ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང༌། བརྒྱུད་པའི་གསོལ་འདེབས་ཀྱི་སྐོར།

༼ཙ༽༄༅། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང༌། བརྒྱུད་པའི་གསོལ་འདེབས་ཀྱི་སྐོར་བཞུགས།།

ཨོཾ་སྭ་སྟི། བླ་མ་དང་པ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །རྒྱལ་བ་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང༌། །མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་བིརྺ་པ། །མཐའ་ཡས་རྒྱུད་སྡེའི་མངའ་བདག་ས་སྐྱ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཤེས་བྱ་ཀུན་རིག་རྗེ་བཙུན་བསོད་ནམས་བརྩེ། །བདག་ཉིད་ཆེན་པོ་རྗེ་བཙུན་རིན་པོ་ཆེ། །བསྟན་པའི་སྒྲོན་མེ་ས་སྐྱ་པཎྜི་ཏ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་ཆེན་པོ་ཚོགས་སྒོམ་ཀུན་དགའ་དཔལ། །དུས་གསུམ་གཟིགས་པའི་ཉན་ཆེན་བསོད་ནམས་བརྟན། །རླུང་སེམས་དབང་འབྱོར་ཆོས་རྗེ་བྲག་ཕུག་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་པ། །སྙན་རྒྱུད་གདམས་པའི་བདག་པོ་དཔལ་ལྡན་པ། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བུདྡྷ་ཤྲཱི། །བཀའ་དྲིན་མཉམ་མེད་ཀུན་དགའི་མཚན་ཅན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངོ་མཚར་སྤྲུལ་པའི་ཡ་མཚན་ཀུན་བསྡུས་ནས། །བཀོད་ལེགས་མཛེས་སྡུག་བརྗིད་པའི་ཁྲི་སྟེངས་སུ། །འོད་འབར་ཉི་ཟླའི་ཞབས་རྟེན་ཉམས་དགའ་བར། །བརྩེ་ཆེན་བླ་མ་རིགས་རྣམས་ཀུན་གྱི་བདག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་རྣམ་གསུམ་ཁྱོད་ཀྱི་སྐུ་གསུང་ཐུགས། །རྒྱལ་བ་རིགས་ལྔ་ཁྱོད་ཀྱི་ཕུང་པོ་ལྔ། །ཡུམ་ཆེན་རྣམ་བཞི་ཁྱོད་ཀྱི་འབྱུང་བ་བཞི། །དངོས་ཀུན་བྱིན་རློབ་ངེས་པར་འཁོར་ལོའི་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁྲོ་ཆེན་རྣམ་བཅུ་ཁྱོད་ཀྱི་ཚིགས་ཆེན་བཅུ། །རྒྱལ་སྲས་རྣམ་བརྒྱད་ནང་གི་སྐྱེ་མཆེད་དུ། །རིམ་པར་སྤྲུལ་ནས་ཡུལ་ལ་ལོངས་སྤྱོད་ཅིང༌། །མ་ལུས་བགེགས་དཔུང་འཇོམས་མཛད་འཁོར་ལོའི་བདག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རང་བཞིན་ལྷུན་གྲུབ་བཅོས་མིན་ཕོ་བྲང་དུ། །མ་ལུས་རིགས་ཀྱི་བདག་པོའི་སྐུར་བསྟན་ནས། །སྣོད་བཅུད་མ་ལུས་རིགས་བརྒྱའི་རྣམ་རོལ་དུ། །ངེས་པར་གཟིགས་ནས་རིགས་པར་འདོམས་མཛད་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྐལ་བཟང་ཕར་ཕྱིན་ཐེག་པས་སྨིན་མཛད་ནས། །ཟུང་འཇུག་བདེ་སྟོང་ལམ་གྱིས་གྲོལ་མཛད་པ། །ཕྲིན་ལས་དབང་པོ་རྗེ་བཙུན་བླ་མ་ཉིད། །ངེས་པར་འཇམ་པའི་རྡོ་རྗེར་མཐོང་གྱུར་ནས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་པ་དང༌། །འཇིག་རྟེན་ཁམས་ན་བདག་པོས་མ་བཟུང་བའི། །དངོས་ཀུན་དམིགས་མེད་ངང་ནས་འབུལ་ལག་ཀྱི། །བདག་གིར་ཞེན་པ་སྤོང་བར་བྱིན་གྱིས་རློབས། །ཐོག་མེའི་ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །མ་དག་ཕུང་པོ་བདག་ཏུ་འཁྲུལ་པའི་གཞི། །ཟག་མེད་བདུད་རྩིའི་ངོ་བོར་བྱིན་བརླབས་པ། །ཆོས་དབྱིངས་ངང་ནས་ཁྱོད་ལ་འཕུལ་ལགས་ཀྱི། །བདག་འཛིན་རྩད་ནས་ཐོན་པར་བྱིན་གྱིས་རློབས། །སྟོང་ཉིད་རྡོ་རྗེས་ངེས་པར་རྒྱས་བཏབ་པའི། །ཟག་མེད་བདེ་བ་ཆེན་པོའི་མཆོད་པ་ནི། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ། །བདེ་སྟོང་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་རྡོ་རྗེ་རྣམ་གསུམ་པོ། །བདག་གི་ལུས་ངག་ཡིད་ལ་ཞུགས་གྱུར་ནས། །དབང་བཞིའི་ལམ་གྱིས་སྒྲིབ་ཀུན་དག་གྱུར་ཏེ། །སྐུ་བཞིའི་གོ་འཕང་འཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་རྡོ་རྗེ་ཡི། །སློབ་མ་འགའ་ཡིས་བསྐུལ་བའི་ངོར། །གསེར་མདོག་ཅན་གྱི་ཆོས་ཀྱི་གྲྭར། །མཆོག་ལྡན་ལེགས་པའི་བློ་ཡིས་སོ། །མངྒལཾ།། །། ༄༅། །ན་མཿགུ་རུ་ཝེ། གསང་སྔགས་བླ་མེད་ཀྱི་དབང་བསྐུར་ཕྱིན་ཅི་མ་ལོག་པར་ཐོབ་པས། བླ་མའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། དོན་བཞི་སྟེ། བླ་མ་སྒོམ་པ། ཞེན་པ་སྤང་བ། དངོས་གྲུབ་བླང་བ། བླ་མའི་ཐུགས་ཁར་འཕོ་བའོ། །དང་པོ་ནི། མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་ཁྲིའི་སྟེང་དུ། པད་མ་དང་ཉི་མའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་གྱི་ལྷ་ཚོགས། ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་བསྡུས་པའི་ངོ་བོར་སྒོམ་པའོ། །གཉིས་པ་ནི། རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ། ཕྱི་ནང་གསང་བ་ཐམས་ཅད་ཆོས་དབྱིངས་ཀྱི་ངོ་བོར་མོས་ཤིང༌། བྱིན་གྱིས་བརླབས་ནས་ཕུལ་ཏེ། གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་ཀྱི་བསྟོད་པས་བསྟོད་དོ། །གསུམ་པ་ནི། བླ་མ་དེའི་གནས་གསུམ་ནས། རང་གི་སྤྱི་བོ། མགྲིན་པ། སྙིང་ཀ་རྣམས་སུ་འོད་ཟེར་དཀར་དམར་སྔོ་གསུམ་འཕྲོས་ཤིང༌། ཐིམ་པས། ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པས་དྲི་མ་མཐའ་དག་དག་པར་བསམ་མོ། །བཞི་པ་ནི། རང་གི་གནས་ལྟེ་བ་ནས་སྤྱི་གཙུག་གི་བར་རྩ་དབུ་མ་ཁོང་སྟོང་སྦ་ལྕག་ཙམ། དྲང་ཐལ་ལེ་བ། སྤྱི་གཙུག་ཚངས་པའི་བུ་ག་རྒྱ་མཐོང་ཁ་ཕྱེ་བ་ལྟ་བུ་ཡོད་པ་ལ་ཐུག་པར་བསམ། དེའི་ནང༌། སྙིང་ཁའི་ཐད། ཟླ་བའི་སྟེང་དུ། རང་གི་སེམས་རིག་པའི་ངོ་བོ་འོད་ཀྱི་རང་བཞིན་ཅན་སྲན་དཀར་མའི་ཚད་ཙམ་ཞིག་བསམ་ཞིང་ཡུན་རིང་དུ་བསྒོམ། འོག་རླུང་གྱེན་དུ་དྲངས་པའི་རྐྱེན་གྱིས། སེམས་ཉིད་འོད་ཀྱི་གོང་བུ་དེ་ཚངས་བུག་ནས་ཐོན། བླ་མའི་ཐུགས་ཁར་ཐིམ། སླར་ཡང་ཐུགས་ཁ་ནས་འཐོན། རང་གི་ཚངས་བུག་ནས་ཞུགས། ཟླ་གདན་ལ་འཁོད། སླར་ཡང་སྔ་མ་བཞིན་དུ་ལན་ཉེར་གཅིག་བྱས་ཏེ། མཐར་ཟླ་གདན་ལ་བཞག སྤྱི་བོ་ཟ་བ་སོགས་བྱུང་ན་གྲུབ་པའི་ཚད་ཡིན་པས། མ་བརྗེད་ཙམ་མ་གཏོགས་ཡང་དང་ཡང་དུ་མི་བྱ། འདི་ནི་ཚེ་སྒྲུབ་ཀྱིའང་མཆོག་ཏུ་འགྱུར་རོ་ཞེས་གསུང༌།།  ༈  །།གཤེད་དམར་སྤྲོས་མེད་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་གཉིས་མེད་ཡེ་ཤེས་འཆར་བྱེད་ཅེས་པ་བཞུགས།། ༄། །ན་མོ་གུ་རཱ་ཝེ། གཉིས་མེད་ཡེ་ཤེས་བདེ་བ་ཆེན་པོ་ཡིས། །གཟུང་འཛིན་གཤིན་རྗེ་མཐར་མཛད་འཇམ་པའི་དབྱངས། །སྤྲོས་མེད་ངང་ལས་གཡོ་བ་མེད་བཞིན་དུ། །སྣ་ཚོགས་སྒྱུ་མའི་གར་མཛད་བིརྺ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཉོན་མོངས་དུག་ལྔའི་ངོ་བོ་འོད་གསལ་དུ། །ཉེ་བར་ཞི་མཛད་རྗེ་བཙུན་ཌོཾ་བྷི་པ། །ཕྱི་ནང་ཆོས་ཀུན་སྒྱུ་མའི་རྣམ་རོལ་དུ། །མངོན་སུམ་གཟིགས་པ་གྲུབ་ཆེན་དཔལ་འཛིན་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་པའི་དབྱངས་ཀྱིས་ཁྱོད་ལ་མངོན་སུམ་དུ། །ལེགས་པར་འདོམས་མཛད་བློ་བཟང་སྙིང་པོའི་མཚན། །ཕྱི་ནང་ཆོས་ཀུན་རིགས་བརྒྱའི་དཀྱིལ་འཁོར་དུ། །ཇི་བཞིན་གཟིགས་མཛད་དརྤན་ཨཱ་ཙརྻ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དབང་ཕྱུག་ལོ་ཙཱ་བ། །ཀུན་ལ་བསྙེངས་བྲལ་ཤེས་རབ་རིན་ཆེན་ཞབས། །གཤིན་རྗེ་གཤེད་པོའི་རིམ་གཉིས་རྣལ་འབྱོར་མཆོག །ཕྱོགས་འདིར་སྔོན་མེད་གསལ་བའི་བཀའ་དྲིན་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྙན་བརྒྱུད་གདམས་པ་མང་པོའི་མཛོད་བཟུང་ནས། །ཐུགས་རྗེ་ཆེ་ལྡན་འགྲོ་མགོན་ས་པའི་མཚན། །མདོ་དང་སྔགས་ཀྱི་དབང་ཕྱུག་ལོ་ཙཱ་བ། །མཁྱེན་རབ་དབང་ཕྱུག་ལེགས་པའི་བློ་གྲོས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དབང་དང་གདམས་པ་མང་པོས་གདུལ་བྱ་རྣམས། །སྨིན་ཞིང་གྲོལ་མཛད་དཔལ་ལྡན་སེང་གེའི་ཞབས། །བསྟན་པ་རིན་ཆེན་འབའ་ཞིག་ཉེར་དགོངས་པ། །ཀུན་མཁྱེན་གཉིས་པ་བུ་སྟོན་རིན་ཆེན་གྲུབ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་འཁོན་གྱི་གདུང་འཛིན་ས་སྐྱ་པ། །མཁྱེན་རབ་དབང་པོ་བསོད་ནམས་རྒྱལ་མཚན་ཞབས། །ཟབ་མོའི་དོན་གཟིགས་རིག་པའི་གནས་ལྔ་ལ། །མཁྱེན་པའི་སྤྱན་ལྡན་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མདོ་རྒྱུད་ཀུན་སྦྱངས་ཤིན་ཏུ་སྤྲོས་མེད་ཀྱི། །རྣལ་འབྱོར་གྲུབ་པ་ཡེ་ཤེས་རྒྱལ་མཚན་ཞབས། །ཆོས་རྣམས་ཀུན་གྱི་ཡིན་ལུགས་ལེགས་མཁྱེན་ནས། །མ་ནོར་སྟོན་མཛད་ཀུན་དགའ་བཟང་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྟོང་ཉིད་བློ་དང་ཀུན་རྫོབ་བྱང་ཆུབ་སེམས། །ཟུང་འཇུག་མངོན་གྱུར་དཀོན་མཆོག་རྒྱལ་མཚན་དཔལ། །གཉིས་མེད་ཆོས་ལ་ཇི་བཞིན་ངེས་རྙེད་པ། །བློ་གསལ་དབང་པོ་མཆོག་ལྡན་ལེགས་པའི་བློ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྒྱ་ཕྲག་བསོད་ནམས་ཚོགས་ལས་ལེགས་འཁྲུངས་པའི། །རྒྱལ་ཚབ་མཚན་ལྡན་སེམས་དཔའ་ཆེན་པོ་དང༌། །སྐྱེ་མེད་རང་གསལ་ཇི་བཞིན་ངེས་སྙེད་པའི། །མགོན་དེས་རྗེས་བཟུང་བཀྲ་ཤིས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྒྱུད་པ་ཀུན་འདུས་བྱིན་རླབས་ཡོངས་ཀྱི་མཛོད། །བཀའ་དྲིན་གཉིས་མེད་རྩ་བའི་བླ་མ་དང༌། །དབང་བརྒྱུད་མན་ངག་ཆོས་ཀྱི་འབྲེལ་ཐོབ་པའི། །བླ་མར་གྱུར་པའི་སྐྱེས་མཆོག་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཟུང་འཛིན་གཉིས་སྣང་སྟོང་པར་སྦྱངས་བྱས་ནས། །གཉིས་མེད་ཡེ་ཤེས་ལྷག་པའི་ལྷ་གོམས་པས། །ཐ་མལ་སྣང་ཞེན་རྟོག་པ་ཇི་སྙེད་དང༌། །ཉོན་མོངས་དུག་ལྔ་རང་སར་དག་གྱུར་ཅིག །དཀོན་མཆོག་གསུམ་བསྡུས་རྩ་བའི་བླ་མ་ལ། །ལུས་དང་ལོངས་སྤྱོད་བདོག་པ་ཀུན་ཕུལ་བས། །གཉིས་འཛིན་འཁྲུལ་པ་རང་སར་དག་གྱུར་ནས། །གཉིས་མེད་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །གང་ཤར་སྣང་བ་སེམས་སུ་ཐག་ཆོད་ནས། །གཟུང་བྱའི་ཡུལ་ལ་ཞེན་པ་ལོག་པ་དང༌། །འཛིན་བྱེད་བློ་ཡང་འཁྲུལ་པར་གོ་བྱས་ནས། །རང་རིག་རང་གསལ་འཆར་བར་བྱིན་གྱིས་རློབས། །ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་གྱི་བླ་མ་རྒྱུད་པ་ལ་གསོལ་བ་བཏབ་ནས། གཉིས་མེད་ཀྱི་ཡེ་ཤེས་འཆར་བྱེད་ཅེས་བྱ་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི། ཆོས་ཀྱི་རྒྱལ་མཚན་ནོ།། །།མངྒ་ལཾ།།  ༈  །།ནི་གུ་བརྒྱུད་པའི་གསོལ་འདེབས།། ༄། །ན་མོ་གུ་རཱ་ཝེ། བདེ་ཆེན་དབྱིངས་ལས་མི་གཡོ་ཟུང་འཇུག་སྐུ། །སྣ་ཚོགས་སྤྲུལ་སྐུའི་རྣམ་རོལ་བགྲང་ཡས་ཀྱིས། །ཁྱབ་བདག་འཁོར་ལོ་སྒྱུར་བ་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་འཆང་དབང་ཐུགས་ཀྱི་རྒྱ་མཚོ་ལས། །ཟབ་གསལ་གཉིས་མེད་སྒྱུ་མའི་སྐུར་བཞེངས་ནས། །དགའ་བཞིའི་དཔལ་རབ་སྟེར་མཛད་ནི་གུ་མ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུན་མོང་དངོས་གྲུབ་བསྙེས་ནས་ཡེ་ཤེས་ཀྱི། །མཁའ་འགྲོས་རྗེས་བཟུང་ཟབ་ལམ་དུ་མའི་མཛོད། །མཆོག་གི་དངོས་གྲུབ་བརྙེས་པ་ཁྱུང་པོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྣང་སྟོང་སྒྱུ་མའི་སྐུ་ལ་དབང་འབྱོར་ནས། །བདེ་སྟོང་ཕྱག་རྒྱ་ཆེན་པོའི་རྣམ་རོལ་གྱིས། །ཉིན་མཚན་དུས་འདའ་གྲུབ་ཆེན་རྨོག་ཅོག་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་སྤྲུལ་གྱིས། །གང་འདུལ་འགྲོ་ཀུན་དག་པའི་ཞིང་དག་ཏུ། །འདྲེན་མཛད་ཆོས་ཀྱི་མཛོད་འཛིན་སྐྱེར་སྒང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་རྫོབ་སྣང་བ་སེམས་སུ་ཐག་ཆོད་ཅིང༌། །སེམས་ཀྱང་སྒྱུ་མའི་རྣམ་རོལ་དུ་གཟིགས་ནས། །སྒྱུ་ལུས་མཚན་དཔེས་སྤྲས་པའི་གཉན་སྟོན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གང་ཤར་སྣང་བ་རྨི་ལམ་ངོ་བོར་མཁྱེན། །རྨི་ལམ་འོད་གསལ་ངང་དུ་བྱང་ཆུབ་ནས། །མཚན་འཛིན་དབྱིངས་སུ་ཞི་མཛད་སྟོན་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྲོས་པའི་ཚོགས་ཀུན་འཁྲུལ་པའི་སྣང་བར་མཁྱེན། །འཁྲུལ་སྣང་མཐའ་དག་རྨི་ལམ་ངོ་བོར་གཟིགས། །རྨི་ལམ་ལོངས་སྐུར་འཆར་མཛད་གཞོན་ནུ་གྲུབ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དངོས་གྲུབ་རྩ་བ་དཔལ་ལྡན་བླ་མ་ལ། །ཆོས་སྐུའི་ངེས་པ་རྙེད་ནས་མཆོག་དང་ནི། །ཐུན་མོང་དངོས་གྲུབ་བརྙེས་པའི་ཞང་སྟོན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཉམ་གཞག་བདེ་ཆེན་སྤྲོས་ཀུན་བྲལ་བའི་ཐུགས། །རྗེས་ཐོབ་སྣང་སྟོང་སྒྱུ་མར་སྟོན་པའི་གསུང༌། །གང་ཤར་ལྷར་གཟིགས་ར་ག་བྲག་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རང་བཞིན་འོད་གསལ་སྤྲིན་བྲལ་ནམ་མཁའ་ལ། །གདམས་པའི་འོད་གསལ་ཉི་མའི་ཟེར་འཕྲོས་པས། །གྲུབ་པའི་ས་བརྙེས་མཁས་བཙུན་གྲོ་ས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁྱེན་པས་སྲིད་པའི་འཆིང་བ་ལས་གྲོལ་ཞིང༌། །ཐུགས་རྗེས་ཞི་བའི་དབྱིངས་ལ་མ་ཆགས་པར། །མཐའ་ཡས་འགྲོ་བའི་དོན་བརྩོན་སྤྱང་ལུང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྙན་རྒྱུད་གདམས་པའི་ཡིད་བཞིན་རིན