རྗེ་བཙུན་དམ་པ་ཨ་མོ་གྷ་ཤྲཱི་བྷ་ཏྲའི་རྣམ་པར་ཐར་པ་བསྐལ་བཟང་སྐྱེ་རྒུའི་དང་བ་འདྲེན་བྱེད།

༼ཙ༽༄༅། །རྗེ་བཙུན་དམ་པ་ཨ་མོ་གྷ་ཤྲཱི་བྷ་ཏྲའི་རྣམ་པར་ཐར་པ་སྐལ་བཟང་སྐྱེ་རྒུའི་དང་བ་འདྲེན་བྱེད་ཅེས་བྱ་བ་བཞུགས་སོ།།

ན་མཿགུ་རཱ་ཝེ། རྗེ་བཙུན་དམ་པ་ཨ་མོ་གྷ་ཤྲཱི་བྷ་ཏྲའི་རྣམ་པར་ཐར་པ་སྐལ་བཟང་སྐྱེ་རྒུའི་དང་བ་འདྲེན་བྱེད་ཅེས་བྱ་བ། དོན་ཡོད་མཁྱེན་པའི་གོམ་སྟབས་གཅིག་གིས་ཀྱང༌། །དཔལ་ལྡན་ཤེས་བྱའི་ས་ཆེན་གསུམ་བརྒལ་ནས། །ཕྲིན་ལས་བཟང་པོའི་གནས་སུ་རྟག་བཞུགས་པ། །བརྩེ་ཆེན་དགེ་བའི་བཤེས་ལ་ཕྱག་འཚལ་ནས། །མཐའ་ཡས་རྣམ་པར་ཐར་པའི་མཚོ་ཆེན་ལས། །ཆུ་ཐིགས་ཙམ་ཞིག་བླངས་ནས་འདིར་བརྗོད་ཀྱི། །དད་དང་ཆོས་ཀྱི་རྗེ་འབྲང་བློ་བཟང་དག །ངོ་མཚར་དད་པ་བསྐྱེད་དེ་འདི་ལྟོས་ཤིག །དེ་ལྟར་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། །སྐབས་སུ་བབ་པའི་དོན་རྣམ་པ་གསུམ་སྟེ། ཐོག་མར་སྐུའི་སྐྱེ་བ་གང་དུ་བཟུང་ནས་བསླབ་སྦྱངས་ཇི་ལྟར་མཛད་པའི་ཚུལ། དེ་ལ་བརྟེན་ནས་ལུང་རྟོགས་ཀྱི་ཡོན་ཏན་ཇི་ཙམ་བརྙེས་པའི་ཚུལ། དེ་ལྟར་བརྙེས་པས་བསྟན་པ་རིན་པོ་ཆེའི་བགྱི་བ་མཆོག་ཏུ་མཛད་པའི་ཚུལ་བརྗོད་པའོ། །དང་པོ་ལ། གནས་གང་དུ་སྐྱེ་བ་བཞེས་པ། དེ་ནས་བསྟན་པ་ལ་རིམ་གྱིས་ཞུགས་པའི་ཚུལ། ཞུགས་ནས་དགེ་བའི་བཤེས་གཉེན་གང་ལས་མང་དུ་གསན་པ་ཇི་ལྟར་མཛད་པའོ། །དང་པོ་ནི། གཙང་ལ་སྟོད་པར་ཕུག་ཅེས་བྱ་བའི་ཡུལ་ལྗོངས་སུ། ཡབ་ཡུམ་གཉིས་ཀ་གསང་སྔགས་སྔ་འགྱུར་བའི་ལུགས་ཀྱི་རིགས་བཟང་ཞིང་རྒྱུད་བཙུན་པ་ལྷ་དང་སྔགས་དང་ཏིང་ངེ་འཛིན་མང་པོ་བྱིན་གྱིས་བརླབས་པའི་བླ་མ་རྡོ་རྗེ་ཀུན་གྲུབ་ཅེས་བྱ་བ་དང༌། ཡུམ་དབོན་མོ་མགོན་ནེ་ཞེས་བྱ་བའི་སྲས་སུ་འཁྲུངས། འཁྲུངས་མ་ཐག་ནས། ཡབ་ཁྲོ་བོ་མེ་དཔུང་འབར་བའི་རྣམ་པར་གཟིགས་པ་དང༌། སྔོན་ཀློག་པ་པའི་གྲྭ་མང་པོར་བསླབ་སྦྱངས་མཛད་པ་དང༌། དབེན་པའི་གནས་སུ་སྒོམ་ཆེན་མཛད་པའི་ཉམས་སྣང་བྱུང་ཞེས་ལན་མང་དུ་གསུང་ཞིང༌། ས་ཕོ་སྟག་ལ་སྐུ་འཁྲུངས་པའོ། །གཉིས་པ་ལ། མཁན་སློབ་གང་ལས་སྡོམ་པ་གང་ཞིག་མནོས་པ། དགེ་བའི་བཤེས་གཉེན་གང་ལས་དམ་པའི་ཆོས་གང་ཞིག་གསན་པའོ། །དང་པོ་ནི། རང་ལོ་བདུན་པ་ལ་ཀ་ལྔ་པ་དཔལ་འབྱོར་ཤེས་རབ་ལས་རབ་ཏུ་བྱུང༌། མཚན་དོན་ཡོད་དཔལ་ཞེས་བཏགས། རང་ལོ་ཉེར་གསུམ་པ་ལ་ཆོས་ལུང་ཚོགས་པའི་མཁན་པོ་འཇམ་དབྱངས་རིན་རྒྱལ་བས་མཁན་པོ་མཛད་ནས་བསྙེན་པར་རྫོགས། རང་ལོ་ཉེར་དྲུག་པ་ལ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལས་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང༌། དགྱེས་པ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་བཞི་རྫོགས་པར་མནོས། དེ་ནས་སྐུ་ཚེ་རིལ་པོ་སྡོམ་པ་གསུམ་གྱི་བསླབ་བྱ་དང་ཉམས་ལེན་ལས་སྐད་ཅིག་ཀྱང་འདའ་བར་མི་མཛད་དོ། །གཉིས་པ་ལ་མཚན་ཉིད་ཐེག་པའི་ཆོས་ལུགས་ཇི་ལྟར་གསན་པ་དང༌། གསང་སྔགས་ཐེག་པའི་ཆོས་ལུགས་ཇི་ལྟར་གསན་པ་དང༌། རིག་པའི་གནས་གཞན་ཇི་ལྟར་གནས་པའོ། །དང་པོ་ནི། ཆོས་གྲྭ་བཟང་ལྡན་གྱི་དགེ་བའི་བཤེས་གཉེན་རིན་ཆེན་དཔལ་ཞེས་པ། རིན་པོ་ཆེ་གཡག་པའི་སློབ་མར་གྱུར་པ་དེའི་དྲུང་དུ་ཚད་མ་རྣམ་འགྲེལ། ཕར་ཕྱིན། རིགས་གཏེར། མངོན་པ་ཀུན་ལས་བཏུས། རྒྱུད་བླ་མ་རྣམས་ལ་གསན་སྦྱོང་མཛད་ཅིང༌། རང་ལོ་བཅུ་གཅིག་པ་ལ། གདན་ས་ཆེན་པོར་རྣམ་འགྲེལ་དང༌། རིགས་གཏེར་གྱི་གཞུང་སྐྱུར་དང༌། རང་ལོ་བཅོ་ལྔ་པ་ལ་གཞུང་ལྔ་པོ་དེའི་གྲྭ་བསྐོར་མཛད། ཀ་ལྔ་པ་ཞེས་མཚན་དུ་གྲགས། རང་ལོ་བཅོ་བརྒྱད་པ་ལ། རྗེ་རྒྱལ་རོང་པ་ཆེན་པོ་བཟང་ལྡན་དུ་ཆོས་བར་ལ་ཕེབས་པ་དང་མཇལ། ཞབས་ཕྱིར་འབྲངས། ཡུལ་དབུས་ཀྱི་བདེ་བ་ཅན་དང༌། གསང་ཕུ་ནེའུ་ཐོག་དང༌། དེ་དག་གི་ཡང་དབེན་རྣམས་སུ་གཞུང་ཆེན་དུ་མ་ལ་བསླབ་སྦྱངས་མཐར་ཕྱིན་པར་མཛད། ཁྱད་པར་དུ། རྗེ་དེའི་ཟུར་ཆོས་པ་བཟད་པ་བློ་གྲོས་རྒྱ་མཚོའི་དྲུང་དུ། བྱམས་པའི་ཆོས་ལྔ། ཐེག་བསྡུས། མངོན་པ་ཀུན་ལས་བཏུས་རྣམས་ཀྱི་གསན་སྦྱོང་མཐིལ་ཕྱིན་པར་མཛད། སྐྱོར་མོ་ལུང་པ་བསོད་ནམས་ཚུལ་ཁྲིམས་ཀྱི་དྲུང་དུ། འདུལ་མཛོད་གཉིས་པོ་ཚར་གསུམ་རེ་དང༌། དྲོ་ས་བ་དམར་སྟོན་རྒྱ་མཚོ་རིན་ཆེན་གྱི་དྲུང་དུ། འདུལ་མཛོད་གཉིས་པོའི་བཤད་པ་ཆེས་ཤིན་ཏུ་རྒྱས་པ་ཚར་གསུམ་གསན། རང་ལོ་ཉེར་ལྔ་པ་ལ། གསང་ཕུ་ནེའུ་ཐོག་བདེ་བ་ཅན། དཔལ་གྱི་རྩེས་ཐང་རྣམས་སུ་ཀ་ཆེན་བཞི། བྱམས་ཆོས་ཕྱི་མ་བཞི། མངོན་པ་ཀུན་ལས་བཏུས་དང༌། ཐེག་བསྡུས། དབུ་མ་རྩ་འཇུག