ཆོས་ཀྱི་རྗེ་ཀུན་དགའ་རྡོ་རྗེའི་རྣམ་པར་ཐར་པ་དད་པའི་སྟོབས་བསྐྱེད།

༼མ༽༄༅། །ཆོས་ཀྱི་རྗེ་ཀུན་དགའ་རྡོ་རྗེའི་རྣམ་པར་ཐར་པ་དད་པའི་སྟོབས་བསྐྱེད་པ་ཞེས་བྱ་བ་བཞུགས་སོ།།

བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བདེ་ཆེན་ཡེ་ཤེས་ཉི་མ་ཆེར་འབར་བ། །རྫོགས་སངས་རྒྱས་བློའི་མཁའ་ལས་མི་འདའ་ཡང༌། །དབང་པོའི་རིམ་བཞིན་རང་དང་འཚམས་པའི་སྐུར། །སྟོན་མཛད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་འདིར། བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྤྲུལ་པའི་སྐུ་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དངོས་སུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་སློབ་དཔོན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པ། ཞེས་མཚན་ཉི་མ་ལྟར་གྲགས་པ་དེའི་ཐུགས་ཀྱི་ཉིང་ཁུ། ལམ་འབྲས་བུ་དང་བཅས་པའི་མན་ངག་ཅེས་མཚན་དུ་གསོལ་བ་དེ་ནི། སྙན་བརྒྱུད་བཞི་དང༌། ཚད་མ་བཞིའི་སྒོ་ནས་བླ་མས་བཤད་ཅིང་གཏན་ལ་ཕབ་པ་དེ། སྐལ་བ་དང་ལྡན་པའི་སློབ་མ་ལམ་རིམ་གྱིས་པ་དང༌། ཅིག་ཆར་བ་གང་ཡང་རུང་བས་ཉམས་སུ་བླང་བར་བྱ་བ་ཡིན་གྱི། བཞི་ཚན་གཉིས་པོ་གང་ཡང་རུང་བ་ལ་མ་ལྟོས་པར། བླ་མས་བཤད་པ་དང༌། སློབ་མས་ཉམས་སུ་བླང་བར་བྱ་བ་ཉིད་དུ་རུང་བ་མ་ཡིན་པར། བརྒྱུད་པའི་རིམ་པ་དག་ལས་ལེགས་པར་འོངས་པའི་ཕྱིར་ན། གངས་ཅན་དུ་བྱོན་པའི་གདམས་པ་གཞན་དང་གཞན་ཅི་རིགས་པ་དག་ལས་ཁྱད་པར་དུ་འཕགས་སོ། །སྙན་རྒྱུད་བཞི་དང༌། ཚད་མ་བཞི་པོའི་རྩ་བ་ཡང་བླ་མ་ཚད་མར་གྱུར་པ་ཉིད་མེད་ན་མི་འབྱུང་བས་ན། ཆོས་འདིའི་བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ཐོག་མར་ཚད་མ་ཉིད་དུ་ཡིད་ཆེས་པར་བྱ་བ་ལ་འགྲུས་པ་མི་ལྷོད་པར་མཛད་དོ། །དེ་བས་ན་ཕྱི་མའི་དུས་འདིར། ལམ་འབྲས་བུ་དང་བཅས་པའི་མན་ངག་ཉིན་མོའི་དབང་ཕྱུག་ལྟ་བུར་གྱུར་ནས། སྒྲུབ་པ་པོ་སྐར་མའི་ཚོགས་ཙམ་གསལ་བར་བསྐྲུན་པ་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ། མཚན་བརྗོད་པར་དཀའ་བའི་རྗེ་བཙུན་དམ་པ་ཨཱ་ནནྡ་བྷ་ཏྲའི་ཞལ་སྔ་ནས་ཡིན་ལ། རྗེ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་དམ་པར་གྱུར་ནས། སྒྲུབ་རྒྱུད་ཆུ་བོའི་རྒྱུན་ཇི་བཞིན་པ་དེས། བསྐལ་བཟང་སློབ་མའི་ཚོགས་བགྲང་བ་ལས་འདས་པ་དག རིག་པ་འཛིན་པའི་རྒྱ་མཚོ་ཆེན་པོར་རོ་གཅིག་པ་ཉིད་དུ་མཛད་པ་པོ་ནི། རྒྱལ་སྲས་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཞེས། མཚན་ཉི་མ་ལྟར་གྲགས་པ་དེ་ཡིན་ནོ། །རྗེ་བླ་མ་དམ་པ་སྲས་དང་བཅས་པ་དེ་གཉིས་ཀའི་ཞབས་ཀྱི་རྡུལ་ཕྲེང༌། རྙོག་པ་མེད་པ། སྤྱི་བོས་གུས་པར་བླངས་ནས། གདམས་པ་འདིའི་ལུགས་ཀྱི་རྩ་བའི་བཀའ་དང༌། བསྟན་བཅོས་ཀྱི་གཞུང་དང༌། མན་ངག་གི་འཁྲིད་ཚུལ་ཆ་ལག་དང་བཅས་པ་རབ་ཏུ་གྱུར་པ་གསན་ནས། དུས་ཡུན་རིང་པོར་དབེན་པའི་གནས་རབ་ཏུ་མང་པོར། ལོའི་གྲངས་གཉིས་ཚན་དང༌། གསུམ་ཚན་ལ་སོགས་པའི་དུས་ཀྱིས་རྩེ་གཅིག་ཏུ་སྒྲུབ་པ་མཛད་ཅིང༌། སླར་ཡང་བཤད་སྒྲུབ་སྤེལ་མས་འགྲོ་བ་རབ་ཏུ་མང་པོ་སྨིན་པར་མཛད་ཅིང༌། བཤད་སྒྲུབ་ཀྱི་རྒྱུད་པ་འཛིན་པར་ནུས་པའི་དགེ་བའི་བཤེས་གཉེན་རབ་ཏུ་མང་པོ་དག་སྨིན་ཅིང་གྲོལ་བར་མཛད་པ་པོ་ནི། རྗེ་བཙུན་ཆོས་ཀྱི་རྗེ་ཀུན་དགའ་རྡོ་རྗེ་ཞེས་མཚན་རྣམ་པར་དཀར་བ་དེ་ཉིད་དོ། །འདི་ཉིད་ཀྱི་རྣམ་དཀར་གྱི་ཕྲིན་ལས་དང་མཛད་པ་མདོ་ཙམ་དུ་བརྗོད་པ་ལ་གསུམ་སྟེ། ཐོག་མར་མངོན་མཐོའི་གོ་འཕང་བརྙེས་ནས་བསོད་ནམས་ལྷུན་གྱིས་གྲུབ་པའི་ཚུལ། ངེས་པར་ལེགས་པའི་ལམ་ལ་བསླབ་སྦྱངས་མཐར་ཕྱིན་པས་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བསྒྲུབས་པ། རང་རྒྱུད་སྨིན་ཅིང་གྲོལ་ནས་གཞན་དོན་ཕྲིན་ལས་ཇི་ལྟར་མཛད་པའོ། །དང་པོ་ནི། སྔོན་ཉིད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཆེ་ཞིང༌། རྣམ་པར་དཀར་བའི་སྨོན་ལམ་གྱི་མཐུ་ཕྱིན་ཅི་མ་ལོག་པར་གྲུབ་པ། བྱང་ཆུབ་ཀྱི་སེམས་བསྐལ་པ་དུ་མར་སྦྱངས་པ་དང་ལྡན་པ་དག་ནི། སྤྱིར་དུ་ན། ཡུལ་ལྗོངས་དགེ་མཚན་དང་ལྡན་པ་དག་དང༌། དེ་ཡང་རིགས་མཐོ་ཞིང་ཆོ་འབྲང་ཕུན་སུམ་ཚོགས་པ་དང༌། རབ་ཏུ་བྱུང་བ་ལ་གེགས་མེད་ཅིང༌། མཐུན་པའི་རྐྱེན་འདོད་དགུའི་ཉིད་དུ་འབྱོར་པ་དང༌། ལོག་པའི་བཤེས་གཉེན་དང་མི་ཕྲད་ཅིང༌། ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པ་གེགས་མེད་པའི་ས་ཕྱོགས་དག་ཏུ་སྐྱེ་བ་འཛིན་པ་དང༌། དེའི་མཐུས་ས་ཕྱོགས་དེར་དགེ་མཚན་དཔག་ཏུ་མེད་པ་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དོ། །དེའི་ནང་ནས་འདི་པའི་རིགས་ནི། སྔོན་གྱི་དུས་ཉིད་ནས་དགེ་བའི་བཤེས་གཉེན་དང༌། བྱང་ཆུབ་སེམས་དཔའ་མང་པོ་དག་དང༌། ཡུལ་ལྗོངས་ཀྱི་གཙོ་བོ་དང༌། སྡེ་པ་སོ་སོ་བ་དག་གི་བདག་པོར་གྱུར་པ་དག་མང་དུ་བྱུང་བའི་རུས་ཆེན་རྨ་ཞེས་བྱའོ། །དེའི་རིགས་ལས་ཕྱིས་བྱོན་པ་ནི་བཀའ་གདམས་ཀྱི་ཁྲི་དཔོན་དོན་གྲུབ་རྒྱལ་མཚན་ལ་རྒྱ་མ་སེ་ཏུ་ཞེས་གྲགས། དེའི་སྲས་བར་པ་རྡོ་རྗེ་སྙིང་པོ་ཞེས་པ། རྗེ་བླ་མས་མཚན་དུ་བཏག་པ་དེ་ལ། སྲས་དགེ་བའི་བཤེས་གཉེན་རི་རབ་ལྟ་བུར་གྱུར་པ་གཉིས་དང༌། ཁྱིམ་པའི་བྱང་ཆུབ་སེམས་དཔའ་གསུམ་སྟེ། ལྔ་ཚར་ཞིག་བྱོན་པ་ལས། བར་པ་དྲུང་དགེ་སློང་ནམ་མཁའ་མཆོག་གྲགས་ཞེས། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཚན་དུ་བཏགས་པ་དེ་དང༌། ཡུམ་དཔལ་མཆོག་མཚོ་མོ་ཞེས་བྱ་བ། སྒྱེར་གྱི་གདུང་འཛིན་ཆེན་པོ་རིན་ཆེན་བཟང་པོའི་སྲས། གཞིས་ཁ་བསམ་འགྲུབ་རྩེའི་རྫོང་དཔོན་དཔལ་ལྡན་ཆོས་སྐྱོང་གི་སྲས་སུ་གྱུར་པ་སྟེ། ཡབ་དང་ཡུམ་དེ་གཉིས་ལས་སྲས་དགེ་བའི་བཤེས་གཉེན་གསེར་གྱི་མཆོད་སྡོང་ལྟ་བུར་གྱུར་པ་གསུམ་པ་དང༌། སྡེའི་བདག་པོ་ཡུལ་ལྗོངས་པ་ཀུན་གྱིས་མ་སངས་མཆེད་གཉིས་ཞེས། བསྟོད་བཀུར་གྱི་གནས་སུ་གྱུར་པ་དག་དང༌། ལྔ་ཚར་ཞིག་འཁྲུངས་པ་ལས། རྗེ་འདི་ནི་ཤིང་ཕོ་འབྲུག་གི་ལོ་པ། ཡུམ་གྱི་ལྷུམས་སུ་ཞུགས་པ་ཙམ་གྱིས། ཡབ་ཡུམ་གྱི་ཐུགས་ལ་དགའ་བདེས་ཁྱབ་པ་དང༌། དགུན་ཤིང་རྩི་ཁ་འབུ་བ་དང༌། མེ་ཏོག་འཆར་བ་དང༌། ཡུམ་གྱི་རྨི་ལམ་དུ་ཉི་མ་འཆར་བ་ལ་སོགས་པ་ལྟས་ཁྱད་པར་ཅན་གྱི་སྒོ་ནས། སྐར་མ་རྒྱལ་དང་བཅས་པའི་འགྲུབ་སྦྱོར་བཟང་པོ་ལ་འཁྲུངས་སོ། །སྲས་འདི་བལྟམས་པ་ནས་བཟུང་སྟེ། སྤྱིར་ཡང་སྡེ་པ་འདི་ལ་ཕ་རོལ་གྱི་འཚེ་བ་མེད་པ་དང༌། ནང་དུ་འབྱོར་པ་འཕེལ་བ་དང༌། ཕྱིའི་མི་མཐུན་ཕྱོགས་གནོན་པ་དང༌། ལོ་ཉི་ཤུ་རྩ་གཅིག་གི་བར་དུ་ཞལ་ངོ་ལ་རྐྱེན་སྒོ་ཆོད་པ་འབྱུང་ངོ༌། །ཞེས་གསུང་ངོ༌། །ཁྱད་པར་དུ་ཡང་སྲས་རང་ལ་དམིགས་པའི་རྐྱེན་གོས་དང༌། འཚོ་བའི་རྐྱེན་གཞན་ལས་ཆེས་བཟང་བ་འབད་མེད་དུ་འབྱུང་ཞིང༌། དཔེར་ན་གསོལ་མར་ལ་དམིགས་པའི་འོ་མ་ཕྲུ་བ་གང་ལ་མར་ཕྲུ་བ་གང་བྱུང་བ་དང༌། ལན་གཅིག་བུ་རྫི་ཡེངས་པས་གཡང་ལ་ལྷུང་བ་རླུང་གིས་བཏེགས་པ་ལྟ་བུར་བྱུང་ཡང་ལྷས་བཟུང་བར་ངེས་པ་དང༌། བཞེངས་ནུས་ཙམ་ནས། ལྷ་སྐུ་དང༌། གླེགས་བམ་དང༌། རབ་ཏུ་བྱུང་བའི་ཆ་ལུགས་ཅན་ཁོ་ན་ལ་དགའ་ཞིང་རྩེ་བར་མཛད་པ་དང༌། གཞོན་ནུ་རང་གི་གོས་ཆུང་ངུ་འགའ་ཞིག་ཤམ་ཐབས་དང༌། ལ་ལ་ཆོས་གོས་ཡིན་ཟེར་བ་དང༌། རྩེད་མོའི་གྲོགས་རྣམས་ཆོས་ཉན་དུ་བྱེད་པ་སོགས་ལ་དཔག་ནས། ཡབ་ཡུམ་གྱིས་རབ་ཏུ་བྱུང་བ་ཉིད་དུ་བསྔོ་བགྲང་མཛད་ཅིང༌། འཚོ་བའི་རྐྱེན་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་འོས་པ་དག་ཁོ་ནས་འཚོ་བར་མཛད་དོ། །དེ་ནས་རིམ་གྱིས་རང་ལོ་བདུན་པ་ལ། ཡི་གེ་པའི་སློབ་དཔོན་གྱིས། ཆོས་ཀྱི་མ་མོ་ཀློག་ཐབས་ཀྱི་རིམ་པ་དང༌། དཀོན་མཆོག་གསུམ་རྗེས་སུ་དྲན་པ་སོགས་ཆོས་སྤྱོད་ཀྱི་རིམ་པ་ལ་བསླབ་སྦྱང་མཛད། དེ་ནས་རང་ལོ་བཅུ་པ་ལ། ཉིད་ཀྱི་ཁུ་བོ་དུས་དེ་ཙམ་ན་ས་ལུགས་ཀྱི་དགེ་བའི་བཤེས་གཉེན་ཇི་སྙེད་པའི་བླ་མར་གྱུར་པ། སྤྱན་སྔ་ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་པས་མཁན་པོ་དང༌། དེའི་ཅུང་སྤྱན་སྔ་ཕུན་ཚོགས་དཔལ་བཟང་པོ་ཞེས་པའི་མཚན་ཅན་མདོ་སྔགས་ཀྱི་གསུང་རབ་མང་པོ་དང༌། རིགས་པའི་གནས་དུ་མ་ལ་རིགས་ཤིང་གྲོལ་བར་གྱུར་པའི་སྤོབས་པ་ཅན་དེས་ལས་བྱེད་པའི་སློབ་དཔོན་མཛད་ནས། དགེ་བསྙེན་ནས་དགེ་ཚུལ་གྱི་བར་དུ་གྲུབ་པར་མཛད། དེ་ནས་གནས་ཀྱི་སློབ་དཔོན་ནི། རྒྱལ་ལྷ་ཁང་དང༌། ཆོས་གྲྭ་བདེ་བ་ཅན་གྱི་བཤད་ཉན་པ་ཆེན་པོ་ཕུན་ཚོགས་པས་མཛད་དེ། ཐོག་མར་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་རྩ་འགྲེལ་ལ་བསླབ་སྦྱངས་དང༌། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་ལ། རྒྱལ་བ་བློ་གྲོས་སེང་གེས་མཛད་པའི་ཚིག་དོན་དང༌། སྤྱི་དོན་གྱི་སྒོ་ནས་སྒྲིན་འགྲུས་ཆེ་བར་མཛད། རང་ལོ་བཅུ་གཅིག་བཞེས་པའི་ཚེ། རྗེ་ཐམས་ཅད་མཁྱེན་པ་རོང་ཆེན། མཁར་རྩེ་བས་སྤྱན་དྲངས་ཏེ་ཕེབས། ནཱ་ལེནྡྲའི་དགོན་པ་ཕུལ། བསྟན་པའི་རིན་པོ་ཆེ་སྤྱི་དགོས་ཐམས་ཅད་ཉི་མ་ཤར་བ་ལྟ་བུར་གྱུར། དེ་ནས་བཟུང་སྟེ་རང་ལོ་བཅུ་བདུན་བཞེས་ཀྱི་བར་དུ་གནས་ཀྱི་སློབ་དཔོན་དང་བཅས། རྗེ་ཐམས་ཅད་མཁྱེན་པ་དེའི་དྲུང་དུ། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ། མདོ་སྡེའི་རྒྱན། རྒྱུད་བླ་མ། དབུ་མ་རྩ་བ་ཤེས་རབ། བཤེས་པའི་སྤྲིང་ཡིག གཞན་ཡང་ཆོས་ཕྲན་མང་དུ་གསན། རྗེ་ཉིད་ཀྱིས་ཐལ་ཕྲེང་གི་རྩི་བཞག་ཡན་མཛད་ནས། ལུང་ར་ཆེན་མོའི་སྒྲིགས་སུ་ཞུགས་ནས་ལན་འདེབས་པར་མཛད་དོ། །རང་ལོ་བཅོ་བརྒྱད་པ་ལ་ཁུ་བོ་རྣམ་པ་གཉིས། ཁ་སྐོང་གི་དགེ་སློང་ཉི་ཤུ་དག་དང་བཅས་པ་ལས་བསྙེན་པར་རྫོགས་ཤིང༌། རྗེ་ཐམས་ཅད་མཁྱེན་པ་ལས་འདུལ་བ་མེ་ཏོག་ཕྲེང་རྒྱུད་རྫོགས་པར་གསན། དུས་དེར་ཁུ་བོའི་དྲུང་དུ། དགྱེས་པ་རྡོ་རྗེ་མན་ངག་དང་འགྲེལ་པ་ལུགས་གཉིས་ཀྱི་དབང་གསན་ནས། མངོན་རྟོགས་ཡན་ལག་དྲུག་པ། དཀྱིལ་འཁོར་ཆོ་ག་རྣམ་པ་གཉིས། ཀུན་རིག་བུ་ལུགས་དང་བཅས་པའི་གསན་སྦྱོང་དང༌། གསུང་ངག་རིན་པོ་ཆེ་ཡན་ལག་རྫོགས། ཨུ་རྒྱན་པའི་བསྙེན་བསྒྲུབ་ཡན་ལག་དྲུག་པ། གསང་འདུས་འཇམ་པའི་རྡོ་རྗེའི་དབང་ཆ་ལག་དང་བཅས་པ། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལུང་དང་བཅས་པ། གཞན་ཡང་ཆོས་སྐྱོང་ཆེ་ཆུང༌། རྣམ་རྒྱལ་འཇོམས་སོགས་རྗེས་གནང་ཕྲན་མང་པོ་དང༌། གཞན་ཡང་ཁྲིད་ཕྲན་མང་དུ་གསན། རང་གི་ཁུ་བོ་གཉིས་པོའི་དྲུང་དུའང༌། ཕར་ཕྱིན་རྩ་འགྲེལ་རྒྱལ་བགྲོས་ཀྱི་སྟེང་ནས་དང༌། ཉི་ཁྲི་ལེའུ་བརྒྱད་མ། ས་སྡེ་ལྔ། བཀའ་གདམས་ལམ་རིམ། པུ་ཏོ་བའི་དཔེ་ཆོས་སོགས་གསན་པ་རྒྱ་ཆེ་ཞིང་ཐུགས་རྒྱུད་ལ་སྨིན་པར་མཛད་དོ། །སྐབས་དེར་སྤྱན་སྔ་རིན་པོ་ཆེ་དབེན་པའི་གནས་སུ་བཞུགས། དེའི་གཅུང་ཕུན་ཚོགས་པ་གླང་རི་ཐང་གི་གདན་སར་ཕེབས་པ་ནས། རང་ལོ་བཅུ་དགུ་པ་ལ་རྒྱལ་ལྷ་ཁང་གི་གདན་སར་ཕེབས་སྤྱན་སྔའི་མཚན་གསོལ། ཐོག་མར་ལྷ་ཁང་གི་གདན་ས་ལོ་ལྔ་དང༌། གླང་རི་ཐང་ཉིས་སྦྲག་ལོ་གསུམ་སྟེ་གདན་ས་ལོ་བརྒྱད་མཛད། དེ་སྐབས་སུ་ཁུ་བོ་གོང་མ་གཉིས་བདེ་བར་གཤེགས་རྗེས། གཅུང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་གདན་ས་གོང་འོག་གཏོད་པ་མཛད་ནས། འོད་གསལ་རྩེ་མོར་སྒྲུབ་པ་ལོ་གཉིས་མཛད། སྐབས་དེར་རྒྱ་མ་རིན་པོ་ཆེ་གཞོན་ནུ་འོད་པའི་དྲུང་དུ། སེམས་ཙམ་ལུགས་ཀྱི་ཆོ་གས་བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླངས། ནཱ་རོའི་ཆོས་དྲུག་དང༌། ཕྱག་ཆེན་ལྔ་ལྡན་གསན་ནས་ཐུགས་ཉམས་སུ་བཞེས། བཀའ་གདམས་ཀྱི་བསྟན་རིན་ཆེན་མོ་དང༌། བཀའ་གདམས་ཐོར་བུ་བ་ལ་སོགས་པ་རྒྱ་མའི་ཆོས་སྐྱོང་སོགས་དང་མང་དུ་གསན་ནོ། །མདོར་ན་སྐྱེས་བུ་དམ་པ་འདི་ནི། སྔོན་བསྐལ་པ་མང་པོར་ཐུགས་ཀྱིས་གཏོང་བ་ལ་མངོན་པར་དགའ་ཞིང་སེར་སྣ་མེད་པ་དང༌། གཞན་ལ་ཕྲག་དོག་མེད་ཅིང་སྐྱེ་བོ་མཐའ་དག་ལ་བྱམས་པ་དང༌། དགེ་བའི་བཤེས་གཉེན་ཡང་དག་པར་བསྟེན་པ་ལ་སྤྲོ་ཞིང༌། རབ་ཏུ་བྱུང་བ་དག་མཐོང་བ་ཙམ་གྱིས་དགེས་པ་ནི་སྔོན་གཞོན་ནུར་གྱུར་པའི་དུས་ཉིད་ནས་ཡིན་ལ། ཕྱིས་བསྟན་པ་རིན་པོ་ཆེ་ལ་ཞུགས་ཤིང༌། ཐུགས་རྒྱུད་སྦྱོང་བར་མཛད་པའི་ཐོག་མ་ཉིད་ནས་ཀྱང་དུལ་བ་དང༌། ཡང་དག་པར་སྡོམ་པ་དང༌། ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་ལ་ངང་གིས་གཞོལ་བ་དང༌། མང་དུ་གསན་པ་ཚོལ་བ་ལ་མངོན་པར་སྤྲོ་བ་དང༌། མཁས་གྲུབ་ཀྱི་བཤེས་གཉེན་བསྟེན་པར་འོས་པ་དག་གང་ན་བཞུགས་ཞེས་ཡོངས་སུ་རྟོག་ཅིང༌། ཚོལ་བ་ལ་འགྲུས་པར་མཛད་དོ། །དེ་དག་ལ་འདི་སྐད་ཅེས། ཆེན་པོ་རྣམས་ནི་རིགས་མཐོ་དང༌། །དགེ་ཞིང་གཙང་ལ་འབྱོར་པ་ཆེ། །ཆོས་ལ་བར་ཆད་མེད་གནས་སུ། །སྨོན་ལམ་དབང་གི་སྐྱེ་བ་འཛིན། །དེ་ནས་རི་རབ་ལྟ་བུ་ཡི། །དགེ་བའི་བཤེས་ལ་བསྙེན་བྱས་ནས། །ཐེག་གསུམ་པོ་ལ་རིམ་པ་བཞིན། །ཞུགས་ནས་རྒྱལ་སྲས་ཆེན་པོར་མཚོན། །དེ་ནས་རང་ལོ་ཉི་ཤུ་རྩ་བདུན་བཞེས་པའི་ཚེ། མཁས་བཙུན་བཟང་པོའི་ཁྲི་ལ་གཡོ་བ་མེད་བཞིན་དུ། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ནས། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ། རྗེ་བཙུན་ཀུན་དགའ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་དཀར་གྱི་ཚོགས་སྔོན་ཉིད་ནས་ཡང་དང་ཡང་དུ་གསན་ཞིང༌། དགོངས་པའི་དབང་གིས་སྐྱེས་བུ་སྐོམ་པ་རབ་ཏུ་བསིལ་བའི་ཆུ་དྭངས་པ་ལ་སྙོག་པ་ལྟར། ལམ་ཕྲང་གི་དཀའ་ཚེགས་ཉེས་དམིགས་ཕྱི་བཤོལ་བ་མང་པོ་དག་གི་དབང་དུ་མ་ཐལ་བར། དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་གནས་སུ་བར་ཆད་མེད་པར་ཕེབས་ནས། རྗེ་རིན་པོ་ཆེ་དེ་ཉིད་ཀྱི་ཞབས་ཀྱི་རྡུལ་ཕྲན་ཡང་དག་པར་བླངས་ནས་ལོ་གསུམ་གྱི་བར་དུ་བསྟེན་པར་མཛད་དོ། །སྐབས་སུ་ཐོག་མར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་དང༌། དགེས་པ་རྡོ་རྗེ་འགྲེལ་པ་ལུགས་ཀྱི་དབང་གི་ཆོ་གས་སྡོམ་པ་གོང་མ་གཉིས་ཡང་དག་པར་ལེན་པར་མཛད། དེ་ནས་རིམ་གྱིས་རྒྱུད་སྡེ་བཞི་དང་འབྲེལ་པའི་དབང་བསྐུར་ཉི་ཤུ་རྩ་ལྔ་ཙམ་དང༌། ཟབ་ཆོས་ཀྱི་རྗེས་གནང་རབ་ཏུ་མང་པོ་དང༌། གསུང་ངག་རིན་པོ་ཆེ་གཞུང་བཤད་ཀྱི་བར་རྒྱས་པར་གསན་ཞིང༌། དེ་སྐབས་ཀྱི་རྒྱབ་ཆོས་སུ་སྒོམ་རིམ་ཐོག་མཐའ་བར་གསུམ། སྡོམ་པ་ཉི་ཤུ་པ་རྩ་འགྲེལ། སྔགས་ཀྱི་དམ་ཚིག་དང་སྡོམ་པའི་ཚོགས་ཀྱི་རྣམ་པར་བཤད་པ་འཕྲོས་དོན་མང་པོ་དང་བཅས་པ་གསན། སྐབས་དེར་ཁོ་ཆར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དྲུང་དུ་འདུལ་བ་ལུང་དང༌། རྒྱུད་འབུམ་ལ་སོགས་པའི་ལུང་མང་དུ་གསན། ལོ་གསུམ་པ་ལ་ཕྱིར་ཕེབས་པའི་ཚེ། རྗེ་ཉིད་ཀྱིས་ཡུན་རིང་པོར་བྱིན་གྱིས་རླབས་ཤིང་བཅངས་པའི་སྣམ་སྦྱར། རྡོ་རྗེ་དྲིལ་བུ། རྒྱུད་ཀྱི་གླེགས་བམ་རྣམས་གཙོ་བོར་སྨོས་པའི་འབུལ་གནང་མང་པོ་དང༌། ཁྲི་མཐོན་པོ་ལ་བཞུགས་སུ་གསོལ་ནས། དབུས་ཕྱོགས་སུ་བསྟན་པ་སྤྱི་དགོས་ཀྱི་ཁུར་ཁྱེར་ཤིག་པའི་རྟེན་འབྲེལ་དང་རབ་ཏུ་གནས་པ་མཛད། དུས་དེར་སླད་མའང་ཞབས་དྲུང་དུ་ཕེབས་པའི་དམ་བཅའ་ཕུལ་ནས། དེ་བཞིན་གྱི་རྟེན་འབྲེལ་འགྲིག་པའི་སྨོན་ལམ་མང་པོ་གནང༌། དེ་ནས་རིམ་གྱིས་ཕེབས་པའི་ལམ་དུ། རོང་རི་ལུང་ཕུག་གི་བླ་མ་ལ་རྣལ་འབྱོར་རྒྱུད་དང་འབྲེལ་པའི་དབང་བསྐུར་རྣམ་གྲངས་ཁ་ཅིག་གསན་པ་སོགས་མཛད་ནས། ཡང་འོད་གསལ་རྩེ་མོའི་དབེན་གནས་སུ་སྐུ་མཚམས་དམ་པོ་ཟླ་བ་བཅོ་བརྒྱད་དུ་བསྡམས་ནས། སྒྲུབ་པ་རྩེ་གཅིག་པ་ལ་གཞོལ་བ་མཛད། དེ་སྐབས་ནས་སློབ་མའི་ཚོགས་ཅི་རིགས་པ་ལ་དབང་དང༌། མངོན་དཀྱིལ་གྱི་མཛུབ་ཁྲིད་དང༌། རྒྱུད་འབུམ་ལ་སོགས་པའི་ལུང་མང་རབ་མཛད་ཅིང༌། གཙོ་བོར་ནི་བདེ་དགྱེས་དང་འབྲེལ་བའི་ཐུན་བཞིའི་རྣལ་འབྱོར། ཆོས་སྤྱོད་རབ་གསལ་ནས་འབྱུང་བའི་རིམ་པ་རྣམས་ལ། རང་གི་ཁུ་བོ་གོང་མ་དག་གི་ཕྱག་བཞེས་ཇི་ལྟ་བ་བཞིན་མི་གཡེལ་བར་མཛད་དོ། །དེ་ནས་རང་ལོ་སོ་གཉིས་པ་ཕག་ལོའི་ཧོར་ཟླ་དང་པོ་ལ། ཕྱག་ཕྱི་བ་གཞུང་མ་ལ་རྒྱུས་མེད་དུ་ཁམས་པའི་དགེ་བཤེས་བཞི་ཙམ་ཕྱག་ཕྱིར་ཁྲིད་ནས་ཤུལ་བདེ་བར་ཨེ་ཝཾ་དུ་ཕེབས། གསུང་ངག་རིན་པོ་ཆེ་རྒྱས་པ། སྔོན་མ་གསན་པའི་ཆ་ལག་ཕྲན་དང༌། གཞན་ཡང་ཟབ་མོའི་ཆོས་མང་དག་དང༌། སྒྲོ་འདོགས་གཅོད་རྒྱུ་འགའ་ཞིག་ཞུས་ལན་གྱི་ཚུལ་དུ་གཏན་ལ་ཕབ་པ་ཡིན་གསུངས། ཕག་ལོའི་ཧོར་ཟླ་བདུན་པ་དེ་སྤྱན་སྔ་བློ་གྲོས་རྒྱལ་མཚན་པ་ཨེ་ཝཾ་དུ་ཕེབས་པ་དེ་བྱུང༌། ལོ་རྟིང་མ་བྱི་ལོ་ཧོར་ཟླ་བཞི་པ་ལ་རྗེ་རྡོ་རྗེ་འཆང་འོག་མིན་དུ་གཤེགས། ཆོས་རྗེ་མུས་པ་གདན་སར་ཕེབས་པ་ལ་ཆོས་འབྲེལ་མཛད་ནས་གསུང་ཆོས་ཐོག་ཙམ་གསན་ཕྱིར་གླང་ཐང་དུ་གཟིམས་སྤྱིལ་དུ་ཕེབས་ནས། ཐུགས་དམ་གྱི་རིམ་པ་ལས་མ་གཡོས་བཞིན་དུ། སློབ་མའི་ཚོགས་ལ་ཉན་བཤད་ཀྱི་རིམ་པ་མང་དུ་མཛད། དེ་ནས་རང་ལོ་སུམ་ཅུ་སོ་བདུན་པ་ལ་སྐུ་མཆེད་གཉིས་ཀ དཔོན་སློབ་མང་པོ་དག་དང་བཅས་ཏེ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་པའི་རྣམ་པར་ཐར་པས་ཐུགས་རབ་ཏུ་ཕྲོགས་ཤིང༌། མངོན་པར་དད་ནས་མུས་བདེ་བ་ཅན་དུ་ཕེབས། སྔོན་གསན་པ་དང་ཐུགས་ཉམས་སུ་བཞེས་པའི་ཆོས་རྣམས་ལ་ནན་ཆགས་དང༌། ཕྱག་ཏུ་བླང་བའི་རིམ་པ་དང༌། རྗེ་གོང་མ་རྣམས་ཀྱིས་གདུལ་བྱ་སྨིན་གྲོལ་མཛད་པའི་ཕྱག་ལེན་གྱི་རིམ་པ་ལ་སྒྲོ་འདོགས་བཅད། གནས་དེར་བདག་ཆེན་ཆུ་མིག་པའི་དྲུང་དུ་བསྒྲུབ་ཐབས་བརྒྱ་རྩ་དང༌། བཀའ་འབུམ་དག་གི་ལུང་སོགས་མང་དུ་གསན། ལོ་གཉིས་སུ་གདན་ཆགས་ཏེ་བར་ཆད་མི་མངའ་བར་དབུས་སུ་ཕེབས་ནས་དགོངས་པ་དང་མཐུན་པའི་དབེན་གནས་སོ་སོ་བ་མང་པོར་བཤད་བསྒྲུབ་སྤེལ་བ་མཛད་དོ། །ཡང་གཙང་ནས་ལན་ཐོག་མ་དེ་ཕྱིར་ཕེབས་པའི་སྐབས་ཤིག་ཏུ། གོང་མས་པཎ་ཆེན་ནགས་ཀྱི་རིན་ཆེན་སྤྱན་དྲངས་པ་ལ་མཇལ་དུ་ཕེབས། བདེ་མཆོག་བཅུ་གསུམ་མ་ཞིག་གི་དབང་དང༌། སྦྱོར་བ་ཡན་ལག་དྲུག་པ་གསན། སྐབས་དེར་མཁན་ཆེན་གཞོན་ནུ་དཔལ་བ་ལ་ལམ་འབྲས་དཔེ་མཛོད་མ་དང༌། འདུལ་བ་རྒྱ་ཆེ་འགྲེལ་གྱི་ལུང་གསན། ཡང་གཙང་ནས་ལན་གཉིས་པ་ཕྱིར་ཕེབས་པའི་སྐབས་དེར། རུ་མཚམས་ནས། སྟག་ལུང་ཀ་བཞི་པར་གྲགས་པ་དེ་གླང་རི་ཐང་དུ་སྤྱན་དྲངས། བླ་མ་དེ་ནི་སྔོན་ནེའུ་ཐོག་དང༌། བདེ་བ་ཅན། སྐྱོར་ལུང་སོགས་སུ་ཀ་ཆེན་བཞི་ལ་སྦྱངས་པ་མཐར་ཕྱིན། ཨེ་ཝཾ་ཆོས་ལྡན་དགོན་པ་འདེབས་པའི་ཐོག་མ་ཉིད་ནས་ཆོས་མང་དུ་གསན། ཞྭ་ལུའི་བླ་མ་སོ་སོ་ལ་བུ་ལུགས་ཀྱི་ཆོས་སྐོར་མཐའ་དག་གསན། རུ་མཚོ་ཁའི་སྐུ་ཞང་ཆོས་རྗེ་དང༌། ཤངས་པ་ཀུན་མཁྱེན་སོགས་ལས་དབང་བསྐུར་མང་པོ་གསན་པ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་རྩ་འགྲེལ་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་ཞིག་ཡིན། བླ་མ་དེས་བུ་ལུགས་དང༌། རྗེ་བླ་མ་དམ་པའི་སྒྲུབ་དཀྱིལ་སོ་སོའི་སྟེང་ནས། དུས་ཀྱི་འཁོར་ལོའི་དབང་ལན་གཉིས་སུ་མཛད་པ་དེ་གསན། བླ་མ་འདིས་རྗེ་རྡོ་རྗེ་འཆང་ལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དབང་རྫོགས་པ་མཁན་ཆེན་ཕྱོགས་ལས་པའི་སྒྲུབ་དཀྱིལ་དང༌། རྗེ་བླ་མ་དམ་པའི་ལུགས་གཉིས་ཀ་གསན་པར་འདུག