་ཆེན་གྱིས། །ཁྱོད་བློའི་བང་མཛོད་ཡངས་པར་གནས་བཅས་ནས། །སྲིད་ཞིའི་རྒུད་པ་སེལ་མཛད་ལེགས་པའི་བློ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚེ་འདིའི་ཕུན་ཚོགས་ནམ་མཁའི་འཇའ་ཚོན་དང༌། །བར་སྣང་གློག་དང་རྨི་ལམ་ལོངས་སྤྱོད་ལྟར། །ཡུན་ཐུང་སྙིང་པོ་མེད་པར་ལེགས་གོ་ནས། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །འཁོར་བའི་བདེ་བ་སྤུ་གྲིའི་སོར་ཆགས་པའི། །སྦྲང་རྩིའི་རོ་ལྟར་ཇི་བཞིན་ངེས་རྙེད་ནས། །གཏན་དུ་བདེ་བའི་གོ་འཕང་དོན་གཉེར་བས། །དམ་ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །མ་རྣམས་རྟག་ཏུ་འཁོར་བའི་རྒྱ་མཚོ་ཆེར། །བཟོད་ཐབས་མེད་པའི་སྡུག་བསྔལ་གྱིས་མནར་བ། །འདི་ལ་བསམས་ནས་སྙིང་རྗེ་ཆེན་པོ་ཡིས། །ལམ་གྱི་འཁྲུལ་བ་སེལ་བར་བྱིན་གྱིས་རློབས། །སྣ་ཚོགས་སྒྱུ་མའི་རྣམ་རོལ་འདི་དག་ཀུན། །རང་རང་ངོ་བོས་སྟོང་པར་ཐག་ཆོད་ཅིང༌། །སྟོང་ཉིད་ཞེན་པའི་ཡུལ་ལས་འདས་མཐོང་ནས། །འཁྲུལ་སྣང་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །བུམ་དབང་ལས་ཐོབ་བསྐྱེད་རིམ་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་དྲུང་ནས་འབྱིན་པ་དང༌། །གསང་དབང་བསྐུར་ནས་གཏུམ་མོའི་རྣལ་འབྱོར་གྱིས། །བདེ་ཆེན་ཡེ་ཤེས་འདྲེན་པར་བྱིན་གྱིས་རློབས། །གསུམ་པའི་དབང་ལས་དཀྱིལ་འཁོར་འཁོར་ལོ་ཡིས། །ཟག་མེད་དགའ་བཞིའི་འབྱུང་ལྡོག་རིམ་པ་ལས། །ཟུང་འཇུག་བདེ་ཆེན་སྒྱུ་མའི་སྐུ་ཐོབ་ནས། །ཆགས་སྡང་རང་སར་གྲོལ་བར་བྱིན་གྱིས་རློབས། །རྨི་ལམ་ངང་ནས་ཇི་སྙེད་ཆོས་རྣམས་ཀུན། །དག་པའི་ཞིང་དང་རྒྱལ་བའི་སྐུ་སྤྲུལ་ནས། །མཚན་འཛིན་རྟོག་པའི་རྦ་རླབས་ཅི་མཆིས་པ། །འོད་གསལ་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །སེམས་ཉིད་སྐྱེད་དེ་རང་བཞིན་རྣམ་དག་པ། །འཁོར་གསུམ་མཚན་མའི་འཆིང་བ་ལས་གྲོལ་ཏེ། །འོད་གསལ་ཚངས་པའི་སྒོ་གཅིག་རབ་ཕྱེ་ནས། །དོན་དམ་ཆོས་སྐུའི་ངང་དུ་འཕོ་གྱུར་གཅིག །རང་བཞིན་བརྒྱད་ཅུའི་རྟོག་པའི་འཆར་ཚུལ་ཀུན། །ཆོས་དབྱིངས་ཞི་བའི་ངང་དུ་ཐིམ་གྱུར་ནས། །བར་དོར་ལོངས་སྐུ་སྒྱུ་མའི་རྣམ་རོལ་གྱིས། །ཚད་མེད་འགྲོ་དོན་བྱེད་པར་བྱིན་གྱིས་རློབས།།  །།ཤུ་བྷཾ།།  ༈  །།ནཱ་རོ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས།། ༄། །ན་མཿགུ་རཱ་ཝེ། ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྡོ་རྗེ་འཆང༌། །མཆོག་གི་དངོས་གྲུབ་བརྙེས་པའི་ཏི་ལོ་པ། །གནས་ལྔ་རིག་པའི་པཎ་ཆེན་ནཱ་རོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གངས་ཅན་བསྟན་པ་གསལ་མཛད་མར་པའི་མཚན། །སྒྲུབ་རྒྱུད་རྒྱལ་མཚན་ཚུགས་པ་མི་ལའི་ཞབས། །ཟླ་འོད་གཞོན་ནུའི་རྣམ་འཕྲུལ་སྒམ་པོ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དྲུག་པ་སེང་གེའི་རྣམ་འཕྲུལ་དུས་གསུམ་མཁྱེན། །བདེ་སྟོང་མངོན་གྱུར་འགྲོ་མགོན་རས་པའི་ཞབས། །བྱང་ཆུབ་ཐུགས་གཉིས་འབྱོངས་པའི་སྤོམ་བྲག་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཐུ་སྟོབས་རྫུ་འཕྲུལ་དབང་ཕྱུག་ཀརྨ་པ། །གཏུམ་མོའི་རྩལ་འབྱོངས་གཉན་རས་དགེ་འདུན་འབུམ། །མཁྱེན་རབ་དབང་ཕྱུག་རང་བྱུང་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཉམས་དང་རྟོགས་པའི་དབང་ཕྱུག་མགོན་རྒྱལ་བ། །མཁས་གྲུབ་དབང་པོ་རོལ་པའི་རྡོ་རྗེ་དང༌། །ཌཱ་ཀིས་ལུང་བསྟན་མཁའ་སྤྱོད་དབང་པོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཛམ་གླིང་རྒྱན་གྱུར་དེ་བཞིན་གཤེགས་པའི་མཚན། །སྤྱན་སྔའི་མཚན་ཅན་བསོད་ནམས་རྒྱལ་མཚན་དཔལ། །མཁས་གྲུབ་དམ་པ་སྤྱང་ལུང་ཆོས་རྗེའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལས་བརྒྱུད་པའི་གདམས་ངག་བགྲོད་མང་གིས། །གང་བློ་གཏིང་མཐའ་ཡངས་པར་ངལ་བསོ་ནས། །ཕྲིན་ལས་ཆུ་ཆེན་འབེབས་མཛད་ལེགས་པའི་བློ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབས་པའི་མཐུས། །གཏུམ་མོའི་ལམ་གྱིས་བདེ་དྲོད་འབར་གྱུར་ནས། །འདོད་ཆགས་སྒྲིབ་པ་རང་སར་དག་པ་དང༌། །རྣམ་རྟོག་འོད་གསལ་ངང་དུ་ཐིམ་གྱུར་པས། །གཏི་མུག་དབྱིངས་སུ་དག་པར་བྱིན་གྱིས་རློབས། །བདེ་སྟོང་ཟུང་འཇུག་སྒྱུ་མའི་ལུས་གྲུབ་ནས། །ཞེ་སྡང་དྲི་མ་རང་སར་དག་པ་དང༌། །སྣང་མཆེད་ཐོབ་གསུམ་འབྱུང་ལྡོག་རིམ་པ་ཡིས། །ཚེ་འདིར་ཟུང་འཇུག་ཆོས་སྐུ་འགྲུབ་པར་ཤོག །གལ་ཏེ་ཐོས་བསམ་སློབ་མའི་ཚོགས་སྐྱོང་དང༌། །རྣམ་གཡེང་ལེ་ལོའི་དབང་གིས་མ་གྲུབ་ན། །འཕོ་དང་གྲོང་འཇུག་བར་དོའི་ཉམས་ལེན་གྱིས། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ཤོག །ཡང་ལུགས་གཅིག་ལ་སྒམ་པོ་པའི་རྗེས་ལ། ཨིནྟྲ་བུདྷིའི་རྣམ་འཕྲུལ་ཕག་གྲུ་པ། །རྟེན་འབྲེལ་མཐར་ཕྱིན་རྒྱལ་བ་འབྲི་ཁུང་པ། །འབྲི་ཕག་བསྟན་པ་རྒྱས་མཛད་སྤྱན་སྔ་བ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པའི་དབང་ཕྱུག་རྒྱལ་བ་ཐོག་«་་་་་རྒྱལ་བ་ཐོག་རྡུགས་པའི་བཅུ་པ། བཅུ་གཉིས་པ་རིན་ཆེན་རྡོ་རྗེ་སྒོ་མངས་ཐོག་མར་བཞེངས་པ་དེ་ཡིན། དེ་རྗེས་གཉིས་མཆོད་པ་གྲགས་པ་རིན་ཆེན། སྤྱན་སྔ་གསེར་ཐེག་པར་གྲགས། དེ་རྗེས་ཚེས་བཞི་རྙིང་མ་བ་མཚན་གྲགས་པ་རྒྱལ་མཚན། དེ་རྗེས་བཅུ་གཉིས་གསར་མ་བ་མཚན་གྲགས་པ་ཤེས་རབ། དེ་རྗེས་སྤྱན་སྔ་བསོད་ནམས་གྲགས་པ་སྤྱན་སྔ་ཀུན་སྤངས་པར་གྲགས་པ་དང་ལྔའོ།།» རྡུག་པ། དེ་ནས་བརྒྱུད་པའི་སྤྱན་སྔ་རྣམ་པ་ལྔ། །ཉི་མ་ལྟ་བུར་གྲགས་པའི་བསོད་ནམས་མཚན། །གསོལ་བ་འདེབས་སོ་བྱིན་གྱིས་བརླབས་པའི་མཐུས། །ཞེས་སོགས་གོང་མ་དང་སྦྱར། །ཅེས་པ་འདི་ཡང་བྲག་དཀར་བས། །གསོལ་བ་བཏབ་པའི་ངོར་བྱས་ནས། །མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། །གསེར་མདོག་ཅན་གྱི་ཆོས་གྲྭར་སྦྱར།།  །།མངྒ་ལཾ།།  ༈  །།ཤ་ཝ་རའི་སྦྱོར་དྲུག་བརྒྱུད་འདེབས།། ༄། །ན་མོ་གུ་རཱ་ཝེ། དུས་གསུམ་སངས་རྒྱས་ཀུན་དང་རྒྱལ་བའི་སྲས། །དམ་པའི་ཆོས་ཀྱི་བཀའ་དྲིན་ཉེར་ཐོབ་པ། །ཀུན་ཀྱང་བདེ་བ་ཆེན་པོར་ངང་གཅིག་པའི། །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དཔལ་ལྡན་རྒྱུ་སྐར་ཆེན་པོའི་དཀྱིལ་འཁོར་དུ། །སངས་རྒྱས་ཉིད་ཀྱིས་དངོས་སུ་དབང་བསྐུར་ནས། །མཆོག་གི་དངོས་གྲུབ་ཁྲི་ལ་རྟག་བཞུགས་པ། །རི་ཁྲོད་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཤ་ཝ་རི་ལས་སྤྲུལ་པའི་དཀྱིལ་འཁོར་དུ། །དབང་བསྐུར་མནོས་ཤིང་རྣལ་འབྱོར་ཡན་ལག་དྲུག །མ་ལུས་མཐར་ཕྱིན་གྲུབ་པའི་ཀུན་མཁྱེན་པ། །རིན་ཆེན་ཤཱཀྱའི་ཞབས་ལ་གསོལ་བ་འདེབས། །རྒྱ་ཆེན་བསོད་ནམས་ཚོགས་ལས་འཁྲུངས་པའི་སྐུ། །སྟོང་ཉིད་སེང་གེའི་སྒྲ་དབྱངས་སྒྲོགས་པའི་གསུང༌། །རྣལ་འབྱོར་ཡན་ལག་དྲུག་གིས་ཕྱུག་པའི་ཐུགས། །དཔལ་ལྡན་དངོས་གྲུབ་དབང་པོར་གསོལ་བ་འདེབས། །ལེགས་གསུངས་འདུལ་བའི་ཆོས་ཚུལ་མ་ལུས་མཁྱེན། །རྒྱུད་དང་མན་ངག་མང་པོའི་ཕ་མཐར་སོན། །འཇིགས་མེད་སེང་གེའི་ང་རོས་ཐུབ་པའི་བསྟན། །བསྲུང་མཁས་དཔལ་ལྡན་བླ་མར་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཐུབ་པའི་གསུང་རབ་ཀུན། །མ་ལུས་ཐུགས་སུ་ཆུད་པའི་བློ་གྲོས་ཀྱིས། །མཆོག་གི་དངོས་གྲུབ་བརྙེས་པའི་རིན་པོ་ཆེ། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་གཞོན་ནུ་རྫོགས་སངས་རྒྱས་ཀྱི་ཆོས། །པད་དཀར་འཛིན་དེའི་ཐུགས་ལས་བྱོན་གྱུར་པ། །དཀོན་མཆོག་རིན་ཆེན་རྣམ་གསུམ་ངོ་བོ་ཉིད། །བཀའ་དྲིན་མཉམ་མེད་ཞབས་ལ་གསོལ་བ་འདེབས། །ངག་གི་དབང་པོར་མཚན་གསོལ་འཇམ་པའི་དབྱངས། །གཞོན་ནུར་གྱུར་པའི་དབྱངས་ཀྱི་བཀའ་སྒྲུབ་པས། །ཕ་རོལ་ཕྱིན་དང་ཐེག་མཆོག་རྩེ་མོ་ཡིས། །དོན་ཀུན་གྲུབ་པ་ཁྱོད་ལ་གསོལ་བ་འདེབས། །འཇིག་རྟེན་ལུགས་ཀྱི་གཞོན་ནུའི་ངང་ཚུལ་ལ། །ནམ་ཡང་མི་འཇུག་འཕགས་པ་ཆེན་པོའི་ཆོས། །ཟབ་ཅིང་རྒྱ་ཆེར་གྱུར་རྣམས་གྲུབ་པ་པོ། །འཇིགས་མེད་དབང་པོར་གྱུར་པ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བླ་མ་རྣམས་དང་ཡིད་དམ་ལྷ་ཚོགས་དང༌། །དམ་ཅན་རྒྱ་མཚོའི་མཐུ་དང་ནུས་པ་ཡིས། །བཤད་བསྒྲུབ་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག།  །།ཤུ་བྷཾ།།  ༈  །།རྒྭ་ལོའི་གཏུམ་མོ་ཞག་བདུན་མའི་རྒྱུད་འདེབས་བཞུགས།། ༄། །བདེ་བའི་དཔལ་སྟེར་ཡེ་ཤེས་མཁའ་འགྲོ་མ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ཀྱི་ཉིང་ཁུ་ལེན་མཛད་རྒྭ་ལོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མདོ་རྒྱུད་མང་པོར་ལུང་བསྟན་སྐྱེ་མེད་ཞང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་སྲས་ཐུ་བོ་རྒྱལ་སྲས་རོལ་གང་བ། །གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། །ཡེ་ཤེས་ནང་ནས་གྲོལ་བའི་ཡང་དགོན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྒྱུད་པའི་སྲོལ་འཛིན་སྤྱན་མངའ་རིན་ཆེན་ལྡན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩེ་གཅིག་སྒྲུབ་ལ་བརྩོན་མཛད་ཟུར་ཕུག་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ཀྱི་མཛོད་འཛིན་ར་ག་གྲགས་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སེམས་དཔའ་ཆེན་པོ་གྲོ་ས་མཁན་ཆེན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ལ་དབང་འབྱོར་མཆོག་ལྡན་ལེགས་པའི་བློ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལུས་གནད་འཁྲུལ་པ་མེད་པར་བྱིན་གྱིས་རློབས། །རླུང་སེམས་དབང་དུ་འདུས་པར་བྱིན་གྱིས་རློབས། །གཏུམ་མོའི་བདེ་དྲོད་འབར་བར་བྱིན་གྱིས་རློབས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས།།  །།ཤུ་བྷཾ།།  ༈  །།ཕར་ཕྱིན་རྒྱུད་འདེབས།། ༄། །ན་མོ་གུ་རཱ་ཝེ། བསོད་ནམས་ཡེ་ཤེས་ཚོགས་རབ་རྫོགས་པའི་སྐུ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་གསུང༌། །རྟག་ཏུ་མཉམ་པར་བཞག་པའི་ཐུགས་མངའ་བ། །ཐུབ་ཆེན་སྟོན་པ་དེ་ལ་ཕྱག་འཚལ་ལོ། །སློབ་མའི་ཚོགས་རྣམས་ཞི་བར་འདྲེན་པའི་གྲུ། །རྒྱལ་བའི་སྲས་རྣམས་སྲིད་པར་གནས་པའི་ཐབས། །བགྲང་ཡས་རྒྱལ་བ་ཆོས་ཀུན་གསུང་བའི་རྐྱེན། །ཡུམ་གྱུར་ཕ་རོལ་ཕྱིན་མ་ལ་ཕྱག་འཚལ། །རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་མི་ཕམ་མགོན། །ཐུབ་པས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །ཀུན་མཁྱེན་གཉིས་པ་མཁས་མཆོག་དབྱིག་གི་གཉེན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། །དད་པའི་སར་བཞུགས་བཙུན་པ་རྣམ་གྲོལ་སྡེ། །ཟབ་མོའི་དོན་མཐོང་དཔལ་ལྡན་མཆོག་གི་སྡེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཚན་རྟོག་དབྱིངས་སུ་ཞི་བ་དུལ་བའི་སྡེ། །གཟུང་འཛིན་གཉིས་མེད་གཟིགས་པ་རྣམ་སྣང་མཛད། །དངོས་སྨྲའི་རི་དྭགས་ཕམ་བྱེད་སེང་གེ་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་པའི་དབྱངས་ཀྱིས་རྗེས་བཟུང་ཡེ་ཤེས་ཞབས། །ཡོན་ཏན་མང་པོའི་མཛོད་འཛིན་བཤེས་གཉེན་མཚན། །མཁས་པའི་གཙུག་རྒྱན་རིན་ཆེན་བཟང་པོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་ཡུམ་བསྟན་པ་རྒྱས་མཛད་ཟླ་བ་བཟང༌། །གནས་ལྔ་རིག་པའི་པཎ་ཆེན་བརྟན་སྐྱོང་ཞབས། །འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལུང་ཆོས་ཀུན་གྱི་མཛོད་འཛིན་ཤེས་རབ་འབར། །ཤེར་ཕྱིན་བཤད་སྲོལ་འཛིན་མཛད་ཨར་གྱི་མཚན། །དེ་སྲས་མཚུངས་མེད་གཞོན་ནུ་ཚུལ་ཁྲིམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཇི་ལྟའི་དོན་ལ་འཁྲུལ་མེད་ཤེས་རབ་འབུམ། །ཇི་སྙེད་འཆད་ལ་ཐོགས་མེད་བྱང་ཆུབ་འབུམ། །གྲུབ་པའི་སར་བཞུགས་འཇམ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྣམ་དཔྱོད་འགྲན་ཟླ་བྲལ་བའི་གཟད་རིངས་ཞབས། །བརྩོན་འགྲུས་མཐར་ཕྱིན་རྡོ་རྗེ་མཚན་མངའ་བ། །ངུར་སྨྲིག་འཛིན་པའི་གཙུག་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྡེ་སྣོད་མཛོད་འཛིན་གྲུབ་པ་སེང་གེའི་ཞབས། །མཁས་པའི་མཆོག་གྱུར་ཚད་མའི་སྐྱེས་བུའི་མཚན། །བསྟན་པའི་མངའ་བདག་བུ་སྟོན་རིན་ཆེན་གྲུབ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་སྲས་དམ་པ་མཁས་བཙུན་ལུང་མང་པོ། །གངས་ཅན་མཁས་པའི་དབང་པོ་སངས་རྒྱས་དཔལ། །ཐམས་ཅད་མཁྱེན་པ་རོང་སྟོན་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་དམ་པ་རྗེ་བཙུན་དོན་ཡོད་དཔལ། །གཞུང་བརྒྱའི་དབང་ཕྱུག་མཆོག་ལྡན་ལེགས་པའི་བློ། །ཆོས་ཀྱིས་སྦྲེལ་བའི་ཡོངས་འཛིན་ཇི་སྙེད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ཀུན་སྟོང་པར་རྟོགས་པའི་ཤེས་རབ་ཀྱིས། །མཚན་རྟོག་མ་ལུས་དབྱིངས་སུ་ཞི་བ་དང༌། །མཐའ་ཡས་འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །རྒྱུ་འབྲས་བླང་དོར་ཚུལ་བཞིན་འབྱེད་པར་ཤོག །ཅེས་པ་འདི་ནི་རྒྱལ་རོང་བཀའ་བཅུ་པ་བཀྲ་ཤིས་རིན་ཆེན་གྱིས་ཁ་ཏོན་དུ་བྱ་བའི་རིམ་པ་ཉིད་དུ་བསྐུལ་བའི་ངོར་མཆོག་ལྡན་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  ༈  །།ཕར་ཕྱིན་བརྒྱུད་པའི་གསོལ་འདེབས།། ༄། །སྭསྟི། རྒྱལ་ཡུམ་རྒྱ་མཚོ་གསུངས་མཛད་ཐུབ་དབང་ཉིད། །ཉིད་ཀྱི་རྒྱལ་ཚབ་རྗེ་བཙུན་མི་ཕམ་མགོན། །མགོན་དེས་རྗེས་བཟུང་འཕགས་པ་ཐོགས་མེད་ཞབས། །ཞབས་དེའི་གཅུང་པོ་མཁས་མཆོག་དབྱིག་གཉེན་དང༌། །དང་པོའི་སྲོལ་འབྱེད་འཕགས་པ་གྲོལ་སྡེའི་མཚན། །མཚན་མེད་ཐུགས་ཆུད་བཙུན་པ་རྣམ་གྲོལ་སྡེ། །སྡེ་ཡི་མཐའ་ཅན་མཆོག་དང་དུལ་བ་གཉིས། །གཉིས་མེད་གསུངས་མཁས་རྣམ་སྣང་མཛད་བཟང་པོ། །བཟང་པོའི་མཐའ་ཅན་རྒྱལ་སྲས་སེང་གེའི་ཞབས། །ཞབས་ཟུང་བསྟེན་མཛད་མཁས་མཆོག་ཡོན་ཏན་བཤེས། །བཤེས་གཉེན་མཁས་པའི་དབང་པོ་རིན་ཆེན་བཟང༌། །བཟང་པོའི་མཐའ་ཅན་པཎ་ཆེན་ཟླ་བའི་དཔལ། །དཔལ་ལྡན་འབུམ་ཕྲག་གསུམ་པ་ལེགས་པའི་བློ། །བློ་ལྡན་ཤེས་རབ་སྐད་གཉིས་སྨྲ་བའི་དབང༌། །དབང་ཕྱུག་དམ་པ་རྗེ་བཙུན་ཤེས་རབ་འབར། །འབར་བའི་བློ་མངའ་བྱང་ཆུབ་ཡེ་ཤེས་ཞབས། །ཞབས་དེའི་ཐུགས་སྲས་གཞོན་ནུ་ཚུལ་ཁྲིམས་དཔལ། །དཔལ་གྱི་ཐུགས་མངའ་ཤེས་རབ་འབུམ་གྱི་མཚན། །མཚན་འཛིན་ལས་གྲོལ་མཁས་མཆོག་བྱང་ཆུབ་འབུམ། །འབུམ་ཕྲག་གཞུང་མཁྱེན་འཇམ་པའི་རྡོ་རྗེར་གྲགས། །གྲགས་པའི་དབང་ཕྱུག་དར་མ་ཚུལ་ཁྲིམས་དང༌། །དྭང་བའི་ཐུགས་མངའ་བརྩོན་འགྲུས་རྡོ་རྗེའི་སྐུ། །སྐུ་གསུང་རབ་བཙུན་ཁྲོ་ཕུ་རིན་པོ་ཆེ། །ཆེ་མཆོག་དམ་པ་གྲུབ་པ་སེང་གེ་དབང༌། །དབང་ཕྱུག་མཚན་ལྡན་ཚད་མའི་སྐྱེས་བུར་གྲགས། །གྲགས་པ་མཐའ་ཡས་བུ་སྟོན་རིན་ཆེན་གྲུབ། །གྲུབ་པའི་དབང་ཕྱུག་རིན་ཆེན་རྣམ་པར་རྒྱལ། །རྒྱལ་སྲས་མཚུངས་མེད་གཡག་སྤྲུག་ཆོས་ཀྱི་རྗེ། །རྗེ་བཙུན་དམ་པ་རོང་སྟོན་ཆོས་རྗེའི་མཚན། །མཚན་ལྡན་བླ་མ་ཀུན་མཁྱེན་དོན་ཡོད་དཔལ། །དཔལ་ལྡན་མཁས་པའི་དབང་པོ་མཆོག་ལྡན་སོགས། །ཕར་ཕྱིན་བརྒྱུད་པའི་བླ་མ་དེ་དག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།།  །།མངྒ་ལཾ།།  ༈  །།ཚད་མ་རྣམ་འགྲེལ་ངེས་ཀྱི་བརྒྱུད་པའི་གསོལ་འདེབས།། ༄། །སྭསྟི། མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །ཐུགས་རྗེའི་དབང་ཕྱུག་ཕྱོགས་ཀྱི་གླང་པོའི་ཞབས། །ལུང་དང་རིགས་པའི་དབང་ཕྱུག་མཆོག་གི་སྡེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་མཚན། །བརྩོན་འགྲུས་དབང་ཕྱུག་ལྷའི་དབང་པོ་དང༌། །བློ་གྲོས་དབང་ཕྱུག་ཤཱཀྱ་བློ་གྲོས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲགས་པའི་དབང་ཕྱུག་མཁས་པ་དུལ་བའི་ལྷ། །སློབ་དཔོན་མཁས་པའི་དབང་པོ་ཆོས་ཀྱི་མཆོག །དེ་སྲས་མཚུངས་མེད་མཁས་པ་ཛྙཱ་ན་ཤྲཱི། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཕྲིན་ལས་དབང་ཕྱུག་གཞན་ཕན་བཟང་པོ་དང༌། །སྐད་གཉིས་སྨྲ་བའི་དབང་ཕྱུག་རྔོག་ལོའི་ཞབས། །དེ་སྲས་དབང་ཕྱུག་ཁྱུང་ཕྲུག་རིན་ཆེན་གྲགས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལུང་དང་རིགས་པའི་དབང་ཕྱུག་ཕྱྭ་པའི་མཚན། །གྲགས་པའི་དབང་ཕྱུག་དཔལ་ལྡན་གཙང་ནག་པ། །གཉལ་ཞིག་ཇོ་ནམ་མཁས་པ་འོད་ཟེར་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་ཤཱཀ་གཞོན་གཡག་སྡེ་པཎ་ཆེན་དང༌། །རིན་ཆེན་ཚུལ་ཁྲིམས་སངས་རྒྱས་ཆོས་སྐྱོང་ཞབས། །སྡེ་བདུན་སྨྲ་བ་མཆོག་ལྡན་ལེགས་པའི་བློ། །རྣམ་ངེས་བརྒྱུད་པའི་བླ་མ་དེ་དག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཛྙཱ་ན་ཤྲཱིའི་རྗེས་ལ། །རྣམ་འགྲེལ་རྒྱན་མཛད་མཁན་དང་ཛཱ་མཱ་རི། །ཆོས་འབྱུང་སྦྱིན་དང་གཟི་བརྗིད་གོ་ཆ་དང༌། །ཝ་བུ་པཎ་ཆེན་པཎ་ཆེན་ཤཱཀྱ་ཤྲཱི། །འཇམ་དབྱངས་རྣམ་འཕྲུལ་པཎ་ཆེན་ས་སྐྱ་པ། །འུ་ཡུག་མདོ་སྡེ་དཔལ་དང་ནོར་བཟང་ཞབས། །བརྩོན་འགྲུས་དཔལ་དང་མི་ཕམ་ཆོས་ཀྱི་རྗེ། །རྣལ་འབྱོར་དབང་ཕྱུག་ཀུན་མཁྱེན་རོང་པོའི་ཞབས། །དེ་སྲས་མཚུངས་མེད་མཁས་པ་དོན་ཡོད་དཔལ། །བློ་གསལ་དབང་པོ་མཆོག་ལྡན་ལེགས་པའི་བློ། །རྣམ་འགྲེལ་བརྒྱུད་པའི་བླ་མ་དེ་དག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འདུལ་བ་མདོ་རྩ་བ་དང༌། འོད་ལྡན་ནི་ཁོ་བོས་དམར་སྟོན་རྒྱ་མཚོ་རིན་ཆེན་ལ་ཐོས་ནས་བཤད་དོ། །ཡང་མདོ་རྩ་བ་དང༌། ཆོས་མངོན་པ་མཛོད་ནི་སྐྱོར་མོ་ལུང་པ་བསོད་ནམས་ཚུལ་ཁྲིམས་ལ་ཐོས་ནས་བཤད་དོ། །རྗེ་བཙུན་བྱམས་པའི་ཆོས་ཕྱི་མ་བཞི་དང༌། དབུ་མ་ལ་འཇུག་པ་དང༌། ཆོས་མངོན་པ་ཀུན་ལས་བཏུས་ནི། མཁས་གྲུབ་དོན་ཡོད་དཔལ་ལ་ཐོས་ནས་བཤད་དོ། །དབུ་མ་རིགས་པའི་ཚོགས་ལྔ་དང༌། འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད་ནི། རོང་སྟོན་ཆོས་ཀྱི་རྗེ་ལ་ཐོས་ནས་བཤད་དོ། །དེ་དག་གི་བརྒྱུད་པ་ནི་བཙལ་སླ་བས་འདིར་མ་བྲིས་སོ།།  །།མངྒ་ལཾ།།  ༈  །།ཀརྨ་པ་རབས་བདུན་ལ་བསྟོད་པ།། ༄། །ན་མོ་བུདྡྷཱ་ཡ། ཡོན་ཏན་ཀུན་རྫོགས་སྒྲིབ་ཀུན་སྤངས་པའི་ཐུགས། །ཟུང་འཇུག་བདེ་ཆེན་ཡན་ལག་བདུན་ལྡན་གསུང༌། །ཞིང་ཁམས་རྒྱ་མཚོར་གཞན་སྣང་སྤྲུལ་པའི་སྐུ། །སྟོན་མཛད་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བསྐལ་བཟང་འདི་ལ་སངས་རྒྱས་སེང་གེའི་སྒྲ། །འཕགས་པའི་ཡུལ་དུ་གྲུབ་ཆེན་ས་ར་ཧ། །འཛམ་གླིང་ཡོངས་སུ་དུས་གསུམ་མཁྱེན་པ་ཞེས། །ཕྲིན་ལས་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །མཁྱེན་པའི་སྤྱན་གྱིས་ཆོས་ཀུན་སྒྱུ་མར་གཟིགས། །བརྩེ་བའི་ཕྱག་གིས་འགྲོ་ཀུན་དབང་དུ་བསྡུད། །ནུས་པའི་སྟོབས་ཀྱིས་མི་བཟད་བདུད་དཔུང་ལས། །རྒྱལ་མཛད་པ་ཤིར་གྲགས་ལ་གསོལ་བ་འདེབས། །རང་བྱུང་ཡེ་ཤེས་འབར་བའི་རྡོ་རྗེ་ཡིས། །ཐུབ་བསྟན་རྒྱ་མཚོའི་གཏིང་མཐའ་རྟོགས་གྱུར་ནས། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་ཉིད་དུ། །ལེགས་འཁྲུངས་ཀརྨ་པ་ལ་གསོལ་བ་འདེབས། །མཚན་རྟོག་རྦ་རླབས་ཞི་བའི་ཆོས་དབྱིངས་མཚོར། །རྣམ་རོལ་མཁྱེན་པ་ཡེ་ཤེས་རྡོ་རྗེ་དང༌། །ཐུགས་རྗེའི་ཞགས་པས་འགྲོ་ཀུན་འཁོར་བ་ལས། །སྒྲོལ་མཛད་ཀརྨ་པ་ལ་གསོལ་བ་འདེབས། །ཏིའི་མིང་ཆོས་ཀྱི་རྒྱལ་པོའི་ཅོད་པཎ་ལ། །ཞབས་སེན་འོད་དམར་ཤར་བའི་དཔལ་ཡོན་གྱིས། །དེ་བཞིན་གཤེགས་ཞེས་བཟང་པོར་མཚན་གསོལ་བ། །མཚུངས་མེད་ཀརྨ་པ་ལ་གསོལ་བ་འདེབས། །གང་གིས་མཐོང་ན་མཚན་དཔེ་འབར་བའི་སྐུ། །གུས་པས་བསྟེན་ན་དོན་དང་ལྡན་པའི་གསུང༌། །སྤྲུལ་པས་འགྲོ་དོན་ཕྱོགས་བཅུར་མཛད་པའི་ཐུགས། །འཇིགས་མེད་ཀརྨ་པ་ལ་གསོལ་བ་འདེབས། །རང་བྱུང་ཡེ་ཤེས་ཆོས་ཀུན་མཁྱེན་པའི་དཔལ། །ཐུགས་རྗེའི་དབང་ཕྱུག་ཆོས་རྗེའི་རྒྱལ་ཚབ་ཅེས། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་གླུར་བླངས་པ། །བསྙེངས་བྲལ་ཀརྨ་པ་ལ་གསོལ་བ་འདེབས། །དག་སྣང་ཅན་ལ་སྤྱན་རས་གཟིགས་ཀྱི་སྐུ། །ཤེས་རབ་ཅན་ལ་འཇམ་པའི་དབྱངས་ཀྱི་གསུང༌། །མོས་གུས་ཅན་ལ་རྡོ་རྗེ་འཛིན་པའི་ཐུགས། །མངོན་གྱུར་ཀརྨ་པ་ལ་གསོལ་བ་འདེབས། །གཏི་མུག་ཅན་ལ་རྣམ་སྣང་མཛད་ཀྱི་སྐུ། །ཆགས་པ་ཅན་ལ་འོད་དཔག་མེད་པའི་གསུང༌། །ཁོང་ཁྲོ་ཅན་ལ་མི་བསྐྱོད་རྡོ་རྗེའི་ཐུགས། །སྟོན་མཛད་ཀརྨ་པ་ལ་གསོལ་བ་འདེབས། །གཞན་ལ་མི་འཚེ་བྱམས་པ་ཆེན་པོའི་ཐུགས། །ཀུན་ལ་མི་གནོད་སྙིང་རྗེ་ཆེན་པོའི་གསུང༌། །ཉེ་རིང་མེད་པར་སྙོམས་པའི་སྐུ་མངའ་བ། །དཔལ་ལྡན་ཀརྨ་པ་ལ་གསོལ་བ་འདེབས། །སྐལ་བཟང་རྣམས་ལ་སྤྲུལ་སྐུ་རྒྱུན་མི་ཆད། །ཕོངས་པ་རྣམས་ལ་ལོངས་སྤྱོད་རྒྱུན་མི་ཆད། །སངས་རྒྱས་བསྟན་ལ་འཕྲིན་ལས་རྒྱུན་མི་ཆད། །ལྷུན་གྲུབ་རྒྱུན་མི་ཆད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བསོད་ནམས་ཀྱིས། །ཉོན་མོངས་དུག་གསུམ་རང་སར་དག་པ་དང༌། །རྣམ་རྟོག་མཚན་འཛིན་དབྱིངས་སུ་ཞི་བ་དང༌། །འོད་གསལ་རང་ངོ་ཤེས་པར་བྱིན་གྱིས་རློབས། །སྲིད་པའི་རྒྱ་མཚོ་མྱུར་དུ་ཟད་པ་དང༌། །ཡེ་ཤེས་རྒྱ་མཚོ་ངང་གིས་གང་བ་དང༌། །ཐུབ་བསྟན་རྒྱ་མཚོའི་གནོད་པ་ཀུན་བསལ་ནས། །བསྟན་འཛིན་རྒྱ་མཚོ་འཕེལ་ཞིང་རྒྱས་པར་ཤོག །བསྟོད་ཚིག་གསོལ་འདེབས་བསྐུལ་བྱེད་འཁོར་བཅས་ཀྱང༌། །ཚེ་དང་བསོད་ནམས་རིམ་གྱིས་འཕེལ་བ་དང༌། །ཕ་རོལ་གནོད་པ་མེད་པར་རྫོགས་སངས་རྒྱས། །མ་རྣམས་དོན་ཕྱིར་མྱུར་དུ་འགྲུབ་པར་ཤོག །ཅེས་པ་འདི་ནི་སྒ་མགུའི་རིགས། །མཚོ་སྐྱེས་སྲས་པོ་ཇོ་གདན་གྱིས། །གསོལ་བ་བཏབ་པའི་ངོར་བྱས་ནས། །མཆོག་ལྡན་ལེགས་པའི་བློ་ཡིས་ནི། །གཡས་རུ་གཙང་གི་ས་ཡི་ཆ། །གསེར་མདོག་ཅན་གྱི་ཆོས་གྲྭ་ནས། །ལྷག་བསམ་རྣམ་པར་དཀར་བས་ཕུལ།།  །།མངྒ་ལཾ།།  །།བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*