བཤེས་སྤྲིང་སྟེ་བཅུ་གསུམ་ལ་གྲྭ་བསྐོར་མཛད། དགེ་བའི་བཤེས་གཉེན་རྣམ་པ་བཞི་པོ་དེས་ཇི་སྐད་གསུངས་པ་ཐམས་ཅད་ཐུགས་ལ་མ་བསྙེལ་བར་ཡོད་པའི་གྲགས་པ་ཆེན་པོ་ཐོབ། གཉིས་པ་ནི། དེ་ནས་རང་ལོ་ཉེར་དྲུག་པ་ལ། གདན་ས་ཆེན་པོར་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ། ལམ་འབྲས་ཆ་ལག་ཡོངས་སུ་རྫོགས་པ་ཟླ་བ་བདུན་གྱིས་མཐར་ཕྱིན་པ་གསན་ཞིང༌། ཉམས་ལེན་གཙོ་བོར་མཛད། དེའི་ཕྱི་ལོ་དེ་རྟ་ཟུར་རྫོང་ཞེས་པའི་གནས་སུ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་པའི་དྲུང་དུ། ལམ་འབྲས་གུར་བརྟག བདེ་མཆོག་གི་ཆོས་སྐོར་སོགས་མང་པོ་ཟླ་བ་བཅུ་གཅིག་ལ་རྫོགས་པར་མཛད། དུས་དེར་ཡང་ཉམས་ལེན་གཙོ་བོར་མཛད་དོ། །དེ་ནས་རང་ལོ་སོ་གཅིག་པ་ཙམ་གྱི་དུས་སུ། མཚལ་མིན་པ་བསོད་ནམས་བཟང་པོའི་དྲུང་དུ། རྣལ་འབྱོར་ཡན་ལག་དྲུག་པ་ཟླ་བ་བདུན་གྱིས་མཐར་ཕྱིན་པར་མཛད་ཅིང༌། དུས་དེར་ཡང་ཉམས་ལེན་གཙོ་ཆེ། དུས་འཁོར་རྒྱུད་འགྲེལ་གྱི་བཤད་ལུང་གསན། དེ་རྗེས་རང་ལོ་སོ་བདུན་པ་ནས་ལྔ་བཅུ་པའི་བར་དེར། གླང་ཐང་པ་ཀུན་དགའ་རྒྱལ་མཚན་གྱི་དྲུང་དུ། ཐེག་ཆེན་ཆོས་རྗེ་ནས་བརྒྱུད་པའི་དབང་བཀའ་དང་ལུང་བཀའ་མང་པོ་གསན། དུས་ཕྱིས་རང་ལོ་ལྔ་བཅུ་རྩ་གསུམ་བཞེས་པའི་དུས་སུ། ངོར་ཨེ་ཝཾ་ཆོས་ལྡན་དུ་བྱོན། རྗེ་རྡོ་རྗེ་འཆང་ཉིད་ཀྱི་དྲུང་དུ། ལམ་འབྲས་ཚར་གསུམ། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བཀའ་ལྔ་བཅུ་ཙམ་དང༌། སྒྲུབ་ཐབས་བརྒྱ་རྩ་སོགས་རྗེས་གནང་གི་ཚོགས་བརྒྱ་ལྔ་བཅུ་ཙམ་གསན་ནོ། །གསང་འདུས། ཀྱཻ་རྡོར། བདེ་མཆོག གཤིན་རྗེ་བཤད་སྐོར། ངན་སོང་སྦྱོང་རྒྱུད་རྣམས་དང་འབྲེལ་པའི་བསྐྱེད་རྫོགས་ཀྱི་བཤད་པ་དགག་སྒྲུབ་ཀྱི་ལམ་ནས་དྲངས་པ་རབ་ཏུ་མང་པོ་གསན་ཞིང༌། ལུགས་དེ་ལ་ཤིན་ཏུ་ཐུགས་ཆེས་པར་གཙོ་བོར་མཛད་དོ། །གསུམ་པ་ནི། ཉིད་ཀྱིས་རང་ལོ་ཞེ་ལྔ་པ་ཙམ་གྱི་དུས་སུ། དཔལ་རྩེས་ཐང་གི་ཆོས་གྲྭར་ལོ་ཙཱ་བ་སང་གྷ་ཤྲཱིའི་དྲུང་དུ་སྒྲ་ཀ་ལཱ་པ། སྙན་ངག་མེ་ལོང༌། སྡེབ་སྦྱོར་གྱི་བསྟན་བཅོས་བསྡུས་པ་ཞིག་དང༌། རྒྱ་གར་གྱི་ཡིག་རིགས་རྣམས་ལ་བསླབ་སྦྱངས་མཛད་དོ། །གཉིས་པ་ལ་གཉིས་ཏེ། ཤེས་རབ་མཁྱེན་པའི་ཡོན་ཏན་ཇི་ལྟར་བརྙེས་པ་དང༌། ཐབས་བརྩེ་བའི་ཡོན་ཏན་ཇི་ལྟར་བརྙེས་པའོ། །དང་པོ་ལ་གཉིས་ཏེ། ཐོས་བསམ་གྱི་ཡོན་ཏན་ཇི་ལྟར་བརྙེས་པ་དང༌། བསྒོམ་པས་ཉམས་མྱོང་གི་ཡོན་ཏན་ཇི་ལྟར་བརྙེས་པའོ། །དང་པོ་ལ་གཉིས་ཏེ། ལུང་ཐོས་པའི་ཡོན་ཏན་དང༌། བསམ་བྱུང་གིས་སྒྲོ་འདོགས་ཆོད་པའི་ཡོན་ཏན་ནོ། །དང་པོ་ནི། རྗེ་འདི་ཉིད་ཀྱི་གཞུང་ཆེན་བཅུ་གསུམ་ལ་ཐོག་མར་བསླབ་སྦྱང་དང་གྲྭ་སྐོར་གྱི་རྣམ་གཞག་མཛད་པ་དེ་ནས་བཟུང་སྟེ། ཕྱིས་ཉན་བཤད་ཀྱི་རྣམ་གཞག་རྫོགས་པར་མཛད་ཀྱི་བར་དུ་གཞུང་ཆེན་དེ་དག་གི་ཚིག་དོན། འབྲུ་གཉེར་ཚུལ། མཐའ་ཆོས་ཀྱི་རིགས་པ་དང་བཅས་པ་ཐུགས་ལ་བསྙེལ་བ་མི་མངའ་བར་བཞུགས་ཤིང༌། ཉན་བཤད་མཛད་པ་ཕྱག་དཔེའི་གཟིགས་རྟོག་ལ་ལྟོས་པ་མ་ཡིན་ནོ། །དེའི་ཚེ་རྗེ་འདི་ལ་མི་བརྗེད་པའི་གཟུངས་མངའ་བ་ཡིན་ནོ་ཞེས་སློབ་མ་དག་ལ་གྲགས་སོ། །དེ་ཡང་འདི་ལྟར། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ། །དབུ་མ་རྩ་འཇུག་རྣམས་ལ་ནི། གཞུང་བསྙེལ་བ་ཡེ་མི་མངའ་བའི་སྟེང་དུ། རྣམ་བཤད་ཀྱི་འབྲུ་གཉེར་ཚུལ། མཐའ་ཆོད་ཀྱི་རིགས་པ་དང་བཅས་པ། རྗེ་རྒྱལ་རོང་པ་ཆེན་པོའི་གསུང་ཇི་ལྟ་བ་དེ་ཉིད་ཐུགས་ལ་བཞུགས་ཤིང༌། དེ་ལས་གཞན་དུ་ཅུང་ཟད་ཀྱང་སྤྲོ་བར་མི་མཛད་དོ། །དེ་ཡང་རྗེ་གོང་མ་དེ་ཉིད་རང་ལོ་ལྔ་བཅུ་རྩ་གཅིག་པ་ཙམ་ནས་དེ་ཉིད་ཀྱི་གསུང་ནས་གསན་ཞིང༌། དེ་ཉིད་མ་རྙེལ་བ་ཡིན་པས། རྗེ་དེའི་གསུང་ཡི་གེར་འཁོད་པ་རྣམས་དང་འདྲ་མིན་ཅུང་ཟད་རེ་འབྱུང་ངོ༌། །ཡང་ཕར་ཕྱིན་གྱི་བཤད་པའི་ན་ཡམས་དང༌། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་སྦྱོར་བ་རྣམས་ནི་རིན་པོ་ཆེ་གཡག་པའི་བཀའ་འགྲེལ་དང༌། མདོ་སྦྱོར་ཆེན་མོ་ཇི་ལྟ་བ་བཞིན་ཐུགས་ལ་རྟག་པར་བཞུགས་སོ། །མདོ་སྡེའི་རྒྱན། རྒྱུད་བླ་མའི་བསྟན་བཅོས། མངོན་པ་ཀུན་ལས་བཏུས་རྣམས་ནི། གཞུང་བསྙེལ་བ་ཡེ་མེད་ཅིང༌། འབྲུ་གཉེར་ཚུལ། མཐའ་ཆོད་དང་བཅས་པ་བཟད་པ་བློ་གྲོས་རྒྱ་མཚོ་ཞེས་གྲགས་པ་དེའི་གསུང་ཇི་ལྟ་བ་བཞིན་དུ་བསྙེལ་བ་མི་མངའ་ཞིང༌། དེ་ཉིད་ལ་ཉན་བཤད་མཛད་དོ། །ཚད་མ་རྣམ་འགྲེལ་ནི། རང་ལོ་བཅུ་པ་ནས་བཟུང་སྟེ། ཡི་གེ་འབྲུ་གཅིག་ཀྱང་བརྗེད་མ་མྱོང་བ་འདི་ཞང་པོའི་དྲིན་ཡིན་ཞེས་གསུང་ཞིང༌། འབྲུ་གཉེར་ཚུལ་ཐོག་མར