བཤེས་གཉེན་དམ་པ་བཅུ་ཕྲག་བཞིའི་བསྟོད་པ་དད་པའི་ཤིང་རྟ་བླ་མའི་བསྟོད་ཚོགས།

༼ཙ༽༄༅། །བཤེས་གཉེན་དམ་པ་བཅུ་ཕྲག་བཞིའི་བསྟོད་པ་དད་པའི་ཤིང་རྟ་སོགས་བླ་མའི་བསྟོད་ཚོགས་ཀྱི་བསྐོར་བཞུགས།།

ན་མོ་གུ་རུ་ཝེ། དམ་པའི་ཆོས་ཀྱིས་སྦྲེལ་བའི་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་པའི་དྲན་པའི་སླད་དུ་མཚན་ནས་བརྗོད་པ་དད་པའི་ཤིང་རྟ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཤཱཀྱའི་བསྟན་པ་ཡོངས་རྫོགས་ནོར་བུའི་ཁུར། །རྣམ་དཔྱོད་རལ་པའི་རྒྱལ་མཚན་རྩེར་བཏེག་ནས། །དཔལ་ལྡན་སྐལ་བ་བཟང་པོའི་གདུལ་བྱ་རྣམས། །ཐུགས་རྗེའི་ཕྱག་གིས་འཛིན་«་་་་་རོང་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ། རབ་ཏུ་བྱུང་ཞིང༌། པོ་སྟི་ཆེ་ཆུང་བཅུ་ཙམ་དང༌། ཁྲིད་ཡིག་སྣ་ཚོགས་དང༌། མི་གཡོ་བ་དཀར་པོའི་རྗེས་གནང་རྣམས་ཐོབ། » ཁྱོད་གཙུག་གི་རྒྱན། །དཔལ་ལྡན་རིགས་ཀྱི་གངས་རི་བཟང་པོ་«་་་་་ཁུ་བོ་ཆོས་རྗེའི་དྲུང་དུ། ཕར་ཕྱིན་གྱི་གཡག་ཊཱིཀ་རིན་ཆེན་བསམ་འཕེལ་དང༌། མི་གཡོ་བའི་སྒྲུབ་སྐོར་མན་ངག་གི་གཏེར་མཛོད་རྣམས། » ལས། །བྱང་ཆུབ་ཐུགས་ཀྱི་བདུད་རྩིའི་རྒྱུན་མང་གིས། །ཕྲིན་ལས་ཡིད་བཞིན་རྒྱ་མཚོ་སྐྲུན་མཛད་པ། །བརྩེ་ཆེན་ཐུགས་རྗེའི་གཏེར་ཁྱོད་ཕྱག་གི་གནས། །«པོད་ཆེན་བཅུ་གཉིས་ཀྱི་གཞུང་ཆོས་དང་མཁའ་སྤྱོད་མའི་བྱིན་རླབས་དང༌། རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་གནང་ཐོབ།་་་་་» དོན་ཡོད་མཁྱེན་པའི་གསེར་གྱི་ཁྱམས་ཆེན་དུ། །དཔལ་ལྡན་གཞུང་བརྒྱའི་ངོ་མཚར་རི་མོ་ནི། །བཟང་པོའི་རྗེས་འཇུག་ཡོངས་ལ་སྟོན་མཁས་པ། །ཕན་དགོངས་ཐུགས་རྗེ་ཅན་ཁྱོད་བླ་ན་བཞུགས། །སངས་རྒྱས་«་་་་་ཕར་ཕྱིན་དང་རྣམ་ངེས་ཀྱི་གཞུང་ཆོས་དང༌། ཡུམ་བརྒྱད་སྟོང་པ་དང༌། སྨན་བླ་དང༌། ཤེར་ཕྱིན་བཀའ་བབས་བཞི་ལ་སོགས་པའི་ལུང་ཐོབ། » མང་པོའི་རྣམ་འཕྲུལ་རྔོག་ལོ་ཡི། །དམ་ཆོས་རིན་ཆེན་ཁྲི་ལ་དབང་བསྒྱུར་བས། །སྐལ་བཟང་བྱང་ཆུབ་ཐུགས་ཀྱིས་སྐྱོང་མཛད་པ། །རྒྱལ་སྲས་དགེ་བའི་བཤེས་དེ་བསྔགས་པར་འོས། །རྗེ་བཙུན་སྲས་བཅས་ཀུན་གྱི་གཞུང་ལུགས་དང༌། །མན་ངག་བདུད་རྩི་བཞེས་པའི་དགའ་སྟོན་གྱིས། །ནག་པོའི་ཕྱོགས་ལས་རྒྱལ་བའི་མཚན་«་་་་་གླང་ཐང་སྤྱན་སྔ་རིན་པོ་ཆེའི་དྲུང་དུ། གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་ཞུས། » ལྡན་པ། །དཔལ་ལྡན་ཕྲིན་ལས་བཟང་པོར་ཕྱག་བགྱིའོ། །མངོན་པའི་གཞུང་ལུགས་མཁྱེན་པའི་གྲུ་ཆེན་གྱིས། །འདུལ་བ་རྒྱ་མཚོའི་«་་་་་དམར་སྟོན་པའི་དྲུང་དུ། འདུལ་བ་མདོའི་ཆོས་རྒྱས་པ་ཚར་གཉིས་དང༌། མཛོད་ཚར་གཅིག་དང༌། ཀརྨ་ཤ་ཏཾ། སྨྱུང་གནས་ཀྱི་ཆོ་ག་སོགས་ཆོས་ཕྲན་འགའ་ཞིག་ཐོབ། » གཏིང་མཐའ་གཟིགས་གྱུར་ཅིང༌། བྱང་ཆུབ་སེམས་ཀྱི་ཡིད་བཞིན་རིན་ཆེན་དང༌། །འབྲལ་མེད་དགེ་བའི་བཤེས་དེར་མགོས་ཕྱག་འཚལ། །བསོད་ནམས་ཤེལ་གྱི་ཁང་བཟང་ཉམས་དགའ་བར། །ཚུལ་ཁྲིམས་«་་་་་སྐྱོར་ལུང་འགའ་ཁང་པའི་དྲུང་དུ། འདུལ་བ་མདོ་རྩ་བ་ཚར་གསུམ། མཛོད་ཚར་གསུམ། སྐྱེས་རབས་བརྒྱ་རྩ་དང༌། རྒྱལ་སྲས་བཀའ་འབུམ་ལ་སོགས་པའི་ཆོས་ཕྲན་འགའ་ཐོབ། » དག་པའི་ཁྲི་ལ་བསྟི་མཛད་ཅིང༌། །རྒྱ་ཆེན་མངོན་པའི་རྔ་དབྱངས་ཟབ་མོ་ཅན། །འདུལ་འཛིན་དབང་པོ་དེ་ལ་སྙིང་ནས་དད། །དམ་ཆོས་«་་་་་སྐྱོར་ལུང་མཁན་པོའི་དྲུང་དུ། སོ་ཐར་མདོ་དང༌། ལུང་བཞིའི་ལུང་དང༌། ཕྱག་རྡོར་འགྲོ་བཟངས་དང༌། རྣམ་སྲས་རིགས་བརྒྱད་ཀྱི་ལུང་དང༌། རྗེས་གནང་རྣམས་ཞུས་སོ། » རྒྱལ་པོ་འཇིགས་མེད་འདུལ་བའི་དཔལ། །རྒྱ་ཆེན་མངོན་པའི་ཁྲི་ལ་བཞུགས་གསོལ་ནས། །བཟང་པོའི་ཁྲིམས་ཀྱི་ཀུན་ཀྱང་བག་ཡོད་ལ། །སྦྱོར་མཛད་དགེ་བའི་བཤེས་ལ་མཆོད་པར་བགྱི། །བྱང་ཆུབ་སེམས་ཀྱི་འོད་ཟེར་སྟོང་འཁྱུག་པའི། །བསླབ་གསུམ་རྣམ་པར་དག་པའི་ཕོ་བྲང་དང༌། །ཆོས་ཀྱི་རྒྱལ་པོའི་དཔལ་དུ་མངའ་གསོལ་བའི། །ཡང་དག་དགེ་བའི་བཤེས་དེ་བསྔགས་པར་འོས། །ཆོས་ཀྱི་རྒྱལ་མཚན་«་་་་་གུང་རུ་བའི་དྲུང་དུ། དབུ་མ་ཚིག་གསལ་གྱི་ལུང་དང་བཤད་པ་ཐང་སག་པ་ནས་བརྒྱུད་བ་ཞུས། » མཐོན་པོས་བརྗིད་ཆགས་པའི། །ཕྲིན་ལས་བཟང་པོའི་ཤེལ་གྱི་ཁྱམས་ཆེན་དུ། །བློ་གསལ་མང་པོའི་རེ་བ་བསྐོང་མཛད་པ། །རིགས་པ་སྨྲ་བའི་གཙུག་རྒྱན་གང་དེ་མཆོད། །མང་པོའི་རྣ་བར་གྲགས་པའི་དར་དིར་ཅན། །བཀྲ་ཤིས་«་་་་་གྲོ་པ་མཁན་པོའི་དྲུང་དུ། སློབ་དཔོན་འདི་པ་ལ། གསང་ཕུ་བའི་ཚད་བསྡུས་དང༌། ཕར་ཕྱིན་རོང་ཊཱིཀ་གི་སྟེང་ནས་ཚར་གཉིས་ཞུས། » མེ་ཏོག་སེར་པོའི་བཅུད་བླངས་ནས། །གཞན་ཕན་བདུད་རྩི་སྤྲོ་བའི་ཞལ་ལྡན་པ། །མཁས་བཙུན་བླ་མ་དེ་ཡང་དྲན་པར་བགྱི། །གང་ཡང་ཆོས་ཀྱི་ངང་ཚུལ་བཟང་པོ་དང༌། །ཀུན་ལས་རྣམ་རྒྱལ་«་་་་་སློབ་དཔོན་འདི་པ་ལ། རིན་པོ་ཆེ་བློ་བཟང་གྲགས་པས་མཛད་པའི་དབུ་མ་རྩ་འཇུག་གི་ཊཱི་ཀ་གཉིས་ཀྱི་སྟེང་ནས་གཞུང་ཆོས་རྒྱས་པར་ཉན་ནོ། །» རིགས་པའི་རྔ་སྒྲ་ཡིས། །བློ་གསལ་མང་པོའི་དང་བ་འདྲེན་བརྩོན་པ། །དགེ་བའི་བཤེས་དེའི་ཡོན་ཏན་མགྲིན་པར་གླེང༌། །བློ་གྲོས་རྒྱ་མཚོའི་དབུས་སུ་ཞབས་བརྟན་ཞིང༌། །བགྲང་ཡས་རིག་གནས་མི་འདྲའི་བང་རིམ་ཅན། །མཁས་གྲུབ་གསེར་རིའི་ཕྲེང་བས་ཕྱག་བྱས་པ། །པཎ་ཆེན་ལོ་ཙྪ་«་་་་་བོ་དོང་ཆོས་རྗེའི་དྲུང་དུ། བདེ་མཆོག་ལཱུ་ཧི་པའི་དབང་དང༌། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་ཞུས་ནས་གསང་མཚན་བརྟགས་ཤིང༌། སྡོམ་གསུམ་རབ་དབྱེའི་གཞུང་བཤད་དང༌། གསང་སྔགས་རྙིང་མའི་ལམ་ཆེན་མོ་དང༌། སཾ་ཀྲྀ་ཏའི་སྐད་དོད་རགས་པ་རྣམས་ཞུས། དེ་སྲས་ལོ་ཙཱ་བའི་དྲུང་དུ། ཀ་ལཱ་པའི་མིང་ལེ་ཡན་དང༌། སྨྲ་སྒོ་དང༌། སྤང་ལོའི་ཊཱི་ཀའི་སྟེང་ནས་སྙན་ངག་མེད་ལོང་རྣམས་ཞུས། » གུས་པའི་གཙུག་གིས་བསྟེན། །བློ་གྲོས་རྩལ་ལྡན་རིགས་པའི་མཆེ་བ་དང༌། །བརྡའ་སྤྲོད་གཞུང་མང་ཁྲོས་པའི་མིག་རྩ་ཅན། །སྙན་ངག་གཞུང་བཞིན་སྦྱར་བའི་གད་རྒྱངས་ཀྱིས། །གྲགས་པའི་དབང་ཕྱུག་གྱུར་དེ་བསྟོད་པར་བགྱི། །རྒྱུད་སྡེ་རྣམ་བཞིའི་རིན་ཆེན་མཛེས་པའི་ཁྲིར། །རང་རང་རིགས་ཀྱི་རྒྱལ་པོའི་མཚན་«་་་་་བྲག་ནག་པོའི་དྲུང་དུ། ཡོ་ག་རྡོར་དབྱིངས། རྩེ་མོ་རིགས་བསྡུས། ཁམས་གསུམ་རྣམ་རྒྱལ་སོ། » བཟུང་ནས། །སྐལ་ལྡན་མང་པོ་སྨིན་ཅིང་གྲོལ་མཛད་པའི། །བསྔགས་འོས་བླ་མ་དེ་ལ་རིམ་གྲོར་བགྱིད། །གོང་མའི་རིགས་ཀྱི་རིགས་རྒྱུན་མ་ཆད་ཅིང༌། །བསོད་ནམས་རྒྱལ་«་་་་་བདག་ཆེན་ཞྭ་ལུ་པའི་དྲུང་དུ། ཀྱཻ་རྡོ་རྗེའི་དབང༌། གུར་མགོན་ལྷ་བརྒྱད། གདོང་བཞི་པ་རིགས་ལྔའི་རྗེས་གནང་སྒྲུབ་སྐོར་ཞུས། » མཚན་རྩེ་མོའི་དཔལ་འབར་བས། །མ་ལུས་བདུད་སྡེའི་དཔུང་གི་སྟོབས་འཕྲོག་པའི། །མཐུ་སྟོབས་དབང་ཕྱུག་གང་དེ་བླ་མར་བྱ། །རྣམ་དཔྱོད་བློ་གྲོས་«་་་་་ཀཾ་དགོན་པའི་དྲུང་དུ། བླ་མེད་ས་ལུགས་ཀྱི་དབང་ཉི་ཤུ་རྩ་གསུམ། གུར་བརྟག་གི་བཤད་པ། འཇིགས་བྱེད་རྭ་ལུགས་ཀྱི་དབང༌། རྒྱུད་བཤད་མན་ངག་རྣམས་ཞུས། » ཡངས་པའི་ཕྲག་པ་ནས། །དམ་ཆོས་ཉི་ཟླ་འཆར་བའི་དཔུང་རྒྱན་ཅན། །སྐལ་བཟང་སློབ་མ་སྐྱོང་བའི་མདངས་གསལ་བ། །དམ་ཚིག་སློབ་དཔོན་གུས་པས་བརྟེན་པར་བགྱི། །«སྤྱང་ལུང་པའི་དྲུང་དུ། ལམ་འབྲས་ཆ་ལག་རྫོགས་པ། དུས་ཀྱི་འཁོར་ལོའི་སྦྱོར་དྲུག གྲུབ་ཆེན་ཡུ་མོའི་གསལ་སྒྲོན་བཞི་ངོ་སྤྲོད་དང་བཅས་པ། ནཱ་རོ་ཆོས་དྲུག་གི་ཁྲིད། ནཻ་གུ་ཆོས་དྲུག་སོགས་ཤངས་པའི་ཁྲིད་ཆེན་བཞི་ཆ་ལག་དང་བཅས་པ་མ་ལུས་པ་དང༌། ཡང་དགོན་པའི་རི་ཆོས་སྐོར་གསུམ་དང༌། ཚིམ་བུ་ལུགས་ཀྱི་དམར་ཁྲིད་དང༌། སྙིང་པོ་དོན་གསུམ་སོགས་ཁྲོ་ཕུ་པའི་ཆོས་འགའ་ཞིག་དང༌། རེད་མདའ་བའི་དབུ་མ་ལྟ་ཁྲིད་དང༌། ཐེག་པ་ཆེན་པོའི་བློ་སྦྱོང་རིགས་མི་འདྲ་བ་དྲུག་ཅུ་ཙམ་ལ་སོགས་པ་ཆོས་ཕྲན་མང་དུ་ཞུས་སོ།་་་་་»གཞོན་ནུ་ཉིད་ནས་ཡང་དག་བསྟན་པའི་ཁུར། །བློ་གྲོས་དཔུང་པའི་སྟོབས་ཀྱིས་ལེགས་བླངས་ཤིང༌། །ཟབ་མོའི་ལམ་གྱིས་གྲུབ་པའི་ས་བརྙེས་པ། །གདམས་པའི་མཛོད་འཛིན་དེ་ལ་སྙིང་ནས་འདུད། །བཀྲ་ཤིས་མདོ་དང་རྒྱུད་སྡེའི་སྤྲིན་རུམ་ནས། །ངོ་མཚར་ལུང་དང་རིགས་པའི་རྔ་སྒྲ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་འཛིན་པ། །པཎ་ཆེན་འཇིགས་མེད་«་་་་་རྗེ་དྭགས་པོའི་དྲུང་དུ། ལམ་འབྲས་ཕྱག་མཆོད་ཀྱི་ལུང་དང་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་ཞུས། » དེ་ལ་བསྔགས་པར་བགྱི། །རང་གཞན་གྲུབ་མཐའི་དེ་ཉིད་ཀུན་«་་་་་ངོར་པ་རྡོ་རྗེ་འཆང་གི་དྲུང་དུ། བསྙེན་པར་རྫོགས་ཤིང་གསུང་ངག་རིན་པོ་ཆེ་ཆ་ལག་ཕལ་ཆེར་རྫོགས་པ་དང༌། བླ་མེད་ཀྱི་དབང་བྱིན་རླབས་མི་འདྲ་བ་བཅུ་དྲུག་ཙམ་དང༌། སྒྲུབ་ཐབས་བརྒྱ་རྩ་དང༌། རྗེས་གནང་ཟུར་པ་ཉི་ཤུ་ཙམ་དང༌། གསང་འདུས་ཕག་སྐོར་གྱི་གཞུང་གསུམ་གྱི་བཤད་པ་དང༌། དེའི་བསྐྱེད་རྫོགས་གཉིས་ཀའི་བཤད་པ་རྒྱས་པ་དང༌། རྩ་དབུ་མའི་ཁྲིད་དང༌། ཞེན་པ་བཞི་བྲལ་གྱི་ཁྲིད་ཞུས། » གཟིགས་ནས། །ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་ཀྱིས། །མཁས་རྣམས་དགའ་བའི་ཕྲིན་ལས་འོད་བརྒྱ་པ། །མཁས་བཙུན་བཟང་པོ་དེ་ནི་གཙུག་གི་རྒྱན། །བསླབ་གསུམ་རྣམ་དག་བསོད་ནམས་བསོག་པའི་ཞིང༌། །གཞན་ཕན་ལྷུན་གྲུབ་རྒྱལ་བ་ཀུན་གྱི་སྲས། །ཟུང་འཇུག་མཚན་མ་མེད་པའི་ཐུགས་མངའ་བ། །བརྩེ་ཆེན་བླ་མ་དེ་ལ་མགོས་ཕྱག་འཚལ། །དཀོན་མཆོག་རྣམ་གསུམ་འཇིགས་མེད་སེང་གེ་ནི། །ཁྱོད་ཐུགས་གངས་རིའི་མགུལ་བར་གནས་བཅས་ནས། །རྒྱལ་བ་གཉིས་པའི་ཕྲིན་ལས་སྒྲུབ་མཛད་པ། །མཚན་ལྡན་བླ་མ་དེ་ལ་སྙིང་ནས་དད། །རྣམ་དཔྱོད་ཤེས་རབ་ཡངས་པའི་གོམས་སྟབས་ཀྱིས། །མདོ་སྔགས་རྒྱ་མཚོའི་ས་ཆེན་གསུམ་བརྒལ་ནས། །གྲགས་པའི་དབང་ཕྱུག་ཀུན་གྱི་རྣ་བའི་དཔལ། །ཡོངས་ཀྱི་བཤེས་གཉེན་དམ་པ་ཀུན་ནས་བཀུར། །འགྲོ་ཀུན་དགའ་བའི་བློ་གྲོས་གོམས་སྟབས་ཀྱིས། །འཇམ་དབྱངས་འཁོན་གྱི་གདུང་འཛིན་ས་སྐྱ་པའི། །རབ་ཡངས་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བ། །ཆོས་ཀྱི་རྒྱལ་པོ་དེ་ལ་དད་པར་བགྱི། །བློ་གྲོས་ཆོས་ཀྱི་སྐྱེད་ཚལ་ཉམས་དགའ་བར། །ཐུགས་རྗེའི་དབང་ཕྱུག་བརྩེ་བའི་གར་བསྒྱུར་ཅིང༌། །ལེགས་པའི་འབྱུང་གནས་བདུད་རྩིའི་གཏེར་མངའ་དེ། །དད་པའི་རྒྱལ་མཚན་རྩེ་ལ་མཆོད་པར་བགྱི། །འཇམ་དབྱངས་འཁོན་གྱི་རིགས་རྒྱུད་མ་ཆད་ཅིང༌། །ཕུན་ཚོགས་བློ་གྲོས་འཆར་ཀའི་མདངས་གསལ་བ། །རྣམ་དཔྱོད་རྒྱལ་མཚན་རྩེ་ནས་ཐུགས་རྗེ་ཡིས། །འོད་སྟོང་འཆར་བ་དེ་ལ་ཕྱག་འཚལ་ལོ། །ཀུན་སྤྱོད་རྣམ་དག་དང་བ་འདྲེན་པའི་སྐུ། །གཞན་ཕན་ལ་དགའ་དམ་ཆོས་སྒྲོག་པའི་གསུང༌། །རིམ་གཉིས་ཟུང་འཇུག་རྡོ་རྗེ་འཛིན་པའི་ཐུགས། །གང་ལ་མངའ་བ་དེ་ནི་ཕྱག་གི་གནས། །ལྔ་རིག་གྲུབ་པའི་ས་ལ་བཞུགས་གྱུར་པ། །བོད་ཀྱི་ས་སྐྱོང་རལ་པའི་ནགས་ཁྲོད་དུ། །ཞབས་ཀྱི་སེན་མོའི་རིན་ཆེན་འོད་འབར་བ། །རྒྱ་གར་པཎ་ཆེན་གུས་པའི་གཙུག་གིས་མཆོད། །ངོ་མཚར་ཆོས་ཀྱི་ཁང་བརྩེགས་ཡིད་འོང་དེར། །རྣམ་རྒྱལ་ལུང་དང་རིགས་པའི་རྔ་སྒྲ་དང༌། །དཔལ་ལྡན་ཕྲིན་ལས་བཟང་པོའི་གདུགས་དཀར་ཅན། །ཀུན་མཁྱེན་མཁས་པའི་དབང་པོ་དེ་ལ་འདུད། །མཁྱེན་རབས་གསེར་གྱི་པདྨོ་འཛུམ་པའི་རྩེར། །གཡོ་མེད་ཕྱག་རྒྱ་ཆེན་པོའི་རྣམ་རོལ་དང༌། །ཚུལ་ཁྲིམས་རྣམ་དག་གྲུབ་པའི་རྒྱལ་མཚན་ཅན། །ངག་གི་དབང་པོ་གྲགས་པའི་ཁྲི་ལ་བཀུར། །ས་ཆེན་འདི་ན་གྲགས་པའི་རྔ་སྒྲ་ཡིས། །རྟག་པར་དགེ་བའི་ཁྲི་ལ་ལྷུན་ཆགས་ཤིང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་ལྡན་པ། །མི་ཕམ་ཆོས་རྗེ་རྙོག་བྲལ་མགོ་བོས་མཆོད། །དབང་དང་གདམས་པའི་ཆུ་བོ་འབུམ་ཕྲག་གིས། །ཁྱོད་བློ་གཏིང་མཐའ་ཡངས་པར་ངལ་བསོ་བས། །རྣམ་དཀར་གྲགས་པའི་འོད་ཟེར་ཕྲེང་ཅན། །རྣམ་མང་སྐྱེ་དགུའི་གཉེན་ཁྱོད་རྣམ་པར་རྒྱལ། །ཕྱི་ནང་ཆོས་ཀུན་མཁྱེན་པའི་མཁས་པ་དེ། །རིན་ཆེན་དུས་ཀྱི་འཁོར་ལོའི་ཁང་བཟངས་སུ། །བཀྲ་ཤིས་དབང་གི་ཆུ་བོ་སྟོང་ཕྲག་ཙམ། །མངོན་པར་བསྐུར་མཛད་སློབ་དཔོན་སྙིང་ཁའི་རྒྱན། །བསོད་ནམས་རྒྱ་མཚོའི་ཆུ་གཏེར་ཉམས་དགའ་བར། །རྣམ་མང་ཤེས་བྱའི་གཟུགས་བརྙན་ཀུན་གསལ་ཞིང༌། །རྒྱལ་བའི་སྲས་པོ་གསུང་རབས་ཀུན་གྱི་བདག །ངོ་མཚར་དད་པའི་སྐྱེད་ཚལ་འདིར་སྤྱོན་ཤིག །ཀུན་ནས་ཡངས་པའི་མཁྱེན་རབས་བཟང་པོའི་གསུང༌། །ཟག་མེད་དགའ་བཞིའི་དཔལ་གྱིས་རོལ་པའི་སྐུ། །རྡོ་རྗེ་འཛིན་པའི་ཐུགས་ཀྱི་བང་མཛོད་ལ། །དབང་འབྱོར་ཆོས་ཀྱིས་ཕྱུག་པ་དེར་ཕྱག་འཚལ། །རིགས་ཚུལ་ཀུན་མཁྱེན་ངེས་པར་གྲུབ་དབང་པོ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་ཆེན་གྱིས། །རྣམ་དཀར་གྲགས་པ་བཟང་པོའི་ཟེར་འཕྲོ་བ། །རིགས་ལྡན་ཆོས་ཀྱི་རྒྱལ་པོ་སྲིད་ཞིའི་དཔལ། །རྣམ་དཔྱོད་ཉི་མ་གསལ་བའི་འོད་ཟེར་གྱིས། །མ་བྱོན་རྒྱལ་བ་གསུམ་པའི་ཆོས་ཀྱི་ཁྲི། །ཡ་མཚན་དུ་མའི་དཔལ་གྱིས་མཐོ་གང་དེར། །ཕྲིན་ལས་བཟང་པོར་གྱུར་ཁྱོད་འགྲོ་བའི་མགོན། །བློ་གྲོས་ཆོས་ཀྱི་ཁང་བཟངས་ཉམས་དགའ་བར། །བསླབ་གསུམ་རྣམ་པར་དག་པའི་རྒྱལ་མཚན་དང༌། །དཔལ་ལྡན་ཕྲིན་ལས་བཟང་པོའི་རྔ་སྒྲ་ཅན། །རིན་ཆེན་ཆོས་ཀྱི་ཁྲི་ལ་ཞབས་བརྟན་ཤིག །གཞན་ཡང་གང་ལས་ཆོས་ཀྱི་གཏམ་མང་པོ། །གསལ་བར་ཐོས་པས་བློ་གྲོས་ཉེར་སྤེལ་བའི། །ཆོས་ཀྱི་མཆེད་དང་གྲོགས་སུ་གྱུར་ཀུན་ཀྱང༌། །རྙེད་དང་བཀུར་སྟིས་སྲིད་ཞུའི་གནས་ཡིན་ནོ། །སྤྱི་གཙུག་ཚངས་པའི་ཁོར་ཡུག་རབ་ཡངས་པར། །རྡོ་རྗེ་འཆང་དངོས་ཡིད་བཞིན་མཚོ་ཆེན་བཞུགས། །ཡོངས་འཛིན་མང་པོའི་ཆུ་ཀླུང་ཀུན་འདུས་ནས། །འབུམ་ཕྲག་དངོས་གྲུབ་བདག་ལ་ཉེར་སྩོལ་ཤིག །ཅེས་བླ་མ་དམ་པ་རྣམས་ལ་བདུད་རྩི་ཇི་ལྟར་ཐོབ་པའི་གོ་རིམ་བཞིན་དུ་མཚན་ནས་བརྗོད་པ། དང་པའི་ཤིང་རྟ་འདྲེན་བྱེད་ཅེས་བྱ་བ་འདི་ནི་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཞེས་བྱ་བས་ལེགས་པར་སྦྱར་བའོ།།  །།མངྒ་ལཾ།། 

༈  །།མཁས་གྲུབ་ཆེན་པོ་སྦྱང་ལུང་པ་གཞོན་ནུ་བློ་གྲོས་ལ་བསྟོད་པ།།  ༄། །དམ་ཆོས་འཁོར་ལོ་བསྒྱུར་བའི་དཔལ་མངའ་བ། །

འགྲོ་བཟང་དབང་པོ་སྟོང་གི་སྤྱི་བོ་ན། །རྣམ་གྲོལ་གདུགས་དཀར་གཡོ་བ་རྒྱལ་བའི་སྲས། །གྲགས་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །ཁྱོད་ནི་བསྐལ་པ་དུ་མའི་སྔ་རོལ་ཏུ། །འཇམ་དབྱངས་གཞོན་ནུའི་དམ་ཆོས་ཁུར་ཅན་དེ། །བློ་གྲོས་ཤིང་རྟའི་ཁྲི་ལ་ལེགས་དྲངས་ནས། །སྲིད་མཚོ་སྒྲོལ་བར་མཛད་ལ་གསོལ་བ་འདེབས། །འཁོར་ལོ་བཞིའི་དཔལ་ལ་དབང་འབྱོར་བས། །ཐུབ་པའི་བརྟུལ་ཞུགས་རྫོགས་པར་ལེགས་བླངས་ནས། །ཐོས་བསམ་སྒོམ་པས་དུས་གསུམ་རྒྱལ་བ་ཡིས། །ཐུགས་ཀྱི་བང་མཛོད་འཛིན་ལ་གསོལ་བ་འདེབས། །ཀུན་སྤྱོད་རྣམ་དག་གནས་བརྟན་འདུལ་བ་འཛིན། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་སེམས་དཔའ་ཆེ། །གསང་བའི་མཛོད་འཛིན་རྗེ་བཙུན་རྡོ་རྗེ་འཆང༌། །ཐུབ་བསྟན་རྒྱ་མཚོའི་གཏེར་ལ་གསོལ་བ་འདེབས། །རླབས་ཆེན་ཤུགས་དྲག་རིགས་པའི་དཔུང་ཚོགས་ཀྱིས། །ཉེས་བཤད་དགྲ་སྡེའི་ཚོགས་རྣམས་ཕམ་མཛད་ནས། །གཞུང་ལུགས་མི་འཇེད་གཞི་ལ་དབང་འབྱོར་བ། །ཐུབ་པའི་རྒྱལ་སྲིད་སྐྱོང་ལ་གསོལ་བ་འདེབས། །ཕུན་ཚོགས་ཚོགས་གཉིས་རྟ་ལྗང་རོལ་པའི་རྩེར། །གསུང་རབ་རབ་འབྱམས་མཁྱེན་པའི་དཀྱིལ་འཁོར་རྒྱས། །ལེགས་བཤད་བཤད་པའི་འོད་སྟོང་གཡོ་བ་ལ། །ལུས་ཅན་ཀུན་གྱི་མགོན་ལ་གསོལ་བ་འདེབས། །ཁྱོད་ནི་བློ་གྲོས་ཡངས་པའི་དགེ་ལེགས་ཀྱིས། །སྣང་སྟོང་སྐབས་གསུམ་དབང་པོའི་ལམ་ཡངས་པར། །བདེ་སྟོང་སྒྱུ་མའི་གར་གྱི་དགྱེས་རོལ་ཞིང༌། །གང་ཤར་ལྷ་སྐུར་གཟིགས་ལ་གསོལ་བ་འདེབས། །དྲི་མེད་དབང་དང་རྣམ་དག་རྒྱུད་བཤད་དང༌། །གདམས་པའི་ལུས་རྫོགས་ངག་གཟེངས་མཐོན་པོ་ཡིས། །སྦས་པའི་དོན་རྣམས་ཡོངས་སུ་སྟོན་མཛད་པའི། །བཀའ་དྲིན་མཉམ་མེད་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་སྐྱེ་བ་ཐམས་ཅད་དུ། །མཁྱེན་བརྩེ་ཐུགས་རྗེའི་སྤྱན་གྱིས་གཟིགས་པ་དང༌། །མངོན་པར་རྣམ་སངས་རྒྱས་པའི་དང་པོ་ལ། །དམ་ཆོས་བདུད་རྩིས་ཚིམ་པར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་ལུས་དང་ལོངས་སྤྱོད་ཀུན། །ལྟོས་པ་མེད་པར་ཁྱེད་ལ་རབ་ཕུལ་ནས། །སྨིན་བྱེད་དབང་དང་གྲོལ་བྱེད་རིམ་གཉིས་ཀྱིས། །སྲིད་པའི་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས། །ཚེ་འདི་ལ་ཡང་དལ་འབྱོར་གྲུ་བཟང་འདི། །རྒྱ་ཆེན་ཐོས་པའི་རྒྱ་མཚོ་ལས་བརྒལ་ནས། །ཆོས་དང་ཆོས་མིན་བྱེད་པའི་རྣམ་དཔྱོད་ཀྱིས། །སྒོམ་བྱུང་བདུད་རྩིས་ཚིམ་པར་བྱིན་གྱིས་རློབས། །དགེ་བ་འདིས་ཀྱང་འགྲོ་བ་མ་ལུས་པ། །གཏིང་ཟབ་འཁོར་བའི་མཚོ་ལས་སྒྲོལ་བྱེད་པའི། །དོན་གཉིས་ཕ་མཐར་སོན་པའི་བཅོམ་ལྡན་འདས། །རྒྱལ་བའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །སྐྱེད་དང་སྐྱེ་བར་ཁྱེད་སྐུ་ཅི་འདྲ་ཞིང༌། །ཞིང་ཁམས་གང་དུ་བྱང་ཆུབ་མ་ཐོབ་བར། །བར་ཆད་མེད་པར་རྗེས་སུ་འཛིན་པ་དང༌། །དྭང་བའི་སེམས་ཀྱིས་བཀའ་བཞིན་འགྲུབ་གྱུར་ཅིག།  །།མངྒ་ལཾ།། 

