། །ཡོན་བདག་རྡོ་རྗེ་བསམ་གྲུབ་ཀྱིས། །ཡོན་ཏན་ཅན་གྱི་རིན་རྒྱལ་ལ། །ཡོན་རྫོངས་དགོས་པ་མེད་གྱུར་ཀྱང༌། །ཡོན་སྦྱོང་ནུས་པ་ཡིན་པའི་ཕྱིར། །ཡོན་ཕུལ་ནས་ནི་བསོད་ནམས་ཚོགས། །ཡོན་གྱིས་སླུ་བར་མཛད་པ་དང༌། །ཡོན་བཤད་འདི་ཡང་གསན་པར་བྱོས། །ཧ་ཅང་རིག་པ་རྣོ་དྲགས་ན། །ཧ་ལས་མང་པོ་དྲན་པ་སྲིད། །ཧ་ས་ཧོ་སའི་སྐབས་ཤིག་ཏུ། །ཧ་ཐལ་དབྱེན་གྱིས་བཅུགས་པ་སྲིད། །བདེན་བརྫུན་ཀུན་ལ་བརྟགས་དཔྱད་ནས། །བདེན་པ་འབའ་ཞིག་བསྲུངས་མཛད་ན། །བདེན་དོན་རྣམ་པ་བཅུ་གཉིས་དང༌། །བདེན་གཏམ་འབའ་ཞིག་ཕྱག་ཏུ་འོང༌། །ཟླ་བ་གསུམ་པའི་ཚེས་བརྒྱད་ལ། །ཁྱུང་ཚང་གསེར་མདོག་ཅན་ནས་ཕུལ།།  ༈  །།ཆོས་སྡིངས་པའི་ཁམས་པ་རྣམས་ལ་གནང་བ།། ༄། །ཨོཾ་སྭསྟི། ཨ་རྒྱལ་མི་ཉག་རིང་མོ་དང༌། །ཨ་ཁྲོ་ཉག་རོང་དཔོན་རྒན་དང༌། །ཨ་གའི་ཡོན་བདག་སུ་བཞུགས་སོགས། །ཨ་མེས་ཁམས་པ་དཀྱེལ་མཛངས་ཅན། །ཆོས་སྡིངས་རུ་བར་བཞུགས་རྣམས་དགོངས། །ཆོས་གྲྭ་འདི་པའི་སྤྱི་བསོད་པ། །ཆོས་རྒྱགས་ལྡངས་པ་སློང་བཞེད་ནས། །ཆོས་བཤད་བྱེད་ཀྱིན་སོང་ཡོད་དོ། །ཐུགས་ཚིག་མང་པོ་མི་ཟ་བར། །ཐུགས་འདོགས་གང་ཡོད་བྱས་གྱུར་ན། །ཐུགས་བཞེད་གང་ཡོད་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་བསྒྲུབ་པར་ངེས། །ཟླ་བ་བརྒྱད་པའི་ཉེར་གསུམ་ལ་གསེར་མདོག་ཅན་ནས་ཕུལ།།  ༈  །།རོང་སྟོན་ཆོས་ཀྱི་རྗེའི་ཉེ་གནས་པ་ནམ་མཁའ་དཔལ་ལྡན་པའི་ཞུ་འཕྲིན་གྱི་ལན།། ༄། །སྐུ་བཙུན་བཙུན་པའི་དབང་པོ་ཤཱ་རིའི་བུ། །གསུང་མཁས་མཁས་པའི་དབང་པོ་པཎྜི་ཏ། །ཐུགས་བཟང་བཟང་པོ་ཡོངས་ཀྱི་མཆོད་པའི་གནས། །སྐྱེས་ཆེན་ཆེན་པོའི་ངང་ཚུལ་ཅན་ཁྱོད་དགེ །སྙན་གྲགས་ཕ་མཐའ་ཡས་པར་སོང་གྱུར་ཀྱང༌། །དཔལ་ལྡན་བླ་མའི་ཐུགས་ཀྱི་རྭ་བ་ལས། །ནམ་ཡང་མི་འདའ་ཐོས་བསམ་བསྒོམ་པ་ཡི། །ངང་ཚུལ་ཅན་ཁྱོད་རྟག་པར་ཞབས་བརྟན་ཤོག །བདུད་རྩིའི་འབབ་སྟེགས་ངོ་མཚར་ཅན། །དཔག་བསམ་ལྗོན་པའི་ལང་ཚོ་མ། །སྤྲིང་ཡིག་འཁྲིལ་ཤིང་གཞོན་ནུ་མས། །ཉེ་བར་འཁྲིལ་བ་འདིར་འོངས་སོ། །དེ་ནས་དེ་ཡི་ཀུན་དགའ་ལ། །ཉེ་བར་འཁྲིལ་བའི་ཡིད་ཀྱི་ནི། །མཱ་ལི་གསར་པའི་བཞད་ཕྲེང་ཅན། །འཛུམ་དཀར་པོ་ཡི་ལང་ཚོ་མ། །ངོ་མཚར་གཏམ་གྱི་རོལ་རྩེད་མཁན། །ཙནྡན་བསིལ་བའི་མདངས་འཕྲོ་བ། །མ་ལ་ཡ་རླུང་འཇམ་པོ་ལ། །ཉེ་བར་འཁྲིལ་བའི་དྲི་བསུང་ཅན། །འདུ་འཛིས་དབེན་པོའི་ནགས་ཁྲོད་འདིར། །མཚར་དུ་དངར་བ་ཨེ་མ་ཧོ། །དེ་ནས་དགེ་བའི་བཤེས་འདི་ཡི། །ཡིད་ཀྱི་ཀུ་མུད་གསར་པ་ལ། །གསུང་འཇམ་ཟླ་འོད་གཞོན་ནུ་མས། །ཉེ་བར་འཁྲིལ་བའི་ཆོས་ཀྱི་ནི། །འབྲེལ་བ་བཟང་པོ་གནང་བ་གཅེས། །ཞིབ་ཞུས་རིན་ཆེན་ཕྲེང་བ་ཀུན། །བློ་གསལ་འདི་ཡིས་མགུལ་ན་ཡོད། །བཞེད་ན་ཞུས་ལན་ཕྱག་གིས་ནི། །མགྱོགས་པར་ལོང་ལ་མགུལ་རྒྱན་མཛོད།།  ༈  །།བཞི་སྡེ་མཁྱེན་རབས་པའི་དབོན་པོ་ནམ་མཁའ་བརྟན་པའི་ཞུ་འཕྲིན་གྱི་ལན།། ༄། །རྒྱལ་བ་ཀུན་དངོས་རྗེ་བཙུན་རྡོ་རྗེ་ད་ང༌། །གཏན་དུ་སླུ་མེད་རིན་ཆེན་དཀོན་མཆོག་གསུམ། །བསྟན་པ་བསྲུང་མཛད་དམ་ཅན་རྒྱ་མཚོ་ཡིས། །ཆོས་ཀྱི་གདུང་འཛིན་གང་ཁྱོད་དེང་འདིར་བསྲུངས། །ནམ་ཡང་བློ་མིག་གྱེན་དུ་འདེགས་པ་དང༌། །མཁའ་བཞིན་ཀུན་ལ་ཐོགས་པ་མེད་པ་དང༌། །མཛངས་ཤིང་འགྲུས་པའི་གོམ་སྟབས་བརྟན་པ་དང༌། །བྱམས་པའི་འོད་ཟེར་ཕྱོགས་བརྒྱར་འཕྲོ་ཁྱོད་ཀྱི། །ཕྲིན་ཡིག་འཛུམ་དཀར་སྐྱེས་ཀྱི་དོ་ཤལ་ཅན། །བག་ཕེབས་ལང་ཚོ་ལྡན་པ་འདིར་འོངས་ནས། །ཡིད་གཅུགས་གཏམ་གྱི་སྦྱོར་བ་ཅི་ཡང་བྱས། །དེ་ནས་མཆིད་ལན་རོལ་མོར་བྱེད་པ་ནི། །ཤེས་རབ་ཤེས་བྱའི་གནས་ལ་འཕྲོ་བ་དང༌། །ཐུགས་རྒྱུད་ཐུགས་རྗེས་ངེས་པར་བལྟམས་པ་དང༌། །ཀུན་ཀྱང་ཀུན་ནས་བཀུར་ཞིང་ཡིད་དཀར་བ། །འདི་གསུམ་འདི་དང་གཞན་དུ་དགེ་བའི་དཔལ། །འདོད་དོན་སྩོལ་བའི་ལྷ་དག་ལ། །འདོད་འདུན་ཡིད་ཀྱིས་གསོལ་བཏབ་ན། །འདོད་པའི་དོན་ལ་གེགས་མེད་ཅིང༌། །འདོད་བྱའི་གནས་སུ་བདེ་བར་སོན། །གང་དུ་འཁོད་པའི་གནས་དག་ཏུ། །གང་ལ་ཡིད་གཉིས་མི་འཚལ་བར། །གང་ཞིག་བསྙེན་ཅིང་བག་ཕབ་ན། །གང་དང་འཚམས་པའི་འདོད་དགུ་འབྱུང༌།།  ༈  །།གློ་བོ་ཆོས་མཛད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞུ་འཕྲིན་གྱི་ལན་དུ་གནང་བ།། ༄། །མཐོན་པོའི་རིགས་ཀྱི་དགུང་ལས་མ་ལྷུང་ཞིང༌། །དཀྱེལ་མཛངས་རྣམ་དཔྱོད་མཚར་བའི་འོད་བརྒྱ་པ། །ངུར་སྨྲིག་མཚམས་སྤྲིན་གསར་པའི་བླ་གོས་ཀྱི། །ལྷབ་ལྷུབ་ཀྱིས་ཀླུབས་དང་འདྲེན་གང་དེའི་དྲུང༌། །ཤཱཀྱའི་སྲས་ཀྱི་རྗེ་འཇུག་བསོད་སྙོམས་པས། །མཆིད་ལན་རི་མོར་སྤྲིངས་པ་འདི་བཞེས་ཤིག །ཨ་མེས་གོང་མའི་རིགས་བརྒྱུད་མ་ཉམས་ཤིང༌། །སྲིད་ལ་གདུང་འཚོབ་ཆོས་ཀྱི་བརྒྱུད་འཕེལ་བ། །གང་ཁྱོད་སྡིག་གྲོགས་ལག་པས་མ་བཟུང་བར། །དགེ་བའི་བཤེས་ཀྱིས་ཡོངས་བཟུང་ངོ་མཚར་ཏོ། །བློ་བཟང་ཆོས་ལ་བསྐུལ་བའི་མཆིད་གྲོས་ཀྱིས། །རྒྱལ་བའི་བསྟན་ལ་ངེས་འབྱུང་མཚན་དཀར་བས། །དཔལ་ལྡན་སྐལ་བ་བཟང་པོར་བྱས་ཁྱོད་ཀྱི། །མཆིད་ཤོག་ཕོ་ཉས་རིན་ཆེན་མགུལ་ཕྲེང་ཅན། །འདུ་འཛིའི་གཏམ་དང་སྐྱེ་བོའི་རྒྱུན་ལུགས་ཀྱིས། །རིང་དུ་བསྲིངས་པའི་རི་སུལ་དབེན་པ་ན། །མང་ཐོས་ཀློག་པ་པ་ཞིག་ཏིང་འཛིན་ལས། །ངེས་པར་གཞོལ་བའི་སུག་པར་གེགས་མེད་ཕྱིན། །གློ་བ་ཉེ་ཞིང་ཡིད་ལ་གཅགས་པའི་གཏམ། །དོན་གསལ་ཚིག་མཛངས་ཡིད་གཅུགས་རོལ་མོ་ཡིས། །བག་ཕེབས་གྱུར་པའི་ཟློས་གར་ཅི་ཡང་བྱས། །བཞེད་པའི་དོན་ལ་གེགས་ཡོད་མ་གྱུར་ཅིག །གྲངས་མེད་བསྐལ་བར་གང་གི་མིང་ཙམ་ཡང༌། །རྙེད་པར་དཀའ་བའི་དལ་འབྱོར་ཡིད་བཞིན་ནོར། །གང་གི་ཕྱག་ཏུ་འབད་མེད་འོངས་གྱུར་པ། །རང་སྲོག་ཇི་བཞིན་གཅེས་པར་དེ་བཟུང་ཤིག །སྲིད་པའི་འབྱོར་པ་དབང་པོའི་གཞུང་ལྟ་བུ། །ཇི་ཙམ་སྤྱད་ཀྱང་ངོམས་པའི་སྐབས་བྲལ་ཞིང༌། །ནམ་ཞིག་ཕོངས་པའི་གནས་སུ་ལྷུང་བྱེད་པ། །དེ་འདྲ་དེ་ལ་དཔྱོད་ལྡན་སུ་ཡིད་རྟོན། །འབྱོར་ལྡན་ཁྱིམ་ནས་ངེས་པར་འབྱུང་དཀའི་ཕྱིར། །ཧ་ཅང་ཕྱུག་པོའི་ཁྱིམ་དུ་མི་སྐྱེ་བར། །ཤཱ་རིའི་བུ་ཡིས་ལན་བརྒྱར་སྨོན་ལམ་བཏབ། །དེ་དོན་འཚལ་ནས་ངེས་པར་གཟེངས་བསྟོད་ཤིག།  ༈  །།མངའ་རིས་རྫོང་ཁ་བའི་མངའ་བདག་ཆོས་རྒྱལ་ནོར་བུ་ལ་ཕུལ་བ།། ༄། །འཇིག་རྟེན་དབང་པོའི་ཐུགས་རྗེའི་འཛུམ་ཕྲེང་ལས། །དལ་བུར་བབས་པའི་རིགས་ཀྱི་ཐིག་ལེ་ཞིག །གངས་ཅན་འགྲོ་བའི་དཔལ་དུ་ཤར་གྱུར་པ། །སྲོང་བཙན་སྲས་ཀྱི་ཟླ་བ་ཁྱོད་དྲུང་དུ། །རིང་ནས་ཕུལ་བའི་ཞུ་མཆིད་འདི་བཞེས་ཤིག །རིགས་ཀྱིས་ཆེ་བ་འགྲོ་མང་ཡོངས་ཀྱིས་བཀུར། །སྐུ་ལུས་རྒྱལ་མཚན་ས་ཆེན་འདི་ཡིས་བཟུང༌། །ཆབ་སྲིད་དབུ་རྨོག་གོང་ནས་གོང་དག་ཏུ། །རྣམ་པར་བཙན་ཞེས་དགའ་བ་ཅི་ཡང་འཕེལ། །སླར་ཡང་གྲགས་པའི་འོད་དཀར་མ་ཉམས་ཤིང༌། །མང་ཐོས་རྣམ་དཔྱོད་ཉིན་དང་མཚན་ལ་ནི། །རྣམ་པར་བསགས་པས་གང་ཞིང་རྒྱས་པ་ལ། །ལྷ་མིན་ལག་པས་རྩེན་པར་མ་གྱུར་ཅིག །གང་ཁྱོད་སྙིང་རྗེའི་ལྗོན་ཕྲེང་རྒྱས་པ་ལ། །ཉེ་བར་སིམ་པའི་རྣམ་དཔྱོད་ལང་ཚོ་ནི། །ཐུབ་རྣམས་དགེས་པའི་སྐྱེ་མཆེད་མཚར་བ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་བླངས་སོ། །དེ་ནས་ཐུགས་རྗེའི་སྨན་ལྗོངས་ཉམས་དགའ་བར། །ཀུན་ལ་སྙོམས་པའི་ཕན་བདེའི་གྲིབ་བསིལ་ནི། །གཏོང་ཕོད་ལུགས་བརྒྱ་ལྡན་པའི་ཁོར་ཡུག་ཅན། །ཕོངས་པ་ཡོངས་ཀྱི་བསྟི་གནས་ལགས་པར་དྲང༌། །གང་འདིར་གཞན་གྱིས་མ་མྱངས་རོ་བརྒྱ་པ། །རྣམ་དཔྱོད་ཧུབ་ཀྱིས་འཐུངས་པས་རབ་མྱོས་ནས། །ཆགས་སྡང་རྩུབ་མོའི་ལམ་དུ་མི་ཉལ་བར། །ངེས་དོན་བདུད་རྩིའི་འབབ་སྟེགས་ལྷུར་བླངས་སོ། །མང་ཐོས་ལང་ཚོ་ཡོལ་བའི་སྤོང་བ་པ། །གདུང་སྐྱོབ་ལྗོན་པའི་དྲུང་དུ་གནས་བྱོས་ཞེས། །དགེ་སྦྱོང་ཆེན་པོའི་གསུང་ལས་འཁུམས་པ་ན། །དྲང་སྲོང་ཆེན་པོ་བརྟུལ་ཞུགས་གཟུང་བྱའི་ཕྱིར། །སྦྱངས་པའི་ཡོན་ཏན་ལྷུར་བླངས་གྱུར་པ་ན། །འགྲོ་ཀུན་ཡིད་རབ་འདྲེན་པའི་བསིལ་བྱེད་ནི། །ངོ་མཚར་ལུགས་བརྒྱ་ལྡན་པ་འདིར་སྩོལ་ཤིག།  ༈  །།བྱང་པ་བདག་པོ་རྣམ་རྒྱལ་གྲགས་པ་ལ་ཙནྡན་དཀར་པོའི་དུམ་བུ་ཞིག་གི་རྟེན་དང་བཅས་ཕུལ་བ།། ༄། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་བཟུང་ནས། །ནམ་ཡང་ཀུན་གྱི་བླ་ན་བཞུགས་གྱུར་ཅིང༌། །རིག་གནས་ཀུན་མཁྱེན་ངེས་པར་གྲུབ་དབང་པོ། །རྣམ་དཀར་གྲགས་པ་བཟང་པོའི་ཞབས་དྲུང་དུ། །སྟོན་པའི་རྗེས་འཇུག་ཁྲིམས་ལྡན་དགེ་སློང་ཞིག །ངུར་སྨྲིག་བླ་གོས་ཕྲག་པ་གཅིག་བགོས་ཏེ། །གུས་པའི་མགྲིན་པ་བཏུད་ནས་དུལ་བ་ཡི། །ཐལ་མོ་སྦྱར་ཏེ་ཐོག་མར་ཤིས་པ་འབུལ། །སྲོག་རྩོལ་འཆི་མེད་དབང་པོའི་རྡོ་རྗེ་ཡིས། །ལས་རླུང་ཁྲོས་པའི་འཆི་བདག་སྲོག་གི་དགྲ། །རྟག་ཏུ་དབུ་མའི་རྒྱ་མཚོར་འཆིང་མཛད་པའི། །འཆི་མེད་གྲུབ་པའི་ལྷ་དེ་ཁྱོད་བསྲུངས་ཤིག །གང་སྐུ་སྐུ་ལྔའི་བདག་ཉིད་ཟླ་བ་བཟང༌། །དེ་གསུང་གསུང་གི་དབང་ཕྱུག་འཇམ་དཔལ་གྲགས། །ཉིད་ཐུགས་ཐུགས་རྗེའི་གཏེར་མཛོད་པད་དཀར་གྱིས། །རྣམ་རྒྱལ་རྒྱལ་བའི་སྲས་ལ་གཡོ་མེད་མཛོད། །དེ་ལྟར་ཤིས་པ་ཕུལ་ནས། ཐེ་ཚོམ་ཅན་གྱི་དོན་འགའ་ཞིག་ཞུས་པའི་ལན། བཀའ་སྩལ་པའི་སླད་དུ། མཆིད་ཕྲིན་འགའ་ཞིག་ཞུ་བ་ནི། སྐུའི་རྡོ་རྗེ་དུས་མིན་འཆི་བདག་གི །སྒྲ་གཅན་ལམ་ལས་རིང་དུ་གོལ་གྱུར་ཀྱང༌། །གསུང་གི་རྡོ་རྗེས་ཉི་ཟླའི་རྒྱུ་བ་ཀུན། །ཁྱབ་འཇུག་ལམ་དུ་འཇུག་པར་མཛད་དེ་ཅི། །འཇིག་རྟེན་ལུགས་ཀྱི་རྒྱལ་པོའི་ཚུལ་འཛིན་ཀྱང༌། །རྟག་ཏུ་ཆོས་ཀྱི་རྒྱལ་པོར་བཞུགས་དེ་ཅི། །སྙན་གྲགས་ཀུན་གྱི་རྣ་བར་སྟེར་མཛད་ཀྱང༌། །ལེགས་བཤད་ཉིད་ཞལ་གཅིག་པུས་འཛིན་དེ་ཅི། །ཞལ་སྒོར་རྣམ་དཔྱོད་ཉི་མ་འཆར་བཞིན་དུ། །ལྗགས་རྩེར་ལེགས་བཤད་ཨུཏྤལ་བཞད་པ་ཅི། །མཁྱེན་པའི་རི་མོ་ཀུན་ལ་སྟོན་མཛད་ཀྱང༌། །གྲུབ་པའི་དབང་ཕྱུག་ཐུགས་ལ་སྦེད་པ་ཅི། །རིགས་དང་གོ་འཕངས་ལྷུན་པོའི་རྟོག་གི་མཐོ། །ཁེངས་དང་དྲེགས་པ་དབང་ཆེན་གཞི་ལས་དམའ། །མཁྱེན་པའི་ཁོག་ཡུག་འབུམ་ཕྲག་བཞི་ལྡན་པ། །ཕྱི་ནང་གསང་བའི་གཏེར་མཛོད་མ་ལགས་སམ། །སྔོན་མེད་ལེགས་བཤད་པདྨ་རཱ་གའི་ཕྲེང༌། །རྣམ་དཔྱོད་གསེར་གྱི་ཉག་ཐག་ལ་བརྒྱུས་པ། །ནམ་ཡང་གཞན་གྱི་མགྲིན་པར་སྩོལ་མཛད་ན། །ད་དུང་ལེགས་བཤད་ལྷག་མ་འགའ་མཆིས་སམ། །མདོ་དང་རྒྱུད་སྡེ་གོང་མའི་མན་ངག་དང༌། །ཚད་ལྡན་མཁས་པའི་གཞུང་ལུགས་མ་ལུས་པ། །ཉིད་རང་གཅིག་པོའི་ཐུགས་མཚོར་བསྡུས་མཛད་པ། །གཞན་དག་ཆོས་ཀྱི་སྐལ་བས་ཕམ་གྱིས་དོགས། །འོན་ཀྱང་ཆོས་ཀྱི་ཆུ་བོ་འབུམ་ཕྲག་ཙམ། །ཁྱོད་བློ་གཏིང་མཐའ་ཡངས་པར་ངལ་གསོ་ནས། །ཆོས་དང་སྲིད་ཀྱི་ཆུ་བོ་སྟོང་ཕྲག་གིས། །མཐའ་ཡས་འགྲོ་བའི་རྒུད་པ་སེལ་བར་ངེས། །རང་སྡེ་བྱམས་པའི་བདུད་རྩིས་སྐྱོང་བ་དང༌། །གཞན་སྡེ་གྲགས་པའི་དཔུང་གིས་གནོན་པ་དང༌། །དཀོན་མཆོག་རྣམ་གསུམ་གུས་པས་མཆོད་མཛད་ནས། །བསོད་ནམས་གསེར་གྱི་གཞི་ལ་ཞབས་བསྟན་ཅིག །དཔུང་ལྡན་ས་སྐྱོང་རྒྱལ་པོ་མང་ཡོད་ཀྱང༌། །མཁས་ཤིང་དུལ་བའི་རྒྱ་མཚོ་ཁྱེད་གཅིག་པུ། །ལ་ལ་སྨྲ་མཁས་ལྕེ་བདེ་དོན་གསལ་ཡང༌། །རིག་འཛིན་ས་ལ་བཞུགས་པ་ཉིད་གཅིག་ཡིན། །ཆོས་དང་སྦྱིན་པའི་སྒོ་འཕར་བརྒྱ་ཕྱེ་ནས། །བསོད་ནམས་དཔུང་གིས་བདུད་སྡེ་གཞོམ་པ་དང༌། །ནང་གི་དེ་ཉིད་སེམས་པ་ལ་བཞུགས་ནས། །སྐུ་ཚེའི་འདུ་བྱེད་བྱིན་གྱིས་རློབ་པར་རིགས། །ཞེས་པའི་ཕྱག་རྟེན་མཚོན་བྱེད་སྐུ་གསུམ་ཐུགས་ཀྱི་རྙོག་པ་མཐའ་དག་སེལ་བར་ངེས་པའི་ཙནྡན་དཀར་པོའི་དུམ་བུ་ཞིག་ལ་ཧུང་ལ་འབྱར་བ་འབུལ། ཚེས་བཅོ་ལྔ་ལ་ཞུ་ཡིག།  ༈  །།ཤར་ཁ་བའི་བདག་པོ་སོག་པོ་འཕགས་པ་ལ་གནང་བ།། ༄། །ཆོས་དང་སྲིད་ཀྱི་གཞུང་ལུགས་གོང་ནས་གོང༌། །རྣམ་པར་འདྲེན་པའི་ཤིང་རྟ་ལ་ཆིབས་ནས། །གཞན་ལ་མེད་པའི་ལུགས་བརྒྱ་སྟོན་མཁས་པ། །ས་སྐྱོང་ཀུན་གྱི་ཉི་མ་དེ་དྲུང་དུ། །ནམ་ཡང་ཐོས་པའི་ནགས་ཁྲོད་ཉམས་དགའ་བར། །མཁས་རྣམས་དགྱེས་པའི་བཞིན་གྱིས་མེ་ཏོག་ནི། །ཐུབ་བསྟན་རྒྱལ་བའི་དབུ་ལ་འབུལ་བརྩོན་པ། །སྨྲ་མཁས་ཟློས་གར་མཁན་དེས་མཆིད་འདི་ཞུ། །ནམ་ཡང་ངལ་སོས་ལྷ་བརྒྱའི་ལག་པ་ཡིས། །འབད་པས་བསྐྲུན་པའི་ངོ་མཚར་ཕོ་བྲང་ནི། །དཔལ་ལྡན་ཤར་ཁའི་དཔག་བསམ་ལྗོན་པ་དེ། །རེ་འདོད་ཀུན་གྱི་བསྟི་གནས་ལགས་པར་དྲང༌། །གཏོང་ཕོད་སྒོ་བརྒྱ་ཕྱེ་བའི་འདུན་ས་དེར། །སློང་ཕོད་ལུགས་བརྒྱ་ཤེས་པའི་སིལ་སིལ་ཅན། །སྨྲ་མཁས་ལྕེ་བརྒྱ་ལྡན་པའི་ལྷུང་ལྷུང་གིས། །ཐུགས་རྗེའི་ཆུ་གཏེར་འཁྲུག་པར་མ་གྱུར་ཅིག །རེ་འདོད་ཡིད་ཀྱི་འཁྲིལ་ཤིང་གཞོན་ནུ་མ། །མཐོན་པོའི་དཔག་བསམ་རྩེ་ལ་སྙེག་དཀའ་ཡང༌། །ངོ་མཚར་འཛུམ་བརྒྱ་ལྡན་པའི་བཀའ་ལུང་གིས། །གོ་སྐབས་ཕྱེ་བའི་ལང་ཚོའི་ལྗོན་ཕྲེང་ལ། །རིང་ནས་མངགས་པའི་རབ་མཉམ་ཁ་ལོ་པས། །གང་དྲངས་ཡིད་ཀྱི་ཕོ་ཉ་ཟུང་དག་ནི། །འབྱོར་བའི་ལམ་གསུམ་ལྡན་དེར་སོང་ལགས་ཀྱི། །གང་ལ་ཅི་དགའི་དོན་དེ་བདེ་བླག་སྩོལ། །ལེགས་བཤད་གསར་པ་གཎྜེའི་སྒྲ་དབྱངས་ཀྱིས། །མ་རྨོངས་སྐྱེ་བོ་ངང་གིས་འདུས་གྱུར་པ། །རྣམ་དག་ཆོས་ཀྱི་འདུ་ཁང་ཡངས་པ་ཡི། །སྒོ་འཕར་མངགས་པའི་ཕྲེང་ལྡན་གང་དེའོ། །དེ་ནས་ས་སྐྱོང་གྲགས་པ་ཡི། །མ་ལ་ཡའི་ངད་འཇམ་ལ། །དལ་བུས་འཁྱུད་པའི་བསོད་ནམས་ཀྱི། །ཙནྡན་དྲི་བསུང་ཀུན་དགའ་དཔལ། །ཞེས་ནི་ནགས་ཀྱི་མ་ལི་ཀས། །གང་བསྐྲུན་ཛཱ་ཏིའི་མེ་ཏོག་ལ། །ལེགས་བཤད་ལི་ཤི་དྲི་བསུང་གིས། །གང་དྲངས་མཆིད་ཞུས་འདི་མངགས་སོ།།  ༈  །།ཤར་ཁ་བའི་བདག་པོ་སོག་པོ་འཕགས་པའི་ཞུ་ལན་དུ་གནང་བ།། ༄། །གཞན་དང་མི་མཉམ་རྣམ་དཔྱོད་ལག་པ་ཡིས། །གོང་ནས་གོང་མའི་གནས་སུ་འཛེག་མཁས་ཤིང༌། །ནམ་ཡང་བསོད་ནམས་ཁྲི་ལ་ཞབས་བརྟན་པ། །མི་དབང་ས་ཆེན་སྐྱོང་མཛད་གང་དེའི་དྲུང༌། །རྒྱལ་དང་ཤིས་བརྗོད་ཞེ་ས་སྔོན་བཏང་ནས། །ཞུ་མཆིད་རི་མོར་འཁོད་པ་འདི་བཞེས་ཤིག །ཡིད་འཕྲོག་དོན་གྱི་ལང་ཚོ་མ་མཉམ་ཤིང༌། །སྡེབ་ལེགས་ཚིག་གི་སྐྱེ་མཆེད་མཚར་བ་ཡི། །བཀའ་སྩལ་ཉི་མའི་བུ་མོ་སྒེག་འཆང་མ། །དོན་ཡོད་མཛའ་བོའི་པད་དཀར་ལ་སོང་བ། །ཐོགས་མེད་ཞགས་པས་འགྲོ་བའི་ཡིད་འདྲེན་ཞིང༌། །ལྷ་རྫས་ན་བཟའི་ལྷབ་ལྷུབ་གཡོ་ལྡན་པའི། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ཕོ་ཉ་ནི། །སྙིང་རྗེའི་གོམ་སྟབས་ཅན་དེས་འདིར་དྲངས་སོ། །ཕ་རོལ་རི་གཞན་མཐོན་པོས་མི་གནོན་པའི། །རྒྱལ་སྲིད་ལྷུན་པོའི་རྩེ་ནས་ལུགས་གཉིས་ཀྱི། །རྒྱལ་རྔ་ལན་བརྒྱར་བརྡུངས་པའི་ཟློས་གར་གྱིས། །ཡིད་ཀྱི་ཤིང་རྟ་རིང་ནས་དྲངས་ལགས་ཀྱང༌། །མང་ཐོས་ལང་ཚོ་ཡོལ་བའི་སྙེམས་པ་ཡིས། །དོན་མཐུན་སློབ་མའི་ཚོགས་དང་ཆབས་གཅིག་པར། །དབེན་གནས་ནགས་ཀྱི་དཔག་བསམ་དགའ་མ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་བླངས་སོ། །བསླབ་སྦྱང་བརྟུལ་ཞུགས་འཛིན་པའི་བསོད་སྙོམས་པ། །བས་མཐའི་གནས་སུ་བཀའ་དང་བསྟན་བཅོས་ཀྱི། །ཚིག་དོན་སེམས་ལ་རྣམ་པར་གཡེང་བྲལ་བ། །ཐུབ་པས་ལན་བརྒྱར་བསྔགས་པ་ཡང་ཡང་དྲན།།  ༈  །།ལུམ་པ་བའི་དཔོན་པོ་བཀྲ་ཤིས་རྡོ་རྗེ་ལ་གནང་བ་ནི།། ༄། །སྭསྟི་པྲ་ཛ་བྷྱ། བཟང་པོའི་ཆོ་རིས་གོང་ནས་གོང་དག་ཏུ། །འདྲེན་བྱེད་ཆོས་ཀྱི་ཤིང་རྟ་ལ་ཞོན་ནས། །འཇིག་རྟེན་གཞུང་ལུགས་གསལ་བའི་ཉི་མ་ཡང༌། །ཆིབས་སྟབས་གྱེན་དུ་བསྐྱོད་ཅེས་གང་འདིར་སྤྲོ། །ཕུན་ཚོགས་འཆར་ཀའི་མདངས་གསལ་གཞོན་ནུ་ཡིས། །རྣམ་བཀྲ་ཤིས་པར་བྱས་པའི་གོས་དམར་གྱིས། །ཀུན་ནས་ཀླུབས་པའི་འཛུམ་པའི་འོད་ཕྲེང་ཅན། །འཇམ་པའི་དབྱངས་ཀྱི་ཁྱོད་ལ་བྱིན་བརླབས་ནས། །འཆི་མེད་བཀྲ་ཤིས་པད་དཀར་ཕྲེང་བ་ནི། །གང་གི་ཐོད་དུ་ཡེངས་མེད་འཆིང་བྱེད་ཅིང༌། །མཐར་བྱེད་མཆེ་བའི་ཀུ་མུད་མདངས་འཕྲོག་པའི། །རྡོ་རྗེ་འཛིན་དེས་ཁྱོད་ལ་ཅིས་མི་བསྲུང༌། །འཇིག་རྟེན་དབང་པོའི་ཚེམས་དཀར་གཞོན་ནུ་ལས། །དལ་བུར་བབས་པའི་སྙིང་རྗེའི་སྦུ་ཕྲེང་ཡང༌། །ཉིད་ཞལ་བིམ་པའི་མདངས་དམར་གྱིས་འཁྱུད་པའི། །བདུད་རྩིའི་འབབ་སྟེགས་ཅན་དེ་འཐུང་གྱུར་ཅིག །སྦྲང་རྩིའི་དགྲ་བོས་མ་མྱངས་རོ་བརྒྱ་པ། །རྣམ་དཔྱོད་ཧུབ་ཀྱིས་འཐུངས་ནས་ཐུབ་བསྟན་གྱི། །དཔག་བསམ་ཡོངས་འདུའི་ཕྲག་པར་འབེབས་བརྩོན་པའི། །བཤེས་གཉེན་མཁའ་ལྡིང་དབང་པོའང་འདི་ན་དགེ །མང་ཐོས་ལང་ཚོ་ཡོལ་བའི་དགེ་སློང་གང༌། །དེ་དོན་སེམས་དང་དབེན་པའི་གཏམ་གྱིས་ནི། །རྟག་ཏུ་ཡིད་ཀྱི་ཤིང་རྟ་དྲངས་གྱུར་ཀྱང༌། །བསོད་སྙོམས་བདུད་རྩིའི་རོ་ཡིས་རྣམ་པར་གཡེང༌། །དེ་ནས་ཁྲིམས་དང་ཐོས་པས་མ་བཏང་བའི། །བདག་བློ་ནམ་ཡང་མྱ་ངན་མེད་མ་ནི། །ཐུབ་རྣམས་དགྱེས་པའི་ནགས་ཀྱི་མཛའ་བོ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་ལེན་ཏོ། །བསོད་སྙོམས་ཁང་ཆེན་དབུས་སུ་ཁྲེལ་ཡོད་ཀྱི། །རིན་ཆེན་ཁྲི་ལ་རྟག་པར་ལུས་དལ་ཞིང༌། །འབངས་ཀྱི་བདེ་སྐྱིད་ཚོལ་བས་སེམས་བྲེལ་བའི། །བརྩེ་ཆེན་རྣམ་དཔྱོད་ལྡན་རྣམས་རྒྱལ་པོར་འོས། །མགོན་མེད་སྙིང་ནས་ལྟོས་པའི་འབངས་རྣམས་ཀྱི། །བདེ་སྐྱིད་ཏིལ་མར་བཞིན་དུ་འཚིར་བྱེད་པ། །རྗེ་དཔོན་ཉིད་དུ་ལས་ཀྱིས་བསྐོས་དེ་དག །བརྩེ་མེད་དམྱལ་བའི་བསྲུངས་མ་ཅིས་མི་འདྲ། །ཉིད་ཀྱིས་བཟུང་བའི་ཡུལ་གྲུའི་ཆུ་ཀླུང་ན། །མགོན་མེད་བདེ་བར་རྒྱུ་བའི་སྲོག་ཆགས་དག །སྙིང་རྗེའི་མགོན་གྱིས་བུ་བཞིན་བསྲུང་མཛད་ན། །འཆི་མེད་སྲོག་གི་དཔལ་དེ་ཕྱག་ཏུ་འོང༌། །སྙན་དངགས་ཉི་མའི་བུ་མོ་ལང་ཚོ་ཅན། །ཁྱོད་ཞལ་པད་དཀར་མཛའ་བོའི་ཚལ་དུ་སོང༌། །ཕན་ཚུན་ཡིད་གཅུགས་འཛུམ་གྱི་ཕྲེང་བ་ཡིས། །ལེགས་བཤད་གཏམ་གྱི་སྦྱོར་བ་འདི་ལོང་ཤིག །ཅེས་ལྷག་པའི་ལྷའི་རིག་སྔགས་ཀྱིས་མངོན་པར་སྔགས་པའི་རྡོ་རྗེའི་མདུད་པ་ལ་ཕྱག་རྒྱས་བཏབ་པ་འབུལ། ཉེར་བརྒྱད་ལ་རྒྱ་མ་གསེར་ཐོག་གི་གཙུག་ལག་ཁང་ཆེན་པོ་ནས་ཞུས།།  ༈  །།འཁར་རྩེ་ཁྲི་དཔོན་ལ་གནང་བ།། ༄། །སྭསྟི། ལེགས་འདོམས་ཀུན་དགའི་རྔ་དབྱངས་གསར་པ་ཡིས། །ཚེམས་དཀར་དལ་བུར་འཁྱུད་པའི་འཛུམ་ཞལ་ཡང༌། །མཐར་བྱེད་འཇོམས་པའི་སྒྱུ་འཕྲུལ་བགྲང་ཡས་པ། །འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་དེར་བསྲུང་ཤིག །རིགས་རུས་ཕོ་བྲང་དབུས་སུ་ཁྲེལ་ཡོད་ཀྱི། །རིན་ཆེན་ཁྲི་ལས་ནམ་ཡང་མི་ལྡང་བར། །འབངས་ཀྱི་བདེ་སྐྱིད་སེམས་པས་དུས་འདའ་བའི། །བརྩེ་ཆེན་ལང་ཚོ་ཅན་དེ་རྒྱལ་པོར་འོས། །གང་ལ་ལྟོས་པའི་མངའ་འབངས་མ་ལུས་ཀྱི། །བདེ་སྐྱིད་བུར་ཤིང་བཞིན་དུ་འཚིར་བྱེད་པ། །གཤིན་རྗེས་མངགས་པའི་ཕོ་ཉ་ལགས་པར་གྲངས། །ཁེངས་ལྡན་ཕྲག་དོག་རྒྱས་པའི་ཉི་མ་ཡང༌། །རྒྱལ་ཕྲན་སྐར་མས་བསྐོར་བའི་མངོན་རློམ་གྱིས། །དྲེགས་པའི་ཚ་ཟེར་རྟག་ཏུ་འགྱེད་འདོད་ཀྱང༌། །དུས་ཀྱི་སྒྲ་གཅན་གདུག་པས་ཟོས་པ་མང༌། །དེ་ནས་དབང་སྔོན་བརྩེགས་པའི་ཟུར་ཕུད་ཅན། །རིན་ཆེན་ནལ་གྱི་གོས་དམར་གསར་པ་ཡི། །འཁྲིལ་ཤིང་གཞོན་ནུས་འཁྱུད་པའི་ཞལ་གྱི་སྒོ། །བདུད་རྩིའི་འབབ་སྟེགས་ཅན་དེས་ཁྱོད་ཟུང་ཤིག །ཚེ་དཔག་མེད་མགོན་ཐུགས་རྗེའི་ཕོ་ཉ་དང༌། །རིན་ཆེན་དཀོན་མཆོག་གསུམ་གྱི་ཞལ་ཏ་པས། །བཀའ་སྩལ་དང་དུ་ནོད་པའི་ལང་ཚོ་ཅན། །རིན་ཆེན་བསོད་ནམས་བརྩེགས་པའི་ཁྲི་ལ་དབང༌། །ཕ་རོལ་འདྲིད་པའི་གྱ་གྱུ་མང་ཤེས་ཀྱང༌། །བསོད་ནམས་སྐྱེ་མཆེད་མཛེས་པ་ཡོད་མིན་ན། །རྣམ་དཔྱོད་བུ་མོའི་བཞེད་དགུ་རྫོགས་མི་འགྱུར། །བསོད་སྙོམས་ལང་ཚོ་མཚར་བ་འདོད་དགུའི་དཔལ། །ཁོ་བོའི་རྣམ་དཔྱོད་ཐོས་པའི་ཆུ་གཏེར་གྱི། །གཏིང་མཐའ་རྟོགས་བྱེད་ཕྲག་དོག་གྲུར་ཞོན་ནས། །ཚིག་མདའི་སྐྱ་བ་འཛིན་པའི་གཉན་པ་ཀུན། །ལུས་ངག་ཡིད་གསུམ་ངལ་བྱེད་མ་ཡིན་ནམ།།  ༈  །།ཡང་དེ་ཉིད་ལ་གནང་བ།། ༄། །སྭསྟི། པྲ་ཛཱ་བྷྱ། ཆོས་དབྱིངས་ཞེ་བའི་ལང་ཚོ་ལ་སྲེད་པས། །ཉོན་མོངས་ཞི་བའི་མལ་ནས་མི་ལྡང་ཡང༌། །སྣ་ཚོགས་སྒྱུ་མའི་རོལ་མོས་ཀུན་དགའ་བ། །ཐུབ་ཆེན་སྟོན་པ་དེ་ཡིས་ཁྱོད་བསྲུང་ཤིག །མགོན་དེའི་བརྟུལ་ཞུགས་མང་པོས་ཉེར་སིམ་ནས། །མང་ཐོས་ལང་ཚོ་ཡོལ་བའི་དྲང་སྲོང་ཀྱང༌། །རྟག་ཏུ་དབེན་པའི་གཏམ་གྱི་སྦྱོར་མགུ་མོད། །བསོད་སྙོམས་ཟས་ཀྱིས་འཚོ་ཞིང་ཀུན་དུ་རྒྱུ། །མང་ཐོས་ལྷུན་པོའི་རྩེ་ནས་རྣམ་དཔྱོད་ཀྱི། །རྒྱལ་རྔ་ལན་བརྒྱར་བརྡུངས་པ་དེ་མཐོང་ནས། །ཆོས་བརྒྱད་གར་ལ་བལྟ་བའི་གཞོན་ནུ་མས། །ཕྲག་དོག་དབྱངས་སུ་བླངས་པ་འགའ་མེད་དམ། །གཞན་ཟེར་རྙོག་ཆུས་མྱོས་པའི་ཁུ་བྱུག་དག །དབེན་པའི་ནགས་ན་སྙན་དབྱངས་མང་སྒྲོག་མོད། །རྣམ་དཔྱོད་ཧུབ་ཀྱིས་གཞུང་ལུགས་ཀུན་འཐུངས་ནས། །དཔག་བསམ་བདུད་རྩིར་བྱེད་པ་དུ་ཞིག་ཡོད། །གང་ལ་འདུན་པའི་ས་སྐྱོང་ཁ་ལོ་པས། །ཡིད་ཀྱི་ཤིང་རྟ་ལན་བརྒྱར་དྲངས་གྱུར་ཀྱང༌། །ད་དུང་རྣམ་གཡེང་འཇིགས་པའི་ཐང་ཆེན་ལས། །ཇི་བཞིན་རྒལ་བར་ནུས་པ་མིན་འདི་ཅི། །འདྲེན་བྱེད་དེ་དག་གྱ་གྱུའི་སྦྱོར་བ་ཡིས། །རྐང་པའི་གོམས་སྟབས་འཁྱོག་པོར་བཞག་མིན་ནམ། །རབ་མཉམ་ཁ་ལོའི་སྦྱོར་བས་གང་དྲངས་པའི། །ཆོས་ཀྱི་ཤིང་རྟ་མགྱོགས་པར་མི་ཕྱིན་ཅི། །དད་འདུན་ཉི་མའི་བུ་མོ་ལང་ཚོ་ཅན། །གསུང་རབ་པད་དཀར་མཛའ་བོའི་གདོང་པ་ལ། །ཡིད་བཅུགས་གཏམ་གྱི་འདུ་འགོད་མང་གྱུར་ཀྱང༌། །སྦྲང་རྩིར་བྱེད་པའི་རོལ་རྩེད་མི་འབྱུང་ཅི། །གང་གི་གནས་མལ་བདེ་བའི་ཁུར་འཛིན་པའི། །དེ་ཡིས་དེ་ལ་མཁོ་བའི་ཡོ་བྱད་ཀྱང༌། །གཏོང་ཕོད་དཔུང་པའི་སྟོབས་ཀྱིས་ཅིས་མི་འཛིན། །འོན་ཀྱང་ས་སྐྱོང་བཞེད་པ་གང་ཡིན་པའོ། །སྔ་འགྲོས་གདུལ་བྱ་ཆེ་བ་འབྲས་བུའི་ལྕིད། །རྟིང་འགྲོས་ཡལ་ག་འཛིན་པའི་ཁུར་མིན་ནམ། །ཕྱོགས་ཀྱི་ཐ་གྲུ་འདེགས་པའི་རྩོལ་ཕོད་ཀྱིས། །ལེ་ལོའི་སྟན་ལས་མྱུར་དུ་ལྡང་དགོས་སམ། །ནོར་འཛིན་རི་རབ་རྒྱ་མཚོར་བཅས་པའི་ཁུར། །ཉེ་དབང་མིན་པ་དྲེགས་ལྡན་སུ་ཡིས་འཁུར། །ཁྱབ་འཇུག་རྐང་རྟེན་བྱེད་པའི་ནོར་འཛིན་ཀྱང༌། །ཐུབ་བསྟན་སྟོབས་གསུམ་འདེགས་པ་ཅིས་མི་འདྲ། །ཁེངས་གཏམ་དབྱངས་སུ་བླངས་པའི་ཟློས་གར་འདི། །གཞན་དང་མི་མཉམ་རྣམ་དཔྱོད་ལག་པ་ཡིས། །གོང་ནས་གོང་མའི་གནས་སུ་འཛེག་བཞེད་པའི། །ས་སྐྱོང་བློན་པོར་བཅས་ལ་མཆིད་དུ་འབུལ།།  ༈  །།གཞིས་ཀ་རིན་སྤུངས་པའི་ནང་སོ་སྒར་ཆེན་དོན་ཡོད་རྡོ་རྗེ་ལ་གནང་བ།། ༄། །རིགས་རུས་བསོད་ནམས་མཐོན་པོའི་ཁྲིར་འཁོད་ནས། །ས་ཆེན་ཉིན་མོར་བྱེད་པའི་ལྷ་སྲས་ནི། །མཛད་སྲོལ་བཟང་པོའི་ཤིང་རྟ་ལ་ཆིབས་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་འཛིན་ཤོག །ཅེས་མཆོད་པར་བརྗོད་ནས། སྐབས་སུ་བབ་པའི་ཞུ་བ་ནི། འཚོ་བྱེད་དབེན་པའི་གཏམ་གྱིས་ཡིད་སྤྲོ་ཞིང༌། །མང་ཐོས་ངུར་སྨྲིག་འཛིན་པའི་དྲང་སྲོང་ཡང༌། །འདུ་འཛིས་དབེན་པའི་རི་སུལ་ཕུག་ཞིག་ན། །ཐུབ་ཆེན་རྒྱལ་བའི་བཀའ་ལ་ཡིད་རབ་རྟོན། །བརྒྱ་བྱིན་གཞུ་ལྟར་བཀྲ་བའི་སྤུ་སྡུག་ཅན། །རྣམ་བཀྲ་དར་གྱི་འཇའ་ཚོན་རི་མོ་དང༌། །བདུད་རྩིའི་དགྲ་བོས་མ་མྱངས་རོ་བརྒྱ་པ། །ས་སྐྱོང་མཆོད་པར་འོས་པའི་སྦྲང་རྩི་ནི། །བརྒྱ་བྱིན་གཉིས་པའི་མདུན་ས་མ་རྟོགས་པ། །དཀའ་ཐུབ་གནས་ཀྱི་མདུན་ས་འདིར་མ་བྱོན། །དེ་ཕྱིར་བཞེད་དོན་བསྒྲུབ་པའི་སྒེག་འཆང་མ། །བཀའ་ལུང་ལང་ཚོ་ལྡན་པའི་འཛུམ་དཀར་ཅན། །གང་འདིར་དང་དུ་ལེན་པའི་མཐུ་བྲལ་བས། །ཐུགས་རྗེའི་ཆུ་གཏེར་འཁྲུག་པར་མ་གྱུར་ཅིག །བསྟན་འཛིན་དབུ་འཕངས་བསྟོད་པའི་ས་སྐྱོང་གི །མངའ་རིས་ཕྲག་དོག་རྩེད་མོའི་འཚེ་བྲལ་བར། །མང་ཐོས་དྲང་སྲོང་བདེ་བར་རྒྱུའོ་ཞེས། །དཀོན་མཆོག་གསུམ་མཚོན་རིན་ཆེན་རྒྱན་འདི་འབུལ།།  ༈  །།གློ་བོའི་དཔོན་པོ་དྲུང་བཀྲ་ཤིས་མགོན་ལ་གནང་བ།། ༄། །སྭསྟི། དཀོན་མཆོག་གསུམ་གྱི་བྱིན་བརླབས་ཀྱིས། །གཡས་རུ་གཙང་གི་ས་ཡི་ནི། །ཐིག་ལེ་ཡིད་འོང་ཉམས་དགའ་བ། །གསེར་མདོག་ཅན་གྱི་སྐྱེད་ཚལ་ནས། །མང་ཐོས་དགེ་སློང་བསོད་སྙོམས་པས། །རི་མོར་བྱས་པ་འདི་སྤྲིངས་སོ། །ལྷ་སྲས་སྐྱི་ལྡེ་ཉི་མ་མགོན། །དེ་སྲས་ཐུ་བོ་བཀྲ་ཤིས་མགོན། །པུ་ཧྲངས་གློ་དོལ་གསུམ་གྱི་མགོན། །གང་དེའི་རྣམ་སྤྲུལ་མངའ་རིས་མགོན། །དེས་པ་འཚོ་ཞིང་ཐུགས་དགེའམ། །ཕྲག་དོག་ཚེར་མ་རྒྱང་སྲིངས་སམ། །འབངས་རྣམས་གློ་བ་ཉེར་གྱུར་ཏམ། །དམ་ཅན་རྒྱ་མཚོ་ངེས་བསྲུངས་སམ། །གནས་འདིར་རིང་དུ་འཁོད་གྱུར་པས། །འདྲེས་ཤིང་བག་ཕེབས་གྱུར་པ་ཡི། །ཛོ་གི་རྣལ་འབྱོར་ལྡན་པ་འདི། །གངས་མཚོའི་དངོས་གྲུབ་ལེན་སོང་བ། །དྲོ་འཇམ་གོས་དང་མཆིལ་ལྷྭམ་དང༌། །ཞྭ་དང་བཟའ་བཏུང་སྣ་ཚོགས་དང༌། །ཡིད་འོང་ལམ་རྒྱགས་མང་པོ་ཡིས། །འདོད་པའི་གནས་སུ་བཀྲི་འཚལ་ལོ། །དེ་ཡི་ལེགས་བྱས་རྔ་ཆེན་པོ། །ཀུན་གྱི་རྣ་བས་ལེན་པར་ཤོག།  ༈  །།གློ་བོའི་དཔོན་པོ་དྲུང་ཨ་སེང་བ་ལ་གནང་བ།། ༄། །ས་ར་སྭསྟི། ཨ་མེས་རྡོ་རྗེ་འཆང་གི་བྱིན་བརླབས་དང༌། །ཡུམ་མཆོག་རྗེ་བཙུན་སྒྲོལ་མའི་བྱམས་བརྩེ་དང༌། །དམ་ཅན་སེང་ཆེན་བརྒྱད་པོའི་མཐུ་སྟོབས་ཀྱིས། །མི་དབང་ས་སྐྱོང་རྟག་པར་ཞབས་བརྟན་ཤིག །དད་པའི་ཟློས་གར་གཡོ་བའི་རྩེད་འཇོ་ཡིས། །ལམ་སྟོན་བཤེས་གཉེན་མང་པོ་བསྟན་མཁས་ཤིང༌། །བྱམས་དང་བརྩེ་བས་མངའ་འབངས་འཚོ་བ་དང༌། །དཔའ་མཛངས་དཔུང་གི་དགྲ་ཐབས་བཤམས་ཤེས་པའི། །ལྷ་སྲས་མི་དབང་མཐོན་པོའི་ཁྲིར་བཞུགས་ལ། །ཁྲིམས་ལྡན་སྡོམ་བརྩོན་དེ་ཡིས་ཞེ་ས་དང༌། །བླ་གོས་ཕྲག་པར་བགོས་ཏེ་མཆིད་འདི་ཞུ། །གང་ཡང་དོན་གྱི་ལང་ཚོ་མ་ཉམས་ཤིང༌། །ལྡེབ་ལེགས་ཚིག་གི་སྐྱེ་མཆེད་མཚར་བ་ཡི། །མི་དབང་ཐུགས་དགོངས་དག་པར་མཚོན་ནུས་པའི། །མཆིད་འཕྲིན་ངང་པའི་བུ་མོ་གནས་འདིར་ཕེབས། །ལོ་གསུམ་བར་དུ་སྙན་གྲགས་མདངས་གསལ་བར། །འཚོ་ནུས་རིན་ཆེན་ཐིག་ཕྲེང་མ་ཉམས་པས། །སྡོམ་བརྩོན་གང་གི་ངུར་སྨྲིག་མཚོན་བྱས་ནས། །ལྷག་བསམ་དག་པས་སྨོན་ལམ་འདེབས་ལ་བརྩོན། །ནམ་ཡང་བསོད་ནམས་ཟས་ཀྱིས་འཚོ་བྱེད་ཅིང༌། །དམན་པའི་ཕྱག་དར་གོས་ལ་བརྟེན་བྱས་ནས། །དབེན་པའི་ནགས་སུ་ཆོས་ཀྱི་ཚིག་དོན་ལ། །རྟོག་བྱེད་དྲང་སྲོང་དེ་ཡང་འདི་ན་དགེ །གོང་མ་མཐའ་དག་ལྷ་བཞིན་བཀུར་བ་དང༌། །འོག་མ་རྣམས་ནི་བུ་བཞིན་སྐྱོང་བ་དང༌། །རིང་དུ་འགྲས་པའི་དགྲ་ལའང་བྱམས་པ་ནི། །ཆོས་སུ་མ་ཟད་སྲིད་པའི་གཞུང་ཆེན་ལགས། །དཔུང་ལྡན་དགྲ་ལ་དུས་མིན་མི་རྒོལ་ཞིང༌། །ཐུབ་སླའི་དགྲ་བོ་ཐུལ་ནས་སྐྱོང་བ་དང༌། །གནའ་དུས་མཛའ་པོ་དགྲ་བོར་མི་ལེན་པར། །འདི་གསུམ་ཆོས་དང་སྲིད་པའི་གཞུང་ཆེན་ལགས། །ཕྱི་རོལ་དགྲ་བོ་ཟད་ཟད་བར་དུ་ནི། །བཏུལ་བས་ཐུལ་བ་སྲིད་པ་གསུམ་ན་མེད། །ཐུབ་ཆེན་རྒྱལ་བ་དེ་ཡིས་ནང་གི་ནི། །དགྲ་གཅིག་ཆོམས་པས་ཕྱི་རོལ་དགྲ་ཀུན་ཟད། །འཇིག་རྟེན་འདི་ན་སྲོག་ལས་ཕངས་པ་ཡི། །དཀོར་ནོར་འཛིན་པའི་ལུས་ཅན་སུ་ཡང་མེད། །གང་གི་དེ་འཕྲོག་བྱེད་པ་གནག་དཀའི་ལས། །ཕྱི་མ་རྣམ་སྨིན་ལྕི་བར་མཁྱེན་ལགས་མོད། །སྐུ་ཚེ་འདིར་ཡང་ལང་ཚོ་དར་བ་དང༌། །སྐུ་སྲོག་འཚོ་བའི་དགྲ་ཆེན་མ་ལགས་སམ། །བྱང་ཆུབ་ཐུགས་དང་རིག་འཛིན་སྡོམ་པ་ཡང༌། །རྩུབ་མོའི་སྦྱོར་བས་རིང་དུ་གནས་མི་ནུས། །གཞན་གྱིས་འགྲན་པར་མི་ནུས་དགེ་བའི་ཚོགས། །དཔག་མེད་འགྲུབ་པའི་སྙེམས་པའང་མཛད་མི་འཚལ། །ཇི་སྲིད་ཆོས་ཉིད་མངོན་སུམ་མ་མཛད་པ། །དེ་སྲིད་ནག་པོའི་ལས་དེས་དེ་འབྲས་འབྱིན། །ཡུལ་ཕྲན་དག་ན་རྒྱལ་ཕྲན་མང་པོ་ཞིག །རང་ལ་ལྟོས་པའི་འབངས་ཀྱི་བདེ་སྐྱིད་ནི། །ཏིལ་མར་བཞིན་དུ་འཚིར་ཞིང་ལེན་པ་མཐོང༌། །ཡུལ་ལྗོངས་དེ་ན་རྒྱལ་པོའི་བང་མཛོད་གནས། །དཀོན་མཆོག་རིན་ཆེན་རྣམ་གསུམ་མཆོད་པ་དང༌། །མངའ་འབངས་རྣམས་ལ་བྲེལ་ཕོངས་མེད་པ་དང༌། །འཕོངས་པ་རྣམས་ལ་ནར་མའི་ཟས་སྦྱོར་བའི། །བཟང་པོའི་སྲོལ་དེ་གོང་ནས་གོང་དག་ཏུ། །རྣམ་པར་སྤེལ་ལ་གཡེལ་བར་མ་གྱུར་ཅིག །ལྷ་བསྲུངས་མང་པོའི་རི་བོས་རྒྱབ་ནས་བསྐྱོར། །བསོད་ནམས་ཆུ་ཆེན་བཞི་པོས་མདུན་ནས་བསྐོར། །རྣམ་དཔྱོད་དཔའ་མཛངས་གོང་ནས་གོང་བརྩེགས་པའི། །ཕོ་བྲང་མཐོན་པོའི་རྩེ་ནས་བསོད་ནམས་ཀྱི། །རྒྱལ་རྔ་ཡང་ཡང་བརྡུངས་པའི་གཟི་བྱིན་གྱིས། །ཕ་རོལ་དགྲ་བོ་ཕྲག་དོག་ཚེར་མ་ཡིས། །རྩུབ་མོར་བྱས་པའི་ལམ་ཆེན་དེ་བཏང་ནས། །ཆོས་དབྱིངས་ཞི་བའི་ནགས་སུ་སོང་ཞེས་གྲགས། །དེ་ནས་དགྲ་བོའི་ངོས་བཟུང་མེད་པ་ཡི། །བཤེས་སུ་ཁས་འཆེ་དེ་ལ་བག་ཕབ་ནས། །མངའ་འབངས་མཚོ་བཞིན་གང་བའི་དགའ་སྟོན་མྱོང༌། །བསོད་ནམས་ཕོ་བྲང་རྩེ་ནས་ལེགས་བྱས་ཀྱི། །རྒྱལ་རྔ་ལན་བདུན་བརྡུངས་པའི་ཟློས་གར་གྱིས། །ཕ་རོལ་དགྲ་བོ་ཕྲག་དོག་རྡུལ་རྩུབ་ཅན། །ཆགས་སྡང་ཡུལ་གྱི་དགའ་བ་དེ་བོར་ནས། །ཆོས་དབྱིངས་ནགས་ཀྱི་མཛེས་མ་ལ་སྲེད་པས། །འོད་གསལ་ལྗོན་པའི་ངོས་ལ་འཁྲིལ་བ་ན། །ཁྲེལ་ཡོད་ནགས་ཀྱི་མ་ལི་གསར་པ་ནི། །རང་ཉིད་དྲང་པོའི་གནས་སུ་གོ་འཕངས་བསྟོད། །སྙན་གྲགས་ཛཱ་ཏིའི་མེ་ཏོག་དཀར་པོ་ནི། །ཐུབ་རྣམས་དགྱེས་པའི་བཞད་ཕྲེང་གསར་བ་དང༌། །ལྷན་ཅིག་བསོད་ནམས་ལྗོན་པ་རྒྱས་པ་ཡི། །ནགས་ཀྱི་སྨན་ལྗོངས་མཛེས་པ་ཨེ་མ་མཚར།།  ༈  །།འཕྲང་པོ་དགའ་ལྡན་ཕུག་གི་ཆོས་མཛད་མ་ཆོས་སྒྲོན་བཟང་མོ་ལ་གནང་བ།། ༄། །སྭསྟི། ཁྲིམས་དང་ཐོས་པའི་མཛའ་བོས་མ་བཏང་བའི། །བདག་བློ་ནམ་ཡང་མྱ་ངན་མེད་མ་ནི། །ཐུབ་རྣམས་དགྱེས་པའི་ཡིད་ཀྱི་མཛའ་བོ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་ལེན་ཏོ། །དེ་ནས་ཆོས་འདོད་དཔག་བསམ་སྲིད་མོ་ནི། །དོན་མཐུན་ཡལ་འདབ་རྒྱས་པའི་ལྗོན་ཕྲེང་རྩེར། །གཏོང་ཕོད་ལུགས་བརྒྱ་ལྡན་པའི་མེ་ཏོག་གི །ཕྲེང་མཛེས་འཛིན་པ་དེ་ཡང་དཔྱིད་ཀྱི་དཔལ། །གང་ལ་འདུན་པའི་ཡིད་ཀྱི་ཆུ་གཏེར་དུ། །མི་ཕམ་ཞལ་གྱི་ཟླ་བ་གསལ་འགྱུར་བ། །དེ་ཡི་ཐུགས་རྗེ་བསིལ་བའི་འོད་དཀར་ཡང༌། །ཀུ་མུད་ཆུ་གཏེར་མིན་པ་གང་དུ་འཆར། །གང་དག་ཟང་ཟིང་ནོར་ལ་མི་ལྟ་ཞིང༌། །ལེགས་པར་བཤད་པའི་སྐྱེས་ལ་ངོ་མཚར་བ། །དེ་ཡི་མགུལ་དུ་རྣར་སྙན་གཟུང་སླ་བའི། །ཡིད་འོང་ཆོས་ཀྱི་ཕྲེང་བ་འདི་སྤྲིངས་སོ། །ངེས་པར་ཆོས་ལ་འདུན་རྣམས་ཀྱིས། །དང་པོར་བྱ་བ་གང་ཞེ་ན། །ཉེས་པར་སྤྱད་པ་ལས་བཟློག་པའི། །བསོད་ནམས་བྱ་བ་དེ་ཡིན་ནོ། །བར་དུ་བྱ་བ་ཅི་ཞེ་ན། །འཁོར་བའི་སྐྱོན་གྱིས་རབ་སྐྱོ་བས། །ཐར་པ་ཚོལ་བ་གང་ཡིན་པ། །ཐ་མར་བྱ་བ་གང་ཞེ་ན། །སྟོང་པ་ཉིད་དང་ཟུང་འཇུག་པའི། །སྙིང་རྗེ་བསྒོམ་པ་དེ་ཡིན་ནོ། །དེ་ལ་བསོད་ནམས་གང་ཞེ་ན། །སྦྱིན་དང་ཁྲིམས་དང་བཟོད་པའོ། །ངེས་འབྱུང་ཐར་པ་གང་ཞེ་ན། །སྡུག་བསྔལ་སྤངས་པའི་ཡེ་ཤེས་སོ། །སྟོང་པ་ཉིད་བློ་གང་ཞེ་ན། །དངོས་པོ་གང་དང་གང་གི་ནི། །རང་བཞིན་ཚོལ་བའི་བློ་གྲོས་ཀྱིས། །རྣམ་པར་བརྟགས་ན་དེ་དེ་ལ། །ངོས་བཟུང་གང་ཡང་མེད་པའོ། །སྙིང་རྗེ་ཆེན་པོ་གང་ཞེ་ན། །མཁའ་དང་མཉམ་པའི་འགྲོ་མང་འདི། །སྡུག་བསྔལ་རྣམས་དང་བྲལ་འདོད་པའོ། །ཆོས་ཀྱི་ལྷ་སྲས་མཆེད་གསུམ་པོ། །འཕངས་པར་འཛིན་པའི་ཡུམ་དེ་ནི། །ཆོས་ཀྱི་སྒྲོན་མ་བཟང་པོ་ཡིས། །རྨོངས་པའི་མུན་ལས་གྲོལ་བར་ཤོག །ཅེས་འདི་བསོད་སྙོམས་ཟས་ཀྱིས་ནི། །འཚོ་ཞིང་ཕྱག་དར་གོས་ལ་ནི། །བརྟེན་ནས་དབེན་པའི་གནས་སུ་ནི། །ཆོས་ཀྱི་ཚིག་དོན་བཟང་པོ་ནི། །འཛིན་མཁས་དྲང་སྲོང་དེ་ཡིས་ནི། །དབུ་རུ་སྟོད་ཀྱི་ཡུལ་ནས་ནི། །རི་མོའི་སྐྱེས་བུ་ཕུལ་འདི་ནི། །གང་ལ་འདུན་པའི་སྙིང་གི་ནི། །ཆུ་གཏེར་དབུས་སུ་གནས་བྱོས་ཤིག །དེ་ནས་རྟག་ཏུ་ཕན་པ་དང༌། །བདེ་བའི་སྦྲང་རྩི་ཚིམ་གྱུར་ཅིག །ཅེས་པ་འདི་ནི། འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་འཕྲང་པོ་དགའ་ལྡན་ཕུག་གི་ཆོས་མཛད་མ་ལ་སྤྲིངས་པའོ།།  །།མངྒ་ལཾ་བྷ་ཝནྟུ།།  །།ཤུབྷཾ།།  ༈  །།བདག་མོ་དཔལ་སྡིངས་མ་ལ་ཆོས་ལ་བསྐུལ་བའི་གཏམ་དུ་གནང་བ།། ༄། །ན་མོ་ཝ་གི་ཤྭ་ར་ཡ། མཐོང་བའི་མོད་ལ་དྭང་བ་འདྲེན་པའི་སྐུ། །ཐོས་མ་ཐག་ཏུ་ངེས་ཤེས་སྟེར་བའི་གསུང༌། །ངེས་པར་བསམས་ན་ཕན་པའི་ཐུགས་མངའ་བ། །རྣམ་འདྲེན་སྟོན་པ་དེ་ཡིས་ཁྱོད་བསྲུངས་ཤིག །དལ་འབྱོར་ལྗོན་ཕྲེང་གསར་པའི་དཔག་བསམ་ལ། །སྲེད་པའི་འཁྲིལ་ཤིང་མང་པོས་ངེས་འཁྲིལ་ནས། །དོན་མེད་ལོ་ཟླ་མང་པོས་རྙིངས་པ་ན། །ལང་ཚོའི་ལོ་འདབ་འདོར་བ་མང་ཡོད་ཀྱང༌། །མཁའ་ལྡིང་གིས་བསྐྱུངས་བདུད་རྩི་མང་ཐུངས་ནས། །རང་ལུས་བདུད་རྩིར་བྱེད་པའི་རྐང་འཐུང་ནི། །བརྒྱ་བྱིན་ཡུལ་གྱི་ཡོངས་འདུ་མ་གཏོགས་པ། །མི་ཡུལ་ནགས་ཀྱི་ལྗོན་ཤིང་འགའ་མ་མཐོང༌།«་་་་་བསོད་ནམས་ཆ་མཐུན་གྱི་ཆོས་བྱེད་པ་སྲིད་ཀྱང༌། ཐར་པ་ཆ་མཐུན་གྱི་ཆོས་བྱེད་པ་ཉུང་བའི་ཤླཽ་ཀ་གཅིག »དལ་འབྱོར་གྲུ་ཆེན་སྲིད་པའི་བརྟོད་ཕུར་ལ། །རྟོད་བྱེད་གྲུ་མཁན་འཁོར་བའི་ཆང་གིས་ནི། །རྣམ་པར་མྱོས་པའི་གྲུ་ཆེན་སྟོང་ལོག་མཁན། །རང་ཉིད་བླུན་པོར་མཚོན་པ་འགའ་མེད་དམ། །«ངེས་འབྱུང་གི་བློ་བསྐྱེད་པའི་ཆེད་དུ་ཐོག་མར་སྟོན་པའི་རྣམ་ཐར་དྲན་པར་བྱས་པ་ཤླཽ་ཀ་གཉིས།་་་་་»འཇིག་རྟེན་འདི་ན་འཁོར་ལོས་བསྒྱུར་བ་ཡི། །རྒྱལ་པོའི་དཔལ་དང་བརྒྱ་བྱིན་ཕུན་ཚོགས་ལ། །ཡིད་རྟོན་མེད་པར་ཐུབ་ཆེན་དེས་གཟིགས་ནས། །ངུར་སྨྲིག་གོས་དང་བསོད་སྙོམས་ཟས་གསོལ་ཏེ། །བྱང་ཆུབ་ཤིང་དྲུང་དབེན་པ་དེར་བྱོན་ནས། །འོད་གསལ་སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །ཡིད་ཀྱི་སྲུབ་ཤིང་འཛིན་པའི་དཔལ་བཅོམ་ནས། །བྱང་ཆུབ་བླ་ན་མེད་པ་དེ་བརྙེས་སོ། །མགོན་«་་་་་ཐོག་མར་དབེན་པ་ལ་སྤྲོ་བ་བསྐྱེད་པའི་གཏམ་ཤླཽ་ཀ་གཅིག »དེའི་རྗེས་འཇུག་དུལ་ཞིང་བཙུན་གྱུར་མ། །གཅིག་པུར་ཡིད་ཀྱི་གདུང་བ་བྲལ་བྱས་ནས། །རྣམ་དཔྱོད་ཚུལ་ཁྲིམས་མཚར་བའི་མཛའ་བོ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་བྱོས་ཤིག «དབེན་པར་བསྡད་ནས་ཐར་པ་དོན་དུ་གཉེར་དགོས་པའི་ཤླཽ་ཀ་གཅིག་་་་་»།འཇིག་རྟེན་ཆོས་ཀྱི་སྒྱུ་མའི་ནགས་ཁྲོད་ན། །ལང་ཚོའི་སྤུ་སྡུག་འཛིན་པའི་ཁྱུ་བྱུག་དག །སྲིད་བདེའི་སྙན་དབྱངས་སྒྲོགས་པ་མང་མོད་ཀྱང༌། །ངེས་འབྱུང་དཔག་བསམ་འཛིན་པ་རེ་རེ་ཙམ། །ཐོག་«་་་་་དབེན་པར་རང་སེམས་ལ་བལྟས་ན་འོད་གསལ་རྟོགས་པའི་བློ་ངང་གིས་འབྱུང་བའི་ཤླཽ་ཀ་གསུམ། »མེད་དུས་ནས་གོམས་པའི་ཤུགས་དྲག་གིས། །ཉོན་མོངས་འཁྲུགས་པའི་རྦ་ཀློང་འདྲེན་བཞིན་དུ། །རྟག་པར་འཐུར་དུ་འབབ་པའི་ངང་ཚུལ་ཅན། །གཟུང་འཛིན་འཁྲུལ་པའི་རང་སེམས་ཅོལ་ཆུང་པོ། །དྲན་དང་ཤེས་བཞིན་མང་པོའི་འཁྲུལ་འཁོར་གྱིས། །གོང་ནས་གོང་དུ་འདྲེན་པའི་སྒྱུ་འཁྲུལ་མཁན། །ཉིན་མཚན་འདའ་བའི་རྣལ་འབྱོར་རྣམ་གཉིས་ཀྱི། །དབེན་པའི་གནས་སུ་རང་སེམས་འདུལ་འགྲུས་ན། །སེམས་ཉིད་འོད་གསལ་བདེ་བ་ཆེན་པོའི་ཞལ། །གསལ་སྟོང་འཛིན་མེད་མཚར་པོའི་སྐྱེ་མཆེད་ཅན། །ལྟ་བྱེད་ཡིད་འོང་ལྟད་མོ་ངོ་མཚར་བ། །ཚངས་དང་དབང་པོས་བྱིན་འདྲ་མྱུར་དུ་མཐོང༌། །ཚེ་«་་་་་རྟག་ཏུ་ཆོས་ཀྱི་ཕྱག་བརྒྱ་བཞི་ལ་སློབ་དགོས་པ་ལ་ཤླཽ་ཀ་གཉིས། »འདི་མི་སྡོད་སྡོད་པའི་སྐབས་མེད་ན། །དམ་ཆོས་གང་བྱ་བྱ་ལོང་ཡོད་མེད་ཙམ། །ཟག་བཅས་མི་བདེ་བདེ་བར་འཛིན་པའི་འདུག །སེལ་བྱེད་སྐྱབས་འགྲོ་འགྲོ་བའི་སྨན་གཅིག་ཡིན། །ཆོས་ཀུན་རང་སྟོང་སྟོང་པའི་ཚུལ་བསླབས་ན། །མཚན་འཛིན་མ་ལུས་ལུས་པ་མེད་པར་འཇིལ། །མྱ་ངན་འདས་ཞི་ཞི་བའི་གོ་འཕང་ཡང༌། །ཡོན་ཏན་ཀུན་རྫོགས་རྫོགས་པའི་སངས་རྒྱས་ཡིན། །«བླ་མ་སྤྱི་བོར་བསྒོམས་ནས་སྙིང་ཁར་བཞུགས་སུ་གསོལ་བས་དངོས་གྲུབ་རྣམ་གཉིས་འབྱུང་ཞིང་སྒྲིབ་པ་མ་ལུས་པ་འདག་པའི་དཔེ་སྟོན་པ་གསུམ།་་་་་»གཏོང་ཕོད་ལུགས་རྒྱ་ཤེས་པའི་ཁ་ལོ་པས། །གང་དྲངས་རིན་ཆེན་དཀོན་མཆོག་གསུམ་ངོ་བོ། །དག་བྱེད་ཁྲུས་ཀྱི་གར་མཁན་མ་དེ་བཞིན། །ཐོག་མར་ཁྱོད་གཙུག་རལ་པའི་ཁུར་གྱི་ལོང༌། །དེ་ནས་གསོལ་བ་འདེབས་པའི་གདུང་ཤུགས་ཅན། །ཚེར་ཚེར་སྙན་པའི་སྐུལ་བྱེད་ཟློས་གར་གྱིས། །ཐུགས་རྗེ་ཆེ་ལྡན་དྲང་སྲོང་ཛཱ་ཧུའི་སྲས། །རང་སེམས་མ་དྲོས་རྒྱ་མཚོའི་དཔལ་དུ་དྲོངས། །དེ་ནས་ཡིད་ཀྱི་རྙོག་པ་ཀུན་བཀྲུས་ནས། །ལེགས་བྱས་ཁྲུས་ཀྱི་ཆུ་ཆེན་བཞི་པོ་ཡིས། །ཕ་མར་གྱུར་པའི་དལ་འགྲོ་ཀུན་ཁྲིད་ནས། །ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་འཛིན་པར་ངེས། །«བསྟན་བཅོས་འདིའི་ལུས་མདོར་བསྡུས་ནས་ངོས་གཟུང་བ།་་་་་»བག་མེད་མི་རྣམས་སྲིད་པའི་བདེ་བ་ལས། །སྐུལ་བྱེད་ཡིད་འབྱུང་དབེན་པའི་གཏམ་དང་ནི། །སྐབས་གསུམ་པ་རྣམས་རྩེ་འཇོའི་དགའ་བ་ལས། །སློང་བྱེད་ཆོས་ཀྱི་རྔ་ཆེན་བཞི་པོ་དང༌། །དཀོན་མཆོག་གསུམ་དངོས་རྡོ་རྗེ་འཛིན་པ་ལས། །དངོས་གྲུབ་རྣམ་གཉིས་ལེན་པའི་སྐུལ་བྱེད་མཁན། །ཚིག་དོན་སྐྱེ་མཆེད་ལེགས་པའི་ཕྲིན་ཡིག་འདི། །གསེར་མདོག་འཛིན་པའི་ནགས་ཁྲོད་དེ་ནས་ཕུལ། །མ་སྐུལ་རང་བྱོན་འཁྱམ་པོའི་ཆོས་བཤད་ཀྱི། །ལྷང་ལྷང་མང་པོའི་སྙན་དངགས་རོལ་མོ་མཁན། །དོན་མེད་གྱི་ནར་བོར་བའི་སྒོ་དྲུང་དུ། །ལ་ལའི་རྣ་བར་མི་སིམ་སྒྲོག་ཅི་འཚལ། །བླང་དོར་དཔྱོད་པའི་རྣམ་དཔྱོད་གསལ་ལྡན་མ། །རྨོངས་རྣམས་མགུ་དང་མཁས་རྣམས་དགྱེས་བྱེད་པའི། །རྣམ་དབྱེ་ཕྱེད་འདྲའི་གསུང་གིས་བསྐུལ་གྱུར་པས། །ཅུང་ཟད་མི་སྨྲའི་གདེང་མ་ཐོབ་ནས་ཞུས། །འགྲོ་ཀུན་བྱམས་པའི་འཕང་བར་ཉེར་བླངས་ནས། །ནམ་ཡང་ཐུགས་རྗེའི་སྤྱན་གྱིས་ཉེར་འཚོ་བ། །ཡབ་གཅིག་སྟོན་པ་གཤེགས་པའི་ཤུལ་ཞིག་ན། །མགོན་མེད་ཀྱི་ནར་འཁྱམས་པས་ཡིད་སྐྱོ་བ། །ལོ་ཟླ་མང་པོའི་དམག་གིས་རྒྱབ་ནས་དེད། །མཐར་བྱེད་ཕོ་ཉས་ཕྱོགས་མཐའ་ཀུན་བསྐོར་ཡང༌། །ད་དུང་ལེ་ལོའི་གཉིད་ཀྱིས་ནོན་བཞིན་དུ། །སྨྲ་མཁས་ལེགས་པའི་བློ་ཡིས་འདི་སྤྲིངས་སོ།།  ༈  །།གུ་གེ་བདག་པོ་བློ་བཟང་རབ་བརྟན་པ་ལ་གནང་བ།། ༄། །གྲུ་འཛིན་ཆོས་ཀྱི་ཕོ་བྲང་རྩེ་མོ་ནས། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ཕོ་ཉ་ཞིག །སྲོང་བཙན་མཚན་མོའི་ཉི་མ་འདིར་ཤར་བ། །བརྒྱུད་པར་བཅས་ལ་ངེས་པར་རྗེས་ཡི་རང༌། །དེའི་རིགས་ཀྱི་ཐིག་ལེ་མ་ཉམས་པ། །ལེགས་བྱས་མཚོ་ནས་བྱེད་པོའི་ལག་པ་ཡིས། །བདེ་འབྱུང་གཙུག་རྒྱན་གཉིས་པ་གཞན་སྩལ་བ། །བློ་བཟང་ཨུཏྤལ་བཞད་མཛད་ཉིད་དྲུང་དུ། །གསུང་རབ་དཔྱོད་པའི་ལྕེ་བརྒྱ་རིང་རྐྱོང་ཡང༌། །ཆེ་བཙུན་སྨོད་པའི་ལྕེ་རྩེ་འགུགས་བྱེད་པ། །ཤཱཀྱའི་སྲས་ཀྱི་རྗེས་འཇུག་ཀློག་པ་བས། །རྗེ་སར་བྱས་པའི་ཞུ་མཆིད་འདི་སྤྲིངས་སོ། །ལུགས་གཉིས་ཁུར་ཆེན་འདེགས་པའི་ས་སྐྱོང་གི །གླང་ཆེན་ཕལ་ཆེར་ནུབ་མཚོར་གཤེགས་པ་ན། །བློ་བཟང་རིགས་འཆོལ་མེད་པ་ས་བསྲུངས་བུ། །རབ་བརྟན་ཁྱུ་མཆོག་འཁྲུངས་པ་འདི་ན་དགེ །བཟང་པོའི་ཆོ་རིས་མཛད་པ་མ་ཉམས་ན། །ཕྱ་སྲིད་མར་ངོར་གྱུར་ལ་སྙེངས་མི་འཚལ། །རྒྱུ་སྐར་མགོན་གཅིག་མར་ངོའི་མཐར་ཐུག་ནས། །བསོད་ནམས་ཆ་ཤས་གོང་ནས་གོང་དེར་རྩེག །སྒྲིབ་ཀུན་བྲལ་བའི་ཐུབ་ཆེན་ཉི་མ་ཡང༌། །ཕྲག་དོག་ལྟོ་རིངས་རྐྱོང་བའི་དྲང་སྲོང་ནི། །ཆགས་སྡང་འཁྱོག་པོའི་ལམ་དུ་རྟག་རྒྱུ་བས། །མེ་དང་མུན་པའི་འཁྲུལ་གྱིས་ཟ་རྩོམ་ན། །མཐོན་པའི་དགུང་ལས་ངེས་པར་མ་ལྷུང་ཞིང༌། །རྣམ་དཔྱོད་འོད་དཀར་ནམ་ཡང་མ་འགྲིབས་པའི། །ས་སྐྱོང་ཟླ་བར་ལ་ལས་མཐོ་འཚམ་གྱི། །ཚ་ཟེར་ཞགས་པས་འཆིང་འདོད་སྨོས་ཅི་འཚལ། །ཕྱི་ནང་ཟླ་གཞོན་གང་བའི་ལང་ཚོ་ལ། །ཆགས་ཁྲོའི་རྡུལ་གྱིས་གནོན་འདོད་མང་མོད་ཀྱི། །བཅུ་དྲུག་ཕྱེད་ཕྱེད་བཅས་པའི་བདེ་ཆེན་ཡང༌། །དཔེ་བྲལ་ཉིན་མོའི་ཟེར་དང་ལྷན་ཅིག་རྒྱུ། །དེ་ཕྱིར་གང་ལ་གནོད་པའི་ལས་རྣམས་ཀུན། །བདུད་རྩིར་མཛད་པའི་བློ་གྲོས་བཟང་མངའ་བ། །གང་ཁྱོད་རྒྱལ་དང་རྒྱལ་བའི་སྲས་གྱུར་ཞེས། །སེང་གེ་ལྟ་བུར་རབ་བརྟན་སྲིད་ན་སྤྱོད། །དེ་སྐད་མཆིད་ཕྲིན་རི་མོར་ཕུལ་བའི་རྟེན། །མཁས་གྲུབ་དམ་པ་དོན་ཡོད་དཔལ་བཟང་པོས། །དཔག་བསམ་ལྗོན་ཕྲེང་རྒྱས་པའི་འཆི་མེད་བཅུད། །ལན་བརྒྱར་གསོལ་བའི་ཞལ་དཀར་འདི་འབུལ་ལོ། །ཡར་ཚེས་བཅོ་ལྔ་ལ་གསེར་མདོག་ཅན་ནས་ཕུལ་བའི་ཞུ་ཡིག།  ༈  །།སླར་ཡང་དེ་ཉིད་ལ་གནང་བ།། ༄། །ཀུན་སྦྱོར་འཆིང་བ་བརྒྱ་རྒལ་ཕ་རོལ་ན། །ལྷ་གཅིག་བཙན་པོ་སྲིད་གསུམ་གྱི་བླ་མ། །ཡེ་ཤེས་འོད་ཅན་བསིལ་བའི་རི་མཐོན་པོས། །གངས་ཅན་དགེ་བར་མཚོན་དེ་ཕྱག་གི་གནས། །དེ་ལས་བརྒྱུད་པའི་ལུགས་གཉིས་ཆུ་ཀླུང་གིས། །བློ་བཟང་གཏིང་མཐའ་ཡངས་པར་ངལ་བསོ་ནས། །རི་རབ་ལྟ་བུར་བརྟན་པའི་ལྷག་བསམ་གྱི། །རིན་ཆེན་བང་མཛོད་འཛིན་པ་ཉིད་དྲུང་དུ། །ཤཱཀྱའི་སྲས་ཀྱི་དྲང་སྲོང་ཀློག་པ་བས། །བག་ཡོད་བླ་གོས་ཕྲག་པ་གཅིག་བགྱིས་ནས། །སྐབས་ཀྱི་ཞུ་མཆིད་རོལ་མོར་འབུལ་བ་ནི། །ལྷ་སྲས་ཞལ་གྱི་མདུན་ས་དེར་བཞེས་ཤིག །ཁྲི་སྲོང་རིགས་ཀྱི་ལང་ཚོ་མ་ཉམས་ན། །མངའ་ཐང་ཚོལ་བའི་འགྲིམས་འགྲུས་མང་མི་འཚལ། །ལེགས་བྱས་ཀྱིས་བསྐྲུན་རི་གླིང་མཚོ་དྲུག་པོས། །རི་དབང་ལྷུན་པོར་ངང་གིས་འདུད་ཅིང་འདུན། །ལྷག་བསམ་ནོར་འཛིན་འཕངས་པར་སྟབས་བརྟན་ན། །ཕྱི་རོལ་ཕྲག་དོག་ཞགས་པ་བསྲུང་མི་འཚལ། །ལྷུན་སྟུག་བརྗིད་ཆགས་རི་རབ་དབང་པོའི་དྲུང༌། །རྟ་གདོང་འབར་བའི་གདུང་བྱེད་གོ་སྐབས་ཅི། །ལྷ་སྲས་རང་འགྲོས་དྲང་ཞིང་དལ་བར་རྒྱུ། །གཞན་སྟབས་གྱ་གྱུར་བྱེད་པ་མྱུར་བའི་འགྲོས། །གང་གི་ངང་ཚུལ་གཞན་དུ་གཡོ་མིན་པ། །ཉི་མ་ཇི་བཞིན་ཀུན་ལ་སྙོམས་དེ་ལགས། །གང་གི་རིགས་མཆོག་རི་རབ་ཇི་བཞིན་དུ། །རི་གཞན་མང་པོས་ཀུན་ནས་བཀུར་དེ་ཅི། །ནང་གི་རྣམ་དཔྱོད་རོལ་མཚོ་མ་འཁྲུགས་ཤིང༌། །རིགས་དང་ལེགས་བྱས་མཐོན་པོར་བརྩེགས་དེས་ཡིན། །ནང་གི་དུས་སྦྱོར་ལོག་པར་མི་རྒྱུ་ཞིང༌། །ཕྱི་རོལ་དུས་སྦྱོར་འཆོལ་བར་མི་འགྱུར་བའི། །མཐུན་པའི་རྐྱེན་གང་སྟེང་ནས་དཀོན་མཆོག་གསུམ། །འོག་ནས་དཀར་པོའི་ཕྱོགས་ཀྱི་གདེངས་ཅན་དབང༌། །བར་དུ་འཇིག་རྟེན་སྐྱོང་བ་རྣམ་བཞི་དང༌། །ས་སྐྱོང་རྒྱལ་པོ་དམ་པའི་ཆོས་བཞིན་དུ། །བགྱིད་མཛད་དེ་ཀུན་འཇིག་རྟེན་བདེ་བའི་རྒྱུ། །དེ་སྐད་ལེགས་བཤད་མེ་ཏོག་ཕྲེང་མཛེས་ནི། །ཆོས་འདོད་ནགས་ཀྱི་དཔག་བསམ་དགའ་མ་ཡི། །ཡིད་ཀྱི་བཞིན་རས་མཛེས་པའི་ཨུཏྤལ་ཕྲེང༌། །རྣམ་གྲོལ་རོ་བརྒྱའི་སྦྲང་རྩི་དོན་གཉེར་བའི། །ཐར་འདོད་བུང་བའི་ཚོགས་ཀྱང་འདི་ན་རྩེ། །གཞན་འཕྲུལ་དབང་བྱེད་བདག་པོའི་མེ་ཏོག་མདའ། །ལ་ལའི་སྙིང་མཚོར་ཞུགས་པའི་དགྲ་ཐབས་མཁན། །ཕྲག་དོག་གྲུ་ཆེན་བཟུང་ནས་འདོད་པ་ཡི། །རྒྱ་མཚོར་འཇུག་པའི་བྱིས་པ་འགའ་མེད་དམ། །དེང་འདིར་ཨནྡ་རྙིལ་གྱི་ཆུ་གཏེར་དུ། །སྨིག་རྒྱུ་ལྦུ་ཕྲེང་འདྲེན་འདྲའི་སྒྱུ་མ་ལ། །སྲེད་པའི་ཞགས་པས་མ་བཅིངས་ངང་པ་ཡིས། །ཁྱུ་མཆོག་ཇི་བཞིན་ཆོས་ཀྱི་གྲྭ་ན་དགེ །ལྷ་སྲས་མཆིད་ཕྲིན་པདྨོའི་ཕྲེང༌། །ངག་གི་སྐྱེད་ཚུལ་ལས་བརྒྱུད་པ། །བག་མེད་ལག་པས་མ་རྙིངས་པར། །གང་གི་རྣ་བའི་རྒྱན་དུ་ཕེབས། །དེ་ཡི་མཆིད་ཕྲིན་མ་ཉམས་པའི། །ཞིབ་ཞུས་ཨུཏྤལ་ཕྲེང་བ་ནི། །སྦྱིན་པའི་འོད་ཟེར་ཉིད་ལས་བཞེས། །ཐུགས་རྗེའི་སྤྱན་རས་གཡོ་མེད་པ། །ཀུན་ཏུ་འཁྲུག་པར་མ་གྱུར་ཅིག །བཟང་པོའི་ཚེས་ལ་ཞུས་པའོ།།  ༈  །།གུ་གེ་མངའ་བདག་པ་གཙང་དུ་བྱོན་ནས་ལོག་འབྱོན་ཁ་བསམ་འགྲུབ་རྩེ་ན་བཞུགས་པ་ལ་གནང་བ།། ༄། །ལྷ་མངའ་བདག་གི་དྲུང་དུ་ཞུ་བ། ཤཱཀྱའི་སྲས་ཀྱི་ཀློག་པ་པ། ལྷ་ཉིད་ཞལ་གྱི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བ་ལ་རྔོ་ཐོག་པར་མ་གྱུར་པའི་སྐབས་ཉིད་ནས། ཞུ་འཕྲིན་གསོལ་བ་ནི། ཉིན་མོར་བྱེད་པ་ས་སྐྱོང་བཞིན། །ཀུན་ལ་སྙོམས་ཤིང་ངང་གིས་འཆར། །ལྷ་སྲས་མངའ་བདག་ཉི་མ་ལྟར། །མཐོན་པོའི་དགུང་ལས་ལྷུང་མི་མངའ། །ཆར་ཆེན་ཁུར་ཁྱེར་སྤྲིན་སྟུག་པོ། །གཞན་ལ་ཕན་མཛད་རྒྱལ་པོ་བཞིན། །མངའ་བདག་སྤྲིན་གྱི་བུ་མོ་ལྟར། །དྲེགས་ཅན་རི་བརྒྱའི་རྩེ་གནོན་ཞིང༌། །ཕོངས་པའི་གཤོངས་བུ་དམའ་བར་ཡང༌། །ཐུགས་རྗེའི་རྒྱུན་ཆེན་རིགས་པར་འབེབས། །ཡང་འདི་སྐད་ཅེས། སྤྱི་མཐུན་ལེགས་བྱས་གྱ་གྱུར་བྱེད་པ་ན། །ཡུལ་གྲུའི་ཕྲག་དོག་ཚད་པ་ལ་བྱོལ་ནས། །རྩང་ཕྱོགས་བསིལ་བའི་དཔག་བསམ་ལྗོན་ཕྲེང་རྩེར། །མ་རྨོངས་ཆོས་ཀྱི་འགྱུར་ཁུགས་སྟོང་ལྡན་ཁྱོད། །བལྟ་འདོད་མང་པོའི་རེ་བ་འདིར་བཀང་ནས། །ས་སྐྱོང་ཉི་མ་བ་གླང་སྤྱོད་གླིང་གི །ཤར་ཕྱོགས་ཞང་ཞུང་འདབ་བརྒྱའི་ཚལ་ངོགས་སུ། །གླང་ཆེན་སྟབས་ཀྱིས་དུལ་བར་སྐྱོད་ལགས་སམ། །དེ་ནས་མེ་དང་མུན་པའི་ལམ་དག་ཏུ། །ནམ་ཡང་མི་འཇུག་ཕྱོགས་ཀུན་བདེ་བར་ཤོག །གང་ཕྱིར་བརྟུལ་ཕོད་མཛད་པའི་དོན་དེ་ཡང༌། །སླུ་མེད་དཀོན་མཆོག་གསུམ་གྱིས་དེར་སྩོལ་ཤིག །ཅེས་ཤིས་བརྗོད་ཀྱི་མེ་ཏོག་བརྡའ་མཚོན་འབུལ་བ་ལ། བཤེས་གཉེན་ནམ་མཁའི་རིན་ཆེན་ཐེགས་པ་ལགས། ཆོ་འཕྲུལ་ཅན་གྱི་ཡར་ཚེས་ལ་ཞུ་ཡིག།  ༈  །།དབུས་ནས་ཕེབས། རིན་སྤུངས་ནང་སོ་ཤཱཀྱ་རྒྱལ་མཚན་པ་ནོར་བུ་ཁྱུང་རྩེར་བཞུགས་དུས་སུ་གནང་བ།། ༄། །དཔལ་ལྡན་མི་དབང་ས་ཆེན་གསུམ་གྱི་བདག །སྲིད་ཞིའི་དབང་ཕྱུག་ཉམས་པ་མེད་དེའི་དྲུང༌། །ཤཱཀྱའི་སྲས་ཀྱི་རྗེས་འཇུག་ཀློག་པ་པ། །བྱང་ཤར་ཉི་མའི་ལམ་ནས་གེགས་མེད་པར། །རྨོངས་བྲལ་མུན་པའི་གཉེན་དང་ཆབ་གཅིག་པར། །གསེར་མདོག་ཆོས་ཀྱི་མདངས་ཅན་འདིར་འོངས་ཏེ། །ཁྱུང་ཚང་ཤར་གྱི་རི་བོའི་ཕྲག་པ་ནས། །ཁྱུང་རྩེ་ནོར་བུའི་ཕོ་བྲང་འཕོ་མེད་པར། །མཆིད་ཤོག་ཀུན་ལ་སྙོམས་པའི་ཕྱག་རིང་པོ། །རྐྱོང་མཛད་ཡངས་པའི་མདུན་སར་ཕུལ་ཏེ་མཆིས། །གང་སྐུ་འཁོར་ལོ་རྣམ་དྲུག་དམ་ཚིག་པར། །ཟུང་འཇུག་བདེ་ཆེན་ཡེ་ཤེས་དེ་བྱོན་ནས། །གཡོ་མེད་བཅུ་དྲུག་ཕྱེད་ཕྱེད་དགའ་བ་ཡིས། །ངེས་པར་འཚོ་བྱེད་སླར་ཡང་རྒྱལ་གྱུར་ཅིག །ནམ་ཞིག་དཔུང་ཚོགས་རླབས་ཀྱི་ཕྲེང་གཉེར་བ། །ཕ་རོལ་ཆུ་སྲིན་གདངས་པའི་ཁར་སོང་ཞེས། །རང་ཕྱོགས་གྲུ་ཆེན་འཛིན་པའི་སྐྱེ་བོ་ཕལ། །སྙོམ་ལས་ལེ་ལོའི་མལ་ནས་མི་ལྡང་མོད། །ལས་ཆེན་གྱིས་འཕངས་ཤུགས་ལྡན་སྒྲ་བརྒྱ་པ། །མཐར་བྱེད་མཆེ་བའི་ལམ་དུ་འཁྱམས་པ་ན། །ལྟོ་བའི་ཁྱིམ་ཆེན་བཤིག་པའི་དྲག་ཤུལ་གྱི། །ཐུན་མཚམས་གོས་དམར་ཆུ་གཏེར་ཁང་བཟང་འཛིན། །བསྟན་ཇུས་ལམ་དུ་འདྲེན་པའི་སྐྱ་བ་མཁན། །དཔའ་མཛངས་འགྲུས་ལྡན་ཁ་ལོ་པས་བསྲུངས་པ། །འཇིག་རྟེན་གཞུང་ཤིང་དྲང་པོར་ངེས་ཚུགས་པའི། །ཕྱ་སྲིད་རྟ་གདོང་མགྲིན་པ་མཐོར་ཐེག་ཤིག །གཟུང་འཛིན་ལམ་དུ་རྒྱུ་བའི་དགྲ་ཐབས་མཁན། །འཕོ་ཆེན་བཅུ་གཉིས་གཡོ་བའི་གྱ་གྱུ་ཅན། །རང་གནས་བཏང་ནས་དབུ་མའི་ཁང་བཟངས་སུ། །འཇུག་མཁས་རིགས་ལྡན་དྲག་པོར་ཁྱོད་གྱུར་ཅིག །བཀའ་མཆིད་རི་མོ་འབུལ་བའི་རྟེན་སྟེངས་སུ། །བརྒྱ་བྱིན་དགྲ་བོས་མ་མྱངས་རྒྱ་མཚོའི་བཅུད། །དཔག་བསམ་ལྗོན་ཕྲེང་རྒྱས་པའི་རྩེར་འོངས་པ། །རས་དཀར་ཕུར་མའི་ངོས་སུ་རྒྱས་བཏབ་འབུལ། །མར་ངོ་བྲལ་བའི་ཕྱ་སྲིད་ཡར་གྱི་ཚེས། །ཆ་ཤས་རྫོགས་པའི་འོད་དཀར་མ་ཉམས་ཤིང༌། །བཅུ་དྲུག་ཆ་ཤས་ཉམས་པ་མི་མངའ་ཞེས། །མཚོན་བྱེད་བཟང་པོའི་ཉིན་ལ་ཞུས་པ་འདི། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་ལགས།།  ༈  །།པུ་ཧྲངས་མཁན་པོ་ལ་གནང་བ།། ༄། །སྡེ་སྣོད་འཛིན་པ་དགེ་བའི་བཤེས། །ཡིན་ལུགས་བྱེད་པའི་ཤེས་རབ་དང༌། །ཚུལ་ཁྲིམས་རྣམ་གསུམ་གོམས་མཛད་པ། །གང་ཁྱོད་འདུན་པས་ཉེར་འཕངས་པའི། །འདོད་བྱའི་གནས་སུ་གེགས་མེད་པར། །ཉེ་བར་སོན་ནས་བདེའོ་ཞེས། །འཕྲོས་པའི་གཏམ་གྱི་ཟེགས་ཕྲེང་ཡངས། །རྣ་བའི་ཨུཏྤལ་གྱིས་མཐུངས་ཤིང༌། །གྲགས་པ་མིན་པའི་ཚ་ཟེར་གྱིས། །ཡིད་ཀྱི་ཀུ་མུད་རྙིངས་པ་མེད། །ལམ་སྟེགས་ས་སྐྱོང་ཕོ་བྲང་ནས། །མཆིད་ཕྲིན་ཤོག་བུར་མ་བྲིས་ཀྱང༌། །ཡིད་ཀྱི་རི་མོ་མ་ཉམས་པའི། །སྐྱེས་ཕྲེང་བཟེད་ཞལ་བདུན་ཕྲག་ནི། །ཕྱག་རྒྱས་བཅིངས་པ་འདིར་འོངས་སོ། །གཞན་ཕན་ལྷག་བསམ་མ་ཉམས་ཤིང༌། །ཕྲག་དོག་ཚེར་མས་མི་འཚེ་བའི། །བསྐལ་བཟང་ནགས་ཀྱི་སྨན་ལྗོངས་སུ། །ལེགས་བཤད་རྨ་བྱའི་གདུགས་མཛེས་ཀྱི། །ཟློས་གར་གཡོ་བྱེད་བྱིས་པ་རྣམས། །གང་དུ་མཆིང་བའི་ནོར་བྲལ་ཡང༌། །ཤེས་རབ་ཚུལ་ཁྲིམས་ནོར་མང་པོས། །ཕྱུག་པོའི་གོ་འཕངས་བརྙེས་པར་མཛོད། །དགེ་འདུན་མཆོག་གྲུབ་གློ་བོ་ནས། །ཕྱིར་ལྡོག་བྱེད་དང་པུ་ཧྲངས་སུ། །འགྲོ་ཞེས་ཐེ་ཚོམ་དྲྭ་བ་ཡིས། །བཅིངས་ཕྱིར་ཡི་གེར་རྟེན་མ་བསྐུར། །བྱིས་རྣམས་མགུ་བྱེད་འཇིག་རྟེན་གཞུང༌། །གྱ་གྱུར་བྱེད་རྣམས་མི་ལྡན་ཡང༌། །འཚེ་མེད་བདེན་གཏམ་འབའ་ཞིག་པ། །བསྲུང་མཛད་འཇིག་རྟེན་མཁྱེན་པ་ཞེས། །ལེགས་བཤད་རི་མོ་མ་ཉམས་པ། །སྐྱེས་སུ་ཕུལ་བ་འདི་ཡིན་ནོ། །ཟླ་བ་བཅུ་གཅིག་པའི་ཉེར་ལྔ་ལ་ཕུལ།།  ༈  །།བསོད་སྙོམས་པའི་སྤྱི་འགྲོ།། ༄། །ཉི་མ་ཤར་ཕྱོགས་ཀྱི་སྦྱིན་པའི་བདག་པོ་རྣམ་པའི་བསོད་ནམས་ཀྱི་སྒོ་དྲུང་དུ། གསེར་མདོག་ཅན་གྱི་ཆོས་ཀྱི་འདུན་ས་ནས། ཐུབ་པའི་དབང་པོའི་བརྟུལ་ཞུགས་དྲི་མ་མེད་པ་ལ་ཉེ་བར་གནས་པའི་དགེ་འདུན། བསོད་སྙོམས་པ་གྲྭ་ཆེན་དུ་ལོངས་པ་དག སྤྱོད་ཡུལ་གྱི་གྲོངས་སོ་སོར་བསོད་ནམས་ཀྱི་ཞིང་དུ་བཞུད་པ། སྔོན་བཞིན་ཇི་ལྟར་འཚམ་པའི་རྙེད་པ་དང་བཀུར་སྟིའི་རིམ་པ་ཐུགས་ལ་འདོགས་འཚལ། ཚེས་བཅུ་ལ་ཕུལ།།  ༈  །།ས་སྐྱོང་དོན་ཡོད་རྡོ་རྗེ་དཔུང་གི་ཐོག་ཏུ་ཕེབས་ནས་གཞིས་ཀ་སྣེའུ་ཕྱོགས་སུ་བསྐྱོད་སྐབས་ཤིས་བརྗོད་དུ་གནང་བ།། ༄། །ཨོཾ་སྭསྟི་སིདྡྷཾ། དོན་ཡོད་དབང་པོའི་རྡོ་རྗེ་ཉི་མ་བཞིན། །རང་འགྲོས་གཤེགས་སྟབས་ཤར་དུ་བསྐྱོད་པའི་ཚེ། །མེ་དང་མུན་པའི་ལམ་དུ་མི་གཟིགས་པར། །དུས་སྦྱོར་བདེ་བའི་ཁྱིམ་གྱི་རྒྱལ་པོར་སྤྱོན། །ས་སྐྱོང་བདེ་ཆེན་གསེར་གྱི་འཁོར་ལོ་བསྒྱུར། །བསོད་ནམས་རྒྱས་པའི་ལས་སྦྱོར་མཁན་གང་དེ། །རང་སྲིད་ཁྲི་ལ་གཡོ་བ་མེད་བཞིན་དུ། །གཞན་སྲིད་དཔལ་འབྱོར་མང་པོས་མདུན་ནས་བསུ། །མི་དབང་ཡེ་ཤེས་དངུལ་དཀར་འཁོར་ལོའི་བདག །སྡིག་དང་སྡུག་བསྔལ་ཞི་བའི་སྒྱུ་རྩལ་མཁན། །འཚེ་མེད་བདེ་བའི་ལམ་དུ་གཤེགས་ཙམ་གྱིས། །ཕ་རོལ་མི་བསྲུན་ཕྲག་དོག་དབྱིངས་སུ་ཞི། །སྲིད་ལ་དབང་བྱེད་ཟངས་ཀྱི་འཁོར་ལོ་བསྒྱུར། །ཆོས་ཀུན་དབང་དུ་བསྡུད་པའི་རྣམ་དཔྱོད་ཀྱིས། །དཔུང་ཚོགས་རྣམ་བཞིའི་བཀོད་པ་བཤམས་ཙམ་ན། །ཕྱོགས་གཞན་ཡུལ་ངོར་གཟིམས་པའི་རྒྱལ་ཐབས་མཁན། །ས་བདག་དྲེགས་ལྡན་ལྕགས་ཀྱི་འཁོར་ལོ་བསྒྱུར། །གཞན་འཕྲུལ་དབང་བྱེད་བདག་པོའི་སྙེམས་ཅན་དེ། །བྱམས་པའི་གནམ་རུ་གྱེན་དུ་བསླང་བྱས་ནས། །སྙིང་རྗེའི་ཉག་ཕྲན་སྟོང་གི་སྦྱོར་བ་ཤེས། །དེ་ལྟར་ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་སྦྱོར་རྣམ་བཞིས་ཕྱུག་པའི་ནོར་འཛིན་ནི། །དཔལ་ལྡན་ཕག་གྲུའི་ཕྱ་སྲིད་ལྷུན་པོའི་དཔལ། །གྱེན་དུ་འདེགས་པའི་བཀྲ་ཤིས་དེང་འདིར་སྤྱོན། །ཞེས་པ་ཧོར་ཟླ་ལྔ་པ་ཡི། །ཡར་ཚེས་གཅིག་ལ་གསེར་མདོག་ཅན། །སྡེ་སྣོད་ཀློག་པའི་ཆོས་གྲྭ་ནས། །རྒྱལ་དང་ཤིས་པར་བརྗོད་པ་ལགས།།  །།མངྒ་ལཾ།།  །།ཤུ་བྷཾ།།  ༈  །།བྱ་པ་ཆོས་རྗེ་སྐལ་བཟང་པས་མཛད་པ་འཁྲུལ་མེད་བརྩམས་ནས་གཟིགས་འབུལ་གྱི་ཞུ་ཡིག་ལན་དུ་གནང་བ།། ༄། །ན་མཿསྭ་ར་སྭ་སྟྱཻ། འཇིག་རྟེན་འདི་ན་ཡང་དག་རྫོགས་སངས་རྒྱས། །མང་པོས་བསྐུར་བའི་རིགས་གྱུར་ཤཱཀྱའི་སྲས། །ཉི་མའི་གཉེན་ཞེས་གྲགས་པའི་གདུགས་དཀར་གྱིས། །ས་གསུམ་ཁེབས་མཛད་དེ་ལ་མགོས་ཕྱག་འཚལ། །མཁས་རྨོངས་མཐའ་དག་ངོ་མཚར་དད་པ་ཡི། །ཡིད་འོང་ཤིང་རྟ་འདྲེན་པའི་ཁ་ལོ་པ། །ཀུན་ལས་མཆོག་གྱུར་འཁྲུལ་མེད་མཛད་པ་ནི། །སྟོན་པ་བས་ཀྱང་མཆོག་ཏུ་བསྔགས་བྱའི་ཡུལ། །སྟོན་པའི་ཐུགས་ལས་གཞན་དུ་མ་འཕོས་པའི། །ཡ་མཚན་མཛད་པའི་རི་མོ་མ་ཉམས་པ། །གང་བློ་དངུལ་དཀར་དྭངས་པའི་མེ་ལོང་ལ། །གསལ་བར་འཕོས་གྱུར་དེ་ཡང་སྟོན་པ་བཞིན། །རིགས་པའི་གནས་ལས་མི་འཆད་ཡོད་མིན་པ། །རིག་བྱེད་དྲན་པོས་འདི་བཤད་མ་ནུས་ཤིང༌། །ཕྱི་ནང་ཀུན་གྱི་བྱེད་པོར་ཁས་བླངས་པའི། །གསེར་གྱི་མངལ་ལྡན་དེས་ཀྱང་འདི་མ་སྤྲུལ། །སྔོན་རབས་མཁས་པའི་ཐུགས་ལ་བྱོན་གྱུར་ཀྱང༌། །དོན་མང་ཚིག་ཉུང་རྗོད་བྱེད་སྒྲིག་ལེགས་པ། །བརྗོད་བྱའི་དོན་རྣམས་ཡིད་ཆེས་མདོ་ལུང་བཞིན། །གསལ་བར་སྨྲ་བྱེད་གཞན་དུ་འགའ་མ་མཐོང༌། །བདག་བློའི་བརྗེད་ངས་མུན་པ་སེལ་བ་དང༌། །གཞན་བློ་རྨོངས་པའི་ཚ་གདུང་གཞིལ་པ་དང༌། །ཕལ་ཆེར་དྭང་བ་འདྲེན་པའི་དགེ་མཚན་ཅན། །རྣམ་ཐར་ཀུན་གསལ་པདྨའི་གདོང་མཚར་བ། །དེ་ཡི་ཡ་མཚན་མ་ཚང་མེད་དེ་ཀུན། །རྙོག་བྲལ་དྭངས་པའི་བློ་མཚོར་གསལ་བ་ནི། །སྐལ་བཟང་ཆོས་ཀྱི་རྒྱ་མཚོ་མ་གཏོགས་པ། །གཉིས་པ་གཞན་ཞིག་དེང་སང་ཡོད་མ་ཡིན།།  །།ཨེ་མ་འཁྲུལ་མེད་མཛད་པའི་ཆེ་བ་རང་བརྩོམ་བྱེད་པོའི་གྲགས་པ་སྤྲོ་མཁས་ཁེངས་ལྡན་གཞན་གྱི་དྲེགས་པ་གཞོམ་བྱེད་དོན་མང་ཆོས་ཀྱི་རྒྱ་མཚོར་མཚོན་ནུས་ཚིག་ལེགས་བརྡའ་དག་བརྗོད་པ་ཀུན་བདེ་སྨྲ་མཁས་སྨྲ་བའི་དབང་པོར་འདིས་མཚོན་ཉི་མ་བཞིན་དུ་རྨོངས་པ་སེལ་བྱེད་ཟླ་བ་ལྟ་བུར་དགའ་བ་སྐྱེད་མཁས་རྒྱུ་སྐར་དང་མཚུངས་བསྟན་པའི་རྒྱན་གྱུར་དཔྱོད་ལྡན་ཚོགས་པའི་དབུས་སུ་བྲིམ་བྱ་གཟུར་གནས་མཁས་པ་རྣམས་ལ་བསྟབ་འོས་རྒྱལ་བ་དགྱེས་པའི་མཆོད་པ་བླ་མེད་མཁས་འདོད་རིང་ནས་འགུགས་པའི་ཕོ་ཉ་ཆོས་འདོད་རྣམས་ལ་སྦྱིན་པའི་མཆོག་གྱུར་ཐུབ་བསྟན་ལྷུན་པོ་འདེགས་པའི་ས་གཞི་དམ་ཆོས་དགོས་འདོད་འབྱུང་བའི་རྒྱ་མཚོ་ལན་ཅིག་ཐོས་པས་རྣ་བའི་དཔལ་བསྐྱེད་ལན་འགའ་བསམས་པས་བསྟན་ལ་ཡིད་ཆེས་མངོན་པར་མཐོ་བའི་ཐེམ་སྐས་མཆོག་གྱུར་ངེས་པར་ལེགས་པའི་སྒོ་ཆེན་གསུམ་ཕྱེ་བསོད་ནམས་བརྒྱ་པའི་མཚན་བཟང་འདི་མཐོང་དེ་ནས་དེ་ལ་རབ་ཏུ་དྭང་བས་བྱང་ཆུབ་སེམས་དཔའི་སྨོན་མཆོག་དེ་སྐྱེས་སྲིད་མཐའི་སྔོན་གྱི་མཛད་པ་བསམས་པས་བྱང་ཆུབ་སྤྱོད་མཆོག་ཡིད་འོང་དེ་གྲུབ་འཁྲུལ་མེད་མཛད་པའི་གླེགས་བམ་སྦྱར་བའི་དཔལ་ཡོན་དག་ནི་དེ་དེ་ཁོ་ནར་མ་ཟད་དེ་སྦྱོར་བྱེད་པའི་རྒྱས་སྲས་དེ་ཡང་སྔོན་ཆད་དུས་འདིར་སྲིད་ཞིའི་དབང་ཕྱུག་ཉིད་དུ་དོན་ལ་གནས་ཀྱང་ཀ་ལ་པ་ཞེས་མཚན་ཙམ་གྲགས་པའི་དོན་གང་ཇི་བཞིན་འཕགས་ཡུལ་དང་འདྲའི་ལྗོངས་འདིར་བྱོན་པའི་མཁས་རྨོངས་ཀུན་གྱི་ཡིད་དང་རྣ་བའི་ལམ་དུ་གང་གི་གནས་ཚུལ་བྱང་བར་གྱུར་པ་ཡིན་མོད་པད་དཀར་འཛིན་པའི་དཔལ་དེས་དྲི་མེད་འོད་ཕྲེང་འཛིན་པའི་བསྟན་བཅོས་སྦྱར་བ་དང་མཚུངས་ངོ་མཚར་འཁྲུལ་མེད་མཛད་པའི་བསྟན་བཅོས་ཉེ་བར་སྦྱར་འདི་བསྐལ་བཟང་ཆོས་ཀྱི་ཡིད་བཞིན་མཚོ་དང་རྣམ་དཀར་གངས་ཀྱི་རི་བོ་དང་ནི་ཕྲིན་ལས་གྲོང་རྡལ་དགུ་བཅུ་དྲུག་གི་ཡོན་ཏན་མ་ལུས་གསལ་བར་བྱས་སོ་དེ་ཉིད་མཁས་དང་གཟུ་བོས་ལྟ་ཅི་སྨོས་དང་གཟུ་བོ་མིན་པས་ཀྱང་ནི་ཡི་རངས་མགོ་བོ་དུད་པར་བཀུག་ནས་གུས་པའི་ཐལ་མོ་སྙིང་ཁར་སྦྱར་ཞིང་སྙན་པའི་ཚིག་བཅད་ཨུཏྤལ་ཕྲེང་མཛེས་ཉིན་དང་ཉིན་ལ་ལན་ཅིག་མིན་པར་འདོགས་བྱེད་དེ་ཡི་དགེ་བ་ཁྱོད་ཀྱིས་སེམས་ཅན་ཀུན་ལ་འཕངས་པ་མེད་པར་བྱིན་པ་དེ་ཡང་དེ་རིང་འདི་ན་ཤཱཀྱའི་སྲས་ཀྱི་རྗེས་འཇུག་ཀློག་པ་པ་ནི་འཁོར་ཚོགས་རྒྱ་མཚོ་དང་བཅས་མཐུན་པའི་དབྱངས་གཅིག་གིས་ནི་བླུ་མེད་དཀོན་མཆོག་གསུམ་ལ་མཆོད་པར་འབུལ་ལོ་བསྐལ་བཟང་ཆོས་ཀྱི་རྒྱ་མཚོ་འགྲོ་ལ་རིང་དུ་གནས་ནས་བཤད་སྒྲུབ་བསྟན་པ་རིན་ཆེན་མང་པོ་ནམ་ཡང་མི་བཏོང་རྟག་ཏུ་འཛིན་པའི་དཔལ་གྱུར་ཅིག།  །།འདིར་སྨྲས་པ། ངེས་པའི་དོན་དུ་རྫོགས་སངས་རྒྱས། །སྐུ་གསུམ་མཛད་པ་དང་བཅས་པ། །ཆོས་དབྱིངས་ཡེ་ཤེས་གཅིག་ཉིད་ལ། །གཞན་དུ་ཅུང་ཟད་འཕོས་པ་མེད། །དྲང་བའི་དོན་དུ་གཞན་བློ་ལ། །གང་ཤར་སྣང་མཁན་རང་སེམས་སམ། །དེ་ལས་གཞན་དུ་མེད་ཅེས་པའི། །ལུགས་གཉིས་དེང་སང་སོ་སོར་སྨྲ། །ས་བཀར་རྙིང་གསུམ་བསྟན་པ་ལ། །གུས་པར་མཛད་ནས་སེམས་ཅན་དང༌། །སངས་རྒྱས་ལ་ཡང་གང་སྣང་བ། །སྣང་བོའི་སེམས་ལས་གཞན་དུ་མེད། །འོ་ན་སངས་རྒྱས་སེམས་ཅན་དང༌། །དེ་ཡང་སངས་རྒྱས་སུ་འགྱུར་ཏེ། །དེ་དག་ལ་དེ་སྣང་ཕྱིར་རོ། །ཞེ་ན་ཉེས་པ་ཡོད་མིན་ཏེ། །རྫོགས་སངས་རྒྱས་ལ་ཀུན་རྫོབ་ཀྱི། །སྣང་བ་འཆར་པ་མིན་ཕྱིར་དང༌། །ས་བཅུ་པོ་ལའང་སངས་རྒྱས་ཀྱི། །ཡོན་ཏན་ཇི་སྙེད་མི་སྣང་ཕྱིར། །རང་རེའི་སྟོན་པས་སྔོན་དུས་སུ། །ཞིང་སྦྱངས་པ་དང་སེམས་ཅན་རྣམས། །སྨིན་པར་མཛད་ནས་འཛམ་གླིང་དུ། །འཕོ་བའི་དུས་ལ་བབ་གྱུར་ཚེ། །སྨིན་པའི་སེམས་ཅན་བློ་གྲོས་ཀྱི། །མེ་ལོང་ཐོབ་པ་དེ་དག་རྣམས། །བཞིན་འཕགས་པའི་ཡུལ་དུ་འཁྲུངས། །ངོ་མཚར་མཛད་པ་བགྲང་ཡང་ཤར། །དེ་ཡང་སྣང་མཁན་རང་སེམས་དང༌། །ཡོངས་སུ་མ་སྨིན་སེམས་ཅན་ལ། །མྱ་ངན་འདས་པར་གང་སྣང་བ། །དེ་ཡང་རང་གི་སེམས་ཉིད་དེ། །རྫོགས་སངས་རྒྱས་ཀྱི་རང་སྣང་ལ། །མྱ་ངན་འདའ་བ་ལྟ་ཅི་སྨོས། །འཕོ་དང་ལྷུམས་སུ་ཞུགས་པ་ཡང༌། །ཇི་བཞིན་མིན་པ་ཉིད་ཕྱིར་རོ། །རྫོགས་སངས་རྒྱས་ལ་མི་སྣང་ན། །ཀུན་རྫོབ་ཆད་པར་འགྱུར་ཞེས་སྨྲ། །གདོད་ནས་ཡོད་མ་མྱོང་བ་ལ། །ཆད་པའི་མིང་འདོགས་སུ་ཡིས་བྱེད། །གཉིས་སྣང་བག་ཆགས་མ་སྤངས་པ། །དེ་སྲིད་ཀུན་ཏུ་སྣང་བ་འཆར། །དེ་ཡི་རིང་ལ་བསོད་ནམས་ཀྱི། །ཚོགས་རྫོགས་གྱུར་ནས་སངས་རྒྱས་པ། །དོན་དམ་ཆོས་སྐུ་ཉག་གཅིག་པོ། །སེམས་ཅན་བློ་ལ་མི་སྣང་ཡང༌། །བསོད་ནམས་ཚོགས་དང་སྨོན་ལམ་གྱི། །དབང་གིས་སྤྲུལ་སྐུ་རྒྱུན་མི་ཆད། །ཞེས་བྱ་བ་འདི་ནི། རིགས་རུས་ཆོ་འབྲང་གི་དཔལ་གྱིས་མངོན་པ་མཐོ་ཞིང་མང་དུ་གསན་པ་རྒྱ་མཚོའི་དབུས་བཞུགས་པ། རྒྱལ་བའི་སྲས་པོ་བསྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེས། མཛད་པ་འཁྲུལ་མེད་ཀྱི་བསྟན་བཅོས་ཆེན་པོའི་བརྩོམ་པ་པར་དུ་གྲུབ་པའི་གླེགས་བམ། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བ་སྡེ་སྣོད་ཀློག་པའི་གྲྭ་ཆེན་པོར་སྤྲིངས་པའི་མཆིད་ལན་དུ་གསོལ་བ། འཁྲུལ་མེད་མཛད་པ་རྒྱལ་བ་དགྱེས་པའི་མཆོད་དབྱངས་ཞེས་བྱ་བ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་ནས་ཕུལ་བ་ཡིན་ནོ།།  །།མངྒ་ལཾ།།  །།བྷ་ཝནྟུ་ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*