་བསླབ་སྦྱངས་རིགས་མཛོད་ལ་མཛད་ཅིང༌། ཕྱིས་ཉན་བཤད་ཀྱི་ཚེ། དེ་ཉིད་ཀྱི་གོ་ཊཱིཀ་ཚིག་རིས་གཞན་དུ་ཅུང་ཟད་ཀྱང་མི་འཆུགས་པ་གཅིག་བསྒྲིགས་ནས་ཐུགས་ལ་བཞུགས་ཤིང༌། མཐའ་ཆོད་ཀྱི་ཚོགས་ཀྱང་ཚད་མ་རིགས་པའི་གཏེར་དང་མཐུན་པར་མཛད་དོ། །ཚད་མ་རྣམ་ངེས་དང༌། ཐེག་བསྡུས་ལ། བསླབ་སྦྱངས་དཔྱིས་ཕྱིན་པ་མཛད་ཀྱང༌། ཉན་བཤད་མཛད་པ་མ་བྱུང་ཞེས་གསུང༌། འདུལ་བ་མདོ་རྩ་བ་ནི་གཞུང་བསྙེལ་གསོ་རེ་ཙམ་མཛད་དགོས་ཀྱང༌། འབྲུ་གཉེར་ཚུལ་རྣམ་བཤད་གཞན་ལ་རག་མ་ལས་ཤིང༌། རྣམ་འབྱེད་དང་གཞི་བཅུ་བདུན་གྱི་གླེང་གཞི། དམར་སྟོན་རྒྱ་མཚོ་རིན་ཆེན་གྱིས་ཇི་ལྟར་གསུངས་པ་དེ་ཉིད་མ་བསྙེལ་བར་ཐུགས་ལ་བཞུགས་སོ། །འདུལ་བ་མེ་ཏོག་ཕྲེང་རྒྱུད་དང༌། མངོན་པའི་མཛོད་ལ་ནི། བསླབ་སྦྱངས་དཔྱིས་ཕྱིན་པར་མཛད་ཀྱང༌། ཉན་བཤད་ཀྱི་ཚེ་ཚར་གཅིག་གཉིས་ཙམ་ལས་འཆད་དགོས་པ་མ་བྱུང་ཞེས་གསུང༌། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་དང༌། བཤེས་སྤྲིང་ལ་ནི། གཞུང་བསྙེལ་པ་མི་མངའ་ཞིང༌། སྐབས་ནམ་བྱུང་ཞལ་ཐོན་དུ་མཛད་ལ། སྔ་མ་ལ་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་རྣམ་བཤད་དང༌། བཤེས་སྤྲིང་ལ། རྒྱལ་རོང་པ་ཆེན་པོའི་རྣམ་བཤད་ཐུགས་ལ་བཞུགས་སོ། །དེ་དག་ནི་ཡེ་མ་བསྙེལ་བར་ཐུགས་ལ་བཞུགས་པ་རྣམས་ཡིན་ལ། བསླབ་སྦྱངས་མཛད་ནས་གཞན་ལ་འཆད་ནུས་པ་ནི། ཆེས་ཤིན་ཏུ་མང་བས་རྒྱས་པར་མ་སྨོས་སོ། །གཉིས་པ་བསམ་བྱུང་གི་རིགས་པས་སྒྲོ་འདོགས་ཆོད་ལུགས་ནི། ཚད་མའི་བསྟན་བཅོས་ཀྱི་ངེས་དོན་ས་རྔོག་གཉིས་ཀའི་ལུགས་མཁྱེན་མོད། ས་ལོའི་བཞེད་པས་སྡེ་བདུན་གྱི་མཐར་ཐུགས་རྣམ་རྫུན་ཞེས་ཡོངས་སུ་གྲགས་པ། རྗེ་བཙུན་བྱམས་པའི་ཆོས་ཀྱི་ངེས་དོན་མཐར་ཐུག་ཏུ་སྒྲོ་འདོགས་ཆོད་ནས་ཉམས་སུ་ལེན་པར་མཛད་དོ། །འདི་སེམས་ཙམ་གྱི་ལྟ་བ་མ་ཡིན་ཏེ། རང་སངས་རྒྱས་ལ་ལྟ་བ་འདི་རྟོགས་པ་ཡོད་པར་ས་ལོ་མི་བཞེད་པའི་ཕྱིར་རོ། །མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱི་ངེས་དོན་རིགས་པས་སྒྲོ་འདོགས་གཅོད་པའི་ཚུལ་དབུ་མ་ཐལ་རང་དུ་སྨྲ་བ་རྣམས་ཀྱི་བཞེད་པ་མཁྱེན་ནས། སྒོམ་པས་ཉམས་སུ་མྱོང་བྱའི་ངེས་དོན་ཤེས་རྣམ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཉིད་དུ་བཞེད་པས་གཞན་སྟོང་གི་ཚུལ་ཏེ་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་གྲགས་པ་དེ་ཉིད་དོ། །འདིར་ཕར་ཕྱིན་ཐེག་པ་ནས་འབྱུང་བའི་བསམ་བྱུང་གི་ཤེས་རབ་ནི། ངེས་པ་ཁོ་ནར་རིགས་པ་རྣམ་དག་ལས་སྐྱེས་དགོས་པ་ཡིན་ལ། རིགས་པ་དེ་ལ་ཡང་རང་རྒྱུད་དང༌། ཐལ་འགྱུར་གཉིས་ལས། དང་པོ་ལ་ཡང༌། ཐོགས་མེད་སྐུ་མཆེད་ཀྱི་ལུགས་དང༌། ཕྱོགས་གླང་ཡབ་སྲས་ཀྱི་ལུགས་གཉིས་ལས། དང་པོ་ནི། མངོན་པ་ཀུན་ལས་བཏུས་སོགས་ལས་འབྱུང་བ་དང༌། ཕྱི་མ་ནི། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་གསུངས་པ་རྣམས་ཏེ། ལུགས་དེ་གཉིས་ཀ་ཡང་རྗེ་འདི་ཉིད་ཀྱི་ལེགས་པར་མཁྱེན་པ་ཡིན་ནོ། །ཐལ་འགྱུར་ལ་ཡང་རྟོག་གེར་གྲགས་པ་དང༌། དབུ་མ་ཁོ་ན་ལ་གྲགས་པ་གཉིས་ལས། ཕྱི་མའི་སྲོལ་འབྱེད་ནི། སློབ་དཔོན་ཟླ་བ་གྲགས་པ་ཡིན་ལ། ལུགས་དེ་ཡང་རྗེ་འདི་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་མཁྱེན་པ་ཡིན་ནོ། །ཡང་དབུ་མ་ཚིག་གསལ་འཇུག་གི་ངེས་དོན་ནི། གཏན་ལ་འབེབས་བྱེད་ཀྱི་རིགས་པ་རང་སྟོང་ཁོ་ནའི་དབང་དུ་བྱས་པ་དང༌། དེས་གཏན་ལ་ཕབ་པའི་ངེས་དོན་ཀྱང༌། རིགས་པས་དཔྱད་པའི་སྟོང་པ་ཉིད་ཅེས་བྱ་བ་མེད་པར་དགག་པ་ནམ་མཁའ་ལྟ་བུ་ལས་གཞན་མེད་ལ། གནས་སྐབས་ངེས་དོན་དུ་བཞག་པ་དེ་ཡང༌། མཐར་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ལས་མ་འདས་སོ་ཞེས་སྒྲོ་འདོགས་ཆོད་པར་མཛད་དོ། །གཉིས་པ་སྒོམ་བྱུང་གི་ཡོན་ཏན་ཇི་ལྟར་བརྙེས་པ་ནི། ལམ་འབྲས་བུ་དང་བཅས་པའི་མན་ངག་ཉམས་ལེན་གྱི་ཚེ་ཇི་ལྟར་བརྙེས་པ་དང༌། རྣལ་འབྱོར་ཡན་ལག་དྲུག་པའི་ཚེ་ཇི་ལྟར་བརྙེས་པའོ། །དང་པོ་ནི། སྔོན་ལམ་འབྲས་ཀྱི་ཁྲིད་གསན་པ་དང༌། ཉམས་ལེན་ཆབས་གཅིག་པར་མཛད་པ་དེའི་ཚེ། བསྐྱེད་རྫོགས་གཉིས་ལས། རྫོགས་རིམ་གྱི་ཉམས་ལེན་གཙོ་ཆེ་བ་དང༌། དེ་ལས་ཀྱང་གསང་དབང་གི་ཉམས་ལེན་གཙོ་ཆེ་བ་ཡིན་ཞེས་གསུང་ལ། དེ་ཡང་མཉམ་གཞག་ཏུ་ཙཎྜ་ལིའི་དམིགས་བསྐོར་བཅོ་བརྒྱད་དང༌། རྗེས་ཐོབ་ཕྲིན་ལས་སུམ་ཅུ་རྩ་གཉིས་ཟླ་བ་ལྔ་དྲུག་རེ་ཙམ་རྒྱུན་མི་ཆད་པ། ལོ་གཉིས་སུ་མཛད་པས། དེའི་ཡོན་ཏན། ཕྱི་ལྟར་ན། དབྱར་དགུན་ཐམས་ཅད་དུ་རས་རྐྱང་ཐུབ་པ་ནི་དུས་དེ་ནས་མྱ་ངན་ལས་འདའ་ཀའི་བར་དུ་ཡིན་ལ། ནང་ལྟར་ན། རླུང་ཁ་སྦྱོར་གཅིག་གི་སྔ་དྲོ་རེ་ཙམ་ཐུབ་པ་དང༌། བདེ་སྟོང་གི་ཏིང་ངེ་འཛིན་ལ་ཞག་རེ་ཙམ་འབྱམས་པ་བྱུང་ཞེས་པ་ནི་རྗེ་ཉིད་ཀྱི་གསུང་ཡིན་ལ། གསུང་དེ་ལ་དཔགས་ན། རྗེ་བཙུན་ས་སྐྱ་པ་རྣམས་བཞེད་པའི་གསང་སྔགས་བླ་མེད་ལུགས་ཀྱི་མཚོན་བྱེད་དཔེའི་ཡེ་ཤེས་ཐུགས་རྒྱུད་ལ་འཁྲུངས་པར་གདོན་མི་འཚལ་ལོ། །གཉིས་པ་ནི། དོལ་འཚལ་མིན་དུ། སོར་བསྡུད་ཀྱི་དམིགས་པ་ལ་མུན་ཁང་ཟླ་བ་གསུམ་དང༌། ཞག་དྲུག་བདུན་རེ་ན་དམིགས་པ་ཐེངས་རེ་ལེན་པར་མཛད་པ་དེའི་ཚེ། སྔོན་ཉིད་ནས་རླུང་དང་གཏུམ་མོ་ལ་རྩལ་འབྱོངས་པ་ཡོད་པ་དེའི་སྟོབས་ཀྱིས་ཐོག་མ་ཉིད་ནས་བསྒོམ་ལ་སྤྲོ་ཞིང༌། ལུས་གནད་ཤིན་ཏུ་བདེ་བ་དང༌། མཚལ་མའི་ཐུན་མཚམས་མ་རྟོགས་ལུས་གནད་གཅིག་ལ་གནས་ཐུབ་པ་དང༌། ཉིན་སྣང་དང༌། མཚན་སྣང་གི་རྟགས་ཕལ་ཆེར་རྫོགས་པར་ཤར་བྱུང་གསུང༌། གསུང་དེ་ལ་དཔགས་ན་སྣང་བ་དེ་ཆོས་སྐུ་དངོས་སུ་ངོ་སྤྲོད་པ་དང༌། མཚོན་བྱེད་དཔེའི་ཡེ་ཤེས་སུ་ངོ་སྤྲོད་པ་གཉིས་ཡོད་ཀྱང༌། སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་རྩལ་འབྱོངས་པ་ཡིན་ནོ། །ཇི་སྐད་སྨོས་པ་དེ་དག་ནི། མཁྱེན་པའི་ཡོན་ཏན་ཡིན་ལ། ཐབས་བརྩེ་བའི་ཡོན་ཏན་ནི། བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ནས་དེ་ལས་ཉམས་པ་ནི་སྐད་ཅིག་ཀྱང་མི་མངའ་ལ། དུས་རྟག་ཏུ་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་དང་མི་འབྲལ་བའི་ཕྱིར་ན། དྲུག་པོའི་འགལ་ཟླ་ལ་ལོངས་སྤྱོད་པའི་སེམས་ཅན་ལ་སྙིང་བརྩེ་བར་གྲུབ་བོ། །དེ་སྐད་དུ་ཡང༌། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང༌། །ལོག་པར་མངོན་ཞེན་ཅན་ལ་སྙིང་བརྩེའོ། །ཞེས་གསུངས་པ་ལྟར་རོ། །ཆོས་ཀྱིས་ཕོངས་པ་ལ་སྙིང་བརྩེ་བས་ནམ་ཡང་དམ་པའི་ཆོས་འཆད་པ་མི་འདོར་བ་དང༌། མ་རུངས་པ་ལ་བརྩེ་བས་མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་ཡང་དག་པར་བསྲུང་བ་དང༌། དེ་ཡང་ཟང་ཟིང་ནོར་ལ་སེར་སྣ་དང༌། ཆོས་ལ་དཔེ་མཁྱུད་དང༌། གཞན་ལ་གནོད་པའི་བསམ་པ་དང༌། དེས་ཀུན་ནས་བསླངས་པའི་བགྱི་བ་ནི་སྐད་ཅིག་ཀྱང་མི་མངའོ། །གནོད་བྱེད་ལ་བརྩེ་བས་གནོད་ལན་གྱི་བགྱི་བ་སྣ་གཅིག་ཀྱང་མི་མངའ་ཞིང༌། སྟོང་ཉིད་མ་རྟོགས་པ་ལ་སྙིང་བརྩེ་བའི་རྒྱུ་མཚན་གྱིས་ཟབ་མོའི་ཆོས་འཆད་པ་དང༌། རང་གི་སྒོ་གསུམ་གྱི་བགྱི་བ་ལེ་ལོར་མི་འཇོག་པའི་རྒྱུ་མཚན་གྱིས་བག་མེད་པ་རྣམས་ལ་སྙིང་བརྩེ་བ་དང༌། རྣམ་གཡེང་ཅན་ལ་སྙིང་བརྩེ་བ་ནི། རྟག་ཏུ་བསམ་གཏན་ལ་སྤྲོ་བ་ཡིན་ཏེ། དེ་ཡང་སྔོན་གཞོན་ནུའི་དུས་ཉིད་ནས་དབེན་པ་ལ་དགྱེས་ཤིང༌། ཕྱིས་འཆད་ཉན་གྱི་ཚེ་ཡང་གཞན་གྱིས་མ་ཚོར་བར་དབེན་པའི་གནས་སུ་མཉམ་པར་འཇོག་པ་དང༌། ཉན་བཤད་འདི་རྗེ་བླ་མའི་གསུང་མ་ཆོགས་པ་ཙམ་མ་གཏོགས། བུ་ལེའི་གངས་ལ་སྒོམ་ཅིག་རང་ཞེས་རྟག་ཏུ་གསུང་བ་དང༌། ཉན་བཤད་ཀྱི་ཚེ་ཡང་མཚན་མོ་བཞུགས་གདན་ལ་བློ་འབེབས་པ་དང༌། དབུ་སྔས་ལ་འཇོག་པ་མི་མཛད་ཅིང༌། ལུས་གནད་ལ་དབབ་པ་དང༌། དེའི་ཐབས་སུ་པུས་འཁྱུད་དང༌། མ་བྲལ་བའི་སྒོ་ནས་སྔོན་ཉམས་སུ་མྱོང་བའི་མཚོན་བྱེད་དཔེའི་ཡེ་ཤེས་ཀྱི་རྒྱུན་སྐྱོང་བར་མཛད་དོ། །དེ་ལ་བརྟེན་ནས་ཐུན་མོང་གི་ཡོན་ཏན། ལྦ་བ་སྦུབས་སུ་འདྲེན་ནུས་པ་དང༌། དབུའི་གཙུག་གཏོར་ལྟར་མི་མངོན་པ་དང་བཅས་ཞེས་ཡུན་རིང་དུ་བརྟེན་པའི་སློབ་མ་ཀུན་ལ་གྲགས་སོ། །གཞན་ཡང༌། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ལམ་ཟབ་མོ་བླ་མའི་མོས་གུས་ཇི་ལྟར་མངའ་བ་ནི། དེ་ཡང་རྒྱུ་ལམ་གྱི་དབང་གིས་ཐོག་མར་སྨིན་པའི་བཀའ་དྲིན་ཅན་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནི། ཉམས་མྱོང་ཡེ་ཤེས་ཀྱི་ངོ་ན་རིགས་དྲུག་པ་རྡོ་རྗེ་འཆང་ཉིད་དུ་གསལ་ཞིང་ཐེ་ཚོམ་མི་མངའ་ལ། མ་དག་པ་རྣམ་ཤེས་ཀྱི་ངོ་ན་ཡང་བླ་མ་དེ་མཚན་མོ་མུན་ནག་གི་ནང་ན་བཞུགས་པའི་ཚེ་ཡང༌། ཞལ་གྱི་དཀྱིལ་འཁོར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟར་གསལ་ཞིང་དྭངས་པའི་འོད་ཟེར་ཀུན་དུ་འཕྲོ་བ་དང༌། སྐུའི་ཆ་ཤེས་ལྷག་པ་རྣམས་ཀྱང་དྭངས་ཤིང་ཐོགས་པ་མེད་པ་ཉིད་དུ་མཐོང་གིན་ཡོད་པ་ཡིན་ཞེས་གསུང་ངོ༌། །རྗེ་རྒྱལ་རོང་པ་ཆེན་པོ་ནི། དེ་ཡང་ཡོངས་སུ་གྲགས་པའི་མི་རྣམས་ཀྱི་རྣམ་པར་ཐར་པ་ལས་ཤིན་ཏུ་འདས་པར་མངོན་སུམ་དུ་མཐོང་བས། རང་རེའི་ཆོས་དང་སྲིད་ཀྱི་ཡོན་ཏན་གང་མཆིས་པ་ཐམས་ཅད་ཁོང་གི་བཀའ་དྲིན་ཡིན་ཏེ། གཞོན་ནུའི་དུས་རང་གི་ཡུལ་ངན་ལ་ཞེན་པས་ལུས་ན། བཙུན་པའི་གཟུགས་ཅན་ཕལ་པ་ཞིག་ལས་མི་འོང་པ་ལ། ཕྱག་ཕྱིར་ནན་གྱིས་ཁྲིད་ཅིང་འབྲངས་པས་བསླབ་སྦྱངས་མཐར་ཕྱིན་མཁས་པའི་གྲགས་པ་ཐོབ་པ་བྱུང༌། བར་དུ་ཡང་རང་ཡུལ་དུ་འཁོར་ནས་ཉན་བཤད་ཀྱི་གཟུགས་བརྙན་ཞིག་བྱེད་དགོས་བྱུང་བ་དེར་ཆགས་ན། བཟང་ལྡན་པའི་སློབ་དཔོན་གྱི་མིང་བཏགས། མི་ཚེ་ཆགས་སྡང་ལ་སྐྱེལ་དགོས་ཤིག་འོངས་པར་ཡོད་པ་ལ། རྗེ་ཁོང་པ་དབུས་ནས་གདན་སར་ཕེབས་པའི་ཚེ། ནན་གྱིས་ཕྱག་ཕྱིར་ཁྲིད་པས། དེང་སང་བྱ་བྲལ་དུ་ཁས་བླངས། ཆགས་སྡང་གི་ལམ་ལས་གྲོལ། མི་ཆེ་རྒུ་ཀུན་གྱིས་བཀུར་སྟི་བྱེད། བསྟན་པ་ལ་ཡང་ཕན་ཐོགས་པར་བྱུང་བས། རང་རེའི་དགེ་ལེགས་ཐམས་ཅད་བླ་མ་ཁོང་གི་ཕྱོགས་སུ་བསྔོ་བ་ཡིན་ཞེས་གསུངས། རྗེ་ངོར་པ་ཆེན་པོ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ཆེས་ཤིན་ཏུ་མང་པོ་དག གསང་སྔགས་ཀྱི་ཆོས་ལྟར་བཅོས་པ་གཞན་དང་མ་འདྲེས་ཤིང༌། ནང་ཚན་སོ་སོའི་ཡང་དམིགས་ཕྱེད་པར་ཐུགས་ལ་བཏགས་པས་ཐ་མར་བཀའ་དྲིན་ཆེ། བླ་མ་འདི་ལ་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་སྤྱིར་མངའ་བ་ལས། དེའི་ནང་ནས་ཀྱང་མཁས་པའི་ཡོན་ཏན་ཉིད་གཙོ་ཆེ་བ་ཡིན་ཏེ། ཐེག་པ་སྤྱི་དང་གསང་སྔགས་རྒྱུད་སྡེ་བཞི་པོའི་ཆོས་ལུགས་རང་གི་བརྒྱུད་པ་གོང་མ་ལས་གང་བྱོན་པ་དེ་ཉིད་ལ་ལྷད་ཞུགས་པ་དང་མ་ཞུགས་པའི་དབྱེ་བ་སོ་སོར་མཁྱེན་ནས་ལྷད་མ་ཞུགས་པ་རྣམས་ལ་ཉམས་སུ་ལེན་པ་དང༌། ཕྱག་ལེན་མཛད་ཅིང༌། སྤྱིར་རང་ལུགས་ལ་རྒོལ་བའི་ཕྱིས་བྱུང་གི་ཆོས་རྣམས་དང༌། རང་ལུགས་འདྲེས་ཅན་རྣམས་ཀྱང་འདོར་བ་ལ་ཐུགས་ཀྱི་དཔྱོད་པ་ཤིན་ཏུ་ཞིབ་ཅིང་གཞན་ཕྱོགས་སུན་འབྱིན་པའི་ལུང་དང་རིགས་པའི་སྤོབས་པ་མི་ཟད་པ་དང་ལྡན་པའི་ཕྱིར་དང༌། མང་དུ་གསན་པ་རྒྱ་མཚོའི་དབུས་ན་བཞུགས་པའི་ཕྱིར་ཞེས་གསུང་ངོ༌། །ཡང་བཤེས་གཉེན་དམ་པ་བཟད་པ་བློ་གྲོས་རྒྱ་མཚོ་དང༌། དམར་སྟོན་རྒྱ་མཚོ་རིན་ཆེན་ནི། མང་དུ་གསན་ནས་དབེན་པ་ལ་དགྱེས་པ། ངེས་འབྱུང་དང་སྐྱོ་ཤས་ཀྱི་ལམ་ནས་མཐའ་ཡས་པའི་སེམས་ཅན་གྱི་སྡུག་བསྔལ་མི་བཟོད་པར་མཆི་མ་འཁྲུག་སྙིགས་དུས་ཀྱི་ཉན་བཤད་ཀྱི་ཚུལ་སྙིང་པོ་མེད་པར་གཟིགས་ཤིང་བསྟན་པ་ལ་ཕན་པའི་རྣམ་དཔྱོད་ཅན་རེ་རེ་ཙམ་ལས་མ་བྱུང་ཡང་ཟབ་རྒྱས་ཀྱི་སྡེ་སྣོད་འཆད་པ་ལ་འགྲུས་པ་མི་ལྷོད་པའི་བཤད་ཉན་དེ་ལྟ་བུ་ལ་ཡིད་རབ་ཏུ་སོང་ངོ༌། །རང་རེ་ཡང་དེ་ལྟ་བུར་སྨོན་པ་ཡིན་ཞེས་སྔོན་གྱི་དུས་སུ་ཡང་ཡང་གསུང༌། དེ་དག་ལ་འདི་སྐད་ཅེས། མཐོ་དང་གཙང་མའི་རིགས་འཁྲུངས་ཏེ། །བསླབ་སྦྱངས་ཡོན་ཏན་མཐར་ཕྱིན་པ། །དེ་ཚེ་ལུང་དང་རྟོགས་པ་ཡིས། །སྐུ་གསུང་ཐུགས་ཀྱི་བང་མཛོད་བརྙེས། །ཡོན་ཏན་ཀུན་གྱི་རྩ་བ་ནི། །དགེ་བའི་བཤེས་སུ་ཐག་བཅད་ནས། །མཉམ་པར་འཇོག་ལས་མི་གཡེལ་ཞིང༌། །བསྟན་ལ་བགྱི་བ་རྒྱུན་མི་འཆད། །ཆོས་ཀྱི་སྦྱིན་པའི་ཟིལ་གྱིས་ནི། །རྙེད་པ་དང་ནི་བཀུར་སྟི་དང༌། །འཁོར་བསྡུ་བ་ཡི་བསམ་པ་དང༌། །གཞན་ལ་ཕྲག་དོག་བསམ་མི་མངའ། །བསླབ་པ་གསུམ་གྱིས་ཉེར་ཕྱུག་ཅིང༌། །ལུང་དང་རིགས་པ་མང་པོ་ཅན། །རྟག་ཏུ་གཞན་ལ་ཕན་དགོངས་པའི། །བཤེས་གཉེན་དམ་པ་འདི་ཡིན་ནོ། །གཉིས་པ་བསྟན་པ་ལ་བགྱི་བ་ཇི་ལྟར་མཛད་པའི་ཚུལ་ལ། ཉན་བཤད་ཇི་ལྟར་མཛད་པའི་ཚུལ། དེ་འཛིན་གྱི་སློབ་མ་ཇི་ལྟར་བྱུང་བ། རྗེས་ཀྱི་དགོངས་པ་ཇི་ལྟར་གང་བ་རྣམས་སོ། །དང་པོ་ལ། མཚན་ཉིད་ཐེག་པའི་ཆོས་ཇི་ལྟར་གསུངས་ཚུལ་དང༌། སྔགས་ཀྱི་ཐེག་པའི་ཆོས་མདོ་ཙམ་གསུངས་ཚུལ་ལོ། །དང་པོ་ནི། སྤྱིར་རྗེ་བཙུན་དམ་པ་འདིས་རང་ལོ་ཉེར་བརྒྱད་པ་ནས་བདུན་ཅུ་རྩ་གསུམ་པའི་བར་ཀ་ཆེན་བཞི་པོ་གཙོ་བོར་གཞག་པའི་སྡེ་སྣོད་ཀྱི་ཆོས་རྣམས་གཞུང་ཚུགས་པར་གསུངས། དེ་ནས་ཀྱང་བརྒྱད་ཅུ་ནམ་བཞེས་ཀྱི་བར་འདུལ་བ་མདོ་རྩ་བ་དང༌། མདོ་སྡེའི་རྒྱན་དང༌། སྤྱོད་འཇུག་ཚད་མ་རྣམ་འགྲེལ་རྣམས། ཆོས་ཐོག་གཅིག་གཉིས་ཙམ་སྦྲེལ་ནས་གསུངས་ཤིང༌། གཞན་ཡང་ཉམས་ལེན་གྱི་ཆོས་རྣམས་གསུངས་སོ། །དེ་ནས་བརྒྱད་ཅུ་རྩ་བདུན་པའི་བར་དུ་འགྲོ་བ་ལ་ཕན་པའི་དབང་དང་ཁྲིད་ཀྱི་རིམ་པ་རྣམས་གཙོ་བོར་གསུངས་སོ། །དེ་ཡང་ཅུང་ཟད་ཕྱེ་སྟེ་བཤད་ན། རྗེ་ཉིད་ཀྱི་རང་ལོ་ཉེར་བརྒྱད་པ་ནས་སུམ་ཅུ་པའི་བར། ལ་སྟོད་བཟང་ལྡན་གྱི་ཆོས་གྲྭར། རྣམ་འགྲེལ་དང་རིགས་གཏེར། མངོན་པ་གོང་མ་གསུམ་ལ་ཉན་བཤད་མཛད། རྣམ་འགྲེལ། རྒྱུད་བླ་མའི་གོ་ཊཱིཀ་ཐུགས་ཡུལ་དུ་བསྒྲིགས་ནས་བསྙེལ་མི་སྲིད་པའི་ཚུལ་གྱིས་བྱང་བར་མཛད། དུས་དེར་དབེན་པ་ལ་དགའ་བའི་གཏམ་མཛད་ཀྱིན་ཡོད་པའི་ཚེ། རྗེ་རོང་ཆེན་པ་དབུས་