བླ་མ་དེས་གླང་ཐང་གཞལ་ཡས་ཁང་དུ། བསྡུས་པའི་རྒྱུད་ཐུགས་ཀྱི་ཐོག་ནས་དང༌། འགྲེལ་ཆེན་ལ་བུ་ལུགས་ཀྱི་མཆན་དང་ས་བཅད། མདོར་བསྡུས་དང་པོའི་རྣམ་བཤད་ཆོས་འབྱུང་དང་བཅས་པ། ཆོས་ཚན་རྣམས་ཆ་ཚང་བར། ཆོས་རྗེ་སྐུ་མཆེད་ཀྱིས་ཐོག་དྲངས། དགེ་བའི་བཤེས་གཉེན་ལྔ་བཅུ་ཙམ་ལ་རྒྱས་པ་དང༌། རྗེ་བླ་མ་དམ་པས་མཛད་པའི་ཊཱིཀ་ཆེན་གྱི་ལུང་རྣམས་གསུངས་པ་གསན། གསང་འདུས་རྒྱུད་དང༌། སྒྲོན་གསལ་གྱི་རྣམ་བཤད་མཐའ་དྲུག་རབ་གསལ་ཞེས་པ་སོགས། ཁོང་པ་ལ་མངའ་བའི་གསང་འདུས་ཀྱི་བཤད་པ་མང་རབ་གསན། དབང་རྡོ་རྗེ་ཕྲེང་བ་ཀྲི་ཡ་ས་མུཙྪའི་ལུགས་སུ་མཛད་པ། ས་བཟང་འཕགས་པའི་གཞུང་བཞིན་གསན། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་དབང་ཉི་ཤུ་རྩ་གཅིག་ཚང་བ་དང༌། རྔོག་ལུགས་དཀྱིལ་འཁོར་བདུན། འཁོར་ལོ་སྡོམ་ཆེན་དང༌། སྦྱོང་རྒྱུད་བཅུ་གཉིས། ལྭ་བ་པ་དང༌། མཻ་ཏྲི་པའི་བཅུ་གསུམ་མ་སོགས་མང་དུ་གསན། གཞན་ཡང་བདག་ཆེན་བློ་གྲོས་པའི་དྲུང་དུ། བསམ་མི་ཁྱབ་དང༌། ཕྱག་ཆེན་ཡི་གེ་མེད་པ་སོགས་ལམ་སྐོར་རྣམས་གསན་ཞིང༌། ཨེ་ཝཾ་གྱི་གདན་ས་གསུམ་པ་འཇམ་དབྱངས་ཤེས་རབ་རྒྱ་མཚོའི་དྲུང་དུ། གཙོ་བོར་ནི་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་པོ་མཐའ་ཆོད་པར་གསན། བདག་པོ་མཐུ་སྟོབས་དབང་ཕྱུག་གླང་ཐང་དུ་སྤྱན་དྲངས། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང༌། སྒྲུབ་སྐོར་རྒྱས་པ་དུར་ཁྲོད་བདག་པོ། བདུད་རྒྱལ། དཀར་མོ་ཉི་ཟླ། ས་ཕུར་གྱི་ཆོས་སྐོར་རྣམས་གསན་ཏེ། རྒྱས་པར་ནི་གསན་ཡིག་ཉིད་དུ་བལྟ་བར་བྱའོ། །དེ་དག་ནི་མངོན་པར་མཐོ་བའི་གོ་འཕངས་བརྙེས་ནས་ངེས་པར་ལེགས་པའི་ཆོས་ལ་བསླབ་སྦྱང་ཇི་ལྟར་མཛད་པའི་ཚུལ་གྱིས་ཡེ་ཤེས་བརྙེས་པའི་ཚུལ་མདོ་ཙམ་དུ་བརྗོད་ཟིན་ནས། གསུམ་པ་རང་རྒྱུད་སྨིན་ཅིང་གྲོལ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ལ་བགྱི་བ་ཇི་ལྟར་མཛད་པའི་ཚུལ། སློབ་མའི་ཚོགས་ལ་ཆོས་ཀྱི་གསུང་ཚུལ་བརྗོད་ནས། ཞར་ལ་རླབས་པོ་ཆེའི་བགྱི་བ་ཇི་ལྟར་མཛད་པ། བརྒྱུད་པ་འཛིན་པའི་བུ་སློབ་ཇི་ལྟར་བྱུང་ཚུལ་བརྗོད་ནས་མཐར་ཕྱིན་པའི་མཛད་པ་ངོ་མཚར་ཅན་ཁ་ཅིག་མདོ་ཙམ་དུ་སྨོས་པའོ། །དང་པོ་ནི། སྐྱེས་བུ་དམ་པ་འདིས་ཆོས་གསུངས་པའི་ཐོག་མ་ནི། ཆོས་གྲྭ་གོང་འོག་གཉིས་སུ་བཤད་སྟོན་དང་རྣམ་གཞག་རྒྱ་ཆེན་པོ་མཛད་པའི་སྟེངས་སུ། རྒྱལ་ལྷ་ཁང་གི་དབྱར་དགུན་གྱི་ཆོས་དུས་གཉིས། དཔྱིད་ཀ་བྲ་བོ་སྒང་སོགས་སུ་ཆོས་གཞི་བཏེག་པ་དང་གསུམ་པོ་ལ། མངོན་རྟོགས་རྒྱན་རྩ་འགྲེལ། རྒྱལ་པའི་བགྲོས་ཀྱི་སྟེངས་ནས་ཡོངས་སུ་རྫོགས་པ་ཚར་རེ་སོང་ངོ་ཞེས་པ་ལོ་གྲངས་བདུན་བརྒྱད་དང༌། གླང་ཐང་དུ་ཆོས་དུས་གཉིས་པ་ལ། ཕར་ཕྱིན་མཁྱེན་གསུམ་ཙམ་རེ་དང༌། སྐྱེས་རབས། དཔེ་ཆོས། བློ་སྦྱོང་རྣམས་གསུང་པ་ལོ་བཞི་ཙམ་དང༌། དགོན་ཡན་ཕྱིན་གྱི་སྒྲུབ་མཆོད་ཀྱི་གྲལ་དབུ། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་ལོ་གྲངས་དུ་མར་མཛད། སྐབས་དེར་གླང་ཐང་དུ་སྤྱན་སྔ་རིན་པོ་ཆེ་གོང་མ་བདེ་བར་གཤེགས་པའི་ནང་རྟེན་རྗེ་བཙུན་བྱམས་པའི་གསེར་སྐུ་རྒྱབ་མཐོ་བཅུ་གསུམ་པ། གཙུག་ལག་ཁང་ཀ་ཆེན་བཞི་ཏོག་དང་བཅས་པ་རྒྱས་པར་བསྒྲུབས། རབ་ཏུ་གནས་པ་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད། ལྷའི་མེ་ཏོག་གི་ཆར་ཞག་གྲངས་མང་པོར་ཕེབས། མར་གྱི་མེ་ཏོག་བཀྲམ་པའི་ཤིང་སྐམ་པོ་རླན་དང་བྲལ་བ་ལ། ཡལ་ག་རློན་པ་ཁྲུ་གང་ཙམ་གཉིས་འཁྲུངས། གཟིམས་སྤྱིལ་དུ་ཞུགས་དུས་ལམ་འབྲས་བརྒྱུད་པའི་གསེར་སྐུ་ཉི་ཤུ་རྩ་ལྔ་ཙམ་དང༌། བྲིས་སྐུ་གྲངས་ལས་འདས་པ་དང༌། རྗེ་བཙུན་གོང་མ་མཐའ་དག་གི་བཀའ་འབུམ་སོགས་གསུང་རབ་དཔག་ཏུ་མེད་པ་བཞེངས། རབ་ཏུ་གནས་པ་དང་རྣམ་གཞག་རྒྱ་ཆེན་པོ་ཡང་ཡང་མཛད། དགོན་གོང་འོག་གཉིས་ཀྱི་གདན་ས་གཏད་རྗེས་སུ། སྤྱིར་ཆོས་གསན་པ་རྒྱ་ཆེ་མོད། འཕན་ཡུལ་དང༌། དབུ་རུ་སྟོད་སྨད་ཀྱི་གནས་སོ་སོ་བ་མང་པོ་རྣམས་སུ་དབང་བསྐུར། རྗེས་གནང༌། ཁྲིད་བཀའ་ཆེ་ཆུང་སོ་སོ་བ། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་མང་པོའི་ལུང༌། བླ་མ་གོང་མའི་བཀའ་འབུམ་སོ་སོའི་ལུང་བཤད་རྣམས་རྒྱ་ཆེར་མཛད་པས། མངའ་རིས་དང་དབུས་གཙང་ཁམས་གསུམ་གྱི་སློབ་མའི་ཚོགས་རབ་ཏུ་མང་པོ་དག་རྗེས་སུ་བཟུང་ཞིང༌། ཕན་ཐོགས་པ་ཟབ་ཅིང་རྒྱ་ཆེ་བས་བསྟན་པའི་གསལ་བྱེད་རབ་ཏུ་མང་པོ་དང༌། མི་ཆེ་དགུ་ཀུན་གྱི་བླ་ན་རབ་ཏུ་གནས་པར་གྱུར་ཏོ། །དེ་ནས་རང་ལོ་བཞི་བཅུ་ཞེ་གསུམ་པ་མེ་མོ་ཕག་གི་ལོ་ལ། སྔོན་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལུང་བསྟན་པ་བཞིན། ཤྲཱི་ན་ལེནྡྲའི་ཁྲི་ཐོག་ཏུ་སྤྱན་དྲངས་ཏེ་ཕེབས་སོ། །གདན་ས་དེར་ལོ་དྲུག་བཞུགས་པའི་ཆོས་དུས་གཉིས་པོ་ལ། སྔ་ཆོས་དང་ཕྱི་ཆོས་གཉིས་ཀ་རྒྱན་རྩ་འགྲེལ། རྣམ་བཤད་ཚིག་དོན་རབ་ཏུ་གསལ་བའི་སྤྱི་དོན་དང་གཞུང་དོན་མཐའ་དག་ཐུགས་ལ་ཆུབ་པར་མཛད་ནས་ཚར་རེ་གསུངས། གསུང་ངག་རིན་པོ་ཆེ་ཡོངས་སུ་རྫོགས་པ། གསན་མཁན་མང་དུས་སྟོང་ཟིན་དང༌། ཉུང་དུས་སུའང་དྲུག་བརྒྱ་ཡན་ལ་ཚར་རེ་མ་ཆག་པ་གསུངས་ཤིང༌། ཉུང་ཤོས་ལ་དགོས་པའི་དབང་གིས་རེས་འགའ་ཚར་གཉིས་གསུམ་རེ་གསུང་བའང་མཛད། དེ་དག་གི་བར་མཚམས་སུ་དབང་བཀའ་དང་རྗེས་གནང༌། བཤད་བཀའ་དང་བཤད་ལུང༌། རབ་བྱུང་བསྙེན་རྫོགས་སོགས་རྒྱུན་མི་ཆད་དུ་མཛད་པས། མདོར་ན་གདན་སར་ཇི་སྙེད་བཞུགས་པའི་རིང་ལ་སྐུ་མཚམས་དམ་པར་བསྡམས་པ་སོགས་སོ་དལ་གྱི་བགྱི་བ་གང་ཡང་མ་མཛད་དོ། །དེ་སྐབས་སུ་དངུལ་གདུང་རིན་པོ་ཆེ་སྔར་བཞུགས་པ་དེ་ལ་བཟོ་བཅོས་སུ་མཛད་དེ། རྒྱུ་དང་བཀོད་པ་ཕུན་སུམ་ཚོགས་པར་བསྒྲུབས་པ་དང༌། ཉག་བྲེ་ཤེས་རབ་དཔལ་གྱིས་བཞེངས་པའི་བཀའ་འགྱུར་དགོན་པར་འབུལ་བའི་ཞལ་ཏ་དང་གནང་སྦྱིན་མཛད་ནས་སྤྱན་དྲངས་པ་དང༌། ཟང་ཟིང་གི་ལོངས་སྤྱོད་ཆར་བཞིན་དུ་བབ་པ་རྣམས། སྤྱིར་བླ་མ་དང་དཀོན་མཆོག་གི་མཆོད་པ། ཆོས་འབྲེལ་ཞུས་པ་རྣམས་ལ་ཟླ་དུས་ཀྱི་མཆོད་འབུལ། བསྟན་པའི་གསལ་བྱེད་དུ་གྱུར་པའི་འཆད་ཉན་པ་རྣམས་ལ་གནང་སྦྱིན། བློ་གསལ་བའི་དོན་གཉེར་བ་རྣམས་ལ་བསྔོ་བ་གྲངས་དུ་མ་ཕྱག་ལེན་མཛད་ཅིང༌། ཁྱད་པར་དུ་བཅུ་བཞིའི་དུས་ཆེན་སྔར་སྲོལ་ལས་རྒྱ་དཔངས་བསྟོད་པ་དང་བདེ་དགྱེས་གསང་གསུམ་གྱི་དཀྱིལ་འཁོར་བཞེངས་ནས། གསང་སྔགས་འཛིན་པ་བརྒྱ་ལྷག་ཙམ་གྱིས་བསྒྲུབ་མཆོད། ཞག་སྦྲེལ་དུ་མཛད་པ་སོགས་ཀྱི་སྲོལ་ཚུགས་པར་མཛད་དོ། །གདན་ས་དེར་གདན་ཆགས་རིང་ལ་དུས་བདེ་ཞིང༌། འཁྲུག་པ་མེད། གྲྭ་རྒྱུན་དང་ལོངས་སྤྱོད་ཀྱི་ཚོགས་རྒྱས་ཤིང༌། དམ་པའི་ཆོས་འཕེལ་བར་མཛད། འབྲུག་གི་ལོ་ལ་ཆོས་རྗེ་གུང་རུ་བའི་ཕྱག་ཏུ་གདན་ས་གཏད། གཟིམས་ཁང་ན་སྔར་མེད་ཀྱི་ཐབ་ཆས་དང་གདན་ཆ་སོགས། གདན་ས་ན་རིམ་གྱི་རྒྱུན་ལ་ཕན་པའི་དགོངས་པ་མཛད། དེ་ནས་ཀྱང་ལོ་ལྔའི་བར་དུ་བཤད་བསྒྲུབ་སྤེལ་མར་མཛད་དེ། མདོར་ན་གསུང་ངག་རིན་པོ་ཆེ་རྐྱང་པའང་ཚར་ཉི་ཤུ་རྩ་གསུམ་ཙམ་གསུངས་པར་གྲགས་སོ། །གཉིས་པ་རྒྱུད་འཛིན་གྱི་སློབ་མ་ཇི་ལྟར་བྱུང་བ་ནི། གོང་དུ་ཇི་སྐད་སྨོས་པ་དེ་ལྟར་ཆོས་ཀྱི་རྣམ་གྲངས་གསུངས་པ་རྣམས་ཉན་ནས་རང་གི་རྒྱུད་སྨིན་པར་བྱས་པའི་སློབ་མ་འཇིག་རྟེན་ཕལ་པ་གྲངས་ལས་འདས་པ་རྣམས་ལྟ་ཅི་སྨོས། རྒྱལ་བའི་བསྟན་པ་ལ་ལེགས་པར་རབ་ཏུ་བྱུང་ནས། ལྟ་བས་བཀར་བཏགས་པ་བཞི་དང༌། སྤྱོད་པས་བཀར་བཏགས་པས་རྒྱུད་ཡོངས་སུ་སྨིན་པར་བྱས་པའི་སློབ་མ་ནི་འབུམ་ཕྲག་གི་གྲངས་ལས་ཀྱང་བརྒལ་བར་མངོན་ཏེ། ཐོག་མ་རྒྱལ་ལྷ་ཁང་གི་མཁན་པོར་ཕེབས་པ་ནས་བཟུང་ནས། དགོངས་པ་ཡོངས་སུ་རྫོགས་པ་དེ་སྲིད་ཀྱི་བར་ལ་བསྒྲུབ་བྱ་གཞན་དག