དཔལ་ལྡན་ས་སྐྱ་རྗེ་བཙུན་གོང་མ་ལྔའི་རྟོགས་བརྗོད་དང་གཞན་ཡང་བསྟོད་ཚོགས་འགའ།

༼ཙ༽༄༅། །དཔལ་ལྡན་ས་སྐྱ་པ་རྗེ་བཙུན་གོང་མ་ལྔའི་རྟོགས་བརྗོད་དང༌། གཞན་ཡང་བསྟོད་ཚོགས་འགའ་ཞིག་བཞུགས།། རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་རྟོགས་བརྗོད་ལས། ས་སྐྱ་པ་ཆེན་པོའི་རྟོགས་བརྗོད།། 

༄། །སྭསྟི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །སྐབས་སུ་རྒྱལ་སྲས་སྦྱིན་པའི་དཔལ། །ཕྱོགས་འདིར་འཁོན་གྱི་ཚུལ་འཛིན་པའི། །དཔལ་ལྡན་བརྩེ་བ་ཆེན་པོ་ནི། །རྣལ་འབྱོར་དབང་ཕྱུག་བིརྺ་པ། །བསམ་ཡས་འགྲོ་བའི་དོན་སླད་དུ། །བསམས་ཤིང་སྐྱེ་བ་བཞེས་གྱུར་པ། །ཡིན་པར་མ་འཁྲུལ་ཤེས་བྱེད་ནི། །བརྒྱ་ཕྲག་སྟོང་གི་འཐད་པ་དང༌། །བཅས་པས་ལེགས་པར་གྲུབ་ཟིན་པ། །དེ་ལ་རྣམ་དཔྱོད་རྩལ་ལྡན་དག །སོམ་ཉིར་འགྱུར་བའི་གོ་སྐབས་ཅི། །ཉིད་ཀྱི་གདུང་འཚོབ་སྲས་དང་ནི། །བརྒྱུད་པར་བཅས་པ་རིམ་བྱོན་པ། །དེ་དག་རྣམས་ཀྱིས་ཆོས་དང་ནི། །སྲིད་ཀྱི་ཕྱག་རྗེས་གང་བཞག་པ། །སྔོན་དུས་བྱུང་བར་གྱུར་ཟིན་དང༌། །ད་ལྟར་ཡོད་དང་མ་འོངས་སུ། །གདོན་མི་ཟ་བར་འབྱུང་ངེས་པའི། །རྒྱུ་ཚོགས་མ་ཚང་མེད་འདི་དག །སྤྱན་རས་གཟིགས་དབང་ལྟ་བུ་ཡི། །སྙིང་རྗེ་ཅན་དང་མཐུ་སྟོབས་ཀྱི། །དབང་ཕྱུག་བིརྺ་པ་ལྟ་བུ། མིན་པ་སུ་ཞིག་གིས་བསྐྲུན་ནུས། །དེ་ཕྱིར་ཁྱོད་ལ་ཕྱག་བཙལ་བས། །ཁྱོད་ཀྱི་རྡོ་རྗེ་རྣམ་གསུམ་པོ། །གང་འདིའི་རྡོ་རྗེ་རྣམ་གསུམ་ལ། །ནམ་ཡང་འབྲལ་བ་མེད་གྱུར་ཅིག །ཤུབྷཾ།།  །།  ༄༅། །སྭསྟི། སློབ་དཔོན་རིན་པོ་ཆེ་ལ་བསྟོད་པ། དཔལ་ལྡན་འདུས་པའི་གཞལ་མེད་ཁང་དབུས་སུ། །བརྩེ་ཆེན་འཇམ་པའི་རྡོ་རྗེ་ཡུམ་བཅས་པས། །དཀྱིལ་འཁོར་འཁོར་ལོ་མངལ་ནས་འབྱིན་ཚུལ་གྱི། །རིགས་སྲས་བསྐྲུན་པའི་ཆོ་གས་འདིར་འཁྲུངས་པ། །འཇམ་པའི་དཔལ་ཉིད་གདུང་འཚོབ་རིགས་བཞིར་བྱོན། །རྡོ་རྗེ་རྣོན་པོ་ཀུན་དགའ་ཡེ་ཤེས་འབར། །རིན་ཆེན་རིགས་གྱུར་བསོད་ནམས་ཡེ་ཤེས་རྩེ། །དབང་ཕྱུག་བརྒྱད་མངའ་འཇམ་དཔལ་གྲགས་པའི་མཚན། །ཕྲིན་ལས་མ་ལུས་གྲུབ་པའི་དཔལ་ཆེན་འོད། །དགྱེས་མཛད་རྡོ་རྗེའི་ཐུགས་ཀྱི་བང་མཛོད་ལ། །དབང་འབྱོར་གྲུབ་པ་ཆེན་པོའི་ས་བརྙེས་པ། །མི་ཐུབ་ཟླ་བར་གྲགས་པའི་དཔའ་བོ་ནི། །བོད་ཡུལ་བསོད་ནམས་རྩེ་མོར་འཁྲུངས་སོ་ཞེས། །མཁའ་འགྲོའི་ཚོགས་ཀྱི་རྡོ་རྗེའི་གདན་སྒོ་ལ། །ཡི་གེར་བྲིས་པའི་རི་མོ་གསལ་མཐོང་བའི། །ཡེ་ཤེས་སྤྱན་ལྡན་མང་པོས་འདིར་བསྔགས་པ། །སྔོན་བསགས་བསོད་ནམས་རྩེ་མོར་བྱོན་འདི་ནི། །བརྩེ་ཆེན་ཉིད་ལས་བརྒྱུད་པའི་གསང་སྔགས་ཆོས། །དབང་གཞུང་མན་ངག་ཟབ་མོར་གྱུར་ཇི་སྙེད། །གཅིག་ནས་གཅིག་ཏུ་བུམ་པ་གང་བྱོའི་ཚུལ། །གསན་ཅིང་ཉམས་མྱོང་གྲུབ་པའི་ས་དང་ནི། །ཀུན་ཀྱང་འཆད་ལ་རིགས་དང་གྲོལ་བས་ནི། །སྨྲ་བའི་སྤོབས་པ་ཆུ་བོའི་རྒྱུན་ལྟ་བུ། །བཅོ་བརྒྱད་རང་ལོའི་དུས་སུ་ལྷུན་གྱིས་གྲུབ། །དེ་ནས་དེ་ཚེ་ཕ་རོལ་ཕྱིན་པ་ཡི། །ཆོས་ལུགས་ཀུན་དང་རིགས་གཞུང་ཟླ་བྲལ་བ། །མདོ་དང་སྡེ་བདུན་བསྡུས་པར་བཅས་དེ་དག །ནེའུའི་ཐོག་ན་ཆོས་ཀྱི་སེང་གེ་ཞེས། །མདོ་ཡུལ་མཁས་པའི་གཙུག་ན་ལྷམ་མེ་བ། །དེ་གསུང་ཉིད་ལས་ལོ་གྲངས་བཅུ་གཅིག་ཏུ། །རིགས་པར་སྦྱངས་ནས་འཆད་དང་རྩོམ་པ་ལ། །ས་སྟེངས་ཀུན་ན་མཁས་པའི་གྲགས་དཀར་ཐོབ། །དེ་ནས་གདན་སར་ལོ་གྲངས་བཅུ་ལྷག་ཏུ། །རང་གཞན་གཞུང་ལུགས་འཆད་དང་རྩོད་པ་དང༌། །བསྟན་པའི་སྲོག་ཤིང་ཚུགས་པར་བརྩོམས་པ་དང༌། །བསྐྱེད་རིམ་བསོད་ནམས་ཚོགས་ཆེན་རྫོགས་པ་དང༌། །རྫོགས་རིམ་ཡེ་ཤེས་རྩེ་མོར་བྱོན་མཛད་ནས། །མཐའ་ཡས་འགྲོ་བ་དབང་གིས་སྨིན་པ་དང༌། །སྐལ་བཟང་མང་པོ་ལམ་གྱིས་གྲོལ་བ་དང༌། །གོང་མའི་ཆོས་ལུགས་ཡིད་བཞིན་ནོར་བུའི་དཔལ། །གྲགས་པའི་རྒྱལ་མཚན་རྩེ་མོར་བཀོད་ཟིན་ནས། །གངས་ཅན་ལྗོངས་འདིར་གཞན་གྱིས་མི་བསྐྲུན་པའི། །རིགས་གནས་མདོ་རྒྱུད་མན་ངག་ཆུ་བོའི་རྒྱུན། །སྲིད་མཐའི་བར་དུ་འབབ་ལ་གེགས་མེད་པའི། །བཀའ་དྲིན་བླ་མེད་སྩོལ་མཛད་བསོད་ནམས་བརྩེ། །ཕྱག་ཆེན་མཆོག་གི་དངོས་གྲུབ་དེ་བརྙེས་ནས། །མཉམ་རྗེས་ཀུན་ཏུ་མ་དག་སྣང་བ་ནི། །ཅི་ཡང་མི་གཟིགས་སྐུ་ལུས་དེ་ཉིད་ཀྱིས། །བདེ་བ་ཅན་དུ་གཤེགས་ཞེས་ཡེ་ཤེས་ཀྱི། །སྤྱན་ལྡན་མང་པོས་གསལ་བར་མཐོང་བ་ཅན། །ལ་ལས་གཞན་དུ་མཐོང་ཡང་མ་དག་པའི། །རྫུན་སྣང་འཁྲུལ་པར་སུ་ཞིག་ཡིད་རྟོན་བྱེད། །འཇིག་རྟེན་ཡུལ་ལས་འདས་ཁྱོད་ཕྱག་གི་གནས། །མདོ་སྔགས་གཞུང་གི་མངོན་རྟོགས་དཔག་བསམ་ཤིང༌། །རབ་བརྟན་རྩ་བ་ཚུགས་པར་འཛུགས་པ་དང༌། །རྟོག་པའི་རླུང་གིས་ནམ་ཡང་མི་བསྒུལ་དང༌། །འཆི་མེད་ཉམས་ལེན་བདུད་རྩིས་འདིར་ཁེངས་པ། །གོང་མའི་སྙན་བརྒྱུད་ཁྱོད་ཀྱིས་ཡི་གེར་བཀོད། །ངོ་བོ་ཉིད་མེད་སྨྲ་གཞུང་སྤྲོས་པ་ཡི། །མཚན་འཛིན་ཁེགས་པའི་རིགས་གཞུང་བཟང་མོད་ཀྱི། །རྣམ་གྲངས་མིན་པའི་དོན་དམ་མ་བསྟན་ཞེས། །ཐལ་རང་དབུ་མའི་ངེས་པ་ཁྱོད་ཀྱིས་བཤད། །ཟུང་འཇུག་བློ་ཡི་ཉམས་སུ་བླང་བྱའི་ཆོས། །རྣམ་གྲངས་མིན་པའི་དོན་དམ་བདེན་གང་དེ། །རྙེད་ཐབས་སྔགས་ལས་ལུགས་གཞན་ལ་མེད་ཅེས། །གྲུབ་མཐའི་རྩེ་མོ་སྔགས་ཀྱི་དབུ་མ་ནི། །མཐའ་བྲལ་ཚུལ་དུ་ཐོགས་མར་བསམ་བྱས་ནས། །ཟུང་འཇུག་ཚུལ་གྱིས་ཉམས་སུ་ལེན་ཤེས་པ། །མདོ་རྒྱུད་མངོན་རྟོགས་དཔག་བསམ་ཁྱོད་ཀྱི་དྲིན། །ཕ་རོལ་ཕྱིན་གཞུང་རྒྱས་པར་མ་བསླབས་ན། །མཐའ་བྲལ་དབུ་མ་དེ་ལྟར་སྟོན་ནུས་སུ། །གོང་མའི་རྒྱུད་པ་ལས་འོངས་རིམ་མེད་ན། །ཟུང་འཇུག་ཚུལ་དེ་ཉམས་སུ་ལེན་མཁས་སུ། །དེ་ལྟར་བསོད་ནམས་བརྩེ་མོ་ཐམས་ཅད་མཁྱེན། །མཆོག་གི་དངོས་གྲུབ་བརྙེས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་འདི་གྲུབ་པའོ། །ཤུ་བྷཾ།། །།  ༄༅། །སྭསྟི། གྲགས་པའི་ཞབས་ཀྱི་རྟོགས་བརྗོད། དེ་ཉིད་ཀྱི་ཞབས་ལ་ཉེ་བར་བཏུད་དེ་སྐྱབས་སུ་མཆིའོ། །ལྷ་དང་ལྷ་མིན་བདུད་དང་མུ་སྟེགས་བྱེད། །མང་པོ་དག་ཀྱང་ཁྱོད་ཀྱི་ཞབས་རྡུལ་ལེན། །རྒྱ་གར་པཎ་ཆེན་ལ་ལའི་དྲེགས་འཇོམས་པའི། །རིག་པའི་གནས་དང་གཞུང་ལུགས་ཀུན་མཁྱེན་པའི། །རྣམ་དཀར་གྲགས་པའི་གདུགས་དཀར་འཛིན་ཁྱོད་ཀྱིས། །བསྟན་པའི་རྒྱལ་མཚན་ཚུགས་པར་བཟུང་བྱས་ནས། །དབོན་བརྒྱུད་རིམ་པར་བྱོན་རྣམས་འཛམ་གླིང་གི །ས་སྐྱོང་རྒྱལ་པོའི་ཕྱག་བྱའི་གནས་སུ་མཛད། །གླ་རྩིའི་དྲི་ཙམ་གྱིས་ཀྱང་གདུག་པའི་སྦྲུལ། །རྒྱང་རིག་ཡུལ་ནས་ཕྱིར་བཟློག་བརྩོམ་པ་ལྟར། །ཁྱོད་ཀྱི་མཚན་ཙམ་གྱིས་ཀྱང་དཔལ་མོའི་དཔལ། །དཔུང་གི་ཚོགས་པས་ས་གསུམ་ཡུལ་འདི་བོར། །གནམ་ཐེ་དཀར་པོས་ཁྱོད་ཞབས་འདུད་བྱས་ནས། །ཁོ་བོའི་བརྒྱུད་པས་འཛམ་གླིང་སྐྱོང་བའི་ཚེ། །ཁྱོད་ཀྱི་དབོན་བརྒྱུད་མཆོད་པའི་གནས་སོ་ཞེས། །ཡང་ཡང་གསོལ་གདབ་དང་དུ་བླངས་བྱས་ནས། །མ་འོངས་ལུང་བསྟན་བྱེད་པོ་ཁྱོད་ཀྱི་ནི། །བོད་ཡུལ་འགྱུར་བའི་བཀའ་དང་བསྟན་བཅོས་ཀུན། །གཟིགས་པར་མ་མཛད་གང་ཡང་ཡོད་མིན་ཞིང༌། །འཆད་པར་མི་ནུས་ལྟ་ཞིག་ག་ལ་མངའ། །དེ་ཕྱིར་འཁོར་ཚོགས་རྒྱ་མཚོའི་དབུས་སུ་ནི། །མ་བཤད་གཞུང་འགའ་མེད་ཅིང་དགོངས་འགྲེལ་ཚེ། །དཀའ་བའི་གནས་འགའ་གུད་དུ་ལུས་མ་མཆིས། །དེ་ཕྱིར་ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ། །དུས་དེར་མང་དུ་གསན་པའི་མཆོག་གྱུར་དང༌། །རྡོ་རྗེ་འཛིན་ཀུན་འདུས་པའི་གཙོ་བོ་ཞེས། །ཀུན་ཁྱབ་གྲགས་པའི་རྒྱལ་མཚན་འཛིན་ཁྱོད་ལ། །སུས་ཀྱང་མི་འགྲན་ཕྲག་དོག་ཡུལ་མ་གྱུར། །རང་རིགས་གོང་མའི་ཆོས་ལུགས་ཡོངས་རྫོགས་པ། །བརྩེ་ཆེན་ཉིད་དང་དེ་སྲས་མཐུ་བོ་ལས། །ཐོས་བསམ་སྒོམ་པའི་ཚུལ་དེ་སྨིན་གྱུར་པས། །བཤེས་གཉེན་གཞན་གྱི་ཞལ་ངོ་བརྟེན་མ་དགོས། །ཆོས་དང་སྲིད་ཀྱི་འབྱོར་ཚོགས་གང་ཇི་སྙེད། །འབད་མེད་དགོས་པ་ཆུ་ཆེན་རྣམ་བཞི་པོ། །རྒྱ་མཚོར་ཇི་བཞིན་ལྷུན་གྱིས་གྲུབ་གྱུར་པས། །ཡུལ་གཞན་བགྲོད་པའི་རྣམ་གཡེང་འདིས་མ་མཛད། །སངས་རྒྱས་ཡུལ་ནས་གང་དུ་འཁྲུངས་གྱུར་པའི། །གནས་འདི་ཉིད་དུ་སླར་གཤེགས་ཚུལ་ཡང་བསྟན། །དེ་དེའི་བར་དུ་མཉམ་གཞག་རྣལ་འབྱོར་དང༌། །རྗེས་སྤྱོད་གཙོ་བོ་རང་གཞུང་བརྩོམ་པ་དང༌། །གཞན་ལ་འཆད་དང་མཚན་བཅས་རྣལ་འབྱོར་ཀུན། །ཐུན་གཅིག་ཙམ་ཡང་རྣམ་པར་གཡེང་མི་མངའ། །བསྙེན་སྒྲུབ་ཡན་ལག་མ་ཚང་མེད་དེ་ཀུན། །ཕལ་ཆེར་གནས་དེ་ཉིད་དུ་མཐར་ཕྱིན་མཛད། །ཁྱད་པར་རྣལ་འབྱོར་དབང་ཕྱུག་གསུང་གི་མཛོད། །སྙན་ནས་སྙན་བརྒྱུད་མ་འོངས་དུས་དག་ཏུ། །བསྐྱུད་པ་སྤང་ཕྱིར་འཁྲུལ་མེད་ཡི་གེའི་ལམ། །གསལ་བར་དོད་པའི་བཀའ་དྲིན་ཁྱོད་ཀྱིས་མཛད། །གདན་སར་མི་སྐྱེའི་ཆོས་ལ་བཟོད་པ་བརྙེས། །གསེར་མདོག་ཅན་དུ་མི་དབང་འཁོར་ལོ་བསྒྱུར། །རིག་འཛིན་གནས་སུ་སངས་རྒྱས་རྡོ་རྗེ་འཆང༌། །གྲགས་པའི་རྒྱལ་མཚན་འཛིན་ཁྱོད་བསྟོད་བྱས་པས། །གངས་ཅན་ལྗོངས་སུ་ལ་ལའི་བྱིན་བརླབས་ཀྱིས། །གཞན་འཕྲུལ་དབང་བྱེད་བདག་པོའི་མེ་ཏོག་མདའ། །དགྲ་མེད་ངང་གིས་འཇུག་པ་ངོས་བཟུང་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཤོག །ཞེས་བྱ་བ་འདི་གྲུབ་པའོ།།  ཤུ་བྷཾ།། །།  ༄༅། །སྭསྟི། གངས་ཅན་ལྗོངས་སུ་ས་སྐྱའི་པཎ་ཆེན་ལ། །མི་བསྟོད་མི་བཀུར་སུ་ཡང་ཡོད་མིན་མོད། །གང་གིས་མཛད་པའི་ལས་སྟབས་གང་དང་གང༌། །དེ་དེ་གློ་བར་བྱས་ནས་མགུ་བྱེད་སུ། །གཞན་གྱིས་མ་མཛད་གང་གིས་མཛད་འདི་ལྟར། །ཤེས་འདོད་ཡོད་དམ་ཤེས་ནས་དད་པར་བྱོས། །འཕགས་པའི་ཡུལ་དུ་རྣམ་འགྲེལ་མཛད་པོ་ལས། །རིགས་པའི་སྲོལ་ཆེན་རྒྱས་པ་སྔོན་མ་བྱུང༌། །གངས་ཅན་ལྗོངས་སུ་དེ་གཞུང་ཇི་བཞིན་པ། །འཛིན་མཛད་འདི་ལས་གོང་དུ་གཞན་མ་བྱུང༌། །རྣམ་འགྲེལ་རྒྱན་བཅས་སྔོན་ནས་འགྱུར་ཟིན་ཀྱང༌། །མདོ་སེམས་གྲུབ་མཐའ་འགོག་པའི་ཚད་བསྡུས་ཀྱི། །སྤྲིན་རུམ་འཐུག་པོའི་གསེབ་ནས་རྣམ་འགྲེལ་གྱི། །ཉིན་བྱེད་རྒྱལ་པོ་གསལ་བར་འཆར་མ་ནུས། །གང་འདིའི་ཕྲིན་ལས་རྟ་བདུན་ཁ་ལོ་པས། །ཉིན་བྱེད་རྒྱལ་པོ་ཆོས་དབྱིངས་ནམ་མཁའ་ལ། །འདྲེན་བྱེད་ཐག་ཐོགས་མེད་པའི་རོལ་རྩེད་ཀྱིས། །གངས་ཅན་གླིང་བཞི་ཡ་མཚན་ལྟད་མོར་བྱས། །འགྱུར་མཛད་མང་པོས་ཆོས་མང་པོ་བསྒྱུར་ཡང༌། །ཚིག་དོན་མཐའ་དག་འཕགས་ཡུལ་མཁས་ལ་སྦྱངས། །གང་འདིས་བརྡ་སྤྲོད་ཚིག་དོན་རང་ཡུལ་དུ། །གཞན་ལ་མ་ལྟོས་མཁྱེན་ནས་འགྱུར་མང་མཛད། །གངས་ཅན་ལྗོངས་སུ་འདིའི་སྔོན་མ་འགྱུར་བའི། །སྒྲ་དང་ཚིག་རྒྱན་སྡེབ་སྦྱོར་མིང་གི་མཛོད། །རྒྱ་དཔེ་ཉིད་ལ་བསླབས་ཤིང་སྦྱངས་པས་མཁྱེན། །ལོ་ཙཱའི་མཚན་དང་པཎ་ཆེན་གྲགས་དཀར་ཐོབ། །རིགས་བརྒྱུད་གོང་མའི་ཐུགས་ལ་བཞེད་གྱུར་ཀྱང༌། །ཕྱག་ལེན་ཉིད་དུ་ཇི་བཞིན་མ་ཁེལ་བ། །མཚན་ཉིད་ཐེག་པའི་བཤད་སྲོལ་གསར་བཙུགས་ནས། །སྒྲ་ཚད་མདོ་སྔགས་སྒྲུབ་པའི་སྲོལ་ཆེན་པོས། །རང་རང་མདུན་སར་ཉི་མ་ཇི་བཞིན་དུ། །དྲེགས་པས་རྒྱལ་བའི་རྒྱུ་སྐར་ཟིལ་གྱིས་མནན། །བསྟན་པའི་རྩ་བ་སོ་ཐར་སྡོམ་པའི་ཚོགས། །མ་ཚང་མེད་དེ་རང་གིས་བླངས་མཛད་ནས། །ངུར་སྨིག་འཛིན་པའི་མཆོག་ཚོགས་སྡེ་ཆེན་པོ། །རྒྱ་མཚོའི་མཐའ་ཀླས་ཉིད་དུ་ལྷག་པར་སྤེལ། །འཛམ་གླིང་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཡིས། །ཁྱོད་ཞབས་སྤྱི་བོར་བླངས་པའི་སྔ་རོལ་དུ། །བོད་ཡུལ་གྲུབ་རིག་གྲགས་ལྡན་སུ་ཞིག་ཀྱང༌། །ཕྱག་མཆོད་ཡུལ་དུ་བྱེད་པ་དེ་མ་བྱུང༌། །སྔོན་དུས་ཆོས་དང་ཆོས་མིན་སྤེལ་མར་ནི། །བོད་འདིར་བྱུང་ཚེ་བསྟན་པ་ཕྱོགས་རེ་བ། །སྤེལ་དང་ཆོས་མིན་ཉི་ཚེ་བ་ཙམ་རེ། །སུན་འབྱིན་ནུས་པའི་མཐུ་ལྡན་འགའ་བྱོན་མོད། །ཆོས་མིན་སྨྲ་རྣམས་མ་ལུས་དྲུངས་འབྱིན་པའི། །ལུང་རིགས་མཐུ་རྩལ་གྲུབ་པའི་དཔའ་བོ་ཁྱོད། །ཡོངས་རྫོགས་བསྟན་པའི་མ་དྲོས་མཚོ་ཆེན་པོ། །ས་འདིར་འབེབས་མཛད་ཚངས་ཆེན་མ་ལགས་སམ། །ཕྱི་དུས་འདི་ན་འཆད་བརྩོད་རྩོམ་པ་དང༌། །རིག་པའི་གནས་ལ་དྲེགས་པས་མྱོས་དེ་དག །མཚན་དཔེའི་དཔལ་དང་མྱ་ངན་འདས་རྟགས་ཀྱིས། །ཁྱོད་ལ་འགྲན་པའི་ཁེངས་པ་བཏང་མིན་ནམ། །མཐོ་རིས་དཔལ་དང་མཁས་བཙུན་ཡོན་ཏན་དང༌། །འགྲོ་བའི་དོན་དང་བསྟན་ལ་ཕན་དགོངས་དང༌། །བཞུགས་པའི་དུས་དང་ཕྱི་མའི་དུས་འདིར་ཡང༌། །རྫོགས་སངས་རྒྱས་དང་མཚུངས་ཁྱོད་ལ་ཕྱག་འཚལ། །ཞེས་བྱ་བ་ནི་གྲུབ་པའོ།། ཤུ་བྷཾ།།  །།  ༄༅། །སྭསྟི། འཕགས་པའི་རྟོགས་བརྗོད་མདོ་ཙམ་དུ་བྱ་བ། །དེ་ཉིད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །སྤྲུལ་པའི་ལོ་ཙཱ་དཔལ་བརྩེགས་བསྲུང་བ་དང༌། །སེམས་དཔའ་ཆེན་པོ་ས་སྟོན་རིར་གྲགས་པ། །མཐའ་ཡས་འགྲོ་དོན་དགོངས་པའི་ལྷག་བསམ་གྱིས། །ཀུན་གྱིས་མཆོད་འོས་གྱུར་པའི་རིགས་ཉིད་དུ། །འཁྲུངས་མ་ཐག་ནས་འོད་གསལ་བྱང་ཆུབ་པས། །འཕགས་པའི་ཐུགས་མངའ་ཞི་ལྷག་ཟུང་འཇུག་ལ། །ངང་གིས་གཞོལ་བས་ལོངས་སྤྱོད་རྫོགས་པའི་སྐུ། །དུས་དེར་མངོན་དུ་མཛད་ལ་ཐོགས་མེད་ཀྱང༌། །རྒྱལ་བའི་སྲས་རྣམས་སྲིད་པར་སྐྱེ་བའི་རྒྱུ། །ཉོན་མོངས་མི་སྤོང་རང་བཞིན་ཅན་གང་གིས། །བགྲང་ཡས་འགྲོ་བའི་དོན་དུ་ཐུགས་བསྐྱེད་པ། །དེ་དོན་ཕ་རོལ་ཕྱིན་རྣམས་ཚེ་གཅིག་ལ། །རྫོགས་བྱེད་ཐབས་ཟབ་འཁོར་ལོ་སྒྱུར་བ་ཡི། །རྒྱལ་བའི་དོན་མཛད་ཁོ་ནར་མཁྱེན་གྱུར་པས། །སྔོན་མེད་ལྷུན་པོའི་དཔལ་ཁྱོད་བསྔགས་པར་འོས། །མཐོང་བའི་མོད་ལ་དང་བ་འདྲེན་པའི་སྐུ། །ཕྱག་དང་མཆོད་ཚེ་བྱིན་གྱིས་བརླབས་པའི་གསུང༌། །རེ་ཞིག་བརྟེན་ན་ཕན་པར་དགོངས་པའི་ཐུགས། །ཡུན་དུ་བརྟེན་ན་ཕུན་ཚོགས་ཀུན་སྩོལ་བས། །ཁྲོས་པའི་བཞིན་རས་ནམ་ཡང་མི་སྟོན་ཞིང༌། །རྩུབ་མོའི་ཚིག་མདའ་གང་དུའང་གསུང་མི་མཛད། །ཕན་པར་དགོངས་ལས་གཞན་པའི་ཐུགས་མི་མངའ། །གདུལ་བྱར་གྱུར་ལ་ཕུན་ཚོགས་སྣ་རེ་ཙམ། །གང་དུ་ཡང་ནི་མ་སྩལ་ཡོད་མིན་པས། །འཕགས་པའི་མཚན་གང་དོན་ལ་གནས་གྱུར་པ། །འགྲོ་བ་འདྲེན་མཛད་ཁྱོད་ལ་འགྲན་ནུས་པ། །འགའ་ཞིག་ཡོད་ན་ལ་ལས་སྟོན་པ་རིགས། །ཁ་ཅིག་ཆོས་ཀྱི་འབྱོར་པས་ཕྱུག་གྱུར་ཀྱང༌། །སྲིད་པའི་འབྱོར་པས་རང་སྲོག་འཚོ་བ་ཙམ། །ས་སྐྱོང་རྒྱལ་པོ་སྲིད་ལས་དབང་འབྱོར་ཡང༌། །ཆོས་ཀྱི་དབང་ཕྱུག་ཉིན་མོའི་སྐར་མ་ཙམ། །སྲིད་པའི་འབྱོར་པ་འཁོར་ལོ་སྒྱུར་རྒྱལ་དང༌། །ཆོས་ཀྱི་ལོངས་སྤྱོད་མང་པོས་མི་འགྲན་པ། །སེར་སྐྱའི་གྲོང་དུ་དོན་གྲུབ་བྱོན་དེ་བཞིན། །དམ་པའི་གནས་སུ་འཕགས་ཁྱོད་གསལ་བར་བྱོན། །རིགས་བརྒྱུད་གོང་མའི་ཆོས་ཚུལ་བགྲང་ཡས་པ། །རྗེ་ཉིད་ལས་གསན་བརྒྱུད་པའི་སྲོལ་ཆེན་གཟུང༌། །ས་ཆེན་བསྟན་པ་ཡིད་བཞིན་ནོར་བུའི་དཔལ། །འབྱོར་བའི་རྒྱལ་མཚན་རྩེ་མོར་ཁྱོད་ཀྱིས་བཏེག །གང་ལ་སྤྱིར་དགེ་བསོད་ནམས་ཆར་ཆེན་གྱིས། །ཐུབ་བསྟན་ཡིད་བཞིན་ནོར་མཚོ་ཁེངས་པར་ཤོག །ཞེས་བྱ་བ་ནི་གྲུབ་པའོ།།  ཤུ་བྷཾ།།  ༈  །།ཆོས་ཀྱི་རྗེ་ཉིད་ལ་བསྟན་འཛིན་གཞན་ལས་ཁྱད་པར་འཕགས་པར་བསྟོད་པ་ཚངས་པའི་རྔ་སྒྲ།། ༄། །སྭསྟི། ཀུན་དགའི་ཞབས་སེན་འཆར་ཁའི་མདངས་གསལ་ནི། །ཤར་ཕྱོགས་ས་སྐྱོང་རི་བོའི་ཅོད་པཎ་གྱི། །རྒྱལ་མཚན་རྩེ་མོར་མཆོད་འོས་འགྲོ་བའི་དཔལ། །བཟང་པོའི་ཉི་མ་འཇམ་གླིང་ཡོངས་ལ་གསལ། །ཀུན་ཁྱབ་གྲགས་པའི་འཆི་མེད་རྔ་ཆེན་ཡང༌། །འཕགས་ཡུལ་སུམ་རྩེན་དགའ་བའི་ཚལ་དུ་བསྒྲགས། །རྒྱལ་རྔ་བརྡུངས་པའི་པཎ་ཆེན་མང་པོས་ཀྱང༌། །ཁྱོད་ཞབས་ཡ་མཚན་གུས་པའི་གཙུག་གིས་ལེན། །ཀུན་མཁྱེན་མིང་འཛིན་དཔལ་གྱི་མགྲིན་པ་ཅན། །སྨྲ་མཁས་འཕྲོག་བྱེད་དགའ་བའི་རལ་བ་ཡི། །རྒྱལ་མཚན་རྩེ་ལ་ཞབས་རྡུལ་ཟླ་བའི་གར། །རྩེད་འཕྱོ་ལྷུར་བྱེད་ཁྱོད་ལས་གཞན་པ་སུ། །ཀུན་མཁྱེན་རལ་པའི་ཁུར་འཛིན་དགའ་བྱེད་ཀྱི། །དྲེགས་པའི་རྒྱལ་མཚན་མཐོན་པོ་རབ་བསྙལ་ནས། །འགྲོ་ཀུན་དགའ་བའི་ཆོས་ཀྱི་རྒྱལ་མཚན་ནི། །སྲིད་པའི་རྩེ་དང་མཉམ་པ་ཁྱོད་ཀྱིས་སྒྲེངས། །རྣམ་དཔྱོད་ཀུན་གསལ་དགའ་མའི་མཛེས་སྡུག་གིས། །རྒྱལ་བའི་ཆོས་ཀྱི་དགེ་མཚན་མཛའ་བོ་ནི། །འདི་ན་དབང་དུ་མ་བསྡུས་གཅིག་ཀྱང་མེད། །དཔལ་ལྡན་རིག་གནས་སྟོང་གི་ལང་ཚོ་ཅན། །བཟང་པོའི་མཚར་སྡུག་ཀུན་གྱི་ཡིད་འོང་ཁྱོད། །ས་སྟེངས་འགྲོ་བའི་བསོད་ནམས་ཟོང་གིས་ཐོབ། །ཆོས་ཀུན་སྒྱུ་མར་གཟིགས་པའི་མཆེ་སྡེར་གྱིས། །དངོས་སྨྲའི་གླང་ཆེན་དགའ་མ་བསད་པ་ལས། །ལྟ་བའི་ཁྲག་གིས་སྦགས་པའི་རལ་པ་ཡི། །རྒྱལ་མཚན་གཡོ་མཛད་སྨྲ་བའི་སེང་གེ་ཁྱོད། །དཔལ་ལྡན་འཇིགས་མེད་བཟང་པོའི་ང་རོ་ཅན། །ཐུབ་བསྟན་གངས་རིའི་ངོགས་ལ་རྣམ་པར་རྒྱུ། །བསྟན་འཛིན་མཛའ་བོས་སྤངས་པའི་སྔོ་སངས་མ། །མུན་པའི་མལ་དུ་ལན་གཅིག་ཉལ་བ་ན། །ནག་ཕྱོགས་ལས་རྒྱལ་མཚན་དཔེའི་རི་མོ་ཅན། །དཔལ་ལྡན་ཕྲིན་ལས་བཟང་པོའི་ཟླ་བ་ཤར། །ཀུན་དགའི་ཉི་མ་རྣམ་དཔྱོད་འོད་སྟོང་ཅན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཡ་མཚན་གྱིས། །མི་ནུབ་བསྟན་པའི་མཁའ་ལ་རོལ་རྩེད་མཁན། །དཔལ་ལྡན་ཕྲིན་ལས་བཟང་པོའི་ཉི་མ་ཁྱོད། །གྲགས་པའི་དབང་ཕྱུག་ཀུན་གྱི་རྣ་བ་སྙན། །མཁྱེན་པའི་མངའ་བདག་ཐམས་ཅད་དགའ་བའི་གསུང༌། །ཐུགས་རྗེ་ཆེ་ལྡན་བདུད་ལས་རྒྱལ་བའི་ཐུགས། །མཚན་དཔེའི་དཔལ་འབར་བཟང་པོའི་སྐུ་མངའ་ཁྱོད། །ཀུན་དགའ་སྙིང་པོ་གྲགས་པ་རྒྱལ་མཚན་གྱིས། །དཔལ་གྱི་གདུང་འཚོབ་བཟང་པོའི་སྲོལ་བཟུང་ནས། །ས་སྐྱ་པ་ཞེས་གྲགས་པའི་སྒྲ་དབྱངས་ནི། །ཁྱོད་ཀྱིས་གསལ་བར་བསྒྲགས་ལ་ཕྱག་འཚལ་ལོ། །གངས་ཅན་འདི་ན་སྒྲུབ་དེ་དག །འགའ་ཞིག་གསན་པའི་ནོར་གྱིས་དབུལ། །ལ་ལ་ཐོས་པ་དྲི་མེད་པ། །ལྡན་ཀྱང་སྒྲུབ་པའི་བདུད་རྩིས་འཕོངས། །མང་ཐོས་རྣམ་དཔྱོད་བདེ་བྱུང་གི །ཀུན་དགའི་རྒྱལ་མཚན་རྩེ་མོ་དེར། །སྒྲུབ་ལ་བརྩོན་པའི་ཟླ་བ་ནི། །ཅི་ཡང་འཆར་བ་ཁྱོད་གཅིག་ཉིད། །ལ་ལ་ཕ་རོལ་ཕྱིན་གཞུང་གི །ཐོས་པའི་རྒྱ་མཚོ་རབ་བརྒལ་ཀྱང༌། །སྔགས་གཞུང་ཡིད་བཞིན་ནོར་བུ་ཡི། །འདོད་པའི་དེ་ཉིད་དོན་མ་གཟིགས། །མདོ་རྒྱུད་ཀུན་གྱི་རྒྱ་མཚོ་ལས། །ཟག་མེད་དགའ་བཞིའི་བདེ་ཐོབ་པས། །ས་བཅུའི་རྒྱལ་མཚན་རྩེར་སོན་པ། །དབང་གི་རྒྱལ་པོ་ཁྱོད་གཅིག་ཉིད། །འདི་ན་ཆེན་པོར་རབ་གྲགས་འགའ། །སྡེ་སྣོད་དེ་ཉིད་ལེགས་གཟིགས་ཀྱང༌། །སྒྲ་དང་ཚད་མའི་གཞུང་ལུགས་ཀྱི། །ཐ་སྙད་གཟིགས་པའི་ལམ་མ་གྱུར། །ལ་ལ་ཚད་མའི་གཞུང་ལུགས་ལ། །རབ་ཏུ་སྦྱངས་པར་ལྡན་དེ་དག །བརྡ་སྤྲོད་གཞུང་གི་ཆ་ཤས་ཀྱང༌། །གསན་པའི་ཡུལ་དུ་མ་གྱུར་ཏོ། །མཁྱེན་རབ་ཁོར་ཡུག་ཡངས་པའི་དབུས། །གཞན་འཇོམས་རྟོག་གེའི་ལྟ་ཟེར་ཅན། །བརྡ་སྤྲོད་བྱེད་པའི་ཕུཊ་སྒྲ་དང༌། །སྐད་གཉིས་སྨྲ་བའི་ལྕེ་ལྡན་པའི། །རྣམ་དཔྱོད་ཡངས་པའི་ཞལ་གྱི་སྒོར། །ཐུབ་བསྟན་ཆུ་བོ་ཀུན་བསྡུད་ཅིང༌། །ལེགས་བཤད་རིན་ཆེན་མཛོད་བཟུང་ནས། །ཕྲིན་ལས་ཆུ་བོ་སྟོང་འབེབས་པ། །མཁས་པའི་རྒྱ་མཚོས་བསྟེན་འོས་ཁྱོད། །གངས་ཅན་ཡིད་བཞིན་ནོར་མཚོའི་དཔལ། །རྣམ་དཔྱོད་སྐྱ་བ་འཛིན་མཁས་པས། །སྡེ་སྣོད་གསུང་དང་སྒྲ་ཚད་དང༌། །གསང་སྔགས་རྒྱ་མཚོའི་མཐར་སོན་ནས། །གྲུབ་པའི་ཡིད་བཞིན་ནོར་བླངས་པ། །རྒྱལ་སྲས་བློ་ལྡན་ཤེས་རབ་ཀྱང༌། །བཟོ་དང་གསོ་བ་རིག་པ་ཡི། །གནས་ལ་གདེངས་ཐོབ་མེད་པས་ན། །པཎ་ཆེན་དེད་དཔོན་མཚན་མ་ཐོགས། །རིག་པའི་གནས་ལྔ་ལེགས་གཟིགས་ཏེ། །ཀུན་གྱི་ཕྱག་རྗེས་རབ་བཞག་ནས། །འཆད་རྩོད་རྩོམ་པས་དུས་འདའ་བ། །འགྲན་ཟླ་བྲལ་བ་ཁྱོད་གཅིག་ཉིད། །ལྔ་རིག་གྲུབ་པའི་སར་ཞུགས་ནས། །གསུང་རབ་མང་པོའི་འགྱུར་མཛད་དེ། །གངས་ཅན་བློ་ཡི་མུན་སེལ་བ། །དཔལ་ལྡན་རིན་ཆེན་བཟང་པོས་ཀྱང༌། །ཚིག་རྒྱན་གཞུང་དང་མངོན་བརྗོད་དང༌། །སྡེབ་སྦྱོར་གཞུང་གི་མིང་ཙམ་ཡང༌། །བསྒྱུར་བར་མཛད་པའི་རྩོལ་མ་ཐོབ། །མཐོན་པོའི་གོ་འཕངས་འཛིན་མི་མཛད། །སྔོན་རབས་གངས་ཅན་མཁས་པ་ཡི། །བློ་གྲོས་མགྲིན་པར་མ་བཟུང་བའི། །ཐ་སྙད་གཞུང་བརྒྱའི་མུ་ཏིག་གི །བཀོད་ལེགས་ཕྲེང་བ་ཁྱོད་ཀྱིས་སྤེལ། །རྣམ་དཔྱོད་ལང་ཚོ་གཡོ་ལྡན་པ། །ཀུན་གྱི་སྐྱེ་མཆེད་གསལ་བར་མཛད། །མཐོ་རིས་ཡོན་ཏན་རབ་རྫོགས་པ། །ཁྱོད་དང་མཉམ་པ་གཞན་མ་བྱུང༌། །སྔོན་ཆད་ཕྱོགས་འདིར་མ་འགྱུར་བའི། །འཕགས་ཡུལ་མཁས་པའི་གཞུང་ཇི་བཞིན། །ཁྱོད་ཀྱིས་མཁས་པ་འཇུག་པའི་སྒོ། །ཚིག་གི་གཏེར་དང་མེ་ཏོག་གི །ཆུན་པོ་བརྩམ་པར་མཛད་དེ་འདྲ། །གངས་ཅན་འདི་ན་སྔོན་མ་བྱུང༌། །ཕན་དགོངས་ཐུགས་རྗེ་ཆེ་ལྡན་པའི། །སྐད་གཉིས་མཁྱེན་པ་མང་ཞིག་གིས། །གཞུང་ལུགས་མང་པོ་བསྒྱུར་མཛད་མོད། །ཞུ་ཆེན་བགྱིས་ནས་འགྱུར་མཛད་ཅིང༌། །དགོངས་འགྲེལ་བསྟན་བཅོས་མང་མཛད་པ། །ཁྱོད་དང་མཉམ་པ་འགའ་མ་བྱུང༌། །བརྩོན་འགྲུས་ལྡན་པ་དེ་དག་ཀུན། །ཕལ་ཆེར་རྣམ་དཔྱོད་དགའ་བས་དབེན། །ཁྱོད་ཀྱི་རྣམ་དཔྱོད་ཉི་མ་ནི། །བརྩོན་པའི་རྒྱལ་མཚན་རྩེ་ནས་འཆར། །དམ་པའི་གཞུང་གི་རྗེས་ཞུགས་ཏེ། །འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཀྱིས། །ཀུན་ཀྱང་ཕན་དང་བདེ་བའི་སྒོར། །འཇུག་མཛད་ཁྱོད་མིན་གཞན་སུ་ཞིག །ཆོས་དང་སྲིད་ཀྱི་གཞུང་ལུགས་ཀྱི། །རྭ་བ་མཐོན་པོ་ལ་འཆོངས་པའི། །རང་བཟོའི་གླང་ཆེན་སྨྱོན་པ་ནི། །འཛེམ་མེ་འཕྱོ་བའི་འབྲོག་དགོན་པར། །དམ་ཆོས་ཡིད་བཞིན་རིན་ཆེན་ནི། །ཀུན་གྱི་རིན་ཐང་ཉམས་པ་ན། །ལུང་དང་རིགས་པའི་བྱི་དོར་གྱིས། །ཐུབ་བསྟན་དྲི་མ་སྦྱངས་མཛད་ནས། །ཡོངས་རྫོགས་བསྟན་པའི་ནོར་བུ་ནི། །ཀུན་དགའི་རྒྱལ་མཚན་རྩེ་ལ་བཀོད། །ཞབས་སེན་འཇིགས་མེད་དཔའ་བོ་ནི། །ས་སྐྱོང་རལ་པའི་ནགས་སུ་འཁྲུངས། །ཆོས་དང་སྲིད་ཀྱི་གཞུང་ལུགས་ཀྱིས། །འགྲོ་མང་དབུགས་དབྱུང་མཛད་ཁྱོད་ལགས། །འཕགས་པའི་ཡུལ་དང་གངས་ཅན་གྱི། །ལྗོངས་འདིར་ཐུབ་པའི་གཞུང་བཞིན་དུ། །རང་བཟོའི་ལམ་དུ་མ་ཞུགས་པར། །རང་གཞུང་རྩོམ་པ་མང་མོད་ཀྱང༌། །སྔགས་དང་ཕ་རོལ་ཕྱིན་གཞུང་ལ། །རང་གཞན་སྡེ་པས་རྣམ་བཏགས་པ། །ལོག་པའི་གཞུང་ལུགས་སུན་འབྱིན་པའི། །གཞུང་རྩོམ་མཛད་པ་ཁྱོད་མིན་སུ། །ཕྱོགས་འདིར་མདོ་དང་རྒྱུད་སྡེ་ཡི། །དོན་ཙམ་གཟིགས་པའི་མངོན་རློམ་གྱིས། །སྒྲ་ཡི་ཚིག་ཟུར་མ་བྱིན་པར། །དོན་ཉིད་འཆད་མཛད་མང་མོད་ཀྱི། །ཡི་གེ་བསྣན་པའི་ངེས་ཚིག་དང༌། །རང་རང་རྣམ་དབྱེ་མ་འདྲེས་པར། །བརྡ་སྤྲོད་བྱེད་པའི་གཞུང་བཞིན་དུ། །འཆད་མཛད་ཁྱོད་མཚུངས་འདིར་མ་བྱུང༌། །ཚིག་དོར་ལྟག་ཆོད་ལྷུར་བླངས་ནས། །རྩོད་པར་མཛད་པ་འདི་ན་མང༌། །རྟོག་གེའི་གཞུང་བཞིན་བསྒྲུབ་པ་དང༌། །སུན་འབྱིན་ཚུལ་ལུགས་ཐུགས་ཆུད་ནས། །དམ་པའི་གཞུང་བཞིན་རྩད་མཛད་པས། །ཕྱི་ནང་མུ་སྟེགས་ཕམ་མཛད་ཁྱོད། །མཉམ་པར་བཞག་ལས་མི་གཡོ་བཞིན། །རྒྱལ་བའི་བསྟན་པ་འབའ་ཞིག་ལ། །ལྷག་པར་དགོངས་ནས་འཆད་པ་དང༌། །རྩོད་རྩོམ་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་སྒྲུབ་པའི་དགེ་བ་ནི། །ལམ་གསུམ་བགྲོད་པའི་རྒྱུན་མང་གིས། །སྲིད་གསུམ་འཕྲོག་བྱེད་རྐང་པའི་དུག །མ་ལུས་ལེགས་པར་བསལ་བྱས་ནས། །ལེགས་བཤད་སྐལ་ལྡན་ཤིང་རྟའི་རྒྱུན། །ལོག་བློའི་དྲི་མས་མ་བསླད་པར། །ཤིང་རྟའི་སྲོལ་གྱི་རྗེས་ཞུགས་ནས། །ཐུབ་བསྟན་རྒྱ་མཚོར་འཇུག་བྱེད་ཤོག །ཅེས་ཆོས་རྗེ་ཉིད་ལ་གར་གྱི་ཉམས་དང༌། བསྟན་འཛིན་གཞན་ལས་ཁྱད་པར་དུ་འཕགས་པའི་སྒོ་ནས་བསྟོད་པ་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ། ཡུལ་དབུས་ཀྱི་སྙན་ངག་མཁན། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མགྲིན་སྙན་དབྱངས་ཀྱི་ལོའམ་ལྕགས་མོ་ཡོས་ཀྱི་ལོ་གྲོ་བཞིན་ཅན་གྱི་ཡར་ཚེས་ཀྱི་དགའ་བ་དང་པོ་ལ་གཙང་གཡས་རུའི་བཀྲ་ཤིས་རྒྱལ་གྱི་ལྷ་ཁང་དུ་རྙོག་པ་མེད་པའི་ཡིད་ཀྱིས་སྦྱར་ཞིང་ཁ་ཏོན་དུ་བྱས་པའོ།།  །།  ༄༅། །དཔལ་ལྡན་ས་སྐྱའི་གནས་དང་གང་ཟག་ལ་སྒྲ་ལས་དྲངས་པའི་བསྟོད་པ། ངག་གི་དབང་པོའི་དགའ་སྟོན་ཞེས་བྱ་བ། གདོང་པ་བཞི་ལྡན་རྭ་གཞུ་དང་ལྡན་འབར་བའི་སྐྲ་ཅན་མདའ་ལྔ་པ། །པགས་པའི་གོས་ཅན་མཆེ་བ་གཅིག་པ་ལག་ན་མདུང་ཐོགས་རྟ་གདོང་ཅན། །སྟོབས་ཀྱི་དགྲ་དང་ཟ་བྱེད་ཞགས་པ་ཅན་དེ་སྲིད་སྡེའི་བྱེད་པོ་ཡིས། །ཀུན་ནས་མྱོས་པར་བྱས་པའི་འགྲོ་འདི་འདུལ་མཁས་ཀུན་མཁྱེན་གཙུག་ན་རྒྱལ། །ས་སྐྱ་ཞེས་པའི་མིང༌། ཡི་གེའི་དང་པོ། སའི་སྐད་དོད། གོའུ་ཞེས་པའི་ཡི་གེའི་འདུ་འགོད་ཀྱི་དབང་གིས། ངག ཕྱོགས། ས། འོད་ཟེར། བ་གླང༌། མིག