ནས་ས་སྐྱར་ཕེབས་དུས་ཀྱི་ཞལ་ལྟས་ཕྱག་ཕྱིར་ཁྲིད། སྣར་ཐང་ནས་བཟུང་སྟེ་ཟུར་ཆོས་པ་ལོ་གསུམ་མཛད། དེའི་ཚེ་རྗེ་རིན་པོ་ཆེའི་ཕྱག་ཕྱིར་བཞུགས་པའི་ཀ་བཅུ་པ་དཀར་ནག་ཁྲ་གསུམ་ཞེས་གྲགས་པ་དང༌། རོང་ཆུང་ཡེ་ཤེས་རྒྱལ་མཚན་ཞེས་གྲགས་པའི་མཁས་པ་ཆེན་པོ་དང༌། དུས་ཕྱིས་བྱམས་ཆེན་རབ་འབྱམས་པར་གྲགས་པ་ལ། དུས་དེ་ཙམ་ནས་སྐྱོག་པོ་ཀ་བཞི་པར་གྲགས་པ་སོགས་མཁས་པ་ཕལ་ཆེ་བས་ཆོས་གསན། རྗེ་རིན་པོ་ཆེའི་གསུང་བགྲོས་ཐམས་ཅད་ཐུགས་ལ་མངའ་བར་གྲགས། མཚལ་མིན་པ་ལ་དུས་འཁོར་གྱི་ཆོས་སྐོར་ཡང་དེ་སྐབས་སུ་གསན་པ་ཡིན་ཞིང༌། སླར་ཡང་བཟང་བློ་བ་ལ་སློབ་དཔོན་དབྱིག་གཉེན་གྱི་གཞུང་ལུགས་ལ་མཁས་པར་མཛད། རང་ལོ་སོ་གསུམ་པ་ལ་རྗེ་གོང་མའི་ཕྱག་ཕྱིར་སྙེ་ཕུ་ཤུག་གསེབ་ན་བཞུགས་པའི་ཚེ། གསང་ཕུ་གླིང་སྨད་བགྲོས་རྙིང་པས། མཁས་པ་རཏྣ་ཤྲཱིའི་གདན་སར་སྤྱན་དྲངས། ས་མོ་བྱའི་ལོ་ནས་ཆུ་མོ་ཕག་གི་བར་ལ། ལོ་བཅོ་ལྔར་གསང་ཕུར་འཆད་ཉན་མཛད། ཕག་ལོ་ནས་རྟ་ལོའི་བར་ལོ་བརྒྱད་ཤྲཱི་ན་ལེནྡྲ་དང་གླང་རི་ཐང་དུ་ཕེབས་ནས་བྱ་བྲལ་བཤད་ཉན་དང༌། ཟུར་ཆོས་ཀྱི་སྦྱོར་རྩི་མཚལ་པ་རིན་རྒྱལ་གྱིས་མཛད། འབྲུག་ལོ་ལ་རྗེ་རིན་པོ་ཆེ་གོང་མ་བདེ་བར་གཤེགས་པས་ཐུགས་སྐྱོ་ནས། རྗེ་ངོར་པ་ཆེན་པོ་མཇལ་བ་ལ། དཔོན་སློབ་སུམ་ཅུ་ཙམ་གྱིས་ཨེ་ཝཾ་ཆོས་ལྡན་དུ་ཕེབས། རྗེ་གོང་མའི་ཞལ་ནས་ས་སྐྱ་དགའ་ལྡན་གྱི་འཆད་ཉན་ལ་བྱོན་ན་ལེགས་ཞེས་གསུང་ཡང་ཨེ་ཝཾ་ཉིད་དུ་ཆོས་གསན་པ་དང༌། མཚན་ཉིད་ཉན་བཤད་སྒྲགས་ནས་མཛད། དེ་ནས་ཆུ་ཕོ་སྤྲེའུའི་ལོ་ལ། བྱམས་ཆེན་ཆོས་རྗེ་དང༌། དྲུང་ཆེན་ནོར་བུ་བཟང་པོ་ཡོན་མཆོད་ཀྱིས། བྲག་དམར་ཆོས་སྡེའི་འཆད་ཉན་ལ་སྤྱན་དྲངས། འཆད་ཉན་པའི་ཞིང་ཁང་ཕུལ། ཆོས་དབར་པན་གྱི་ཁྱུང་ཚང་དུ་མཛད། དེ་ནས་ལོ་བདུན་ལོན་པ་སྟག་གི་ལོ་ལ། རྒྱ་གན་ནང་པས་ཟི་ལུང་དུ་སྤྱན་དྲངས། ས་ཕུག་དང་ས་ཞིང་སྐུ་ཁམས་ནམ་བཟང་གི་བར་དུ་ཕུལ། དེའི་ཚེ་ཟུར་ཆོས་པ་ནི། ཐོག་མར་མཚལ་པ་ཤེས་རིན། དེ་རྗེས་རྒྱལ་རོང་པ་བློ་གྲོས་སེང་གེ དེ་རྗེས་ཉང་སྟོད་པ་ཟླ་བ་སེང་གེ་རྣམས་ཀྱིས་མཛད། དེ་དག་ནི་སྤྱི་བའི་ཡིན་ལ། ཕྱིས་རྟིང་བཤེས་གཉེན་ཆོས་ཀྱི་བཟང་པོ་ལ་སོགས་སོ་སོར་ངེས་པ་དུ་མ་བྱུང་ངོ༌། །དེ་དག་གི་སྐབས་སུ་སྡེ་སྣོད་ཀྱི་ཆོས་གསུང་བ་ནི། གོང་དུ་སྨོས་པའི་བསླབ་སྦྱངས་མཐར་ཕྱིན་ནས་ཐུགས་ལ་བསྙེལ་མེད་དུ་གནས་པ་དེ་དང་དེ་དག་གཙོ་ཆེ་བ་ཡིན་ལ། དེ་ཡང་རྗེ་འདི་ཉིད་ནི་སློབ་མ་ལ་འཆད་པ་དང༌། ནང་དུ་ཡང་དག་འཇོག་པ་དང༌། ཐུན་མཚམས་ཀྱི་ཆོས་སྤྱོད་ལ་གཙོ་བོར་མཛད་པ་ཡིན་གྱི། སྔར་མ་གཟིགས་པའི་དཔེ་མང་པོ་ལ་གཟིགས་རྟོག་དང༌། བསྟན་བཅོས་གསར་དུ་རྩོམ་པ་ལ་གཙོ་བོར་མི་མཛད་དོ། །དེའི་ཤེས་བྱེད་ཀྱང་བླ་མ་གོང་མའི་ཕྲིན་ལས་ལ་གནོད་པར་སོང་དོགས་པ་དང༌། རྗེ་རོང་ཆེན་པ་ཉིད་ཀྱང་སློབ་མས་དཔེ་ཆ་གསར་དུ་སྦྱར་བ་ལ་ཐུགས་དགྱེས་རྒྱུ་མེད་ཅིང༌། རང་རེས་དགོངས་པ་དེ་བཞིན་དུ་བསྒྲུབས་པ་ལ་ཐུགས་ལ་ཤིན་ཏུ་འདོགས་ཤིང༌། སྐུ་མྱ་ངན་ལས་འདའ་ཀར་ཡང༌། སློབ་དཔོན་དོན་ཡོད་དཔལ་རང་རེའི་དགོན་པ་འདི་ཉིད་དུ་རྟག་ཏུ་སྡོད་ལ། ཁོ་བོའི་གསུང་རབ་ལ་འཆད་ཉན་མ་ནོར་བར་གྱིས་ཤེས་གསུང་སྟེ། ཇི་བཞིན་མ་གྲུབ་པ་ལ་ཤིན་ཏུ་ངོ་གནོང་ཡང་ཕར་ཕྱིན་གྱི་ཊཱིཀ་ཆེན་འདི་ལག་ཏུ་བླངས་ནས་ཚིགས་རིགས་འདོན་པ་པོ་རྒྱུན་མ་ཆད་ཙམ་བྱུང་བ་དང༌། ཚེ་བཅུ་བཞིའི་དུས་ཆེན་རེ་ཙམ་གང་འགྲུབ་བྱས་ན་དགོངས་པའི་ཆ་ཙམ་གང་བར་ཡོད་དོ་ཞེས་གསུང༌། དེ་ལྟར་ན་མདོ་སྡེ་བརྒྱན་གྱི་རྣམ་བཤད་རྒྱས་པ་བསྐུལ་བ་པོ་མི་ཆེན་གྱིས་འབུལ་བ་བཟང་བ་ལ་བརྟེན་ནས་སྦྱར་བ་དང༌། རིགས་གཏེར་གྱི་རྣམ་བཤད་བསྐུལ་བ་པོ་གླང་ཐང་སྤྱན་སྔས་བཀས་གནང་གཡག་ཊཱིཀ་ལས་བཏུས་ཏེ་སྦྱར་བ་དང༌། རྩ་ཤེའི་རྣམ་བཤད་རོང་ཊཱིཀ་ལས་བཏུས་ཏེ་སྦྱར་བ་དང༌། རྣམ་འགྲེལ་གྱི་གཞུང་དོན། ཕར་ཕྱིན་གྱི་སྤྱི་དོན། རྒྱུད་བླའི་གཞུང་དོན་རྣམས་སློབ་མས་ཟིན་བྲིས་སུ་བཏབ་པ་ལ་རྗེ་ཉིད་ཀྱིས་སྦྱར་བར་མཚན་བཏགས་པ་རྣམས་ཡོད་དོ། །རྩོད་པའི་ཚུལ་ཡང་རྗེ་རྒྱལ་རོང་པ་ཆེན་པོའི་ཟུར་ཆོས་པ་རྣམས་ཀྱི་ནང་ནས་རྩོད་པའི་ཁྱུ་མཆོག་ཏུ་གསལ་བར་གྲགས་ནས། དུས་དེར་རིགས་ལུང་གི་གྲྭ་འགྲིམ་པ་ཀུན་གྱིས་ཕར་ཚད་ཀྱི་ཟིན་ཐུན་རྩི་བར་མཛད་དོ། །གཉིས་པ་གསང་སྔགས་ཀྱི་ཆོས་གསུངས་ཚུལ་ནི། རང་ལོ་དྲུག་ཅུ་པ་མན་ཆད་དུ་ནི་ཡབ་ཆོས་ལ་བརྟེན་པའི་རྟ་མགྲིན་གྱི་རྗེས་གནང་རེ་ཙམ་དང༌། མཚན་བརྗོད་སོགས་ཀྱི་ལུང་ཙམ་དང༌། མན་ངག་གི་དམིགས་པ་སྣ་རེ་ཙམ་ལས་གཞན་མེད་ལ། ཕྱིས་ནི་རྗེ་ངོར་པ་ཆེན་པོའི་གསུང་ལས་བྱུང་བའི་གསང་འདུས། བདེ་མཆོག་གཤིན་རྗེ་གཤེད་སྐོར་གྱི་བཤད་པ་དགག་སྒྲུབ་ཀྱི་ལམ་ནས་དྲངས་པ་རྣམས་དང༌། ངན་སོང་སྦྱོང་རྒྱུད་ཀུན་རིག་གཞན་ཕན་འོད་ཟེར་གྱི་རྣམ་བཤད་རྒྱས་པ། ཀྱཻ་རྡོར་རྣམ་བཤད་གནད་ཀྱི་ཟླ་ཟེར་དང༌། གཞན་ཡང་ཕྱག་ལེན་ཕྲན་ཚེགས་རྣམས་ལ་དག་མ་དག་གི་བཤད་པ་ཆེས་མང་བར་མཛད་དོ། །དབང་དང་མན་ངག་གི་རིམ་པ་ལས་ནི། གླིང་དཀར་རྒྱལ་བུ་ལྷ་དབང་པ་ལ་ལམ་འབྲས་ཀྱི་ཁྲིད་རིམ། རྒྱུ་དུས་དང་ལམ་དུས་ཀྱི་དབང་དང་བཅས་པ་ཚར་གཅིག་མཛད། འབྲོག་རྒྱ་མཚོའི་ཆོས་མཛད་སོགས་སྒྲུབ་པ་པོ་སོ་སོ་ལ་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་ཀྱི་རིམ་པ་ཡོངས་རྫོགས། མཆོག་དབང་གོང་མ་གསུམ་དང་བཅས་པ་ཚར་བདུན་ཙམ་མཛད། བློ་སྦྱོང༌། དམར་ཁྲིད། དྲིལ་བུ་རིམ་ལྔ། གཤེད་དམར་སྤྲོས་མེད་སོགས་ནི་ཤིན་ཏུ་མང་བར་མཛད་པ་དང༌། ས་སྐྱོང་དང་མི་ཆེ་རྒུ་རྣམས་ལ་འཆི་བདག་འཇོམས་པ་དང༌། ཚེ་དཔག་མེད་ལྷ་དགུའི་དབང༌། རྡོ་རྗེ་ཆོས་སྐྱོང་དག་དང༌། མི་གཡོ་བ་དཀར་པོའི་རྗེས་གནང་ལ་སོགས་པ་མཛད་དོ། །དེ་དག་ལ་འདི་སྐད་ཅེས། འགྲོ་བ་འགའ་ཡི་སེམས་རྒྱུད་ལ། །ཕན་དང་བྱིན་གྱིས་རློབ་པའི་ཕྱིར། །དབང་དང་གདམས་པ་འགའ་མཛད་མོད། །རྙེད་དང་བཀུར་སྟིའི་དགོངས་མི་མངའ། །སྡེ་སྣོད་གསུམ་དང་རྟོག་གེ་དང༌། །རྡོ་རྗེའི་ཐེག་པར་གང་བཤད་པ། །རྒྱལ་བ་ཉིད་དང་རྗེ་གོང་མའི། །དགོངས་པ་ཟབ་མོ་བསྐང་ཕྱིར་དང༌། །རིང་དུ་གནས་པའི་ཕྱིར་དགོངས་ཀྱི། །འཇིག་རྟེན་ལུགས་ཀྱི་ཆོས་བརྒྱད་པོ། །སྒྲུབ་པའི་བསམ་པ་འདིར་མི་མངའ། །ཞེས་བྱའོ།།  །།གཉིས་པ་བུ་སློབ་ཀྱི་མཆོག་ཇི་ལྟར་བྱུང་བ་ནི། སྤྱིར་ཕར་ཕྱིན་ཐེག་པའི་བཤད་ཉན་ལོ་གྲངས་ལྔ་བཅུ་ལ་ཐུག་པ་རྒྱུན་མི་འཆད་དུ་སློབ་མའི་གྲངས་བརྒྱ་ལས་མི་ཉུང་བ་ལ་མཛད་པ་དེ་དག་ཀྱང༌། ཆོས་འབྲེལ་རེ་ཙམ་དང་ལུང་ཐོབ་རེ་ཙམ་བྱས་པ་མ་ཡིན་གྱི། གཞུང་ལུགས་ཕྱོགས་རེ་ལ་བསླབ་སྦྱངས་དང་ཤེས་རྒྱུད་ལ་ཤིན་ཏུ་གཤིན་པར་བྱས་པ་དག་ཡིན་པས། བསྟན་པའི་རྒྱུན་ལ་ཕན་པའི་བཤེས་གཉེན་གྲངས་མེད་པ་དག་བྱོན་པ་ནི་ངོ་མཚར་བསམ་གྱིས་མི་ཁྱབ་བོ། །འོན་ཀྱང་ཕྱི་རབས་པ་སྤྲོ་བ་བསྐྱེད་པའི་ཕྱིར། བསྟན་འཛིན་གྱི་བཤེས་གཉེན་དང་མི་ཆེན་གྱི་སློབ་མའི་གྲངས་མདོ་ཙམ་བརྗོད་པ་ནི། ཆོས་ལུང་ཚོགས་པའི་མཁན་པོ་བཤེས་གཉེན་བཟང་པོ་དང༌། ཉི་མ་རྒྱལ་མཚན་པ་ནི་དྲུང་ཉིད་དུ་སྡེ་སྣོད་ཀྱི་བསླབ་སྦྱངས་མཐར་ཕྱིན་པར་མཛད་ཅིང༌། སྣེའུ་གདོང་གོང་མ་དང༌། འབྲི་ཁུང་རིན་པོ་ཆེའི་བླ་མར་གྱུར་ནས། ཁྲི་བསྐོར་བཅུ་གསུམ་གྱི་བདག་པོ་ཀུན་གྱི་ཕྱག་བྱ་བའི་གནས་སུ་གྱུར་པ་དང༌། ཡང་ཚོགས་པ་དེའི་མཁན་རབས་ལྔ་ཙམ་གྱིས་ཆོས་འབྲེལ་ཞུས་ནས་ཞབས་རྡུལ་སྤྱི་བོར་བླངས་པ་དང༌། གསང་ཕུ་ནེའུ་ཐོག་ཏུ་ལོ་ཆེན་གྱི་གདན་སར་ཕེབས་པའི་བཤེས་གཉེན་གྲགས་པ་རྒྱལ་མཚན་དང༌། ཟུར་ཆེན་དུ་བྱོན་པའི་ཉན་པོ་བ་ཆོས་ཀྱི་རྣམ་རྒྱལ་དང༌། ཁྲ་ཕུ་བ་སངས་རྒྱས་བཟང་པོ་རྣམས་ནི། དྲུང་ཉིད་དུ་བསླབ་སྦྱངས་མཐར་ཕྱིན་ཞིང་མཁས་པའི་གྲགས་པ་ཐོབ་ནས། གྲྭ་ས་དེ་ཉིད་དུ་ཉན་བཤད་ཡུན་རིང་དུ་མཛད་དོ། །ཡང་བྱམས་ཆེན་རབ་འབྱམས་པར་གྲགས་པ་ཆོས་ཀྱི་རྗེ་སངས་རྒྱས་འཕེལ་དང༌། ཀ་བཅུ་པ་ནག་པོར་གྲགས་པ་དཔལ་གཞོན་དང༌། རོང་སྟོན་ཡེ་ཤེས་རྒྱལ་མཚན་རྣམས་ནི། རྗེ་ཉིད་ཟུར་ཆོས་པ་མཛད་པའི་དུས་སུ་ཕར་ཚད་ཀྱི་བསླབ་སྦྱངས་རགས་པ་མཛད་པའི་སློབ་མ་ཡིན་ཞིང༌། བཤེས་གཉེན་ཕྱི་མ་གཉིས་པོ་འདིས་ཀྱང་ཉན་བཤད་རྒྱུན་རིང་དུ་མཛད་དོ། །མངའ་རིས་ནས་གཞི་སྡེ་མཁྱེན་རབས་པར་གྲགས་པ་དང༌། རྭ་དབོན་ཆོས་རྗེར་གྲགས་པ་གཉིས་ནི། དྲུང་ཉིད་དུ་བསླབ་སྦྱངས་མཐར་ཕྱིན་པར་མཛད་ཅིང༌། གཞི་སྡེ་བ་ནི་མངའ་རིས་སྟོད་ཀྱི་དགེ་འདུན་གྱི་སྡེ་ཆེན་པོའི་བདག་པོར་གྱུར་པ་དང༌། རྭ་དབོན་ནི། མདོ་སྔགས་དང་རིགས་པའི་གནས་ཀྱི་མཁྱེན་རབས་རྒྱ་མཚོའི་ཕ་རོལ་དུ་སོན་ནས། མངའ་རིས་སྨད་ཀྱི་བསྟན་པའི་བདག་པོར་གྱུར་པའོ། །གཞན་ཡང༌། མངའ་རིས་དང་དབུས་གཙང་མདོ་ཁམས་ན། སློབ་མ་ལ་ཆོས་འཆད་པ་ཤིན་ཏུ་མང་མོད་ཀྱང་མདོ་ཙམ་སྟེ། རང་རེས་ཀྱང་རང་ལོ་བཅུ་གཅིག་པ་ནས་བཅུ་དྲུག་པའི་བར་དང༌། ཡང་རང་ལོ་ཉི་ཤུ་པ་ནས་ཉེར་གསུམ་པའི་བར་དེར་རྗེ་ཉིད་ཀྱི་དགོངས་པ་ལ་མངའ་བའི་གསུང་རབ་གོང་དུ་སྨོས་པ་དེ་དག་གཉན་ཞིང་བཟུང་ནས། དུས་རེ་ཤིག་གི་བར་དུ་གློ་བ་ལ་བྱང་བར་བྱས་སོ། །གླང་རི་ཐང་གི་སྤྱན་སྔ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ནི། འདུལ་བ་མདོ་རྩ་བ་ཚར་གཅིག