དགེ་བསྙེན་དང༌། བསྙེན་གནས་དང༌། རབ་ཏུ་བྱུང་བ་དང༌། དགེ་ཚུལ་དང༌། བསྙེན་པར་རྫོགས་པ་དང༌། སེམས་བསྐྱེད་ཀྱི་ཆོ་གའི་སྲོལ་གཉིས་ལ་བརྟེན་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། མདོ་རྒྱུད་བསྟན་བཅོས་བླ་མ་སོ་སོའི་གསུང་འབུམ་གྱི་ལུང་ཙམ་ཉན་པ་ནི་བགྲངས་བ་ལས་འདས་ཤིང༌། དེ་དག་གིས་ཀྱང་རང་རང་སོ་སོའི་གནས་སུ་བློ་ནུས་དང་འཚམས་པར་སྡོམ་རྒྱུད་དང་ལུང་རྒྱུན་འཛིན་པ་ནི་མངོན་སུམ་དང་ལྐོག་ཏུ་གྱུར་པར་ཤིན་ཏུ་མང་པོ་དག་ཡོད་པར་ངེས་ཤིང༌། རྒྱུ་དུས་ཀྱི་དབང་གི་ཆོ་གས་ཡོངས་སུ་སྨིན་པར་གྱུར་ནས། ཁྲིད་ཕྲན་སོ་སོ་བ་དག་གི་བརྒྱུད་པ་འཛིན་པ་ལྟ་ཅི་སྨོས། གསུང་ངག་རིན་པོ་ཆེ་ཚར་དེ་ཙམ་ཞིག་གསུངས་པ་ལའང༌། སློབ་མའི་གྲངས་ནི་ཕལ་ཆེར་བརྒྱ་ཙམ་ལས་ལྷག་པ་ངེས་པ་ལ་གསུངས་ཤིང༌། ཉན་པ་པོ་དེ་དག་གིས། བོད་དང་བོད་ཆེན་གྱི་ཡུལ་ཁམས་སོ་སོ་བ་རྣམས་སུ། མ་མཐའ་ཐུན་བཞི་ཚུན་ཆད་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱེད་ཅིང༌། རང་རང་གི་བློ་ནུས་དང་ཕན་སེམས་དང་འཚམས་པར། སློབ་མ་དང་ཉིང་སློབ་ཏུ་གྱུར་པ་དག་ལ་བརྒྱུད་པ་འཛིན་དུ་འཇུག་པར་ངེས་པས་སོ། །དཔེར་ན་དབུས་གཙང་གི་དགོན་ཕྲན་སོ་སོ་བའི་བླ་མ་དང༌། བཤད་ཉན་པ་དང༌། དབོན་པོ་དང༌། ཡིད་རབ་ཏུ་གཞུང་པ་གཞན་ཡང་མང་པོ་དག་ལྟ་ཅི་སྨོས། ཤྲཱི་ནཱ་ལེནྡྲ་རྐྱང་པའི་ཉན་བཤད་པ་དུས་དེར་གསུང་ངག་གསན་པ་རྣམས་ཀྱིས་དེང་སང་ཡང་གསུང་ངག་གི་བརྒྱུད་པ་བཟུང་ཞིང༌། ཟླ་དུས་ཀྱི་མཆོད་པ་འབུལ་བར་མངོན་སུམ་གྱིས་གྲུབ་པ་བཞིན་ནོ། །དེ་ནས་མཐར་ཕྱིན་པའི་དུས་ཀྱི་མཛད་པ་ལ། ངོ་མཚར་ཅན་དངོས་དང༌། རྗེས་ཀྱི་མཛད་པ་རྣམས་ཇི་ལྟར་གྲུབ་པའོ། །དང་པོ་ནི། སླར་ཡང་ཆོས་རྗེ་གུང་རུ་གཤེགས་རྗེས་སུ། ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཁྱམས་ཆེན་པོར་གསུང་ངག་རིན་པོ་ཆེ་ཡོངས་སུ་རྫོགས་པར་གསུངས་པ་གྲུབ་པའི་ཉིན། མཆོད་གཏོར་རྒྱ་ཆེན་པོ་བཤམས། ཚོགས་པ་ལ་དགའ་སྟོན་དང་རྣམ་བཞག་མཛད། མེ་ཏོག་གི་ཆར་ཆེན་པོ་བབས། བཀའ་ཞལ་མཛད་པ་ལ། རང་རེ་ཆོས་རྒྱ་ཆེར་འཆད་པ་ད་རེས་ཡན་ཆོད་ཙམ་ཡིན། རྗེ་བཙུན་ས་སྐྱ་པའི་བསྟན་པ་ནི་ཨེ་ཝཾ་དང་འདི་གཉིས་སུ་དར་བ་དང་གནས་པ་འདི་ཅིས་ཀྱང་གལ་ཆེ་བས། མཚན་ཉིད་ཐེག་པའི་རྣམ་གཞག་རྗེ་ཐམས་ཅད་མཁྱེན་པའི་གསུང་འགྲོས་བཞིན་དུ། གཞན་ཕྱོགས་ཀྱི་གྲུབ་མཐའ་དང་མ་བསྲེས་པའི་འཆད་ཉན་མཛད་དགོས། སྤྱིར་སྔགས་དང༌། ཁྱད་པར་གསུང་ངག་རིན་པོ་ཆེ། རྗེ་རྡོ་རྗེ་འཆང་གི་གསུང་བགྲོས་བཞིན་དུ་བཤད་ཉན་མཛད་ན། བསྟན་པ་སྤྱི་སྒོས་ལ་ཕན་ཞིང༌། བྱིན་རླབས་ཆེ་ཞེས་གསུང་བ་མཛད་ནས། དགུན་སྟོད་བྲག་དཀར་མོའི་གནས་ཉི་མ་དྲོ་ཞིང་ཆུ་འཇམ་པར་དགོངས་པ་ལ། གྲོག་མཁར་བས་སྤྱན་དྲངས། གཙོ་བོར་ནི་གལ་ཆེ་བ་རེ་རེ་ཙམ་མ་གཏོགས་སྐུ་མཚམས་དམ་པོར་བསྡམས་ཧོར་ཟླ་བཅུ་གཉིས་པ་དེའི་ཡར་ངོ་ལ་སྐུ་ཁམས་ཅུང་ཞིག་སྙེལ་ནས་ཞག་གསུམ་སོང་བ་ལ། རྐོང་པོ་འཚོ་བྱེད་པས་ཕྱག་ཕྱི་བྱས་སྟེང་ཐོག་ཏུ་བྱོན། ཕྱོགས་བཅུར་གཟིགས་པ་ན། ནམ་མཁའ་ལ་སྤྲིན་དང༌། དུ་བ་དང༌། ཉི་ཟླ་དང་གློག་ལ་སོགས་པ་མང་པོར་སྣང་བ་འདི། ལམ་གྱི་རྟགས་ཡིན་ནམ། ནམ་མཁའ་རང་ལ་ཡོད་པ་ཡིན་ནམ་གསུང༌། ལམ་རྟགས་དེ་ཅི་ལས་འོང་བ་ཡིན། ཞུས་པས། རླུང་སེམས་དབུ་མར་ཚུད་པ་ལས་འབྱུང་གསུང༌། དེའི་རྗེས་ལ་ཅི་ཡོང་ཞུས་པས། མི་འགྱུར་བའི་བདེ་བ་འབྱུང་གསུང༌། གཟིམས་མལ་དུ་ཕེབས་ནས་དབོན་པོ་རྒྱལ་དོན་གྱིས་ན་བཟའ་ཞུས་པའི་ཚེ། བླ་མ་སོ་སོའི་ན་བཟའ་རྙིང་པ་བྱིན་རླབས་ཀྱི་རྟེན་དུ་གནང་བ་རྣམས། སོ་སོར་ངོས་བཟུང་ནས་དེ་བསོད་ནམས་འཕེལ་བའི་ན་བཟའ་ཡིན་པས་ཐོག་མར་སྒྲོན་ཅིག ཅེས་སྤྱན་སྔ་རིན་པོ་ཆེའི་ན་བཟའ་རྙིང་པ་དང༌། དེ་བྱམས་དང་སྙིང་རྗེ་འཕེལ་བའི་ན་བཟའ་ཡིན་པས་སྒྲོན་ཅིག་ཅེས་རྗེ་མུས་པའི་ན་བཟའ་དང༌། དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་བརྙེས་པའི་ན་བཟའ་འོ། །ཞེས་རྗེ་རྡོ་རྗེ་འཆང་གི་རྣམ་སྦྱར་ལ་བྱིན་རླབས་ཞུ་བར་མཛད་དོ། །སྤྱིར་ཡང་གཟིམས་དཔོན་དོན་གྲུབ་པས་གསུང་དུས། རང་རེས་ལོ་བཞི་བཅུ་ཞེ་བགྲངས་ཀྱི་བར་ཕྱག་ཕྱི་འབྲལ་མེད་དུ་བགྱིས་པ་ལ། ནང་དུ་ཡོན་ཏན་བརྙེས་ཚུལ་དང༌། ལྷག་པའི་ལྷ་ཞལ་གཟིགས་ཚུལ་ནི་འདི་འདྲ་ཡིན་ཞེས་གསལ་པོ་ཡེ་མི་གསུང༌། ང་རང་གིས་མཐོང་ཐོས་ཀྱི་རྣམ་པ་ལ། སྔོན་ལོ་སྦྲེལ་གྱི་སྒྲུབ་པ་ཐེངས་གསུམ་མཛད་པ་ལས། དང་པོ་གཉིས་ལ་བདེ་དགེས་ཀྱི་གྲངས་བསྙེན་འབུམ་ཕྲག་རེ་དང༌། སྦྱིན་བསྲེག་ཁྲི་ཚོ་རེ་ཙམ་ཐེངས། དེ་སྐབས་སུ་ཡང་མིག་འཁྲུལ་བྱུང་གསུང་པ་ཐེངས་མང་པོ་བྱུང༌། བསམ་ཚོད་ལ་ལྷག་པའི་ལྷ་རེ་རེ་ཙམ་གཟིགས་པ་ཡིན་ནམ་བསམ། སྒྲུབ་པ་རྟིང་མའི་དུས་སུ་གཏུམ་མོ་དང་ལུས་སྦྱོང་ལ་གཙོར་མཛད། སྔ་དྲོ་རེས་ཀྱིས་ཕྲིན་ལས་སུམ་ཅུ་སོ་གཉིས་པོ་ཆ་ཚང་བ་རིམ་ཅན་དང་རིམ་མིན་གཉིས་ཀ་གྲུབ་རྗེས་བདེ་བས་རྒྱལ་བའི་རྣམ་པ་ཡུན་རིང་དུ་མཛད་ཀྱིན་འདུག དེ་ལས་མ་སངས་ཀྱི་བར་དུ་གསོལ་ཇ་མི་བཞེས། འདི་ལྟ་བུ་ཅི་ཡིན་ཞུས་པས། སེམས་གནས་པ་ན་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཞེས་ཟེར་བ་དེ་ཡིན་ལ་ཆེ་གསུང༌། མཆོག་ཏུ་མི་འགྱུར་བའི་བདེ་ཆེན་བརྙེས་པ་ཡིན་ནམ་ཞུས་པས། དེ་ལྟར་དུ་ཁས་མི་ལེན་གསུང༌། ཡང་ཤངས་ཁྲག་མང་པོ་བབ་པའི་དུས་ཤིག་ཏུ། ཨ་ཀ་རུའི་སྤོས་ཁྱེར་ཤོག་གསུང༌། ཤངས་ལ་བདུག་པས། ནམ་མཁའི་ཐུབ་པ་གཙོ་འཁོར་ལ་ཕུལ་གསུང༌། གཟིགས་པ་ཡིན་ནམ་ཞུས་པས། མཐོང་བ་དོན་ལྡན་གྱི་བྲིས་སྐུ་དེ་ལ་འཁྲུལ་པ་རེད་གསུང༌། ཡང་ཕྱག་ཕྱི་ལ་འཁོད་པ་མང་པོ་ཞལ་འཆམ་པར། དཀར་པོ་རྒུར་གྱི་ཐང་དཀྱིལ་དུ་གཟིམས་གུར་མཛད་ནས་བཞུགས་པའི་སྲོད་ཐོ་རངས་གཉིས་ཀ་ལ་རྡོ་རྗེ་རྣལ་འབྱོར་མ་རིགས་ལྔ་གཟིགས་པའི་གསུང་ཉམས་མང་པོ་རང་བྱུང་བས། གཟིགས་ཐག་ཆོད་ནའང༌། ཞལ་བཞེས་མི་མཛད་པ་ནི་ཁོང་པ་རང་གི་ཆོས་ལུགས་ཡིན་ཞེས་ཟེར། བྲག་དཀར་དུ་བསྙུང་ཚུལ་དེ་ལྟར་བསྟན་པའི་འཕྲོ་ཉིད་ནས། ཚེས་བཅུ་གཉིས་ཀྱི་ཐོ་རངས། སྔ་ཐུན་གྱི་ཐུགས་དམ་གྱི་རིམ་པ་རྫོགས་པར་ཟིན་ནས། བླ་མ་གོང་མ་རྣམས་བདེ་བར་བསྐྱོད་པའི་ལམ་ནི་གསལ་པོ་དེ་ཉིད་དོ། །ཞེས་ཐུགས་ཁར་ཐལ་མོ་སྦྱར། འོད་གསལ་བ་དང་བསམ་གྱིས་མི་ཁྱབ་པའི་རིམ་པ་ཉིད་ནས་བདེ་བར་གཤེགས་སོ། །དེ་ལྟར་ན། སྤྱིར་གསང་སྔགས་བླ་མེད་ཀྱི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་མངའ་བརྙེས་པ། ཐུན་བཞིའི་རྣལ་འབྱོར་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱི་ནང་གི་ཡོན་ཏན། ཁམས་འདུ་ལུགས་དང༌། ལྟ་བ་རྟོགས་ཚུལ་དང༌། གྲུབ་མཐའ་སྙོགས་པའི་རིམ་པ་རྣམས་བསམ་གྱིས་མི་ཁྱབ་པས་ན། འདིར་ཐུན་མོང་གི་རྣམ་པར་ཐར་པ་ཉིད་དུ་འབྲི་བར་ག་ལ་ནུས། དེ་ལྟ་མོད་ཀྱི། ཕྱི་རོལ་ནས་རྒྱལ་སྲས་ཆེན་པོར་མཚོན་པའི་རྟགས་དང་མཚན་མ་ནི། འདི་གང་ན་བཞུགས་པའི་གནས་དེར། བཟའ་བཏུང་དང་མཁོ་རྒུའི་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་འབབ། ཕྱོགས་ཀྱི་ལ་སྒོ་དང་གསེར་དངུལ་ལ་སོགས་པའི་སྒོ་བྱེ་ཕྱོགས་ཀྱི་གྲྭ་རྒྱུན་དང་ཚོངས་པ་རྣམས་བདེ་བར་སླེབས། མཚུངས་མེད་ཀྱི་དགེ་བའི་བཤེས་གཉེན་ཉི་ཟླ་ལྟ་བུ་དང༌། དེ་སྲས་སྐར་མའི་ཚོགས་རྣམས་གསལ་བར་བྱོན་ཞིང་བདེ་བར་བཞུགས། དེ་དག་ནི་ཕྱིའི་མཚན་མ་ཡིན་ལ། ནང་གི་ཁྱད་པར་ནི། རྗེས་ཐོབ་ཀྱི་མཛད་པའི་ཁྱད་པར་ལས་རྟོགས་པར་ནུས་པའི་ཕྱིར་ན། ཇི་སྐད་དུ། ཤེར་ཕྱིན་ལས། ས་དང་པོ་ནས་ས་ལྔ་པའི་བར་ཡོངས་སུ་སྦྱོང་བའི་རྗེས་ཐོབ་ཀྱི་མཚན་མར་གསུངས་པ་དེ་ཐམས་ཅད་ཕྱག་བཞེས་སུ་མངའ་བར་ཕལ་ཆེར་གྱི་མངོན་སུམ་དུ་གྲུབ་པ་ཉིད་ལས་ཤེས་སོ། །སྐལ་བཟང་གདུལ་བྱའི་ཚོགས་རྣམས་ཀྱི། །བློ་མཚོའི་མེ་ལོང་དྭངས་པ་ལ། །རྒྱལ་སྲས་སྐུ་གསུང་ཐུགས་རྣམས་ཀྱི། །རང་བཞིན་གསལ་བར་སྣང་མོད་ཀྱང༌། །བློ་མཚོའི་མེ་ལོང་བརྙོགས་པ་ན། །ཐུབ་པ་སྐལ་མེད་མིག་གི་ནི། །ལམ་དུ་མི་འགྱུར་བ་དེ་བཞིན། །དེ་དེར་གྱུར་ལ་མྱ་ངན་ཅི། །ཉི་ཟླ་ནུབ་དང་འཆར་བ་ཡི། །རིམ་པས་སྣང་བར་བྱེད་དེ་བཞིན། །འཚུར་ནུབ་རིམ་གྱིས་འཇིག་རྟེན་ཁམས། །ཕན་དང་བདེ་བས་གང་བར་ཤོག །གཉིས་པ་རྗེས་ཀྱི་མཛད་པ་ཇི་ལྟར་གྲུབ་པ་ནི། དེ་ལྟར་རིག་པ་འཛིན་པའི་གནས་སུ་བདེ་བར་གཤེགས་རྗེས་ཀྱི་གཟའ་ཚེས་འཛོམ་པའི་དུས་སུ། སྐུ་གདུང་གི་སྙིང་པོ་ཞུགས་ལ་ཞེན་པར་གྱུར་པ་དེའི་ཚེ། གྲུབ་མཐའ་སྙོགས་པའི་རྟགས་སུ་ཐོག་མར་ནམ་མཁའ་གཡའ་དག་ཞིང་སོ་སོར་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་དུ། ཁ་དོག་སྣ་ལྔ་དང་ལྡན་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་སྤྲིན་དང་འཇའ་ཚོན་གྱི་རི་མོ་རྣམ་པར་བཀྲ། ལྷའི་དབང་པོ་དང་འཇིག་རྟེན་སྐྱོང་བ་བཞིའི་མཆོད་འོས་སུ་གྱུར་པའི་ལྟས་སུ། ལྷའི་མེ་ཏོག་གི་ཆར་ཆེན་པོ་ཉིན་མཚན་བཅོ་ལྔ་ཙམ་དུ་སྦྲེལ་ནས་བབས། འབྱུང་བ་ལྔའི་རླུང་འོད་ཟེར་ལྔ་ལྡན་ཐ་མ་མཆོག་ཏུ་ཐིམ་ནས་འགྱུར་མེད་བདེ་བ་ཆེན་པོ་བརྙེས་པའི་རྟགས་སུ། ཁ་དོག་རྣམ་པ་ལྔའི་འོད་ཟེར་ཅན་གྱི་རིངས་སྲེལ་རིན་པོ་ཆེའི་ངོ་བོ་ཉིད་དུ་གྱུར་པ་གྲངས་ལས་འདས་པ་དག་གསལ་པོར་བྱོན་པ། ཐོག་མ་ཉིད་ནས་བུ་སློབ་སོ་སོའི་རྟེན་སྐལ་དུ་བྱོན་པ་དག་ནི་རྩོད་པ་དང་བྲལ་ཞིང་བསམ་གྱིས་མི་ཁྱབ། དུས་ཕྱིས་ནང་རྟེན་གྱི་དབུས་སུ་བཞུགས་པ་དང༌། ཐག་རིང་པོའི་རྟེན་སྐལ་དུ་འགྱེད་མཛད་ཀྱི་གདུང་ཚ་འབུམ་ཕྲག་ཙམ་བཏབ་པ་ལ། གདུང་ཚ་རེ་རེའི་ཏོག་ཏུ་རིང་བསྲེལ་ཡུངས་ཀར་ཙམ་བྱོན་པ་ནི་ཤིན་ཏུ་མང་ཞིང༌། ལྔ་དྲུག་ཙམ་དང༌། ཐ་ནའང་རེ་རེ་ཙམ་མ་བྱོན་པ་ནི་མ་བྱུང་བར་ཀུན་གྱི་མཐུན་སྣང་དུ་གྲུབ། དགོངས་རྫོགས་དང་གསོལ་འདེབས་ཀྱི་རིམ་པ། གདུང་རབས་གོང་མ་རྣམས་ལ་ཕྱག་སྲོལ་ཇི་ལྟར་ཡོད་པ་བཞིན་དང༌། དེ་ལས་ཀྱང་ཁྱད་པར་དུ། ནཱ་ལེནྡྲར་དགེ་འདུན་གྱི་ཚོགས་པ་ཁྲི་ཚོ་ཙམ་བསགས། ཆོས་འཁོར་གྱི་གྲལ་དབུ་ལ། ནེའུ་ཐོགས་ནས་གླིང་སྟོད་གདན་ས་བ་ཆོས་རྗེ་ནམ་མཁའ་བརྟན་པ་སྤྱན་དྲངས། བརྒྱ་འབུལ་ཆེན་པོ་དང༌། ཚོགས་པ་གཞུང་མ་ལ་ཞོ་ཕྱེད་རེ་དང༌། ཕྱོགས་བཅུ་བ་ལ་བཞི་ནམ་རེའི་འགྱེད་རྗེ་ཐམས་ཅད་མཁྱེན་པའི་དུས་ཀྱི་གཞིར་བཞག་གཙང་ཕྱོགས་སུ་གདན་ས་ཆེན་པོས་ཐོག་དྲངས། ས་སྐྱ་པའི་མདོ་སྔགས་ཀྱི་གྲྭ་ས་ཆེན་པོ་རྣམས་སུ། བླ་མ་སོ་སོ་ལ་འབུལ་ཆེན་དང༌། ཆོས་འཆད་དག་ལ་རྣམ་གཞག་རྒྱ་ཆེར་མཛད། ཤིང་ཕོ་ཁྱིའི་ཧོར་ཟླ་བཞི་པ་ལ། ནཱ་ལེནྡྲའི་ཆོས་རྫོང་དང་འདབས་འབྲེལ་གྱི་སའི་འབུར། སྔོན་ཐུགས་སྦྱོང་མཛད་དུས་ཉིན་བར་གྱི་བཞུགས་གནས་ངེས་པ་ཅན་དེར། དྲིའི་གཙང་ཁང་ཀ་ཆེན་གཉིས་པ། ཁྱམས་ཀ་བ་བཅུ་དྲུག་དང་བཅས་པ་བཞེངས། དེར་སྐུའི་རྟེན་ལམ་འབྲས་བརྒྱུད་པའི་ལྷ་ཚོགས། གསུང་གི་རྟེན་སངས་རྒྱས་ཕལ་པོ་ཆེའི་གླེགས་བམ་ཚང་མ། ཐུགས་ཀྱི་རྟེན་དངུལ་གྱི་གདུང་ཁང་མཐོ་བཅུ་གསུམ་པ། མཆོད་པའི་ཡོ་བྱད་ཤིན་ཏུ་དངོས་གཙང་ཞིང་རྣམ་གྲངས་མང་བ། རྣམ་དཔྱོད་ཅན་ཡིད་འཕྲོག་པ་དག་གྲུབ་པར་མཛད་དོ། །ས་གའི་ཉ་ལ་ཆོས་ཀྱི་རྗེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། སྔགས་འཆང་བརྒྱ་ཕྲག་གཅིག་གི་འཁོར་དང་བཅས་པས་གསང་བ་འདུས་པའི་སྒྲུབ་མཆོད། རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་རྒྱ་ཚོའི་སྟེངས་ནས་རྒྱས་པར་བསྒྲུབས། འདུས་པ་རྒྱ་མཚོའི་ཚོགས་ལ་དགའ་སྟོན་གྱི་རྣམ་པར་བཞག་པ་རྒྱ་ཆེན་པོར་མཛད་པའི་སྟེངས་སུ་བཤེས་གཉེན་མཁས་པའི་དབང་པོ་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་ཀྱི་འགྲོ་བ་མང་པོ་དང༌། མདོ་སྔགས་ཀྱི་སྒོ་དུ་མ་ནས་གླེང་བསླང་བའི་འབེལ་གཏམ་གྱི་བཀའ་མཆིད་ཞག་གྲངས་དུ་མར་སྤྲེལ་ཏེ་མཛད། དུས་དེ་ཙམ་ནས་བཟུང་ནས། དུས་ཆེན་གྱི་སྟེང་དུ་དཀྱིལ་འཁོར་མང་པོ་བཞེངས་པའི་སྒྲུབ་མཆོད། འདུས་པ་རྒྱ་མཚོའི་ཚོགས་ལ་བསྙེན་བཀུར་གྱ་ནོམ་པ་ཟུང་དུ་སྦྲེལ་བ་ཟླ་དུས་ཚང་བའི་མང་ཇའི་རིམ་པ་རྣམས་ཚུགས། དུས་ཇི་སྲིད་པའི་བར་དུ་རྒྱུན་མི་ཆད་ཅིང༌། ལྷུན་གྱིས་གྲུབ་པའོ།།  །།སྭསྟི། ཆོས་ཀུན་ཀུན་མཁྱེན་གསུང་བཞིན་མཁྱེན་པའི་སྐུ། །གཞན་ཕན་ལ་དགའ་དགའ་བཞིས་ཕྱུག་པའི་གསུང༌། །ཐུགས་ཀྱི་རྡོ་རྗེ་རྗེ་བཙུན་གོང་མ་ཡིས། །ལུང་བསྟན་བསྟན་པའི་མངའ་བདག་བསྔགས་པར་འོས། །གང་འདིར་ཐུབ་པ་རྣམས་དང་ས་སྐྱོང་རྒྱལ་པོའི་སྲས་ནི་འབད་མི་དགོས་པར་ལྷུན་གྱིས་གྲུབ་སྟེ་ཡེ་ཤེས་དག་དང་བསོད་ནམས་ཚོགས་ནི་བརྒྱ་ཕྲག་ངལ་བས་བསྐྲུན་མིན་པར་ཡང་ཡིད་བཞིན་མཚོ་ལྟར་ངང་གིས་གང༌། །ཐོས་དང་བསམ་དང་བསྒོམ་པའི་ལམ་སྲོལ་དྲང་པོ་ཉིད་དུ་རིགས་པར་རྗེས་ཞུགས་བསླབས་ཤིང་སྦྱངས་པའི་སྤོབས་པ་མི་ཟད་དང་བཅས་རིགས་ཤིང་གྲོལ་བར་ཆད་པའི་གསུང་གང་གིས་ནི་འཁོར་ཚོགས་རྒྱ་མཚོ་བསྡུས། །བྱང་ཆུབ་སེམས་མཆོག་བདེ་བར་རྒྱུ་བའི་ལམ་ཆེན་ཉིད་ནས་འགྲོ་ཀུན་སྒྲོལ་བའི་ཡབ་དང་བརྩེ་བའི་ཡུམ་ཆེན་ཉིད་དུ་ཉེར་གཟིགས་ཀུན་ལ་ཕན་དང་བདེ་བའི་བྱེད་པོར་ཞལ་གྱིས་བཞེས་ལས་དགོངས་པ་གཞན་མི་མངའ། །དུས་རྣམས་དག་ཏུ་ཐུབ་པའི་བསྟན་དང་དེ་འཛིན་བྱེད་ལ་བཀུར་སྟིར་བགྱིས་ལས་མཛད་གཞན་མི་འཚལ་ཇི་ལྟར་དགོངས་བཞིན་བགྲངས་ཡས་གདུལ་བྱའི་རྒྱུད་ལ་བདུད་རྩིར་སྨིན་མཛད་དེ་ཡང་ཟབ་ཅིང་རྒྱ་ཆེའི་སྨོན་ལམ་སྟོབས་ཀྱིས་ཕྲིན་ལས་དབང་པོར་གྱུར་དེར་མགོས་ཕྱག་འཚལ། །ཞེས་རྗེ་བཙུན་ཆོས་ཀྱི་རྗེ་ཀུན་དགའ་རྡོ་རྗེའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དད་པའི་སྟོབས་རབ་ཏུ་སྐྱེད་པ་ཞེས་བྱ་བ་འདི་ནི། རྗེ་དེ་ཉིད་ལས་གསུང་ངག་རིན་པོ་ཆེ་ཡོངས་སུ་རྫོགས་པ་ལན་གྲངས་དུ་མར་གསན་ནས། ཐུགས་རྒྱུད་ལ་སྨིན་པར་མཛད་པའི་སྐབས་སུ། བསྒྲུབ་པའི་ལུང་སྦྱིན་པར་མཛད་དེ། ལོ་གྲངས་ཇི་སྲིད་པར་རྒྱས་བཏབ་སྟེ། སྐབས་སུ་བབ་པའི་དུས་དེ་ནས་གསུང་ངག་རིན་པོ་ཆེའི་བསྒྲུབ་བརྒྱུད་མི་འཆད་པར་འཛིན་པོ་ཉིད་དུ་བཀའ་བསྒོ་བརྙེས་པ། རྒྱ་མ་རིན་ཆེན་སྒང་གི་མཁན་ཆེན་ཀུན་སྤངས་ངག་དབང་དཔལ་འབྱོར་བཟང་པོས་ནན་གྱིས་བསྐུལ་བར་མཛད་པ་ལ་བརྟེན་ནས། རྗེ་བཙུན་ཀུན་དགའ་མཚན་ཅན་དེ་ཉིད་ཀྱི་བཀའ་འབངས་སུ་གྱུར་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟའི་སྤྲུལ་པས་བྱིན་གྱིས་བརླབས་པའི་ཁང་བཟང་དམ་པར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚོན་ནོ།།  །།མངྒ་ལཾ།།  ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཨེ་ཝཾ་དབྱེར་མེད་ཟུང་འཇུག་སྐུ། །བདེ་སྟོང་ལོངས་སྤྱོད་རྫོགས་པའི་གསུང་དབྱངས་ཀྱིས། །ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པར། །འཁྲིད་མཛད་བླ་མ་རྣམས་ཀྱིས་འདིར་སྐྱོངས་ཤིག །སྔོན་གངས་ཅན་གྱི་ལྗོངས་འདིར་རྡོ་རྗེ་འཆང་ཆེན་པོ་ནས་བརྒྱུད་པའི་རིམ་པ་བར་མ་ཆད་ཅིང༌། ལྷད་མ་ཞུགས་པའི་གདམས་ངག་ཁྱད་པར་དུ་འཕགས་པ་མང་པོ་ཞིག་བྱོན་ཞིང༌། འགྲིབ་པ་མི་མངའ་བར་བཞུགས་པ་དུ་མ་དག་ལས་ཀྱང༌། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ་རྡོ་རྗེ་བདག་མེད་མས་དངོས་སུ་གདམས་པའི་གཞུང༌། ལམ་འབྲས་གསུང་མདོ་ཞེས་ཡོངས་སུ་གྲགས་པ་འདིའི་སྒོ་ནས། གདུལ་བྱ་ལམ་ལ་འཁྲིད་ཚུལ་འདི་ཁོ་ན་ཁྱད་པར་དུ་འཕགས་པ་ཡིན་ཏེ། འདི་ནི་སྐལ་ལྡན་ཅིག་ཆར་བའི་རིགས་ཅན་ལྟ་ཅི་སྨོས། སྔར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཡེ་མ་མྱོང་བའི་གང་ཟག་སྐལ་བ་དམན་པའི་རིགས་ཅན་ཞིག་ཀྱང༌། སྤྱོད་པ་རིམ་ཅན་ལ་སློབ་པ་དང༌། ལྟ་བ་རིམ་ཅན་ལ་སྦྱངས་པ་མཐར་ཕྱིན་གྱི་སྒོ་ནས་འཇུག་པའི་ཚུལ་དང༌། དོན་དེ་དག་ཀྱང་ཆལ་ཆོལ་དང་ལྷོད་ཡངས་སུ་སོང་བ་མ་ཡིན་པར། སྙན་བརྒྱུད་བཞི་དང༌། ཚད་མ་བཞིའི་རྒྱ་དམ་པོས་བཏབ་ནས། གཞི་དམ་ཚིག་དང་སྡོམ་པ་ལ་ལེགས་པར་གནས་པའི་སྟེང་དུ། ལམ་རིམ་པ་གཉིས་ལ་ཐུན་བཞིའི་རྣལ་འབྱོར་ལ་མི་གཡེལ་ཞིང༌། ལུས་སོ་སོར་བརྟགས་པའི་འགོག་པ་ཉམས་སུ་བླངས་པས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པ་འཆུགས་མེད་སྟོན་པ་དང༌། བརྩོན་འགྲུས་ཐ་ཤལ་དུ་གྱུར་པས་ཀྱང༌། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ཚེ་གཅིག་པོ་ལ་གྲུབ་མཐའ་སྙོགས་པའི་མན་ངག་ཐུན་མོང་མ་ཡིན་པ་སྟོན་པས་སོ། །དེ་ཐམས་ཅད་ཀྱི་རྩ་བ་ཡང་མདོ་སྔགས་ཐམས་ཅད་ཀྱི་བླ་མ་ཚད་མར་གྱུར་པ་ལ་རག་ལས་པ་ཡིན་ཏེ། དེ་མེད་ན་ལྟ་སྤྱོད་རིམ་ཅན་གྱི་ཚུལ་ལ་སློབ་པ་དང༌། དམ་ཚིག་དང་སྡོམ་པའི་ཚོགས་རྣམས་གང་ལས་བྱུང་བ་དང༌། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་དག་མི་འབྱུང་བའི་ཕྱིར་རོ། །བླ་མ་དེ་ཡང་གདམས་ངག་གི་གོ་རིམ་མ་ལོག་པ་དང༌། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ཞེས་བྱ་བ། བླ་མ་གོང་མ་དག་གིས་ཇི་ལྟར་ཁྲིད་པ་བཞིན་དུ། ལམ་གྱི་རིམ་པ་དེ་དག་ལ་གོ་བ་ཆགས་ཤིང༌། ཉམས་མྱོང་རྒྱུད་ལ་སྐྱེས་པ་ཞིག་དགོས་པའི་དོན་ཡིན་གྱི། ལུང་རྒྱུན་མ་ཆད་པ་ཙམ་གྱིས་ཆོག་པ་མ་ཡིན་པར་ཤེས་པའི་དོན་དུ་ཐོག་མར་བླ་མ་དམ་པའི་རྣམ་ཐར་བསྟན་ནས། མོས་གུས་ཀྱི་ངེས་ཤེས་བསྐྱེད་དུ་འཇུག་པ་ནི་ཕྱག་ལེན་གྱི་རིམ་པའོ། །དེ་ལས་ཀྱང་འདིར་ནི་རྗེ་བླ་མ་དམ་པ་ཨཱ་ནནྡའི་མཚན་ཅན་ཡབ་སྲས་གཉིས་ཀ་ལས་གསུང་ངག་རིན་པོ་ཆེའི་གདམས་པ་རབ་ཏུ་ཐོབ་ནས། སྒྲུབ་བརྒྱུད་མ་ཉམས་པར་མཛད་པའི་དགོངས་པ་རྣམ་པར་དཀར་ཞིང༌། བརྩོན་འགྲུས་ཆེན་པོས་ཕྱག་བཞེས་སུ་མཛད་པའི་རྒྱལ་སྲས་གླང་རི་ཐང་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པར་བྱ་བ་ལ་གསུམ་སྟེ། ཐོག་མར་མངོན་མཐོའི་གོང་འཕངས་བརྙེས་ནས་མདོ་སྔགས་ཀྱི་ཆོས་ལ་བསླབ་སྦྱངས་ཇི་ལྟར་མཛད་པ། མཛད་ནས་མདོ་ཕྱོགས་ལ་ཉན་བཤད་དང་གདམས་ངག་གི་བསྒྲུབ་པ་ཇི་ལྟར་ཉམས་སུ་བཞེས་པ། དེ་ལྟར་བཞེས་ནས་རྒྱུད་འཛིན་གྱི་བུ་སློབ་དག་ལ་ལམ་གྱི་རིམ་པ་ཇི་ལྟར་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ནི། གང་དུ་འཁྲུངས་པའི་ཡུལ་དང༌། རིགས་དང༌། ཡབ་དང༌། ཡུམ་རྣམས་ནི་རྗེ་གོང་མ་ཉིད་དང་ཁྱད་པར་མེད་ལ། རྗེ་འདི་ཉིད་ས་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས་པ་ན། ཡབ་ཡུམ་གྱི་ལུས་སེམས་བདེ་བས་ཁྱབ་པ་སོགས་ལྟས་དང་རྟེན་འབྲེལ་བཟང་པོ་བྱུང་བ་ཁོ་ནར་མ་ཟད། སྒོ་མོ་རིན་པོ་ཆེ་བཟང་པོ་དཔལ་བའི་མནལ་ལམ་དུ། ཕྱག་འཁར་གྱི་རྩེ་མོ་མཐོ་ཤོས་དེར། ཉི་མ་ལྷག་གིས་ཤར་བའི་ཚེ་ན། དུང་ཕྲ་སྦོམ་གསུམ་ཕྱོགས་སུ་བུས་པ་རྨིས། འདི་པ་ཚང་ལ་སྡེ་བདག་ཁྱད་པར་ཅན་ཞིག་འབྱོན་པའམ། ཉི་མ་ཤར་ལུགས་ལ་བལྟས་ན། སྤྱན་སྔ་ཀུན་རྒྱལ་བ་དང་འདྲ་བའི་རབ་བྱུང་ཞིག་འབྱོན་པ་ཡིན་གསུང་པར་འདུག་པ་ལ། ཡབ་དྲུང་ཆེན་གྱི་གསུང་གིས། རིན་པོ་ཆེ་བས་དེ་ལྟར་གསུང་འདུག་ཀྱང༌། འདི་ལྷ་སྤྱན་རས་གཟིགས་ཀྱི་སྐུ་ལ་མཛུབ་མོ་གཏད་ནས་མ་ཎི་ཟེར་གྱིན་འདུག་པས། མ་ཎི་བ་ཅིག་ཡོང་ཚོད་དུ་འདུག་གསུང་ལ། སྤྱན་སྔ་རིན་པོ་ཆེས་ཆོས་སྐྱོང་ལ་བཀའ་བསྒོ་མཛད་ནས། མཚན་ཆོས་སྐྱོང་དཔལ་ལྡན་དུ་བཏགས། དེ་ནས་རང་ལོ་བདུན་པ་ལ་ཁུ་བོ་རྣམ་གཉིས་ཀྱི་དྲུང་དུ་དགེ་བསྙེན་དང་རབ་ཏུ་བྱུང་ནས་དགེ་ཚུལ་དུ་མཛད། གནས་ཀྱི་སློབ་དཔོན་རྒྱལ་བ་ཕུན་ཚོགས་ལ་གཏད་ནས། ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་ལྔ་བཅུ་པ་ལ་བསླབ་སྦྱང་དང་སྤྱོད་ལམ་གྱི་རིམ་པ་བསླབས། རྒྱན་རྩ་འགྲེལ་གྱི་གཞུང་ལ་བརྒྱ་ཚར་སོང་རྗེས། ཀ་བཞི་པ་བསོད་ནམས་སེང་གེས་མཛུབ་ཁྲིད་པ་མཛད་ནས། རོང་ཊཱིཀ་གི་སྤྱི་དོན་ཚིག་དོན་མཐའ་དག་ཐུགས་སུ་ཆུད་པ་དང༌། ཚད་མ་རྣམ་འགྲེལ་གྱི་གཞུང་བྱང་ཆུབ་པར་མཛད་ནས། རྒྱལ་གླང་གཉིས་ཀའི་ཚོགས་པ་ལ་ཆོས་གསུངས། བཤད་ཚར་གྱི་དགའ་སྟོན་དང་རྣམ་བཞག་རྒྱ་ཆེན་མཛད། དེ་ནས་བཞུགས་པའི་མཐིལ་ལོ་བཅུ་ཙམ་གྱི་རིང་ལ་ནཱ་ལེནྡྲ་ཉིད་དུ་མཛད། རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་རྒྱན་རྩ་འགྲེལ། བཤེས་སྤྲིང༌། དབུ་མ་རིགས་ཚོགས་ཚད་མ་རིགས་གཏེར་ལ་སོགས་པའི་གཞུང་ཆོས་མང་པོ་དང༌། ཕར་ཕྱིན་ཁྲིད་ཡིག ཞི་བྱེད། ནཱི་གུ་ལ་སོགས་པའི་ཁྲིད་ཕྲན་དང༌། མི་གཡོ་བ་དཀར་པོའི་རྗེས་སྣང༌། འབུམ་ཊཱིཀ་ཆུང་བ་སོགས་བཀའ་འབུམ་རྣམས་ཀྱི་ལུང་གསན། ལུང་ར་ཆེན་མོའི་སྒྲིགས་སུ་ལན་འདེབས་མཛད། ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་བ་ལ་ཚད་མ་རྣམ་འགྲེལ་གྱི་གཞུང་ཊཱིཀ་ཚར་གསུམ་བྱང་ཆུབ་པར་མཛད། རྟགས་རིགས་སོགས་ཀྱི་ཟིན་ཐུན་ཐུགས་ལ་བཟུང༌། རིགས་གྲྭའི་ཁྲོད་དུ་འཇུག་པ་ལ་ཉམས་ང་བ་དང་བག་ཚ་བ་མེད་པ་མཛད། གཞན་ཡང་བླ་མེད་ཀྱི་དབང་བསྐུར་མང་པོ་དང༌། རྡོར་དབྱིངས་དང༌། ཆོས་དབྱིངས་གསུང་གི་དབང་ཕྱུག་སོགས་ཡོ་གའི་དབང་བསྐུར་ཁ་ཅིག་གསན། མཚན་ཉིད་ལ་ཐུག་སྦྱོང་མཛད་པའི་བར་སྐབས་རྣམས་སུ། འོད་གསལ་རྩེར་སྤྱན་སྔ་རིན་པོ་ཆེའི་དྲུང་དུ། དགྱེས་པ་རྡོ་རྗེའི་དབང་དང༌། སྒྲུབ་ཐབས་རྒྱ་མཚོ་དང༌། ཆོས་སྐྱོང་ཆེ་ཆུང་གི་རྗེས་གནང་སོགས། གང་ལ་གང་འཚམས་རིན་པོ་ཆེ་ཉིད་ཀྱིས་དགོངས་པས་དཔྱད་ནས་གནང་ཞིང་གསན། རང་ལོ་བཅུ་གསུམ་པ་ཚུན་ཆད་དུ། སྤྱན་སྔ་ཕུན་ཚོགས་པའི་དྲུང་དུ་ཉིན་རེ་བཞིན་ཕར་ཚད་བསྡུས་གསུམ་གྱི་འགྲོ་གླེང་ཞུ། ས་སྡེ་ལྔ་དང༌། བཀའ་གདམས་གཞུང་དྲུག་ལ་སོགས་པའི་ལུང་དགོངས་པས་དཔྱད་ནས་གནང་བ་ལྟར་གསན། རང་ལོ་བཅུ་དྲུག་བཅུ་བདུན་པ་ལ་གླང་རི་ཐང་དུ་དབྱར་དགུན་གྱི་དུས་ཆོས་གསུངས། བཅོ་བརྒྱད་པ་ལ་གླང་རི་ཐང་གི་ཁྲི་ཐོག་ཏུ་ཕེབས། ཆོས་རྗེ་བཀྲས་རྣམ་པས་ཁྲི་སྟོན་གྱི་མང་ཇ་དང་རྣམ་གཞག་རྒྱས་པ་མཛད། བསྟོད་བསྐུར་བསྔགས་གསུམ་གྱི་སྙན་ངགས་ཀྱི་ཚིགས་སུ་བཅད་པ་བསྒྲགས་པའི་ཚེ། ནམ་མཁའ་དྭངས་པར་ཡོད་ཀྱང༌། དེ་མ་ཐག་ཏུ་སྤྲིན་བསྡུས། འབྲུག་སྒྲ་ཕྱོགས་བཅུར་གསལ་བ་དང༌། ཆར་ཆེན་པོ་བབས་པས་ལྟས་དང་རྟེན་འབྲེལ་བཟང་བར་གྱུར། དེ་སྐབས་ནས་བཟུང་སྟེ། ལོ་གྲངས་བཞི་བཅུ་ཐམ་པའི་བར་ལ་གདན་ས་མཛད། དགོན་པའི་དར་རྒྱས་སྔར་ལས་སུམ་འགྱུར་གྱིས་ཆེ། མདོ་སྔགས་ཀྱི་བཤད་ཉན་ཤིན་ཏུ་དར། རྟེན་གསུམ་བཞེངས་པ་དང༌། གཙུག་ལག་ཁང་རྣམ་པ་གསུམ་བཞེངས་པ་སོགས་ཕྱག་རྗེས་ཤིན་ཏུ་མང་པོ་མཛད། དེ་སྐབས་ཤིག་ཏུ། རྒྱལ་ལྷ་ཁང་གི་གདན་ས་ལོ་གསུམ་མཛད། ཆོས་གྲྭ་དེའི་སྒྲིགས་དང་རྣམ་པར་བཞག་པ། རྣམ་ཐར་དང་ཚུགས། སྒྲུབ་མཆོད། དབྱར་དགུན་གྱི་དུས་ཆོས་དང༌། ཆོས་གཞི་བཏེག་པ་རྣམས་ཀྱི་སྐབས་སུ་ཕར་ཕྱིན་རྩ་འགྲེལ་རྒྱལ་འགྲོས་ཀྱི་སྟེངས་ནས་མ་ཆག་པར་ཚར་རེ་གསུངས་པ་དང༌། རིགས་གྲྭ་དང་ལུང་གྲྭའི་སྒྲིགས་འཆའ་བ་ལ་ཐུགས་རྩོལ་ཤིན་ཏུ་ཆེ་བར་མཛད་དོ། །སྐབས་དེར་ཞོ་ལུང་མཚོ་ཁའི་བསྒོམ་གྲྭ་ཕྱག་ཏུ་བྱུང་བ་དང༌། གདན་ས་གཉིས་ཀ་གཅུང་ཡོན་ཏན་རྒྱལ་མཚན་པ་ལ་གཏད། རང་ལོ་ཉེར་བཞི་པ་ཤིང་མོ་ཕག་གི་ལོ་ལ། རྗེ་ངོར་པ་ཆེན་པོའི་ཀུན་སྤྱོད་ཀྱི་རྣམ་པར་ཐར་པ་དང༌། ཕྲིན་ལས་ཀྱི་རྣམ་པར་དཀར་བས་ཐུགས་རབ་ཏུ་ཕྲོགས་ཏེ། དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་ཧོར་ཟླ་བདུན་པ་ལ་ཕེབས། ལོ་དུས་ཀྱི་གསུང་ངག་སྒང་ཡོལ་ཙམ་དུ་སོང་ཡང༌། སྤྱན་སྔ་བ་གསར་དུ་ཕེབས་པའི་དཔོན་སློབ་རང་ལ་གསུང་ངག་གསར་དུ་འཛུགས། ད་བཟོད་ཀྱི་གསུང་ངག་ལ་སྒུགས་བཞུགས་མཛད། དེ་བར་ལ་ཆོས་གཞན་གསན་པས་ཁྱབ་གསུང་བར་འདུག་ཀྱང༌། ད་བཟོད་ཀྱི་ལོ་ལ་འགལ་རྐྱེན་ཅི་འོང་མི་ཤེས་གསུང་ནས། གསུང་ངག་བཙུགས། ཧོར་ཟླ་བཅུ་པ་ལ་གཞུང་བཤད་གནང་ཟིན་ཙམ་གྱིས་དུས་སུ། རྗེ་རིན་པོ་ཆེ་སྤྱན་རབ་རིབ་ཏུ་གྱུར་པ་དང༌། སྐུ་མཚམས་དམ་དུ་བསྡམས། སྤྱན་སྔ་བ་འདིར་རེ་ཤིག་ལ་ཆོས་མང་པོ་འཆད་དཀའ་བར་འདུག་པས། སློབ་དཔོན་དཀོན་རྒྱལ་བ་ལ་འདི་པའི་ཆོས་ལུགས་ཐུགས་བཞེད་ཡོད་པ་རྣམས་གསན་ན་ལེགས་གསུང་པ་ཕེབས། ཇི་ལྟར་བཀའ་གནང་བ་བཞིན། གདན་སའི་གནས་མཇལ། བདག་པོ་གཞི་ཐོག་པའི་དྲུང་དུ་ཆོས་གསན་པ་སོགས་མཛད་ནས། མུས་བདེ་བ་ཅན་དུ་ཐེགས་བདེ་དགྱེས་གསང་གསུམ་དང་འབྲེལ་པའི་དབང་ལུང་མན་ངག་གསན་པ་རྒྱ་ཆེ་ཞིང་ཐུགས་དམ་འཕེལ་བར་བཞུགས་པའི་སྐབས་སུ། ཨེ་ཝཾ་དུ་བྱི་བ་ལོ་ཧོར་ཟླ་བཞི་པའི་ནང་དེར། རྗེ་རིན་པོ་ཆེ་བདེ་བ་ཅན་དུ་གཤེགས་པའི་དགོངས་པ་མངོན་དུ་མཛད་ནས། སེམས་དཔའ་ཆེན་པོ་གདན་སར་སྤྱན་འདྲེན་བྱུང་པ་དང་དཔོན་སློབ་ཆབས་ཅིག་པར་ཨེ་ཝཾ་དུ་ཕེབས། དེར་ཡང་གསུང་ཆོས་ཀྱི་བཞེད་པ་རྣམས་རེ་ཤིག་གྲུབ་པར་མཛད་ནས། བརྩེ་ཆེན་དུ་མཁན་ཆེན་དཀོན་མཆོག་བཟང་པོའི་དྲུང་དུ། རྣལ་འབྱོར་ཡན་ལག་དྲུག་པའི་ཉམས་ཁྲིད་ངོ་སྤྲོད་ཆ་ལག་རྣམས་རྫོགས་པར་གསན། བྱི་ལོ་དེ་ཉིད་ཀྱི་སྟོན་གླང་རི་ཐང་དུ་ཕེབས། ལོ་གྲངས་དུ་མའི་བར་དུ་ཆོས་སྡེ་དེ་ཉིད་དང༌། དབེན་གནས་སོ་སོར་བཤད་སྒྲུབ་སྤེལ་མར་མཛད། ཕྲིན་ལས་དར་ཞིང་རྒྱས། དེ་ནས་རང་ལོ་སོ་གཅིག་པ་ཆུ་ཕོ་རྟའི་ལོ་ལ། རྗེ་ཀུན་དགའི་མཚན་ཅན་དང༌། སྐུ་མཆེད་གཉིས་ཀས་སྔར་མ་གསན་པའི་ཆོས་གསན་པ་དང༌། གསན་ཟིན་གྱི་ཆོས་རྣམས་ལ་རྟོགས་པ་གོང་འཕེལ་གྱི་སྒྲོ་འདོགས་གཅོད་པ་དང༌། གཙོ་བོར་ཉམས་མྱོང་གི་རྟོགས་པ་གོང་འཕེལ་ལ་དགོངས་ནས། རྗེ་སེམས་དཔའ་ཆེན་པོའི་དྲུང་དུ་བསྐྱོད། ལོ་གཅིག་ལྷག་ཙམ་གདན་ཆགས། སླར་ཨེ་ཝཾ་དུ་ཕེབས། འཇམ་དབྱངས་ཤེས་རབ་རྒྱ་མཚོ་ལ་རྒྱུད་གསུམ་གྱི་བཤད་པ་རྒྱས་པ་སོགས་གསུང་ཆོས་མང་དུ་གསན། སྤྲེའུ་ལོ་ལ་འཕན་ཡུལ་དུ་ཕེབས་ནས། བཤད་སྒྲུབ་སོགས་རྣམ་དཀར་གྱི་མཛད་པ་ལ་བར་ཆད་མེད་པར་བྱུང༌། ཡང་རང་ལོ་སོ་བདུན་པ་བྱི་བའི་ལོ་ལ་རྗེས་མུས་པ་ཆེན་པོ་ལ་དད་པའི་ཤུགས་དང༌། སྔར་མ་གསན་པའི་ཆོས་འགའ་ཞིག་གི་བཞེད་པ་དང༌། གཙོ་བོར་ནི་ཐུགས་གཡེང་བསྐྱུངས་པའི་བསྒྲུབ་པ་རྩེ་གཅིག་ལ་ཉེ་བར་གཞོལ་བའི་དགོངས་པ་སྔོན་དུ་གཏང་མུས་སུ་ཕེབས། སྒྲུབ་པ་ལུང་སྦྱིན་གསན་ནས། དེ་དང་མཐུན་པའི་སྒྲུབ་པ་དང་ཉམས་ལེན་འཕེལ་པོ་མཛད། སྐབས་དེ་དང་གཞན་དུའང༌། བདག་ཆེན་ཆུ་མིག་པ་ལ་སྒྲུབ་ཐབས་བརྒྱ་རྩ་དང་བཀའ་འབུམ་སོགས་མང་དུ་གསན། གནས་དེར་སྒྲུབ་པ་ལ་ལོ་གྲངས་མང་ཙམ་ཞིག་གི་བཞེད་པ་མངའ་ཡང༌། འཕན་ཡུལ་དུ་ཡབ་དྲུང་ཆེན་བདེ་བར་གཤེགས་པ་སོགས་ཀྱི་རྣམ་གྲངས་མང་པོ་ལ་བརྟེན། ཕྱིར་ལམ་ཨེ་ཝཾ་དུ་ཆོས་རྗེ་ཀུན་དགའ་དབང་ཕྱུག་པ་ལ་ཟབ་ཆོས་མང་ཞིག་གསན་ནས་ཕྱིར་ཕེབས། དེ་ལྟར་གཙང་ཕྱོགས་སུ་ལན་གསུམ་ཕེབས་པའི་ཐོག་མ། རང་ལོ་ཉི་ཤུ་རྩ་ལྔ་པ་ལ། རྗེ་སེམས་དཔའ་ཆེན་པོས་མཁན་པོ། བདག་ཆེན་ཆུ་མིག་པས་ལས་ཀྱི་སློབ་དཔོན། རྗེ་ཀུན་དགའ་རྡོ་རྗེས་གསང་སྡེ་སྟོན་པ། ཆོས་ཀྱི་རྗེ་དོན་ཡོད་དཔལ་སོགས་ཀྱིས་ཁ་སྐོང་མཛད་ནས་བསྙེན་པར་རྫོགས་རྗེས་སུ་ཆོས་རྗེ་དོན་ཡོད་དཔལ་བ་ལས། གསེར་མདོག་ཅན་དུ་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་འབུམ་ཊཱིཀ་ཆེན་མོའི་ལུང་དང༌། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་སྤོད་བཞི་མའི་ལུང་རྣམས་གསན། ཡང་རྗེ་དོན་ཡོད་དཔལ་བ་དང་རམ་སྡིངས་མར་འཛོམ་དུས་མཛད་ནས། འདུལ་བ་མདོ་རྩ་བ་དམར་ཊཱིཀ་གི་སྟེང་ནས་རྒྱས་པར་གསན། སྐྱོར་ཆོས་དང་སྐྱོང་རན་སོགས་ཟླ་བ་གསུམ་ལ་རྫོགས་པ་མཛད། ཡང་རྗེ་འདི་པས་རང་ལོ་ཉེར་བདུན་པའི་སྐབས་དེར་རྭ་སྒྲེང་ཀ་བཞི་པར་གྲགས་པའི་ཆོས་རྗེ་རིན་ཆེན་བཀྲ་ཤིས་པ་གླང་རི་ཐང་དུ་སྤྱན་དྲངས་ལོ་གཉིས་སུ་བཞུགས། རྗེ་གོང་མའི་རྣམ་ཐར་དུ་བརྗོད་ཟིན་པ་ལྟར། དབང་རྡོ་རྗེ་ཕྲེང་བ་དང༌། དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་འགྲེལ་གྱི་བཤད་པ་ལ་སོགས་པ་སྐྱར་ཆོས་དང༌། རྩིས་ཡན་ཆོད་ལ་བསླབ་སྦྱངས་དཔྱིས་ཕྱིན་པར་མཛད། རྗེ་ཀུན་དགའ་རྡོ་རྗེ་བ་ལས་ཀྱང༌། རྒྱུད་འབུམ་འདུལ་བ་ལུང༌། བླ་མ་གོང་མའི་བཀའ་འབུམ་དང༌། དབང་རྗེས་གནང་མང་དུ་གསན། བདག་པོ་མཐུ་སྟོབས་ཀྱི་དབང་ཕྱུག་གླང་ཐང་དུ་སྤྱན་དྲངས་ནས། དབང་བཀའ་མང་པོ་དང་ཆོས་སྐྱོང་གི་རྗེས་གནང་དང༌། མན་ངག་མང་དུ་གསན། རྗེ་སྟག་ལུང་པ་ངག་དབང་གྲགས་པ་ལས། བདེ་མཆོག་འཇིགས་བྱེད་ལ་སོགས་པའི་དབང་ཁ་ཅིག་དང༌། དྭ་ཧ་བསྐོར་གསུམ། ནཱ་རོ་ནི་གུའི་ཆོས་དྲུག་དཀའ་བརྒྱུད་གསེར་ཕྲེང་ལ་སོགས་པ་དགས་པོ་དཀའ་བརྒྱུད་པའི་གསུང་རབ་གྲགས་ཆེ་བ་མང་དུ་གསན། བདག་ཆེན་ཆོས་ཀྱི་རྗེ་བློ་གྲོས་པ་དང༌། ཆོས་རྗེ་གུང་རུ་བ་ལས་ཀྱང༌། བདེ་མཆོག་ནག་པོ་པའི་ཆོས་སྐོར་གསན། མདོར་ན་རྗེ་འདི་པ་རང་ལོ་སོ་བདུན་པ་ཡན་ཆད་དུ་གསན་པ་དང་བསླབ་སྦྱངས་རྒྱ་ཆེ་ཞིང༌། ཆོས་བཤད་དང་བསྒྲུབ་མཆོད་ཀྱི་གཙོ་བོར་མང་དུ་མཛད། སོ་བདུན་པ་ནས་ཞེ་དགུ་པའི་བར་སྔོན་ཉིད་ནས་ཐུན་བཞིའི་རྣལ་འབྱོར་ལ་མི་གཡེལ་བའི་སྟེང་དུ་ཡང་ཆེས་ཆེར་ནན་ཏན་དུ་མཛད་ནས་སྒྲུབ་པ་ཉམས་ལེན་གཙོ་ཆེ། ལོ་རེ་ལ་ལམ་འབྲས་ཟླ་གསུམ་མ་དང༌། བཀའ་འབུམ་སོ་སོའི་ལུང་རེ་ཙམ་གནང་བ་མཛད། དེ་དག་གི་སྐབས་སུ་ས་ལམ་གྱི་ཡོན་ཏན་དང་ཡེ་ཤེས་བརྙེས་ཚུལ། ལྷག་པའི་ལྷས་ཞལ་བསྟན་ཚུལ་སོགས་ནི། རྒྱུན་དུ་བའི་ཉམས་ལེན་གྱི་མཛད་ཚུལ་སོགས་དང༌། གནས་སྐབས་སོ་སོར་སྒྲུབ་པ་ལ་ལོ་གྲངས་ཚང་བར་བཞུགས་ཚུལ་སོགས་ལ་དཔགས་ན་ཁྱད་པར་ཅན་མང་པོ་མངའ་བར་སྣང་མོད། ཕྱི་ལྟར་དུ་མི་གསུང་བས་བྲི་བར་མ་ནུས་སོ། །དེ་ལྟར་མངོན་པར་མཐོ་བའི་གོ་འཕང་མཆོག་ཏུ་གྱུར་པ་བརྙེས་པའི་ངང་ཉིད་ནས། ལོ་གྲངས་མང་པོ་མདོ་སྔགས་ཀྱི་བསླབ་སྦྱངས་མང་པོ་པ་དག་དང༌། རང་ལོ་ཉེར་བཞི་པ་ནས་བཟུང་སྟེ། ཐུན་བཞིའི་རྣལ་འབྱོར་མཆོག་ལ་ཉི་མ་གཅིག་ཀྱང་མི་གཡེལ་བའི་སྒྲུབ་པ་དང༌། དད་པ་དང་བློ་གྲོས་མཆོག་ཏུ་གྱུར་པའི་སློབ་མ་མང་པོ་ལ་དབང་དང༌། ལུང་བཤད་མཐའ་ཡས་པའི་སྒོ་ནས། ཀུན་གྱིས་བཀུར་བར་འོས་པའི་བཤེས་གཉེན་ཆེན་པོའི་གོ་འཕང་བརྙེས་པའི་སྐབས་དེར། རང་ལོ་ལྔ་བཅུ་པ་ལྕགས་མོ་གླང་གི་ལོ་ལ། ས་སྐྱོང་ཆེན་པོ་དོན་ཡོད་རྡོ་རྗེ་དཔོན་བློན། སྡེ་པ་མང་པོའི་ཚོགས་དང་བཅས་པ། ཤྲཱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོར་བྱིན་རླབས་ཞུ་བ་དང༌། རྣམ་བཞག་རྒྱ་ཆེན་པོ་སྒྲུབ་པ་ལ་ཕེབས་པའི་དུས་དང༌། གནས་སྐབས་རྟེན་འབྲེལ་བསྒྲིགས། སྡེ་དགོན་པ་མཐའ་དག་བཀའ་བགྲོས་རྩེ་གཅིག་པ་ཉིད་དུ་གྱུར་ནས། རྗེ་ཐམས་ཅད་མཁྱེན་པའི་ཆོས་ཀྱི་གདན་སེང་གེའི་ཁྲི་ལ་སྤྱན་དྲངས་ཏེ། མི་ཆེ་དགུ་མཐའ་དག་ཚོགས། རྣམ་གཞག་གསེར་རིའི་ཕྲེང་བ་ལྟར་བསྒྲིགས་ཤིང་སྤུངས་ནས། བླ་མ་བརྒྱུད་པ་དང༌། རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་པའི་མེ་ཏོག་གི་ཕྲེང་བས་མངོན་པར་དབང་བསྐུར་བ་ཉིད་དུ་མཛད་དོ། །འདི་ནི་ཕྲག་དོག་སྤྲིན་ཚོགས་ལས། །རྣམ་གྲོལ་ཉི་མ་གསལ་པོ་ནི། །ཞེ་སྡང་སྒྲ་གཅན་ཁ་རླངས་ཀྱིས། །མ་སྒྲིབས་ཟླ་བ་ཇི་བཞིན་དུ། །ལུང་མང་གསན་པ་རྒྱ་ཆེ་བ། །དེ་ནས་ཀྱང་ནི་གཞུང་མང་ལ། །བསླབ་སྦྱངས་མཐར་ཕྱིན་དབེན་པར་ནི། །རྩེ་གཅིག་སྒྲུབ་པ་དེ་ཡ་མཚན། །དེ་ལྟར་མང་དུ་གསན་པ་དང༌། །ཚུལ་བཞིན་དུ་བསླབས་པ་དང༌། །རྣལ་འབྱོར་མཆོག་ལ་གོམས་པ་ཕུལ་དུ་ཕྱིན་པའི་སྟོབས་ཀྱིས། ཆེན་པོའི་གོ་འཕང་ཇི་ལྟར་བརྙེས་པའི་ཚུལ་བརྗོད་ཟིན་ནས། གཉིས་པ་མདོ་སྔགས་ཀྱིས་ཆོས་ཇི་ལྟར་གསུངས་པ་དང༌། དེའི་མཐུ་ལས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཇི་ལྟར་བྱུང་བའི་ཚུལ་དང༌། བརྒྱུད་འཛིན་གྱི་བུ་སློབ་ཇི་ལྟར་བྱུང་ནས་བསྟན་པ་ཡུན་རིང་དུ་གནས་པའི་མཐུ་གྲུབ་པའི་ཚུལ་རྣམས་བརྗོད་པར་བྱ་བ་ལས། དང་པོ་ནི། གདན་ས་ཆེན་པོ་དེའི་ཁྲི་ཐོག་ཏུ་ཕེབས་ནས། དབྱར་དགུན་གྱི་ཆོས་དུས་གཉིས་པོ་ལ། མཚན་ཉིད་ཐེག་པ་དང་འབྲེལ་པའི་ཆོས་ཀྱི་ཉན་བཤད་མི་ནུབ་ཅིང་གོང་འཕེལ་གྱི་རྒྱུན་ལ་ཕན་པར་གྱུར་ཅིག་པའི་དགོངས་པ་ཉེ་བར་བཞག་ནས། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ། རྣམ་བཤད་ཚིག་དོན་རབ་ཏུ་གསལ་བའི་གྲྭ་མ་ཉམས་པ་ཚར་རེ། ཆོས་དུས་གཉིས་ལ་རྫོགས་པར་གསུང་བ་དང༌། ཚད་མ་རྣམ་འགྲེལ་དང༌། རིགས་གཏེར་སྔར་གསན་སྦྱོང་མཛད་པའི་རྣམ་བཤད་ཀྱི་སྟེང་ནས་ཅི་གྲུབ་རེ་གསུང་བ་དང༌། ཐུབ་པ་དགོངས་གསལ། ཕར་ཕྱིན་གྱི་ཁྲིད་ཡིག་དང༌། འདུལ་བ་མདོ་རྩ་བ་རྣམས་ཀྱི་ལེའུ་སོ་སོ་ནས་ཇི་ལྟར་འཚམས་པ་རེ་གསུང་བར་མཛད་དོ། །གདན་ས་ཇི་ཙམ་མཛད་པའི་སྟོན་དཔྱིད་ཀྱི་ཆོས་ལ་གསུང་ངག་རིན་པོ་ཆེ་ཚར་རེ་རེ་ཅིས་ཀྱང་མ་ཆག་པར་གསུང་བའི་སྟེངས་སུ། རེས་འགའ་རྡོ་རྗེ་ཕྲེང་བ་དང༌། སྒྲུབ་ཐབས་རྒྱ་རྩ་དང༌། རྒྱ་མཚོ་དང༌། ཡོ་ག་རྡོར་དབྱིངས་དང༌། དུས་ཀྱི་འཁོར་ལོའི་དབང་ཆེན་དང༌། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་དབང་བསྐུར་རྒྱ་ཆེ་བ་དང༌། བདེ་དགེས་གསང་གསུམ་ལ་སོགས་པའི་རབ་ཏུ་ཟབ་པ་མང་པོ་སློབ་མའི་གྲངས་ངེས་པ་ཅན་ལ་རེ་མོས་ཀྱིས་བསྐུར་བར་མཛད་པ་དང༌། སྐབས་གཞན་དུ་གསང་བ་འདུས་པ་དང༌། འཁོར་ལོ་བདེ་མཆོག་གི་རིམ་པ་ལྔ་པ་དང༌། རྣལ་འབྱོར་ཡན་ལག་དྲུག་པ་དང༌། ལམ་བསྐོར་ཕྱི་མ་ཁ་ཅིག་དང༌། ནཱ་རོ་དང་ནཱི་གུའི་ཆོས་དྲུག་དང༌། གཞན་ཡང་བློ་སྦྱོང་དང༌། ཁྲིད་ཕྲན་སོ་སོ་བ་མང་པོ་དག དོན་གཉེར་བ་སོ་སོའི་འདོད་པ་དང་མཐུན་པར། དཔེ་མཁྱུད་མེད་པ་ཉིད་དུ་སྦྱིན་པར་མཛད་པས་ན། དམ་པའི་ཆོས་སྦྱིན་པར་མཛད་པའི་སློབ་མའི་ཚོགས་ཡིད་བཞིན་གྱི་རྒྱ་མཚོ་བཞིན་དུ་གང་བར་གྱུར་ཏོ། །གཞན་ཡང་ལུང་གི་རྒྱུན་མི་ཉམས་པར་མཛད་པའི་ཕྱིར་དུ། མདོ་སྡེ་དང་འདུལ་བ་ལུང་དང་རྒྱུད་འབུམ་དང༌། ས་སྐྱ་བཀའ་འབུམ་དང༌། རྗེ་ངོར་པ་ཡབ་སྲས་ཀྱི་གསུང་འབུམ་དང༌། རྗེ་ཐམས་ཅད་མཁྱེན་པའི་འབུམ་ཊཱིཀ་ཆེན་མོས་ཐོག་དྲངས་པའི་གསུང་འབུམ་གྱི་ལུང་ཇི་ལྟར་བཞུགས་པ་རྣམས། ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་གསུང་པར་མཛད་པས་ན་ཆོས་སྡེ་ཆེན་པོ་རབ་ཏུ་དར་ཞིང༌། ཕྱོགས་ཀྱི་ཐ་གྲུ་མཐའ་དག་ནས་བུ་སློབ་ཀྱི་ཚོགས་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་ངང་གིས་འདུ་བ་བཞིན་དུ་གྱུར་པར་མཛད་པ་དང༌། གཞན་ཡང་ཚུལ་དང་དུས་མཆོད་ཀྱི་ས་ཆ་གསར་དུ་འཕེལ་བ་དང༌། དུས་མཆོད་ཆེན་པོའི་མིག་ལྟོས་གོང་འཕེལ་དུ་མཛད་པ་དང༌། གཙུག་ལག་ཁང་ཆེན་པོ་དང༌། གཟིམས་ཁང་ཆེན་མོ་དང༌། འདུ་ཁང་གི་སྟོད་ཚར་རྣམས་གསར་བཞེངས་ལྟ་བུར་མཛད་པ་སོགས་ལས་སྟབས་བསམ་གྱིས་མི་ཁྱབ་པས་ན། སྤྱིར་གླང་ཐང་པ་སྐུ་མཆེད་དགོན་པའི་ཞབས་རྟོགས་ལ་བཀའ་དྲིན་ཆེ། ཇི་སྲིད་གདན་ས་ལོ་བརྒྱད་མཛད་པ་འདིའི་རིང་སྐུ་མཚམས་ཟླ་རེ་ཙམ་སྡོམ་པ་ལྟ་བུའི་སོས་དལ་ཡང་མ་མཛད་པར། དམ་པའི་ཆོས་ཉན་བཤད་ཁོ་ནས་དུས་འདའ་བའི་དགོངས་པ་བཟང་པོ་ཉེ་བར་བཟུང་པས་ན། ལུང་རྒྱུན་དང་བཤད་རྒྱུན་དང༌། གསུང་ངག་སོགས་སྒྲུབ་བརྒྱུད་འཛིན་པའི་སློབ་མ་སྐར་མའི་ཚོགས་ཙམ་དར་ཞིང་རབ་ཏུ་རྒྱས་པར་གྱུར་ཏེ། དུས་དེ་ཙམ་ན་ས་སྐྱ་པའི་ཆོས་དོན་གཉེར་གྱི་མི་ཆེ་རྒུ་མཐའ་དག་ཀྱང་ཁེངས་དྲེགས་ཀྱི་ཡུལ་དུ་མ་གྱུར་ཅིང༌། བསྡུ་བའི་དངོས་པོ་བཞི་དོན་དུ་གཉེར་བས། པད་མོའི་ཚལ་དུ་བུང་བའི་ཚོགས་རྣམས་སྤྲིན་ལྟར་འདུ་བ་དང་མཚུངས་པ་ཁོ་ནར་མ་ཟད། ལུང་རྒྱུན་ཙམ་དོན་དུ་གཉེར་གྱི་བློ་གྲོས་གཞོན་ནུ་མ་དག་ཀྱང༌། བཤེས་གཉེན་གང་ཡང་རུང་བ་གཞན་དག་གི་དྲུང་དུ་མ་བགྲོད་པར། རྗེ་བཙུན་དམ་པ་འདི་ཉིད་ཀྱི་དྲུང་དུ་ལྷག་པར་འདུ་བས་སོ། །དེ་བས་ན། ལུང་བཤད་ཀྱི་རྒྱུད་པ་འཛིན་པའི་སློབ་མ་ཕྲན་ཚེགས་སུ་གྱུར་པ་རྣམས་ལྟ་ཅི་སྨོས། ཆེ་བཙུན་དུ་གྱུར་པ་མང་པོ་དག་བགྲང་བར་ག་ལ་ནུས། རྗེ་གོང་མ་དེ་དག་གི་ཆོས་ཀྱི་བརྒྱུད་པ་འཛིན་ནུས་པ་དག་མདོ་ཙམ་བསྡུ་ན། གསང་ཕུ་གླིང་སྟོད་ཀྱི་གདན་ས་བ་བསོད་ནམས་ལེགས་མཆོག་པ་དང༌། སྡེ་སྣོད་འཛིན་པ་ཆེན་པོ་ཆོས་ཀྱི་རྒྱལ་མཚན་པ་སོགས་ཆེན་པོ་རྣམ་པ་བཞི་དང༌། གཞུང་ལས་དང་འཆད་ཉན་འཛིན་པའི་སློབ་དཔོན་རྣམ་པ་གསུམ་དང༌། ནཱ་ལེནྡྲ་ནས་བཤེས་གཉེན་ཆེན་པོ་ནམ་མཁའ་སྙིང་པོ་དང༌། ནམ་མཁའ་བཟང་པོ་སོགས། དུས་དེ་དུས་སུ་བཞུགས་པའི་ཉན་བཤད་པ་བསྟན་པའི་རྒྱུན་ལ་ཕན་འདོགས་མཛད་ནུས་པ་མཐའ་དག་གིས། ཐ་ནའང་བླ་མ་གོང་མའི་བཀའ་འབུམ་སྣ་རེ་ཙམ་མ་གསན་པ་ཅིག་ཀྱང་མེད་པ་དང༌། རྒྱ་མ་བྱ་ཡུལ་གྱི་མཁན་པོ་རྣམ་པས་གསུང་གི་བསྒྲུབ་བརྒྱུད་བཟུང་བ་དང༌། སྟག་ལུང་ཐང་པའི་མཁན་སློབ་ཆོས་གསུམ་ཇི་སྙེད་པ་བུ་སློབ་དུ་མ་གྱུར་པ་ཅིག་ཀྱང་མེད་པ་དང༌། རྒྱལ་རོང་ན་ནམ་མཁའ་རྒྱལ་མཚན། རབ་སྒང་དུ་ལྷ་ཡགས་དཀོན་མཆོག་གྲགས། སྡེ་སྣོད་འཛིན་པ་ནམ་མཁའ་སངས་རྒྱས་རྣམས་ཀྱིས་གསུང་ངག་གི་བརྒྱུད་པ་གཟུང་བ་དང༌། སྤོམ་འབོར་དུ་ཆོས་རྗེ་ར་མདོ་བ་སོགས་གསུང་ངག་གི་བརྒྱུད་འཛིན་གསུམ་ཙམ་བྱུང་བ་དང༌། སྨར་འཁམས་སུ་ཨ་ཀར་ཆོས་རྗེས་ཀྱང་ཆོས་འབྲེལ་གསན་ཞིང༌། བཤེས་གཉེན་ཀུན་དགའ་ཟླ་བ་དང༌། ཤཱཀྱ་བློ་གྲོས་པ་གཉིས་ཀྱིས་གསུང་ངག་ཆ་ལག་དང་བཅས་པའི་བརྒྱུད་པ་བཟུང་བ་དང༌། སླད་ནས་ཀྱང་བསྒྲུབ་པའི་ལུང་སྦྱིན་པས་རྒྱུད་འཛིན་དུ་ལུང་བསྟན་པ་མང་ཞིག་ཡོད་པར་མངོན་ནོ། །གཞན་ཡང་སྐྱེས་བུ་དམ་པ་འདི་ནི། བཤེས་གཉེན་གླང་རི་ཐང་པའི་སྤྲུལ་པ་ཡིན་ཞེས། རྒན་པོ་དག་འདི་སྐད་དུ་གླེང་བ་ཐོས་ཏེ། བཤེས་གཉེན་གླང་རི་ཐང་པ་དེ་ནི་བཤེས་གཉེན་པོ་ཏོ་བའི་གསུང་གིས། གླང་ཐང་པ་རྡོ་རྗེའི་མིང་ཅན་འདི་ནི་ཚུལ་རྣམ་པར་དག་ཅིང༌། བྱང་ཆུབ་ཀྱི་སེམས་རང་ཤར་དུ་ཡོད། གཞན་གྱི་དོན་ལ་སྐྱོ་ངལ་མེད་པས་ན་བསྟན་པའི་བདག་པོའོ་ཞེས་དབུགས་དབྱུང་བར་མཛད་ཅིང༌། རྡོ་རྗེ་གདན་པ་ཆེན་པོས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པར་ལུང་བསྟན། ཁོང་པ་རང་གིས་ཀྱང་སྐྱེ་བ་ཐམས་ཅད་དུ་དགེ་སློང་གི་དངོས་པོ་འཛིན་པར་དམ་བཅས་པས་ན། དཔལ་ལྡན་ལྷ་མོ་མངོན་སུམ་དུ་བྱོན་ནས་དྲེའུའི་སྒྲ་ལྷང་ལྷང་པོར་ལན་གསུམ་དུ་བསྒྲགས། དུས་དེ་སྲིད་དུ་སྲུང་མ་བྱེད་པར་ཁས་བླངས་པ་སོགས་ཆེ་བའི་ཡོན་ཏན་དང་ལྡན་པ་དེས། རང་ལོ་བདུན་ཅུ་ལ་ཐུག་པའི་བར་དེ་སྲིད་དུ་གླང་ཐང་ཉིས་སྟོང་ལྔ་བརྒྱ་དང༌། ཤར་བ་སུམ་སྟོང་བརྒྱད་བརྒྱ་གཅིག་ཏུ་བསྡུས་པའི་བཤེས་གཉེན་དམ་པ་མཛད། དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བཞེངས། པུ་ཏོ་བས་གཙོ་མཛད་པའི་དགེ་སློང་ཉིས་སྟོང་ཙམ་གྱིས་རབ་ཏུ་གནས་པ་མཛད་པ་མཐར་ཕྱིན་པའི་ཚེ། འདི་སྐད་དུ། ཆོས་གྲྭ་འདི་ཤིན་ཏུ་རྒུད་པར་གྱུར་པའི་ཚེ། ཁོ་བོ་ཐངས་གཅིག་འོང་བ་དག་ན་ཡང་ཤིན་ཏུ་དར་ཏེ། གླིང་རི་སྐྱེས་དང་འབྲེལ་བར་གྱུར་པའི་ཚེ་ཐེངས་གཅིག་འོང༌། ཞེས་པའི་གཏམ། མཆོད་རྟེན་གྱི་དཀར་ཆག་ཡིག་གེར་བྲིས་པ་དག་ན་ཡོད་དོ། །ཞེས་རྒན་པོ་ཀུན་གྱིས་མཐུན་པར་གླེང་ཞིང༌། རྒུད་པའི་དུས་སུ་འབྱོན་པ་དེ། རིན་པོ་ཆེ་བཟང་པོ་དཔལ་བའམ། ལོ་ཙྪ་བ་ཤཱཀྱ་བཟང་པོའམ། སྤྱན་སྔ་རིན་པོ་ཆེ་གང་རུང་ཞེས་ངོས་འཛིན་ཞིང༌། དར་བའི་དུས་སུ་འབྱོན་པ་དེ་རྗེ་བཙུན་འདི་ཉིད་དོ། །ཞེས་གསུང་པ་དག་ཐོས་སོ། །གང་ལྟར་ཡང༌། གླང་རི་ཐང་གི་ཆོས་གྲྭ་འདི་རྒུད་པའི་དུས་སུ་འཁྲུངས་ནས། དར་ཞིང་རྒྱས་པར་མཛད་པའི་གང་ཟག་སྟོབས་པོ་ཆེ་ཇི་སྙེད་བྱོན་པ་དེ་དག