རྡོ་རྗེ། མཐོ་རིས། ཆུ་སྟེ། དོན་དགུ་ལ་འཇུག་པ་ལ། རྐང་པ་རེ་རེ་སྦྱར་ཞིང༌། བླ་མ་རྣམས་ཀྱི་མཚན་གྱི་སྤེལ་མ་ཡང༌། བོད་ཀྱི་སྒྲ་རྒྱན་དང་མཐུན་པ་སྤངས་ཏེ། སྡེབ་སྦྱོར་གྱི་གཞུང་བཞིན་བརྗོད་པར་བྱའོ། །ངག་གི་དབང་པོའི་དགེ་མཚན་བརྒྱ་ཕྲག་ཤིག །ཕྱོགས་བརྒྱར་འཕྲོས་པའི་དཔལ་ཡོན་འདུས་པ་ལས། །ས་སྐྱོང་དབང་པོ་སྟོང་གིས་གུས་བཏུད་པའི། །འོད་ཟེར་བརྒྱ་ཕྲེང་འཁྲིགས་པའི་གུར་ཁང་དུ། །གླང་ཆེན་དཀར་པོས་བཏེག་པའི་ཁྲི་སྟེངས་དེར། །མིག་གཉིས་འཛུམ་པའི་གར་སྒྱུར་འཇམ་པའི་དཔལ། །རྡོ་རྗེ་རྣོན་པོ་བཞད་པའི་གད་རྒྱངས་ཅན། །མཐོ་རིས་དབང་པོའི་ལུས་ལ་མཛེས་ཞུགས་ནས། ཆུ་བོའི་གཏེར་བཞིན་ཐུབ་བསྟན་རྒྱ་མཚོའི་དཔལ། །ལེགས་པར་གནས་པ་ས་འཛིན་དཀར་པོའི་ཁྱོན། །ས་སྐྱ་ཞེས་གྲགས་སྙན་པའི་སྒྲ་དབྱངས་ནི། །སྟོང་གསུམ་ཁོར་ཡུག་རི་བོའི་ཁོངས་ལས་བརྒལ། །འདབ་བརྒྱའི་ལྟེ་བ་ལ་གནས་འོད་སྟེང་གིས་འབར་ལི་ཁྲིའི་ལུས་ཅན་དྷཱིཿཡིག་ནི། །སྙིང་རྗེའི་ཟླ་ཟེར་དང་འགྲོགས་འགྲོ་ལ་ཆགས་པའི་ཚ་ཟེར་དབང་པོ་ཞུ་བ་ལས། །ལེགས་པར་འཁྲུངས་པའི་ཡིད་འཕྲོག་གཞོན་ནུ་ཆགས་པའི་ཉམས་ལྡན་འགྱིང་ཞིང་སྒེག་པ་ཅན། །མི་ཟད་ཚིག་གི་གཏེར་མཆོག་དྲི་ཞིམ་ཟུར་ཕུད་ལྔ་ལྡན་དེ་ལ་འདུད། །སྲིད་པའི་རྒྱ་མཚོ་རིང་ནས་ལེགས་བརྒལ་ཀྱང༌། །ཞི་བའི་གནས་སུ་ཡུད་ཙམ་མི་བཞུགས་ལ། །ཕྱི་ནང་ཆོས་ཀྱི་དེ་ཉིད་སྟོན་མཁས་པའི། །ཀུན་དགའ་སྙིང་པོ་སྐྱེ་དགུའི་གཙུག་ན་མཛེས། །སྦྱང་དཀའ་ཟླ་བའི་བསོད་ནམས་ཡེ་ཤེས་ཚོགས། །གྲངས་མེད་བསྐལ་པར་བསྐྲུན་པའི་མཐུ་གྲུབ་པ། །ས་བཅུའི་རྩེ་མོར་སོན་པའི་རིག་སྔགས་འཆང༌། །གནས་ལྔ་རིག་པ་བསོད་ནམས་བརྩེ་མོའི་ཞབས། །རྗེ་བཙུན་མཁྱེན་པའི་གཏེར་གྱི་བཀའ་གྲུབ་པ། །རྡོ་རྗེ་འཆང་དབང་ཐུགས་ཀྱི་བང་མཛོད་ལ། །དབང་སྒྱུར་རྒྱལ་པོ་གྲགས་པའི་རྒྱལ་མཚན་དཔལ། །སྲིད་པ་གསུམ་ན་ཁྱོད་དང་མཚུངས་མ་མཆིས། །བློ་གསལ་ཀུན་དགའི་འཛུམ་ཆེན་དགོད་པའི་རྩེར། །གཞུང་ལུགས་མི་འདྲའི་རྒྱལ་མཚན་སྟོང་སྒྲེང་ཅིང༌། །འཇམ་པའི་དཔལ་ཞེས་གྲགས་པའི་གདུགས་བཟང་པོ། །ལེགས་པར་འཛིན་པ་ས་སྐྱ་པཎྜི་ཏ། །བློ་གྲོས་ཡིད་བཞིན་མཚོ་ལ་དབང་འབྱོར་ཞིང༌། །ཕྲིན་ལས་མ་ལ་ཡ་རླུང་ཕྱོགས་མཐར་གཡོ། །རིགས་ལྡན་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ། །དབང་འབྱོར་ཆོས་ཀྱི་རྒྱལ་པོ་འཕགས་པའི་མཚན། །དྲི་མེད་ཡོན་ཏན་ཀུན་ལྡན་ས་སྐྱ་པ། །གངས་ཅན་ལྗོངས་འདིར་ཁྱོད་དང་མཚུངས་པ་ཡི། །སྐྱབས་གཞན་ཕྱོགས་བརྒྱར་བཙལ་ཡང་མ་མཐོང་བས། །ཁྱོད་ཉིད་འབའ་ཞིག་གུས་པའི་གཙུག་གིས་མཆོད། །དེ་སྐད་སྨྲ་བ་ང་ཡིན་སྡེ་སྣོད་གསུམ་ཤེས་གསང་སྔགས་འཛིན་པ་ང༌། །བརྡ་སྤྲོད་བྱེད་གཞུང་ངས་བསླབས་ད་ལྟ་ང་ལས་སྙན་ངག་མཁས་པ་གང༌། །རྟོག་གེའི་གཞུང་ལ་སྦྱངས་པ་ང་ཆེ་ཐ་སྙད་ཕལ་ཆེར་ང་ལ་དྲིས། །དེང་སང་འདི་ན་ང་བརྒྱད་སྨྲ་བར་རིགས་པ་ང་ལས་གཞན་ཡོད་མིན། །ང་བརྒྱད་སྨྲས་པ་ཙམ་གྱིས་ས་སྐྱ་པ། །ཀུན་དགའ་རྒྱལ་མཚན་ཉིད་དང་མཚུངས་སོ་ཞེས། །སྣང་ཤས་དབང་གིས་ཆ་ཆེད་བྱུང་རྒྱལ་དུ། །མངོན་པའི་ང་རྒྱལ་སྒྲོགས་པ་ག་ལ་ཡིན། །མཚུངས་བྲལ་རྣམ་དཔྱོད་ཆེན་པོའི་དགེ་ལེགས་ཀྱིས། །རབ་འབྱམས་ཤེས་བྱའི་གནས་རྣམས་ཕལ་ཆེར་ལ། །རྨོངས་པའི་ཕྱོགས་ཙམ་གསལ་བའི་མངོན་རློམ་གྱིས། །དཔལ་ལྡན་ས་སྐྱར་དེ་སྐད་སྨྲ་བ་པོ། །ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ། །ཞེས་བྱ་བ་འདི་ནི། ན་ཚོད་ལྡན་གྱི་ལོ། ཁྲུམས་ཀྱི་ཟླ་བའི་ཕྱོགས་དང་པོའི་སྟོང་པ་དང་པོ་ལ་ཤཱཀྱའི་དགེ་སློང་མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།།  མངྒལཾ།།  ༈  །།རྒྱ་མ་བ་སངས་རྒྱས་དབོན་གྱི་བསྟོད་པ་བཞུགས།། ༄། །སྭསྟི་པྲཱ་ཛཱ་བྷྱེ། འཇིག་རྟེན་དབང་པོའི་ཐུགས་རྗེའི་ལང་ཚོ་ནི། །འཛུམ་དཀར་མདངས་ཀྱིས་འཁྱུད་པའི་གཞོན་ནུ་མ། །བདེ་འབྱུང་ཐོད་ན་གནས་པའི་འོད་ཕྲེང་ཅན། །ལེགས་པར་ཤར་བ་ཁྱོད་ལ་ཕྱག་འཚལ་ལོ། །ནམ་ཡང་གཞོན་ནུའི་ས་ལས་གཡོ་མེད་པར། །ཕན་བདེའི་འབྱུང་གནས་བསྟན་པ་སྤེལ་བྱའི་ཕྱིར། །གངས་ཅན་འགྲོ་བའི་མགོན་དུ་འཁྲུངས་གྱུར་པ། །ཡོངས་ཀྱི་བཤེས་གཉེན་དམ་པ་བསྔགས་པར་འོས། །བསྐལ་བཟང་འདི་ལ་སླད་ནས་འབྱོན་འགྱུར་བའི། །སྐལ་ལྡན་ཤིང་རྟ་ཞེས་བྱའི་སངས་རྒྱས་སུ། །རྗེ་བཙུན་སྒྲོལ་མས་ཁ་ཆེའི་པཎ་ཆེན་ལ། །ལུང་བསྟན་གྱུར་པ་སངས་རྒྱས་དབོན་གྱི་མཚན། །སིངྒ་ལར་འཁྲུངས་སྤྲུལ་པའི་དགྲ་བཅོམ་གྱིས། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ཕོ་ཉ་ཞེས། །མ་བྱོན་སངས་རྒྱས་གསུམ་པའི་ཕྱག་ཉིད་དུ། །པད་དཀར་ཕྲེང་མཛེས་སྤྲིངས་པ་སངས་རྒྱས་དབོན། །བྱམས་པའི་ཕྱག་གིས་བདེ་བའི་གནས་སུ་འདྲེན། །ཐུགས་རྗེའི་རྒྱུན་ཆེན་ཕོངས་བའི་གནས་སུ་འབེབས། །གནས་སྐབས་བདེ་ཞིང་ཡུན་དུ་ཕན་དགོངས་པ། །ཉམས་ཐག་འགྲོ་བ་མང་པོའི་མགོན་དུ་གྱུར། །དེ་ལྟར་བསྔགས་པའི་དགེ་ལེགས་གངས་རིའི་ཏོག །རབ་དཀར་ཀུ་མུད་བརྩེགས་པའི་དོ་ཤལ་ཅན། །ངག་གི་དབང་པོའི་ཆུ་གཏེར་ནས་འོངས་པ། །མཚན་རྟོག་རི་གཞན་མཐོན་པོས་མ་མནན་པར། །དམིགས་མེད་ལྷུན་པོའི་སྤོ་ནས་བཤད་བསྒྲུབ་ཀྱི། །རྒྱལ་ཐབས་ལན་བརྒྱར་བཤམས་པའི་དགེ་བ་ལས། །མི་མཐུན་རྐྱེན་དང་མཐར་བྱེད་ཕོ་ཉའི་བཞིན། །ཆོས་དབྱིངས་ནགས་ཀྱི་མཛེས་མས་ལེན་གྱུར་ཅིག།  །།ཤུ་བྷཾ།།  ༄༅། །ན་མོ་བོ་དྷི་སཏྭ་ཡེ། སེམས་དཔའ་ཆེན་པོ་གླང་རི་ཐང་པའི་ཞབས་ལ་བསྟོད་པ། བྱང་ཆུབ་ཀྱི་སེམས་སྦྱོང་བའི་རིམ་པ་ཞེས་བྱ་བ། སྔོན་ཚེ་བྱང་ཆུབ་དམ་པར་ཐུགས་བསྐྱེད་ནས། །རླབས་ཆེན་སྤྱོད་པས་འགྲོ་རྣམས་གྲོལ་བྱའི་ཕྱིར། །རྒྱལ་བའི་སྲས་ཀྱི་རྣམ་འཕྲུལ་བགྲང་ཡས་ཀྱིས། །བསམ་ཡས་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །ངེས་པའི་དོན་དུ་འོད་དཔག་མེད་པའི་སྐུ། །ཉམས་ཐག་འགྲོ་ལ་སྤྱན་རས་གཟིགས་ཀྱི་གསུང༌། །རྟག་ཏུ་གཞན་ཕན་དགོངས་པ་ཁྱོད་ཀྱི་ཐུགས། །གངས་ཅན་ལྗོངས་འདིར་འཁྲུངས་ལ་ཕྱག་འཚལ་ལོ། །བྱམས་པའི་ཤུགས་ཀྱིས་མཐའ་ཡས་འགྲོ་བ་ཀུན། །འཕྲལ་དང་ཡུན་གྱི་བདེ་བ་ལ་དྲངས་ནས། །སྙིང་རྗེའི་ཤིང་རྟས་འགྲོ་བའི་སྡིག་སྡུག་ཀུན། །ཁྱོད་ཀྱིས་ངེས་པར་བླངས་ལ་ཕྱག་འཚལ་ལོ། །རང་གཞན་གཉིས་འཛིན་འཁྲུལ་པ་རབ་ཞི་ནས། །གཉིས་མེད་ངང་ནས་མཁའ་མཉམ་འགྲོ་བ་ཀུན། །མཆོག་ཏུ་རང་ལས་གཅེས་པར་དགོངས་གྱུར་པ། །ཡོངས་ཀྱི་བཤེས་གཉེན་དམ་པར་ཕྱག་འཚལ་ལོ། །ཤིན་ཏུ་བཟོད་དཀའི་གནོད་བྱེད་མ་རུངས་པ། །རྒྱལ་བ་ཇི་བཞིན་མཆོད་པར་འོས་པ་དང༌། །ཡིད་བཞིན་ནོར་བཞིན་དགོས་འདོད་འབྱུང་གནས་སུ། །ངེས་པར་མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐེག་ཆེན་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །བདག་གཞན་བརྗེ་བའི་ལམ་སྲོལ་ཟླ་བྲལ་བ། །གངས་ཅན་ལྗོངས་འདིར་དང་པོར་ཁྱོད་ཀྱིས་བསྟན། །བཀའ་དྲིན་མཉམ་མེད་དེ་ལ་ཕྱག་འཚལ་ལོ། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད་པ་དང༌། །གཞན་གྱིས་བགྱིས་ལ་རྗེས་སུ་ཡིད་རང་བའི། །དགེ་དེ་མ་རྣམས་དོན་དུ་བསྔོས་པ་ཡིས། །རྣམ་དཀར་མཆོད་པ་བཟང་པོས་མཉེས་པར་བགྱི། །དེ་ལྟར་ཕྱག་འཚལ་མཆོད་པའི་བྱིན་རླབས་ཀྱིས། །སྲིད་ཞིར་འདུན་པའི་སྤྲོས་པ་ཀུན་སྦྱངས་ཤིང༌། །ཆོས་བརྒྱད་མཚན་མའི་གཡེང་བ་དང་བྲལ་ནས། །ཆོས་དབྱིངས་ངང་ནས་གཞན་ཕན་ལྷུན་གྲུབ་ཤོག །དེའི་འོག་ཏུ། བདག་ནི་སེམས་ཅན་ཐམས་ཅད་ལ། །ཞེས་སོགས་ཤླཽ་ཀ་བརྒྱད་འདོན་པར་བྱའོ། །ཞེས་པ་འདི་ནི་བཤེས་གཉེན་དམ་པ་སྨོན་ལམ་བཟང་པོས་བསྐུལ་བའི་ངོར་བགྱིས་ནས། མི་ཕམ་དགེ་བའི་བཤེས་གཉེན་གྱིས་དཔལ་གླང་རི་ཐང་གི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བ་ཡིན་ནོ།།  ༈  །།རྒྱ་མའི་སྒྱེར་ཁུ་དབོན་གྱི་བསྟོད་པ་བཞུགས།། ༄། །སྭསྟི། སྒྱེར་མཆོག་དཀར་པོ་ལྷས་གནང་རིགས། །བསམ་བཞིན་དབུ་རུ་བྱང་ཕྱོགས་སུ། །སྐུ་འཁྲུངས་གཞོན་ནུ་འོད་ལས་ནི། །རབ་བྱུང་ཐོས་བསམ་མཐར་ཕྱིན་ནས། །དངོས་གྲུབ་མཉེས་ཚེ་སྒྱེར་སྒོམ་ཞེས། །ས་སྟེངས་མ་ལུས་རྣམ་དཀར་གྱི། །གྲགས་པས་ཁྱབ་ནས་བསྟན་པ་ཡི། །ཕྲིན་ལས་མཛད་ལ་ཕྱག་འཚལ་ལོ། །ཨ་ཏི་ཤའི་ཐུགས་ཀྱི་བཅུད། །ཟབ་མོ་སྔགས་ཀྱི་ལམ་རིམ་པ། །སྣེའུ་ཟུར་བ་ནས་བརྒྱུད་དེ་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །གླང་རི་ཐང་པ་ཕྱ་དེ་འུར། །བྱོན་ཚེ་བདག་གཞན་བརྗེ་བ་ཡི། །བྱང་ཆུབ་སེམས་མནོས་ཐུགས་རྒྱུད་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །སྒྱེར་སྒོམ་ཆེ་དབོན་གཞོན་ནུ་ཡི། །མཚན་ཅན་མཆོག་དང་ཐུན་མོང་གི །དངོས་གྲུབ་འབྱུང་གནས་སུ་གྲགས་པ། །ཁྱོད་ལ་གུས་པས་གསོལ་བ་འདེབས། །མདོ་རྒྱུད་བསྟན་བཅོས་མ་ལུས་དང༌། །རིག་པའི་གནས་རྣམས་མཐར་སོན་པ། །དེ་ཚེ་ཁྱོད་ལ་སྟོན་པར་གྲགས། །དགེ་བའི་བཤེས་ལ་གསོལ་བ་འདེབས། །མཆོག་གི་དངོས་གྲུབ་འདིར་བརྙེས་པ། །དེ་ཚེ་བགེགས་རིགས་འབྱུང་པོའི་ཚོགས། །མཐར་མཛད་སྙན་པའི་གྲགས་པ་ཡིས། །ཁྱབ་མཛད་ཁྱོད་ལ་གསོལ་བ་འདེབས། །ཐུན་མོང་དངོས་གྲུབ་འདིར་བརྙེས་པ། །དེ་ཚེ་རྡོ་རྗེ་ཆོས་སྐྱོང་རྣམས། །བྲན་བཞིན་འཁོལ་མཛད་འབྱོར་པའི་ཚོགས། །མ་ལུས་བསྒྲུབ་ལ་གསོལ་བ་འདེབས། །མ་བྱོན་སངས་རྒྱས་གསུམ་པ་ཡིས། །སྐལ་ལྡན་ཤིང་རྟ་ཞེས་བྱ་བའི། །བྱང་ཆུབ་སེམས་དཔའ་དངོས་ཡིན་ཞེས། །ལུང་བསྟན་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །ཕུལ་བྱུང་སྟོན་པའི་བཀའ་སྲོལ་མཆོག །སྙིགས་དུས་དྲི་མས་མ་སྦགས་པར། །དར་ཞིང་རྒྱས་པའི་བཀྲ་ཤིས་སྤྱོན། །དེ་ནས་འདི་བསྐུལ་མཛད་པོ་ཡང༌། །ཕ་རོལ་འཚེ་བ་མེད་པ་དང༌། །མངའ་འབངས་མཚོ་བཞིན་གང་བ་དང༌། །དབུ་རྨོག་གོང་ནས་གོང་བཙན་ཤོག །ཞེས་བྱ་བ་འདི་གྲུབ་པའོ།། ཤུ་བྷཾ།།  ༈  །།བུ་སྟོན་ལོ་ཙཱ་བ་ལ་བསྟོད་པ་བསྔགས་འོས་བསྔགས་པའི་ཕྲེང་བ་བཞུགས།།  ༄། །ན་མོ་མཉྫུ་ཤྲཱི་ཡེ། རྒྱན་དྲུག་མཁས་པའི་གདུང་འཚོབ་རིགས་ཀྱི་བུ། །སྟོན་པའི་རྒྱལ་ཚབ་བསྟན་འཛིན་ཡོངས་ཀྱི་ཡབ། །རིན་ཆེན་དཀོན་མཆོག་གསུམ་དངོས་རྡོ་རྗེ་འཛིན། །དངོས་གྲུབ་ཀུན་གྱི་འབྱུང་གནས་འཁོར་ལོའི་མགོན། །ས་སྟེངས་འགྲན་ཟླ་བྲལ་བའི་བསོད་སྙོམས་པ། །མ་བྱོན་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི།«་་་་་དེ་ཡི་སྐྱེ་བར་གྲགས། »།ཐུགས་རྗེའི་དབང་གིས་ལྗོངས་འདིར་འཁྲུངས་གྱུར་པ། །མཁྱེན་རབ་དབང་པོ་བུ་སྟོན་རིན་ཆེན་གྲུབ། །ཐུབ་པས་«་་་་་འཇམ་དཔལ་རྩབ་ལས། ཡི་གེ་ར་དང་ས་དང་པོ། །དགེ་སློང་གང་ཞིག་རབ་བྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས། »ལུང་བསྟན་བརྩེ་ཆེན་རྒྱལ་བའི་སྲས། །སྨོན་ལམ་མཐུ་གྲུབ་རིག་པའི་གནས་རྣམས་སྦྱངས། །ལྷག་བསམ་རྣམ་དག་ཕྲིན་ལས་དབང་ཕྱུག་མཆོག །ཡོངས་རྫོགས་བསྟན་པའི་ཉི་མ་གང་འདིར་ཤར། །ཁྲོ་ཕུ་བ་«་་་་་ཡང་རྩེ་བ་རིན་ཆེན་སེང་གེ »ལས་ངེས་པར་རབ་ཏུ་བྱུང༌། །«ཚད་མའི་སྐྱེས་བུ་་་་་་»བསོད་ནམས་མགོན་ལས་ཕར་ཚད་མངོན་གསུམ་སྦྱངས། །པཎ་ཆེན་རྒྱུད་«་་་་་ཆོས་ལུང་ཚོགས་པ། »ལས་བསྙེན་པར་རྫོགས་མཛད་ནས། །«མཁན་ཆེན་ཀ་བཞི་པ།་་་་་»གྲགས་གཞོན་དྲུང་དུ་འདུལ་བའི་གཞུང་ལུགས་སྦྱངས། །སྐད་གཉིས་སྨྲ་བ་ཐར་པ་ལོ་ཙཱ་«་་་་་ཉི་མ་རྒྱལ་མཚན། »ལས། །བརྡ་སྤྲོད་བྱེད་པའི་གཞུང་ལུགས་མཐར་ཕྱིན་མཛད། །ཀུན་མཁྱེན་འཕགས་འོད་«་་་་་ཡོན་ཏན་རྒྱ་མཚོ་རོང༌། »རྡོ་རྗེའི་«་་་་་རྒྱལ་མཚན། »མཚན་སོགས་ལ། །སྔགས་གཞུང་རབ་འབྱམས་རྒྱ་མཚོའི་ཕ་རོལ་སོན། །སྔོན་ཆད་གངས་ཅན་ལྗོངས་འདིར་འགྱུར་ཟིན་པའི། །གཞུང་ལུགས་ཀུན་གྱི་ཞུས་ཆེན་བཤད་སྲོལ་མཛད། །འགྱུར་ཟིན་ཆོས་ཀྱི་ཁ་སྐོང་དག་བྱེད་དུ། །སྔོན་མེད་འགྱུར་མཛད་ཞུས་ཆེན་ལོ་ཙཱ་བ། །བསྟན་པའི་རྩ་བ་ལེགས་གསུངས་འདུལ་བ་ཡི། །ལུང་གི་ཞུས་ཆེན་གཞུང་བརྒྱའི་བཤད་སྲོལ་དང༌། །ལག་ལེན་མཆོག་གིས་བསྟན་པའི་སྐྱེ་མཆེད་ནི། །གསལ་མཛད་ཁྱོད་དང་མཉམ་པ་སྔོན་མ་བྱུང༌། །ལྷུན་སྟུག་བྱིན་ཆགས་རྣལ་འབྱོར་རྒྱུད་ཆེན་པོའི། །འགྲེལ་མཛད་རྒྱ་གར་པཎ་ཆེན་མང་བྱོན་ཡང༌། །བཤད་པའི་ལུས་རྫོགས་ཡན་ལག་ཀུན་ཚང་བའི། །གཞུང་རྩོམ་བྱེད་པོ་ཁྱོད་མཚུངས་གཞན་མ་བྱོན། །དཔྱོད་ལྡན་མགུ་བྱེད་བསྟན་པའི་རྒྱན་གཅིག་པོ། །དུས་ཀྱི་འཁོར་ལོའི་ལམ་དང་རིག་པའི་གནས། །ཀུན་གྱི་གསལ་བྱེད་རྣམ་བཤད་རྒྱ་ཆེ་བ། །མཛད་པོ་ཁྱོད་སྔོན་འགྲེལ་བྱེད་གཞན་མ་བྱོན། །དེ་ལྟར་བོད་ཀྱི་ཡུལ་འདིར་སྔོན་བྱོན་པའི། །པཎ་གྲུབ་མང་པོའི་རྣམ་ཐར་དཔག་དཀའ་ཡང༌། །རྩོམ་པའི་ཕྲེང་བས་བསྟན་པ་གསལ་མཛད་པ། །བུ་སྟོན་ལོ་ཙཱ་དང་མཚུངས་གཞན་མ་བྱོན། །ཉིན་བར་ཆོས་ཀྱི་སྣང་བས་ཐུབ་བསྟན་གསལ། །མཚན་མོ་འོད་གསལ་ངང་ནས་ཆོས་ཀུན་ཆུབ། །འཆད་རྩོད་རྩོམ་དང་རིན་ཆེན་རིག་འཛིན་ས། །ལྷན་ཅིག་གྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཀྱིས་ཐུབ་པའི་བསྟན་པ་ལ། །གཞན་དང་མི་མཉམ་བགྱི་བ་གང་མཛད་པའི། །ཆ་ཙམ་མཐོང་ལ་རྗེས་སུ་ཡིད་རང་བས། །ཁྱོད་བཞིན་སྟོན་པའི་བསྟན་པ་འཛིན་པར་ཤོག །ཅེས་བུ་སྟོན་ལོ་ཙཱ་བའི་བསྟོད་པ་བསྔགས་འོས་བསྔགས་པའི་ཕྲེང་བ་བཞེས་བྱ་བ་གྲུབ་པའོ།། མངྒལཾ།།  ༈  །།མི་ཕམ་གཡག་གི་མཚན་ཅན་སངས་རྒྱས་དཔལ་ལ་བསྟོད་པ་རྗེས་འཇུག་སློབ་མའི་ཚོགས་ཀྱི་དང་བའི་ཤིང་རྟ་འདྲེན་བྱེད་བཞུགས།། ༄། །ན་མོ་ཨཱ་རྻ་ཨ་ཙ་ལ། ཐུབ་བསྟན་རིན་ཆེན་མ་ཉམས་ལམ་གསུམ་པ། །གང་དུ་བདེ་བར་རྒྱུ་བའི་ལམ་ཆེན་པོ། །འཁྱོག་པོར་བྱེད་པའི་གྱ་གྱུ་ཀུན་གསལ་ནས། །ཤིང་རྟའི་སྲོལ་ཆེན་འབྱེད་མཁས་སངས་རྒྱས་དཔལ། །འཇམ་དབྱངས་མཁྱེན་ཅན་རྗེ་བཙུན་ས་སྐྱ་པ། །འགྲོ་ཀུན་དགའ་མཛད་རྒྱལ་མཚན་དཔལ་བཟང་པོའི། །ཕུལ་བྱུང་ཕྲིན་ལས་ལྷག་མའི་ཁུར་འདེགས་པ། །གངས་ཅན་མཁས་པའི་དབང་པོ་སངས་རྒྱས་དཔལ། །བཅོམ་ལྡན་དཔའ་བོ་དམན་པའི་ས་གཉིས་དང༌། །བདུད་བཞི་འགོང་མཛད་མཐུ་སྟོབས་དབང་ཕྱུག་གི །དངོས་གྲུབ་བརྙེས་པས་འཆད་དང་རྩོད་པ་དང༌། །ཕྲིན་ལས་དབང་པོར་གྱུར་པ་སངས་རྒྱས་དཔལ། །ཇི་ལྟའི་དོན་ལ་འཁྲུལ་པ་སངས་པའི་ཐུགས། །ཇི་སྙེད་འཆད་ལ་བློ་གྲོས་རྒྱས་པའི་གསུང༌། །བསྟན་པའི་དཔལ་གྱུར་འགྲོ་བ་འདྲེན་པའི་སྐུ། །གྲགས་པའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །ཚིག་གཙང་དོན་གསལ་བདེ་འཁྱུག་ལྗགས་ཀྱི་རྩེར། །གཞུང་བརྒྱའི་ཚིག་དོན་ངང་གིས་ཤར་བ་ན། །འཆད་པོ་གཞན་ཀུན་ལྕེ་རྩ་ཉམས་པ་དང༌། །ལྕེ་བརྒྱ་ལྡན་ཡང་ལྡིབས་པ་ལྟ་བུར་བྱས། །ལུང་དང་རིགས་པའི་འབྲུག་སྒྲས་ཉེར་འཁྱུད་པའི། །སྤོབས་པའི་གློག་ཕྲེང་གཡོ་བའི་རོལ་རྩེད་ཀྱིས། །གཞན་གྱི་སྨྲ་བ་ལན་བརྒྱར་བཏང་གྱུར་ནས། །མངོན་པར་རློམ་པའི་མདངས་ཀྱང་ཉམས་པར་བྱས། །འཆད་རྩོད་སྙེམས་པས་ཕྱུག་པའི་པ་སངས་ཀྱང༌། །རང་གི་མདུན་སར་རྒྱལ་པོ་བཞིན་རློམ་མོད། །ལུང་དང་རིགས་པའི་ཟླ་བ་ཁྱོད་ཤར་ཚེ། །རྒྱལ་པོའི་དྲུང་ན་བྲན་བཞིན་རྒྱུ་བར་བྱེད། །རྩོམ་པའི་ཆ་ཤས་གང་བའི་ཟླ་བ་ཡང༌། །མཚན་མོའི་མཁའ་ལ་ཉི་མ་ལྟ་བུར་རློམ། །འཆད་རྩོད་དབང་ཕྱུག་ཉི་མ་ཁྱོད་དྲུང་དུ། །ཉེ་བར་ལྷགས་ན་མར་ངོ་བཞིན་དུ་སྤྱོད། །ཁྱོད་ཀྱི་མདུན་སར་འཆད་དང་རྩོད་རློམ་པ། །ཉི་མའི་དྲུང་དུ་མེ་ཁྱེར་ཚོགས་རྣམས་དང༌། །མཁའ་ལྡིང་འདབས་སུ་ཕྱེ་མ་ལེབ་བཞིན་དུ། །སྨྲ་བའི་གཤོག་རྩེ་སྐྱོད་པ་ངལ་མིན་ནམ། །མང་ཐོས་གླང་ཆེན་རིགས་པའི་མཆེ་བ་ཅན། །ཞི་བའི་ནགས་སུ་སྙེམས་པ་འཆང་མོད་ཀྱང༌། །འཁོར་ཚོགས་རྒྱ་མཚོའི་དབུས་སུ་བསྟན་པ་ཡི། །གངས་རི་བསྲུང་བའི་སེང་ཆེན་གཞན་ཡོད་མིན། །མང་ཐོས་ལང་ཚོ་ཡོལ་ནས་སྒྲུབ་པ་ཡི། །མཆོད་པས་རྒྱལ་བ་དགྱེས་མཛད་མང་བཞུགས་ཀྱང༌། །ཉིན་བར་ཆོས་ཀྱི་སྣང་བས་འཇིག་རྟེན་ཁམས། །མ་ལུས་ཉི་མ་བཞིན་དུ་གསལ་བ་དང༌། །མཚན་མོ་གཉིས་མེད་ཟུང་འཇུག་འོད་དཀར་གྱིས། །རིག་འཛིན་གོ་འཕང་བརྙེས་པ་གཞན་ཡོད་མིན། །རྒན་པོའི་གཏམ་རྒྱུད་ཐ་སྙད་ཆ་ཤས་ཀྱིས། །མཁས་པའི་གྲགས་ཐོབ་གྱུར་པ་མང་མོད་ཀྱང༌། །བསྟན་པའི་སྲོག་ཤིང་མདོ་རྒྱུད་ངེས་དོན་ལ། །བཤད་སྒྲུབ་སྙིང་པོར་མཛད་ཁྱོད་བསྟན་པའི་རྒྱན། །དེ་ལྟར་ཁྱོད་ཀྱིས་སྟོན་པའི་བསྟན་པ་ལ། །གཞན་དང་མི་མཉམ་བགྱི་བ་མཛད་པའི་ཚུལ། །ཅུང་ཟད་བརྗོད་པས་སློབ་མའི་ཚོགས་རྣམས་ཀྱང༌། །ཁྱོད་བཞིན་སྟོན་པའི་བསྟན་པ་གཅེས་འཛིན་ཤོག །ལྕགས་ཕོ་སྟག་ལ་བལྟམས་པ་ནས་བཟུང་སྟེ། །ཤིང་ཕོ་རྟ་ལ་ཞི་བར་གཤེགས་ཀྱི་བར། །རེ་ལྔའི་ལོར་བཞུགས་རང་རྒྱུད་གྲོལ་བ་དང༌། །གཞན་རྒྱུད་སྨིན་པའི་ཕྲིན་ལས་རྒྱ་ཆེར་མཛད། །བརྩོན་འགྲུས་དཔལ་ལས་ངེས་པར་རབ་ཏུ་བྱུང༌། །བུ་སྟོན་ཁ་ཆེས་ལུང་བསྟན་དབུགས་དབྱུང་མཛད། །ལུང་མང་པོ་ཡིས་དགེ་མཚན་མང་གཟིགས་ནས། །ཤེས་ཕྱིན་བསྟན་པའི་བདག་པོར་མངའ་གསོལ་མཛད། །ཉེར་ལྔའི་ལོ་ལ་ལྷག་པའི་ལྷ་གྲུབ་ནས། །ངག་གི་དབང་པོར་གྱུར་ཞིང་འདོད་ལྷ་ཡི། །བདུད་ལས་རྣམ་རྒྱལ་རྡོ་རྗེ་ཆོས་སྐྱོང་རྣམས། །བྲན་བཞིན་བཀོལ་བའི་ཕྲིན་ལས་དམ་པ་བརྙེས། །སུམ་ཅུའི་ལོ་ལ་བྱམས་པའི་ཞལ་གཟིགས་ནས། །ཕྱག་རིང་བརྐྱང་ནས་བྱིན་བརླབས་ལུང་བསྟན་དང༌། །ཤེས་ཕྱིན་དགོངས་འགྲེལ་བཅས་པའི་བསྟན་པ་ཡི། །བདག་པོར་གསོལ་བའི་དབུགས་དབྱུང་དམ་པ་ཐོབ། །དེ་ནས་བཟུང་སྟེ་མགོན་ཁྱོད་བཞུགས་པའི་ཁྲི། །གང་ན་འཁོད་པའི་སྟེང་གི་ནམ་མཁའ་ལ། །དགའ་ལྡན་གནས་དང་སུམ་ཅུ་རྩ་གསུམ་པའི། །ལྷ་ཚོགས་མང་པོ་ཡུམ་ལ་མཆོད་ཕྱིར་ལྷགས། །རྒྱལ་ཡུམ་མཆོད་པའི་ལྷ་རྫས་མེ་ཏོག་དང༌། །ཆོས་ཀྱི་སྡོམ་བཞི་གསལ་བའི་རྔ་བོ་ཆེ། །འཁོར་ཚོགས་རྒྱ་མཚོའི་དབྱིངས་སུ་ལྷག་པར་གསལ། །མཉམ་གཞག་མཚན་མའི་སྤྲོས་པ་ལས་གྲོལ་ཞིང༌། །རྗེས་ཐོབ་སྒྱུ་མའི་རྣམ་རོལ་ངང་ཉིད་ནས། །འོད་དཔག་མེད་པའི་ཞིང་ཁམས་རྒྱ་མཚོ་ཡི། །དག་པའི་དགའ་སྟོན་མ་ལུས་ཁྱོད་ཀྱིས་གཟིགས། །རྨད་བྱུང་ཐུགས་རྗེའི་མ་དྲོས་མཚོ་ཆེན་ལས། །ཕྲིན་ལས་ཆུ་ཆེན་བཞི་པ་ཉེར་བསྐྲུན་པས། །བུ་སློབ་རི་བོའི་ཁོར་ཡུག་ཡངས་པའི་དབུས། །ཤེས་ཕྱིན་བསྟན་པའི་རྒྱ་མཚོའི་ལྷག་པར་ཁེངས། །གཞན་སེམས་མཁྱེན་དང་སྐུ་ཡི་བཀོད་མང་དང༌། །འབྱུང་པོ་འདུལ་དང་ལྷ་བུའི་བདུད་བཏུལ་སོགས། །དངོས་གྲུབ་རྣམ་གཉིས་བརྙེས་པའི་དཔལ་མངའ་བ། །མི་ཕམ་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཀྱི་ལེགས་བྱས་རྒྱ་མཚོ་ལས། །ཆ་ཤས་ཙམ་ལ་དད་པ་སྐྱེད་བྱས་ནས། །རིགས་པར་བརྗོད་པའི་དགེ་བ་གང་ཡོད་དེས། །བདག་དང་སློབ་མར་བཅས་པ་ཐམས་ཅད་ཀྱང༌། །གཞན་འཕྲུལ་དབང་བྱེད་བདག་པོའི་དཔུང་ཚོགས་ལས། །རྣམ་པར་རྒྱལ་ཞིང་བྱམས་མགོན་ཐུགས་རྗེ་ཡི། །བདུད་རྩིའི་རྒྱུན་གྱིས་རིང་དུ་འཚོ་བྱེད་ཤོག །ཅེས་མི་ཕམ་གཡག་གི་མཚན་ཅན་སངས་རྒྱས་དཔལ་ལ་བསྟོད་པའི་ཚིག་ལེའུར་བྱས་པ། རྗེས་འཇུག་སློབ་མའི་ཚོགས་ཀྱི་དང་བའི་ཤིང་རྟ་འདྲེན་བྱེད་ཅེས་བྱ་བ་འདི་ནི། དམ་པ་དེ་ཉིད་ཀྱི་ཐུགས་རྗེའི་དཔྱང་ཐག་ལ་མི་ཕྱེད་པའི་དད་པས་ཉེ་བར་འཁྱུད་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  ༈  །།བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བསྟོད་པ།། ༄། །ཨོཾ་སྭི་སིདྡྷཾ། བདེ་སྟོང་ཟུང་འཇུག་སྒྱུ་མའི་རོལ་རྩེད་མཁན། །དེ་སྲས་འཇམ་པའི་རྡོ་རྗེར་འཁྲུངས་བྱེད་ཐབས། །ངོ་མཚར་ཆོ་གས་དེ་བསྐྲུན་གཞོན་ནུའི་སྐུ། །དེ་ཕྱིར་འདི་ལ་གསང་བས་བྱིན་ཞེས་གྲགས། །ཁྱོད་སྐུ་སུམ་རྩེན་དཔག་བསམ་འདོད་འཇོ་ལས། །ཕྲག་དོག་ལྷ་མིན་ལག་པས་མ་བརྙབས་པའི། །སྐལ་བཟང་ལྷ་དབང་ལང་ཚོར་བྱེད་པའི་ཆོས། །བདུད་རྩིའི་འབབ་ངོགས་བདེ་ཕྱིར་འཆི་མེད་སྡེ། །ཀུན་ལ་འཇིགས་མེད་ཉི་མ་ཁྱོད་དྲུང་དུ། །མང་ཐོས་ལུང་དང་རིགས་པའི་ཁྱུ་མཆོག་འགའ། །དྲེགས་པའི་སྙེམས་པ་ལན་བརྒྱར་བཏང་བྱས་ནས། །གྲགས་པའི་རྔ་ཆེན་ཕྱོགས་བཅུར་བརྡུང་བརྩོན་པ། །ཁྱོད་ནི་སྟོབས་ལྡན་ནག་པོའི་ཕྱོགས་ཀུན་ལས། །རྣམ་རྒྱལ་མིག་སྟོང་འཕྲོ་བའི་ལྷ་དེ་བཞིན། །འཆད་རྩོད་རྩོམ་པའི་ཤིང་རྟ་ལ་ཆིབས་ནས། །ཐུབ་བསྟན་དགའ་བའི་ཚལ་དུ་བདེ་བར་རྒྱུ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ལེ་ལག་གིས། །སྒོ་མང་རིམ་པར་ཕྱེ་ནས་ཆོས་ཀྱི་ཚོམས། །བརྒྱད་ཁྲི་བཞི་སྟོང་རྣམ་པར་ངེས་མཛད་པ། །དེ་ཕྱིར་ཆོས་ཀྱི་རྒྱལ་པོའི་མཚན་ཡང་བཟུང༌། །ལེགས་གསུངས་འདུལ་བའི་ཆོས་ཀྱི་ཁང་བཟང་རྩེར། །ངུར་སྨིག་བ་དན་གཡོ་བའི་རྒྱལ་མཚན་དང༌། །བསླབ་གསུམ་རྣམ་པར་དག་པའི་རྔ་སྒྲ་ཅན། །བསྟན་པའི་རྩ་བ་འཛིན་མཛད་ཁྱོད་ཀྱི་མཚན། །གཞོན་ནུ་ཉིད་ནས་སྙིང་རྗེའི་ངང་ཚུལ་ཅན། །རབ་ཏུ་བྱོན་ནས་ཞི་ཞིང་དུལ་ལ་མཁས། །ཀུན་ལ་མཐོ་འཚམ་མི་མངའ་ཐུགས་གཟུ་བ། །དེ་སྐད་ངང་ཚུལ་ཞི་བའི་མཚན་ཡང་བཟུང༌། །ལྷུམས་སུ་ཞུགས་དང་སྐུ་བལྟམས་རོལ་རྩེད་ནས། །ཇི་སྲིད་བསྟན་པའི་བདག་པོར་གྱུར་གྱི་བར། །སངས་རྒྱས་སྲས་དང་དམ་ཅན་སྲུང་མ་ཡིས། །ངེས་པར་བསྐྱངས་ཕྱིར་མཚན་ཡང་དེ་ལྟར་གྲགས། །གང་ཁྱོད་འཇམ་པའི་རྡོ་རྗེ་ཉིད་ཀྱི་ཕྱིར། །རིག་བྱེད་དྲན་པོའི་ཞལ་གྱི་པདྨ་ལས། །ངེས་འཁྲུངས་དབྱངས་ཅན་དཔལ་མོ་ཁྱོད་ལ་བརྩེ། །དེ་ཕྱིར་དབྱངས་ཅན་དགའ་བའི་གཏམ་ཆེན་པོ། །ཆོས་དང་སྲིད་དང་རིག་པའི་གནས་མཐའ་དག །གང་ལ་མ་སྦྱངས་དེ་ལ་ཡོད་མིན་པ། །ཡོངས་རྫོགས་གནས་ལྔ་རིག་པའི་པཎྜི་ཏ། །དབྱངས་ཅན་དགྱེས་པའི་ཉི་མ་གཅིག་པུ་ཡིས། །འཛམ་གླིང་ངོ་མཚར་གྱུར་པའི་རྒྱན་དྲུག་དང༌། །ཤོང་གཉིས་སྤང་དང་བྱང་རྩེ་གྲགས་པའི་ཞབས། །མང་པོས་མི་བསྐྲུན་པཎ་ཆེན་དེ་དག་གི །ཡོངས་རྫོགས་མཛད་པ་སྐད་ཅིག་ཉིད་ལ་གསལ། །གསུང་གཅིག་ཉིད་ཀྱིས་མང་པོའི་རྣ་བར་ཡང༌། །དུ་མར་གོ་ནས་ཅིག་ཆར་འབྲི་ནུས་པ། །སྲིད་གསུམ་སྒྱུ་མའི་རྣམ་རོལ་མཁན་དེ་ཡི། །རྣམ་འཕྲུལ་མིན་ནམ་གཞན་དུ་འདི་ཀོ་ཅི། །འཁྲུངས་མ་ཐག་ནས་མཐའ་ཡས་འགྲོ་བ་འདི། །ལས་དང་ཉོན་མོངས་པས་བསྐྲུན་རྣམ་སྨིན་གྱི། །འཁྲུལ་འཁོར་རྣམ་བཞིས་མནར་བ་མ་བཟོད་ནས། །སྤྱན་གྱི་ཆབ་ཀྱང་བཀོད་མའི་རྒྱུན་བཞིན་འབེབས། །སྤྱན་རས་གཟིགས་ལ་སྙིང་རྗེའི་རྒྱང་འབོད་བཏང༌། །འཇིག་རྟེན་དབང་པོས་འཛུམ་ཞལ་དངོས་སུ་བསྟན། །འགྲོ་ལ་སྙིང་རྗེའི་དབང་ཕྱག་ཉིད་གྱུར་ཞེས། །མང་པོས་བསྔགས་ཁྱོད་ཀུན་གྱིས་བཀུར་བའི་གནས། །བདུན་ཕྲག་ལོ་ནས་ཚད་ལྡན་གཞུང་ལ་སྦྱངས། །ངེས་པར་བྱང་ཆུབ་ཐུགས་ལ་ཞེན་ཞིང་གཤིན། །གང་གང་དོན་འདི་སྟོན་པའི་ཚིག་ཅི་ཞེས། །མཁས་མང་གིས་དྲིས་ཐོགས་པ་མེད་གསུང་མཛད། །བཅུ་དྲུག་ལོ་ནས་དཔལ་ལྡན་དཔའ་བོ་དང༌། །ཟླ་བར་གྲགས་པའི་སྙེམས་པ་སད་གྱུར་ནས། །ཟབ་མོའི་དོན་ལ་བསྙེངས་བྲལ་སྤོབས་པ་དང༌། །གཞན་གྱིས་མི་འགྲན་སྙན་ངག་དབང་པོར་གྱུར། །ཉེར་གཅིག་ལོ་ནས་ཤིང་རྟའི་སྲོལ་མང་ཕྱེ། །དབྱངས་ཅན་དཔལ་མོའི་དངོས་གྲུབ་བརྙེས་པ་ལས། །མཁས་མང་ཚོགས་པའི་དབུས་སུ་ངོ་མཚར་གཏམ། །རིགས་ཤིང་གྲོལ་བར་སྨྲ་མཁས་བསྟན་པའི་རྒྱན། །རྡོ་རྗེ་སེམས་དཔའ་གནང་བ་རབ་ཐོབ་ནས། །དེ་ཉིད་འདུས་པའི་བསྟན་བཅོས་རྩོམ་བཞེད་ཚེ། །འཇིགས་མེད་འབྱུང་གནས་ཞེས་བྱའི་པཎྜི་ཏས། །སྟོབས་ལྡན་གླང་ཆེན་བདུན་གྱིས་བཀུར་བའི་ཆོས། །སོ་སོར་ཕྱེ་ནས་རིགས་པར་ཁྱོད་ལ་གཏད། །མཐའ་ཡས་བསྟན་པའི་བདག་པོར་མངའ་གསོལ་ནས། །འཆད་མཁས་རྩོད་པའི་དབང་པོར་ཀུན་ལ་གྲགས། །སྐལ་བཟང་སློབ་མའི་བློ་གྲོས་སྤེལ་བ་དང༌། །ཕ་རོལ་རྩོད་པའི་ཁྱུ་མཆོག་ཟིལ་གྱིས་མནན། །རྩོམ་ལ་འགྲན་བྲལ་འདི་དང་གང་མཚུངས་པ། །གངས་ཅན་ཡུལ་དུ་བྱོན་པ་སྨོས་ཅི་དགོས། །འཕགས་པའི་ཡུལ་དུའང་སྔོན་ཆད་བྱོན་པ་མེད། །དབྱངས་ཅན་དགྱེས་པའི་ཉིན་བྱེད་བསྔགས་པར་འོས། །ཉིན་བར་འཆད་རྩོད་རྩོམ་པས་དུས་འདའ་ཞིང༌། །མཚན་མོ་བདེ་སྟོང་ཆེན་པོའི་རྣམ་རོལ་གྱིས། །དངོས་གྲུབ་རྣམ་གཉིས་གྲུབ་པའི་དབང་པོ་དེས། །སྐལ་བཟང་འགྲོ་བ་མ་ལུས་རྗེས་འཛིན་ཤོག །ཅེས་པ་སྤྱན་སྔ་ཆོས་རྗེ་ལྕམ། །བྱང་ཆུབ་ཆོས་དང་སྲིད་ཀྱི་ནི། །དཔལ་ཀུན་འཛོམ་པའི་གསུང་གི་ངོར། །གཡས་རུ་གཙང་གི་ས་ཡི་ཆ། །སྡེ་སྣོད་ཀློག་པའི་ཆོས་གྲྭ་ནས། །བསྔགས་འོས་བསྔགས་པའི་ཚིགས་སུ་བཅད། །ཕུལ་བས་དགྱེས་པ་བསྐྱེད་པར་བྱོན།། མངྒལཾ།། བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*