༄༅། །སྭསྟི། ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ། མཆོད་དབྱངས་རྒྱ་མཚོའི་རོལ་མོ་ཞེས་བྱ་བ།

འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤཱཀྱའི་རྒྱལ་སྲས་དགེ་མཚན་དཔལ་བཟང་པོས། །མདོ་དང་འདུལ་བའི་ཤིང་རྟ་ལ་ཆིབས་ནས། །འགྲོ་ཀུན་འདྲེན་པའི་ལམ་དུ་རྗེས་ཞུགས་ཏེ། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་སྦྱིན་གཏོང་མཁན། །ཤཱཀྱ་གསུང་རབ་ཕན་བདེའི་ལམ་ཆེན་པོར། །རྒྱལ་བ་ཉིད་བཞིན་བདེ་བར་གཤེགས་མཛད་ནས། །མཚན་དཔེའི་དཔལ་མངའ་བརྩེ་ཆེན་སྟོན་པ་ཡི། །ཕྲིན་ལས་བཟང་པོའི་མཛོད་གྱུར་ཆོས་ཀྱི་རྗེ། །ཉིན་བར་ཆོས་ཀྱི་སྣང་བས་གཞན་རྒྱུད་སྨིན། །མཚན་མོ་ཐེག་མཆོག་ལམ་གྱིས་རང་རྒྱུད་གྲོལ། །གདུལ་བྱ་སྨིན་དང་རང་གི་རྒྱུད་གྲོལ་བ། །མཉམ་དུ་གྲུབ་པ་ཤཱཀྱ་རྒྱལ་མཚན་དཔལ། །བཟང་པོས་རྗེས་ཐོབ་སྒྱུ་མའི་རྣམ་རོལ་དང༌། །མཉམ་གཞག་ཆོས་ཀུན་སྤྲོས་དང་བྲལ་གཟིགས་ནས། །མཉམ་པར་འཇོག་དང་འཆད་རྩོད་རྩོམ་པ་ཡིས། །ནམ་ཡང་གཡེལ་མེད་ཤཱཀྱ་རྒྱལ་མཚན་དཔལ། །བཟང་པོའི་རྣམ་དཔྱོད་སྡེ་སྣོད་ལ་ཞུགས་ཚེ། །མང་པོའི་བློ་གྲོས་ལྡོངས་པ་ལྟར་བྱས་ནས། །རང་རང་ཆོས་ཀྱི་ཟབ་རྒྱས་ཇི་ལྟ་བ། །མངོན་སུམ་གཟིགས་པ་ཤཱཀྱ་རྒྱལ་མཚན་དཔལ། །བཟང་པོའི་ཕྲིན་ལས་མཁའ་ལྡིང་དབང་པོ་ཡི། །རོ་འཛིན་ཆོས་ཀྱི་རྒྱ་མཚོར་ཞུགས་པ་ན། །ཐུབ་བསྟན་འཆི་མེད་ཡོངས་འདུའི་དཔག་བསམ་ཤིང༌། །དམ་ཆོས་བདུད་རྩིའི་འབབ་སྟེགས་བཟང་པོར་མཛད། །རབ་མཛེས་པདྨོའི་ཚལ་གྱི་དབྱིབས་དང་དྲིས། །ལ་ལའི་རྣམ་དཔྱོད་སྙེམས་པ་འཆང་མོད་ཀྱང༌། །གཞན་གྱིས་མ་མྱོང་བདུད་རྩིའི་རོ་བརྒྱ་པ། །ཁྱོད་ཀྱི་རྣམ་དཔྱོད་རོ་འཛིན་ཁོ་ནའི་ཡུལ། །དམ་ཆོས་འཆད་པའི་དབྱངས་ཀྱི་རྔ་བོ་ཆེ། །ཀུན་གྱི་རྣ་བར་གཤིན་ཞིང་ཉེར་སིམ་པས། །རྗེས་ཟློས་དབྱངས་སུ་ལེན་པའི་འཆད་པོ་དག །བྲག་ཆའི་དབྱངས་ཀྱི་དགའ་བ་ལྷུར་ལེན་བྱེད། །རྒྱན་དྲུག་མཁས་པའི་གཞུང་གི་རྗེས་འགྲོ་བའི། །གཞུང་བརྒྱའི་དགོངས་འགྲེལ་རྩོམ་པ་ལྷུར་བླངས་པས། །བྱིས་རྣམས་མགུ་བྱེད་རྒན་པོའི་གཞུང་ལུགས་འགའ། །ཕལ་ཆེར་བྱིས་པའི་སྤྱོད་ཡུལ་ཉིད་དུ་བྱས། །ལུང་དང་རིགས་པའི་འཇིགས་མེད་ང་རོ་ཡིས། །ལུགས་གཞན་འགོག་པའི་ཁྲི་ལ་འཁོད་པ་ན། །རྩོད་པའི་ཁྱུ་མཆོག་དག་ཏུ་རློམ་བྱེད་འགའ། །མེས་པོའི་ཟོལ་གྱིས་སྨྲ་བ་བཅད་མིན་ནམ། །སྐལ་བཟང་གདུལ་བྱ་རིང་ནས་འདུ་བྱེད་པའི། །ཁྱོད་ཀྱི་རྣམ་དཀར་གྲགས་པའི་དབྱངས་སྙན་པོ། །སུམ་རྩེན་དབང་པོའི་རོལ་མོར་བྱས་པ་ན། །གཞན་གྱི་སྙན་པ་གླུ་དབྱངས་བཞིན་དུ་བྱས། །གཞུང་མང་འཆད་དང་བསྟན་བཅོས་རྩོམ་པ་དང༌། །གཞན་གཞུང་འགོག་དང་རང་གཞུང་བསྒྲུབ་པ་དང༌། །མཚན་མར་བཅས་པའི་རྣལ་འབྱོར་ཇི་སྙེད་པ། །སྣང་སྟོང་སྒྱུ་མའི་རོལ་རྩེད་ངང་ནས་མཛད། །ཕལ་ཆེར་གཡོ་མེད་ཕྱག་རྒྱ་ཆེན་པོ་ཡི། །རྣམ་རོལ་ཉིད་ལས་གཡོ་བར་མི་མཛད་ཀྱང༌། །གདུལ་བྱའི་བློ་དང་འཚམ་པའི་མཛད་པ་ཡིས། །སྟོན་པའི་བསྟན་པ་འཛིན་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་བྱང་ཆུབ་སེམས་མཚོའི་གཏིང་ཟབ་ཅིང༌། །མཁྱེན་རབ་རྒྱ་མཚོའི་ཕ་མཐའ་ཡངས་པ་ལས། །འཆད་རྩོད་རྩོམ་པའི་ཆུ་ཀླུང་འབུམ་ཕྲག་གིས། །ཕྲིན་ལས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །བུ་སློབ་གངས་ཀྱི་རི་བོ་བལྟ་ན་སྡུག །ཡང་སློབ་ཁོར་ཡུག་ཡངས་པའི་དབུས་ཤིག་ཏུ། །ལེགས་བཤད་ཆུ་གཏེར་རྣམ་བཞི་མ་ཉམས་པའི། །ཕྲིན་ལས་རྒྱུན་མི་འཆད་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཀྱི་ཕྲིན་ལས་དཔག་དཀའ་ཡང༌། །རང་གི་བློ་མཚོར་ཤར་པ་ཆ་ཙམ་ཞིག །རིགས་པར་བརྗོད་པའི་མཆོད་དབྱངས་རོལ་མོ་ནི། །མཁྱེན་པའི་སྤྱན་ཡངས་ཁྱོད་ལ་མཆོད་པར་འབུལ། །ཐུགས་རྗེའི་ཕྱག་གིས་གྲིམས་པར་འདི་བཟུང་ནས། །བདག་དང་དོན་མཐུན་སློབ་མའི་ཚོགས་རྣམས་ཀྱི། །སྟོན་པའི་བསྟན་པ་འཛིན་ལ་གེགས་བྱེད་པ། །དེ་ཀུན་ཆོས་དབྱིངས་ངང་དུ་ཞི་གྱུར་ཅིག །འདོད་ལྷའི་དངོས་གྲུབ་གཉེར་བའི་སྙན་དངགས་མཁན། །འགའ་ཞིག་ཁྱོད་ཀྱི་ཕྲིན་ལས་ལ་སྡང་བས། །དྲག་པོའི་ཚིག་མདའ་རྒྱུད་ཆར་ལོང་བཏགས་པས། །འགའ་ཞིག་ཁྱད་དུ་གསད་པར་རློབ་བྱེད་མོད། །སྨྲ་བོ་དེ་དག་དམ་པ་མིན་པ་ཡི། །གནས་སུ་ལྟུང་བྱེད་འོག་ནས་འོག་དག་ཏུ། །འདྲེན་བྱེད་འདོད་ལྷའི་ཞགས་པ་དམ་པོ་ཡིས། །གང་བཟུང་དམ་དུ་བཅིངས་པར་གྱུར་མིན་ནམ། །ཕྲག་དོག་ཆོས་དབྱིངས་ངང་དུ་ཞི་གྱུར་ཅིག །ཅེས་བྱ་བ་འདི་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི། །དབེན་གནས་སུ་སྦྱར་བའི་ཡི་གེ་པ་ནི། ཆོས་ཀྱི་རྒྱལ་མཚན་ནོ།།  བྷ་ཝནྟུ།། 

༈  །།སླར་ཡང་རོང་ཆེན་ཐམས་ཅད་མཁྱེན་པ་ལ་བསྟོད་པ།། 

༄། །ན་མཿཤྲཱི་ཤཱཀྱ་དྷྭ་ཚ་ཡེ། ཕྲིན་ལས་ལྷུན་གྲུབ་རྒྱལ་བའི་ཐུགས་རྗེ་ལས། །ལེགས་འཁྲུངས་ཤཱཀྱའི་དབང་པོའི་རྒྱལ་ཚབ་རྗེ། །མཚན་ལྡན་བླ་མ་སྲིད་གསུམ་འགྲོ་བའི་དཔལ། །བཟང་པོའི་ཞབས་ལ་གུས་པས་གསོལ་བ་འདེབས། །ཕྱོགས་བཅུའི་རྒྱལ་བས་མཐུན་པར་དབྱངས་གཅིག་གིས། །ཤཱཀྱའི་ཏོག་གི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་བསྐུར་ཆོས་ཀྱི་རྒྱལ་པོའི་མཚན་ལྡན་པ། །ཐུབ་པའི་རྒྱལ་ཚབ་ཁྱེད་ལ་གསོལ་བ་འདེབས། །གང་ལ་ཉེས་པའི་དྲི་ཙམ་མི་མངའ་ཞིང༌། །ཕུལ་བྱུང་ཡོན་ཏན་རྒྱ་མཚོའི་མཐར་སོན་ཀྱང༌། །སྐལ་བར་འཚམས་པ་སྐུ་ཡི་བཀོད་པ་བརྒྱ། །སྟོན་མཛད་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །སྔོན་ཚེ་ཐུགས་མཆོག་བསྐྱེད་པའི་མཐུ་གྲུབ་པས། །གྲངས་མེད་འགྲོ་བའི་ཡིད་ལ་རྒྱལ་བ་ཡི། །མཐའ་དག་ཕྲིན་ལས་ངང་གིས་འཇུག་མཁས་པ། །ཚད་མེད་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །ཀུན་མཁྱེན་ཐུབ་པའི་མཛད་པ་ལྷག་མའི་ཁུར། །མ་ལུས་འདེགས་ལ་ཞུམ་པ་མི་མངའ་ཞིང༌། །མཐའ་ཡས་འགྲོ་བ་སྲིད་པའི་མཚོ་ཆེན་ལས། །སྒྲོལ་མཛད་དགེ་བའི་བཤེས་ལ་གསོལ་བ་འདེབས། །ཐུབ་བསྟན་འབའ་ཞིག་དགོངས་པའི་ལྷག་བསམ་གྱིས། །འཆད་རྩོད་རྩོམ་པས་རྒྱལ་བ་དགྱེས་མཛད་ཅིང༌། །ཀུན་ཀྱང་ཐུབ་རྣམས་གཤེགས་པའི་ལམ་བཟང་ལ། །འཁྲིད་མཛད་འགྲོ་བའི་མིག་ལ་གསོལ་བ་འདེབས། །རིགས་ཅན་རྣམས་ལ་རང་དང་རྗེས་མཐུན་པའི། །ཐེག་པས་རྒྱུད་སྦྱངས་ཟབ་མོའི་ལམ་བསྟན་ནས། །ཚེ་འདི་ཉིད་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྩོལ་མཁས་ཁྱོད་ལ་གསོལ་བ་འདེབས། །ཐུགས་རྗེའི་ཤུགས་ཀྱིས་སྐལ་བཟང་ངང་གིས་སྡུད། །མཁྱེན་པའི་དཔལ་གྱིས་ཐུབ་བསྟན་རྒྱས་པར་མཛད། །ཡང་དག་ལྟ་བས་བདུད་སྡེའི་དཔལ་འཕྲོག་པ། །རྒྱལ་སྲས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཁྱོད་ཀྱི་མཁྱེན་པའི་སྤྱན་གྱིས་མ་བཟུང་བའི། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་གཞན་མ་མཆིས། །རིག་གནས་ཀུན་ཀྱང་ཁྱོད་བློའི་རྗེས་འབྲངས་པ། །ཆོས་ཀྱི་སྤྱན་ལྡན་ཁྱེད་ལ་གསོལ་བ་འདེབས། །སྣང་ཞིང་ངོ་བོས་སྟོང་པའི་རྟེན་འབྲེལ་གྱི། །དེ་ཉིད་གཟིགས་ཤིང་རིང་དུ་ལེགས་གོམས་པས། །ཆོས་ཀུན་སྒྱུ་མར་ཤར་བའི་རྣམ་རོལ་ལས། །གཞན་དུ་གཡོ་བ་མེད་ལ་གསོལ་བ་འདེབས། །མ་ལུས་སྲིད་ཞིའི་དཔལ་འབྱོར་གྱིས་མཐོ་བའི། །ཆེན་པོ་རྣམས་ཀྱི་དྲེགས་པའི་ཅོད་པན་ལ། །ཞབས་ཀྱི་རྡུལ་ཕྲེང་རྟག་པར་ངལ་བསོ་བ། །ལྷར་བཅས་འགྲོ་བའི་སྐྱབས་ལ་གསོལ་བ་འདེབས། །བློ་གསལ་དབང་པོ་པདྨོའི་ངང་ཚུལ་ཡང༌། །ལེགས་སྨོན་དག་པས་དུས་འདིར་རོང་སྟོན་རྗེ། །ད་ལྟ་རྣམ་འཕྲུལ་དུ་མས་ཞིང་རྣམས་སུ། །འགྲོ་བའི་དོན་བརྩོན་ཁྱེད་ལ་གསོལ་བ་འདེབས། །གནས་ལྔ་རིག་པའི་ཟླ་ཟེར་སྟོང་སྤྲོས་པས། །ཕྱོགས་རེའི་མིག་ཅན་ལོག་པར་མགུ་རྣམས་ཀྱང༌། །ཁྱོད་ཀྱི་ལེགས་པར་བཤད་པའི་རྗེས་འཇུག་པ། །མི་ཕམ་དགེས་པའི་དཔལ་ལ་གསོལ་བ་འདེབས། །རྒྱ་ཆེན་ལུང་གི་གློག་སྟོང་རྗེས་འགྲོ་བའི། །དྲི་མེད་རིགས་པའི་རྡོ་རྗེའི་ཟེར་ཕྲེང་གིས། །ཕྱིར་རྒོལ་དྲེགས་པའི་སྙིང་ལ་འབེབས་མཁས་པའི། །རིགས་པའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །སྦྱངས་པའི་མཐུ་དང་ལྷག་པའི་ལྷ་གྲུབ་པས། །སྟོང་ཕྲག་ཤིང་རྟའི་སྲོལ་ཆེན་འབྱེད་མཁས་པ། །ཁྱོད་ཀྱིས་ལེགས་པར་བཤད་པས་ཕྱོགས་འདིར་ཡང༌། །འཕགས་ཡུལ་ཇི་བཞིན་མཛད་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་ཐུགས་ཀྱི་བང་མཛོད་ལ། །དབང་འབྱོར་རིམ་གཉིས་མཆོག་གི་རྣལ་འབྱོར་གྱིས། །དཔལ་ལྡན་རིག་པ་འཛིན་པའི་སར་གཤེགས་པ། །གྲུབ་པའི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པས་བདག་དང་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་རིང་དུ་ལེགས་བརྒལ་ནས། །ཚོགས་གཉིས་ཕ་མཐར་སོན་པའི་བཅོམ་ལྡན་འདས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག །གནས་སྐབས་ཀུན་དུ་ལོག་པར་མི་ལྟུང་ཞིང༌། །མཐུ་ལྡན་དམ་པའི་མགོན་གྱིས་རྗེས་བཟུང་ནས། །བསྟན་པའི་སྙིང་པོ་སྡོམ་གསུམ་ལེགས་མནོས་ནས། །འཆད་རྩོད་བརྩོམ་པས་རྒྱལ་བ་དགྱེས་བྱེད་ཤོག །དེ་ནས་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །མ་འདྲེས་སོ་སོར་འབྱེད་པའི་རྣམ་དཔྱོད་ཀྱིས། །ཡོངས་རྫོགས་ཐུབ་པའི་བསྟན་ལ་ངེས་བརྙེད་ནས། །ཀུན་ཀྱང་རྒྱལ་བའི་བསྟན་ལ་འགོད་པར་ཤོག །ཚེ་རབ་འདིར་ཡང་འཇིག་རྟེན་ཆོས་བརྒྱད་སོགས། །ཆོས་བཞིན་བསྒྲུབ་པའི་རྒུད་པ་ཀུན་སྤངས་ནས། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ཁྱེད་བཞིན་འགྲོ་བ་འདྲེན་པའི་དཔལ་གྱུར་ཅིག །ཅེས་བྱ་བ་འདི་ནི་རྗེ་བཙུན་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བ་ཡིན་ནོ། །མངྒལཾ།།  །།  ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*