བཤེས་གཉེན་ཆེན་པོ་དེས་བྱིན་གྱིས་བརླབས་པའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ཉིད་དུ་གདོན་མི་ཟ་བར་ངེས་སོ། །གང་ལྟར་ཡང་རུང་སྟེ། རྒྱལ་སྲས་ཆེན་པོ་དག་ཏུ་མཚོན་པར་བྱེད་པའི་ཆོས་འདི་ལྟ་སྟེ། རྟག་ཏུ་སྐྱོན་རིག་པས་ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་ཞིང༌། འདོད་པའི་ཡོན་ཏན་མཐའ་དག་ལས་སེམས་བསྲུང་བ་དང༌། ནམ་ཡང་ངེས་པར་འབྱུང་བ་ལ་དགའ་ཞིང༌། ལེགས་པར་གསུངས་པའི་ཆོས་འདུལ་བ་དག་ལ་གཅེས་སྤྲས་སུ་བྱ་བ་དང༌། སྐྱེ་བོ་མཐའ་དག་ལ་བྱམས་ཤིང་ཁོང་མི་ཁྲོ་བས་སྙན་པར་སྨྲ་བ་དང༌། བཞིན་གྱི་མདངས་གསལ་བས་གསོང་པོར་སྨྲ་ཞིང༌། ཡོ་བྱད་ཀྱི་ཁྱད་པར་ཅི་འབྱོར་པ་དག་སྦྱིན་པར་སྤྲོ་བ་སྟེ། ཆོས་འདི་དག་གང་ལ་ཡོད་པ་དེ་ནི་རྒྱལ་སྲས་ཆེན་པོར་མཚོན་པའི་ཆོས་ཐོག་མར་དགེ་བ་སྟེ། དེ་དག་ཀྱང་རྗེ་བཙུན་འདི་ལ་གཞོན་ནུར་གྱུར་པའི་དུས་ཉིད་ནས་མངའ་བའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉིན་མཚན་གྱི་ཐུན་བཞིར་ལེན་པ་ལས་མི་གཡེལ་ཞིང༌། རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པ་ལ་མངོན་པར་དགེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དག་ཀློག་པ་དང༌། འདྲིས་ཤིང་ཀུན་ཆུབ་པར་བྱེད་པ་ལ་འགྲུས་པ་མི་ལྷོད་པ་དང༌། གཞན་ལ་ཐོ་མི་འཚམས་ཞིང༌། ཕྲག་དོག་པ་དང༌། རང་ལ་ཁེངས་པའི་དུག་གིས་མ་གོས་པ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་ཞིང༌། ཕྱི་ནང་གི་བདོག་པ་ཐམས་ཅད་གཏོང་བར་ཞུགས་པ་དང༌། མང་དུ་ཐོས་པས་ངོམས་མི་ཤེས་ཤིང༌། སེམས་ཅན་གྱི་དོན་ལ་སྐྱོ་བ་སྤངས་པ་ཞེས་བྱ་བ་འདི་དག་ནི། རྒྱལ་སྲས་ཆེན་པོར་མཚོན་པའི་ཆོས་བར་དུ་དགེ་བ་སྟེ། དེ་དག་ཀྱང་རྗེ་བཙུན་འདི་ལ་མངའ་བའོ། །དངོས་གྲུབ་ཀུན་གྱི་རྩ་བ་རྡོ་རྗེ་འཛིན་པ་ཉིད་སྒོ་ཐམས་ཅད་ནས་མཉེས་པར་བྱེད་ཅིང༌། ཐུན་བཞིའི་རྣལ་འབྱོར་མཆོག་ལས་མི་གཡེལ་བ་དང༌། ཐུན་མཚམས་ཀུན་དུ་དམ་པའི་ཆོས་བཤད་པ་ལ་སྤྲོ་ཞིང་ཆོས་སྤྱོད་ཀྱི་རིམ་པ་དང༌། ཟབ་མོའི་བཟླས་བརྗོད་ལ་འགྲུས་པ་མི་ལྷོད་པ་དང༌། དམན་པའི་ས་གཉིས་ལས་རིང་དུ་གོལ་བའི་དབེན་པར་སྤྲོ་ཞིང༌། བསྡུ་བའི་དངོས་པོ་བཞིའི་མཛད་པ་དང་མ་བྲལ་བ་ཉིད་དང༌། རང་གང་ལ་གནས་པའི་དམ་ཚིག་དང་སྡོམ་པའི་ཚོགས་ཀྱིས་གདུལ་བྱ་གཞན་རྗེས་སུ་འཛིན་པ་ལ་སྐྱོ་བ་སྤོངས་པའི་ཕྲིན་ལས་ཡོད་པ་ཞེས་བྱ་བ་འདི་དག་ནི། རྒྱལ་སྲས་ཆེན་པོར་མཚོན་པའི་ཆོས་ཐ་མར་དགེ་བ་སྟེ། འདི་དག་གང་ལ་མཆིས་པའི་སེམས་ཅན་ཆེན་པོ་དེ་ཐམས་ཅད་ནི་རྒྱལ་བ་སྲས་དང་བཅས་པའི་གདུང་འཚོབ་པ་ཉིད་དུ་ངེས་ལ། དེ་ཐམས་ཅད་ཀྱང་རྗེ་བཙུན་དམ་པ་འདི་ཉིད་ལ་མངའ་བ་ཡིན་ནོ་ཞེས་རང་གི་མྱོང་བས་མངོན་སུམ་དུ་གྲུབ་པའི་ཤེས་རབ་ཀྱིས་རྣམ་པར་བརྟགས་ཤིང༌། ཡིད་ཆེས་པའི་གནས་སུ་འདྲེས་པར་བྱས་ནས། ཕྱིས་འབྱུང་གི་བརྒྱུད་འཛིན་དག་ལ་བླ་མ་ཚད་མར་བྱ་བའི་གཏམ་ཉིད་དུ་བྱས་པ་ཡིན་ནོ། །དེ་ལྟར་བསྟན་པ་རིན་པོ་ཆེའི་བགྱི་བ་དང༌། འགྲོ་བ་མང་པོ་ཕན་པ་དང་དགེ་ལེགས་སུ་བྱ་བའི་མཛད་པ་དག་མཐར་ཕྱིན་པར་མཛད་ནས། རང་ལོ་ང་བདུན་པ་ས་ཕོ་སྤྲེའུའི་ལོ། ཧོར་ཟླ་བཅུ་པའི་ཡར་ཚེས་གཅིག་ལ། སྔོན་གླང་རི་ཐང་པ་ཆེན་པོས་ཐོག་མར་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་སྦྱངས་པའི་གནས་རི་སྐྱེས་དམར་པོའི་སྟེངས་དེར། དུས་ཕྱིས་དགོངས་པ་སྔོན་གཏང་གི་དབེན་གནས་དགེ་འཕེལ་གྱི་མཚན་ཅན་གྲུབ་པ་དེར་ཕེབས་ནས། ཞག་ཤས་བསྙུང་བའི་ཚུལ་བསྟན། ཡར་ངོའི་ཚེས་བཅུ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རང་གི་ངང་གིས་འདུ་བའི་ཁྱད་པར་ཅན་གྱི་ཉི་ཤར་ལ། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ངང་གིས་བདེ་བ་ཅན་དུ་གཤེགས་སོ། །རྒྱལ་བའི་སྲས་རྣམས་ས་ཡི་ཕྱོགས། །གང་དུ་བཞུགས་པའི་འགྲོ་རྣམས་ཀྱི། །བློ་མཚོའི་ཆུ་གཏེར་རྙོགས་པ་ན། །སྐུའི་དཀྱིལ་འཁོར་ཕྲིན་ལས་ཀྱི། །ཆ་ཤས་རྫོགས་པར་མི་འཆར་བ། །འདི་ལ་མྱ་ངན་མི་བྱ་སྟེ། །བཤད་སྒྲུབ་རྒྱུད་འཛིན་བུ་སློབ་ཀྱི། །ཉི་མ་གསལ་པོ་རྟག་ཏུ་འཆར། །དེ་ནས་ས་མོ་བྱའི་ལོ་ཧོར་ཟླ་བཅུ་པའི་དུས་ཆེན་ལ། སྐུ་གདུང་རིན་པོ་ཆེ་ཙནྡན་གྱི་ཞུགས་ལ་ཞེན་པར་མཛད་པ་དེའི་ཚེ། ཡུལ་ལྗོངས་ཀྱི་སྐྱེ་བོ་རྣམས་ཀྱིས་མཆོད་པའི་ཚོགས་མང་པོས་ས་གཞི་མངོན་པར་བཀྲ་ཞིང༌། ལྷའི་ཚོགས་ཀྱིས་མངོན་པར་སྤྲུལ་པའི་མེ་ཏོག་གི་ཆར་ཆེན་པོ་ཉིན་མཚན་དུ་མར་ཕེབས། ཁ་དོག་སྣ་ལྔའི་རིང་བསྲེལ་གྱི་ཚོགས་ལྷུག་པར་བྱོན་པ་གྲངས་ལས་འདས་ཤིང༌། གདུང་ཚ་བཏབ་པ་ལ་མར་གྱི་གོང་བུར་ཡུངས་ཀར་གྱི་ཚོགས་གཏམས་པ་ལྟ་བུར་གྱུར་པ་ནི་གྲངས་ལས་འདས་ཏེ། ཇི་སྐད་དུ། འཕགས་པ་རྣམས་ཀྱི་རིང་བསྲེལ་ནི། །བསོད་ནམས་སྟོབས་ལས་འཁྲུངས་པ་སྟེ། །ལུས་ཅན་རྣམས་ཀྱི་བསོད་ནམས་རྟེན། །རྒྱུན་མི་ཆད་པའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་དེ་ཉིད་དོ། །དེ་ལྟར་སྐུ་ཚེ་མཐར་ཕྱིན་པའི་རྗེས་ཀྱི་མཛད་པ། མཆོད་འབུལ་དང་སྦྱིན་གཏོང༌། གསོལ་བ་འདེབས་པའི་རྟེན་ཡིན་ཐང་དང༌། ཕྱི་ནང་གི་གདུང་རྟེན་དུས་ཆེན་གྱི་མཆོད་པ། ཟླ་དུས་ཀྱི་སྒྲུབ་མཆོད་རྣམས་ནི་རྗེ་གོང་མ་རྣམས་ཀྱི་ལམ་སྲོལ་ཇི་ལྟར་ཡོད་པ་བཞིན། དབུས་གཙང་གི་གདན་ས་ཆེ་བ་དང༌། ཞིང་དག་པའི་ཆོས་གྲྭ་རྣམས་དང༌། ཡུལ་ལྗོངས་ཀྱི་སྐྱེ་བོའི་སྦྱིན་གཏོང་སོགས་ཇི་སྙེད་པ། གདུང་ཉེ་བའི་ཞལ་ངོ་ཞལ་བཞུགས་པ་རྣམས་དང༌། ཕྱོགས་ཀྱི་ཐ་གྲུ་ན་ཡོད་པའི་བུ་སློབ་རྣམས་ཀྱིས་སྔར་སྲོལ་དག་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཙམ་དུ་གྲུབ་པ་ལས། བྱེ་བྲག་ཏུ་ནང་རྟེན་རྡོ་རྗེ་འཆང་རྒྱབ་མཐོ་བཅུ་གསུམ་པ། བལ་པོའི་བཟོ་གནས་པ་མཁས་པས། ལྟ་བས་ཆོག་མི་ཤེས་པ་ཉིད་དུ་གྲུབ་ཅིང༌། ནང་བཞུགས་བྱིན་བརླབས་ཆེ་ཞིང༌། རྣམ་གྲངས་མང་བ་དང་བཅས་པ་བཞུགས་སུ་གསོལ་ནས། དགེ་བའི་བཤེས་གཉེན་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་རབ་ཏུ་གནས་པ་རྒྱས་པར་མཛད་པ་བསྒྲུབས་ནས། སྤྱན་དབྱེའི་དགའ་སྟོན་གྱི་རིམ་པ་རྒྱ་ཆེ་ལ་བྱིན་ཆགས་པ། འཇའ་ཚོན་གྱི་གུར་དང༌། མེ་ཏོག་གི་ཆར་ལ་སོགས་པ་ལྟས་མང་པོ་དག་དང་བཅས་ཏེ་ལྷུན་གྱི་གྲུབ་པར་མཛད་པ་ཡིན་ནོ། །འདིར་སྨྲས་པ། བློ་གྲོས་འཁོར་ཡུག་ཡངས་པའི་ས་ཆེན་འདིར། །བསླབ་གསུམ་རྒྱལ་མཚན་ཚུགས་པའི་རྩེ་མོར་ནི། །དཔལ་ལྡན་ཕྲིན་ལས་བཟང་པོའི་ནོར་བུ་ཡིས། །དགེ་ལེགས་ཆར་ཆེན་ཕེབས་པའི་བཀྲ་ཤིས་སྤྱོན། །གང་གི་རང་བཞིན་གཉེན་ཞིང་གཤིན་ལ་ཁྲོ་མི་མངའ་བས་ལོག་པར་གཤེ་ལའང་འཛུམ་མདངས་བཟང་པོས་གསོང་པོར་སྨྲ་མཛད་པ། །ནམ་དུ་ཡང་ནི་ཁྲིམས་དང་ཐོས་པའི་རློམ་པས་ཁེངས་པར་མི་མཛད་མཐོ་དམན་ཡོངས་ལ་ཕྲག་དོག་མེད་པར་ཀུན་གྱི་དགེ་ལ་ཡི་རང་བས། །མང་དུ་གསན་དང་བཤེས་གཉེན་ཚོལ་ལ་སྐྱོ་ངལ་སྤངས་པའི་བརྩོན་འགྲུས་ཀྱིས་ནི་མཐའ་ཡས་ཡོན་ཏན་ཚོགས་རྣམས་ལྷུན་གྱིས་གྲུབ། །དངོས་གྲུབ་ཀུན་གྱི་རྩ་བ་རྡོ་རྗེ་སློབ་དཔོན་རྫོགས་སངས་རྒྱས་སུ་ལྟ་བྱེད་མཁན་དེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི། །མཛད་པ་ཡིན་ནོ་དེ་དང་མཚུངས་པ་གཞན་དག་གང་ནས་མཆིས་ཀྱང་གུས་པའི་ཡིད་ཀྱིས་ཐལ་མོ་སྦྱོར། །ཞེས། རྗེ་བཙུན་ཆོས་ཀྱི་རྗེ་གླང་རི་ཐང་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་བ་མདོ་ཙམ་དུ་བྱ་བ་མོས་པའི་སྟོབས་རབ་ཏུ་བསྐྱེད་པ་ཞེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་དེ་ཉིད་ཀྱི་དབང་ལུང་དང༌། བཤད་པ་དང༌། མན་ངག་གི་རྒྱུན་བཟུང་ནས། སྒྲུབ་པའི་བརྒྱུད་འཛིན་པ་ལ་མཆོག་ཏུ་གཞོལ་བ། རྒྱ་མ་ཀུན་སྤངས་པ་ངག་དབང་དཔལ་འབྱོར་བཟང་པོ་དང༌། མང་དུ་གསན་པ་རྒྱ་མཚོའི་དབུས་སུ་གནས་པ་བྱ་ཡུལ་མཁན་པོ་རྒྱལ་མཚན་མགོན་པོ་བ་སོགས་ཀྱིས་བསྐུལ་བའི་ངོར་བགྱིས་ནས། གླང་རི་ཐང་པ་ཁུ་དབོན་མཆེད་དང་བཅས་པའི་བཀའ་དྲིན་གྱིས་ཉེ་བར་འཚོ་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྒྱལ་སྲས་སྐལ་ལྡན་ཤིང་རྟའི་གཙུག་ལག་ཁང་ཆེན་པོའི་བྱ་འདབས་སུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*