ཚེ་དཔག་མེད་ལྷ་དགུའི་དབང་དང༌། མན་ངག་གི་གནད་འགའ་ཞིག་གསན་ཞིང༌། རྒྱལ་ལྷ་ཁང༌། གླང་རི་ཐང༌། ནཱ་ལེནྡྲ་གསུམ་གྱི་གདན་ས་རིམ་པར་མཛད་ནས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་མཛད་དོ། །རྒྱལ་རོང་གི་ལྕགས་ལྷ་དབོན་པོ་ངག་དབང་གྲགས་པས་ནི། དྲུང་ཉིད་དུ་བསླབ་སྦྱངས་མཐར་ཕྱིན། ཡོན་ཏན་མཁས་པར་མཁྱེན། རྣམ་འགྲེལ་གྱི་གསུང་བགྲོས་ཟིན་བྲིས་སུ་བཏབ་པའོ། །བྱམས་ཆེན་ཆོས་རྗེ་སྐུ་སྐྱེ་རིན་པོ་ཆེ་དང༌། རྟིང་ཁེམས་ཆོས་རྗེ་སྐུ་མཆེད་གསུམ་གྱིས་ཆོས་འབྲེལ་ཞུས་ནས་དད་པ་ཐོབ་པར་མཛད་དོ། །གཉིས་པ་མི་ཆེན་གྱི་སློབ་མ་ནི། དགུང་ལོ་རེ་བདུན་པ་ལ། ས་སྐྱོང་མཚོ་སྐྱེས་པ་དང༌། ཧོར་ཤཱཀྱ་རྒྱལ་མཚན་ལ་འཆི་བདག་འཇོམས་པའི་དབང་མཛད་པ་ནས་བཟུང་སྟེ་ཟབ་ཆོས་རིམ་པར་གནང༌། དགུང་ལོ་དོན་ལྔ་པ་ལ། ས་སྐྱོང་ཆེན་པོ་དོན་གྲུབ་རྡོ་རྗེས། ཚེ་དབང་ཚེ་སྒྲུབ་གསན་པ་ནས་བཟུང་སྟེ་ལོ་བཅུ་གཉིས་ཀྱི་བར་དུ་གསུང་ཆོས་རིམ་པར་གནང༌། དགུང་ལོ་བརྒྱད་ཅུ་པ་ལ། ས་སྐྱོང་ཁྲི་ཐོག་པ་དང༌། སྒར་ཆེན་པ་སྐུ་མཆེད་ཀྱི་དབང་དང་གདམས་པ་མང་དུ་གསན། དེ་ནས་ལོ་བརྒྱད་ཀྱི་བར་དུ་གསུང་ཆོས་རིམ་པར་གནང་བ་ཡིན་ནོ། །རྒྱ་མ་ཁྲི་དབོན་ནམ་མཁའ་རྒྱལ་མཚན་པས་ནི། རོང་ཆེན་པ་ནས་བརྒྱུད་པའི་ཚེ་སྒྲུབ་གསན། གསུམ་པ་མཐར་ཕྱིན་པའི་མཛད་པ་ནི། དགུང་ལོ་གྱ་གཅིག་པ་ཙམ་ནས་གནས་ངེས་མེད་ཀུན་དུ་བསྐྱོད་ཅིང་དབེན་པ་ལ་དགྱེས་པའི་གཏམ་མང་དུ་མཛད་པ་ལ། རང་རེ་རྣམས་ཀྱིས་ཞུས་པ་ནི། སྐུ་ནས་བྱོན་པའི་སྟོབས་ཀྱིས་དགེ་འདུན་ཚོགས་པའི་གནས་འདིར་རྟག་པར་གདན་ཆགས་པ་ལེགས་ཞེས་ཞུས་པ་ན། དབེན་གནས་གང་ཤར་དུ་ལུས་སེམས་བདེ་བར་འོང༌། གལ་ཏེ་མི་འཚོ་བའི་མཚན་མ་བྱུང་ན་ཁྱེད་རྣམས་པ་ཐུགས་གཡེང་ལ་གཏོད་པས་བྱེས་ལམ་དུ་མ་ལུས་པར་འཁོར་འོང་ཞེས་གསུང་བ་ནི་ནར་མའི་ཞལ་ཏ་ཡིན། དེ་བཞིན་དུ་ཡོས་ལོ་ཧོར་ཟླ་བཅུ་གཅིག་པའི་ཉེར་ལྔ་ལ། ནང་སོས་མཐོང་སྨོན་དུ་སྤྱན་དྲངས། ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་ཉིན། ནང་སོ་ནས་གསུང་ཆོས་རིམ་པར་གནང་དགོས་པའི་གསོལ་བ་བཏབ་ཀྱང་མ་གནང་བར་དགོན་པ་ཤར་དུ་ཕེབས་བྱོན། སྙུང་བའི་རྣམ་པ་ཆེར་མེད་ཀྱང་ཕྱག་རྫས་གང་ཡོད་སྐུ་རིམ་ལ་བཏང༌། །ཚེས་བཅོ་ལྔའི་ཉི་ཤར་ལ། རྡོ་རྗེའི་སྐྱིལ་ཀྲུང་དང༌། ཕྱག་གཡས་པ་བདུད་འདུལ་བ་དང༌། གཡོན་པ་མཉམ་གཞག་མཛད་ནས་དགའ་ལྡན་གྱི་གནས་སུ་བདེ་བར་སྐྱོད་དོ། །དེའི་ཚེ་སྟོང་པ་ཉིད་རྟོགས་པའི་རྟགས་སུ་ནམ་མཁའ་གཡའ་དག དགའ་ལྡན་གྱི་གནས་སུ་རྗེ་བཙུན་ལ་དངོས་སུ་མཇལ་བའི་རྟེན་འབྲེལ་དུ་མེ་ཏོག་གི་ཆར་ཆེན་པོ་བབ། དེ་ནས་ཞག་ཤས་སོང་བ་ནས། རྗེས་འཇུག་རྣམས་ལ། ལོངས་སྤྱོད་ཀྱི་རྟེན་འབྲེལ་དུ་ཁ་ཆར་ཆེན་པོ་ཞག་སྦྲེལ་དུ་བབ། དེ་ནས་ལོ་གཅིག་གི་བར་སྐུ་གདུང་བཞུགས་སུ་གསོལ། གདུང་མཆོད་རྒྱུན་མི་ཆད་པར་བགྱིས། སྦྲུལ་ལོ་ཧོར་ཟླ་དང་པོ་ལ་གདུང་ཞུགས་ལ་ཞེན་པའི་ཚེ། མེ་ཏོག་གི་ཆར་ཆེན་པོ་ཞག་གྲངས་དུ་མར་སྤྲེལ་ནས་བབ། ནམ་མཁའ་གཡའ་དག་པ། འཇའ་ཚོན་གྱི་ཕྲེང་བས་ཕྱོགས་ཀུན་ནས་མཛེས་པར་བཀྲིགས། རིང་སྲེལ་ཁ་དོག་སྣ་ལྔ་དང༌། དབུ་ཐོད་རིལ་དུ་བྱོན་ནོ། །དེ་ནས་དགོངས་རྫོགས་ཀྱི་རིམ་པ་བསྒྲུབས་ཚུལ། ཕྱི་རྟེན་ནང་རྟེན་བཞེངས་ཚུལ། ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་རྣམས་ནི་གཞན་དུ་ཤེས་པར་བྱའོ། །ཡང་སྨྲས་པ། ལོ་བདུན་པ་ལ་རབ་ཏུ་བྱོན་པ་ནས། །གྱ་བདུན་པ་ལ་བྱམས་པའི་དྲུང་གཤེགས་བར། །དགེ་བའི་བཤེས་ཀྱི་རྣམ་ཐར་མདོར་བསྡུས་ཤིག །སྔོན་ནས་བརྗོད་ཟིན་དེང་འདིར་རང་ཉིད་ཀྱིས། །མཐོང་དང་ཐོས་པའི་ཆ་ཤས་གང་མཆིས་ཙམ། །བརྗོད་པ་འདི་ནི་སྡེ་སྣོད་རབ་འབྱམས་དུ། །སྨྲ་བ་བཤེས་གཉེན་དབུ་ལེགས་གདན་ས་པ། །ཡོན་ཏན་གྲགས་པས་གསེར་ཞོ་བཅུ་གསུམ་གྱི། །མེ་ཏོག་དང་བཅས་བསྐུལ་བའི་ཞལ་ངོར་ནི། །བཅུ་གཅིག་ལོ་ནས་ལྔ་བཅུ་བདུན་གྱི་བར། །མགོན་དེའི་ཞབས་སྐྱེས་པད་མོའི་གེ་སར་རྡུལ། །རིགས་པར་བསྟེན་པས་བསྐལ་བཟང་ཉེར་ཐོབ་པ། །ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། །ཤིང་མོ་ཡོས་ཀྱིས་ཆུ་སྟོད་ཟླ་བ་ལ། །གུས་པར་སྦྱར་བའི་རྣམ་དག་ཡི་གེ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱའི་མིང༌། །དེ་ཡི་དགེ་བས་སྐྱེ་བ་ཐམས་ཅད་དུ། །མི་དགེའི་བཤེས་དང་ནམ་ཡང་མི་ཕྲད་ཅིང༌། །དགེ་བའི་བཤེས་ཀྱི་རྣམ་པར་ཐར་པ་ལ། །རབ་ཏུ་དད་པས་དགྱེས་བཞིན་རྗེས་འཛིན་ཤོག།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*